བདུན་པ་ལ་མཚན་འཛིན་མེད་པ་དང༌། བརྒྱད་པ་ལ་འབད་རྩོལ་གྱི་མཚན་མ་ཞི་བ་དང༌། དགུ་པ་ལ་སོ་སོ་ཡང་དག་རིག་བཞི་དང༌། བཅུ་པ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་ཡོན་ཏན་གཙོ་བོར་གྱུར་བའི་ཕྱིར། གཉིས་པ་ནི་དབུས་མཐར། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་དང་ནི་ཡེ་ཤེས་ཀྱི། །འདི་རྣམས་ཕ་རོལ་ཕྱིན་བཅུའོ། །ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་རྣམས་སུ་ཤེས་པར་བྱ། །ཞེས་པ་ལྟར་ཕར་ཕྱིན་བཅུ་ལ་གཙོ་བོར་སྤྱོད་པའི་རིམ་པས་ཕྱེའོ། །གསུམ་པ་ནི་སྦྱོང་བྱེད་ཀྱི་ཆོས་ཀྱི་ཁྱད་པར་བཅུ་ཡོད་པས་སྦྱང་བྱ་ས་བཅུར་ངེས་ཏེ། དབུས་མཐར། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ཞེས་སོ། །བཞི་པ་ལ་གསུམ་ལས། དང་པོ་རྟོགས་པའི་རིམ་པ་ནི་ས་བཅུ་རྣམས་སུ་རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་བ་ལ་ཁྱད་པར་མེད་དེ། ཆོས་དབྱིངས་ཆ་ཤས་མེད་པ་ལ་མཐོང་མ་མཐོང་ཆ་གཉིས་མི་རུང་བས་སོ། །འོ་ན་ས་དང་པོ་ནས་ངོ་བོ་ཉིད་ཀྱི་སྐུ་ཡང་མཐོང་བར་འགྱུར་ཞེ་ན། མ་ཡིན་ཏེ། དེ་ནི་རང་བཞིན་རྣམ་དག་གི་ཆོས་ཉིད་ལ་འདོད་པ་མ་ཡིན་གྱི། གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་སྤངས་པས་རབ་ཏུ་བྱེ་བས་སོ། །ཇི་ལྟར་རང་བཞིན་རྣམ་དག་ལ་མི་འདོད་ཅེ་ན། དེ་ནི་ལམ་མ་སྐྱེས་པའི་སྔ་རོལ་ནས་ཡོད་པས་ལམ་གྱི་བྲལ་འབྲས་སུ་མི་རུང་བའི་ཕྱིར་རོ། །ལམ་སྔ་མས་མ་སྤངས་པ་ཕྱི་མས་སྤོང་ནུས་པའི་བྱེ་བྲག་མེད་པར་འགྱུར་ཏེ། ཆོས་ཉིད་མཐོང་བ་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། མཐོང་པ་ལ་བྱེ་བྲག་མེད་ཀྱང་ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་གྱིས་རྗེས་ཐོབ་ཏུ་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པ་སོགས་ཀྱི་སྒོ་ནས་སྒྲོ་འདོགས་མི་འདྲ་བ་གཅོད་པའི་རིམ་པས་ཁྱད་པར་ཕྱེ་སྟེ། དཔེར་ན་བུམ་པ་དང་དེའི་སྐད་ཅིག་མ་མཐོང་བར་ཁྱད་པར་མེད་ཀྱང༌། བུམ་མིན་དུ་འཛིན་པ་སེལ་གྱི་རྟག་འཛིན་སེལ་མི་ནུས་པ་བཞིན་ནོ། །འགྲེལ་ཆེན་ལས། གང་གི་ཚེ་ཆ་ཤས་མེད་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་བདག་ཉིད་ཐམས་ཅད་ཀྱི་རྟོགས་ན་ཡང་ངེས་པ་བསྐྱེད་པ་ལ་ལྟོས་ནས། ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པ་ལས། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་མངོན་སུམ་དུ་བྱེད་པའི་ཤེས་པ་ཤིན་ཏུ་གསལ་བར་སྐྱེས་པ་དེའི་ཚེ། ཞེས་སོ། །དྲི་བྲལ་གྱི་ཆོས་སྐུ་མཐོང་བ་ལའང་བྱེ་བྲག་ཡོད་དེ། ས་ཐམས་ཅད་ཀྱི་གནས་སྐབས་རྣམས་སུ་སྒྲིབ་པ་རེ་རེ་དང་བྲལ་བའི་སྤངས་པ་གསར་མཐོང་རེ་ཡོད་པའི་ཕྱིར་དང༌། སྒྲིབ་པ་མ་ལུས་པ་དང་བྲལ་བའི་ཆོས་སྐུ་ནི་སངས་རྒྱས་ལས་གཞན་གྱིས་མཐོང་བ་མེད་པའི་ཕྱིར་རོ། །མདོ་ལས། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། །ཞེས་པ་བཞིན་ནོ། །འདི་ནི་བྱམས་ཆོས་ཀྱི་དགོངས་པ་མཐར་ཐུག་པའོ། །གཉིས་པ་ཇི་ལྟར་རྟོགས་པའི་ཚུལ་ལ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་སུ། མཉམ་གཞག་གིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ཞིང༌། རྗེས་ཐོབ་ཀྱིས་སྒྱུ་མ་ལྟ་བུར་མཐོང་བར་གསུངས་ལ། འདིའི་རྗེས་སུ་འབྲངས་ནས་རྣམ་རིག་པ་རྣམས་མཉམ་གཞག་གིས་ཡོངས་གྲུབ་ནམ་མཁའ་ལྟ་བུ་དང༌། རྗེས་ཐོབ་ཀྱིས་གཞན་དབང་སྒྱུ་མ་ལྟ་བུར་མཁྱེན་པར་བཞེད་ཅིང༌། དབུ་མ་པ་འགའ་ཞིག་ཀྱང་མཉམ་གཞག་གིས་ཆོས་ཉིད་འབའ་ཞིག་ཡུལ་དུ་བྱེད་པས་སྣང་མེད་དུ་བཞེད་ཀྱང༌། སློབ་དཔོན་འདིས་ནི་ལྟ་བས་སྣང་བའི་སྟེང་དུ་སྤྲོས་པ་གཅོད་ཅིང༌། བསྒོམས་པས་ཀྱང་སྣང་བ་ལ་དམིགས་ནས་རང་བཞིན་མེད་པར་བསྒོམས་པས་སྣང་བཅས་ཡིན་ལ། སྣང་མེད་དུ་བཤད་པ་ནི་ཆོས་ཉིད་ཀྱི་ལྡོག་པ་ནས་ཡིན་ནོ་ཞེས་འདོད་དོ། །སྣང་བ་དོན་དམ་དུ་ཐལ་བའམ། ཡང་ན་མཉམ་གཞག་འཁྲུལ་བར་འགྱུར་ཏེ། སྣང་བ་ཀུན་རྫོབ་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཞེ་ན། སྣང་བ་དམིགས་ཡུལ་ཡིན་གྱི་འཛིན་སྟངས་ཀྱི་བཟུང་བྱ་མ་ཡིན་པས་དོན་དམ་དུ་ཐལ་བར་མི་འགྱུར་ཏེ། གཅིག་དང་དུ་བྲལ་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་སྣང་བ་ལ་དམིགས་ཀྱང་དེ་དོན་དམ་དུ་མི་འགྱུར་བ་བཞིན་ནོ། །འཁྲུལ་པར་ཡང་མི་འགྱུར་ཏེ། སྣང་བ་ལ་དམིགས་ནས་ཡུལ་གྱི་གནས་ཚུལ་སྤྲོས་པ་དང་བྲལ་བའི་རྣམ་པ་ཅན་དུ་སྐྱེ་བས་ཡུལ་གྱི་གནས་ཚུལ་དང་བློའི་འཛིན་སྟངས་མཐུན་པས་སོ། །སྣང་བ་ཐམས་ཅད་མ་རིག་པའི་དབང་གིས་སྣང་བའི་འཁྲུལ་སྣང་ཡིན་པའི་ཕྱིར་ཉེས་པ་སྤང་བར་མི་ནུས་སོ་ཞེ་ན། འོ་ན་ས་བཅུའི་རྗེས་ཐོབ་དུ་སངས་རྒྱས་བརྒྱ་དང་སྟོང་མཐོང་བ་ལ་སོགས་ཆོས་ཅན་ཇི་སྙེད་པའི་མཐོང་ཚུལ་གོང་ནས་གོང་དུ་རྒྱ་ཆེ་བའི་ཕྱིར། འཁྲུལ་པའི་སྣང་བ་ཡོངས་སུ་འཕེལ་བས་རྒྱུ་མ་རིག་པའང་གོང་ནས་གོང་དུ་ཡོངས་སུ་རྒྱས་པར་འགྱུར་བ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང་དག་པའི་ཞིང་ཁམས་ལ་སོགས་པ་ཁྱད་ལ་མ་རིག་པའི་འབྲས་བུར་འགྱུར་པས་སྡིག་པ་ཆེན་པོའི་ཁུར་ཁྱེར་བ་ཡིན་ནོ། །འགའ་ཞིག་མཉམ་གཞག་ན་བློ་ཡོད་ན་སྤྲོས་པའི་མཚན་མ་ཡོད་པར་འགྱུར་བས་བློ་མེད་དོ་ཞེས་འདོད་དོ། །དེ་ན་ཡེ་ཤེས་ཡོད་དམ་མེད། མེད་ན་སྒྲིབ་པའི་གཉེན་པོ་མེད་ལ། ཡོད་ན་རང་ངམ་གཞན་ཤེས་པ་ལས་མ་འདས་པས་སྣང་བ་དང་བློ་མེད་པ་ཉམས་ཤིང༌། མཉམ་གཞག་གོམས་པས་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པ་དང་རྗེས་ཐོབ་ཀྱི་གཉིས་སྣང་ཡང་རྒྱུ་མེད་དུ་འགྱུར་ཏེ། མཉམ་གཞག་ན་གོམས་བྱེད་ཀྱི་བློ་མེད་པའི་ཕྱིར་རོ། །གསུམ་པ་ལུས་འཛིན་པའི་ཁྱད་པར་ནི། ས་བཅུ་ལ་རིམ་པ་བཞིན་འཛམ་གླིང་གི་རྒྱལ་པོ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་བརྒྱ་བྱིན་དང༌། འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དང༌། སྟོང་གི་བདག་པོ་ཚངས་པ་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚངས་པ་ཆེན་པོ་དང༌། འོག་མིན་གྱི་ལྷའི་བུ་དབང་ཕྱུག་ཆེན་པོ་རྣམས་སུ་རྣམ་སྨིན་འཛིན་ནོ། །ལྔ་པ་ནི་ས་དང་པོ་ལ་སངས་རྒྱས་བརྒྱ་མཐོང་བ་དང་ངེས་བྱིན་གྱིས་བརླབས་པ་དང༌། ཏིང་ངེ་འཛིན་བརྒྱ་ལ་འཇུག འཇིག་རྟེན་གྱི་ཁམས་བརྒྱ་གཡོ། ཞིང་བརྒྱར་འགྲོ། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད། སེམས་ཅན་བརྒྱ་སྨིན། བསྐལ་པ་བརྒྱར་གནས་དེ་དག་གི་སྔོན་དང་ཕྱི་མཐའ་ལ་འཇུག ཆོས་ཀྱི་སྒོ་བརྒྱ་འབྱེད། ལུས་བརྒྱ་སྟོན། ལུས་རེ་རེ་ལ་འཁོར་བརྒྱ་ཕྲག་རེ་རེས་བསྐོར་བ་སྟོན་པས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཐོབ་བོ། །དེ་བཞིན་དུ་ས་གཉིས་པ་ལ་སྟོང་འགྱུར་དང༌། ས་གསུམ་པ་ལ་བརྒྱ་སྟོང་འགྱུར་དང༌། བཞི་པ་ལ་ཁྲག་ཁྲིག་དང༌། ལྔ་པ་ལ་ཁྲག་ཁྲིག་ཕྲག་སྟོང་དང༌། དྲུག་པ་ལ་ཁྲག་ཁྲིག་བརྒྱ་སྟོང་དང༌། བདུན་པ་ལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང༌། བརྒྱད་པ་ལ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་སྙེད་དང༌། དགུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་སྙེད་དང༌། བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་སྙེད་འཐོབ་བོ། །དྲུག་པ་ངེས་ཚིག་ལ་ཐུན་མོང་གི་ནི་རྒྱན་ལས། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་རྣམས་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་རྣམས་ཉིད་ནི་སར་འདོད་དོ། །ཞེས་སོ། །སོ་སོའི་སྒྲ་དོན་ནི། སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེག་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱངས་དཀའ་བ། །དེ་ཕྱིར་སྦྱངས་དཀའ་ཞེས་བརྗོད་དོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི?མངོན་དུ་འགྱུར་བའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །སོ་སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་སོ། །གཉིས་པ་ཡན་ལག་གི་དོན་ལ། མཚམས་སྦྱར་བ་དང༌། སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི་སའི་ཚོགས་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་གསུངས་པ་ཞེས་སྦྲེལ་ལོ། །དགོས་པ་ནི་ས་གང་གི་སྐྱོན་ཟད་ཅིང་ཡོན་ཏན་ཡོངས་སུ་རྫོགས་པའི་དོན་དུ་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་དག་ཡིན་པ་དེ་དག་བསྟན་པའི་ཕྱིར་རོ། །ས་ཐོབ་ཟིན་སྦྱོང་ངམ་མ་ཐོབ་པ་སྦྱོང་ཞེ་ན། འགྲེལ་བཤད་གཉིས་ལས་མ་ཐོབ་པའི་དོན་དུ་སྦྱོང་སྟེ། བྱང་ཆུབ་ཀྱི་ཤིང་ལ་སོགས་པ་ས་བཅུ་པའི་ཡོན་ཏན་རྣམས་ས་དགུ་པར་སྦྱོང་བར་བཤད་པའི་ཕྱིར་ཞེས་འདོད་དེ། འགྲེལ་ཆེན་ལས་ཡོངས་སྦྱོང་མ་རྫོགས་པ་དེ་སྲིད་དུ་ས་དེ་ཡིན་ལ་རྫོགས་ནས་ས་གཞན་ཡིན་པར་བཤད་དོ། །དོན་ནི་འདི་ཡིན་ཏེ། སྦྱོར་བའི་གནས་སྐབས་སུ་ས་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་སྦྱོང་ལ། དངོས་གཞིའི་གནས་སྐབས་སུ་ནི་ཡོངས་སྦྱོང་ས་དེར་གཏོགས་པ་ཡིན་པས་མི་འགལ་ལོ། །གཉིས་པ་ལ་རྒྱུ་སའི་ཡོངས་སྦྱོང་དང༌། འབྲས་བུའི་སའི་ངོ་བོའོ། །དང་པོ་ལ་ས་དང་པོའི་ཡོངས་སུ་སྦྱོང་བ་ལ། རྩ་བ་ནི། གང་གིས་སྦྱོང་བའི་ཆོས་དང༌། ཡོངས་སུ་སྦྱོང་བའི་ཚུལ་གཉིས་ཀྱིས་བསྟན་ནོ། །དང་པོ་ལ་བཅུ་ཡོད་པ་གསུམ་དུ་འདུས་ཏེ། བསམ་པ་ཕུན་ཚོགས་དང༌། སྦྱོར་བ་དང༌། བསྔོ་བ་ཕུན་ཚོགས་སོ། །དང་པོ་ལ་རང་དོན་དང་གཉིས་དོན་དང་གཞན་དོན་གྱི་བསམ་པའོ། །དང་པོ་ནི་བསམ་པ་དང༌། གཉིས་པ་ནི་ཕན་པ་དང༌། གསུམ་པ་ནི་སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་དོ། །སྦྱོར་བ་ལ་གཞན་དོན་གྱི་སྦྱོར་བ་དང་རང་དོན་གྱི་སྦྱོར་བའོ། །དང་པོ་ལ་ཟང་ཟིང་གིས་སྡུད་པའི་སྦྱོར་བ་དང་ཆོས་ཀྱིས་སྡུད་པའི་སྦྱོར་བའོ། །དང་པོ་ནི་གཏོང་ངོ༌། ཞེས་སོ། །གཉིས་པ་ནི་ཆོས་སྟོན་པའོ། །རང་དོན་ལ་གཉིས་ཏེ། ཆོས་སྡུད་པ་དང་བདག་ཉིད་ཀུན་ཏུ་བསྲུང་པའོ། །དང་པོ་ནི་བཤེས་གཉེན་མགུ་བར་བྱེད་པ་དང༌། དམ་ཆོས་དམིགས་པ་ཚོལ་བའོ། །གཉིས་པ་ལ་གཉིས་ཏེ། རང་ཉམས་པ་བསྲུང་བ་ངེས་པར་འབྱུང་བ་དང་བདེན་ཚིག་སྨྲ་བའོ། །བསྔོ་བ་ཕུན་ཚོགས་ནི་སངས་རྒྱས་སྐུར་འདོད་ཅེས་པའོ། །གཉིས་པ་ནི་འདི་དག་སོགས་སོ་མདོ་ནི་ས་དང་པོ་ལ་གནས་པའི་བྱང་སེམས་ཀྱིས་ཡོངས་སུ་སྦྱོང་བ་བཅུ་པོ་འདི་དག་བྱ་སྟེ་ཞེས་སོ། །འགྲེལ་པ་ནི། འཐོབ་པ་ཡིན་ནོ། །གང་ན་ས་དང་པོ་རབ་ཏུ་དགའ་བའོ། །སྦྱོང་ཚུལ་ཇི་ལྟར་བྱས་པས་འཐོབ་ཅེ་ན། ས་ཡོངས་སུ་སྦྱོང་བར་བྱེད་པའི་རྒྱུའི་ཁྱད་པར་བཅུ་པོ་ངོ་བོ་ཉིད་མི་དམིགས་པར་རྟོགས་པས་ཁྱད་པར་དུ་བྱས་པའི་མཚན་ཉིད་ཀྱིས་ཡོངས་སུ་སྦྱོར་བ་དག་བྱས་པ་ཁོ་ནས་འཐོབ་སྟེ། ཆོས་རྣམ་པ་བཅུས་རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །བཅུ་པོ་གང་ཞེ་ན། རྩ་བའི་རིམ་པ་ཇི་ལྟ་བ་བཞིན་བྱང་ཆུབ་ཀྱི་གཞི་དགེ་རྩ་ཐམས་ཅད་ལ་རང་དོན་ཡིད་བྱེད་ཀྱི་གྱ་གྱུར་མེད་པའི་བསམ་པ་དང༌། བྱང་སེམས་རང་དང་གདུལ་བྱ་གཞན་གྱི་དགོས་པ་ལ་ཕན་པ་ཉིད་དང༌། སེམས་ཅན་ཐམས་ཅད་ལ་སེམས་རྩེ་གཅིག་པའི་བྱམས་སོགས་ཉིད་དང༌། ཕྱི་ནང་གི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང༌། ཐེག་ཆེན་དགེ་བའི་བཤེས་གཉེན་མགུ་བར་བྱེད་པ་དང༌། བརྗོད་བྱ་ཐེག་པ་གསུམ་དུ་གཏོག་པའི་དམ་ཆོས་ཀྱི་དམིགས་པ་མ་ལུས་པ་འདོད་ཅིང་ཚོལ་བ་དང་སྐྱོན་རིག་པས་ཁྱིམ་ན་གནས་པ་ལ་མངོན་པར་མི་དགའ་བ་དང༌། རྟག་ཏུ་བླ་ན་མེད་པའི་སངས་རྒྱས་ཀྱི་སྐུ་འདོད་པ་སྟེ་ཡིད་ལ་བྱེད་པ་དང༌། །གདུལ་བྱ་དང་མཚམས་པར་དམ་པའི་ཆོས་རབ་ཏུ་སྟོན་པ་དང༌། གདམས་པ་ལྟར་བསྒྲུབ་པ་བདེན་པར་སྨྲ་བ་ཉིད་ཅེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཅན་གྱི་ཆོས་རྣམས་སོ། །ས་གཉིས་པའི་ཡོངས་སྦྱོང་ལ་སྤྱི་དང་ཡན་ལག་གི་དོན་གཉིས་ལས། དང་པོ་ལ་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ། དབྱེ་བ། གྲངས་ངེས། དུས་ལ་རྩོད་སྤོང་ངོ༌། །དང་པོ་ནི་བླ་མེད་བྱང་ཆུབ་ཀྱི་བར་གྱི་བསླབ་པ་གང་ཞིག་ཉེས་སྤྱོད་གཞི་བཅས་སྤོང་བའི་སེམས་དཔའ་མངོན་གྱུར་རམ་དབང་ལྡན་རྒྱུན་ཆགས་སོ། །ཞི་བ་ལྷས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །གཉིས་པ་ནི་མི་དགེ་བ་མཐའ་དག་སྤོང་བ་ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས། དགེ་བ་མཐའ་དག་སྒྲུབ་པ་དགེ་བ་ཆོས་སྡུད་དང༌། སེམས་ཅན་གྱི་དོན་སྒྲུབ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །གསུམ་པ་ནི་བྱ་བ་ལ་རང་གཞན་གྱི་བྱ་བ་གཉིས་སུ་ངེས་ཤིང༌། གཞན་དོན་ལ་སེམས་ཅན་དོན་བྱེད་དང༌། རང་དོན་ལ་མི་དགེ་བ་སྤོང་བ་དང་དགེ་བ་སྒྲུབ་པ་གཉིས་སུ་ངེས་པས་ན་གསུམ་མོ། །བཞི་པ་ནི་བྱང་ཆུབ་ཀྱི་བར་དུ་ལེན་པ་མི་འཐད་དེ། ཚེ་འཕོས་པ་ན་ཡང་དག་པར་བླངས་པ་མི་དྲན་པས་དེ་དང་འགལ་བའི་ཉེས་སྤྱོད་ཀྱིས་གཏོང་བར་འགྱུར་བས་སོ། །གཞན་དུ་ན་སོ་ཐར་ཀྱང་ཅིའི་ཕྱིར་བྱང་ཆུབ་ཀྱི་བར་དུ་ལེན་པར་མི་བྱེད་ཅེ་ན། ཕྱི་མའི་གནས་སྐབས་སུ་མངོན་དུ་མ་གྱུར་ན་ཉེས་སྤྱོད་ཀྱིས་ཉམས་པར་བྱར་མེད་ལ། ས་བོན་ཡང་འཇོམས་མི་ནུས་པའི་ཕྱིར་གཏོང་བར་མི་འགྱུར་རོ། །མངོན་དུ་འགྱུར་ན་གཏོང་བ་སྲིད་ཀྱང་དྲན་པས་བསྡམས་ནུས་ཏེ། ད་ལྟར་གྱི་གནས་སྐབས་བཞིན་ནོ། །གཏོང་བ་སྲིད་པས་དོན་མེད་པའང་མ་ཡིན་ཏེ། སོ་ཐར་ལའང་མཚུངས་པའི་ཕྱིར་རོ། །འོ་ན་སོ་ཐར་ཡང་ཅིའི་ཕྱིར་བླ་མེད་བྱང་ཆུབ་ཀྱི་བར་དུ་ལེན་པར་མི་བྱེད། གཞན་དུ་ན་བྱང་སེམས་ལའང་མཚུངས་ཞེས་ན། མི་མཚུངས་ཏེ། བྱང་སེམས་ནི་མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་གོ་ཆ་ཆེན་པོར་བགོས་པ་ལ་ཞུགས་པ་ཡིན་ལ། གཞན་དོན་ཡང་བྱང་ཆུབ་མ་ཐོབ་བར་མི་འགྲུབ་པའི་ཕྱིར་དང༌། ཇི་སྲིད་འཚོའི་ཁས་ལེན་ཙམ་གྱིས་གོ་ཆ་ཆེན་པོ་བགོས་པར་ཡང་མི་འགྱུར་བའི་ཕྱིར་རོ། །ནུས་པའང་ཡིན་ཏེ། འདི་ཕྱི་ཐམས་ཅད་དུ་མི་ཉམས་པའི་རྒྱུ་བདག་པས་གཞན་གཅེས་སུ་འཛིན་པ་སོགས་བླ་ན་མེད་པའི་འདུན་པ་ལྔ་ལ་བསླབ་པར་བྱར་ཡོད་པའི་ཕྱིར་དང༌། ཐབས་ལ་མཁས་པའི་རྒྱུས་ཚེ་རབས་དྲན་ནས་སླར་ཡང་མངོན་དུ་བྱེད་ནུས་པའི་ཕྱིར་དང༌། རྒྱུའི་ཁྱད་པར་སྙིང་རྗེ་ཆེན་པོ་ལས་སྐྱེ་ལ། དེའང་གོམས་པའི་སྟོབས་ཀྱིས་སྡུག་བསྔལ་གྱི་ཁྱད་པར་མཐོང་བ་ཙམ་གྱིས་འབྱུང་བས་རྒྱུའི་ཁྱད་པར་ལས་ངང་གིས་འཕེན་ནུས་པའི་ཕྱིར་རོ། །སོ་སོར་ཐར་པ་ནི་ཉན་ཐོས་རང་དོན་གྱི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་དང༌། ཐམས་ཅད་དུ་མི་ཉམས་པའི་རྒྱུ་ལྷག་པོ་ལ་བསླབ་པར་བྱར་མེད་པའི་ཕྱིར་དང༌། རང་གཞན་གྱི་ལུས་ངག་གི་རིག་བྱེད་ལས་སྐྱེ་དགོས་པས་ཚེ་འཕོས་པ་ན་སླར་ཡང་ལུས་ངག་གི་རིག་བྱེད་ལས་གསར་དུ་བསྐྱེད་དགོས་པའི་ཕྱིར་རོ། །བྱང་སེམས་ཀྱི་སྡོམ་པའང་གཞན་ལས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ནི་རྒྱུན་བརྟན་པར་བྱེད་པའམ་ཕྱིས་ཀྱི་གསོས་འདེབས་ཀྱི་རྐྱེན་ཙམ་དུ་ཟད་ཀྱི། དངོས་སུ་ལུས་ངག་གི་རིག་བྱེད་ལ་མི་ལྟོས་པར་སྙིང་རྗེ་སོགས་སེམས་ཀྱི་བྱེད་པ་ཁོ་ནས་འཕེན་ནོ། །ཚུལ་འདི་ནི་གཞན་གྱིས་ཇི་བཞིན་རིག་པར་མི་སྣང་ངོ༌། །གཉིས་པ་ཡན་ལག་གི་དོན་ལ་གཉིས་ཏེ། སྦྱོང་བྱེད་ཀྱི་ཆོས་ཀྱི་དབྱེ་བ། སྦྱོང་ཚུལ་ཇི་ལྟ་བུས་འཐོབ་པའོ། །དང་པོ་ལ་བརྒྱད་ཡོད་པ་གསུམ་དུ་སྡུད་དེ། གཞི་ཚུལ་ཁྲིམས་དང༌། བསམ་པ་ཁྱད་པར་ཅན། སྦྱོར་བ་ཁྱད་པར་ཅན་ནོ། །དང་པོ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བ་དང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ། །གཉིས་པ་ནི་གཞན་གྱིས་ཕན་པ་ཅུང་ཟད་བྱས་པ་དྲན་པ་དང༌། གཞན་གྱིས་གནོད་པ་བྱས་པ་བཟོད་པ་དང༌། དགེ་བའི་ཆོས་བསྒྲུབ་པ་ལ་འགྱོད་པ་མེད་པ་དང༌། སྐྱེ་བོ་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་བརྩེ་བའོ། །གསུམ་པ་ལ་དང་པོར་སྦྱོར་བྱེད་མཁན་པོ་ལ་སོགས་པ་ལ་འདུད་པ་དང༌། སྦྱོར་བའི་ངོ་བོ་ཐེག་ཆེན་དགེ་བའི་བཤེས་གཉེན་གྱིས་བསྟན་པའི་ཆོས་ཇི་ལྟ་བ་བཞིན་སྒྲུབ་པ་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྲོ་བ་ཞེས་བྱའོ། །གཉིས་པ་ནི་ས་གཉིས་པ་དྲི་མ་མེད་པ་འཐོབ་པ་ཡིན་ནོ། །གང་གིས་ན་སྔ་མ་ས་དང་པོར་བསྟན་པ་བཞིན་དུ་ཡོངས་སུ་སྦྱོང་བ་མི་དམིགས་པར་རྟོགས་པས་ཁྱད་པར་དུ་བྱས་པའི་ཁྱད་པར་རྣམ་པ་བརྒྱད་ཀྱིས་སོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྐད་བཤད་པ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་བརྒྱད་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །ས་གསུམ་པའི་ཡོངས་སྦྱོང་ལ་གཉིས་ཏེ། སྦྱོང་བྱེད་དང༌། སྦྱོང་ཚུལ་ཇི་ལྟ་བུས་འཐོབ་པའོ། །དང་པོ་ལ། དམ་པའི་ཆོས་མཉན་པས་ངོམས་མི་ཤེས་པ་དང༌། རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་མི་ལྟ་བས་སེམས་ཀྱིས་དམ་པའི་ཆོས་རབ་ཏུ་སྟོན་པ་དང༌། རང་གི་སངས་རྒྱས་ཀྱི་ཞིང་རྟེན་སྣོད་དང་བརྟེན་པ་སེམས་ཅན་ཀུན་ཏུ་སྦྱོང་བ་དང༌། ཕན་བཏགས་པའི་སེམས་ཅན་མི་མཐུན་པར་བྱེད་པ་སོགས་འཁོར་བའི་ཉེས་དམིགས་མཐོང་བས་གཞན་དོན་ལ་ཡོངས་སུ་མི་སྐྱོ་བ་དང༌། རང་ལ་ལྟོས་ནས་མི་དགེ་བའི་ཆོས་མི་བྱེད་པ་ངོ་ཚ་ཤེས་པ་དང༌། གཞན་ལ་ལྟོས་ནས་མི་དགེ་བའི་ཆོས་མི་བྱེད་པ་ཁྲེལ་ཡོད་པ་ཞེས་བྱ་བ་རྣམས་སོ། །གཉིས་པ་ནི་ས་གསུམ་པ་འོད་བྱེད་པ་རྟོགས་པ་ཡིན་ནོ། །གང་གིས་ན་ཇི་སྐད་བཤད་པ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་རྣམ་པ་ལྔ་པོ་སྔ་མ་བཞིན་དུ་ངོ་བོ་ཉིད་དུ་མི་རྟོག་པས་ཡོངས་སུ་སྦྱོང་བ་བྱས་པས་འཐོབ་སྟེ། དེས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །ས་བཞི་པའི་ཡོངས་སྦྱོང་ལ། སྦྱོང་བྱེད་ཀྱི་ཆོས་བཅུ་ཡོད་པ་དོན་དྲུག་ཏུ་འདུས་ཏེ། སེམས་རྣམ་དག སྤྱོད་པ་རྣམ་དག ཡིད་བྱེད་རྣམ་དག ཕྲིན་ལས་རྣམ་དག གཏོང་བ་རྣམ་དག རྣལ་འབྱོར་རྣམ་དག་གོ །དང་པོ་ནི། རང་དོན་ཡིད་བྱེད་ཀྱིས་དགོན་པར་གནས་པ་དང༌། རྙེད་པ་མ་ཐོབ་པ་ལ་མངོན་པར་འདོད་པ་མེད་པ་དང༌། རྙེད་པ་ཐོབ་པ་ལ་སྔར་བས་ལྷག་པར་དོན་དུ་གཉེར་བ་མེད་པའོ། །གཉིས་པ་ལ་གཉིས་ཏེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་སྡོམ་པ་དང༌། བསླབ་པ་བླངས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་བའོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། ཟས་བཟང་པོ་དང་ཡང་ཡང་ཟ་བ་དང་ལེན་པ་ལ་ཞེན་པ་དགག་པའི་ཕྱིར། ཟས་ཀྱི་དབང་དུ་བྱས་པ་གསུམ་སྟེ། བསོད་སྙོམས་པ་དང་སོགས་པ་སྟན་གཅིག་པ་དང་ཕྱིས་མི་ལེན་པའོ། །གོས་བཟང་པོ་དང་འཇམ་པོ་དང་མང་པོ་ལ་ཞེན་པ་དགག་པའི་ཕྱིར། གོས་ཀྱི་དབང་དུ་བྱས་པ་གསུམ་སྟེ། ཕྱག་དར་ཁྲོད་པ་དང༌། ཕྱིང་པ་པ་དང་ཆོས་གོས་གསུམ་པའོ། །གནས་འདུ་འཛི་ཅན་དང་སྟེང་གཡོགས་ཅན་དང་བསྐོར་བ་དང༌། གནས་ཀྱི་སྦྱོར་བ་ལ་ཞེན་པ་དགག་པའི་ཕྱིར། གནས་ཀྱི་དབང་དུ་བྱས་པ་བཞི་སྟེ། དགོན་པ་པ་དང་བླ་གབ་མེད་པ་དང་ཤིང་དྲུང་པ་དང་དུར་ཁྲོད་པའོ། །ཉལ་བ་སོགས་དང་འདུག་ས་སྤོང་པ་ལ་ཞེན་པ་དགག་པའི་ཕྱིར། སྤྱོད་ལམ་གྱི་དབང་དུ་བྱས་པ་གཉིས་ཏེ། ཙོག་པུ་པ་དང༌། གཞི་ཇི་བཞིན་པའོ། །གསུམ་པ་ནི་འདོད་པའི་ཡོན་ཏན་ལ་ཉེས་དམིགས་སུ་ལྟ་བས་སྨོད་པའོ། །བཞི་པ་ནི་གདུལ་བྱའི་བློ་དང་འཚམས་པར་མྱ་ངན་ལས་འདས་པ་ལ་གཞོལ་བར་བྱེད་པའོ། །ལྔ་པ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །དྲུག་པ་ལ་གཉིས་ཏེ། དགེ་བ་སྒྲུབ་པ་ལ་སེམས་མི་ཞུམ་པ་དང༌། དངོས་པོ་ཐམས་ཅད་ལ་བདེན་པར་མི་ལྟ་བ་ཞེས་བྱ་བ་རྣམས་སོ། །གཉིས་པ་སྦྱོང་ཚུལ་གང་གིས་ཐོབ་པ་ནི་ས་བཞི་པ་འོད་འཕྲོ་བ་ཅན་གནོན་པ་ཡིན་ནོ། །གང་གིས་ན་ཇི་སྐད་བཤད་པ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་སྔ་མ་ལྟ་བུ་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པ་རྣམ་པ་བཅུས་ཐོབ་སྟེ། དེས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །ས་ལྔ་པའི་ཡོངས་སྦྱོང་ལ་གཉིས་ཏེ། སྤང་བྱ་སྤངས་པ་དང༌། གཉེན་པོ་རྫོགས་པའོ། །དང་པོ་ལ་བཅུ་པོ་བཞིར་འདུས་ཏེ། བསམ་སྦྱོར་མ་དག་པ་སྤངས་པ་དང༌། གནས་མ་དག་པ་དང༌། ཉེས་པར་སྤྱོད་པ་དང༌། རྩ་བའི་ཉོན་མོངས་པའོ། །དང་པོ་ནི་རྙེད་པ་དང་བཀུར་སྟི་ལ་སོགས་པའི་དོན་དུ་རབ་ཏུ་བྱུང་བ་དང་སོགས་པ་དགེ་སློང་མ་སོགས་དང་འགྲོགས་པ་དང༌། གཞན་ལ་དད་པ་ཅན་གྱི་ཁྱིམ་ཉེ་བར་མི་སྟོན་པའོ། །གཉིས་པ་ནི་སྐྱེ་བོ་མང་པོའི་གྲོང་དང་གྲོང་ཁྱེར་ལ་སོགས་པའོ། །གསུམ་པ་ནི་བདག་ལ་བསྔགས་པ་དང༌། གཞན་ལ་སྨོད་པ་དང༌། མི་དགེ་བའི་ལས་ཀྱི་ལམ་བཅུའོ། །བཞི་པ་ལ་ང་རྒྱལ་ནི་ཐོས་པ་ལ་སོགས་པས་རློམས་ཤིང་གཞན་ལ་མི་འདུད་པ་དང༌། མ་རིག་པ་ནི་བླང་དོར་གོ་བཟློག་སྟེ་དགེ་བ་ལ་དོར་བྱ་དང་མི་དགེ་བ་ལ་བླང་བྱར་མངོན་པར་ཞེན་པའོ། །ལྟ་བ་ནི་ལོག་པར་ལྟ་བ་ལ་སོགས་པའོ། །བློ་གྲོས་ངན་པ་ནི་ཐེ་ཚོམ་དུ་མདོ་ལས་བཤད་དོ། །འགྲེལ་ཆེན་དུ་ལྟ་བ་ཉིད་ལ་བཟུང་ངོ༌། །འདི་དག་མཐོང་སྤང་ཡིན་པས་ས་དང་པོར་སྤངས་ཟིན་པ་མ་ཡིན་ནམ་ཞེ་ན། འདིར་གནས་ངན་ལེན་སྦྱོང་བའམ་ཐག་བསྲིང་བའི་གཉེན་པོའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ལ་ཕྱོགས་པར་བྱེད་པ་ཞེས་བྱ་བ་རྣམས་ནི་སྤང་བྱའོ། །གཉིས་པ་ནི། དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་བཅུ་རྣམ་པར་སྤོང་ཞིང་བཟློག་པའི་ཆོས་དོན་གྱིས་འཕངས་པ་ཡོངས་སུ་སྦྱོང་བ་རྣམ་པ་བཅུས་སྔ་མ་བཞིན་དུ་ས་ལྔ་པ་སྦྱངས་དཀའ་བ་ཐོབ་པ་ཡིན་ཏེ། དེས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། ས་དྲུག་པའི་ཡོངས་སྦྱོང་ལ་སྦྱོང་བྱེད་ཀྱི་ཆོས་དང༌། སྦྱོང་ཚུལ་གཉིས་ལས། དང་པོ་ལ་བཅུ་གཉིས་པོ་གཉིས་སུ་འདུས་ཏེ། སྤང་བྱ་མི་མཐུན་ཕྱོགས་དང༌། སྤོང་བྱེད་གཉེན་པོའོ། །དང་པོ་ལ་བྱང་ཆུབ་ཀྱི་གེགས་དང༌། སྤྱོད་པ་རྗེས་སུ་སྒྲུབ་པའི་གེགས་སོ། །དང་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་འདོད་པའི་སེམས་སོ། །གཉིས་པ་ལ་དང་པོར་འཇུག་པའི་གེགས། བར་དུ་སྒྲུབ་པའི་གེགས། ཐ་མར་མཐར་ཕྱིན་པའི་གེགས་སོ། །དང་པོ་ནི་ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པ་དང༌། སློང་བའི་སྐྱེ་བོས་བསླངས་ན་ཞུམ་པའོ། །གཉིས་པ་ནི་བདོག་པ་ཐམས་ཅད་རང་གི་ངང་གིས་གཏོང་བར་ཞུགས་པ་ལ་མི་དགའ་བའི་སེམས་སོ། །གསུམ་པ་ནི་བཀྲེན་ཡང་སློང་བ་པོའི་སྐྱེ་བོ་སྤོང་བའི་སེམས་ཏེ་དྲུག་པོ་འདི་དག་སྤོང་ངོ༌། །གཉིས་པ་ནི་གཉེན་པོ་གང་གིས་ཤེ་ན། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་སོ། །སྤྱིར་ཕྱིན་དྲུག་རྫོགས་པས་སྤང་བྱ་དྲུག་སྤོང་ཞེས་པའི་དོན་ཡིན་གྱི་སོ་སོར་སྦྱར་པ་ནི་དགོངས་པ་མ་ཡིན་ནོ། །གཉིས་པ་ནི། དེ་ལྟ་བུའི་ཡོངས་སུ་སྦྱོང་བ་བཅུ་གཉིས་ཀྱིས་སྔ་མ་བཞིན་དུ། ས་དྲུག་པ་མངོན་དུ་གྱུར་པ་ཀུན་ཤེས་པར་འགྱུར་བ་ཡིན་ཏེ། དེས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །ས་བདུན་པ་ལ་སྤང་བྱ་སྤངས་པ་དང༌། སྦྱོང་བྱེད་གཉེན་པོ་གཉིས་ལས། དང་པོ་ལ་སྤང་བྱའི་དབྱེ་བ། ཉེས་པ་སྤངས་པས་འཐོབ་པར་བསྟན་པའོ། །དང་པོ་ལ་ཉི་ཤུ་ཡོད་པ་གསུམ་དུ་འདུ་སྟེ་སོ་སྐྱེ་དང་ཐུན་མོང༌། ཉན་རང་དང་ཐུན་མོང༌། བྱང་སེམས་ལས་དང་པོ་པ་དང་ཐུན་མོང་བའོ། །དང་པོ་ནི། བདག་ཏུ་འཛིན་པ་ནས་རྟག་པར་འཛིན་པའི་བར་དྲུག་ལས། དང་པོ་བཞི་ནི་འཇིག་ལྟ་དང༌། ཐ་མ་གཉིས་ནི་མཐར་འཛིན་ནོ། །གཉིས་པ་ལ་བཅུ་གཉིས་ཏེ། བླང་དོར་གྱི་མཚན་མར་འཛིན་པ་དང༌། རྒྱུ་རིགས་ཐ་དད་དུ་འཛིན་པ་དང༌། མིང་གཟུགས་སོགས་ཕུང་པོར་འཛིན་པ་དང༌། རྒྱུའི་རང་བཞིན་གྱི་ཁམས་སུ་འཛིན་པ་དང༌། ཕྱི་ནང་གི་སྐྱེ་མཆེད་དག་ཏུ་འཛིན་པ་དང༌། ཁམས་གསུམ་པར་གནས་པའི་ཀུན་རྟོག་ལ་གནས་པ་དང༌། བླང་བྱར་ཆགས་པ་དང༌། རྣམ་མཁྱེན་ལ་སེམས་ཞུམ་པ་དང༌། གཟུགས་སྐུ་ལ་སངས་རྒྱས་དང༌། ཡན་ལག་བཅུ་གཉིས་ལ་ཆོས་དང༌། ཟུང་བཞི་ལ་དགེ་འདུན་དང༌། ཚུལ་ཁྲིམས་ལ་དེར་ལྟ་བའི་མངོན་པར་ཞེན་པའོ། །གསུམ་པ་ནི་སྟོང་པ་ཉིད་ལ་ཐེ་ཚོམ་ཟ་བས་རྩོད་པ་དང༌། སྟོང་པ་ཉིད་དེ་དང་མངོན་སུམ་དུ་མཐོང་བ་འགལ་བའི་ཉེས་པ་འཛིན་པའོ། །འཛིན་པ་ནི་མཐའི་གསལ་བྱེད་དོ། །གཉིས་པ་ནི། ཇི་སྐད་བཤད་པ་ཡོངས་སུ་སྤངས་པ་སྟེ། ས་བདུན་པ་རིང་དུ་སོང་བ་ཀུན་ཤེས་པར་འགྱུར་བ་ཡིན་ནོ། །གང་གིས་ན་ཉེས་པ་དེ་ལྟ་བུའི་ཉི་ཤུ་དང་བྲལ་ནས་བཟློག་པའི་ཆོས་དོན་གྱིས་འཕངས་པའི་ཡོངས་སུ་སྦྱོང་བ་སྔ་མ་བཞིན་དུ་ངོ་བོ་ཉིད་མི་དམིགས་པར་རྟོགས་པས་ཁྱད་པར་དུ་བྱས་པ་རྣམ་པ་ཉི་ཤུའོ། །གཉིས་པ་ལ་མཚམས་སྦྱར་བ་ནི། དོན་གྱིས་འཕངས་པའི་ཆོས་ཉིད་བསྟན་པའི་ཕྱིར། ཞེས་པའོ། །འགྲེལ་པ་ལ་གཉིས་ལས། དང་པོ་ནི། རྣམ་པར་ཐར་བའི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཡང་དག་པར་ཤེས་པ་དང་གསུམ་གྱིས་བདག་དང་སེམས་ཅན་དང་སྲོག་ཏུ་འཛིན་པ་སྤོང་ངོ༌། །དགེ་བ་བཅུའི་ལས་ཀྱི་ལམ་ལ་བསད་པར་བྱ་བ་ལས་དང༌། གསོད་པ་པོ་དང༌། བསད་བྱའི་ལས་དང༌། བསད་པའི་བྱ་བ་མི་དམིགས་པ་ལ་སོགས་པས་བདག་ཏུ་འཛིན་པ་སྤོང་ངོ༌། །སྐྱེ་བོ་ཐམས་ཅད་ལ་དམིགས་པའི་སྙིང་བརྩེ་བས་ཆད་པར་འཛིན་པ་སྤོང་ངོ༌། །བདེན་པའི་དངོས་པོར་དམིགས་པ་མེད་པར་རྟོགས་པས་རྟག་པར་འཛིན་པ་སྤོང་ངོ༌། །འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་བླང་དོར་དུ་མཚན་མར་འཛིན་པ་སྤོང་ངོ༌། །མཐར་ཐུག་ཐེག་པ་ཆེན་པོ་གཅིག་ཏུ་རྟོགས་པས་རིགས་ཐ་དད་དུ་འཛིན་པ་སྤོང་ངོ༌། །མིང་གཟུགས་སོགས་མི་སྐྱེ་བ་ཡོངས་སུ་ཤེས་པ་དང༌། སྟོང་པ་ཉིད་ཀྱི་ཆོས་ཟབ་མོ་ལ་ངེས་པར་རྟོགས་པའི་བཟོད་པ་ཁོང་དུ་ཆུད་པ་དང༌། ཕྱི་དང་ནང་གིས་བསྡུས་པའི་ཤེས་བྱ་ཐམས་ཅད་ཐེག་པ་ཆེན་པོའི་ཐབས་གཟུང་འཛིན་གཉིས་སུ་མེད་པའི་སྒོ་ནས་རབ་ཏུ་སྟོན་པས། ཕུང་ཁམས་སྐྱེ་མཆེད་དུ་འཛིན་པ་གསུམ་སྤོང་ངོ༌། །གཉིས་སྣང་གི་རྟོག་པ་ཐམས་ཅད་གཅོད་པས་ཁམས་གསུམ་ལ་གནས་པ་སྤོང་ངོ༌། །མཚན་མར་འཛིན་པའི་རྟོག་པ་མེད་པ་དང༌། འཇིག་ཚོགས་ལ་ལྟ་བ་ལ་སོགས་ལྔ་འདོར་བ་དང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤོང་བ་དང་གསུམ་ཆར་གྱིས་ཆགས་པར་འཛིན་པ་སྤོང་ངོ༌། །གཞན་དོན་དུ་རྣམ་མཁྱེན་ལ་རྩེ་གཅིག་པའི་ཞི་གནས་བསྒོམས་པས་སེམས་ཀུན་ཏུ་ཞུམ་པའི་འཛིན་པ་སྤོང་ངོ༌། །སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྣང་ཆ་མ་དོར་བའི་ཐབས་ལ་མཁས་པར་བྱེད་པས་སངས་རྒྱས་སུ་ལྟ་བའི་མངོན་ཞེན་སྤོང་ངོ༌། །ཆོས་ཀྱི་བདག་མེད་བསྒོམ་པའི་སེམས་ཉེ་བར་ཞི་བ་དང༌། གཟུགས་སོགས་ལ་ཐོགས་པ་མེད་པའི་ཡེ་ཤེས་དང༌། གང་ལའང་མངོན་པར་ཞེན་པའི་གནས་མ་ཡིན་པའི་ཡེ་ཤེས་ཐོབ་པས་ནི་ཆོས་དང་དགེ་འདུན་དང་ཚུལ་ཁྲིམས་སུ་ཞེན་པ་རྣམས་སྤོང་ངོ༌། །ཐེ་ཚོམ་སེལ་བའི་ཕྱིར་ཇི་ལྟར་འདོད་པ་བཞིན་དུ་ལུས་དུ་མ་སྤྲུལ་ནས་དུས་མཉམ་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཆོས་ཉན་པར་འགྲོ་བ་དང༌། གདུལ་བྱའི་བློ་དང་མཐུན་པར་ཐམས་ཅད་དུ་ལུས་རབ་ཏུ་སྟོན་པ་གཉིས་ཀྱི་ནི་སྟོང་པ་ཉིད་ལ་རྩོད་པ་དང་འགལ་བར་བརྗོད་པར་འཛིན་པ་སྤོང་ངོ༌། །གཉིས་པ་སྦྱོང་ཚུལ་ནི། ས་བདུན་པ་རྟོགས་པར་འགྱུར་བ་ཡིན་ནོ། །གང་གིས་ན་སྔ་མ་བཞིན་དུ་ངོ་བོ་ཉིད་དུ་མི་རྟོག་པས་ཁྱད་པར་དུ་བྱས་པའི་ཡོངས་སུ་སྦྱོང་བ་རྣམ་པ་ཉི་ཤུ་པོ་འདིས་ཀྱང་ངོ༌། །ས་བརྒྱད་པ་ལ། སྦྱོང་བྱེད་ཀྱི་ཆོས་དང༌། སྦྱོང་ཚུལ་གཉིས་ལས། དང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་འདོད་ཆགས་ཡོད་མེད་སོགས་ཇི་ལྟ་བ་བཞིན་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དུ་མས་རྩེ་བ་དང༌། སངས་རྒྱས་ཀྱི་ཞིང་རྟེན་གསེར་ལ་སོགས་པའི་ངོ་བོར་ཡོངས་སུ་བསྒྱུར་བ་དང༌། རྣམ་པ་ཐམས་ཅད་དུ་ཆོས་ཀྱི་ཚིག་དོན་ཡོངས་སུ་རྟགས་པས་སངས་རྒྱས་མཉེས་པར་བྱེད་པ་དང༌། ལྷའི་མིག་བསྐྱེད་པ་དང༌། སངས་རྒྱས་ཀྱི་ཞིང་བརྟེན་པ་སེམས་ཅན་གྱི་སྐྱོན་ཡོངས་སུ་སྦྱོང་བ་དང༌། གནས་སྐབས་ཐམས་ཅད་དུ་བདེན་མེད་རྟོགས་པས་སྒྱུ་མ་ལྟ་བུར་གནས་པ་དང༌། གནས་གང་དུ་གང་གི་སྐྱེ་བ་བཟུང་ན་སེམས་ཅན་གྱི་དོན་དུ་འགྱུར་བ་མཐོང་ནས་བློ་སྔོན་དུ་བཏང་བའི་སྐྱེ་བ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཡོངས་སུ་སྦྱོང་བའི་ཆོས་སོ། །གཉིས་པ་ནི་སྔ་མ་བཞིན་དུ་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པ་དེ་ལྟ་བུ་རྣམ་པ་བརྒྱད་ཀྱིས་ས་བརྒྱད་པ་མི་གཡོ་བ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ། །ས་དགུ་པ་ལ་སྦྱོང་བྱེད་ཀྱི་ཆོས་དང༌། སྦྱོང་ཚུལ་ཇི་ལྟ་བུས་ཐོབ་པ་གཉིས་ལས་དང་པོ་ནི། བཅུ་གཉིས་པོ་དོན་ལྔར་འདུ་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་དང༌། ཆོས་སྟོན་པའི་རྒྱུ་དང༌། བདག་པོ་ཕུན་ཚོགས། ཉེར་སྤྱོད་ཕུན་ཚོགས། འབྲས་བུ་ཕུན་ཚོགས་སོ། །དང་པོ་ནི་ཕྱིན་དྲུག་རྫོགས་པས་ཇི་ལྟར་སྨོན་པ་འགྲུབ་པའི་སྨོན་ལམ་མཐའ་ཡས་པ་དང༌། གཉིས་པ་ནི་ཚིག་སོ་སོ་རིག་པ་ལྷ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་བརྡ་སྐད་ཤེས་པ་དང༌། སྤོབས་པ་སོ་སོ་རིག་པ་ཆུ་བོའི་རྒྱུན་ལྟར་མི་ཟད་པའོ། །གསུམ་པ་ལ་ལུས་དག་པ་དང༌། དག་པའི་ཕྱོགས་འཛིན་པའོ། །དང་པོ་ལ་དྲུག་སྟེ། སྐྱེ་བོ་དམ་པ་ཐམས་ཅད་ཀྱིས་བསྔགས་པའི་མའི་མངལ་དུ་འཇུག་པ་དང༌། རྒྱལ་པོ་དང་བྲམ་ཟེ་ལ་སོགས་པར་གནས་པ་དང༌། ཉི་མ་དང་བུ་རམ་ཤིང་ལ་སོགས་པ་ལས་སྐྱེས་པ་དང༌། མ་ལ་སོགས་པ་དང་ལེགས་པར་འབྲེལ་བའི་གཉེན་དང༌། འདུན་པ་ལྟ་བུ་རང་དབང་བའི་འཁོར་དང༌། བརྒྱ་བྱིན་དང་ཚངས་པ་ལ་སོགས་པས་མངོན་པར་བསྟོད་པར་སྐྱེ་བའོ། །གཉིས་པ་ནི། སངས་རྒྱས་ལ་སོགས་པས་བསྐུལ་ཏེ་ངེས་པར་འབྱུང་བའོ། །བཞི་པ་ནི། དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཤིང་ཨ་ཤྭ་ཐ་དང་བྱམས་པའི་ཀླུ་ཤིང་ལ་སོགས་པའོ། །ལྔ་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོར་གྱུར་པའི་སྟོབས་སོགས་ཡོན་ཏན་ཐམས་ཅད་རྫོགས་པར་བྱེད་པ་ཞེས་བྱ་བའོ། །གཉིས་པ་ནི་ས་དགུ་པ་ལེགས་པའི་བློ་གྲོས་མངོན་དུ་བྱེད་པ་ཡིན་ནོ། །གང་གིས་ན་དེ་ལྟ་བུའི་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱི་ཡོངས་སྤྱོད་པ་རྣམ་པ་བཅུ་གཉིས་པོ་སྔ་མ་བཞིན་དུ་ངོ་བོ་ཉིད་མི་དམིགས་པས་ཡོངས་སུ་སྦྱང་བར་བྱས་པའི་ཁྱད་པར་དག་གིས་སོ། །ཅི་ཞེ་ན་དེ་རྣམ་པ་ཐམས་ཅད་རྫོགས་པར་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་འབྲས་བུ་སའི་ངོ་བོ་ལ། མཚམས་སྦྱར་བ་ནི་རྒྱུའི་ས་རྣམས་ཀྱི་ཡོངས་སུ་སྦྱོང་བ་སྔར་བཤད་པ་དེ་ལྟར་སོ་སོར་ངེས་པར་བསྟན་ནས། འབྲས་བུའི་ས་ཉིད་དུ་ཡོངས་སྦྱོང་དེ་དག་མ་བཤད་པར་ས་བཅུ་པའི་མཚན་ཉིད་འཆད་དོ། །ཇི་ལྟར་ཞེ་ན། ས་འོག་མ་ཐམས་ཅད་ཀྱི་ཡོན་ཏན་ཡར་ལྡན་དུ་བསྡུ་བའི་སྒོ་ནས་སོ། །ས་བཅུ་པའི་ཡོངས་སྦྱོང་ལོགས་སུ་མི་འཆད་པའི་རྒྱུ་མཚན་ནི་སངས་རྒྱ་བའི་རྟེན་བྱང་ཆུབ་ཀྱི་ཤིང་གི་ཡོངས་སྦྱོང་ལ་སོགས་པ་ལས་རིགས་གཞན་མེད་པའི་ཕྱིར་རོ། །ལོ་ཙཱ་བས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཁྱད་པར་དུ་བྱ་བའི་ཕྱིར་ཡོངས་སྦྱོང་བསྟན་པ་ཡིན་ལ། འབྲས་བུའི་ས་ཉིད་དུ་བསྟན་པས་ཁྱད་པར་དུ་གྲུབ་ཟིན་པའི་ཕྱིར་མ་བཤད་ཅེས་གསུང་ཡང་སྔ་མ་ཉིད་ལེགས་སོ། །རྩ་བ་ལ་ཚིག་དོན་འགྲེལ་པས་ཤེས་ལ། མདོ་ནི་རིགས་ཀྱི་ས་དང་བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རྟོགས་པའི་ས་དང༌། ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་ས་དང༌། བྱང་སེམས་ཀྱི་ས་ལས་ཡང་དག་པར་འདས་ཏེ། རབ་འབྱོར་དེ་ལྟར་བྱང་སེམས་ཆེན་པོ་ས་དགུ་ལས་ཡོངས་སུ་འདས་ནས་སངས་རྒྱས་ཀྱི་ས་ལ་གནས་པ་སྟེ། རབ་འབྱོར་དེ་ནི་བྱང་སེམས་ཀྱི་ས་བཅུ་པའོ་ཞེས་སོ། །འགྲེལ་པ་ལ་གཉིས་ཏེ། ས་བཅུ་པའི་ངོ་བོ། འདས་ས་ས་དགུའོ། །དང་པོ་ནི་ས་དགུ་འདས་ན་སྨོན་ལམ་གྱི་མཐུས་སངས་རྒྱ་བའི་སྦྱོར་བ་ཤེས་པ་གང་གིས་སངས་རྒྱས་ཀྱི་ས་དེ་ལ་གནས་པ་དེ་ནི་བྱང་ཆུབ་སེམས་པའི་ས་བཅུ་པ་ཡིན་པར་ཤེས་པར་བྱ་བ་ཡིན་ནོ། །འོ་ན་སངས་རྒྱས་ཀྱི་སར་འགལ་ལོ་ཞེ་ན། ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་དང་ཕྲིན་ལས་བྱེད་ཚུལ་མཉམ་པས་སངས་རྒྱས་ཁོ་ནར་བརྗོད་པར་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ། །ཞེས་ལུགས་ལས་འབྱུང་བའི་ཕྱིར་ཉེས་པ་མེད་དོ། །ཉི་ཁྲི་ལས་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ་ཞེས་པ་ཙམ་ལས་མི་སྣང་ངོ༌། །འགའ་ཞིག་འདི་ནི་ས་དགུའི་རྗེས་ཐོགས་ཀྱི་ས་བྱང་སེམས་ཀྱི་ས་བཅུ་པར་འཆད་པའི་ཤེས་བྱེད་ཡིན་ཟེར་བ་མི་འཐད་དེ། སངས་རྒྱས་ཁོ་ནར་བརྗོད་པར་བྱ་ཞེས་པའི་གཏན་ཚིགས་མ་འབྲེལ་བར་འགྱུར་བས་སོ། །དེས་ཇི་སྐད་བརྗོད་པ་ལྟར། རྩོད་སྤང་དུ་འཐད་དོ། །གཉིས་པ་ནི་ས་དགུ་གང་ཞེ་ན། བཤད་བྱེད་དེ་བཤད་བྱ་མདོ་ཚིག་གོ་རིམ་བཞིན་དུ་སྟོན་པ་ནི། ཞི་བ་བགྲོད་པ་གཅིག་པུ་བའི་ཉན་ཐོས་དང་སོགས་པ་རང་རྒྱལ་གྱི་སྦྱོར་ལམ་བཞི་ནི་རིགས་ཀྱིས་ཡིན་ཏེ། རྟོགས་པའི་སྟོབས་ཀྱིས་དམན་པའི་བྱང་ཆུབ་ཏུ་ངེས་པའི་སོ་སྐྱེའི་རྟོགས་པ་ཡིན་པའི་ཕྱིར། འདི་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་དུ་མ་ཡོད་དེ། ཉན་ཐོས་སྡེ་པ་ཁ་ཅིག་རིགས་ཀྱི་སྟོབས་ཀྱིས་ངེས་པ་དང༌། རྟོགས་པའི་སྟོབས་ཀྱིས་ངེས་པ་གཉིས་ལས་དང་པོ་མི་འདོད་ལ། རྟོགས་པའི་དབང་གིས་ནི་བྱང་ཆུབ་སེམས་དཔའ་དང༌། རང་རྒྱལ་བསེ་རུ་ལྟ་བུ་རྣམས་དྲོད་ནས་ངེས་པར་འདོད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་སོ། །ཉན་ཐོས་རྣམས་ནི་བཟོད་ཆེན་ནས་ངེས་ཏེ། བཟོད་ཆེན་དང་ཆོས་མཆོག་སྐད་ཅིག་རེ་རེ་ལས་མེད་པས་དེ་མ་ཐག་འཕགས་ལམ་བསྐྱེད་པའི་ཕྱིར། སྔ་རོལ་དུ་མ་ཡིན་ཏེ། དྲོད་རྩེ་ཐོབ་པ་ཐེག་ཆེན་དུ་འགྱུར་བ་དང༌། བཟོད་འབྲིང་ཐོབ་པ་རང་རྒྱལ་དུ་འགྱུར་བ་སྲིད་པས་སོ། །གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང༌། །ཞེས་སོ། །འདིའང་བསེ་རུ་ལྟ་བུ་ལས་གཞན་མི་འདོད་པ་ཁ་ཆེ་བྱེ་བྲག་སྨྲ་བའི་དབང་དུ་བྱས་ཀྱི། ཚོགས་སྤྱོད་ཀྱི་རང་རྒྱལ་འདོད་པ་ལ་ནི་འཕགས་ལམ་ཐོབ་ནས་ཀྱང་རང་རྒྱལ་དུ་འགྱུར་བར་མཛོད་འགྲེལ་ལས་འབྱུང་ངོ༌། །སེམས་ཙམ་པ་རྣམས་ཉན་ཐོས་མ་ངེས་པ་རྣམས་ནི་ལྷག་མེད་མ་ཐོ་བར་དུ་ཐེག་ཆེན་དུ་འགྱུར་བ་སྲིད་པས་རིགས་ཀྱི་ས་བཞག་ཏུ་མེད་ལ། ངེས་པའི་རིགས་ཅན་རྣམས་ཚོགས་ལམ་ནས་ཡོད་ཀྱང་རྟོགས་པའི་དབང་གིས་ངེས་པ་ནི་སྦྱོར་ལམ་ནས་འཐོབ་པས་སྦྱོར་ལམ་ནས་འཇོག་གོ །ཅིག་ཅར་བ་རང་རྒྱལ་དུ་འགྱུར་བར་བཤད་པ་ནི་མ་ངེས་པའི་རིགས་ཅན་ནོ། །འབུམ་ཊཱིཀ་དང་གནད་ཀྱི་ཟླ་འོད་ལས་སྦྱོར་ལམ་ལ་བཞག་ཀྱང་སྔ་མ་དང་དགོངས་པ་གཅིག་ཅིང༌། སློབ་དཔོན་གྱི་དགོངས་པ་ཡང་དེར་གནས་ཏེ། རང་རྒྱལ་གྱི་ལམ་ཤེས་ཀྱི་མདོའི་ཐད་འགྲེལ་ཆེན་ལས། ངེས་པར་འབྱེད་པའི་ཆ་རྟོགས་པས་རང་བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ་ཞེས་བཤད་ཅིང༌། ཉན་ཐོས་ལ་ཡང་རྒྱུ་མཚན་མཚུངས་པས་སོ། །མཁས་པ་མང་པོ་ཉན་ཐོས་ཀྱི་ཐེག་པའི་རྣམ་གཞག་རྣམས་ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་ལྟར་བཤད་དགོས་སྙམ་ནས་འདིའི་རིགས་ཀྱིས་མཛོད་ལས་འབྱུང་བ་ལྟར་འཆད་པས་ནི་གྲུབ་མཐའ་སྨྲ་བ་བཞི་ཀ་ལ་ཐེག་གསུམ་གྱི་རྣམ་གཞག་རེ་ཡོད་པའི་དོན་མ་རྟོགས་པ་ཡིན་ནོ། །འབྲས་བུ་དང་པོ་རྒྱུན་ཞུགས་ཞུགས་པའི་རྟོགས་པ་ནི་བརྒྱད་པའི་ས་ཡིན་ཏེ། ཞུགས་གནས་བརྒྱད་ཀྱི་དང་པོའི་མངོན་རྟོགས་ཡིན་པའི་ཕྱིར། རྒྱུན་ཏུ་ཞུགས་པའི་རྟོགས་པ་ནི་མཐོང་བའི་ས་ཡིན་ཏེ། འབྲས་བུ་བཞིའི་དང་པོའི་རྟོགས་པ་ཡིན་པས་སོ། །ལན་གཅིག་ཕྱིར་འོང་གི་རྟོགས་པ་ནི་བསྲབས་པའི་ས་ཡིན་ཏེ། འདོད་པའི་སྒོམ་སྤང་ཕལ་ཆེར་སྤངས་པས་རབ་ཏུ་ཕྱེ་བའི་རྟོགས་པ་ཡིན་པའི་ཕྱིར། ཕྱིར་མི་འོང་བའི་རྟོགས་པ་ནི་འདོད་ཆགས་དང་བྲལ་པའི་ས་ཡིན་ཏེ། འདོད་པའི་ཉོན་མོངས་སྤངས་པས་རབ་ཏུ་ཕྱེ་བའི་རྟོགས་པ་ཡིན་པའི་ཕྱིར། དགྲ་བཅོམ་པའི་རྟོགས་པ་ནི་བྱས་པ་རྟོགས་པའི་ས་ཡིན་ཏེ། ཀུན་སྦྱོར་ཐམས་ཅད་ཟད་པས་བྱ་བ་བྱས་པར་ཁོང་དུ་ཆུད་པའི་རྟོགས་པ་ཡིན་པའི་ཕྱིར། འབྲས་བུ་ལྷག་མ་ལ་ཞུགས་པ་གསུམ་ཆོས་ཅན། ཉན་ཐོས་ཀྱི་ས་ཡིན་ཏེ། ཐེག་པ་གསུམ་གྱི་ནང་ནས་ཆུང་ངུའི་རྟོགས་པ་ཡིན་པའི་ཕྱིར། གཅིག་ཏུ་བསྡུས་པ་ལ་རྒྱུ་མཚན་ཡོད་དེ། གཞན་རྣམས་ལ་མིང་གི་ཁྱད་པར་རེ་རེ་འབྱུང་བ་ལྟར། འདི་གསུམ་ལ་ས་ཐ་དད་དུ་འབྱེད་པར་བྱེད་པའི་ཁྱད་པར་གྱི་མདོ་ཚིག་མེད་པས་སོ། །སྔ་མ་དྲུག་ལས་ཅིའི་ཕྱིར་ཉན་ཐོས་ཀྱི་ས་ལོགས་སུ་བཞག་ཅེ་ན། འདིར་རང་སངས་རྒྱས་ཀྱི་ས་དང་བྱང་སེམས་ཀྱི་ས་ཞེས་དངོས་སུ་འབྱུང་བས་དེ་གཉིས་ཀྱི་ཟླར་ཉན་ཐོས་ཀྱི་ས་ཞེས་སྨོས་པས། ཐེག་པ་གསུམ་གྱི་ཚུལ་རྣམ་པར་བཞག་པར་འགྲུབ་པར་དགོངས་པས་སོ། །དགོས་པ་ནི་ས་བཅུ་པ་ལ་ཐེག་པ་གསུམ་གྱི་སྤངས་རྟོགས་ཡར་ལྡན་དུ་འདུ་བར་རྟོགས་པའི་དོན་དུའོ། །གཞན་གྱིས་མ་རྟོགས་པའི་ཁོ་བོའི་བླ་མའི་ལེགས་བཤད་དོ། །རང་སངས་རྒྱས་ཀྱི་རྟོགས་པ་ཆོས་ཅན། རང་སངས་རྒྱས་ཀྱི་ས་ཡིན་ཏེ། ཐེག་པ་འབྲིང་གི་རྟོགས་པ་ཡིན་པའི་ཕྱིར། ཇི་སྐད་བཤད་པའི་བྱང་ཆུབ་སེམས་དཔའི་ས་རྣམ་པ་དགུ་པོ་གཅིག་ཁོ་ན་ཏེ། དེ་ལྟར་ན་དགུའོ། །གསུམ་པ་གཉེན་པོའི་ཚོགས་ལ་གསུམ་ལས། མཚམས་སྦྱར་བ་ནི་གཉེན་པོའི་ཚོགས་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གསུངས་སོ། །འགྲེལ་པ་ལ་དངོས་ཀྱི་དོན་དང་མདོ་ལས་གསུངས་ཚུལ་ལོ། །དང་པོ་ལ་མཐོང་སྒོམ་གྱི་ལམ་གཉིས་པོ་ཁོ་ནའི་མཉམ་གཞག་གི་གནས་སྐབས་ཀྱི་ཁྱད་པར་ལ། གཉེན་པོ་རྣམ་པ་བརྒྱད་ཕྱེ་སྟེ། མི་མཐུན་པའི་ཕྱོགས་བརྒྱད་ཡོད་པའི་རབ་ཏུ་དབྱེ་བས་སོ། །ཇི་ལྟར་གཉེན་པོར་འདོད་ཅེ་ན། གཟུང་བ་དང༌། འཛིན་པའི་རྣམ་པར་རྟོག་པ་བརྒྱད་ཉེ་བར་ཞི་བར་བྱ་བའི་ཕྱིར་དུ་རྟོགས་པར་བྱ་བས་སོ། །སྤང་བྱ་བཞི་ཡིན་པས་བཞིར་འགྱུར་བ་མ་ཡིན་ནམ་ཞེ་ན། གཟུང་བའི་རྣམ་པར་རྟོགས་པ་ཀུན་ནས་ཉོན་མོངས་པའི་དངོས་པོ་ཙམ་དང༌། གཉེན་པོའི་རྟེན་ཅན་དང་གཉིས། འཛིན་པའི་རྣམ་པར་རྟོག་པ་གང་ཟག་རྫས་སུ་ཡོད་པ་དང༌། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གཉིས། སོ་སོར་མཐོང་བའི་ལམ་ལ་བཞི་དང༌། སྒོམ་པའི་ལམ་ལ་བཞི་སྤོང་བས་སོ། །གཉིས་པ་ནི་བདེན་པ་གཉིས་ཀའི་རྣམ་པ་ལ་བརྟེན་པའི་ལན་གྱིས་གསུངས་ཏེ། ཐེག་པ་ཆེན་པོ་དེས་གང་ནས་ངེས་པར་འབྱུང་ཞེས་སོགས་བྲིས་པའི་ལན་དུ། ངེས་པར་འབྱུང་ས་འབྱུང་བྱེད་འབྱུང་ཚུལ་རྣམས་ཁས་བླངས་པའི་ཀུན་རྫོབ་ཀྱི་ལན་གྱི་སྒོ་ནས་མཐོང་སྤང་གཉེན་པོ་དང༌། དོན་དམ་པར་འབྱུང་ས་སོགས་མི་དམིགས་པའི་དོན་དམ་གྱི་ལན་གྱིས་སྒོམ་སྤང་གཉེན་པོར་གསུངས་པའི་ཕྱིར་རོ། །བཞི་པ་འབྲས་བུ་འབྱིན་པ་ལ་ཞུགས་པ་ངེས་འབྱུང་སྒྲུབ་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། ཚོགས་སྒྲུབ་ཀྱི་འོག་ཏུ་བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ་བསྟན་ཏེ། དེ་ལྟར་ཚོགས་བསགས་པས་འབྲས་བུ་མཆོག་ཏུ་ངེས་པར་འབྱུང་བས་སོ། །རྩ་བའི་ཚིག་དོན་ནི་འགྲེལ་པས་འཆད་ལ། མདོ་ནི་ཐེག་པ་ཆེན་པོ་ཞེས་བགྱི་བ་འདིས་ནི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་སོ། །འགྲེལ་པ་ལ་ངེས་པར་འབྱུང་བྱེད་ཀྱི་སྒྲུབ་པ་དང༌། གང་དུ་ངེས་པར་འབྱུང་བའོ། །དང་པོ་ནི། ངེས་པར་འབྱུང་བའི་སྒྲུབ་པ་ནི་ཆོས་ཅན། རྣམ་པ་བརྒྱད་ཡིན་ཏེ། འབྱུང་ས་ཐམས་ཅད་དོན་དམ་པར་མི་དམིགས་པར་རྟོགས་པའི་སྒོ་ནས་ཀུན་རྫོབ་ཏུ་དེ་དང་དེར་གདོན་མི་ཟ་བར་ངེས་པར་འབྱུང་བའི་གཞི་བརྒྱད་ཡིན་པས་སོ། །ཇི་ལྟར་ན་འབྱུང་ས་བརྒྱད་དུ་ངེས་ཤེ་ན། ངེས་པར་འབྱུང་བའི་གཞི་བརྒྱད་པོ་དེ་ལྟ་བུ་དག་ལས་ཁྱད་པར་འཕགས་པའི་ཆོས་གཞན་མེད་པའི་ཕྱིར། གཉིས་པ་ལ། གང་གིས་ངེས་པར་འབྱུང་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་མི་དམིགས་པར་རྟོགས་པའི་རྣམ་པས་སོ། །གང་དུ་ངེས་པར་འབྱུང་བ་ནི་གཉིས་ཏེ། སློབ་ལམ་མཐར་ཐུག་དང༌། མི་སློབ་ལམ་མཐར་ཐུག་གོ །དང་པོ་ནི་ལམ་གྱི་ཡུལ་ཅན་ཞེས་པ་དང༌། གཉིས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པས་བསྟན་ཏོ། །ངེས་པར་འབྱུང་ཚུལ་ནི་དྲུག་སྟེ། སེམས་ཅན་དོན་དང་འབད་མེད་དང༌། །ཞེས་སོགས་ཀྱིས་བསྟན། དེ་ལྟར་ན་འབྱུང་ཚུལ་དྲུག་དང༌། འབྱུང་ས་གཉིས་ཀྱི་དབྱེ་བས་བརྒྱད་དུ་བསྟན་ནོ། །རིམ་པ་ནི། ཇི་སྐད་བཤད་པའི་ཆེད་དུ་བྱ་བ་ནི། གཙོ་བོ་ཡིན་པས་ཐོག་མར་བསྟན་ནོ། །དེ་ཡང་མཉམ་ཉིད་ཀྱི་དོན་རྟོགས་པ་མེད་པར་མི་འབྱུང་བས་དེ་ནས་ཆོས་མཉམ་པ་ཉིད་དུ་རྟོགས་པའི་ངེས་འབྱུང་དང༌། དེ་ཡང་སེམས་ཅན་གྱི་དོན་བྱས་ཏེ་བསོད་ནམས་བསགས་པ་ལ་རག་ལས་པས། དེ་ནས་སེམས་ཅན་གྱི་དོན་ཕྱུང་པར་བྱེད་པ་དང༌། འབད་རྩོལ་གྱིས་སྒྲུབ་མི་དགོས་པས། དེ་ནས་འབད་རྩོལ་གྱི་མཚན་མ་མེད་པར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་བྱེད་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་པ་དང༌། མཐའ་བྲལ་མ་རྟོགས་པར་གཞན་དོན་བྱེད་མི་ནུས་པས། དེ་ནས་རྟག་པ་དང་ཆད་པ་དང་བྲལ་བའི་ངོ་བོའི་གནས་སྐབས་ཀྱི་ཁྱད་པར་དང༌། ཐེག་པ་གསུམ་གྱི་ཡོན་ཏན་མ་ཐོབ་བར་མཐའ་བྲལ་རྟོགས་མི་ནུས་པས། དེ་ནས་ཐེག་པ་གསུམ་པོ་ཐམས་ཅད་ཀྱི་དོན་ཐོབ་པ་དང༌། རྣམ་མཁྱེན་མ་ཐོབ་པར་ཡང་དེ་དག་མི་ཐོབ་པས། དེ་ནས་རྣམ་པ་གང་དག་དང་ཞེས་སོགས་ཀྱི་སྐབས་སུ་ཇི་སྐད་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་དང༌། དེའང་ཁྱད་པར་གྱི་ལམ་མེད་ན་མེད་པས། དེ་ནས་དེའི་ཁྱད་པར་གྱི་ལམ་གྱི་ངེས་འབྱུང་བསྟན་ནོ། །སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས། སྐབས་དང་པོའི་འགྲེལ་པ་རྣམ་པར་བཤད་པའོ།། །།གཉིས་པ་རྒྱུ་ལམ་ཤེས་བཤད་པ་ལ། འབྲེལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ། རྣམ་མཁྱེན་གྱི་འོག་ཏུ་ལམ་ཤེས་པ་ཉིད་བཤད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་རྒྱུ་ལམ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མེད་ན་མེད་པས་སོ། །གསུངས་པའི་དགོས་པ་ནི་གཉིས་ཏེ་སྔར་གནས་པ་དང༌། གསར་དུ་ལྷགས་པའི་འཁོར་གྱི་དབང་དུ་བྱས་པའོ། །དང་པོ་ནི་གདུལ་བྱ་འགའ་ཞིག་ཆོས་བཅུ་པོ་སངས་རྒྱས་ཁོ་ནས་རྟོགས་ཀྱི་གཞན་གྱིས་མ་ཡིན་སྙམ་པའི་དོགས་པ་སེལ་བའི་དོན་དུ་རྒྱུའི་ཆོས་ཙམ་ཞིག་དྲངས་ནས་བཤད་པ་ཡིན་ལ། གཉིས་པ་ནི་གསར་དུ་ལྷགས་པའི་འཁོར་རྣམས་ལ་རྣམ་མཁྱེན་གྱི་རྟོགས་པ་བསྐྱེད་དགོས་པས་རྒྱུས་འབྲས་བུ་མཚོན་པའི་དོན་དུ་གསུངས་སོ། །གཉིས་པ་ལ་ལམ་ཤེས་ཀྱི་ཡན་ལག ཡན་ལག་ཅན་གྱི་ལམ་ཤེས། དང་པོ་ལ། མདོ་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་དྲུང་ན་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་ལྷམ་མེ་མ་ཡིན་ཞེས་སོགས་སོ། །གཉིས་པ་ཚིག་གི་དོན་ལ། གང་ལ་སྐྱེ་བའི་རྟེན། ཐོབ་པར་བྱེད་པའི་རྒྱུ། བརྟེན་པ་ལམ་ཤེས་ཀྱི་རང་བཞིན། གཞན་དོན་བྱེད་པའི་ལས་སོ། །དང་པོ་ལ་གཉིས་ཏེ། སྔོན་བྱུང་བརྗོད་པ་དང༌། འཕངས་པའི་དོན་ནོ། །དང་པོ་ནི། རྫུ་འཕྲུལ་མངོན་པར་འདུ་མ་མཛད་པའི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་དག་གིས་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་འོད་མོག་མོག་པོར་མཛད་པའི་དགོས་པ་ནི་ང་རྒྱལ་བཅོམ་པའི་ཆེད་ཡིན་ལ། བརྒྱུད་པའི་དགོས་པ་ནི་ལམ་ཤེས་སྐྱེ་བར་རུང་བ་ཉིད་དུ་སྒྲུབ་པའི་ཕྱིར་ཡིན་ནོ། །གཉིས་པ་ནི། ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་ལམ་ཤེས་ཀྱི་རྟོགས་པ་སྐྱེའོ་ཞེས་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱིས་ཀྱང་ཤེས་པར་བྱ་བའི་ཕྱིར་མཛད་དོ། །ཆགས་སྡང་ལ་སོགས་པ་གེགས་ཡིན་ཡང་ང་རྒྱལ་གེགས་ཀྱི་གཙོ་བོ་ཡིན་པས་དངོས་སུ་བསྟན་ནོ། །དེ་བཞིན་གཤེགས་པའི་འོད་ཀྱི་ཆེ་བ་སྟོན་པའི་ཚིག་ཟུར་སྟེ་ཤུགས་ཀྱིས་ལམ་ཤེས་ཀྱི་རྟེན་བརྗོད་པ་ཡིན་ཏེ། ང་རྒྱལ་དང་བྲལ་བ་ཁོ་ན་ལམ་ཤེས་ཀྱི་རྟེན་དུ་འཕངས་པ་དེའི་ཕྱིར་རོ། །གཉིས་པ་ལ་ལྷན་ཅིག་བྱེད་པའི་རྐྱེན། སྐྱེ་རུང་གི་རྟེན་གྱིས་ཁྱབ་པའོ། །དང་པོ་ནི། ལམ་ཤེས་དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པ་ཡིན་ཏེ། ང་རྒྱལ་དང་བྲལ་དགོས་པར་བསྟན་པའི་རྟེན་དེའང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཁོ་ན་ཡིན་པས་སོ། །གཉིས་པ་ལ་གཏན་ཚིགས་དགོད་པ་དང༌། ཕྱོགས་ཆོས་སྒྲུབ་པའོ། །དང་པོ་ནི། ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་དང༌། གཅིག་ཤོས་མ་བྲལ་བའི་རྣལ་འབྱོར་པས་ཀྱང་མཐར་ཐུག་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་དུ་རྒྱུ་ལམ་ཤེས་པ་ཉིད་བསྒོམ་པས་ཁྱབ་པ་ཡིན་ཏེ། སྐྱེ་བོ་ཐམས་ཅད་མཐར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པར་འགྲོ་བ་ཅན་ཡིན་པའི་ཕྱིར། གཅིག་ཤོས་ཀྱི་སྒྲས་བྱང་སེམས་འཛིན་པ་མ་ཡིན་ཏེ། གོང་དུ་བྱང་སེམས་ཁོ་ནའི་རྟེན་ཅན་དུ་བསྟན་ཟིན་པས་བྱང་སེམས་ལ་སྐྱེ་མི་སྐྱེའི་དོགས་པ་བཅད་མི་དགོས་པའི་ཕྱིར་རོ། །གཉིས་པ་ལ། ལུང་གིས་སྒྲུབ་པ་དང༌། རིགས་པས་གཏན་ལ་དབབ་པའོ། །དང་པོ་ལ། ལུང་གི་སྒྲུབ་བྱེད་དགོད། ལུང་དོན་ལ་ལོག་པར་རྟོག་པ་དགག རང་ལུགས་བཞག་པའོ། །དང་པོ་ནི། ཐེག་པ་གསུམ་དུ་གསུངས་པས་ཉན་རང་གི་རིགས་ཅན་རྣམས་སངས་རྒྱ་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐེག་པ་གསུམ་ཐ་དད་དུ་རྣམ་པར་བཞག་པ་ནི་དགོངས་པ་ཅན་ཡིན་གྱི། ངེས་དོན་མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་ལུགས་ལས་འབྱུང་བའི་ཕྱིར་ཏེ། ལང་གཤེགས་ལས། ཐེག་པ་གཅིག་ཏུ་ངས་སྨྲས་ཏེ། །ཐེག་པའི་རྣམ་གཞག་ཡོད་མ་ཡིན། །བྱིས་པ་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་སོ། །གཉིས་པ་ལ། གཞན་གྱི་འདོད་པ་བརྗོད། ལུང་རིགས་ཀྱིས་དགག་པའོ། །དང་པོ་ནི། སེམས་ཙམ་པ་དག་ཐེག་པ་གཅིག་ཏུ་བཤད་པ་ནི་དགོངས་པ་ཅན་ཏེ། དགོངས་གཞི་ཐེག་པ་གསུམ་གྱི་ཆོས་དང་དབྱིངས་ཐ་དད་མེད་པ་དང༌། བདག་མེད་རྟོགས་པ་མཚུངས་པ་དང༌། རྣམ་པར་གྲོལ་བ་མཚུངས་པ་སྟེ། རྒྱན་ལས། ཆོས་དང་བདག་མེད་གྲོལ་བ་དག །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །ཞེས་སོ། །དགོས་པ་ཉན་ཐོས་མ་ངེས་པ་ཐེག་ཆེན་དུ་དྲང་བ་དང༌། བྱང་སེམས་རིགས་ངེས་པ་ཐེག་ཆེན་དུ་རྗེས་སུ་བཟུང་བའི་ཕྱིར་ཡིན་ཏེ། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་ཡང་ཀུན་ཏུ་བཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་སོ། །དངོས་ལ་གནོད་བྱེད་ནི། སངས་རྒྱས་ཐོབ་པ་ལ་གཞན་དོན་དུ་སྐྱེ་བ་བརྒྱུད་མར་བླངས་པའི་སྒོ་ནས་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་དགོས་ལ། ཉན་རང་ལྷག་མེད་དུ་མྱ་ངན་ལས་འདས་པ་རྣམས་ལ་ནི་སྐྱེ་བ་ལེན་པ་མེད་པའི་ཕྱིར་ཏེ། རྒྱུ་ཉོན་མོངས་ཟད་པའི་ཕྱིར། དགོངས་འགྲེལ་ལས་ཀྱང༌། དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཀྱི་གང་ཟག་ཞི་བ་བགྲོད་པ་གཅིག་པུ་པ་ནི། སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས། ཞེས་སོ། །གཞན་ཡང་དགོངས་འགྲེལ་ལས། ཉན་ཐོས་བྱང་ཆུབ་ཏུ་འགྱུར་བ་གང་ཡིན་པ་ནི། ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔར་བསྟན་ཏེ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། མ་ངེས་པའི་རིགས་ཅན་ལ་དགོངས་ལ། འདི་ནི་ལྷག་བཅས་ཀྱི་བར་དུ་འགྱུར་བ་སྲིད་ཀྱང༌། ལྷག་མེད་ནས་མི་འགྱུར་ཏེ། རིག་པ་རྒྱུན་ཆད་པས་འབད་པའི་རྩོལ་བ་མེད་པའི་ཕྱིར། སའི་དངོས་གཞི་ལས། དོན་དམ་པ་རྣམ་པར་བཞག་པ་ནི་ཕུང་པོ་ལྷག་མ་མེད་པའི་དབྱིངས་ཏེ། སེམས་མེད་པའི་ཕྱིར། ཞེས་སོ། །དེས་ན་ཐེག་པ་གསུམ་དུ་ངེས་ཏེ། དབང་པོའི་ཚོགས་ཀྱི་མདོ་ལས། སེམས་ཅན་རྣམས་ཁམས་སྣ་ཚོགས་པ་ཅན་དུ་བསྟན་པའི་ཕྱིར་དང༌། ཁམས་ཐ་དད་པས་དང་པོར་མོས་པ་ཐ་དད་པ་དང༌། བར་དུ་སྒྲུབ་པ་ཐ་དད་པ་དང༌། ཐ་མར་འབྲས་བུ་ཡང་ཐ་དད་པའི་ཕྱིར། མདོ་སྡེའི་རྒྱན་ལས། ཁམས་རྣམས་དང་ནི་མོས་པ་དང༌། །སྒྲུབ་པ་ཐ་དད་དབྱེ་བ་དང༌། །འབྲས་བུ་ཐ་དད་མཐོང་བའི་ཕྱིར། །རིགས་ཡོད་ཅེས་ནི་ངེས་པ་ཡིན། །ཞེས་སོ། །གཉིས་པ་ནི། ཉན་རང་གི་ཐེག་པ་མཐར་ཐུག་གི་ཐེག་པར་མི་རིགས་ཏེ། ཐེག་ཆེན་ལ་མ་བརྟེན་པར་མྱང་འདས་མཐར་ཐུག་ཐོབ་པར་བྱེད་མི་ནུས་པའི་ཕྱིར་ཏེ། སྒྲིབ་གཉིས་མ་ལུས་པ་ཟད་པའི་གཉེན་པོ་ནི་ཆོས་དབྱིངས་གོམས་པ་མཐར་ཐུག་པ་ཡིན་ལ། དེའང་ཐེག་པ་ཆེན་པོ་གཅིག་ཏུ་ངེས་པའི་ཕྱིར་རོ། །གལ་ཏེ་ཉན་རང་ལ་བྱང་སེམས་ཀྱི་བསྒོམ་བྱ་ལས་ཐ་དད་པའི་ཆོས་དབྱིངས་གཞན་གོམས་པ་མཐར་ཐུག་པ་ཡོད་དོ་ཞེ་ན། མི་འཐད་དེ། ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པའི་ཕྱིར། འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། ཆོས་དབྱིངས་ཐ་དད་མེད་པའི་ཕྱིར། །ཐེག་པ་ལ་ནི་ཐ་དད་པ་མེད་དོ། །ཞེས་པ་དང༌། ཀླུ་སྒྲུབ་ཀྱིས་ཀྱང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཞེས་སོ། །གཞན་དག་གིས་ནི་ཚིག་འདོན་པ་ཙམ་མོ། །གལ་ཏེ་ཉན་རང་གི་ལྷག་མེད་ཀྱི་མྱང་འདས་གཉིས་མཐར་ཐུག་གི་མྱང་འདས་ཡིན་ཏེ། སངས་རྒྱས་དང་སྒྲིབ་པ་མཐའ་དག་གིས་དག་པར་མཚུངས་པའི་ཕྱིར་དང༌། སྒྲིབ་པའི་རྟེན་ཀུན་གཞིའང་འགགས་པའི་ཕྱིར་ཞེ་ན། རྣམ་མཁྱེན་མ་ཐོབ་པར་སྒྲིབ་གཉིས་སྤང་པའི་མྱང་འདས་མི་འཐོབ་སྟེ། སྒྲིབ་གཉིས་སྤངས་པའི་ཐར་པ་དང༌། དེ་བཞིན་གཤེགས་པ་དོན་གཅིག་ལ་འདུ་བའི་ཕྱིར། རྒྱུད་བླ་ལས། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་སོ། །གསུམ་པ་ནི། འོ་ན་བློ་གྲོས་མི་ཟད་པའི་མདོ་ལས། གསུམ་པོ་འདི་དག་ནི་ངེས་པར་འབྱིན་པའི་ཐེག་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོའོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དགོངས་པ་ཅན་ཡིན་ཏེ། དགོངས་གཞི་གནས་སྐབས་ཉན་རང་དུ་རིགས་ངེས་པ་ཡིན་ལ། དགོས་པ་དེད་དཔོན་ཐབས་ལ་མཁས་པས་ལམ་རིང་པོས་དུབ་པ་དབུགས་དབྱུང་བའི་དོན་དུ་བར་དུ་གྲོང་ཁྱེར་སྤྲུལ་པ་ལྟར། དང་པོ་ཉིད་དུ་ཐེག་ཆེན་ལ་མི་འཇུག་པ་རྣམས་ལ་སྤྲུལ་པའི་གྲོང་ཁྱེར་དང་འདྲ་བར་ཐེག་ཆེན་ལས་ལོགས་སུ་བསྟན་པ་ཡིན་ནོ། །དངོས་ལ་གནོད་བྱེད་ནི། དམ་ཆོས་པད་མ་དཀར་པོ་ལས། ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །གསུམ་པ་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྐྱེས་བུ་མཆོག་རྣམས་ཐབས་ཀྱིས་ཐེག་པ་གང༌། །སྣ་ཚོགས་ཉེ་བར་སྟོན་པ་མཛད་མ་གཏོགས། །ཞེས་དང༌། འཕགས་པ་བདེན་པའི་ལེའུ་ལས་ཀྱང༌། སེམས་ཅན་རྣམས་ལ་ཆོས་གང་དང་གང་སྟོན་པ་དེ་ཐམས་ཅད་བྱང་ཆུབ་ལ་གཞོལ་བ་ཐེག་པ་ཆེན་པོ་ལ་འབབ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་པ། ཞེས་སོ། །ལྷག་མེད་དུ་འདས་པ་དེ་དག་གིས་ཇི་ལྟར་རྣམ་མཁྱེན་ཐོབ་པར་བྱེད་ཅེ་ན། མ་རིག་བག་ཆགས་ཀྱི་ས་ལ་བརྟེན་ཏེ་དག་པའི་ཞིང་དུ་པདྨའི་སྦུབས་སུ་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་ནས་འོད་དཔག་མེད་ལ་སོགས་པའི་འོད་ཟེར་གྱིས་སད་པར་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སངས་རྒྱས་འཐོབ་པར་འགྱུར་བ་ཡིན་ཏེ། ལང་གཤེགས་ལས། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་མི་སད་དོ། །དཔེར་ན་སྐྱེས་བུ་མྱོས་པ་ནི། །མྱོས་འགྱུར་མེད་ན་སངས་པ་ལྟར། །དེ་བཞིན་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཞེས་བྱ་བ་ཐོབ། །ཅེས་དང༌། གལ་ཏེ་འདི་དག་ཐེག་ཆེན་གྱི་ལམ་གང་ནས་འཇུག་ཅེ་ན། འགའ་ཞིག་མཐོང་ལམ་ནས་འཇུག་པ་དང༌། གཞན་དག་ཆོས་ཀྱི་བདག་མེད་མ་རྟོགས་པ་ལྟར་ན་ཚོགས་ལམ་དང༌། རྟོགས་པ་ལྟར་ན་མཐོང་ལམ་ནས་འཇུག་ཅེས་འདོད་ཀྱང་མི་རིགས་ཏེ། བྱང་སེམས་ལས་དང་པོ་པས་མཐོང་ལམ་ཐོབ་པ་ལ་གྲངས་མེད་གཅིག་གི་ཡུན་ཐོགས་པར་བཤད། མྱུར་བ་སྲིད་པ་གསུམ་གྱིས་ཐར། །ཅེས་པའི་ཚུལ་གྱིས་དགྲ་བཅོམ་ནི་ཚེ་གསུམ་གྱིས་ཀྱང་ཐོབ་པར་ནུས་ཤིང༌། དེ་ནས་མཐོང་ལམ་ལ་འཇུག་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་ཐོབ་པ་ལ་བྱང་སེམས་རྣམས་ལས་ཉན་ཐོས་ཆེས་མྱུར་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང༌། མཐོང་སྤང་གི་གཉེན་པོ་མཐོང་ལམ་གསར་དུ་བསྐྱེད་དགོས་པའི་ཕྱིར་དང༌། བདེ་གཤེགས་སྙིང་པོ་གསར་དུ་མཐོང་བར་བྱ་དགོས་པའི་ཕྱིར་རོ། །དེ་ན་ཚོགས་ལམ་ནས་འཇུག་པ་ཉིད་འཐད་དེ། ཐོག་མར་ཐེག་ཆེན་ལ་འཇུག་པའི་སྒོ་ནི་འདུན་ལྡན་སེམས་བསྐྱེད་ཡིན་ལ། དེའང་ཚོགས་ལམ་གྱིས་བསྡུས་པའི་ཕྱིར་དང༌། མི་སློབ་ལམ་དུ་སྤངས་རྟོགས་མཐར་ཐུག་ཐོབ་པ་ལ་མངོན་སུམ་དུ་མཐོང་ཟིན་གོམས་པ་སྔོན་དུ་འགྲོ་དགོས་ཤིང༌། དེ་ལ་མཐོང་ལམ་དུ་མཐོང་བ་སྔོན་དུ་འགྲོ་བ་དང༌། དེ་ལ་སྦྱོར་ལམ་དུ་གོམས་པ་སྔོན་དུ་འགྲོ་ཞིང༌། དེའང་ཚོགས་ལམ་དུ་བསྒོམ་བྱའི་དོན་ཐོས་བསམ་གྱི་གཏན་ལ་ཕབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། འོ་ན་ཉན་རང་ཐེག་ཆེན་གྱི་ཚོགས་ལམ་དུ་ཞུགས་པ་ལ་སྔར་གྱི་རྟོགས་པ་ཇི་ལྟར་ལྡན་ཞེ་ན། སྔར་དགྲ་བཅོམ་ཐོབ་པ་ནི་ཉོན་མོངས་སྤངས་ཟིན་པས། དེའི་གཉེན་པོ་ལ་འབད་མི་དགོས་པའི་ཕྱིར། སྔར་གྱི་བདག་མེད་རྟོགས་པ་རེས་འགའ་མངོན་དུ་འགྱུར་བ་སྲིད་ཀྱང་ཕལ་ཆེར་དབང་ལྡན་གྱི་ཚུལ་དུ་གནས་ལ། ཐེག་ཆེན་གྱི་རྟོགས་རིགས་རྣམས་མངོན་གྱུར་དུ་ལྡན་ནོ། །རྒྱུན་ཞུགས་དང་ཕྱིར་འོང་སོགས་པ་ཐེག་ཆེན་ལ་ཞུགས་པ་ནི་སྔར་གྱི་ཉོན་མོངས་ཀྱི་ལྷག་མ་སྤང་དགོས་པས། སྔར་གྱི་བདག་མེད་མངོན་སུམ་དུ་རྟོགས་པ་དང༌། ཆོས་ཉིད་དོན་སྤྱིའི་ཚུལ་དུ་བསྒོམ་པ་གཉིས་ཀ་གང་ཟག་གཅིག་གི་རྒྱུད་ལ་ལྷན་ཅིག་ཏུ་འཇུག་པ་མ་ཡིན་ཏེ། ཐེག་ཆེན་གྱི་ཐར་པ་ཆ་མཐུན་ནི་ཆོས་ཉིད་ཀྱི་དོན་སྤྱིའི་ཡུན་ཅན་ཡིན་ལ། གཅིག་ཤོས་ནི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་རོ། །གཉིས་པ་རིགས་པས་གཏན་ལ་དབབ་པ་ལ། གཞན་དགག་པ་དང༌། རང་གི་སྒྲུབ་བྱེད་དགོད་པ་དང༌། ལོག་རྟོག་གཞན་དགག་པའོ། །དང་པོ་ནི། འགའ་ཞིག་ལམ་དུ་ཞུགས་པ་དག་སངས་རྒྱ་བར་ངེས་ཀྱི་མ་ཞུགས་པ་དག་ལ་རྒྱུ་རྐྱེན་མ་ཚོགས་པའི་ཕྱིར། རུང་བ་ཙམ་ཡང་སྒྲུབ་མི་ནུས་ཏེ། རྒྱུ་ཁ་ཡར་བས་མྱུ་གུ་འབྱུང་རུང་དུ་སྒྲུབ་མི་ནུས་པ་བཞིན་ནོ། །ཐམས་ཅད་སངས་རྒྱ་བར་ངེས་ན་ནི་འཁོར་བ་སྟོངས་པ་དང༌། ཕྲིན་ལས་རྒྱུན་ཆད་པ་ཉིད་དུ་འགྱུར་རོ་ཞེ་ན། རྒྱུ་རྐྱེན་མ་ལུས་པ་ཚང་བ་ལ་འདོད་ན། བྱང་སེམས་ཚོགས་ལམ་པ་ལ་ཡང་མེད་ཅིང༌། ཉན་རང་རྣམས་ལའང་ཐེག་ཆེན་སེམས་བསྐྱེད་མེད་པས། རྒྱུ་རྐྱེན་མ་ལུས་པ་མ་ཚང་བའི་ཕྱིར། ལམ་ཞུགས་ཐམས་ཅད་སངས་རྒྱ་བར་ངེས་པའི་དམ་བཅའ་ཉམས་ལ། རྒྱུ་དང་རྐྱེན་ཙམ་ལ་འདོད་ན་ལམ་དུ་མ་ཞུགས་པ་ལའང་ཡོད་དེ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས་རྒྱུ་རིགས་དང་ལྡན་པའི་ཕྱིར་དང༌། རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་ཕྱིར་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཐ་ན་ལོག་པ་ཉིད་དུ་ངེས་པའི་རྒྱུད་དུ་གྱུར་བའི་སེམས་ཅན་རྣམས་ཀྱི་ལུས་ལའང་དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ཕོག་པས་དེ་དག་ལ་ཕན་ཐོགས་པར་འགྱུར་ཞིང༌། མ་འོངས་པའི་རྒྱུ་ཡང་དག་པར་སྐྱེས་པས་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་རོ། །ཞེས་སོ། །ཕྱིའི་ས་བོན་སོགས་དང་མི་མཚུངས་ཏེ། དེ་ནི་ས་བོན་རྐྱེན་གྱིས་མེད་པར་བྱེད་ནུས་པས། ལྷན་ཅིག་བྱེད་རྐྱེན་དང་ཕྲད་དུ་མི་རུང་བའི་གོ་སྐབས་སྲིད་ལ། རྒྱུ་རིགས་ལ་ནི་རྐྱེན་གྱིས་མེད་པར་བྱེད་མི་ནུས་པས་ཕྲད་དུ་མི་རུང་བ་མི་སྲིད་པའི་ཕྱིར་དང༌། ཕྱིའི་ས་བོན་ཡོད་པ་ཙམ་གྱིས་འབྲས་བུ་འབྱུང་རུང་ཙམ་དུའང་མ་ངེས་ལ། བདེ་གཤེགས་སྙིང་པོ་ཡོད་པ་ཙམ་གྱིས་སངས་རྒྱ་རུང་དུ་གྲུབ་པའི་ཕྱིར་ཏེ། རྒྱུད་བླའི་འགྲེལ་པར། རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར། འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ཏེ། ཞེས་པ་དང༌། དབུ་མ་སྣང་བ་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་བྱ་བ་འདིས་ཀྱང༌། ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་རུང་བ་ཉིད་དུ་ཡོངས་སུ་བསྟན་ཏེ། ཞེས་གསུངས་སོ། །གལ་ཏེ་འགལ་རྐྱེན་སྒྲིབ་པ་སྤང་དུ་མི་རུང་བས་སངས་མི་རྒྱའོ་སྙམ་ན་མི་འཐད་དེ། དྲི་མ་རྣམས་ནི་སེམས་དང་འབྲལ་རུང་གི་ཆོས་ཅན་ཡིན་པའི་ཕྱིར་ཏེ། གསེར་གྱི་གཡའ་བཞིན་ནོ། །གཉེན་པོ་མེད་པའང་མ་ཡིན་ཏེ། རྒྱུ་བདག་ལྟའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། གཉེན་པོ་ཡོད་ཀྱང་མི་བསྒོམ་མོ་ཞེ་ན། གང་དེ་བཞིན་གཤེགས་པའི་ཕྲིན་ལས་འཇུག་པ་ནི་གཉེན་པོ་བསྒོམ་པས་ཁྱབ་སྟེ། བྱང་སེམས་བཞིན། གཏན་ཚིགས་བསྟན་ཟིན་ནོ། །སྤངས་པ་ལྡོག་པ་ཡང་མ་ཡིན་ཏེ། བདག་འཛིན་སྤངས་པ་ན་སྐྱེ་བའི་རྒྱུ་མེད་པའི་ཕྱིར། རྩ་བ་བཅད་པའི་ཡལ་ག་བཞིན། གཞན་ཡང་ཕྱོགས་འདི་ལ་སེམས་ཅན་གྱི་ཚོགས་ལ་འཚང་རྒྱ་བ་དང་མི་རྒྱ་བ་གཉིས་སུ་ངེས་ཤིང༌། འཚང་རྒྱ་བའི་ཕྱོགས་སངས་རྒྱས་ཟིན་པའི་དུས་སྲིད་པར་འདོད་པས་ན། སངས་རྒྱས་གཞན་དོན་ལ་རྟག་ཏུ་བཞུགས་པ་དོན་མེད་པར་འགྱུར་ཏེ། འཚང་རྒྱ་བའི་ཕྱོགས་སངས་རྒྱས་ཟིན་པ་ན་ལྷག་མ་རྣམས་ལ་ཕྲིན་ལས་མི་འཇུག་པས་དོན་བྱ་ཡུལ་སེམས་ཅན་མེད་པའི་ཕྱིར། ཕྲིན་ལས་དང་ཐེག་པ་གསུམ་རྒྱུན་ཆད་པ་དང༌། གཞན་དོན་མི་བྱེད་པའི་སངས་རྒྱས་སྲིད་པ་ཉིད་དུ་འགྱུར་རོ། །གཉིས་པ་ནི་སངས་མི་རྒྱ་བའི་སེམས་ཅན་ནི་འགའ་ཡང་མེད་དེ། སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་འཐོབ་ནུས་པ་དང༌། ཕྲིན་ལས་འཇུག་པར་མཐོང་ནས་འཁོར་བ་ཇི་སྲིད་པར་གཞན་དོན་བྱེད་པའི་ཕྱིར་དང༌། ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བར་དམ་བཅས་པ་མཐར་ཕྱིན་པར་མཛད་པའི་ཕྱིར་དང༌། ཕྲིན་ལས་འཇུག་པའི་ཐབས་མཁྱེན་ཅིང་མཁྱེན་པ་ལྟར་མཛད་པའི་ཐུགས་རྗེ་མངའ་བའི་ཕྱིར་རོ། །རྒྱུད་བླར། གཞན་གྱི་དབང་གིས་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་དང༌། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་དང༌། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དང་པོའི་དམ་བཅའ་མཐར་ཕྱིན་ཕྱིར། །ཞེས་དང༌། འཇུག་པ་ལས། བདེར་གཤེགས་གང་ཕྱིར་ཁྱོད་ལ་མཁྱེན་རབ་ཐབས་དང་ཐུགས་རྗེ་ལྷན་ཅིག་པ། མངའ་དང་གང་ཕྱིར་བདག་གིས་སེམས་ཅན་སྒྲོལ་ཞེས་ཁྱོད་ཀྱིས་ཞལ་བཞེས་ཏེ། ཞེས་སོ། །འདི་དག་གིས་ནི་མདོ་ལས། འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར། །ཞེས་པའི་དོན་ཡང་ལེགས་པར་བཤད་དོ། །གདུལ་བྱ་ཉེ་བ་ལ་དགོངས་སོ་སྙམ་ན་མ་ཡིན་ཏེ། ཇི་སྐད་བཤད་པའི་རིགས་པས་མི་འཐད་པའི་ཕྱིར་དང༌། དབུ་མ་སྣང་བ་ལས་ཀྱང་སྐྱེ་བོ་ཉེ་བ་ལ་ལྟོས་ཏེ་དགོངས་པ་ཡིན་ནོ་ཞེས་འཆད་པར་བྱེད་པ་དེའང་རང་དགར་ཉེ་བར་བཏགས་པའི་ཕྱིར་རིགས་པ་མ་ཡིན་པ་ཉིད་དེ་ཞེས་གསུངས་སོ། །གསུམ་པ་ནི་འགའ་ཞིག་ཇི་སྐད་བཤད་པའི་རིགས་པས་ཐམས་ཅད་འཚང་རྒྱ་བར་འགྲུབ་པའི་ཕྱིར། འཁོར་བའི་མཐའ་ཡོད་དོ་ཞེས་ཟེར་རོ། །མི་འཐད་དེ་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པར་གསུངས་པའི་ཕྱིར་དང༌། སེམས་ཅན་ཚད་མེད་པ་མྱ་ངན་ལས་འདའ་བར་མཛད་ཀྱང་སེམས་ཅན་ལ་བྲི་བ་མེད་པའི་ཕྱིར་རོ། །མ་ལུས་པར་སངས་རྒྱས་ཟིན་པ་སྲིད་ན་ནི། དེ་བཞིན་གཤེགས་པ་གཞན་དོན་དུ་རྟག་ཏུ་བཞུགས་པའང་དོན་མེད་པར་འགྱུར་ཏེ། འཁོར་བ་ཟད་པ་ན་དོན་བྱ་ཡུལ་གྱི་སེམས་ཅན་མེད་པའི་ཕྱིར། གཞན་དོན་ལ་རྟག་ཏུ་གནས་པའི་རྒྱུ་མཐའ་ཡས་པ་ཚང་བའི་ཕྱིར་དང༌། སེམས་ཅན་ཟད་པ་མེད་པའི་དོན་བྱ་དགོས་པ་དང༌། འཁོར་བ་ཇི་སྲིད་པར་གཞན་དོན་མཛད་པའི་བརྩེ་བ་དང༌། དེ་སྲིད་དུ་བཞུགས་པར་ནུས་པའི་རྫུ་འཕྲུལ་ཐོབ་པའི་ཕྱིར་ཡང་འཁོར་བའི་མཐའ་མེད་པ་དང༌། སེམས་ཅན་ཐམས་ཅད་སངས་རྒྱ་བར་གྲུབ་བོ། །རྒྱུད་བླ་མ་ལས། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང༌། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང༌། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་པ་དང༌། འཇུག་པ་ལས། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར། །འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། །ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྱོད་ལ་ཐུགས་བརྩེ་མ་མ་ཡིས། །ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། །ཞེས་སོ། །གཟུགས་སྐུ་རྟག་པར་བསྟན་པ་དང༌། ནམ་མཁའ་མ་ཞིག་གི་བར་དུ་གཞན་དོན་ལ་བཞུགས་དགོས་པར་བསྟན་པ་འདིས་ནི། སངས་རྒྱ་བར་མི་རུང་བའི་སེམས་ཅན་ཀྱང་མེད་པས་རྟག་ཏུ་གཞན་དོན་ལ་བཞུགས་དགོས་ལ། སེམས་ཅན་ཟད་མེད་ཅེས་པ་དང༌། ནམ་མཁའ་མ་ཞིག་གི་བར་དུ་བཞུགས་ཞེས་པས་ནི་འཁོར་བའི་མཐའ་ཡང་མེད་པར་བསྟན་ནོ། །འགའ་ཞིག་དབུ་མའི་བསྟན་བཅོས་ཀྱི་ཚིག་གི་སྤྲོས་པ་ལྷུར་ལེན་ཡང་དོན་ལ་དཔྱོད་པའི་ཤེས་རབ་མེད་པར་ཚིག་འདོན་པ་ཙམ་དུ་ཟད་དོ། །གལ་ཏེ་འཁོར་བའི་མཐའ་མེད་ན་སེམས་ཅན་ཐམས་ཅད་སངས་རྒྱ་བར་འགལ་ལོ་ཞེ་ན། ཇི་སྐད་བཤད་པའི་རིགས་པས་སངས་མི་རྒྱ་བའི་སེམས་ཅན་མེད་ཀྱང༌། སངས་རྒྱས་ཟིན་པའི་དུས་ཡོད་པ་མ་ཡིན་པས་ཉེས་པ་མེད་དེ། སེམས་ཅན་མ་ལུས་པ་ལ་འཆི་བས་ཁྱབ་ཀྱང་ཤི་ཟིན་པ་དང༌། འདུས་བྱས་ཐམས་ཅད་ལ་འཇིག་པས་ཁྱབ་ཀྱང་ཞིག་ཟིན་པ་མི་སྲིད་པ་བཞིན་ནོ། །འགའ་ཞིག་འཁོར་བ་ཟད་པ་སྲིད་དེ། ལོངས་སྤྱོད་རྫོགས་པའི་སྐུ་འཁོར་བ་ཟད་པ་ཡིན་པའི་ཕྱིར་རོ། །རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང༌། ཞེས་པ་མ་ཐོས་པར་ཟད་དེ། འཁོར་བའི་ཐོག་མའང་ཡོད་པར་འགྱུར་ཏེ། འཁོར་བའི་སྐད་ཅིག་མ་དང་པོ་འཁོར་བའི་ཐོག་མ་ཡིན་པའི་ཕྱིར་ཞེས་ཀྱང་མཚུངས་སོ། །ཡང་དངོས་པོ་ཐམས་ཅད་ཞིག་པའི་དུས་ཡོད་དེ། དངོས་པོའི་འབྲས་བུ་སྐྱེས་པའི་ཚེ་ན། དངོས་པོ་ཞིག་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་ཞིག་ཟིན་ནས་དུས་འདོད་པ་བཞད་གད་ཀྱི་གནས་སོ། །དངོས་པོའི་འབྲས་བུ་ཉིད་དངོས་པོར་འདོད་པ་མ་ཡིན་ནམ། དེ་སྐྱེས་པའི་ཚེ་ན་དངོས་པོ་ཐམས་ཅད་ཇི་ལྟར་ཞིག་པར་འགྱུར་སོམས་ཤིག གཟུགས་སྐུ་རྒྱུན་ཆད་པའི་དུས་སྲིད་པར་ཐལ་བར་འགྱུར་བས། རྒྱུད་བླ་ལས། གཟུགས་ཀྱི་སྐུ་རྒྱུན་མི་འཆད་པའི་སྒྲུབ་བྱེད་བཤད་པའི་གཏམ་ཙམ་ཡང་མ་ཐོས་ཤིང༌། འདི་དག་ནི་གཞན་གྱི་གྲུབ་མཐའ་ལ་སྐྱོན་བརྗོད་མ་རྙེད་པར་རིགས་པས་ཕོངས་པར་ཟད་དོ། །དེ་ལྟ་ན་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དང༌། ལམ་ཐེག་པ་གཅིག་ཏུ་ངེས་པ་དང༌། ཤེས་བྱ་སྟོང་པ་ཉིད་དུ་རོ་གཅིག་པ་དང༌། སེམས་ཅན་ཐམས་ཅད་དེ་འཚང་རྒྱ་བ་རྣམས་དོན་གཅིག་ཏུ་གནས་པར་དབུ་མ་པ་དག་གི་བཞེད་པ་ཡིན་ཡང་གཞན་དག་གིས་ཁོང་དུ་མ་ཆུད་དོ། །གསུམ་པ་བརྟེན་པ་ལམ་ཤེས་ཀྱི་རང་བཞིན་ནི། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་སེམས་ཀྱི་ལམ་ཤེས་ནི། གཞན་དོན་དུ་སྲིད་པར་སྐྱེ་བའི་རྒྱུ་ཉོན་མོངས་པའི་སྒྲིབ་པ་རྣམ་པ་ཐམས་ཅད་དུ་ཆེད་དུ་གཉེར་ནས་སྤོང་བ་མ་ཡིན་པ་ཞེས་བྱ་བའི་རང་བཞིན་ཅན་ཡིན་ཏེ། བག་ལ་ཉལ་གྱི་ཉོན་མོངས་པའི་རྒྱུ་ལས་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པའི་སྒོ་ནས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་བསམ་སྦྱོར་གཉིས་ཀྱིས་ཞུགས་པ་ཉིད་ཀྱིས་སོ། །འདིར་སྲིད་པར་སྐྱེ་བའི་རྒྱུ་ནི་གཉིས་ཏེ་འཁོར་བར་འཆིང་བྱེད་དང༌། བག་ལ་ཉལ་གྱི་ངོ་བོའོ། །སྐྱེ་བ་ལེན་པའང་གཉིས་ཏེ། སོ་སྐྱེ་དང༌། འཕགས་པའོ། །དེ་ལ་དང་པོས་ནི་སོ་སྐྱེའི་སྐྱེ་བ་ལེན་པའི་རྒྱུ་བྱེད་དེ། དེ་དག་ནི་ལས་ཉོན་གྱི་དབང་གིས་སྲིད་པར་སྐྱེ་བའི་ཕྱིར། ཉན་རང་འཕགས་པ་སློབ་པའི་རྒྱུ་ཡང་བྱེད་དེ། དེ་དག་ཀྱང་ཕུང་པོ་ལ་འཇིགས་པས་སྐྱེ་བ་ལེན་པ་དེ་སྲིད་དུ་རང་དབང་མེད་པར་སྲིད་པར་མཚམས་སྦྱོར་བའི་ཕྱིར། ཉན་རང་དགྲ་བཅོམ་པ་དང་བྱང་སེམས་འཕགས་པ་རྣམས་ཀྱི་སྐྱེ་བའི་རྒྱུ་མི་བྱེད་དེ། ལས་ཉོན་གྱི་དབང་གིས་སྐྱེ་འཆི་སྤངས་པས་སོ། །འཕགས་པས་འཆི་དང་ན་བ་དང༌། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་པ་ལྟར་རོ། །དེས་ན་འདིའི་སྐྱེ་བ་ལེན་པའི་རྒྱུ་ནི། བག་ལ་ཉལ་གྱི་ཉོན་སྒྲིབ་ཀྱིས་བྱེད་དེ། བག་ཆགས་ཀྱི་མཚམས་སྦྱོར་བ་མ་སྤངས་པའི་ཕྱིར་ཏེ། སོ་སྐྱེས་མ་རིག་པའི་རྐྱེན་གྱིས་ལས་བསགས་ནས་འཁོར་བར་ཉིང་མཚམས་སྦྱར་བ་ལྟར། མ་རིག་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་ཕྱིར། སྟོང་ཕྲག་བརྒྱ་པའི་རྣམ་བཤད་ལས། དགྲ་བཅོམ་པས་ཉོན་མོངས་ཀུན་སྤངས་ཀྱང་མ་རིག་པའི་བག་ཆགས་མ་སྤངས་ལ། དེ་མ་སྤངས་པས་ཉོན་མོངས་ཐམས་ཅད་ཀྱི་བག་ཆགས་ཀྱང་མ་སྤངས་ཞེས་པ་དང༌། ཇི་ལྟར་ཡང་སྲིད་པར་འཛིན་ཅེ་ན། རྒྱུ་དང་རྐྱེན་གྱི་སྟོབས་ལས་སོ། །དེ་ལ་ཉོན་མོངས་པའི་བག་ཆགས་མ་སྤངས་པ་ནི་རྐྱེན་ནོ། །ཟག་བཅས་ཀྱི་དགེ་རྩའི་རྒྱུ་ལས་བྱུང་བའི་ཟག་མེད་ཀྱི་དགེ་རྩ་ནི་རྒྱུའོ་ཞེས་པ་དང༌། རྒྱུད་བླའི་འགྲེལ་པར། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་མ་རིག་པའི་བག་ཆགས་ཀྱི་ས་མ་སྤངས་པས་ཉོན་མོངས་པའི་དྲི་མ་དྲི་ང་བའི་བག་ཆགས་ཐམས་ཅད་དང་ལྡན་པའི་ཕྱིར་ཞེས་པ་དང༌། མ་རིག་བག་ཆགས་ཀྱི་སའི་རྒྱུ་རྐྱེན་ཅན་མཚན་མའི་རྒྱུན་ཀུན་ཏུ་སྤྱོད་པ་ཕྲ་མོས་ཀུན་ནས་བསླངས་པའི་ཟག་པ་མེད་པའི་ལས་ལ་བརྟེན་ཏེ་ཞེས་སོ། །གང་ས་ལ་གནས་པ་རྣམས་ཀྱི་སྐྱེ་བའི་རྒྱུ་མི་བྱེད་དེ། དེར་ཉོན་སྒྲིབ་མེད་པའི་ཕྱིར་རོ་སྙམ་ན་མ་ཡིན་ཏེ། རྒྱུན་མཐའི་བར་དུ་ཡོད་པའི་ཕྱིར་ཏེ། ཀུན་ལས་བཏུས་ལས། གཅིག་ཅར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ངོ༌། །གཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་གསུངས་སོ། །གཙུག་ན་རིན་པོ་ཆེས་ཞུས་པ་ལས། ཉོན་མོངས་པ་རྣམས་ལ་སྡུག་བསྔལ་བསྐྱེད་པ་དང༌། གཉེན་པོའི་གེགས་བྱེད་པ་དང༌། སྐྱེ་བ་ལེན་པ་དང༌། རིགས་འདྲ་བསྐྱེད་པའི་ནུས་པ་བཞི་ལས། དང་པོ་གཉིས་སྤོང་ལ། ཕྱི་མ་གཉིས་མི་སྤོང་བར་བཤད་པ་ཡང་འཁོར་བར་འཆིང་བྱེད་ལ་ནུས་པ་བཞི་ཀ་ཡོད་ཅིང༌། བག་ལ་ཉལ་གྱི་ཉོན་སྒྲིབ་ལ་ཕྱི་མ་གཉིས་ཡོད་པས་བག་ལ་ཉལ་གྱི་ནུས་པ་ལ་དགོངས་ནས་བཤད་པར་མངོན་ནོ། །འཕགས་སེང་གཉིས་ཀྱི་དགོངས་པའང་ཡིན་ཏེ། མ་རིག་པ་དང༌། ལྟ་བའི་བག་ལ་ཉལ་འཇོམས་ཀྱི་འདོད་སྲིད་ཀྱི་བག་ལ་ཉལ་མི་འཇོམས་ཏེ། བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ཕྱིར་ཞེས་གསུངས་སོ། །འགའ་ཞིག་ཉོན་མོངས་པའི་ནུས་པ་བཅོམ་པས་མི་སྐྲག་པའི་ཕྱིར་མི་སྤོང་བ་ཡིན་གྱི། སྐྱེ་བའི་རྒྱུར་དགོས་ནས་མི་སྤོང་བ་མ་ཡིན་ནོ་ཞེས་སྨྲ་བས་ནི། ཉོན་མོངས་མི་སྤོང་བ་དང་བག་ལ་ཉལ་མི་འཇོམས་པའི་གཏན་ཚིགས་ཀྱི་འབྲེལ་པ་ཡང་ཁོང་དུ་མ་ཆུད་ཅིང༌། མ་རིག་པའི་བག་ལ་ཉལ་འཇོམས་ལ་འདོད་སྲེད་ཀྱི་བག་ལ་ཉལ་མི་འཇོམས་པའི་རྣམ་དབྱེ་མི་རུང་བར་འགྱུར་རོ། །འདིར་ཉོན་མོངས་པ་ཆེད་དུ་གཉེར་ནས་མི་སྤོང་ཞེས་གསུངས་ཀྱི། བག་ལ་ཉལ་མི་སྤོང་ཞེས་མ་གསུངས་སོ་ཞེ་ན། བག་ལ་ཉལ་ལ་ཉོན་མོངས་ཀྱི་སྒྲས་གསུངས་ཏེ། སྐབས་ལྔ་པར་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའི་བག་ཆགས་ཀྱི་ཉོན་མོངས་པ་ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་ས་ལས། ཉོན་མོངས་པ་སྤོང་བ་ལ། ཉན་ཐོས་ལས་བྱང་ཆུབ་སེམས་དཔའ་བྱེ་བ་འགྱུར་གྱིས་བརྩོན་པར་བཤད་པ་ཡིན་ནམ་ཞེ་ན། སོ་སྐྱེའི་གནས་སྐབས་ལ་ཉེས་པ་བསྐྱེད་པས་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་ཆེད་དུ་གཉེར་ནས་སྤོང་དགོས་པ་ལ་དགོངས་ཀྱི་འཕགས་པའི་གནས་སྐབས་ལ་དགོངས་པ་མ་ཡིན་ནོ། །འཕགས་པས་ཀྱང་གཏན་མི་སྤོང་བ་ནི་མ་ཡིན་ཏེ། ཤེས་སྒྲིབ་ཀྱི་གཉེན་པོ་བསྒོམ་པའི་ཞར་ལ་དེའི་རྒྱུ་ཅན་གྱི་ཉོན་མོངས་སྤོང་པའི་ཕྱིར་རོ། །འོད་སྲུངས་ཀྱིས་ཞུས་པ་ལས། སྔགས་དང་སྨན་གྱིས་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་ལ། འོད་སྲུངས་དེ་བཞིན་དུ་ཡེ་ཤེས་དང་ཐབས་ལ་མཁས་པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་ཞེས་འབྱུང་བ་དེ་ལྟར་ན། སྔགས་དང་སྨན་གྱིས་ཟིན་པའི་དུག་གིས་འཆི་བར་བྱེད་མི་ནུས་ལམ་ཟིན་པས་ནུས་པ་ལྟར་ཉོན་མོངས་པའང་ཡེ་ཤེས་ཀྱི་མ་ཟིན་པས་སྡུག་བསྔལ་བསྐྱེད་པ་དང་ཟིན་པས་མི་བསྐྱེད་པ་གཉིས་ཡོད་པས། འཕགས་པ་སྐྱེ་བ་ལེན་པའི་རྒྱུ་ནི་ཕྱི་མ་ཉིད་དུ་མངོན་པས་ཕུགས་ཀྱི་དགོངས་པ་གཅིག་གོ །ཅིའི་ཕྱིར་འདི་དག་ཆེད་དུ་གཉེར་ནས་སྤོང་བར་མི་བྱེད་ཅེ་ན། ཉོན་མོངས་སྤངས་པའི་རྣམ་གྲོལ་འབའ་ཞིག་དོན་དུ་མི་གཉེར་བའི་ཕྱིར་དང༌། གཞན་དོན་དུ་སྲིད་པར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །གཏན་མི་སྤོང་བ་ནི་མ་ཡིན་ཏེ། ཤེས་སྒྲིབ་ཀྱི་གཉེན་པོ་བསྒོམ་པའི་ཞར་ལ་དེའི་རྒྱུ་ཅན་གྱི་ཉོན་མོངས་སྤོང་བའི་ཕྱིར་དང༌། དེ་བཞིན་གཤེགས་པས་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པས་སོ། །སོ་སྐྱེའི་གནས་སྐབས་ལ་ནི་སྡུག་བསྔལ་བསྐྱེད་པའི་ནུས་པ་ཡོད་པས་ཆེད་དུ་གཉེར་ནས་སྤོང་སྟེ། བྱང་སར་ཉན་ཐོས་ལས་བྱང་ཆུབ་སེམས་དཔའ་བྱེ་བ་འགྱུར་གྱིས་ཉོན་མོངས་སྤོང་བ་ལ་བརྩོན་དགོས་པར་བཤད་པ་ལྟར་རོ། །བཞི་པ་གཞན་དོན་བྱེད་པའི་ལས་ནི། དེའི་འོག་ཏུ་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བ་དེ་ལྟ་བུའི་རང་བཞིན་ཅན་གྱི་བྱེད་ལས་ནི། གཞན་དོན་བྱེད་པའི་ལས་ཅན་ཡིན་ཏེ། རྫོགས་སྨིན་མ་སྦྱངས་པར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་དང༌། མི་དམིགས་པའི་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་ཐབས་ལ་མཁས་པས། དང་པོར་སེམས་ཅན་འཁོར་དུ་མ་བསྡུས་པ་ཡོངས་སུ་སྡུད་པ་དང་སོགས་པ་སྨིན་ཅིང་གྲོལ་བར་བྱེད་པས་སོ། །གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ལ་སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་ཤེས་བྱའི་ལམ་དང༌། ཇི་ལྟར་ཤེས་པའི་ཚུལ་དང༌། དངོས་དོན་དཔྱད་པའོ། །དང་པོ་ལ་གཞན་དགག་པ་ནི། འགའ་ཞིག་བྱང་སེམས་ཀྱི་རྒྱུད་ལ་ཡར་ལྡན་དུ་སྐྱེ་བའང་ཉན་རང་གི་ལམ་དངོས་ཡིན་ལ་ཤེས་བྱ་ཡང་དེ་ཉིད་དོ། །ཇི་ལྟར་དངོས་ཡིན་སྙམ་ན། གང་ཟག་དང་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ནི་ཉོན་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་ཡིན་པས། གང་ཟག་གསུམ་པོ་གང་གི་རྒྱུད་ལ་ཡོད་ཀྱང་ཉན་ཐོས་དང་རང་རྒྱལ་གྱི་ལམ་ཡིན་པའི་ཕྱིར་རོ། །ཉན་རང་གི་རྒྱུད་ལ་ཡོད་པ་ནི་ཤེས་བྱ་མ་ཡིན་ཏེ། རྒྱུད་ལ་བསྐྱེད་ནས་ཤེས་པར་བྱ་དགོས་པས་སོ། །རྟོགས་རིགས་གཉིས་བྱང་སེམས་ཀྱི་ལམ་དངོས་ལ། ཉན་རང་གི་ལམ་བཏགས་པ་བར་འདོད་པ་ལྟར་ན། ཡུལ་ཅན་ལམ་ཤེས་ཉན་རང་གི་ལམ་རྟོགས་པའི་ལམ་ཤེས་མ་ཡིན་པར་འགྱུར་ཏེ། བཏགས་པ་བ་ཤེས་པས་ལམ་དངོས་ཤེས་པར་མི་འགྱུར་བའི་ཕྱིར། ཉན་རང་གི་རིགས་ཅན་རྣམས་ཐོག་མ་ཉིད་ནས་ཐེག་ཆེན་གྱིས་རྗེས་སུ་བཟུང་ནུས་པར་ཡང་འགྱུར་ཏེ། རིགས་ཅན་གཞན་གཉིས་རྗེས་སུ་བཟུང་བའི་དོན་དུ་ཤེས་པར་བྱ་བའི་ལམ་བྱང་སེམས་ཀྱི་ལམ་ཤེས་དངོས་ཡིན་པས་སོ། །འདོད་ན་ཐེག་ཆེན་ལས་ཉན་རང་གི་ཐེག་པ་ལོགས་སུ་བསྟན་པ་དོན་མེད་པར་འགྱུར་རོ་ཞེས་ཟེར་རོ། །འོ་ན་ཉན་རང་གི་བགྲོད་བྱ་དང་བགྲོད་བྱེད་ཀྱི་ལམ་གང་ཡིན། དང་པོ་ལྟར་ན། ཉེར་ཞི་གཉིས་སུ་འཁྲིད་བྱེད་དུ་འགྱུར་ལ། གཉིས་པ་ལྟར་ན། བྱང་སེམས་ཀྱིས་ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་བྱེད་པར་ཡང་འགྱུར་ཞིང༌། ཤེས་བྱའི་ལམ་ལ་ཉན་རང་གི་རྒྱུད་ཀྱི་ལམ་ཡང་ཡོད་པས་བྱང་སེམས་ཀྱི་ལམ་ཁོ་ནར་མི་འདོད་ལ། ཉན་རང་གི་ལམ་ཤེས་མ་ཡིན་པར་ཐལ་བའི་ཉེས་པའང་མི་འཇུག་སྟེ། རང་རྒྱུད་ཀྱི་གང་ཟག་དང་གཟུང་བ་ཆོས་ཀྱི་བདག་མེད་ཀྱི་རྟོགས་རིགས་དངོས་སུ་ཉམས་སུ་མྱོང་བ་ན་ཉན་རང་གི་རྒྱུད་ལ་ཡོད་པ་ལ་ཡང་སྒྲོ་འདོགས་ཆོད་པའི་ཕྱིར། ཆོས་གཅིག་ཉམས་སུ་མྱོང་བ་ན་རིགས་ཅན་གཞན་ལ་ཡང་སྒྲོ་འདོགས་ཆོད་པ་བཞིན། རང་གི་རྒྱུད་ལ་ཉམས་སུ་མྱོང་བ་ཉན་རང་གི་ལམ་དངོས་མ་ཡིན་ཡང༌། གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་མི་ནུས་པའང་མ་ཡིན་ནོ། །རང་གི་རྟོགས་པ་གཞན་ལ་སྤོ་བ་མ་ཡིན་ཏེ། རང་གི་རྒྱུད་ལ་སྐྱེ་བ་དང་རྗེས་སུ་མཐུན་པར་ཚིག་གི་ལམ་གྱིས་བསྟན་པས་ཇི་ལྟ་བ་བཞིན་རྟོགས་པར་བསྐྱེད་ནུས་པའི་ཕྱིར། དཔེར་ན་བུམ་པའི་དོན་སྤྱི་བུམ་པ་དངོས་མ་ཡིན་ཡང་དེ་བརྗོད་པས་བུམ་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བསྐྱེད་ནུས་པ་བཞིན་ནོ། །ཉན་རང་གི་རྒྱུད་ལ་སྐྱེ་བ་ཤེས་བྱ་མ་ཡིན་པ་ཡང་མི་འཐད་དེ། ཉན་རང་གི་བྱང་ཆུབ་ཏུ་བགྲོད་པའི་ལམ་དངོས་མ་ཤེས་པས་ཉན་རང་གི་བྱང་ཆུབ་དོན་དུ་གཉེར་བ་རྗེས་སུ་བཟུང་མི་ནུས་པའི་ཕྱིར། ཤེས་བྱའི་ལམ་ཐབས་ཤེས་གཉིས་ཀྱིས་ཟིན་པར་བསྟན་པ་མ་ཡིན་ནམ་ཞེ་ན། ཡུལ་ཅན་ལམ་ཤེས་ཀྱིས་ཡུལ་ཤེས་ཚུལ་གྱི་ཁྱད་པར་ཡིན་གྱི་ཤེས་བྱའི་ལམ་གྱི་ཁྱད་པར་དུ་བསྟན་པ་མ་ཡིན་ནོ། །མཁས་རློམ་དུ་མས་འདི་མ་རྟོགས་པར་འབྲེལ་མེད་མང་པོ་སྨྲ་བར་སྣང་ངོ༌། །གཉིས་པ་རང་ལུགས་ནི། གང་ཟག་གི་བདག་མེད་རྟོགས་པ་སོགས་ལམ་གསུམ་གྱི་རྟོགས་རིགས་གསུམ་སྟེ། རིགས་ཅན་གསུམ་རྗེས་སུ་བཟུང་བའི་དོན་དུ་ལམ་གསུམ་ལ་མཁས་པར་བྱ་དགོས་པས་སོ། །ལམ་དང་པོ་གཉིས་ལ་བྱང་སེམས་ཀྱི་རྒྱུད་ལ་བསྐྱེད་པ་དང༌། ཉན་རང་གི་རྒྱུད་ལ་ཡོད་པ་གཉིས་ལས། སྔ་མ་ནི་རྒྱུད་ལ་བསྐྱེད་ནས་ཤེས་བྱ་དང༌། ཕྱི་མ་ནི་རྟོགས་པའི་ཆོས་ཀྱི་སྤྱན་ལ་སོགས་པས་གཞན་རིག་གིས་རྟོགས་པར་བྱའོ། །ངོ་བོ་མཐོང་སྒོམ་གཉིས་ལས། མཐོང་ལམ་གྱི་རྟོགས་རིགས་ཡིན་གྱི་སྒོམ་ལམ་མ་ཡིན་པར་སྡུད་འགྲེལ་ལས་བཤད་དེ། གཞན་གྱི་དོན་དུ་ཤེས་པར་བྱ་བ་ཙམ་ཡིན་གྱི་སྒོམ་པས་མངོན་དུ་བྱ་བ་ནི་མ་ཡིན་ནོ་སྙམ་དུ་དགོངས་ཏེ། འཕགས་སེང་གཉིས་ཀས་གཞི་ཤེས་ཀྱི་སྐབས་སུ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་དང་འགྲིག་གོ །གཉིས་པ་ཤེས་ཚུལ་ལ། གཞན་རིག་གིས་ཤེས་ཚུལ་ནི། ཆོས་ཀྱི་སྤྱན་གྱིས་གཞན་རྒྱུད་ལ་སྐྱེ་ཚུལ་མཐོང་བ་ཡིན་ཏེ། མཛོད་ལས། ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། །བསེ་རུ་ལྟ་བུས་གསུམ་རིག་པ། །སངས་རྒྱས་སྦྱོར་བ་མེད་པར་ཀུན། །ཞེས་པ་ལྟར་རོ། །རྒྱུད་ལ་མྱོང་བས་ཤེས་ཚུལ་ནི་གཉིས་ཏེ། རང་གི་མཚན་ཉིད་ཀྱི་རྣམ་པ་དང༌། སྤྱིའི་མཚན་ཉིད་ཀྱི་རྣམ་པས་ཤེས་པའོ། །དང་པོ་ནི་རྗེས་ཐོབ་དུ་སོ་སོའི་དམིགས་རྣམ་ཇི་ལྟ་བ་བཞིན་རྒྱུད་ལ་བསྐྱེད་པ་ཡིན་ལ། གཉིས་པ་ནི། མཉམ་གཞག་ཏུ་ཆོས་ཀྱི་བདག་མེད་ཀྱི་རྣམ་པས་མི་དམིགས་པར་ཤེས་པའོ། །དོན་སྤྱིའི་ཚུལ་གྱིས་ཤེས་པ་ཙམ་ནི་མི་བཟུང་སྟེ། དོན་མངོན་སུམ་དུ་མ་བྱས་པར་གཞན་ལ་གནས་ཚུལ་ཇི་ལྟ་བ་བཞིན་དུ་སྟོན་པ་ལ་མཁས་པ་མ་ཡིན་པའི་ཕྱིར་ཏེ། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་པ་ལྟར་རོ། །གསུམ་པ་ནི། ལམ་དང་ལམ་ཤེས་གཉིས་ཀ་བསྟན་པ་ཡིན་ཏེ། ཉན་ཐོས་ལམ་འདི་ཞེས་པས་ནི་ལམ་བསྟན་ལ། མི་དམིགས་སྒོ་ནས་ནི་ཞེས་པས་ཡུལ་ཅན་བསྟན་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ལ་གསུམ་སྟེ། ཉན་ཐོས་ཀྱི། རང་རྒྱལ་གྱི། བྱང་སེམས་ཀྱི་ལམ་ཤེས་སོ། །དང་པོ་ལ། ལམ་ཤེས་དངོས་དང༌། རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ་མཚམས་སྦྱར་བ་ནི། གོང་དུ་བཤད་པ་དེ་ལྟར་རྟེན་དང་བྱེད་པ་ལ་སོགས་པ་བརྗོད་ནས་ཉན་ཐོས་ཀྱི་ལམ་བསྟན་ཏེ། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་ཐེག་པ་གསུམ་གྱི་ལམ་ཐམས་ཅད་རྫོགས་པར་བྱ་དགོས་པས་སོ། །གཉིས་པ་ཚིག་དོན་ལ་གཉིས་ཏེ། ཤེས་བྱའི་རྣམ་པ། ཤེས་པའི་ཚུལ་ལོ། །དང་པོ་ལ་བཤད་བྱའི་མདོ་དང༌། མདོའི་དོན་བཤད་པའོ། །དང་པོ་ནི་རྣམ་མཁྱེན་ཡིད་བྱེད་དང་ལྡན་པས་མི་དམིགས་པའི་ཚུལ་གྱིས་མི་རྟག་པར་ཡིད་ལ་བྱའོ། །སྡུག་བསྔལ་བ་དང་ཞེས་སོགས་རྣམ་པ་ཉི་ཤུ་རྩ་དྲུག་གསུངས་པ་དག་གོ །མངོན་པ་ལས། ཉན་ཐོས་ཀྱི་ལམ་གྱི་རྣམ་པ་བཅུ་དྲུག་ཏུ་གསུངས་པ་མ་ཡིན་ནམ་ཞེ་ན། འགའ་ཞིག་ངོ་བོ་ཉིད་དང༌། འགའ་ཞིག་རྣམ་གྲངས་ཀྱི་རྣམ་པས་བསྟན་པ་ན་མ་ཚང་བ་དང་ལྷག་པ་མེད་པས་དོན་མཐུན་པ་ཡིན་ནོ། །ངོ་བོ་ཉིད་ཀྱི་རྣམ་པ་ནི་ཐ་སྙད་མཐུན་པ་རྣམས་སོ། །རྣམ་གྲངས་ཀྱི་རྣམ་པ་ནི་ཐ་སྙད་ཐ་དད་པ་དག་གོ །གཉིས་པ་ལ་དོར་བྱ་དང༌། བླང་བྱའི་རྣམ་པའོ། །དང་པོ་ལ་སྡུག་ཀུན་སོ་སོ་བ་དང༌། ཐུན་མོང་གི་རྣམ་པའོ། །དང་པོ་ནི་བདེན་པ་བཞི་ཡོད་པ་དེ་ལ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་རྣམས་མདོ་ལས་གསུངས་པའི་རྣམ་པ་དང་གོ་རིམ་བཞིན་དུ་སྦྱར་བ་ལ། དང་པོ་སྡུག་བསྔལ་གྱི་རྣམ་པ་དང་སྦྱར་བ་ནི། ངོ་བོ་ཉིད་ཀྱི་རྣམ་པ་མི་རྟག་བ་དང་སྡུག་བསྔལ་བ་དང༌། རྣམ་གྲངས་ཀྱི་རྣམ་པ་སྟོང་པའི་མཚན་ཉིད་བདག་མེད་པ་དང་བདག་མེད་པ་དེ་དག་གི་མཚན་ཉིད་ཞི་བའི་རྣམ་པ་དང་བཞིའོ། །གཞུང་འདིར་འབྱུང་བ་ནི་མདོ་འགྲེལ་དང་མི་མཐུན་པའི་ཕྱིར་མ་དག་པ་ཡིན་པས། འགྲེལ་ཆེན་གྱི་འགྱུར་ལྟར་བཤད་པ་ཡིན་ནོ། །གཉིས་པ་ལ། ཀུན་འབྱུང་བདེན་པའི་ངོ་བོ་ཉིད་ཀྱི་རྣམ་པ་རྒྱུ་དང་ཀུན་འབྱུང་དང་རབ་སྐྱེ་དང༌། རྐྱེན་གྱི་རྣམ་པ་རྣམས་རིམ་པ་ལྟར། མདོ་ལས་ནད་དང༌། འབྲས་དང༌། ཟུང་རྔུ་དང༌། སྡིག་པ་ལྟ་བུའི་རྣམ་པ་རྣམས་སུ་གསུངས་སོ། །གཉིས་པ་ནི། སྔ་མ་བརྒྱད་རེ་རེ་ཞིང་ཆོས་མངོན་པ་དང་སྦྱར་བར་བྱར་ཡོད་ན། ཕ་རོལ་གྱི་རྣམ་པ་ལ་སོགས་བདུན་གསུངས་པ་གང་དང་སྦྱོར་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་དེ་དག་ཉིད་སོ་སོའི་ཡིད་འབྱུང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པར་བྱ་བའི་ངོ་བོ་ཉིད་ཀྱི་རྣམ་པ་གསུམ་གསུམ་ཡོད་པ་དང་སྦྱར་རོ། །ཇི་ལྟར་སྦྱོར་ཞེ་ན། ཕ་རོལ་སོགས་དང་པོ་གཉིས་ཡིད་འབྱུང་བ་དང༌། དེ་ནས་གཉིས་འདོད་ཆགས་དང་བྲལ་བར་བྱ་བ་དང༌། དེ་ནས་གསུམ་འགོག་པར་བྱ་བ་དང་སྦྱར་རོ། །སྡུག་ཀུན་གཉིས་ཆོས་ཅན། མཐོང་ལམ་དུ་ཡིད་འབྱུང་བར་བྱ་བ་དག་གི་མཚན་ཉིད་ཅན་ཡིན་ཏེ། ཕྱིར་རྒོལ་བས་ཕ་རོལ་དང་རྒྱུན་གྱིས་འཇིག་པའི་ཆོས་ཅན་གྱི་རྣམ་པར་བཅད་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། སྒོམ་ལམ་ཐ་མར་འདོད་ཆགས་དང་བྲལ་བར་བྱ་བ་དག་གི་ངོ་བོ་ཡིན་ཏེ། མི་གནས་པས་གཡོ་བ་དང༌། སྐད་ཅིག་གིས་རབ་ཏུ་འཇིག་པའི་རྣམ་པ་དག་ཏུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། ལྷག་མེད་དུ་འགོག་པར་བྱ་བའི་རང་གི་ངོ་བོ་ཡིན་ཏེ། འདི་དང་ཕྱི་མར་གནོད་པའི་གནས་ཡིན་པས་འཇིགས་པ་དང༌། མི་མ་ཡིན་གྱི་གནོད་པས་གླགས་ཐོད་པས་ནད་འགོ་བ་དང༌། འབྱུང་བ་འཁྲུགས་པ་ལ་སོགས་པ་གནོད་པའི་གནས་ཡིན་པས་འཚེ་བའི་རྣམ་པ་དག་ཏུ་ཡིད་ལ་བྱ་བ་ཡིན་པའི་ཕྱིར། ཕ་རོལ་གྱི་རྣམ་པས་སྤང་དགོས་པར་བསྟན་ལ། འཇིག་པའི་རྣམ་པ་སོགས་གསུམ་གྱིས་སྤང་ནུས་པ་དང༌། ཐ་མ་གསུམ་གྱིས་མྱུར་དུ་སྤང་དགོས་པར་བསྟན་ནོ། །འདི་དག་ཡིད་འབྱུང་བ་སོགས་ཀྱི་རྣམ་པ་ཡིན་ཡང༌། ཡིད་འབྱུང་བ་སོགས་སྡུག་ཀུན་གྱི་རྣམ་པར་མི་ཤེས་ཤེ་ན། ལུང་ལས་ཏེ། རྣམ་གྲངས་བསྡུ་བ་ལས། མཐོང་ལམ་དུ་ཡིད་འབྱུང་བའི་ཕྱིར་སྦྱོར་ལམ་དང༌། སྒོམ་ལམ་ཐ་མར་འདོད་ཆགས་དང་བྲལ་བའི་ཕྱིར་སྒོམ་ལམ་སྔ་མ་དང༌། ལྷག་མེད་དུ་འགོག་པའི་ཕྱིར་མི་སློབ་ལམ་དུ་ཞུགས་པ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་ཏེ་དེ་ཉིད་ལས་ཡིད་འབྱུང་བ་ནི་མཐོང་ལམ་ལའོ། །འདོད་ཆགས་དང་བྲལ་བ་ནི་སྒོམ་ལམ་རྫོགས་པ་ལའོ། །འགོག་པ་ནི་ཕུང་པོ་ཐམས་ཅད་འགོག་པ་ལའོ། །ཡིད་འབྱུང་བ་དང་འདོད་ཆགས་དང་བྲལ་བ་ལ་ཞུགས་པ་ནི་དེ་གཉིས་ཀྱི་སྦྱོར་བ་ལ་གནས་པ་རྣམས་ཡིན་ནོ། །ཞེས་སོ། །གཉིས་པ་བླང་བྱ་ལ་གཉིས་ལས། འགོག་པའི་བདེན་པའི་རྣམ་པ་ནི། འགོག་པའི་རང་གི་ངོ་བོ་རྣམ་གྲངས་ཀྱི་རྣམ་པ་བདག་མེད་པ་དང༌། ཞི་བ་དང༌། གྱ་ནོམ་པའི་རྣམ་པའི་བདག་ཉིད་དང༌། རྣམ་གྲངས་ཀྱི་རྣམ་པ་དབེན་པ་དང༌། ངེས་པར་འབྱུང་བའི་མཚན་ཉིད་ལ་རྣམ་གྲངས་ཀྱི་རྣམ་པ་བཞི་ལས། ཇི་ལྟར་ངེས་འབྱུང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་སྟེ། རྣམ་ཐར་སྒོ་གསུམ་རྟོགས་པས་ངེས་པར་འབྱུང་བའི་ཕྱིར་རོ། །གང་ངེས་པར་འབྱུང་བ་མངོན་པར་འདུ་བྱེད་པ་མེད་པའི་རྣམ་པ་སྟེ་མྱང་འདས་སུ་ངེས་པར་འབྱུང་བའི་ཕྱིར་རོ། །ལམ་གྱི་བདེན་པའི་རྣམ་པ་ལ། ལམ་དང་རིགས་པ་དང་སྒྲུབ་པ་དང་ངེས་པར་འབྱིན་པའི་རྣམ་པ་རྣམས་སོ། །གཉིས་པ་ཇི་ལྟར་ཤེས་པའི་ཚུལ་ལ་གོང་དུ་བསྟན་པ་དེ་ལྟར་ཡོངས་སུ་ཤེས་པར་བྱའོ། །གང་གིས་ན་བྱང་ཆུབ་སེམས་དཔས་སོ། །སྐབས་གང་དུ་ན་ལམ་ཤེས་པ་ཉིད་ཀྱི་སྐབས་སུའོ། །གང་ན་ཉན་ཐོས་ཀྱི་ལམ་མོ། །ཇི་ལྟར་ན་མི་དམིགས་པར་རྟོགས་པའི་སྒོ་ནས་སོ། །གཉིས་པ་རྒྱུ་ངེས་འབྱེད་ཆ་མཐུན་ལ། མཚམས་སྦྱར་བ་ནི་ཤེས་བྱའི་ལམ་བརྗོད་ཟིན་ནས་རྒྱུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཆད་དོ། །ཅི་ཞེ་ན། བདེན་པ་བཞིའི་རྣམ་པ་མངོན་སུམ་དུ་ཡོངས་སུ་ཤེས་པ་ནི། རྒྱུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་སོ། །ཚིག་དོན་ལ། དམིགས་པ་བདེན་པ་བཞི་ལ་དམིགས་ནས་གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་སྐྱེའོ། །རྣམ་པ་གང་གིས་ཤེ་ན། གཟུགས་ལ་སོགས་པ་ཕུང་པོ་ལྔ་རང་རང་གི་ངོ་བོས་སྟོང་པའི་ཕྱིར། སྟོང་པ་ཉིད་རྣམས་ཕན་ཚུན་ཐ་དད་པ་མེད་པའི་རྣམ་པ་དང༌། གཟུགས་ལ་སོགས་པ་སྔ་མ་བཞིན་དུ་རང་རང་ངོ་བོས་སྟོང་པའི་ཕྱིར་མི་དམིགས་པའི་རྣམ་པ་དང༌། དྲོད་དུ་བཤད་པ་དེ་བཞིན་དུ་རང་རང་ངོ་བོས་སྟོང་བོས་སྟོང་པའི་ཕྱིར། གཟུགས་ལ་སོགས་པ་རྟག་པ་དང་མི་རྟག་པ་དང༌། གཉིས་ཀ་ལ་གནས་པ་བཀག་པའི་རྣམ་པས་དམིགས་སོ། །གནས་པ་བཀག་ཚུལ་ནི། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་པའི་ཚུལ་གྱིས་སོ། །ས་རབ་ཏུ་དགའ་བ་ལ་སོགས་པ་ལ་མི་གནས་པའི་ཚུལ་མདོ་ལས་རྒྱས་པར་ཇི་སྐད་དུ་བསྟན་པའི་རྣམ་པ་དེ་རྣམས་ཀྱིས་དམིགས་སོ། །ཇི་ལྟར་ན་གནས་བྱ་མ་ཡིན་ཞེ་ན། ཚད་མའི་སྐྱེས་བུས་གནས་བྱར་མ་དམིགས་པའི་གཏན་ཚིགས་ཀྱི་འཐད་པས་སོ། །མ་དམིགས་པ་ཙམ་གྱིས་དགག་མི་ནུས་ཤེ་ན། ནུས་ཏེ་གང་གི་ཕྱིར་ན། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་བྱང་ཆུབ་ཅིང་མངོན་པར་སངས་རྒྱས་ནས་གནས་བྱའི་ཆོས་རྣམས་མ་གཟིགས་པའི་ཕྱིར། འདི་ནི་སྣང་རུང་མ་དམིགས་པའི་དོན་ནོ། །འདི་དག་གིས་ཉན་ཐོས་ཀྱི་ལམ་ཤེས་པའི་རྒྱུ་བསྟན་པ་ཡིན་གྱི་ཉན་ཐོས་གྱི་ངེས་འབྱེད་ཆ་མཐུན་ནི་མ་ཡིན་ཏེ། རྟག་པ་དང་མི་རྟག་པ་ལ་གནས་པ་བཀག་པའི་དོན་དང་འགལ་བས་སོ། །འགྲེལ་ཆེན་ལས་བྱང་སེམས་ཀྱི་ངེས་འབྱེད་ཆ་མཐུན་སྐབས་དང་པོར་ཁ་འཕངས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཐེག་པ་གསུམ་གྱི་ལམ་ཤེས་པའི་རྒྱུ་ངེས་འབྱེད་ཆ་མཐུན་གསུམ་ལས། བྱང་སེམས་ཀྱི་ལམ་ཤེས་ཀྱི་རྒྱུ་ཁ་འཕངས་པ་ཙམ་མོ། །རྩ་བར། འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་མ་གསུངས་སམ་ཞེ་ན། ཉན་ཐོས་ཀྱི་ལམ་ཤེས་པའི་རྒྱུ་ངེས་འབྱེད་ཆ་མཐུན་ནི་ཞེས་པའི་དོན་ནོ། །གཉིས་པ་རང་རྒྱལ་གྱི་ལམ་ཤེས་བསྟན་པ་ལ་གཉིས་ཏེ། རང་རྒྱལ་ཀྱི་རྣམ་གཞག་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་གཞུང་གི་དོན་བསྟན་པའོ། །དང་པོ་ནི། ཉན་ཐོས་དང༌། སེམས་ཙམ་པ་དང༌། དབུ་མ་པའི་འདོད་ཚུལ་དང་གསུམ་གྱིས་བསྟན་ཏེ། དང་པོ་ལ་བསེ་རུ་ལྟ་བུ་དང༌། ཚོགས་ན་སྤྱོད་པ་གཉིས་ལས། བསེ་རུ་ལྟ་བུ་ནི། མངོན་པར་བྱང་ཆུབ་པའི་སྔ་རོལ་སྐྱེ་བ་གཅིག་གིས་ཐོགས་པ་མན་ཆད་དུ་བསྐལ་པ་བརྒྱའི་བར་དུ་བརྒྱུད་ཡོངས་སུ་སྨིན་པར་བྱེད་པའི་ཚོགས་བསགས་ཤིང༌། སྲིད་པ་ཐ་མ་པའི་དུས་སུ་བསམ་གཏན་བཞི་རིམ་གྱིས་ཐོབ་པར་བྱེད་དེ། བསམ་གཏན་བཞི་པའི་རབ་ཀྱི་མཐའ་ལ་བརྟེན་ནས་དྲོད་ནས་བཟུང་སྟེ་ཟད་པ་དང་མི་སྐྱེ་བ་ཤེས་པའི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་དོ། །དེའང་མཐོང་ལམ་དང་སྒོམ་ལམ་གྱིས་སྔར་འཇིག་རྟེན་པའི་ལམ་གྱིས་མ་སྤངས་པའི་སྤང་བྱ་ལྷག་མ་བསམ་གཏན་བཞི་པ་ཡན་ཆད་ཀྱི་སྤང་བྱ་རྣམས་སྤོང་བ་ཡིན་གྱི་གསུམ་པ་མན་ཆད་ཀྱི་སྤང་བྱ་རྣམས་ནི་མཐོང་ལམ་གྱི་སྔ་རོལ་དུ་འཇིག་རྟེན་པའི་ལམ་གྱིས་སྤངས་ཟིན་པས་སླར་སྤང་མི་དགོས་སོ། །གཉིས་པ་ཚོགས་སྤྱོད་ལ་ཉན་ཐོས་སྔོན་འགྲོ་དང༌། སོ་སྐྱེ་སྔོན་འགྲོ་གཉིས་སུ་བཤད་པ་ལས། དང་པོ་ནི་རྒྱལ་པོ་སྲས་སུ། སྲིད་པ་ཐ་མའི་སྔ་རོལ་དུ་རྒྱུན་ཞུགས་དང་ཕྱིར་འོང་གི་འབྲས་བུ་བསྐྱེད་ནས་བསྟན་པ་ནུབ་པ་དང་ཕྲད་ན་རང་བྱང་ཆུབ་ཀྱི་དགྲ་བཅོམ་པ་ཐོབ་པར་འགྱུར་བའོ། །ཞེས་བཤད་དོ། །ཕྱིར་མི་འོང་སྔོན་འགྲོ་ནི་མི་སྲིད་དེ། རང་རྒྱལ་ནི་འདོད་པའི་རྟེན་ཅན་དུ་ངེས་ཤིང༌། ཕྱིར་མི་འོང་ཐོབ་པ་ནི་ཚེ་ཕྱི་མར་འདོད་ཁམས་སུ་སྐྱེ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། ཚེ་རབས་གཞན་དུ་སྦྱོར་ལམ་དང་པོ་གཉིས་གང་རུང་ཙམ་བསྐྱེད་ནས་ཚེ་འདིར་བདག་ཉིད་ཀྱིས་སློབ་དཔོན་ལ་མ་ལྟོས་པར་ལམ་མངོན་དུ་བྱས་ནས་མངོན་པར་བྱང་ཆུབ་པ་སྟེ། སྔོན་བསམ་གཏན་པ་ལྔ་བརྒྱ་དཀའ་ཐུབ་དྲག་པོས་གདུངས་པ་དང༌། རང་རྒྱལ་དང་འགྲོགས་པའི་སྤྲེའུ་ཞིག་གིས་སྤྱོད་ལམ་བསྟན་པ་ན་རང་བྱང་ཆུབ་ཐོབ་ཅེས་གྲག་གོ་ཞེས་མཛོད་འགྲེལ་ལས་བཤད་པ་ལྟར་ཡིན་ཅིང༌། འདི་དཀའ་ཐུབ་དྲག་པོས་གདུངས་ཤིང་དུ་མ་ལྷན་ཅིག་དུ་སྤྱོད་པར་བཤད་པས་སོ་སྐྱེ་སྔོན་འགྲོའི་ཚོགས་སྤྱོད་དུ་གྲུབ་བོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བས་ནི་བསེ་རུ་ལྟ་བུ་ཁོ་ནར་འདོད་ཀྱི་ཚོགས་སྤྱོད་མི་བཞེད་དོ། །གཉིས་པ་ལ། རྟེན་གྱི་གང་ཟག་གི་རིགས་དང༌། བགྲོད་བྱེད་ཀྱི་ལམ་དང༌། ཐོབ་པའི་འབྲས་བུའོ། །དང་པོ་ལ་རང་སངས་རྒྱས་ཀྱི་ཐེག་པ་བ་རྣམས་ནི་མངོན་པར་བྱང་ཆུབ་པའི་སྔ་རོལ་ནས་རང་བཞིན་གྱིས་དབེན་པ་ལ་སྤྲོ་ཞིང་སྙིང་རྗེ་ཆུང་བས། སེམས་ཅན་གྱི་དོན་རྒྱ་ཆེན་པོ་ལ་མི་འཇུག་ལ། ང་རྒྱལ་ཤས་ཆེ་བའི་རང་བཞིན་ཅན་ཡིན་པས་འགྲན་ཟླ་མེད་པར་མངོན་པར་བྱང་ཆུབ་པར་འདོད་པའོ། །དེ་དག་ཀྱང་སྔོན་ངེས་འབྱེད་ཆ་མཐུན་མ་ཐོབ་པ་དང་ཐོབ་པ་གཉིས་ཡིན་ལ། ཐོབ་པ་ལ་ཡང་དགེ་སྦྱོང་གི་འབྲས་བུ་སྔོན་དུ་མ་སོང་བ་དང་སོང་བ་གཉིས་ཏེ་གསུམ་དུ་ངེས་སོ། །གཉིས་པ་ལ་ལམ་དངོས་དང༌། འབྲས་བུ་ཐོབ་ཚུལ་ལོ། །དང་པོ་ལ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟར་ལ་ལ་རང་སངས་རྒྱས་ཀྱི་རིགས་ལ་གནས་ནས་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང༌། རང་བྱང་ཆུབ་ཏུ་རྒྱུད་ཡོངས་སུ་སྨིན་པར་བྱས་ནས་ཕྱི་མ་ལ་རང་བྱང་ཆུབ་པར་བྱ་བའི་ཕྱིར། ཕུང་པོ་ལ་སོགས་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱེད་པ་ནི་རང་སངས་རྒྱས་ཀྱི་ལམ་དང་པོའོ། །ཡང་ལ་ལ་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱས་ནས། སྐྱེས་བུ་དམ་པ་ལ་རྟེན་པའམ་དམ་པའི་ཆོས་ཉན་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་བརྟེན་ནས་བཟོད་འབྲིང་མན་ཆད་སློབ་དཔོན་གྱི་དྲུང་དུ་བསྐྱེད་ཅིང༌། ཚེ་འདི་ཉིད་ལ་བདེན་པ་མཐོང་བར་མ་ནུས་པས་ཕྱི་མ་ལ་བདེན་པ་རྟོགས་པར་བྱ་བ་དང༌། དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཕུང་པོ་སོགས་དྲུག་ལ་མཁས་པར་བྱེད་པ་ནི་ལམ་གཉིས་པའོ། །ཡང་འདི་ན་ལ་ལ་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་རྣམས་མཉེས་པ་སོགས་བྱས་ནས་ཚེ་འདིར་རྒྱུན་ཞུགས་སམ་ཕྱིར་འོང་གི་འབྲས་བུ་ཐོབ་ནས་ཚེ་འདི་ཉིད་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་བར་མ་ནུས་པས་ཕྱི་མ་ལ་ཕྱིར་མི་འོང་དང༌། དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཕྱིར་དུ་ཕུང་སོགས་དྲུག་ལ་མཁས་པར་བྱེད་པ་ནི་ལམ་གསུམ་པའོ། །གཉིས་པ་ནི། སྔར་གྱི་རྒྱུ་དང་རྐྱེན་དེ་ལ་བརྟེན་ནས་སྲིད་པ་ཐ་མ་པའི་དུས་སུ་སངས་རྒྱས་འབྱུང་བ་མེད་པ་ན་སློབ་དཔོན་ལ་མ་ལྟོས་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷག་མ་རྣམས་བསྒོམས་ནས་རང་བྱང་ཆུབ་ཏུ་སངས་རྒྱས་ཏེ་ཉོན་མོངས་པ་སྤངས་པའི་དགྲ་བཅོམ་པ་མངོན་དུ་བྱེད་དོ། །མཛོད་ལྟར་བསམ་གཏན་བཞི་པ་ལ་བརྟེན་པ་དང༌། སྟན་ཐོག་གཅིག་ལ་མངོན་དུ་བྱེད་པ་ནི་མ་བཤད་དོ། །ཡང་ཁ་ཅིག་ནི་ལམ་གཉིས་པའམ་གསུམ་པའི་རྒྱུ་དེ་དང་རྐྱེན་དེས་སངས་རྒྱས་འབྱུང་བ་མེད་པ་ན་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷག་མ་རྣམས་བསྒོམས་པས་ཆོས་མངོན་པར་རྟོགས་པར་བྱེད་ཅིང་དགྲ་བཅོམ་པའི་འབྲས་བུ་ཡང་འཐོབ་བོ། །དེ་ལ་ཡང་དག་པར་འགྲུབ་པ་དང་པོས་ནི་བསེ་རུ་ལྟ་བུར་གྱུར་པའི་རང་སངས་རྒྱས་སུ་འགྱུར་ལ། ལམ་གཉིས་པ་དང་གསུམ་པས་ནི་ཚོགས་ན་སྤྱོད་པའི་རང་རྒྱལ་བར་འགྱུར་རོ། །གསུམ་པ་འབྲས་བུ་ལ་གནས་པ་དང༌། རྒྱུ་བ་གཉིས་ལས། དང་པོ་ལ། བསེ་རུ་ལྟ་བུའི་གནས་པ་ལ་སྐུའི་གནས་པ་བསེ་རུ་ལྟར་གཅིག་པུར་གནས་ཤིང༌། གསུང་གི་གནས་པ་གཞན་ལ་སྨྲ་བ་རྣམ་པར་བཅད་ལ། ཐུགས་ཀྱི་གནས་པ་རྟེན་འབྲེལ་ཟབ་མོ་དང༌། རྣམ་ཐར་སྒོ་གསུམ་ཡིད་ལ་བྱེད་ཅིང་གནས་སོ། །ཚོགས་ན་སྤྱོད་པ་ལ། སྐུའི་གནས་པ་དུ་མ་ལྷན་གཅིག་དུ་གནས་ཤིང་གཞན་རྣམས་ནི་སྔར་བཞིན་ནོ། །གཉིས་པ་རྒྱུ་བ་ནི། གསུམ་པོ་ཐམས་ཅད་ཀྱང་གྲོང་ངམ་གྲོང་རྡལ་གང་དུ་གནས་ཀྱང་རུང༌། དྲན་ཤེས་བཞིན་གྱི་སྒོ་ནས་བསོད་སྙོམས་ལ་འཇུག་སྟེ། ཕ་རོལ་མཐོང་བ་ན་ལུས་ཀྱིས་བརྩེ་བར་བྱེད་ཀྱི་ངག་གིས་མ་ཡིན་པས་ལུས་ཀྱིས་ཆོས་སྟོན་པར་བྱེད་ལ་ངག་གིས་ནི་མི་སྟོན་ནོ། །ཕ་རོལ་པོ་ཞེ་འགྲས་པ་བཟློག་པའི་ཕྱིར། ཡང་རྫུ་འཕྲུལ་གྱི་རྣམ་པ་དུ་མ་སྟོན་པར་བྱེད་དོ། །དེ་ལྟར་རྫུ་འཕྲུལ་བསྟན་པ་ན་སྔོན་གྱི་སྨོན་ལམ་ལ་སོགས་པའི་མཐུས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལས་བརྩམས་ཏེ། ཆོས་གང་བསྟན་པར་འདོད་པའི་དོན་དེ་ཉིད་གདུལ་བྱའི་སེམས་རྒྱུད་ལ་སྣང་བར་འགྱུར་རོ། །འདི་དག་གི་སྤངས་རྟོགས་ནི་ཉན་ཐོས་དང་འདྲ་བར་བཤད་དེ། བསེ་རུ་ལྟ་བུའི་དབང་དུ་མཛད་ནས་རང་སངས་རྒྱས་ཀྱིས་ལས་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་དོ་ཞེས་པ་དང༌། བྱང་ས་ལས་རང་སངས་རྒྱས་ནི། ཉན་ཐོས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། ཉན་ཐོས་རྣམས་དང་ལམ་གྱི་རང་བཞིན་མཚུངས་པའི་ཕྱིར་རོ་ཞེས་སོ། །གསུམ་པ་དབུ་མ་པའི་འདོད་ཚུལ་ལ། བྱམས་ཆོས་རྗེས་འབྲང་རྣམས་ཀྱིས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རྣམ་བཞག་མཛད་ལ། རྟོག་གེ་འབར་བ་ལས་ནི། ཉན་ཐོས་དང་སྤངས་རྟོགས་འདྲ་བར་བཤད་དེ། ཇི་སྐད་དུ། གང་ཟག་ལ་བདག་མེད་པ་ཙམ་གོམས་པར་བྱས་ནས་འབྲས་བུ་དམན་པ་འདོད་པས་དམན་པའི་ཁྱད་པར་ཐོབ་པ་ཡོད་དེ། ཉན་ཐོས་དང་རང་སངས་རྒྱས་བཞིན་ནོ་ཞེས་དང༌། ཉན་ཐོས་དང་རང་སངས་རྒྱས་དེ་དག་གིས་ནི་ཉོན་མོངས་པའི་འཆིང་བ་ཙམ་སྤངས་ཀྱང་ཉོན་མོངས་པའི་བག་ཆགས་ཀྱང་མ་ཡིན་ལ། ཤེས་བྱའི་སྒྲིབ་པ་གཉིས་ཀའི་ངོ་བོ་ཉིད་ཀྱང་མ་ཡིན་པས་ཞེས་སོ། །གཉིས་པ་ནི། ཤེས་བྱའི་ལམ་གྱི་རྣམ་བཞག རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ། ལམ་གྱི་ཁྱད་པར་བྱེད་ཆོས། ཁྱད་བཞི་ལམ་གྱི་ངོ་བོ། དང་པོ་ལ། དངོས་དང༌། རྩོད་སྤང་གཉིས་ལས། དང་པོ་ལ། འཚམས་སྦྱར་བ་ནི། མདོར་བསྟན་དུ་སློབ་མ་བསེ་རུའི་ལམ་གང་དང༌། ཞེས་གསུངས་པ་དང་མཐུན་པར་ཉན་ཐོས་ཀྱི་ལམ་གྱི་མཇུག་ཐོགས་སུ་རང་སངས་རྒྱས་ཀྱི་ལམ་བརྗོད་པར་རིགས་མོད་ཀྱི། དགོས་པའི་དབང་གིས་རེ་ཤིག་ཉན་ཐོས་རྣམས་ལས་ཁྱད་ཞུགས་པ་ཉིད་དུ་སྒྲུབ་བྱེད་འཆད་དོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་མེད་ན་གཞན་དུ་མི་འཐད་ལ། ཡང་ན་དེ་དག་ཇི་ལྟར་ཁྱད་པར་དུ་འཕགས་པའི་ཚུལ་དང༌། ཁྱད་ཆོས་གང་གིས་ན་དེ་དག་གི་ལམ་གཞན་ཡིན་སྙམ་པའི་དོགས་པ་བསུ་བའི་ཕྱིར། རྩ་བ་ལ་ཚིག་རྐང་དང་པོ་གཉིས་ཀྱིས་ལམ་བགྲོད་ཚུལ་དང༌། ཡང་གི་སྒྲས་ཆོས་སྟོན་ཚུལ་དང༌། ཐ་མ་གཉིས་ཀྱིས་དོན་བསྡུ་བའོ། །ཚིག་དོན་ལ། ལམ་བགྲོད་ཚུལ་དང༌། ཆོས་སྟོན་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི། ཁྱད་ཞུགས་པ་ཉིད་གཅིག་ཡིན་ནོ། །གང་ཞེ་ན། རང་སངས་རྒྱས་དེ་དག་ལ་སངས་རྒྱས་ལ་སོགས་པས་གདམས་ངག་ཉེ་བར་བསྟན་པ་ལ་ལྟོས་མི་དགོས་ཞེས་བྱ་བའོ། །མི་དགོས་པ་ཅི་ཞེ་ན། རང་སངས་རྒྱས་རྣམས་ནི་གཞན་གྱིས་གདམས་ངག་བསྟན་པ་ལ་མི་ལྟོས་པར་བདག་ཉིད་ཀྱིས་དབེན་པ་རྟེན་པ་ཙམ་ལས་རང་གི་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་བ་དེའི་ཕྱིར་ཏེ། རྒྱུ་གང་གིས་ཞེ་ན། སྔོན་ཐོས་པ་དང་སྨོན་ལམ་ལ་སོགས་པ་མངོན་པར་འདུས་བྱས་པའི་རྒྱུ་ལས་སོ། །ཇི་ལྟར་ན་གཞན་ལ་མི་ལྟོས་པར་ཉན་ཐོས་ལས་ཁྱད་པར་བྱེད་ཆོས་སུ་འགྱུར་ཞེ་ན། ཉན་ཐོས་འདོད་ཁམས་པ་སྲིད་པ་ཐ་མ་པ་རྣམས་ནི་རང་གི་བྱང་ཆུབ་རྟོགས་པར་འགྱུར་བ་གཞན་གྱིས་གདམས་ངག་བསྟན་པ་ལ་ལྟོས་ལ། གཞན་དག་ཀྱང་དགེ་བ་ལ་འཇུག་པར་བྱེད་པ་ཆོས་བརྗོད་པ་དང་བཅས་པས་བསྟན་པ་ལ་ལྟོས་དགོས་པས་སོ། །ཅིས་མངོན་ཞེ་ན། ལུང་ལས་ཉན་ཐོས་རྣམས་ནི་རྣམ་གྲོལ་སྒྲ་ཕྱིར་འགྲོ་ཞེས་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། ཁྱད་ཞུགས་པ་གཉིས་པ་ཡིན་ནོ། །གང་ཞེ་ན། རང་རྒྱལ་དེ་དག་གི་ཡེ་ཤེས་དག་ལས་མི་རྟོག་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ཀུན་དུ་སྒྲ་མེད་པའི་ཆོས་བསྟན་པས་གཞན་དག་དགེ་བ་བཅུ་ལ་སོགས་པ་ལ་འཇུག་པ་དེའི་ཕྱིར། ལྡོག་པའི་ཁྱབ་པ་ནི། ཉན་པ་པོ་རྣམས་ཀྱིས་འཆད་པ་པོའི་ངག་ལས་ཤེས་པའི་རྩལ་རྟོགས་པར་བྱེད་ན་སྒྲར་བརྗོད་པའི་སྒོ་ནས་ཆོས་བསྟན་དགོས་པའོ། །སྒྲ་མེད་དུ་ཆོས་སྟོན་པའི་རྒྱུ་གང་ཡིན་ཞེ་ན། རང་རྒྱལ་དེ་དག་ནི་རང་གིས་ཐོབ་པའི་གཟུང་མེད་རྟོགས་པའི་ཡེ་ཤེས་དང༌། སྒྲ་མེད་དུ་ཆོས་སྟོན་པར་གྱུར་ཅིག་ཅེས་པའི་སྨོན་ལམ་ལ་སོགས་པའི་མཐུས་ཡིན་ནོ། །གཉིས་པ་ལ་མཚམས་སྦྱར་པ་ནི། ཡང་ཇི་ལྟར་ཆོས་སྟོན་པར་འགྱུར་ཏེ། སྒྲ་མེད་པའི་ཕྱིར་སྙམ་པའི་དོགས་པ་བསུ་བའི་ཕྱིར་རོ། །ཚིག་དོན་ནི། སྒྲ་མེད་དུ་ཆོས་སྟོན་པའི་སངས་རྒྱས་དང་འདྲ་བའི་ཕྱིར། རང་སངས་རྒྱས་ཉིད་ཀྱི་གནས་སྐབས་ནའང་སྒྲ་མེད་ཀྱང་ཆོས་སྟོན་པ་མི་འགལ་ཞེས་བྱ་སྟེ། སྨོན་ལམ་ལ་སོགས་པའི་མཐུས་སྒྲ་མེད་ཀྱང་གདུལ་བྱ་གང་གིས་བདེན་བཞི་སོགས་ཀྱི་དོན་གང་དང་གང་ལ་མི་རྟག་སོགས་ཀྱི་རྣམ་པ་ཇི་ལྟ་ཇི་ལྟར་ཉན་པར་འདོད་པ་དེ་དང་དེའི་རྣམ་པར་ཤེས་པ་ལ་དོན་དེ་དང་དེའི་རྣམ་པ་དེ་ཁོ་ན་ལྟར་སྣང་བར་འགྱུར་བས་སོ། །འདིས་ཆོས་བསྟན་པའི་དོན་ཡང་འགྲུབ་སྟེ། ཆོས་སྟོན་པའི་སྒྲའི་དོན་འདི་ལྟར་བརྗོད་པར་བྱ་བའི་ཆོས་ཉན་པ་པོའི་རྣམ་པར་ཤེས་པ་ལ་ཤིན་ཏུ་བསྐྲུན་ཅིང་བསྐྱེད་པ་ཞེས་བྱ་བ་ཡིན་ལ། དེ་ནི་འདི་ལའང་ཡོད་པ་ཡིན་པས་སོ། །དཔེ་མ་གྲུབ་བོ་སྙམ་ན་གྲུབ་སྟེ། བྱང་ཆུབ་སེམས་དཔའ་འདི་ལྟར་སངས་རྒྱས་སུ་གྱུར་ནས་བརྗོད་པ་མེད་པར་ཆོས་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་སངས་རྒྱས་པ་ན་སྒྲ་མེད་དུ་ཆོས་སྟོན་པ་དེ་བས་ནའོ། །ཇི་ལྟར་ཚུལ་དེ་ལྟར་སྨོན་ལམ་འདེབས་ཤེ་ན། རྟོག་པས་རྣམ་པར་མ་བརྟགས་དཔྱོད་པས་རྣམ་པར་མ་དཔྱད་པར་ཚིག་ཏུ་མི་སྨྲ་བས་ན། རྟོག་དཔྱོད་ཀྱིས་སྨྲ་དགོས་ཤིང༌། ཡིད་ཀྱི་བརྗོད་པ་རྟོག་དཔྱོད་ནི་རྣམ་པར་གཡེང་བ་ཡིན་ལ་དེའང་རྒྱུད་འཁྲུག་པར་བྱེད་པ་ཡིན་པར་དགོངས་པས་སོ། །འདི་འགྲེལ་ཆེན་གྱི་འགྱུར་གསུམ་དུ་སངས་རྒྱས་ལ་སྦྱར་རོ། །གཉིས་པ་ཁྱད་གཞི་ལམ་གྱི་ངོ་བོ་ལ་མཚམས་སྦྱར་བ་ནི། ཇི་སྐད་བཤད་པ་ད་ལྟར་ཉན་ཐོས་ལས་ཁྱད་ཞུགས་པ་བརྗོད་ནས། རྣལ་མ་རང་སངས་རྒྱས་ཀྱི་ལམ་འཆད་དོ། །གང་གི་སྒོ་ནས་ཤེ་ན། ཁྱད་ཞུགས་པ་རྣམས་ཀྱི་ལམ་ནི་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པས་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་སོ། །རྩ་བ་ལ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི་ཞེས་དྲངས་ནས་ཤེས་པར་བྱ་ཞེས་སྦྲེལ་ལོ། །ཤེས་ཞེས་པའི་སྒྲས་ཡུལ་ཅན་ལམ་ཤེས་བསྟན་པས་ལམ་ཤེས་མ་བསྟན་པར་འདོད་པ་མི་འཐད་དོ། །ཤེས་བྱ་གང་ཞེ་ན། ཁྱད་པར་གསུམ་གྱིས་ཡང་དག་པར་བསྡུས་པའི་བསེ་རུ་ལྟ་བུའི་ལམ་མོ། །ཁྱད་པར་གསུམ་པོ་ནི། ཉན་ཐོས་ལས་ཁྱད་པར་འཕགས་ཏེ། གཟུགས་སོགས་བཟུང་བའི་དོན་ལ་རྟོག་པ་སྤོང་བའི་ཕྱིར་རོ། །མདོ་ནི། གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཞེས་སོ། །གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པས་རིམ་པ་ལྟར་རང་རྒྱལ་གྱི་ངོར་གཟུགས་སོགས་ཟབ་པ་དང་ཕྲ་བ་མ་ཡིན། ཞེས་པའོ། །ཐེག་ཆེན་ལས་དམན་ཏེ་འཛིན་རྟོག་མི་སྤོང་བའི་ཕྱིར། མདོ་ནི། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་ཇི་ལྟ་བུ་ཞིག་བཙལ་བར་བྱ་སྙམ་པ་དང་ཞེས་པ་སྟེ། འཛིན་རྟོག་མ་སྤངས་པར་གཟུང་རྟོག་འབའ་ཞིག་སྤངས་པ་ཇི་ལྟ་བུ་སྙམ་དུ་བསམ་པའོ། །ལྷའི་བུ་བདག་ལ་ཆོས་ཉན་པ་ནི་སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུར་བཙལ་བར་བྱ་ཞེས་པ་སྟེ། ཡུལ་སྒྱུ་མའི་རྟ་གླང་སོགས་ལ་བདེན་འཛིན་གྱི་སྒྲོ་འདོགས་ཆོད་ཀྱང་ཡུལ་ཅན་ལ་མ་ཆོད་པ་དཔེར་མཛད་ནས་བསྟན་ནོ། །གསུམ་པ་ནི། ཉན་ཐོས་ལས་ཁྱད་ཞུགས་ཏེ། གཟུང་མེད་རྟོགས་པའི་རྟེན་གྱིས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །རྟེན་ལ་གཉིས་ཏེ་གང་ཟག་དང༌། རིགས་སོ། །དང་པོ་ནི་ཆོས་ཉན་པ་ནི་སྒྱུ་མ་ལྟ་བུར་བཙལ་བར་བྱའོ། །ཞེས་པའི་ཆོས་ཉན་པ་དེ་དག་གང་ཡིན་སྙམ་ནས་ཡུམ་འདི་ལེན་པར་བྱེད་པ་སུ་དག་འབྱུང་ཞེས་དྲིས་པའི་ལན་གྱིས་གསུངས་ཏེ། ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་རྣམས་སམ། བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ་བསམ་པ་ཡོངས་སུ་རྫོགས་པའམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའམ། སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པའམ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དག་ལེན་པར་འགྱུར་ཏེ་ཞེས་སོགས་གསུངས་པའོ། །དང་པོ་ནི་སྦྱོར་ལམ་པ་དང༌། གཉིས་པ་ནི་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་ལ་གནས་པ་སྟེ། ཡེ་ཤེས་ཞབས་ཀྱིས་མཐོང་ལམ་པར་བཤད་པ་དང་མཐུན་ནོ། །གསུམ་པ་ནི་མཐོང་སྤང་མ་ལུས་པར་སྤངས་པས་དགྲ་བཅོམ་པ་ཟག་པ་ཟད་པའོ། །སྐད་ཅིག་བཅུ་དྲུག་རྫོགས་པར་ཐོབ་པས་བསམ་པ་ཡོངས་སུ་རྫོགས་པའོ། །དགྲ་བཅོམ་ཞེས་པས་ནི་ཉན་རང་གི་སྤངས་རྟོགས་རྫོགས་པར་ཡང་བསྟན་ནོ། །ལྷག་མ་རྣམས་ནི་ཚོགས་ལམ་པར་སྦྱར་རོ། །ཡང་ན་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་རྟོགས་རིགས་ཀྱི་རྟེན་དུ་བཟུང་བར་བྱ་སྟེ། སྐབས་བཞི་པར། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་སོགས་དང་མཐུན་པ་ཡིན་ནོ། །ཅིས་མངོན་ཞེ་ན། སྡུད་པར། རྒྱལ་སྲས་བདེན་ལ་མཁས་དང་ཞེས་དང༌། འདིར་བྱང་སེམས་ཆེན་པོའི་སྒྲས་བསྟན་པའི་ཕྱིར་རོ། །ཤེས་རབ་ཀྱི་དབང་པོ་བར་མ་དང་ལྡན་པ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། རང་རྒྱལ་གྱི་རྟོགས་རིགས་དང་ལྡན་པའི་ཆ་ནས་བཤད་པས་སྐྱོན་མེད་དོ། །བླ་མའི་ལེགས་བཤད་དོ། །གཉིས་པ་ནི། ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་བདག་གིས་སྔོན་ཆད་ལྷའི་གནས་ན་ཡང་ཡོད་པར་མ་མཐོང་སྟེ། མེ་ཏོག་འདི་དག་ནི་སྤྲུལ་པའོ་ཞེས་སོགས་སོ། །དོན་ནི་སྤྲུལ་པའི་མེ་ཏོག་ལ་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་ཡུལ་དུས་སོ་སོར་ངེས་པ་བཞིན་དུ་དངོས་པོར་གྱུར་པའི་རྟེན་མེད་ཀྱང་རྟོགས་པའི་ཆོས་སོ་སོར་ངེས་ཞེས་པའོ། །འདི་འང་རང་རྒྱལ་གྱི་ཐེག་པའི་རྟོགས་རིགས་ཀྱི་རྟེན་དང་ལྡན་པའི་ཆ་ནས་བསྟན་ཏོ། །གལ་ཏེ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་བཟུང་ན། འཛིན་རྟོག་མི་སྤོང་བར་བཤད་པ་དང་འགལ་ལོ་ཞེ་ན། རང་རྒྱལ་གྱི་ཐེག་པའི་རྟོགས་རིགས་ཀྱི་ལྡོག་པ་ནས་མི་སྤོང་བར་བསྟན་པས་སྐྱོན་མེད་དོ། །གཞན་དུ་ན་རང་རྒྱལ་གྱི་ལམ་རྒྱུད་ལ་བསྐྱེད་པར་བྱ་ཞེས་སོགས་དང་འགལ་བར་འགྱུར་རོ། །གསུམ་པ་ནི། ཤེས་པར་བྱའོ། །གང་ཞེ་ན་རང་སངས་རྒྱས་ཀྱི་ལམ་མོ། །ཇི་ལྟར་ན་རང་རྒྱལ་གྱི་ཐེག་པས་གདུལ་བའི་སེམས་ཅན་རྗེས་སུ་བཟུང་བའི་དོན་དུ་ཤེས་པར་བྱ་ཡི་རང་དོན་དུ་རྣམ་པ་ཐམས་ཅད་ཤེས་བར་བྱ་བ་ནི་མ་ཡིན་ནོ། །ངོ་བོ་གང་དུ་ཞེ་ན། ཁྱད་པར་གསུམ་གྱི་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཆོས་རྟོགས་པར་རོ། །གང་གིས་ན་བྱང་ཆུབ་སེམས་དཔས་སོ། །ཁྱད་པར་གསུམ་ལ་དང་པོ་ནི། ཉན་ཐོས་ལས་ཁྱད་ཞུགས་ཏེ། གཟུགས་སོགས་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་དག་སྤངས་པའི་ཕྱིར། ཅི་ཕྱིར་ཞེ་ན། རང་སངས་རྒྱས་ཀྱི་ལམ་ལ་ཉན་ཐོས་ཀྱི་ལམ་གྱི་སྐབས་སུ་ཇི་སྐད་བཤད་པའི་བདེན་པའི་རྣམ་པ་གང་ཟག་གི་བདག་མེད་བསྒོམ་པ་ཁོ་ན་དང༌། ཀུན་ནས་ཉོན་མོངས་ཀྱི་དངོས་པའི་འབྱུང་ཚུལ་དང་ལྡོག་ཚུལ་ཇི་ལྟ་བ་བཞིན་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམས་པས་སོ། །ཉན་རང་གཉིས་ཀས་རྟེན་འབྲེལ་བསྒོམས་པར་མཚུངས་པ་མ་ཡིན་ནམ་ཞེ་ན། རྟེན་འབྲེལ་བསྒོམས་པ་དང་སྡེ་སྣོད་གཅིག་ལ་དམིགས་པར་མཚུངས་ཀྱང་ཉན་ཐོས་ལས་དབང་པོ་རྣོ་བས་རྟེན་འབྲེལ་བསྒོམས་པའི་བྱེད་པས་གཟུང་བ་རང་བཞིན་མེད་པར་རྟོགས་ནུས་པ་མ་ཡིན་ནོ། །གཉིས་པ་ནི། ཐེག་ཆེན་ལས་དམན་ཏེ། འཛིན་པའི་དོན་གྱི་རྣམ་པར་རྟོག་པ་མ་སྤངས་པས་སོ། །གཟུང་བ་མེད་ན་དེར་འཛིན་མེད་པའི་རིགས་པས་གཟུང་རྟོག་སྤངས་པ་ན་ཡུལ་མེད་པས་འཛིན་རྟོག་ཀྱང་སྤངས་སོ་ཞེ་ན། འཛིན་པ་མ་འཁྲུལ་བ་ནི་གཟུང་བ་མེད་ན་མེད་ཀྱང་འཛིན་པ་འཁྲུལ་པ་ནི་གཟུང་བ་མེད་ན་མེད་པར་མ་ངེས་པས། འཛིན་པའི་རྣམ་པར་རྟོག་པ་ནི་གཟུང་བའི་ཡུལ་ལ་ལྟོས་པ་མེད་པར་སྔ་མའི་བག་ཆགས་སད་པ་ཙམ་ལས་སྐྱེ་བའི་ཕྱིར། གཟུང་རྟོག་མེད་ཀྱང་འཛིན་རྟོག་ཡོད་པ་མི་འགལ་ལོ་ཞེས་འགྲེལ་ཆེན་དང་སྡུད་འགྲེལ་ལས་འབྱུང་ངོ༌། །གསུམ་པ་ནི། རང་སངས་རྒྱས་ཀྱི་ཐེག་པས་བསྡུས་པའི་རྟེན་པའི་ཆོས་རྟོགས་པའི་གཞི་རིགས་ཀྱི་ཁྱད་པར་རོ། །གཉིས་པ་རྒྱུ་ངེས་འབྱེད་ཆ་མཐུན་ལ། མཚམས་སྦྱར་བ་ནི། ལམ་གྱི་འོག་ཏུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཆད་དོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་ན་ཡར་ལྡན་དུ་ཐོབ་པའི་ཇི་སྐད་བཤད་པའི་ལམ་གྱི་རྟོགས་རིགས་སྐྱེ་བས་སོ། །གཉིས་པ་ཚིག་དོན་ལ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བ་ཡིན་ནོ། །གང་ལ་དམིགས་ནས་ཤེ་ན། དམིགས་པ་བདེན་པ་བཞི་ལའོ། །ཇི་ལྟར་ན། རྣམ་པ་བཞི་པོ་རྣམས་ཀྱིས་དམིགས་པ་དྲོད་སོགས་བཞི་པོ་གོ་རིམ་བཞིན་དུའོ། །བཞི་པོ་གང་ཞེ་ན། དྲོད་ཀྱི་རྣམ་པ་ནི། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་བརྡར་ལས་བྱུང་བའི་མིང་དུ་བཏགས་པ་ཙམ་དང༌། དོན་དམ་པར་ཆོས་ཉིད་དང་མི་འགལ་བར་སྟོན་པའོ། །ཇི་ལྟར་མི་འགལ་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པས་སོ། །རྩེ་མོའི་རྣམ་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་འགྲིབ་པ་དང་འཕེལ་བ་མེད་པ་ལ་སོགས་པའི་དོན་དུ་སློབ་པའོ། །ཇི་ལྟར་མེད་ཅེ་ན་ངོ་བོ་ཉིད་ཀྱིས་སྟོང་པས་སོ། །བཟོད་པའི་རྣམ་པ་ནི། གཟུགས་ལ་སོགས་པ་ལ་ནང་དང་ཕྱི་ལ་སོགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་འཛིན་བྱར་མ་དམིགས་པའོ། །ཅིའི་ཕྱིར་ཞེ་ན་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཆོས་མཆོག་གི་རྣམ་པ་ནི། གཟུགས་ལ་སོགས་པ་ལ་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པར་རྟོགས་པའོ། །ཅིའི་ཕྱིར་མེད་ཅེ་ན་ངོ་བོ་ཉིད་ཀྱིས་སྟོང་པས་སོ། །གསུམ་པ་བྱང་སེམས་ཀྱི་ལམ་ཤེས་ལ། མཚམས་སྦྱར་བ་དང༌། སོ་སོའི་རང་བཞིན་ནོ། །དང་པོ་ནི། དམན་པ་དང་མཆོག་གི་གོ་རིམ་དུ་བྱས་ནས་རང་སངས་རྒྱས་ཀྱི་ལམ་གྱི་མཇུག་ཐོགས་སུ་བྱང་ཆུབ་སེམས་དཔའི་ལམ་འཆད་དོ། །གཉིས་པ་ལ། མཐོང་ལམ་དང༌། སྒོམ་ལམ་གཉིས། དང་པོ་ལ་གཉིས་ཏེ་སྤྱིའི་དོན་ལ། ཐོབ་བྱེད་ཀྱི་རྟེན་གྱི་གང་ཟག་དང༌། ཏིང་ངེ་འཛིན་གང་ལ་བརྟེན་པ་གཉིས་སྔར་ངེས་འབྱེད་ཆ་མཐུན་གྱི་སྐབས་སུ་བསྟན་ཟིན་ལ། བརྟེན་པ་མཐོང་ལམ་གྱི་རྣམ་གཞག་ལ། ཀླུ་སྒྲུབ་ཀྱི་འདོད་པ་དང༌། ཐོགས་མེད་ཀྱི་འདོད་པ་དང༌། རྗེས་འབྲང་གི་འདོད་པའོ། །དང་པོ་ནི། རིགས་པ་དྲུག་ཅུ་པ་ལས། ཆོས་ཤེས་པ་ཡི་འོག་ཏུ་ནི། །འདི་ལ་བྱེ་བྲག་དབྱེ་ཡོད་ན། །ཤིན་ཏུ་ཕྲ་བའི་དངོས་རྣམས་ལ། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། །ཞེས་གསུངས་པས་མངོན་པར་རྟོགས་པ་གཅིག་ཏུ་བསྟན་ཏོ། །བཅུ་དྲུག་ཏུ་བཤད་པ་ནི་སྤྲོས་པ་ལ་དགའ་བ་རྗེས་སུ་བཟུང་བའི་དོན་དུ་ཡེ་ཤེས་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་སྟེ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་སྐྱེ་མེད་དུ་རྟོགས་པའི་ལྡོག་པས་ཆོས་ཤེས་བཞི། སྐྱེ་མེད་ལ་མི་སྐྲག་པའི་ལྡོག་པས་ཆོས་བཟོད་བཞི། ཁམས་གོང་མའི་བདེན་པ་ལ་སྐྱེ་མེད་དུ་རྟོགས་པའི་ལྡོག་པས་རྗེས་ཤེས་བཞི། དེ་ཉིད་ལ་མི་སྐྲག་པའི་ལྡོག་པས་རྗེས་བཟོད་བཞིར་ཕྱེའོ། །གཉིས་པ་ལ་གཏན་ལ་དབབ་པ་བསྡུད་པ་དང༌། ཀུན་ལས་བཏུས་ལས་གསུངས་པའོ། །དང་པོ་ལ་གཉིས་ཏེ། ཀུན་རྫོབ་སྤྲོས་པ་དང༌། དོན་དམ་སྤྲོས་མེད་ཀྱི་རྣམ་གཞག་གོ །དང་པོ་ནི། བསྡུ་བ་ལས། ཆོས་ཤེས་ཕྱོགས་མཐུན་བཞི་དང༌། རྗེས་ཤེས་ཕྱོགས་མཐུན་བཞི་དང༌། མཇུག་ཏུ་ཞི་གནས་འབའ་ཞིག་པའི་སེམས་གཅིག་སྟེ། སེམས་རྣམ་པ་དགུས་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་ཞེས་པའོ། །དགུ་པོ་ཡང་ལམ་གཉིས་སུ་འགྱུར་ཏེ། ཞི་ལྷག་ཟུང་འཇུག་དང་ཞི་གནས་འབའ་ཞིག་པའི་ལམ་མོ། །དང་པོ་ལ། བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་གཉིས་གཉིས་སུ་ཕྱེ་བས་ཞི་ལྷག་ཟུང་འཇུག་ལ་བཅུ་དྲུག་གོ །འདི་ནི་སྤྲོས་པ་ལ་དགའ་བའི་གདུལ་བྱ་བདེན་པ་མངོན་པར་རྟོགས་པ་ལ་གཞུག་པའི་ཐབས་སུ་མི་ཚིག་ཡི་གེའི་ཚོགས་ཀྱིས་སྤྲོས་ཏེ་རྣམ་པར་བཞག་པས་སྤྲོས་པའི་རྣམ་གཞག་ཅེས་བྱའོ། །གཉིས་པ་ནི། མཉམ་གཞག་དེ་བཞིན་ཉིད་འབའ་ཞིག་པའི་ཡུལ་ཅན་ཏེ། བསྡུ་བ་ལས། དེ་བཞིན་ཉིད་ཤེས་པ་དང་མཚུངས་པར་ལྡན་པ་གཅིག་ཁོ་ནའི་སེམས་ཀྱི་རང་བཞིན་ལས་བརྩམས་ཏེ་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་སོ། །འདི་ཡང་སྡུག་བསྔལ་ཤེས་པའི་ཚེ་འདི་མཐོང་བ་ལ་སྒྲིབ་བྱེད་ཀྱི་ཀུན་འབྱུང་སྤོང་བ་དང༌། དེ་ཉིད་ཀྱི་འགོག་པ་མངོན་དུ་བྱེད་པ་དང༌། དེ་ཡང་ལམ་བསྒོམས་པ་ལས་ཐོབ་པས་འབྲས་བུའི་མངོན་པར་རྟོགས་པ་ལ་ལྟོས་ནས་གཅིག་ཏུ་བཤད་ཀྱི་སྐད་ཅིག་མ་གཅིག་ཁོ་ནར་འདོད་པ་ནི་མ་ཡིན་ནོ། །འདི་ནི་མཉམ་གཞག་དུ་དེ་ཁོ་ན་ཉིད་རྟོགས་པའི་རིམ་པས་གཞག་པའི་ཕྱིར་སྤྲོས་མེད་ཅེས་བྱའོ། །གཉིས་པ་ལ་ཡུལ་དང༌། ཡུལ་ཅན་གཉིས་ལས། དང་པོ་ལ་གཉིས་ཏེ་དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་སོ། །གཉིས་པ་ལ་ཆོས་ཉིད་ཀྱི་ཡུལ་ཅན་དང༌། ཡེ་ཤེས་ཀྱི་ཡུལ་ཅན་ནོ། །དང་པོ་ལ། ཆོས་བཟོད་བཞི་དང༌། ཆོས་ཤེས་བཞིའོ། །གཉིས་པ་ལ། རྗེས་བཟོད་བཞི་དང་རྗེས་ཤེས་བཞིར་ཕྱེ་བས་བཅུ་དྲུག་གོ །འདི་དག་ཀྱང་ལྡོག་པས་ཕྱེ་བ་ཙམ་མ་ཡིན་གྱི་སྐད་ཅིག་མ་བཅུ་དྲུག་སྟེ། རྒྱལ་པོ་སྲས་ཀྱིས། སྐད་ཅིག་བཅུ་དྲུག་བར་མ་ཆད་དུ་འབྱུང༌། །ཞེས་གསུངས་པས་སོ། །དེ་ལ་སྡུག་བསྔལ་ལ་ཆོས་བཟོད་ནི། སྡུག་བསྔལ་བདེན་པའི་ཆོས་ཉིད་མཐོང་བས་སྡུག་བསྔལ་མཐོང་སྤང་སྤོང་བའི་བར་ཆད་མེད་པའི་ལམ་གྱིས་བསྡུས་པའི་ཡེ་ཤེས་སོ། །ཆོས་ཤེས་པ་ནི་བཟོད་པ་དང་དམིགས་རྣམ་མཚུངས་པ་ཅན་སྡུག་བསྔལ་མཐོང་སྤང་སྤངས་པའི་རྣམ་གྲོལ་མངོན་དུ་བྱེད་པའི་ཡེ་ཤེས་སོ། །སྡུག་བསྔལ་ལ་རྗེས་བཟོད་ནི། ཡེ་ཤེས་སྔ་མ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་ངེས་པ་འདྲེན་པའི་ཡེ་ཤེས་སོ། །རྗེས་ཤེས་ནི། རྗེས་བཟོད་ཀྱི་ཡེ་ཤེས་ཡོངས་སུ་གཅོད་པར་བྱེད་པའི་ཡེ་ཤེས་སོ། །བདེན་པ་ལྷག་མ་རྣམས་ལ་སྐད་ཅིག་མ་གཞན་རྣམས་ཀྱང་སྔ་མའི་རིགས་པས་ཤེས་པར་བྱའོ། །གསུམ་པ་ལ་གཞན་གྱི་འདོད་པ་བརྗོད་པ་དང༌། སློབ་དཔོན་གྱི་དགོངས་པའོ། །དང་པོ་ནི། ཁ་ཅིག་སྡུག་བསྔལ་གྱི་ཆོས་ཉིད་ཤེས་པའི་ཚེ་སྡུག་བསྔལ་མཐོང་སྤང་གི་ཀུན་འབྱུང་སྤོང་ལ། དེ་ཉིད་ཀྱི་འགོག་པ་མངོན་དུ་བྱེད། དེ་ཉིད་ཀྱི་ཚེ་ཐོབ་བྱེད་ཀྱི་ལམ་གོམས་པར་བྱས་པའང་ཡིན་ལ། དེའང་སེམས་ཀྱི་སྐད་ཅིག་མ་གཅིག་ལ་འགྲུབ་པས་འབྲས་བུའི་མངོན་པར་རྟོགས་པ་ལ་ལྟོས་ནས་གཅིག་ཏུ་བཞག་གོ །སོ་སོར་མངོན་པར་རྟོགས་པ་ལས་ནི་སྐད་ཅིག་མ་བཅུ་དྲུག་ཡིན་ཏེ། བདེན་པ་བཞི་པོ་རེ་རེ་ལ་ཡང་ལོག་པར་རྟོག་པ་དུ་མ་འབྱུང་བས། དེ་སེལ་བྱེད་ཀྱི་ཡེ་ཤེས་ཀྱང་དེ་སྙེད་དུ་འབྱུང་བས་སོ། །དེ་ལྟར་ཞུགས་པ་དང་གནས་པའི་རྣམ་པར་བཞག་པའང་ལེགས་པར་གནས་པ་ཡིན་ནོ་ཞེས་སོ། །གཞན་དག་ན་རེ། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་པའི་ཚུལ་གྱིས་ཡེ་ཤེས་སྐད་ཅིག་མ་གཅིག་གིས་བདེན་པ་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་བས་སོ་སོར་མངོན་པར་རྟོགས་པ་ལས་ཀྱང་སྐད་ཅིག་མ་གཅིག་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་འགྲེལ་ཆེན་དུ་ཕྱོགས་ཕྱི་མ་ཞུགས་པ་དང༌། གནས་པའི་རྣམ་པར་བཞག་པ་མི་རུང་བས་སུན་ཕྱུང་ནས་རང་ཕྱོགས་སུ་བཤད་པ་ནི། ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་བའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །ཞེས་པ་ལྟར་བདེན་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་དུ་མ་མེད་ན་མཐོང་བ་ཙམ་གྱིས་བདེན་པ་མངོན་པར་རྟོགས་པ་མཐར་ཕྱིན་ཡང༌། བདེན་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་དུ་མ་ཡོད་པས་དེ་སེལ་བྱེད་ཀྱི་ཡེ་ཤེས་དེ་སྙེད་དུ་འཇུག་པས་ན། འདི་ལྟར་འགྱུར་ཏེ་ཆོས་ཉིད་ཆ་ཤས་མེད་པ་ལ་མཐོང་མ་མཐོང་ཆ་གཉིས་མེད་པས་བདེན་བཞིའི་ཆོས་ཉིད་གཅིག་ཅར་མཐོང་བས་མཐོང་བ་ལ་སྐད་ཅིག་མ་གཅིག་ཡིན་ཡང་སྒྲོ་འདོགས་སེལ་བྱེད་ཀྱི་རྗེས་ཐོབ་ཀྱི་ངེས་པ་བསྐྱེད་པའི་ནུས་པ་བཅུ་དྲུག་མཉམ་གཞག་ཏུ་རིམ་ཅན་དུ་ཐོབ་པ་ལས་བཅུ་དྲུག་གོ །ཕྱི་མ་རྣམས་ཀྱིས་སྔ་མས་མ་མཐོང་བ་མཐོང་བར་བྱར་མེད་པས་མཐོང་ལམ་དུ་མི་འགྱུར་རོ་ཞེ་ན། མཐོང་བ་ལ་ཁྱད་པར་མེད་ཀྱང་བདེན་པའི་ཆ་ཤས་གང་ལ་བཟློག་ཕྱོགས་ཀྱི་སྒྲོ་འདོག་གཅོད་པའི་ནུས་པ་ཐོབ་པ་ན་རྟོགས་པའི་ཐ་སྙད་ཐོབ་ཅིང་ནུས་པ་ཡང་རིམ་ཅན་དུ་འབྱུང་པས་ཕྱི་མ་རྣམས་ཀྱིས་སྔར་མ་རྟོགས་པ་གསར་དུ་རྟོགས་པར་བྱར་ཡོད་པའི་ཕྱིར་མཐོང་ལམ་དུ་འཐད་དོ། །མཐོང་བ་ཙམ་གྱིས་སྒྲོ་འདོགས་མི་སེལ་ན་སོ་སོ་སྐྱེ་བོ་དང༌། ཁྱད་པར་ཅི་ཡོད་ཅེ་ན། འཕགས་པ་རྣམས་ཀྱིས་སྒྲོ་འདོགས་ཀྱི་ཆ་ཤས་གང་སྤངས་པ་དེ་ནི་ས་བོན་སྤོང་ནུས་པས་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་ལ། སོ་སྐྱེ་རྣམས་ཀྱིས་མི་ནུས་པས་བྱེ་བྲག་ཡོད་དོ། །ནུས་པ་བཅུ་དྲུག་རིམ་ཅན་དུ་ཐོབ་ཀྱང་དང་པོར་སྡུག་བསྔལ་དང་དེ་ནས་ཀུན་འབྱུང་ལ་ངེས་པ་འདྲེན་པ་སོགས་ཀྱི་གོ་རིམ་ཡོད་པར་ཅིས་འགྲུབ་ཅེ་ན། རྒྱུད་བླར། ནང་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་པ་ལྟར། སྦྱོར་བའི་གནས་སྐབས་སུ་ཐོག་མར་གཏན་ལ་འབེབས་པའི་རིམ་པ་དང་མཐུན་པར་བསྒོམས་པའི་དབང་གིས་རིམ་པར་འབྱུང་བ་ཡིན་ནོ། །དེ་ལྟར་ན་མཐོང་བ་ལ་སྐད་ཅིག་མ་གཅིག་ཡིན་ཡང་རྟོགས་པའི་རིམ་པ་ལ་བཅུ་དྲུག་ཡིན་པས་ཞུགས་པ་དང་གནས་པའི་གང་ཟག་གི་རྣམ་པར་བཞག་པ་ཡང་འཐད་པ་ཡིན་ནོ། །སྒྲོ་འདོགས་སེལ་བྱེད་ཀྱི་རྗེས་ཐོབ་ཀྱི་ངེས་ཤེས་བཅུ་དྲུག་པོ་མཐོང་ལམ་དུ་ནུས་པ་ཐོབ་ཀྱང་སྒོམ་ལམ་དུ་མངོན་དུ་འགྱུར་བ་ཡིན་ཏེ། ཀུན་ལས་བཏུས་སུ། མཐོང་བའི་ལམ་ལ་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་རྣམས་ཐོབ་སྟེ། མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་དག་ནི་སྒོམ་པའི་ལམ་ལ་མངོན་དུ་བྱེད་དེ། གཉིས་པ་ཡན་ལག་གི་དོན་ལ། ཡེ་ཤེས་མདོར་བསྟན། རྣམ་པ་རྒྱས་པར་བཤད། གཞན་གྱི་ལོག་རྟོག་དགག་པའོ། །དང་པོ་ལ་རྩ་བ་ནི་བདེན་དང་ཞེས་སོགས་སོ། །མདོ་ནི། ཡུམ་ནི་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་སོ། །འགྲེལ་པ་ལ། བྱང་ཆུབ་སེམས་དཔས་བསྒོམ་པར་བྱ་བའི་མཐོང་བའི་ལམ་ནི་ཕན་ཡོན་ཆེན་པོ་ཞེས་བརྗོད་དོ། །གང་དུ་ཞེ་ན། ལམ་ཤེས་པ་ཉིད་ཀྱི་སྐབས་སུའོ། །དེ་གང་ཞེ་ན་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང༌། རྗེས་སུ་ཤེས་པ་ཞེས་བྱ་བ་བཟོད་པ་དང༌། ཤེས་པའི་སྐད་ཅིག་མ་བཞི་པོ་སོ་སོར་སྡུག་བསྔལ་ལ་སོགས་པའི་བདེན་པ་ཡུལ་དུ་ལྡན་པས་ཡུལ་ཡུལ་ཅན་དུ་འབྲེལ་བའོ། །ཡོན་ཏན་གྱི་ཁྱད་པར་ནི་ཚེ་འདིའི་ཡོན་ཏན་དང་ཚེ་རབས་གཞན་པའི་ཡོན་ཏན་གཉིས་དག་དང་ལྡན་པའོ། །གཉིས་པ་ལ་མཚམས་སྦྱར་བ་ནི། རྣམ་པ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། གཉིས་པ་ཚིག་དོན་ལ། རྒྱས་པར་བཤད་པ་དང་དོན་བསྡུ་བའོ། །དང་པོ་ལ་བཞི་ལས། སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་ནི། དེ་བཞིན་ཉིད་དང་སངས་རྒྱས་དག་ཕན་ཚུན་རྣམ་གྲངས་ཀྱིས་གནས་པར་ཁས་མི་ལེན་ཏེ། དོན་དམ་པའི་ཚུལ་ཉིད་ཀྱིས་ཡུལ་དེ་བཞིན་ཉིད་དང་ཡུལ་ཅན་སངས་རྒྱས་དག་ལ། རྟེན་དང་བརྟེན་པའི་དངོས་པོ་མེད་པ་དེའི་ཕྱིར། གཟུགས་ལ་སོགས་པ་ལ་ཆེན་པོ་ཞེས་བྱ་སྟེ། དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སོ། །གཟུགས་སོགས་དེ་དག་འཇལ་བྱེད་ཀྱི་ཚད་མ་མེད་པ་ཡིན་ཏེ། སྔ་མ་དེ་བཞིན་དུ་ཆོས་དབྱིངས་ཡིན་པ་ཉིད་ཀྱིས་སོ། །གཟུགས་སོགས་དེ་དག་ཚད་ཀྱིས་བཟུང་དུ་མེད་དེ། སྔ་མ་བཞིན་དུ་ཆོས་དབྱིངས་ཉིད་ཀྱིས་སོ། །དཔེར་ན་ནམ་མཁའ་ཚད་མེད་པ་ལྟར་རོ། །འདིར་གཟུགས་ཅན་གྱི་ཚད་ནི་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པ་ལ་རྟེན་པའི་དབྱིབས་ཡིན་ལ། གཟུགས་ཅན་མ་ཡིན་པ་ལ་ནི་སྐད་ཅིག་མ་ཉིད་ཚད་དོ། །དོན་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཚད་གཉིས་ཀྱིས་བཟུང་དུ་མེད་ཅེས་པའོ། །བཞི་པོ་དེ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་དག་ཡིན་ནོ། །ཀུན་འབྱུང་གི་བདེན་པའི་རྣམ་པ་བཞི་ནི། གཟུགས་ལ་སོགས་པ་ལ་རྟག་པ་དང་ཆད་པ་དང་དབུས་ལ་སོགས་པ་མེད་དེ། ངོ་བོ་ཉིད་མེད་པ་ཉིད་ཀྱིས་སོ། །ཀུན་འབྱུང་ལ་ཆོས་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་རྣལ་འབྱོར་པ་ནི། གཟུགས་ལ་སོགས་པའི་རང་བཞིན་ལ་དེ་བཞིན་གཤེགས་པ་ཉིད་དུ་ངེས་པར་འཛིན་ཏེ། གཟུགས་སོགས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་རྟོགས་པ་ཉིད་ཀྱིས་སོ། །དེ་བཞིན་དུ་ཆོས་བཟོད་ཀྱི་ཤེར་ཕྱིན་དེ་ལ་གནས་པ་ནི། ཆོས་ཐམས་ཅད་ལ་བླང་བ་དང་དོར་བ་མེད་པར་བསྒོམ་པ་ལ་སོགས་པ་དང་སྐད་ཅིག་མ་བརྒྱད་པ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་མོས་པ་སྔོན་དུ་འགྲོ་བའི་ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། མ་བསྒོམས་ན་དེའི་ཚེ་སྡུག་ཀུན་གྱི་ཉེས་དམིགས་མཐོང་བས་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པར་འགོག་པར་ལྟུང་བས་སོ། །བཞི་པོ་དེ་ལྟ་བུ་ནི་ཀུན་འབྱུང་བདེན་པའི་རྣམ་པ་དག་གོ །འགོག་བདེན་གྱི་རྣམ་པ་བཞི་ནི། གཟུགས་ལ་སོགས་པའི་ངོ་བོ་གཉུག་མ་རང་བཞིན་ཁོ་ནས་སྟོང་པ་ཉིད་དང༌། ཆོས་ཀྱི་དབྱིངས་དང་ཚད་མེད་པར་མཉམ་པའི་དགེ་བའི་རྩ་བ་རྣམས་ཀྱི་འབྲས་བུ་དེ་བཞིན་གཤེགས་པ་ཉིད་འཐོབ་པ་དང༌། འགོག་པ་ལ་རྗེས་བཟོད་ཀྱི་ཕ་རོལ་ཏུ་ཕྱིན་པར་གཉེན་པོའི་རིགས་རྣམས་རྣམ་པ་ཐམས་ཅད་དུ་བསྡུས་པ་དང༌། རྗེས་ཤེས་ཀྱི་ཤེར་ཕྱིན་དེ་ཉིད་ཀྱིས་ཕྱི་དང་ནང་གི་འཚེ་བ་རབ་ཏུ་ཞི་བ་ཞེས་བྱའོ། །བཞི་པོ་དེ་ལྟ་བུ་ནི་འགོག་པའི་བདེན་པའི་རྣམ་པ་དག་ཡིན་ནོ། །ལམ་བདེན་གྱི་རྣམ་པ་བཞི་ནི་ལམ་ལ་ཆོས་བཟོད་ནི་འདུས་བྱས་གཟུགས་ལ་སོགས་པ་དང༌། འདུས་མ་བྱས་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་ཞི་བ་ཡིན་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒོམས་པས་སོ། །ལམ་ལ་ཆོས་ཤེས་ལ་གནས་པ་ནི་སངས་རྒྱས་རྣམས་ཀྱིས་ལྷས་བྱས་པའི་གནོད་པ་ལས་བསྲུང་བ་དང༌། འབྱུང་བས་བྱས་པའི་གནོད་པ་ལས་སྐྱོབ་པ་དང༌། ནང་གི་གནོད་པ་ལས་སྦ་བ་དག་མཛད་དེ། ཤེས་རབ་དང་ཐབས་ལ་མཁས་པ་ལ་ཞུགས་པས་སོ། །ལམ་ལ་རྗེས་བཟོད་ལ་གནས་པ་ནི་བདག་ཉིད་སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྔོན་དུ་འགྲོ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ལ་གནས་ནས་དེ་ཉིད་ལ་གཞན་དག་འགོད་པར་བྱེད་དེ། གཞན་དོན་དུ་སངས་རྒྱས་ཉིད་ཐོབ་པར་མངོན་པར་འདོད་པས་སོ། །ལམ་ལ་རྗེས་ཤེས་ལ་གནས་པ་ནི། དགེ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དེ། གཞན་དོན་དུ་སྦྱིན་པ་ལ་སོགས་པ་མི་ཟད་པར་བྱེད་འདོད་པས་སོ། །བཞི་པོ་དེ་ལྟ་བུ་ངག་ནི་ལམ་གྱི་བདེན་པའི་རྣམ་པ་དག་ཡིན་ནོ། །མཐོང་ལམ་ཐམས་ཅད་སྤྲོས་བྲལ་གྱི་རྣམ་པར་རོ་གཅིག་པ་མ་ཡིན་ནམ་ཇི་ལྟར་རྣམ་པ་སྣ་ཚོགས་བར་བཤད་ཅེ་ན། གདུལ་བྱའི་སྐྱེ་བོ་སྤྲོ་བ་སྐྱེད་པའི་དོན་དུ་རྗེས་ཐོབ་ཀྱི་ཕན་ཡོན་འདྲེན་པར་བྱེད་པའི་མཉམ་བཞག་གི་ནུས་པ་ལ་དེ་དག་གིས་མཚོན་ནས་གསུང་བར་མངོན་ནོ། །གཉིས་པ་ནི་ཇི་སྐད་བཤད་པ་དེ་ལྟ་བུའི་རྣམ་པ་ཅན་ནི་ལམ་ཤེས་པ་ཉིད་ཀྱི་སྐད་ཅིག་མ་དག་ཡིན་ན། གསུམ་པ་ལ། ཁས་བླངས་བརྗོད་པ་དང༌། དེ་དགག་པ་དངོས་སོ། །དང་པོ་ནི། རྒྱན་གྱི་འགྲེལ་བྱེད་ཁ་ཅིག སྐབས་འདིར་མཐོང་ལམ་མདོར་བསྟན་གྱི་ཚིག་ལེའུར་བྱས་པའི་དོན་ཉེ་བར་མཚོན་ཅིང་གསལ་བར་བྱེད་པ་ལྷུར་ལེན་པའི་གཞུང༌། དེ་བཞིན་ཉིད་དང་ཞེས་སོགས་ཀྱིས་རྣམ་པའི་དོན་མ་བཤད་པར་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་ཉེ་བར་མཚོན་པ་ཉི་ཚེ་མཛད་པར་ཟད་དེ། སྔར་སྐབས་དང་པོར་བཤད་པ་དང་སྔར་མ་བཤད་པའི་ངེས་འབྱེད་ཆ་མཐུན་དང༌། སོགས་པ་གཞི་ཤེས་ཀྱི་མཐོང་ལམ་ལ་སོགས་པ་རྣམས་སུའང་རྣམ་པའི་དོན་མ་བཤད་པར་དབྱེ་བ་ཙམ་བསྟན་པ་དེ་བཞིན་དུ་ལྟ་བར་བྱའོ་ཞེས་ཟེར་རོ། །གཉིས་པ་ནི། རིགས་པས་དགག་པ་ནི། གཞན་རྣམ་པ་བསྟན་པར་འདོད་པ་དག་ན་རེ། དེ་བཞིན་ཉིད་དང་ཞེས་སོགས་ཀྱི་གཞུང་དེ་དག་གིས་མཉམ་བཞག་དུ་བསྒོམ་པའི་རིམ་པ་དང་རྗེས་ཐོབ་དུ་ཡིད་ལ་བྱ་བའི་རིམ་པ་ལ་སོགས་པ་མ་བསྟན་པར་འགྱུར་ཏེ། རྣམ་པ་མ་བསྟན་པའི་ཕྱིར། འདོད་ན། མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པར་འགྱུར་རོ། །ལུང་གི་དགག་པ་ནི། སྐྱོན་གཞན་ལུང་འགལ་ཡང་ཡོད་དེ། རྣམ་པ་མ་བསྟན་ན། དམིགས་པ་དང་ནི་རྣམ་པ་དང་ཞེས་བྱ་བ་ལ་སོགས་པའི་དོན་ཀྱང་ཇི་ལྟར་དྲང་སྟེ་དྲང་དུ་མི་རུང་ངོ་ཞེས་ཟེར་རོ། །གཉིས་པ་སྒོམ་པའི་ལམ་ལ། སྤྱི་དང་ཡན་ལག་གི་དོན་གཉིས་ལས། དང་པོ་ལ་ཐོབ་བྱེད་ཀྱི་གང་ཟག ཏིང་ངེ་འཛིན་གང་ལ་རྟེན་པ། རྟེན་པ་བསྒོམ་ལམ་གྱི་ངོ་བོ། དང་པོ་ནི། ཉན་ཐོས་ཁམས་གསུམ་ཀ་དང༌། རང་རྒྱལ་འདོད་པའི་རྟེན་ཅན་ནོ། །བྱང་སེམས་འཕགས་པ་རྣམས་ནི། འདོད་གཟུགས་ཀྱི་རྟེན་ཅན་དུ་ངེས་ཏེ། གཟུགས་མེད་པའི་ཁམས་ནི་སེམས་ཅན་འདུལ་བའི་གནས་མ་ཡིན་པས་སོ། །གཉིས་པ་ལ། མངོན་པ་ལས་ཟག་མེད་ས་དགུ་ལ་རྟེན་པར་བཤད་ལ། འགྲེལ་ཆེན་ལས། བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པའི་ཕྱིར། ས་དགུ་ཀ་ལ་རྟེན་པར་བཤད་དོ། །གསུམ་པ་ལ་གསུམ་ཏེ། ངོ་བོ། དབྱེ་བ། སྤང་བྱ་སྤོང་ཚུལ་ལོ། །དང་པོ་ནི། བདག་མེད་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །དབྱེ་བ་ནི། རྗེས་ཐོབ་ཟག་པ་དང་བཅས་པ་དང༌། མཉམ་བཞག་ཟག་མེད་དོ། །ཟག་པ་ཡོད་མེད་ཀྱི་དོན་ལ་སྔ་རབས་པ་འགའ་ཞིག་རྗེས་ཐོབ་འཁྲུལ་པའི་སྣང་བ་མངའ་བས་ཟག་བཅས་དང༌། མཉམ་བཞག་སྣང་མེད་ཡིན་པས་ཟག་མེད་ཡིན་ཞེས་བཞེད་ཀྱང༌། སློབ་དཔོན་མཉམ་བཞག་སྣང་བཅས་སུ་འདོད་པས་མཉམ་བཞག་ཟག་བཅས་སུ་ཐལ་བར་འགྱུར་བས་མི་རིགས་སོ། །དེས་ན་རྗེས་ཐོབ་ནི་ཟག་བཅས་ཞེས་བརྗོད་དེ། གཟུང་འཛིན་ཐ་དད་པ་ཅན་གྱི་ཤེས་སྒྲིབ་ཀྱི་རྣམ་རྟོག་དང་བཅས་པའི་ཕྱིར། མཉམ་བཞག་ནི་ཟག་མེད་ཅེས་བརྗོད་དེ། གཟུང་འཛིན་ཐ་དད་པ་ཅན་གྱི་ཤེས་སྒྲིབ་ཀྱི་རྣམ་རྟོག་མེད་པའི་ཕྱིར། ཆོས་ཀྱི་བཤེས་གཉེན་གྱིས་རྣམ་རྟོག་དང་བཅས་པས་ཟག་བཅས་དང༌། རྟོག་པ་དང་བྲལ་པས་ཟག་མེད་དུ་བཤད་པ་ལྟར་བཟུང་ངོ༌། །རྟོག་པའང་གཟུང་འཛིན་ཐ་དད་པའི་རྣམ་པ་ཅན་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལ་འདོད་དོ། །སྒྲ་དོན་འདྲེན་འཛིན་གྱི་རྟོག་པ་ནི་མ་ཡིན་ཏེ། ས་བརྒྱད་པ་ཡན་ཆད་ན་མེད་པའི་ཕྱིར་རོ། །གསུམ་པ་ལ། སྤང་བྱ་སྤྱིར་སྤོང་ཚུལ་དང༌། གང་ཟག་སོ་སོའི་སྤོང་ཚུལ་ལོ། །དང་པོ་ལ། སྤང་བྱ་གང་སྤོང་བ། གཉེན་པོ་གང་གིས་སྤོང་བ། ཚུལ་ཇི་ལྟར་སྤོང་བ་དང་གསུམ་མོ། །དང་པོ་ནི། མཐོང་སྤང་དང༌། སྒོམ་སྤང་གཉིས་ཏེ། ལམ་གྱི་མི་མཐུན་ཕྱོགས་ནི་འདི་གཉིས་ཁོ་ནར་ཟད་པའི་ཕྱིར་རོ། །དེ་ལ་ཉོན་མོངས་ཀྱི་དབང་དུ་བྱས་པ་གཉིས་ཏེ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་དང༌། འབྲས་བུ་སྡུག་བསྔལ་གྱི་ཕུང་པོའོ། །དང་པོ་ནི། དངོས་སུ་སྤང་པར་བྱ་བ་ཡིན་ལ། གཉིས་པ་ནི་བརྒྱུད་ནས་སྤང་པར་བྱ་བ་ཡིན་ནོ། །གང་གིས་སྤོང་པ་ལ་ནི། སུན་འབྱིན་པའི་གཉེན་པོ་དང༌། སྤོང་པ་གཉེན་པོ། གཞི་གཉེན་པོ། ཐག་སྲིད་པའི་གཉེན་པོའོ། །དང་པོ་ནི། ཐོག་མར་ཟག་པ་དང་བཅས་པ་རྣམས་ལ་ཉེས་དམིགས་སུ་བལྟ་བའོ། །གཉིས་པ་ནི། སྦྱོར་བ་དང་བར་ཆད་མེད་པའི་ལམ་མོ། །གསུམ་པ་ནི། རྣམ་པར་གྲོལ་པའི་ལམ་མོ། །བཞི་པ་ནི། ཁྱད་པར་གྱི་ལམ་མོ། །གསུམ་པ་ཇི་ལྟར་སྤོང་བ་ལ། གཞན་ལུགས་དགག་རང་ལུག་བཞག དེ་ལ་བརྩོད་པ་སྤང་བའོ། །དང་པོ་ནི། ཚིག་ཙམ་གྱི་རྗེས་སུ་འབྲང་བའི་མཁས་པར་ཁས་འཆེ་མང་པོ་དག་མངོན་པ་གོང་མ་ལྟར་ན། གཉེན་པོ་སྐྱེ་བ་དང༌། སྤང་བྱ་འགག་པ་དུས་མཉམ་པས་སྐྱེ་འགྱུར་གྱིས་སྤོང་ལོ། །འོག་མ་ལྟར་ན། སྤང་གཉེན་ལྷན་ཅིག་སྐྱེ་བ་དང་འགག་པས་འགག་འགྱུར་གྱིས་སྤོང་ཤེས་ཟེར་རོ། །སྐྱེ་འགྱུར་མ་འོངས་པ་ཡིན་པས་མ་སྐྱེས་པའི་ཕྱིར་སྤང་བྱ་སྤོང་བའི་བྱེད་པ་ཉེ་བར་མི་གནས་ན་ཇི་ལྟར་སྤོང་བར་བྱེད། གཏན་ལ་དབབ་པ་བསྡུ་བ་ལས། སྤོང་བའི་གཉེན་པོ་དེ། སྐྱེས་ནས་སྤོང་ངམ་མ་སྐྱེས་པས་སྤོང་ཞེ་ན། མ་སྐྱེས་པས་མ་ཡིན་ནོ། །སྐྱེས་ནས་ཀྱང་དུས་ཕྱིས་ནི་མ་ཡིན་ཏེ། ཞེས་པས་གཉེན་པོ་སྐྱེས་པའི་དུས་ཉིད་དུ་སྤོང་བར་བཤད་དོ། །འགའ་ཞིག་ཀུན་ལས་བཏུས་ཀྱི་འགྲེལ་པར། སྤོང་གཉེན་གྱིས་སྤང་བྱ་མངོན་གྱུར་མི་སྤོང་སྟེ། འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་བ་ནི་ལམ་དང་མཉམ་དུ་མི་འཇུག་པས་སོ་ཞེ་ན། འོ་ན་སྣང་བས་མུན་པ་མི་སེལ་བར་འགྱུར་ཏེ། འདས་པ་ནི་འགགས། མ་འོངས་པ་ནི་མ་སྐྱེས། ད་ལྟར་བ་ནི་སྣང་བ་དང་མཉམ་དུ་མི་འཇུག་པའི་ཕྱིར་རོ། །ཞེས་མཚུངས་ལ། གཞན་ཡང་སྤང་བྱའི་ས་བོན་ལ་གནོད་པ་བྱེད་པའི་སྒོ་ནས་མངོན་གྱུར་གྱི་རྒྱུན་གཅོད་པའི་ཕྱིར། ཅིའི་ཕྱིར་སྤང་བྱར་མི་འདོད། གཉིས་པ་ནི། དེ་བས་ན་མངོན་གྱུར་ལ་དངོས་སུ་གནོད་པ་བྱེད་པའི་སྒོ་ནས་སྤོང་བ་མ་ཡིན་ཏེ། འདས་པ་ནི་འགགས། མ་འོངས་པ་ནི་མ་སྐྱེས། ད་ལྟར་བ་ནི་ལམ་དང་མཉམ་དུ་མི་འཇུག་པས་དངོས་སུ་གནོད་པ་བྱར་མེད་པའི་ཕྱིར་རོ། །ས་བོན་ལ་ནི་མི་མཚུངས་ཏེ། དམིགས་རྣམ་མི་འཛིན་པས་ལམ་ད་ལྟར་བ་དང་མཉམ་དུ་འཇུག་དུ་རུང་བའི་ཕྱིར། དེ་ཡང་མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤང་གི་ས་བོན་ལ་དངོས་སུ་གནོད་པ་བྱེད་པ་ན་སྤོང་བ་ཡིན་ལ། ཕྱི་མ་བསྐྱེད་པའི་ནུས་པ་བཅོམ་ཟིན་པ་ན་མི་སྐྱེ་བའི་ཆོས་ཅན་དུ་བྱས་པས་དེའི་ཚེ་སྤངས་པ་ཞེས་བྱའོ། །ཀུན་བཏུས་ལས། ཕྱི་མི་སྐྱེ་བའི་ཆོས་ཅན་དུ་འཇོག་པ་ནི་སྤོང་བའོ། །ཞེས་གསུངས་སོ། །བར་ཆད་མེད་ལམ་གྱི་དུས་སུ་མངོན་གྱུར་འགགས་ཀྱི་ས་བོན་མ་སྤངས་ཏེ། ས་བོན་སྤངས་ན་རྣམ་གྲོལ་ལམ་དང་འགོག་པ་ཐོབ་དགོས་པས་སོ། །གསུམ་པ་ནི། སྤང་གཉེན་ལྷན་ཅིག་མི་གནས་འགལ་མ་ཡིན་པར་འགྱུར་ཏེ། བར་ཆད་མེད་ལམ་གྱི་དུས་སུ་ས་བོན་མ་འགགས་པའི་ཕྱིར་ཞེ་ན། སྤང་བྱ་དང་ས་བོན་གཉིས་སུ་ཕྱེ་བའི་ཟླས་དབྱེ་བའི་སྤང་བྱ་དང་ལྷན་ཅིག་མི་གནས་པར་སྟོན་པ་ཡིན་གྱི་ས་བོན་ལ་འདོད་པ་མ་ཡིན་ནོ། །ཚུལ་འདིས་རྒྱུན་མཐའི་བར་ཆད་མེད་ལམ་དང་གནས་ངན་ལེན་གྱི་དྲི་མ་སྤོང་ཚུལ་ཡང་རྟོགས་པར་བྱའོ། །གཉིས་པ་གང་ཟག་སོ་སོའི་སྤོང་ཚུལ་ལ། ཉན་ཐོས་དང༌། རང་རྒྱལ་དང༌། བྱང་སེམས་ཀྱི་སྤོང་ཚུལ་ལོ། །དང་པོ་ལ་རིམ་གྱིས་པ་དང༌། ཅིག་ཆར་བ་གཉིས་ལས་དང་པོས་ནི། འདོད་པ་ནས་སྲིད་རྩེའི་བར་གྱི་སྒོམ་སྤང་རྣམས་རེ་རེ་ནས་ཕྱེ་ཏེ་སྤོང་བ་ཡིན་ལ། གཉིས་པ་ནི། འདོད་པའི་སྒོམ་སྤང་དང་པོ་སྤོང་བ་དང་དུས་མཉམ་པར། གོང་མ་རྣམས་ཀྱི་དང་པོ་རྣམས་ཀྱང་སྤོང་ངོ༌། །གཉིས་པ་རང་རྒྱལ་གྱི་སྤོང་ཚུལ་ལ། ཉན་ཐོས་ཅིག་ཆར་བ་རང་རྒྱལ་དུ་གྱུར་པས་ནི་སྤང་བྱ་ལྷག་མ་སྔར་གྱི་ལྟར་སྤོང་ལ། གཞན་དག་གིས་ནི་རིམ་གྱིས་པ་ལྟར་རོ། །གསུམ་པ་ལ་ཉོན་སྒྲིབ་དང༌། ཤེས་སྒྲིབ་སྤོང་ཚུལ་ལོ། །དང་པོ་ལ། ཁ་ཅིག་གཅིག་ཆར་བའི་སྤོང་ཚུལ་ལྟར་འདོད་པ་ནི། གནད་ཀྱི་ཟླ་འོད་དུ། ཕྱིར་མི་འོང་དུ་བཞག་པའི་ཚེ་ས་དགུའི་སྒོམ་སྤང་མ་ལུས་པ་སྤངས་ཟིན་པས་དགྲ་བཅོམ་དུ་ཐལ་བ་སོགས་ཀྱི་དགག་པ་མཛད་ཅིང༌། དགོངས་འགྲེལ་དང་བྱང་ས་ལས། ས་གསུམ་པ་ཉིད་དུ་འདོད་པ་ལ་འདོད་ཆགས་དང་བྲལ་བར་བཤད་པ་དང་ཡང་འགལ་བས་མི་འཐད་དོ། །དེས་ན་འཕགས་པས་ཆགས་བྲལ་སྔོན་འགྲོའི་རྣམ་བཞག་མཛད་ནས། འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དང༌། ཅི་ཡང་མེད་མན་ཆད་ལས་བྲལ་ཟིན་པའི་བྱང་སེམས་མཐོང་ལམ་པ་གསུངས་པས་རིམ་གྱིས་པའི་སྤོང་ཚུལ་ལྟར་མངོན་ནོ། །གཉིས་པ་ནི། འདོད་པའི་རྣམ་པར་རྟོག་པ་རྣམས། ཆེ་འབྲིང་ཆུང་གསུམ་དུ་བསྡུས་ནས། ས་གཉིས་པ་ནས་བཞི་པའི་བར་གྱིས་སྤོང་ལ། གཟུགས་ན་སྤྱོད་པ་རྣམས་ཀྱང་གསུམ་དུ་བསྡུས་ནས། ལྔ་པ་ནས་བདུན་པའི་བར་དང༌། གཟུགས་མེད་ན་སྤྱོད་པ་རྣམས་ཀྱང་གསུམ་དུ་བསྡུས་ནས། དག་པ་ས་གསུམ་གྱིས་སྤོང་བར་བྱེད་དེ། རིམ་གྱིས་པའི་ཚུལ་ལྟར་སྤོང་པའི་ཕྱིར་རོ། །འདི་ཡང་རགས་པའི་རྣམ་བཞག་ཡིན་གྱི་ཞིབ་ཏུ་རྣམ་པར་ཕྱེ་ན་རེ་རེ་ལའང་ཆུང་ངུ་འབྲིང་ཆེན་པོ་གསུམ་གསུམ་དུ་ཕྱེ་བས་སྤང་བྱའི་གྲངས་བཞིན་འབྱུང་སྟེ། ཉི་ཁྲི་སྣང་བ་ལས། ས་དགུ་པོ་རྣམས་ལ་སོ་སོར་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུའི་གཉེན་པོ། སྒོམ་པའི་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་རྣམ་པ་དགུར་ཕྱེ་བ་ཡིན་ནོ། །ཞེས་སོ་སོའི་སྒྲ་འབྱུང་བས་སོ། །གཉིས་པ་ལ། སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་མོ། །དང་པོ་ལ། མཚམས་སྦྱར་བ་ནི། སྐྱེ་རིམ་ལྟར་ན་མཐོང་བའི་ལམ་གྱི་མཇུག་ཐོགས་སུ་སྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་པ་ལས་རེ་ཤིག་ཐོག་མར་སྒོམ་ལམ་དེའི་བྱེད་པ་འཆད་དོ། །རྒྱུ་མཚན་བརྗོད་པར་བྱ་བ་ཉུང་བ་ཉིད་དང༌། དགོས་པ་གདུལ་བྱ་རྣམས་ཀྱིས་སྒོམ་ལམ་གྱི་འབྲས་བུ་ཐོབ་པ་ལ་སེམས་གཞོལ་བ་ཉིད་ཀྱི་སྒོ་ནས་རྒྱུ་སྒོམ་ལམ་ལ་གཞུག་པར་བྱ་བའི་ཕྱིར་རོ། །ཞུགས་ཞེས་པ་ནི་འགྱུར་མ་དག་པའོ། །གཉིས་པ་ཚིག་གི་དོན་ནི། སྐྱེས་བུ་བྱེད་པ་དང༌། རྣམ་སྨིན་དང༌། བདག་པོའི་འབྲས་བུ་གསུམ་ལས། དང་པོ་ལ། ནང་དང་ཕྱིའི་ཉེ་བར་འཚེ་བ་ཞི་བ་གཉིས་ལས། དང་པོ་ལ་གནས་སྐབས་ཀྱི་འབྲས་བུ་ནི། ཉོན་མོངས་པའི་ནུས་པ་བཅོམ་པས་རྣམ་པ་ཐམས་ཅད་དུ་སེམས་ལ་རང་དབང་ཉིད་དུ་བྱེད་པ་དང༌། ང་རྒྱལ་བཅོམ་པས་དགེ་བའི་བཤེས་གཉེན་ལ་སོགས་པ་སྐྱེ་བོ་ཐམས་ཅད་ལ་གུས་པས་འདུད་པ་དང༌། གཉིས་པ་མཐར་ཐུག་གི་འབྲས་བུ་ནི། སྒོམ་སྤང་གི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་ཟིལ་གྱིས་གནོན་པའོ། །ཕྱིའི་ཉེར་འཚེ་ཞི་བ་ནི། ཕ་རོལ་གྱིས་བྱས་པའི་གནོད་པ་རྗེས་སུ་སྒྲུབ་པའི་ཡུལ་མ་ཡིན་པའོ། །གཉིས་པ་ནི། སྤང་རྟོགས་ཡང་དག་པར་རྫོགས་པ་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའོ། །གསུམ་པ་ནི། སྒོམ་ལམ་གྱི་རྟེན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ཕྱོགས་ཀྱང་མཆོད་པར་བྱ་བ་ཉིད་དུ་བྱེད་པ་སྟེ། འདི་དག་ནི་སྒོམ་ལམ་གྱི་བྱེད་པ་རྣམ་པ་དྲུག་ཡིན་ནོ། །གཉིས་པ་ལ་དབྱེ་བའི་སྒོ་ནས་མཚམས་སྦྱར། ཕྱེ་བ་སོ་སོར་བཤད། དང་པོ་ནི། བྱེད་པའི་འོག་ཏུ་སྒོམ་པའི་ལམ་སྟེ། དེ་ཡང་རྣམ་པ་གཉིས་སོ། །ཇི་ལྟར་ཞེ་ན། རྣམ་པར་རྟོག་པའི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་བྱེ་བྲག་གིས་སོ། །གཉིས་པ་ལ་ཟག་བཅས་ཟག་མེད་གཉིས་ལས། དང་པོ་ལ། དབྱེ་བ་བསྟན་ཏེ་མཚམས་སྦྱར། སོ་སོར་ཕྱེ་སྟེ་བཤད། བྱེད་ལས་ཀྱི་སྒོ་ནས་དོན་བསྡུ། དང་པོ་ནི། གཉིས་ཡོད་པ་དེའི་ཕྱིར་དང་པོར། སྒོམ་པའི་ལམ་ཟག་པ་དང་བཅས་པ་བཤད་དོ། །དེ་ལ་མོས་པ་དང་བསྔོ་བ་དང་རྗེས་སུ་ཡི་རང་བ་གསུམ་སྟེ། དགེ་བ་སོགས་པ་དང༌། ཆུད་མི་ཟ་བ་དང༌། སྤེལ་བར་བྱེད་པའི་བྱེ་བྲག་གིས་སོ། །གཉིས་པ་ལ་མོས་པ་དང༌། བསྔོ་བ་དང༌། རྗེས་སུ་ཡི་རང་གསུམ་ལས། དང་པོ་ལ། དངོས་དང༌། ཕན་ཡོན་ནོ། །དང་པོ་ལ་མཚམས་སྦྱར་བ་ནི། གསུམ་པོ་རྣམས་ཀྱི་ནང་ནས། སྒོམ་པའི་ལམ་དང་པོར་མོས་པ་ཡིད་ལ་བྱེད་པ་ཞེས་བྱ་བ་གསུངས་སོ། །གཉིས་པ་རྩ་བའི་དོན་ལ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་ངོ་བོ་དང༌། ཡུལ་དང༌། དོན་སྒྲུབ་ཚུལ། ས་མཚམས་སོ། །དང་པོ་ནི། ལུང་རིགས་ཀྱི་རྒྱུ་ལས། ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་མཐའ་གཅིག་ཏུ་ངེས་པར་འཛིན་པའི་དད་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ཡུལ་ལ་གཉིས་ཏེ། དངོས་དང༌། ཆེད་དུ་བྱ་བའི་དམིགས་པའོ། །དང་པོ་ནི། ཡུམ་བརྗོད་བྱེད་དང་བཅས་པ་ཡིན་ལ། གཉིས་པ་ནི། རང་གཞན་གྱི་དོན་གསུམ་མོ། །གསུམ་པ་ནི། རང་དོན་མོས་པས་གཙོ་བོར་རང་དོན་དང༌། གཞན་དོན་ཆེད་དུ་བྱ་བས་སྒྲུབ་ཏེ། གཞན་གྱི་ཆེད་དུ་བདག་མེད་སྒོམ་པས་རང་གི་རྒྱུད་སྨིན་པ་ལྟར་རོ། །གཉིས་དོན་མོས་པས་གཉིས་ཀའི་དོན་སྒྲུབ་སྟེ། རང་ཡང་ཤེར་ཕྱིན་ལ་སྤྱོད་ཅིང་གཞན་ཡང་དེ་ལ་བཀོད་པས་གཉིས་ཀའི་རྒྱུད་སྨིན་པ་ལྟར་རོ། །གཞན་དོན་མོས་པས་ནི་གཙོ་བོར་གཞན་དོན་བསྒྲུབ་ནས་ཞར་ལ་རང་དོན་སྒྲུབ་པ་སྟེ། རང་གིས་རྟོགས་པ་གཞན་ལ་བསྟན་པས་གཞན་སྨིན་པར་བྱེད་པ་ལྟར་རོ། །བཞི་པ་ལ། རང་དོན་མོས་པ་ནི། མ་དག་ས་བདུན་གྱི་རྗེས་ཐོབ་ཀྱིས་བསྡུས་ཏེ། ཉོན་ཡིད་མ་སྤངས་པས་ང་རྒྱལ་ཕྲ་མོ་འབྱུང་བའི་ཕྱིར། གཉིས་དོན་མོས་པ་ནི། ས་བརྒྱད་པ་དང༌། དགུ་པས་བསྡུས་ཏེ། ཉོན་ཡིད་གནས་གྱུར་པས། བདག་གཞན་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར། གཞན་དོན་མོས་པ་ནི། ས་བཅུ་པས་བསྡུས་ཏེ། གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཉམ་པའི་ཕྱིར། འགྲེལ་ཆེན་ལས། བདག་ཏུ་ང་རྒྱལ་པའི་ས་བོན་མ་ཟད་པ་ཉིད་ཀྱིས་དང་པོ་ཁོ་ན་རང་གི་དོན་གྱི་མོས་པ་ཞེས་པ་དང༌། རང་དང་གཞན་མཉམ་པ་ཉིད་ཀྱིས་རང་དང་གཞན་གྱི་དོན་གྱི་མོས་པ་ཞེས་པ་དང༌། འདིར་ནི་གཞན་དོན་ལྷུར་ལེན་པའོ་ཞེས་པའི་དོན་ནོ། །གཉིས་པ་ལ། མདོ་དགོད་པ་དང༌། ཚིག་དོན་ནོ། །དང་པོ་ནི། ལ་ལས་ཡུམ་འདི་བྲིས་ནས་དེ་གླེགས་བམ་དུ་བགྱིས་ཏེ། འཆང་ལ་མཆོད་པར་བགྱིས་པ་དང་ཞེས་སོ། །ཚིག་དོན་ལ་དབྱེ་བ་དང༌། དོན་བསྡུ་བའོ། །དང་པོ་ལ། ལུས་ཀྱི་དབྱེ་བ། ཡན་ལག་གི་དབྱེ་བ། ཉིང་ལག་གི་དབྱེ་བའོ། །དང་པོ་ནི། ཟག་བཅས་སྒོམ་ལམ་དུ་མ་ཟད་མོས་པའི་ངོ་བོ་ཡང་རྣམ་པ་གསུམ་མོ། །ཇི་ལྟར་གསུམ་ཡིན་ཞེ་ན། བསམ་པས་གཞན་དོན་བསྒྲུབ་པར་མཚུངས་ཀྱང་སྦྱོར་བས་རང་དང་གཉིས་ཀ་དང་གཞན་གྱི་དོན་ལ་དམིགས་ནས་ཤེར་ཕྱིན་ལ་མོས་པ་གསུམ་ཡོད་པ་ཉིད་ཀྱིས་སོ། །མོས་པ་བསྒོམ་པའི་དུས་སུ་དོན་གསུམ་འཐོབ་བམ་ཞེ་ན། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཇི་ལྟར་མོས་པ་བཞིན་དུ་དགེ་བའི་ཆོས་དོན་གསུམ་མཐོང་བ་སྟེ། འཐོབ་པའི་རྟེན་ཡིན་ན་ཡང་དང་པོར་མོས་པ་བསྒོམ་པའི་དུས་ཉིད་ནས་མངོན་དུ་མི་བྱེད་དེ། དོན་གསུམ་གྱི་རྒྱུའི་སྒོམ་པའི་ལམ་གྱི་དབང་དུ་བྱས་པ་ལས་སོ། །གཉིས་པ་ནི། གསུམ་པོ་དེ་དག་ཀྱང་རྣམ་པ་གསུམ་གསུམ་ཡིན་ཏེ། རེ་རེ་ཞིང་ཆུང་ངུ་དང་འབྲིང་པོ་ལ་སོགས་པ་གསུམ་གསུམ་ཡོད་པའི་བྱེ་བྲག་གིས་སོ། །གསུམ་པ་ནི། དགུ་པོ་དེ་ཡང་རྣམ་པ་གསུམ་གསུམ་ཡིན་ཏེ། སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པ་གསུམ་གསུམ་ཡོད་པའི་དབྱེ་བས་སོ། །དོན་བསྡུ་བ་ནི། མོས་པ་གསུམ་པོ་ལ་དགུ་དགུ་ཡོད་པ་དེ་ལྟར་ན། དགུ་ཚན་གསུམ་གྱིས་མོས་པ་རྣམ་པ་ཉི་ཤུ་རྩ་བདུན་ནོ། །གཉིས་པ་ཕན་ཡོན་ལ་གཉིས་ལས་མཚམས་སྦྱར་བ་ནི། མོས་པ་དེ་བསྒོམ་པའི་བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། གོང་དུ་བསྟན་པ་དེ་ལྟར། ཡུམ་ལ་མོས་པ་ལ་སངས་རྒྱས་ལ་སོགས་པས་བསྟོད་པ་ལ་སོགས་པ་མཛད་དོ་ཞེས་བསྟན་པའི་དོན་དུ། བསྟོད་བཀུར་བསྔགས་པ་གསུངས་སོ། །གཉིས་པ་ཚིག་དོན་ལ། རྩ་བའི་དོན་བཤད་པ་དང༌། རང་བཞིན་ངོས་བཟུང་བ་གཉིས་ལས། དང་པོ་ནི། བསྟོད་པ་དང་བཀུར་བ་དང་བསྔགས་པར་འདོད་དོ། །ཅི་ལྟར་ཞེ་ན། དོན་གསུམ་གྱི་འབྱུང་གནས་སུ་ཇི་ལྟར་མོས་པ་བཞིན་དོན་གསུམ་མཐོང་བའི་ཆོས་ཀྱི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པའི་རྣམ་པས་ཞུགས་པའི་མོས་པ་ཡིད་ལ་བྱེད་པ་དང་པོ་དང༌། གཉིས་པ་དང༌། གསུམ་པའི་གནས་སྐབས་གསུམ་ལས། དང་པོ་རང་དོན་མོས་པའི་གནས་སྐབས་དགུ་དག་དུ། གོ་རིམ་བཞིན་དུ་བསྟོད་པ་རྣམ་པ་དགུ། གཉིས་དོན་མོས་པའི་གནས་སྐབས་དགུ་དག་དུ་བཀུར་བ་རྣམ་པ་དགུ། གཞན་དོན་མོས་པའི་གནས་སྐབས་དགུ་དག་དུ་བསྔགས་པ་རྣམ་པ་དགུ་འོ། །དགོས་པ་ནི། གོང་ནས་གོང་དུ་འཇུག་ཅིང་དགའ་བར་བྱ་བའི་ཕྱིར་དུའོ། །གཉིས་པ་ནི། བསྟོད་པ་ལ་སོགས་པ་འདི་དག་ནི། ཡོན་ཏན་གྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་ནས་ཡོན་ཏན་བརྗོད་པའི་མཚན་ཉིད་ཅན་ཡིན་གྱི། གཅམ་བུའི་ངོ་བོ་ནི་མ་ཡིན་ཏེ། ཡོན་ཏན་དང་འཚམ་པར་བསྟོད་པ་ལ་སོགས་པ་རིམ་པར་མཛད་པ་དེས་ནའོ། །གཅམ་བུའི་ངོ་བོ་ཡིན་ན། གཅིག་ལའང་གསུམ་ཀ་མཛད་དགོས་པར་འགྱུར་བས་སོ། །འདི་དག་དེ་བཞིན་གཤེགས་པའི་ཐུགས་དགྱེས་པའི་ཆ་ལ་སོགས་པ་ལ་འདོད་པ་ནི་མི་རིགས་ཏེ། དེ་ནི་གཞན་གྱིས་མི་རྟོགས་པས། སྤྲོ་བ་བསྐྱེད་པའི་རྒྱུར་མི་འགྱུར་བའི་ཕྱིར་རོ། །སློབ་དཔོན་གྱིས། སྡུད་འགྲེལ་ལས་ཀྱང༌། ཡང་དག་པར་ཡོད་པའི་ཡོན་ཏན་བརྗོད་པ་ནི། རིམ་པ་བཞིན་བསྟོད་པ་དང་བཀུར་བ་དང་བསྔགས་པ་ཞེས་གསུངས་སོ། །གཉིས་པ་བསྔོ་བ་ལ་གཉིས་ལས། སྤྱིའི་དོན་ལ་བཞི་ལས་ངོ་བོ་ནི་དགེ་བའི་རྩ་བ་འབྲས་བུ་ཁྱད་པར་ཅན་གྱི་རྒྱུར་ཡོངས་སུ་བསྒྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པའོ། །དབྱེ་བ་ནི། མངོན་མཐོ་དང་ངེས་ལེགས་ཀྱི་དབྱེ་བས་གཉིས་སུ་འགྱུར་རོ། །ངེས་ལེགས་ཀྱང་བྱང་ཆུབ་གསུམ་གྱི་དབྱེ་བས་གསུམ་མོ། །བསྔོ་རྒྱུ་ནི། དུས་གསུམ་གྱིས་བསྡུས་པའི་དགེ་བའོ། །གཞན་དག་ཆོས་ཉིད་བསྔོ་རྒྱུའི་དགེ་བར་འདོད་པས་ནི་མ་བརྟགས་པ་སྟེ། ཕྱི་རོལ་གྱི་བེམས་པོ་དང༌། དམྱལ་བ་ལ་སོགས་པ་དང༌། འཚམས་མེད་ཀྱི་ལས་ཀྱང་བསྔོ་རྒྱུའི་དགེ་བ་དང་ལྡན་པར་ཐལ་བའི་ཕྱིར་རོ། །གལ་ཏེ་དོན་དམ་པའི་དགེ་བར་གསུངས་པའི་ཕྱིར་སྙམ་ན། ཀུན་གཞི་ལ། ཡོད་པའི་དགེ་བའི་ས་བོན་ཡང་དགེ་བར་འགྱུར་ཏེ། རྗེས་སུ་འབྲེལ་པའི་དགེ་བར་གསུངས་པའི་ཕྱིར་རོ། །འདོད་ན་ཀུན་གཞི་ལུང་མ་བསྟན་མིན་པར་འགྱུར་བ་དང༌། དོན་དམ་པར་མི་དགེ་བའི་ས་བོན་ཡང་མི་དགེ་བར་འགྱུར་ཏེ། རྒྱུ་མཚན་མཚུངས་པས་སོ། །འདོད་ན་ཁམས་གོང་མར་མི་དགེ་བ་ཡོད་པར་འགྱུར་བས་ཧ་ཅང་ཐལ་ལོ། །བསྔོ་ཚུལ་ནི། མི་དམིགས་པའི་རྣམ་པས་བསྔོའོ། །གཉིས་པ་ཡན་ལག་གི་དོན་ལ་མཚམས་སྦྱར་བ་དང་ཚིག་དོན་ནོ། །དང་པོ་ནི་མོས་པའི་འོག་ཏུ་སྒོམ་ལམ་གཉིས་པ་བསྔོ་བ་ཡིད་ལ་བྱེད་པ་བསྟན་ཏེ། ཚུལ་དེ་ལྟར་མོས་པ་ལས། དགེ་བ་བྱང་ཆུབ་ཏུ་བསྔོ་བ་འབྱུང་བས་སོ། །གཉིས་པ་ལ། མདོ་དགོད་པ། བསྔོ་ཚུལ། དབྱེ་བའོ། །དང་པོ་ནི། ཉན་རང་ཐམས་ཅད་ཀྱི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་ལས་བྱང་སེམས་ཀྱི་ཡིད་རང་དང་ལྡན་པའི་བསོད་ནམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་བསྔོ་བ་འདི་ནི་རབ་ཅེས་བྱའོ་ཞེས་སོགས་གསུངས་སོ། །གཉིས་པ་ནི། བསྔོ་བར་བྱེད་དོ། །གང་དུ་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །དགོས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དབྱེ་བ་མི་ཟད་པར་བྱ་བའི་ཕྱིར་དུའོ། །གང་གིས་ན། ཐེག་པ་གསུམ་གྱིས་གདུལ་བར་བྱ་བའི་སེམས་ཅན་ལ། རང་རང་གི་སྐལ་བ་དང་འཚམས་པར་ལམ་ཉེ་བར་སྟོན་པའི་རྒྱུའི་ངོ་བོའི་བྱེད་པ་དང་ལྡན་པ་རྣམས་ཀྱིས་སོ། །གསུམ་པ་ནི། གྲངས་བཅུ་གཉིས་ཏེ། མིང་དོན་གྲངས་བཞིན་དུ་སྦྱར་ཏེ་བཤད་དོ། །བཅུ་གཉིས་ཀྱང་ལྔ་རུ་འདུས་ཏེ། སྤྱིའི་རང་བཞིན་དང༌། མངོན་པར་ཞེན་པ་འགོག་པ་དང༌། ཟུང་འཇུག་གི་རྣམ་པ་དང༌། མི་མཐུན་ཕྱོགས་དང་བྲལ་བ་དང༌། རྣམ་པའི་དབྱེ་བའོ། །དང་པོ་ནི། ཇི་སྐད་བཤད་པའི་མོས་པས་བསྒྲུབས་པའི་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས། ཉན་རང་ལས་ཁྱད་པར་ཅན་ཞེས་བྱ་བ་དེ་ལྟར་མིང་དུ་བཏགས་པའི་ཡིད་ལ་བྱེད་པ་བླ་ན་མེད་པའི་བྱང་ཆུབ་ལ་མི་དམིགས་པའི་ཚུལ་གྱིས་དམིགས་པའོ། །ཚིག་ཐ་མ་ཀུན་ལ་སྦྱར་རོ། །གཉིས་པ་ལ་གཉིས་ཏེ། དངོས་པོར་ཞེན་པ་འགོག་པ་དང༌། དངོས་མེད་དུ་ཞེན་པ་འགོག་པའོ། །དང་པོ་ལ་ལྔ་ལས། བསྔོ་བྱའི་རྫས་ལ་ཞེན་པ་འགོག་པ་ནི། མི་དམིགས་པའི་མིང་ཅན་གྱི་བསྔོ་བ་སྟེ། སངས་རྒྱས་ཀྱི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་ལ་སོགས་པ་ལ་མི་དམིགས་པའོ། །བསྔོ་བྱེད་ཀྱི་སེམས་ལ་ཞེན་པ་འགོག་པ་ནི། ཕྱིན་ཅི་མ་ལོག་པའི་མིང་ཅན་གྱི་བསྔོ་བ་སྟེ། གང་གིས་བསྔོ་བར་བྱེད་པའི་སེམས་མི་དམིགས་པའོ། །བསྔོ་བར་བྱེད་པ་པོ་ལ་ཞེན་པ་འགོག་པ་ནི། བདེན་འཛིན་གྱི་དྲི་མས་དབེན་པ་ཅན་གྱི་བསྔོ་བ་སྟེ། བདག་དང་སེམས་ཅན་ལ་སོགས་པ་དང་ལྡན་པའི་ཕུང་པོ་སོགས་ཀྱི་དངོས་པོ་མི་དམིགས་པའོ། །བདག་དང་སངས་རྒྱས་ཀྱི་དགེ་བ་ཐ་དད་དུ་ཞེན་པ་འགོག་པ་ནི། དེ་བཞིན་གཤེགས་པའི་དགེ་བའི་རྩ་བའི་ཚོགས་ཀྱི་རང་བཞིན་སྟོང་ཉིད་ལྟར་བདག་གི་དགེ་བ་ཡང་དྲན་པའི་མིང་ཅན་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱི་དགེ་བ་བཟང་ངན་ཐ་དད་དུ་མི་དམིགས་པས་སོ། །ཕྱིན་དྲུག་ལ་བཟང་ངན་དུ་ཞེན་པ་འགོག་པ་ནི། །ཤེས་རབ་ཀྱིས་ཟིན་པའི་ཐབས་ལ་མཁས་པ་དང་བཅས་པའི་མིང་ཅན་ཏེ། སྦྱིན་པ་ལ་སོགས་པ་དོན་དམ་པར་མི་དམིགས་པས་སོ། །གཉིས་པ་ནི། སྟོང་ཉིད་དུ་འཛིན་པའི་མཚན་མ་མེད་པའི་མིང་ཅན་ཏེ། སྟོང་པ་ཉིད་ཀྱི་མཚན་མ་མི་དམིགས་པས་སོ། །གསུམ་པ་ཟུང་འཇུག་གི་རྣམ་པ་ནི། དངོས་པོ་དང་དངོས་མེད་གཉིས་ཀ་སྤངས་ནས་ཇི་ལྟར་བསྔོ་ཞེ་ན། སངས་རྒྱས་ཀྱི་གནང་བའི་མིང་ཅན་ཏེ། ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཀུན་རྫོབ་དུ་སྣང་ཆ་མ་དོར་ཞིང་དོན་དམ་པར་མི་དམིགས་པས་སོ། །བཞི་པ་ནི། བསྔོ་ས་ཁམས་གསུམ་པར་མ་གཏོགས་པའི་མིང་ཅན་ཏེ། དོན་དམ་པར་འདོད་པའི་ཁམས་ལ་སོགས་པ་ཁམས་གསུམ་མི་དམིགས་པའོ། །ལྔ་པ་ལ། བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་ཞེས་མིང་དུ་བཏགས་པའི་ཡིད་ལ་བྱེད་པའི་བསྔོ་བ་སྟེ་རིམ་པ་ལྟར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་དང༌། སོགས་པ་མངོན་པར་ཤེས་པ་ལྔ་ལ་བཀོད་པ་དང༌། སེམས་ཅན་ཇི་སྙེད་རྒྱུན་དུ་ཞུགས་པ་ནས་ལན་གཅིག་ཕྱིར་འོང་བ་ལ་སོགས་པའི་ས་ལ་བཀོད་པ་དང༌། སེམས་ཅན་ཇི་སྙེད་བླ་ན་མེད་པའི་བྱང་ཆུབ་ལ་གནས་པ་ལ་མཆོད་པའི་བསོད་ནམས་ལ་སོགས་པ་རྣམས་ལ། དོན་དམ་པར་མི་དམིགས་པའི་ཚུལ་གྱིས་དམིགས་པའོ། །གསུམ་པོ་འདི་དག་ནི་དཔེ་གསུམ་མོ། །དམིགས་པ་ཆུང་འབྲིང་ཆེན་པོ་གསུམ་གྱི་དབྱེ་བས། ཆུང་འབྲིང་ཆེན་པོ་གསུམ་དུ་བསྟན་ནོ། །མདོའི་དངོས་བསྟན་ལ། དཔེ་གསུམ་ཀ་བཀོད་ནས། དེ་ལས་བསྔོ་བ་གསུམ་བསོད་ནམས་མང་བར་བསྟན་ནོ། །གསུམ་པ་རྗེས་སུ་ཡིད་རང་ལ་མཚམས་སྦྱར་བ་ནི་བསྒོ་བའི་འོག་ཏུ་སྒོམ་ལམ་གསུམ་པ་རྗེས་སུ་ཡིད་རང་བ་ཡིད་ལ་བྱེད་པ་བསྟན་ཏེ། གོང་དུ་བསྟན་པ་དེ་ལྟར་བསྔོ་བས་ལེགས་པར་བསྔོས་པའི་དངོས་པོ་འདི། ཡིད་རང་གིས་མངོན་པར་སྤེལ་བར་བྱ་བ་ཡིན་པས་སོ། །ཚིག་དོན་ནི། རྗེས་སུ་ཡིད་རང་བར་བྱ་བ་དག་ཡིན་ནོ། །གང་ལ་ན། རང་གཞན་གྱི་དགེ་བའི་རྩ་བ་རྣམས་ལའོ། །གང་གིས་ན། རབ་ཏུ་དགའ་བའི་སེམས་ཀྱིས་སོ། །རྣམ་པ་གང་གིས་ན། ཀུན་རྫོབ་དུ་སྣང་ཆ་མ་དོར་བའི་ཐབས་ཀྱིས་དམིགས་ལ་དོན་དམ་པར་མི་དམིགས་པ་ཉིད་ཀྱི་རྣམ་པས་སོ། །གསུམ་པ་བྱེད་ལས་ཀྱི་སྒོ་ནས་དོན་བསྡུ་བ་ནི། སྒོམ་ལམ་གསུམ་ཡོད་པ་དེ་ལ། བསྡུས་པའི་དོན་ནི། མོས་པ་ཡིད་ལ་བྱེད་པས་ནི་བསོད་ནམས་རྒྱ་ཆེན་པོ་མངོན་པར་འདུ་བྱེད་དོ། །ཇི་ལྟར་ན། གསེར་གྱི་འབྱུང་ཁུངས་ནས་གསེར་གྱི་གར་བུ་འབྱུང་བ་བཞིན་དུའོ། །བསྔོ་བ་ཡིད་ལ་བྱེད་པས་ནི། མོས་པས་བསགས་པ་དེ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུའི་ཡན་ལག་དུ་བྱེད་དོ། །ཇི་ལྟར་ན། གསེར་སྦྲམ་དེ་གསེར་དགར་གྱིས་རྒྱན་དུ་སྒྱུར་བ་བཞིན་དུའོ། །རྗེས་སུ་ཡིད་རང་བ་ཡིད་ལ་བྱེད་པས་ནི་རང་དང་གཞན་གྱིས་བསོད་ནམས་བྱས་པ་མཉམ་པ་ཉིད་དུ་འཐོབ་བོ་ཞེས་བྱ་བ་འདི་ཡིན་ནོ། །ཐམས་ཅད་ཀྱིས་ཆེ་ཆུང་མཉམ་པར་ཐོབ་པ་མ་ཡིན་གྱི། གཉིས་ཀས་ཐོབ་པར་འདྲ་བ་ཙམ་ལ་བཤད་དོ། །གཉིས་པ་ཟག་མེད་སྒོམ་ལམ་ལ། དབྱེ་བའི་སྒོ་ནས་མཚམས་སྦྱར། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དམན་པ་དང་མཆོག་གི་རིམ་པས་ཟག་པ་དང་བཅས་པའི་འོག་ཏུ་ཟག་པ་མེད་པའི་སྒོམ་པའི་ལམ་སྟེ། དེ་ཡང་རྣམ་པ་གཉིས་སོ། །ཇི་ལྟར་གཉིས་ཡིན་ཞེ་ན། སྒྲུབ་པ་སྒོམ་ལམ་དང༌། རྣམ་དག་སྒོམ་ལམ་གཉིས་ཡོད་པས་སོ། །འདི་གཉིས་ཀྱི་ཁྱད་པར་ནི། སྔ་མ་བར་ཆད་མེད་ལམ་དང་ཕྱི་མ་རྣམ་གྲོལ་ལམ་མོ། །ཁ་ཅིག་སྤང་བྱ་སོ་སོ་ལ་ལྟོས་ནས་འདི་གཉིས་གཞི་མཐུན་པ་ཡོད་དེ། སྔ་མའི་རྣམ་གྲོལ་ལམ་ཕྱི་མའི་བར་ཆད་མེད་ལམ་ཡིན་པས་སོ་ཞེས་ཟེར་རོ། །དེ་མི་འཐད་དེ། བར་ཆད་མེད་ལམ་ནི་སྤོང་གཉེན་དུ་ངེས་ལ། རྣམ་གྲོལ་ལམ་ནི་སྤོང་གཉེན་མ་ཡིན་པའི་ཕྱིར་དང༌། སྤང་བྱ་རེ་རེ་ལའང་གཉེན་པོ་ལམ་བཞི་བཞིར་ཕྱེ་བས། སྔ་ཕྱི་གཉིས་ཀྱི་བར་དུ་སྦྱོར་བའི་ལམ་དང༌། ཁྱད་པར་གྱི་ལམ་གྱིས་ཆོད་པའི་ཕྱིར་དང༌། རྗེས་ཐོབ་ཀྱིས་ཀྱང་ཆོད་པ་སྲིད་པའི་ཕྱིར་རོ། །གཉིས་པ་ལ། སྒྲུབ་པ་སྒོམ་ལམ་དང༌། རྣམ་དག་སྒོམ་ལམ་གཉིས། དང་པོ་ལ། མཚམས་སྦྱར་བ་ནི། གཉིས་ཡོད་པ་དེའི་ཕྱིར་དང་པོ་ཡོན་ཏན་མངོན་པར་སྒྲུབ་པའི་མཚན་ཉིད་ཀྱི་སྒོམ་པའི་ལམ་འཆད་དོ། །ཚིག་དོན་ལ། ངོ་བོ། ཁྱད་པར། རྣམ་པ། བྱེད་པའོ། །དང་པོ་ནི། ས་གཉིས་པའི་མཉམ་བཞག་བར་ཆད་མེད་ལམ་ནི། སྒྲུབ་པ་སྒོམ་ལམ་གྱི་ངོ་བོ་ཡིན་ཏེ། གཟུགས་ལ་སོགས་པའི་གནས་ཚུལ་ཕྱིན་ཅི་མ་ལོག་པར་མཐོང་ཟིན་གོམས་པར་བྱེད་པའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། གཉིས་པ་ནི། སྦྱིན་སོགས་གཞན་ལས་མཆོག་ཉིད་ཡིན་ཏེ། ཁྱོད་ཀྱིས་མ་ཟིན་པར་སྦྱིན་སོགས་གཞན་གྱིས་སངས་རྒྱས་ཉིད་མི་འཐོབ་པའི་ཕྱིར། གསུམ་པ་ནི། ཡུལ་ཀུན་ལ་མངོན་པར་ཞེན་པས་འདུ་མི་བྱེད་དེ། ཆོས་ཐམས་ཅད་ཀྱི་ཁྱད་པར་གདོད་མ་ནས་སྐྱེ་བ་མེད་པར་རྟོགས་པ་ལ་སྦྱོར་བའི་ཕྱིར། བཞི་པ་ལ། གནས་སྐབས་དང་མཐར་ཐུག་གི་བྱེད་པ་གཉིས་ལས། དང་པོ་ནི། དེ་ལྟ་བུའི་ངོ་བོ་ཉིད་ལ་སོགས་པ་དང་ལྡན་པའི་ལམ་གྱིས་མི་རྟོག་ཡེ་ཤེས་རྒྱུད་ལ་གཏོང་བར་བྱེད་པར་བྱེད་དེ། རྣལ་འབྱོར་བའི་རྒྱུད་ལ་ཆོས་རྣམས་མི་དམིགས་པ་ཉིད་དུ་རྟོགས་པ་བསྐྱེད་པར་བྱེད་པའི་ཕྱིར། གཉིས་པ་ནི། དོན་ཆེན་པོ་དང་ལྡན་པ་ཉིད་ཡིན་ཏེ། དོན་ཆེན་པོ་སངས་རྒྱས་ཉིད་དུ་བྱེད་པའི་ཕྱིར། གཉིས་པ་རྣམ་དག་སྒོམ་ལམ་ལ། རྒྱུ་དང་རྒྱུ་མ་ཡིན་པའི་རབ་དབྱེས། འབྲས་བུ་རྣམ་དག་སྒོམ་ལམ་དངོས་སོ། །དང་པོ་ལ་གཉིས་ལས། མཚམས་སྦྱར་བ་ནི། སྒྲུབ་པ་སྒོམ་ལམ་དེའི་འོག་ཏུ་གཉིས་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཀྱི་སྒོམ་ལམ་འཆད་དོ། །ཇི་ལྟར་ཞེ་ན། མཐུན་རྐྱེན་གང་ཞིག་ཡོངས་སུ་བཟུང་བ་དང༌། འགལ་རྐྱེན་གང་ཞིག་ཡོངས་སུ་བོར་བས་འཐོབ་པར་འགྱུར་བའི་སྒོམ་ལམ་འདིའི་སྐྱེ་བ་དང༌། མི་སྐྱེ་བའི་རྒྱུ་གང་ཞིག་ཡིན་སྙམ་པའི་ཐེ་ཚོམ་བསལ་བའི་སྒོ་ནས་སོ། །གཉིས་པ་ཚིག་དོན་ལ། མཐུན་རྐྱེན་དང་འགལ་རྐྱེན་ནོ། །དང་པོ་ནི། གསུམ་པོ་འདི་དག་ནི་རྣམ་དག་སྒོམ་ལམ་སྐྱེ་བའི་རྒྱུ་དག་ཡིན་ནོ། །གསུམ་པོ་ཡང་གཉིས་སུ་འདུས་ཏེ། ཕྱི་དང་ནང་གི་མཐུན་རྐྱེན་ནོ། །དང་པོ་ནི། ལམ་སྟོན་པའི་སངས་རྒྱས་མཉེས་པར་བྱེད་པའོ། །གཉིས་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས། དང་པོ་ནི། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply