མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན། ཅ༽

སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པའོ། །གཉིས་པ་ནི། ཡུལ་ལ་མཉམ་པར་འཇོག་པའི་ཞི་གནས་ལ་མཁས་པ་ཞེས་བྱ་བའོ། །གཉིས་པ་འགལ་རྐྱེན་ནི། བཞི་པོ་འདི་དག་ནི་རྣམ་དག་སྒོམ་ལམ་མི་སྐྱེ་བའི་རྒྱུ་འགལ་རྐྱེན་དག་ཡིན་ནོ། །བཞི་གང་ཞེ་ན། ཕྱིའི་རྐྱེན་བདུད་ཀྱིས་གནོད་པ་བྱས་པ་དང་མི་དགེ་བའི་གྲོགས་པོ་དང་འགྲོགས་པ་གཉིས་དང༌། ནང་གི་རྐྱེན་ཆོས་ཟབ་མོ་ལ་མ་མོས་པ་དང༌། དངོས་པོར་མངོན་པར་འཛིན་པའོ། །གཉིས་པ་ལ་སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་སྤྱི་དང་ཡན་ལག་གི་དོན་གཉིས་ལས། དང་པོ་ལ། འབྲས་བུའི་ངོ་བོ། གྲངས་ངེས་ཀྱི་འདོད་ཚུལ། རྣམ་པར་དག་ཚུལ། དང་པོ་ནི། ཟག་མེད་བར་ཆད་མེད་ལམ་གྱིས་དྲི་མ་དང་བྲལ་བར་བྱས་པའི་འབྲས་བུ་རྣམ་པར་གྲོལ་བས་བསྡུས་པའོ། །གཉིས་པ་ལ། འགའ་ཞིག་ཉན་ཐོས་ལ་འབྲས་བུ་བཞི། རང་རྒྱལ་ལ་གཉིས། བྱང་སེམས་ལ་བཅུ། སངས་རྒྱས་ལ་གཅིག་སྟེ་བཅུ་བདུན་ནོ། །ཅིའི་ཕྱིར་རང་རྒྱལ་ལ་གཉིས་ཁོ་ན་ཡིན་ཅེ་ན། གཅིག་ཆར་བ་ཡིན་ལ་འབྲས་བུ་བར་པ་གཉིས་བཞག་དུ་མི་རུང་བའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན་རང་རྒྱལ་ལ་གཅིག་ཆར་བ་ཁོ་ནར་ངེས་སམ་རིམ་གྱིས་པ་འདོད། །དང་པོ་ལྟར་ན། བསེ་རུ་ལྟ་བུས་མཐོང་ལམ་གྱི་སྔོན་དུ་བསམ་གཏན་བཞི་པ་ཐོབ་པས། འདོད་པ་ལ་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར། སྲིད་རྩེའི་ཉོན་མོངས་པ་རྣམས་ཀྱང་སྤངས་ཟིན་པར་འགྱུར་རོ། །གཉིས་པ་ལྟར་ན། གཅིག་ཆར་བ་ཡིན་པས་འབྲས་བུ་བར་པ་གཉིས་བཞག་དུ་མི་རུང་བ་ཉམས་སོ། །དེས་ན་ཉན་ཐོས་གཅིག་ཆར་བ་རང་རྒྱལ་དུ་འགྱུར་བའི་ཆ་ཤས་ཙམ་མ་གཏོགས་པ། རང་རྒྱལ་གཅིག་ཆར་བའི་རྣམ་བཞག་གང་དུའང་མི་འབྱུང་ཞིང༌། མདོ་ལས་ཀྱང་རྒྱུན་ཞུགས་ཀྱི་འགྲེས་ཉན་ཐོས་ཁོ་ན་ལ་སྦྱར་གྱི། རང་རྒྱལ་ལ་རྒྱུན་ཞུགས་སོགས་མ་གསུངས་པས་མི་བཟུང་ངོ༌། །གསུམ་པ་ལ། འགའ་ཞིག་ཡུལ་ཅན་རྣམ་གྲོལ་ལམ་དྲི་མས་དག་པ་ན། ཡུལ་གཟུགས་སོགས་དྲི་མས་དག་སྟེ། མིག་གི་རབ་རིབ་བསལ་བ་ན་སྐྲ་ཤད་ལྡོག་པ་བཞིན་ནོ་ཞེ་ན། འབྲས་བུ་ཤིན་ཏུ་རྣམ་དག་གི་ཡེ་ཤེས་དྲི་མས་དག་པ་ན་ཤེས་བྱ་མ་ལུས་པ་དྲི་མས་དག་པར་འགྱུར་རོ། །ཅི་སྟེ་སློབ་དཔོན་ནི་རྣལ་འབྱོར་སྤྱོད་པའི་ཚུལ་ལ་བརྟེན་ཏེ། སྣང་བ་སེམས་ཀྱི་བདག་ཉིད་དུ་བཞེད་པས་སེམས་དག་ན་ཡུལ་དག་གོ་ཞེ་ན། འདིས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཇི་སྙེད་པ་མཁྱེན་པ་དྲི་མས་དག་པ་ན། དེའི་ཡུལ་ཐམས་ཅད་དྲི་མས་དག་པར་ཐལ་བ་བཟློག་དུ་མེད་དོ་དེས་ན། རྒྱུ་བར་ཆད་མེད་ལམ་གྱི་འབྲས་བུ་རྣམ་གྲོལ་གྱི་ལམ་དྲི་མས་རྣམ་པར་དག་པ་ན། བར་ཆད་མེད་ལམ་གྱིས་བསལ་བའི་དྲི་མ་དེ་ཉིད་ཀྱིས། དེའི་ཡུལ་གཟུགས་སོགས་ཀྱང་རྣམ་པར་དག་པས་ན། འབྲས་བུ་རྣམ་པར་དག་པས་གཟུགས་རྣམ་པར་དག་པར་བརྗོད་ཀྱི། སྤྱིར་ཡུལ་ཅན་དག་པས་ཡུལ་དག་ཞེས་བརྗོད་པ་མ་ཡིན་ནོ། །གཉིས་པ་ཡན་ལག་གི་དོན་ལ། གཉིས་ལས། མཚམས་སྦྱར་བ་ནི། དེ་ལྟར་འཐོབ་པ་དང་མི་འཐོབ་པའི་རྒྱུ་དག་བཤད་ནས། སྐབས་སུ་བབ་པའི་རྣམ་པར་དག་པ་སྤྱིར་བསྟན་ནོ། །ཚིག་དོན་ལ། མདོ་དགོད་པ་ནི། རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་འབྲས་བུ་རྣམ་པར་དག་པ་ཉིད་དོ་ཞེས་སོགས་སོ། །འཕགས་པའི་གང་ཟག་བཞི་པོ་དག་གི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གང་ཡིན་པ་དེ་ནི་རྣམ་པར་དག་པ་ཞེས་བརྗོད་དེ། རྒྱུ་བར་ཆད་མེད་ལམ་གྱི་མི་མཐུན་ཕྱོགས་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་སོ། །འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་གཟུགས་ལ་སོགས་པ་རྣམ་པར་དག་པ་ཡིན་ནོ། །གང་གི་ཕྱིར་ན། དེ་གཉིས་ཀྱི་རྣམ་པར་དག་པ་རང་གི་མཚན་ཉིད་ཐ་དད་པ་མ་ཡིན་པས། རྫས་ཐ་མི་དད་ཅིང༌། སྤྱིའི་མཚན་ཉིད་ཐ་དད་པ་མ་ཡིན་པས་ལྡོག་པ་སོ་སོར་བཅད་དུ་མེད་པ་དེའི་ཕྱིར། རྟགས་གྲུབ་ཏེ། འབྲས་བུ་རྣམ་གྲོལ་ལམ་དང༌། གཟུགས་ལ་སོགས་པ་རྣམ་པར་དག་པ་ནི། བར་ཆད་མེད་ལམ་གྱིས་དག་བྱའི་དྲི་མ་གཟུགས་ལ་སོགས་པ་ལ། བདག་དུ་མངོན་པར་ཞེན་པ་ལ་སོགས་པ་དང་བྲལ་བར་བྱས་པས་རབ་ཏུ་ཕྱེ་བ་ཉིད་ཀྱིས་སོ། །དེ་ལྟར་ན་འབྲས་བུ་རྣམ་པར་དག་པས་གཟུགས་ལ་སོགས་པ་རྣམ་པར་དག་པར་བརྗོད་དོ། །གཉིས་པ་བྱེ་བྲག་དུ་བཤད་པ་ལ། འཕགས་བཞིའི་རྣམ་དག་གི་དབྱེ་བ། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་བསྒྲུབ་པ། སྒྲུབ་བྱེད་ལ་ཀླན་ཀ་སྤང་བའོ། །དང་པོ་ལ་མཚམས་སྦྱར་བ་ནི། རྣམ་པར་དག་པ་སྤྱིར་བསྟན་ནས་ཁྱད་པར་དུ་སོ་སོར་ཕྱེ་ནས་འཆད་དོ། །ཚིག་གི་དོན་ནི། ཉན་ཐོས་དགྲ་བཅོམ་པའི་རྣམ་གྲོལ་ལམ་ཆོས་ཅན། གོ་རིམ་བཞིན་དུ་ཉན་ཐོས་ཀྱི་རྣམ་དག་ཡིན་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། བསེ་རུ་ལྟ་བུའི་རྣམ་གྲོལ་ལམ་ཆོས་ཅན། རང་སངས་རྒྱས་ཀྱི་རྣམ་དག་ཡིན་ཏེ་ཉོན་སྒྲིབ་དང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་པོ་བཟུང་བའི་དོན་གྱི་རྣམ་པར་རྟོག་པ་ཙམ་སྤངས་པས་རབ་ཏུ་ཕྱེ་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། ས་གཉིས་པའི་རྣམ་གྲོལ་ལམ་ཆོས་ཅན། བྱང་སེམས་ཀྱི་རྣམ་དག་ཡིན་ཏེ། ཐེག་པ་གསུམ་གྱི་ལམ་གསུམ་གྱི་སྒྲིབ་པ་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་བསྒོམས་པ་ལས་བྱུང་བའི་དྲི་མས་ཤིན་ཏུ་རྣམ་པར་དག་པའི་རྣམ་གྲོལ་ལམ་ནི་ཆོས་ཅན། སངས་རྒྱས་ཀྱི་རྣམ་དག་ཡིན་པར་འདོད་དེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། གཉིས་པ་ལ་མཚམས་སྦྱར་བ་ནི། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་བྱང་སེམས་ཀྱི་རྣམ་པར་དག་པ་སྨོས་པའི་ཞར་ལ། གོ་རིམ་བཞིན་དུ་སངས་རྒྱས་ཀྱི་རྣམ་པར་དག་པ་ཤིན་ཏུ་བ་དང༌། ཉན་ཐོས་ལ་སོགས་པའི་རྣམ་པར་དག་པ་གཅིག་ཤོས་སུ་བཤད་ན། དེའི་རྒྱུ་མཚན་ཇི་ལྟ་བུ་ཞེ་ན། ཚིག་དོན་ནི། སངས་རྒྱས་ཀྱི་རྣམ་པར་དག་པ་ཤིན་ཏུ་བ་དང༌། གཅིག་ཤོས་ཉན་རང་གི་ཤིན་ཏུ་བ་མ་ཡིན་པ་ཞེས་བྱ་སྟེ། མི་མཐུན་པའི་ཕྱོགས་སྒོམ་སྤང་སྒྲིབ་གཉིས་ཀྱི་དྲི་མ་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་དགུའི་གཉེན་པོའི་ངོ་བོར། གོ་རིམ་བཞིན་དུ། ས་དགུ་ལ་རྟེན་པའི་བྱང་སེམས་ཀྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་དགུ། སྤང་བྱ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་དང༌། ཉན་ཐོས་སོགས་ཀྱི་སྒོམ་ལམ་ནི་གཅིག་ཤོས་སྤང་བྱ་ཉི་ཚེ་བ་ཙམ་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར། ས་དགུ་གང་ཞེ་ན། འདོད་པའི་ཁམས་ས་གཅིག་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་གཉིས་ལ་ས་བཞི་བཞི་དག་གོ །ཉན་ཐོས་ཀྱི་སྒོམ་ལམ་ནི་ཟག་མེད་ས་དགུ་ལ་རྟེན་གྱི། འདོད་པ་དང་སྲིད་རྩེ་ལ་བརྟེན་པ་མི་སྲིད་དོ། །གསུམ་པ་ལ་མཚམས་སྦྱར་བ་ནི། རྒྱུ་སྒོམ་ལམ་དྲི་མ་མཐའ་དག་སེལ་བྱེད་ཡིན་པས། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་ཇི་ལྟར་འགྱུར་ཏེ། དྲི་མ་སེལ་ཚུལ་མི་འཐད་དོ་ཅེས་པའི་ཀླན་ཀ་ལན་དང་བཅས་པ་བསྟན་ནོ། །ཁ་ཅིག་སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། ཞེས་པའི་དྲི་བར་བྱེད་པས་ནི་དོན་མ་རྟོགས་ཏེ། སྔ་མའི་འཚམས་སྦྱོར་གྱིས་དྲི་བ་དང༌། རྩ་བས་ཤིན་ཏུ་བའི་སྒྲུབ་བྱེད་བསྟན་ཟིན་པའི་ཕྱིར། གཉིས་པ་ཚིག་དོན་ལ་འཕགས་པས། ཁམས་གསུམ་པ་ཡི་རྣམ་པ་ཅན། །འཇལ་དང་གཞལ་བྱ་མཉམ་པ་ཉིད། །དེ་ལ་ཀླན་ཀ་སྤངས་པ་ཡི། །ལམ་ནི་དེའི་གཉེན་པོར་འདོད། །ཅེས་བཟློག་ནས་ཚིག་རྐང་པ་སྔ་མ་གཉིས་ཀྱིས། ཡུལ་མཉམ་ཉིད་དུ་རྟོགས་པས་ཁམས་གསུམ་གྱི་གཉེན་པོ་བྱེད་ཚུལ་དང༌། ཕྱི་མ་གཉིས་ཀྱིས། མཉམ་ཉིད་ལ་རྩོད་པ་སྤང་བར་བཤད་དོ། །སློབ་དཔོན་ལྟར་ན། བསལ་བྱའི་ཀླན་ཀ སེལ་བྱེད་ཀྱི་ལན། བསལ་བས་འགྲུབ་པའི་དོན་ནོ། །དང་པོ་ལ་ཀླན་ཀའི་ཡུལ་ནི། ས་དགུ་ལ་ནི་ཞེས་སོགས་གསུངས་པ་དེ་ལའོ། །ངོ་བོ་ནི། ས་དགུ་ལ་ནི་ཆུང་ངུ་ཡི། །ཆུང་ངུ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆེན་པོའི་ཆེན་པོ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་བསྟན་ནས། གཉེན་པོ་ཆེན་པོའི་ཆེན་པོ་ལ་སོགས་པ། ཆེ་རིམ་ནས་སྐྱེ་སྟེ། དང་པོར་སྐྱེ་བ་རྣམས་ནི། རྩོལ་བ་ཆེན་པོས་བསྐྱེད་པར་བྱ་བ་ཡིན་པས་ཆེན་པོ་ཡིན་ལ། ཕྱི་མ་རྣམས་ནི། རྩོལ་བ་ཆུང་ངུས་བསྐྱེད་པས་ཆུང་ངུ་ཡིན་པས་སོ། །མི་མཐུན་པའི་ཕྱོགས་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཆུང་རིམ་ནས་འགག་པར་རིགས་ཏེ། དང་པོ་རྣམས་ནི་སྤང་སླ་བས་ཆུང་ངུ་དང༌། ཕྱི་མ་རྣམས་ནི་སྤང་དཀའ་བས་ཆེན་པོ་ཡིན་པའི་ཕྱིར་ཞེས་པ་སྟེ། འགྲེལ་ཆེན་ལས་ཀྱང་གསུངས་སོ། །གཞན་དག་གིས་ནི་ཀླན་ཀའི་ཚུལ་རྟོགས་པར་མི་སྣང་ངོ༌། །གཉིས་པ་ནི་མདོ་ལས། དོན་དམ་དུ་སྤང་གཉེན་མ་གྲུབ་པའི་ལན་དངོས་སུ་བསྟན་ནས། ཀུན་རྫོབ་ཀྱི་ལན་ཤུགས་ལ་བསྟན་ནོ། །རྒྱན་ལས། དོན་དམ་གྱི་ལན་ཤུགས་ལ་མཛད་ནས། མདོའི་སྦས་དོན་ཀུན་རྫོབ་ཀྱི་ལན་དངོས་སུ་གསུངས་པའི་དོན་ནི། གཉེན་པོ་ཆུང་རིམ་ནས་སྐྱེ་ཞིང༌། སྤང་བྱ་ཆེ་རིམ་ནས་འགག་པའི་རིགས་ཏེ། གོས་ལ་ཆགས་པའི་དྲི་མ་རགས་པ་འབད་པ་ཆུང་ངུས་སེལ་ཞིང་དྲི་མ་ཕྲ་མོ་སེལ་བ་ལ། བཅོ་བླག་མཁན་ཆེ་ཐང་དུ་འབད་པས་སེལ་བའི་དཔེས་འཐད་པར་གྲུབ་པའི་ཕྱིར། གསུམ་པ་ནི། སངས་རྒྱས་ཀྱི་རྣམ་པར་དག་པ་ཤིན་ཏུ་བ་ཡིན་པར་བཞག་གོ །ཅིའི་ཕྱིར་ཞེ་ན། ཀླན་ཀ་སྤངས་པའི་སྒོ་ནས། ས་དགུ་ལ་ནི། ཞེས་སོགས་ཀྱི་སྐབས་སུ་ཇི་སྐད་དུ་བསྟན་པའི་སྒོམ་པའི་ལམ་ཤིན་ཏུ་བ་དེ། ཁམས་གསུམ་གྱི་སྤང་བྱ་མཐའ་དག་གི་གཉེན་པོའི་ངོ་བོ་ཉིད་དུ་གྲུབ་པའི་ཕྱིར། དེ་ཉིད་གང་ཞེ་ན། ཁམས་གསུམ་པའི་རྣམ་པ་ཅན་གྱི་ཤེས་པ་འཛིན་པ་དང༌། ཤེས་བྱ་གཟུང་བ་དག་མི་དམིགས་པ་ཉིད་ཀྱིས། མཉམ་པ་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ཉིད་དོ། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལ། སྐབས་གཉིས་པའི་འགྲེལ་པ་རྣམ་པར་བཤད་པའོ།། །།གསུམ་པ་ཤེས་བྱའི་ཡན་ལག་གཞི་ཤེས་ལ་གསུམ་སྟེ། འགྲེལ་དགོད་པས་མཚམས་སྦྱར། བཞི་ཤེས་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། ལམ་ཤེས་ཀྱི་འོག་ཏུ་ཐམས་ཅད་ཤེས་པ་ཉིད་འཆད་དེ། རྟོགས་པར་བྱ་བའི་གཞི་མི་མཐུན་ཕྱོགས་དང༌། གཉེན་པོའི་རབ་དབྱེ་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པའི་ཕྱིར་ཏེ། ལམ་ལེགས་པར་ཤེས་པ་ནི་ལམ་དང་ལམ་མ་ཡིན་པའི་རྣམ་དབྱེ་ཤེས་པ་ལ་ལྟོས་པས་སོ། །གཉིས་པ་ལ་བཞི་སྟེ། འཇུག་ཡུལ་གཞི་ཤེས། འཇུག་པ་སྦྱོར་བ། ཞུགས་འབྲས་མཐོང་ལམ། མཁྱེན་གསུམ་གྱི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། གཞི་ཤེས་ཀྱི་ངོ་བོ། ཉེ་རིང་གི་རྒྱུ་མཚན། མི་མཐུན་ཕྱོགས་དང་གཉེན་པོའི་དབྱེ་བ། དང་པོ་ལ། མདོ་དགོད་པ་དང༌། ཚིག་དོན་གཉིས་ལས། དང་པོ་ནི། བྱང་སེམས་ཆེན་པོ་རྣམས་ཀྱི་ཡུམ་ནི་ཚུ་རོལ་གྱི་མཐར་མ་ལགས་ཕ་རོལ་གྱི་མཐར་མ་ལགས་གཉིས་ཀའི་བར་ནའང་མི་དམིགས་ཞེས་པ་ནས། དུས་གསུམ་གྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །གཉིས་པ་ལ། དངོས་བསྟན་གཉེན་པོ་གཞི་ཤེས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་ཆོས་ཅན། སངས་རྒྱས་རྣམས་ལ་ཉེ་བར་གྱུར་པར་འདོད་དེ། དུས་གསུམ་པའི་ཆོས་རྣམས་རང་བཞིན་གྱིས་སྐྱེ་བ་མེད་པའི་རྣམ་པར་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར། དེ་ནི་སྲིད་པ་དང་ཞི་བ་ལ་མི་གནས་པ་ཡིན་ཏེ། གོ་རིམ་བཞིན་དུ་ཚུ་རོལ་གྱི་མཐའ་འཁོར་བ་ཕུང་པོ་རྒྱུན་གྱི་རྟག་པའི་མཚན་ཉིད་དང་ཕ་རོལ་གྱི་མཐའ་མྱང་འདས་ལ་ཕུང་པོ་རྒྱུན་ཆད་པའི་མཚན་ཉིད་དང༌། གཉིས་པོ་དེ་དག་གི་བར་ནའང་མི་གནས་པའོ། །ཇི་ལྟར་མི་གནས་ཞེ་ན། ཤེས་རབ་ཀྱི་ཆོས་རང་བཞིན་མེད་པར་རྟོགས་པའི་ཕྱིར་དང༌། སྙིང་རྗེས་གཞན་དོན་བྱེད་པའི་ཕྱིར་རོ། །དེ་གཉིས་ཀྱི་བར་ན་ཡང་མི་གནས་ཏེ། དེ་དག་གི་བར་མ་གྲུབ་པའི་ཕྱིར་རོ། །འདིར་འཁོར་བ་རྒྱུན་གྱིས་རྟག་པར་བསྟན་པས་འཁོར་བ་ལ་མཐའ་མེད་པར་བསྟན་ནོ། །གཉིས་པ་ཤུགས་བསྟན་ནི། ཉན་ཐོས་ལ་སོགས་པ་རང་གི་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཆོས་ཅན་འཁོར་བ་ལ་དོར་བྱ་དང༌། མྱ་ངན་ལས་འདས་པ་ལ་བླང་བྱར་ཞེན་པའི་ཚུལ་གྱིས་གནས་པ་ཡིན་པར་ཤེས་པར་བྱ་སྟེ། སྲིད་པ་ལ་དོར་བྱ་ཕུང་པོའི་དངོས་པོ་དང༌། ཞི་བ་ལ་བླང་བྱ་ཕུང་པོའི་དངོས་པོ་མེད་པར་དམིགས་པའི་ཕྱིར་ཏེ། གཞན་དོན་དུ་འཁོར་བར་འཇུག་ནུས་ཀྱི་སྙིང་བརྩེ་བ་དང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་བྲལ་བའི་ཕྱིར་ཡང་དག་པར་ཤེར་ཕྱིན་ལ་རིང་བར་འགྱུར་བ་ཡིན་ཏེ། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར་རོ། །འདི་རྩ་བར་མ་བཤད་དོ་ཞེ་ན། ཇི་ལྟར་ཀུན་ཤེས་པ་ཉིད་ཀྱི་སྐབས་སུ་གཉེན་པོ་གཞི་ཤེས་ལས་བཟློག་སྟེ་བསྟན་པས་ཉེས་པ་མེད་དོ། །མཁས་པ་དུ་མ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་འདོད་ཅིང༌། ས་བདུན་པ་མ་ཐོབ་བར་ཉན་རང་བློ་ཡི་སྟོབས་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་ལོ། །འོ་ན་བྱང་སེམས་ཀྱི་མཐོང་ལམ་ཐོབ་པའི་དུས་སུ་ཤེས་སྒྲིབ་གཟུང་རྟོག་བརྒྱ་རྩ་བརྒྱད་སྤངས་པས་ཉན་རང་གིས་ཀྱང་རང་རང་གི་མཐོང་ལམ་ཐོབ་པའི་དུས་སུ་དེ་དག་སྤང་ནུས་པར་ཐལ་ལོ། །དུས་གསུམ་མཉམ་པ་ཉིད་དུ་ཤེས་པས། སྲིད་ཞིའི་མཐའ་ལ་མི་གནས་པར་ཐལ་བར་འགྱུར་བས། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །ཞེས་པ་དང་འགལ་ལོ། །འཁོར་འདས་ལ་བླང་དོར་ཐ་དད་དུ་འཛིན་པ་མ་ཡིན་པར་ཡང་ཐལ་ལོ། །ཉན་རང་རྣམས་ཕུང་པོ་ལ་གཤེད་མ་རལ་གྲི་གདེངས་པ་ལྟར་ཤིན་ཏུ་འཇིགས་པར་གསུངས་པ་ཡང་མི་འཐད་པར་ཐལ་བར་འགྱུར་ཏེ། ཕུང་པོ་རང་བཞིན་མེད་པར་རྟོགས་པའི་ཕྱིར། ཀླུ་སྒྲུབ་ཀྱིས་ཀྱང༌། བྱང་ཆུབ་དམ་པ་གཉིས་ཐོབ་ནས། །སྲིད་པས་སྐྲག་ཡིད་དེ་དག་ནི། །ཞེས་གསུངས་སོ། །འོ་ན་མདོ་སྡེ་ས་བཅུ་པ་ལས། ས་བདུན་པ་ཐོབ་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པར་བསྟན་པས། སྔ་རོལ་ཏུ་བློ་གྲོས་གྱིས་ཟིལ་གྱིས་གནོན་མི་ནུས་པར་མངོན་པས། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་དོ་ཞེས་ན། དཀོན་མཆོག་སྤྲིན་ལས་མོས་པས་སྤྱོད་པའི་སར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་འདའ་བར་འགྱུར་རོ་ཞེས་གསུངས་པས་སོ་སྐྱེའི་གནས་སྐབས་སུ་ཡང་འདའ་བར་བསྟན་ན། འཕགས་པའི་གནས་སྐབས་སུ་ལྟ་ཡང་ཅི་སྨོས། ས་བཅུ་པའི་དོན་ནི། ས་བདུན་པའི་སྔ་རོལ་དུ་ཡང་བློ་གྲོས་ཀྱི་མཐུས་ཉན་རང་གི་ས་ལས་འདའ་མོད། ས་བདུན་པ་ཐོབ་ནས་ཉན་རང་ལས་ཤིན་ཏུ་འདས་ཞེས་པ་ཡིན་པས། ཤིན་ཏུ་ཞེས་པའི་ཚིག་གི་ཟུར་ཁོང་དུ་མ་ཆུད་དོ། །བྱང་སེམས་ཀྱི་མཐོང་ལམ་ཐོབ་ནས་མཐོང་སྤང་ཤེས་སྒྲིབ་བརྒྱ་རྩ་བརྒྱད་སྤངས་པས། སྔ་རོལ་དུ་བློ་གྲོས་ཀྱི་མཐུས་ཟིལ་གྱིས་གནོན་པ་གསལ་བར་བྱས་སོ། །གཞན་ཡང་མི་དམིགས་པའི་རྣམ་པས་འཇུག་པའི་སྒྲུབ་པ་ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པའི་སྒྲུབ་པར་བསྟན་པ་དང༌། སྒྱུ་མའི་རྟ་གླང་སྣང་བ་ལ་རྟ་གླང་དུ་མངོན་པར་ཞེན་པས་རྟ་གླང་གི་ངོ་བོ་མེད་པར་མི་ཤེས་པའི་དཔེས། དངོས་པོའི་ངོ་བོ་མི་ཤེས་པར་བསྟན་པ་དང༌། རང་བཞིན་མེད་པའི་རྣམ་པར་ཞུགས་པ་ཉན་ཐོས་ལས་ཁྱད་པར་དུ་འཕགས་པའི་བྱེད་ཆོས་སུ་བསྟན་པ་དང༌། རྒྱུད་བླར་ཡང༌། ལོང་བས་ཉི་མའི་དཀྱིལ་འཁོར་མི་མཐོང་བའི་དཔེས། དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་བཤད་པ་དང༌། ཀླུ་སྒྲུབ་ཀྱིས། བྱང་ཆུབ་སེམས་འགྲེལ་དུ། ཉན་ཐོས་ལ་གང་ཟག་གི་བདག་མེད་བསྟན་པ་དང༌། བྱང་སེམས་ལ་བདག་མེད་གཉིས་ཀ་བསྟན་པར་བཤད་པ་དང༌། རྒྱན་སྟུག་པོ་བཀོད་པ་ལས་ཀྱང༌། ཆོས་ཀྱི་དངོས་ཡོད་མ་བཤིག་ཕྱིར། །ཉན་ཐོས་དེ་དག་མངོན་རྟོགས་གྱུར། །ཞེས་པ་དང༌། ལང་གཤེགས་ལས་ཀྱང༌། མཚན་མ་མེད་པ་མ་རྟོགས་པས་ཐེག་པ་ཆེན་པོའི་བྱང་ཆུབ་མི་རྟོགས་པ་ཡིན་གྱི་ཉན་ཐོས་ཀྱི་བྱང་ཆུབ་མི་རྟོགས་པ་མ་ཡིན་ནོ། །ཞེས་དང༌། སྡུད་པར་ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་ཅེས་དང༌། འདས་པ་རིན་པོ་ཆེ་ཏོག་ལས། རྟག་ཏུ་ཁམས་གསུམ་བདག་མེད་རྫས་མེད་ཅིང༌། །བྱེད་པོ་རང་དབང་མེད་པར་རྣམ་བལྟས་ནས། །རྗེས་སུ་མཐུན་པའི་བཟོད་པ་གང་བསྒོམ་པ། །དེ་དག་འགྲོ་བ་ཀུན་ལས་ཐར་བར་འགྱུར། །ཞེས་དང༌། རྒྱན་ལས། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་དོན་སེམས་དང་དེའི་ཐབས་རྙེད་དང༌། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཞེས་དང༌། མངོན་རྟོགས་རྒྱན་འདིར་ཡང་ཉན་ཐོས་རྟོགས་པའི་ཉི་ཚེ་བ་དང༌། གནས་ཚུལ་ཇི་ལྟ་བ་བཞིན་མ་མཐོང་བར་བཤད་པའི་ཕྱིར་ཏེ། ཉི་ཚེ་བ་དང་སྣ་ཚོགས་ཉིད་ཅེས་དང༌། ཇི་བཞིན་དོན་མིན་རྣམ་རྟོག་པ་ཞེས་གསུངས་པས་སོ། །ཉན་རང་གི་ཤེས་རབ་ཀྱིས་བྱང་སེམས་ཉིན་གཅིག་ཤེར་ཕྱིན་ལ་སྤྱོད་པའི་རྒྱུའི་ཆར་ཡང་ཉེ་བར་མི་འགྲོ་བར་ཡང་བཤད་དོ། །གཉིས་པ་ཉེ་རིང་གི་རྒྱུ་མཚན་ལ་བརྩོད་པ་ནི། ཉན་ཐོས་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་ལ་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་བ་དང་གཅིག་ཤོས་སུ་ཇི་ལྟར་འགྱུར་ཏེ། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་དེ་ཡང་ཐམས་ཅད་ལ་ཡོད་པ་མ་ཡིན་ནམ་སྟེ་ཡོད་པའི་ཕྱིར་རོ། །ཉན་རང་གི་གཞི་ཤེས་ཀྱིས་ཀྱང་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་ཡིན་ཏེ། གཞི་རྟེན་འབྲེལ་གྱི་དོན་རྟོགས་པའི་ཕྱིར། མ་ངེས་པ་མ་ཡིན་ཏེ། རྟེན་འབྲེལ་སྟོང་ཉིད་ཡིན་པའི་ཕྱིར་ཏེ། ཀླུ་སྒྲུབ་ཀྱི་ལུགས་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་འབྱུང་བའི་ཕྱིར་ཞེ་ན། ལན་ལ་མདོ་ནི། རབ་འབྱོར་མིང་ལས་ཀྱང་ཆགས་མཚན་མ་ལས་ཀྱང་ཆགས་ཞེས་སོགས་དང༌། ཡང་ཡུམ་འདི་ལེགས་པར་བཤད་པ་དང༌། ལེགས་པར་མཐར་ཕྱིན་པའི་བར་ནི་ངོ་མཚར་ཆེའོ་ཞེས་སོ། །གཉིས་པ་ལ། ཐེག་དམན་གྱི་གཞི་ཤེས་རིང་བའི་རྒྱུ་མཚན། བྱང་སེམས་ཀྱི་གཞི་ཤེས་ཉེ་བའི་རྒྱུ་མཚན། ཐུན་མོང་གི་མཇུག་སྡུད་བསྟན་པའོ། །དང་པོ་ནི་ཉན་རང་དེ་དག་ལ། རྒྱལ་བའི་ཡུམ་རིང་བ་ཡིན་ཏེ། དུས་གསུམ་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་མེད་པ་དེའི་ཕྱིར་ཏེ། ཉན་ཐོས་ལ་སོགས་པ་རྣམས་ཀྱིས་དངོས་པོའི་རང་གི་ངོ་བོ་སྟེ་གནས་ཚུལ་མི་ཤེས་པའི་ཕྱིར་ཏེ། གཟུགས་སོགས་ཀྱི་དངོས་པོ་སྤྲོས་པའི་མཚན་མ་དང་ལྡན་པར་རྟོགས་པས་སོ། །དཔེར་ན་སྒྱུ་མ་མཁན་གྱི་སྤྲུལ་པའི་རྟ་གླང་སོགས་ཀྱི་དངོས་པོ་སྣང་བ་ལས། དེའི་རང་གི་ངོ་བོ་མེད་པར་མི་ཤེས་པས་རྟ་གླང་སོགས་ཀྱི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་མི་སྣང་བ་བཞིན་ནོ། །གཏན་ཚིགས་གྲུབ་སྟེ། ཐེག་ཆེན་དགེ་བའི་བཤེས་གཉེན་དང༌། བདེན་གཉིས་རྟོགས་པའི་ཤེས་རབ་སོགས་ཐབས་ལ་མཁས་པ་དང་བྲལ་བའི་ཕྱིར་རོ། །གཉིས་པ་ནི། བྱང་སེམས་དེ་དག་ལ་ཆོས་ཅན། འབྲས་བུའི་ཡུམ་འདི་ཡང་དག་པར་ཉེ་བར་གྱུར་པ་ཡིན་ཏེ། དུས་གསུམ་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པ་དེའི་ཕྱིར་ཏེ། གཟུགས་ལ་སོགས་པའི་ཆོས་ཀྱི་གནས་ཚུལ་ཡོངས་སུ་ཤེས་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་ཆོས་ཅན། གཟུགས་སོགས་ཀྱི་གནས་ཚུལ་ཡོངས་སུ་ཤེས་པ་ཡོད་དེ། དངོས་པོར་མངོན་པར་ཞེན་པའི་འཁྲུལ་པའི་མཚན་མ་བསལ་བའི་ཕྱིར་ཏེ། དུས་ཡུན་རིང་མོ་ཞིག་ནས་ཐེག་ཆེན་དགེ་བའི་བཤེས་གཉེན་ཡང་དག་པར་མགུ་བར་བྱས་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཅན་བདེན་པ་གཉིས་ཀ་ལ་བརྟེན་པའི་ཐོས་པ་དང་བསམ་པ་ལ་སོགས་པ་ཤེས་པ་སྐྱེ་བའི་ཐབས་ལ་མཁས་པས་སོ། །གསུམ་པ་དོན་བསྡུ་བ་ནི། གཞི་རྟོགས་པར་འདྲ་ཡང་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་དང་མི་ཤེས་པའི་ཁྱད་པར་ཡོད་པས། ཐབས་ལ་མཁས་པ་མ་ཡིན་པས་ནི། རྒྱལ་བའི་ཡུམ་ལ་རིང་བ་ཉིད་ཡིན་ལ། ཐབས་མཁས་པ་ཉིད་ཀྱིས་ནི་མི་རིང་བ་ཉིད་དུ་བསྟན་པ་ཡིན་ནོ། །གསུམ་པ་ལ། སྤྱི་དང་ཡན་ལག་གི་དོན་གཉིས་ལས། དང་པོ་ནི། འདིར་སློབ་དཔོན་གྱིས་སྤང་བྱ་མཚན་འཛིན་དང་གཉེན་པོ་གཞི་ཤེས་ཉན་རང་བྱང་སེམས་སོ་སོ་ལ་ཡོད་པར་བཤད་པ་ནི་རྣམ་པ་གསལ་བས། སོ་སོའི་རྒྱུད་ལ་མཚན་གཞི་ངོས་བཟུང་བ་ཡིན་ཏེ། གང་ཟག་སོ་སོ་ལ་ཡོད་པ་དངོས་ཀྱི་སྤང་གཉེན་དུ་མི་རུང་སྟེ། བྱང་སེམས་ཀྱི་རྒྱུད་ཀྱི་གཉེན་པོས་ཉན་རང་གི་རྒྱུད་ཀྱི་སྒྲིབ་པ་སྤོང་པ་མི་རིགས་པས་སོ། །གཞན་དུ་ན་བྱང་སེམས་འབད་ཀྱང་མི་གྲོལ་བའམ་ཉན་རང་འབད་མེད་དུ་གྲོལ་བར་འགྱུར་རོ། །དེ་བས་ན་གཉེན་པོ་གཞི་ཤེས་བྱང་སེམས་ཀྱི་རྒྱུད་ལ་ཡོད་པས་སྤང་བྱ་ཡང་དེ་ཉིད་ཀྱི་རྒྱུད་ལ་ཡོད་པར་རིགས་ལ། མདོར་ཡང་བྱང་སེམས་ཐབས་ལ་མི་མཁས་པ་ཞེས་སོགས་ཀྱིས་སྤང་བྱ་མཚན་འཛིན་བྱང་སེམས་ཀྱི་རྒྱུད་ལ་ཡོད་པར་བསྟན་ནོ། །ཡང་ན་ད་ལྟ་ཉན་རང་གི་ཐེག་པ་ལ་གནས་པའི་རྒྱུད་ཀྱི་མཚན་འཛིན། ཕྱིས་ཐེག་ཆེན་དུ་ཞུགས་པའི་གནས་སྐབས་ཀྱི་གཞི་ཤེས་ཀྱིས་སྤོང་པ་ལ་དགོངས་སོ། །ཉན་རང་གི་གཞི་ཤེས་ཀྱང་མཚན་འཛིན་གྱིས་བཅིངས་པས་མི་མཐུན་ཕྱོགས་སུ་བསྟན་གྱི་མཚན་འཛིན་དངོས་ནི་མ་ཡིན་ཏེ། གཞི་ཤེས་ནི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་གསུམ་ཡིན་ལ། གཞི་ལམ་ལ་བདེན་པའི་མཚན་འཛིན་ནི། སྒྲ་དོན་སྣང་བའི་རྟོག་པ་ལས་མ་འདས་པའོ། །རྣམ་པ་གཅིག་ཏུ་ན་བྱང་སེམས་ཀྱི་མངོན་པར་འདོད་བྱ་མ་ཡིན་པ་ཉེར་ཞི་གཉིས་སུ་ཁྲིད་པས་མི་མཐུན་པའི་ཕྱོགས་སུ་བསྟན་ནོ། །མཚན་འཛིན་གྱི་ངོ་བོར་སྨྲ་བ་ལྟར་ན། བཞེད་དོན་སྒྲུབ་བྱེད་དུ་མི་རུང་སྟེ། ཉོན་མོངས་ཀྱི་ས་བོན་སྤོང་མི་ནུས་པས་སོ། །གཏན་ལ་དབབ་པ་བསྡུ་བ་ལས་ཀྱང༌། མཚན་འཛིན་གྱི་འཆིང་བ་ལས་མི་གྲོལ་བ་ཡིན་པར་བཤད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞི་ཤེས་ནི་མཚན་འཛིན་དང་འཛིན་སྟངས་འགལ་བར་འཇུག་པས་རྗེས་ཐོབ་དུ་མཚན་མར་འཛིན་པའི་སྒྲོ་འདོགས་གཅོད་ནུས་ལ། གཅིག་ཤོས་ཀྱི་མཚན་མར་མི་འཛིན་ཡང་དེ་དང་འཛིན་སྟངས་འགལ་བར་མི་འཇུག་པས་སྒྲོ་འདོགས་གཅོད་མི་ནུས་པའི་ཕྱིར། མཚན་འཛིན་གྱིས་བཅིངས་པ་ཞེས་བྱའོ། །བཞེད་དོན་བསྒྲུབ་པ་དང༌། བསྟོད་ཕྱག་གི་ཡུལ་དུ་བྱེད་པའི་ཡུམ་ཡང་ཚུལ་འདིས་རྟོགས་པར་བྱའོ། །གཉིས་པ་གཞུང་གི་དོན་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། ལྟ་སྤྱོད་ལ་མཚན་འཛིན་གྱི་སྤང་གཉེན་དང༌། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན་ནོ། །དང་པོ་ལ། སྤང་བྱ་དང༌། གཉེན་པོ་གཉིས་སོ། །དང་པོ་ལ། མཚམས་སྦྱར་བ་ནི། ཉན་ཐོས་ལ་སོགས་པའི་ཡུམ་བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་པར་བཤད་དེ། སྔར་བཤད་པ་དེ་ལྟར་རྒྱུ་མཚན་གྱི་སྒོ་ནས་འབྲས་ཡུམ་ལ་རིང་བར་གྱུར་པའི་སྒྲུབ་པ་ཉིད་དུ་བསྟན་པའི་ཕྱིར། གཉིས་པ་རྩ་བ་ལ། ཚིག་རྐང་པ་དང་པོ་གཉིས་ཀྱིས་རིམ་པ་ལྟར། གཞིའི་ཆོས་ཉིད་དང༌། ཆོས་ཅན་ལ་མཚན་མར་འཛིན་པ་བསྟན་ལ། ཐ་མ་གཉིས་ཀྱིས་ནི་སྤྱོད་པ་ལ་མཚན་མར་འཛིན་པ་བསྟན་ནོ། །མདོ་ནི། ཐབས་ལ་མི་མཁས་པས་གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ་ཞེས་སོགས་སོ། །ཚིག་དོན་ནི། གཟུགས་ལ་སོགས་པ་མུ་སྟེགས་སོགས་གཞན་གྱིས་ཀུན་བཏགས་པའི་བདག་ལ་སོགས་པ་སྟོང་པ་ཉིད་དུ་ལྟ་བའི་འདུ་ཤེས་ནི་བདག་འཛིན་དེ་དག་གི་གཉེན་པོ་ཡིན་ན་ཡང་ཞེས་པ་དང༌། དུས་གསུམ་པའི་ཆོས་ཐ་དད་དུ་འདུ་ཤེས་པ་ནི་དུས་གསུམ་གཅིག་ཏུ་འཛིན་པ་དེ་དག་གི་གཉེན་པོ་ཡིན་ན་ཡང་ཞེས་པ་དང༌། སྦྱིན་སོགས་སོ་སྐྱེའི་ཟབ་པ་དང་བཅས་པ་དང༌། མི་སློབ་པའི་ཟག་པ་མེད་པ་དང༌། སློབ་པ་འཕགས་པའི་ཟག་བཅས་ཟག་མེད་གཉིས་ཀའི་ངོ་བོ་རྣམས་ལ་སྒྲུབ་པའི་འདུ་ཤེས་ནི་སེར་སྣ་སོགས་དེ་དག་གི་གཉེན་པོ་ཡིན་ན་ཡང༌། གསུམ་པོ་དེ་དག་ཆོས་ཅན། གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་ཏེ། དེས་སྤང་བར་བྱ་བ་ཡིན་པའི་ཕྱིར་ཏེ། ཡུལ་གཞི་ལམ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཉིད་ཀྱིས་ཏེ་བདེན་པའི་དངོས་པོར་མ་གྱུར་པའི་གཞི་ལམ་ཐམས་ཅད་ལ་བདེན་པའི་དངོས་པོར་དམིགས་པ་ཉིད་ཀྱིས་སོ། །འདིས་ནི་གཞི་ཤེས་འཆིང་བྱེད་ཀྱི་མཚན་གཞི་ངོས་བཟུང་བ་ཡིན་ནོ། །གཞན་དག་གིས་རྩ་འགྲེལ་སྦྱོར་མ་ཤེས་སོ། །གཉིས་པ་གཉེན་པོ་ལ་མཚམས་སྦྱར་བ་ནི། སྦྱིན་ལ་སོགས་ལ་ཞེས་སོགས་ཀྱི་ཚིགས་བཅད་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞི་ཤེས་མཚན་འཛིན་ལས་བཟློག་སྟེ་དེའི་གཉེན་པོ་ཡིན་པར་རྟོགས་པའི་ཕྱིར། རྩ་བ་ནི། ཡུལ་མཚན་འཛིན་གྱི་གཉེན་པོ་མདོ་ལས་གསུངས་ཀྱང་གོ་སླ་བར་དགོངས་ནས་འདིར་དངོས་སུ་མ་གསུངས་ལ། ལམ་ལ་མཚན་འཛིན་གྱི་གཉེན་པོ་ལ་མདོ་ནི། ཡུམ་ལ་སྤྱོད་པའི་ཚེ་འདི་སྙམ་དུ་བདག་གི་སྦྱིན་པ་ཞིག་སྦྱིན་ཏོ་ཞེས་པ་ནས། རྟོག་པ་དེ་ལྟ་བུ་མི་འབྱུང་ངོ་ཞེས་སོགས་སོ། །ཚིག་དོན་ལ། གཉེན་པོ་གཞི་ཤེས་ནི་རྣམ་པ་ཐམས་ཅད་དུ་གཉེན་པོ་ཁོ་ནར་ངེས་པ་ཡིན་ཏེ། མཚན་འཛིན་གྱི་དངོས་ཀྱི་གཉེན་པོར་བླང་པར་བྱ་བ་ཡིན་པའི་ཕྱིར་ཏེ། ལྟ་སྤྱོད་ལ་ཆགས་པའི་ཚོགས་ཀྱི་གནས་སམ་ས་བོན་ཐམས་ཅད་འགོག་པས་སོ། །གཏན་ཚིགས་གྲུབ་སྟེ། གཞི་ལམ་གྱི་གནས་ལུགས་ལ་ཡང་དག་པར་ཞུགས་པའི་ཕྱིར། གཞན་དོན་བྱེད་དེ། རང་སྦྱིན་པ་ལ་སོགས་བདག་མེད་པར་རྟོགས་པ་ལ་གནས་ནས་གཞན་ཡང་སྦྱོར་བར་མཛད་པའི་ཕྱིར། སྦྱིན་སོགས་བདག་མེད་པར་རྟོགས་ཏེ། སྦྱིན་སོགས་འཁོར་གསུམ་རྣམ་པར་དག་པ་ཐོབ་པས་སོ། །གཉིས་པ་འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན་ལ་གསུམ་སྟེ། སྤང་བྱ་མི་མཐུན་ཕྱོགས། སྤོང་བྱེད་གཉེན་པོ། ཡུལ་ཟབ་པར་བཤད་པ། དང་པོ་ལ། མི་མཐུན་ཕྱོགས་སུ་བསྟན་པ་དང༌། མི་མཐུན་ཕྱོགས་སུ་སྒྲུབ་པ་གཉིས་ལས། དང་པོ་ལ། རྩ་བ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ་ཞེས་པའོ། །གཉིས་པ་ཚིག་དོན་ལ། མཚན་པར་དམིགས་ཏེ་དེ་བཞིན་གཤེགས་པ་ལ་སོགས་པ་ལ་ཕྱག་འཚལ་བ་ལ་སོགས་པ་ནི་ཆོས་ཅན། མ་དད་པ་ལ་སོགས་པའི་གཉེན་པོ་ཡིན་ཏེ། དད་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུའི་ངོ་བོ་ཡིན་པ་ཉིད་ཀྱིས་སོ། །དེ་ལྟ་མོད་ཀྱི་གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་ཏེ། རྣམ་པ་ཐམས་ཅད་དུ་སྤང་བྱའི་གཉེན་པོ་མ་ཡིན་པའི་ཕྱིར་ཏེ། ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཡིན་པ་ཉིད་ཀྱིས་སོ། །གཉིས་པ་ལ། ཡང་ཇི་ལྟར་ཆགས་པ་ཕྲ་མོ་མི་མཐུན་པའི་ཕྱོགས་ཡིན་ཞེ་ན། དེ་བཞིན་གཤེགས་པ་ལ་མཚན་མར་དམིགས་པ་ཡང་ཆོས་ཅན། གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་ཏེ། དེ་བཞིན་གཤེགས་པ་དེ་དག་ཟབ་མོ་སྤྲོས་བྲལ་ཉིད་ཡིན་པ་ལ་མཚན་མར་བཟུང་བ་དེའི་ཕྱིར་རོ། །ཡུལ་ཟབ་པར་ཅིས་འགྲུབ་ཅེ་ན། དེ་བཞིན་གཤེགས་པ་དེ་དག་ཆོས་ཅན། ཟབ་པ་ཡིན་ཏེ་གང་གི་ཕྱིར་ཆོས་ཀྱི་རིགས་རྣམས་ངོ་བོ་ཉིད་ཁོ་ནས་སྟོང་པས་སོ། །གཉིས་པ་ནི། འོ་ན་དེ་དག་གཉེན་པོས་ཇི་ལྟར་སྤང་ཞེ་ན། བྱང་སེམས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། འབྲས་བུ་ལ་མཚན་འཛིན་གྱི་ཆགས་པ་སྤོང་ནུས་པ་ཡིན་ཏེ། ཤེས་པ་འཛིན་པ་དང༌། ཤེས་བྱ་བཟུང་བ་རང་བཞིན་མེད་པར་མཉམ་པ་ཉིད་དུ་གཅིག་པར་ཡོངས་སུ་ཤེས་པའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཇི་ལྟར་གཟུང་འཛིན་རང་བཞིན་མེད་པར་གཅིག་ཅེ་ན། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གཅིག་པ་ཁོ་ན་སྟེ། འདི་ལྟ་སྟེ་རང་བཞིན་མེད་པ་ཞེས་བྱ་བའི་ཚུལ་དུའོ། །གསུམ་པ་ཟབ་པར་བཤད་པ་ལ་གཉིས་སྟེ། རྟོགས་དཀའ་བ་བཤད་པ་དང༌། བསམ་གྱིས་མི་ཁྱབ་པར་བཤད་པའོ། །དང་པོ་ནི་ཡང་ཇི་ལྟར་ཆོས་རྣམས་རང་བཞིན་གྱིས་ཟབ་པ་ཡིན་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་ཆོས་ཅན། ཟབ་པ་ཉིད་ཡིན་ཏེ་རྟོགས་པར་དཀའ་བ་ཉིད་དུ་བཤད་པ་དེའི་ཕྱིར་ཏེ། གང་གི་ཕྱིར་ན་རྣམ་པར་ཤེས་པ་ཐམས་ཅད་ཀྱིས་ཡོངས་གཅོད་དུ་དམིགས་པའི་དོན་བསལ་བས་སོ། །གཉིས་པ་ནི། ཡང་དེ་ལྟར་རྟོགས་པར་དཀའ་བ་ཉིད་ཇི་ལྟར་ཡིན་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་དེ་ནི་ཆོས་ཅན། རྟོགས་པར་དཀའ་བ་ཉིད་ཡིན་ཏེ། བསམ་པ་ལས་འདས་པ་ཉིད་དུ་འདོད་པ་དེའི་ཕྱིར། དེ་ཡང་གང་གི་ཕྱིར་ན་དོན་དམ་པར་གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྣམ་པའི་བར་གྱི་རང་བཞིན་གང་དུ་ཡང་བློས་ཡོངས་སུ་མི་ཤེས་པས་སོ། །གཉིས་པ་དོན་བསྡུ་བ་ལ་མཚམས་སྦྱར་བ་ནི། གོང་དུ་བཤད་པའི་ཚུལ་དེ་ལྟར་མི་མཐུན་ཕྱོགས་དང་སོགས་པ་གཉེན་པོའི་རབ་དབྱེ་བརྗོད་ནས་མཇུག་བསྡུ་བ་འཆད་དོ། །ཚིག་དོན་ནི། ཤེས་པར་བྱའོ། །གང་ན་མི་མཐུན་ཕྱོགས་དང་གཉེན་པོའི་རབ་ཏུ་དབྱེ་བའོ། །སྐབས་གང་དུ་ན། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུའོ། །ཇི་ལྟར་ན་གོང་དུ་བསྟན་པ་དེ་ལྟར་བཤད་པའི་ཚུལ་གྱིས་གོ་རིམ་བཞིན་དུ་ཉན་ཐོས་སོགས་ཀྱི་མཚན་འཛིན་མི་མཐུན་ཕྱོགས་དང་བྱང་ཆུབ་སེམས་དཔའི་གཞི་ཤེས་གཉེན་པོ་ཡིན་པའི་ཁྱད་པར་རོ། །སྤང་བྱ་དངོས་ནི། བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་བཟུང་ངོ༌། །གཉིས་པ་འཇུག་པ་སྦྱོར་བ་ལ་གཉིས་ཏེ། སྦྱོར་བའི་དབྱེ་བ་དང༌། བསྒོམ་ཚུལ་གྱི་རྣམ་པའོ། །དང་པོ་ལ་སྤྱི་གཞུང་གཉིས་ལས། དང་པོ་ལ་སྦྱོར་བའི་ངོ་བོ་དང༌། དབྱེ་བ་དང༌། མཉམ་རྗེས་དཔྱད་པ་དང༌། ས་མཚམས་སོ། །དང་པོ་ནི་གཞི་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ནི་ཡུལ་གྱི་དབྱེ་བས་བཅུ་ལས། དང་པོ་བཞི་ནི་རང་བཞིན་གྱི་སྦྱོར་བ་སྟེ། གཞི་ལ་མཚན་མར་འཛིན་པ་མ་སྤངས་པ་དེ་སྲིད་དུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། ཕྱི་མ་དྲུག་ནི་གནས་སྐབས་ཀྱི་སྦྱོར་བ་སྟེ། མི་མཐུན་ཕྱོགས་སྐྱེས་ན་བསྒོམ་ཞིང་མ་སྐྱེས་ན་སྒོམ་མི་དགོས་པའི་ཕྱིར་རོ། །གསུམ་པ་ནི། སྙིང་པོ་མཆོག་ལས་སྔ་མ་རྣམས་མཉམ་གཞག་དང་ཕྱི་མ་རྗེས་ཐོབ་དུ་བསྒོམ་པར་བཤད་ལ། འདིར་ནི་མཉམ་བཞག་སྣང་བཅས་སུ་བཞད་པས་ཐམས་ཅད་མཉམ་བཞག་དུ་བསྒོམ་པ་མི་འགལ་ལ། སྦྱོར་བ་དང་པོ་བཞི་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཡིན་པས་གཅིག་ཆར་བསྒོམ་ཞིང་ཕྱི་མ་དྲུག་སོ་སོར་བསྒོམ་མོ། །བཞི་པ་ནི། སྔོན་གྱི་སློབ་དཔོན་དག་ངེས་འབྱེད་ཆ་མཐུན་ཁོ་ནར་བསྒོམ་སྟེ། མཚམས་སྦྱར་དུ་སྦྱོར་བའི་ལམ་ཞེས་པ་དང༌། སྦྱོར་བའི་མཉམ་པ་ཉིད་སོ་སོར་རྟོགས་ནས་མཐོང་བའི་ལམ་བསྒོམ་དགོས་པས་ཞེས་འབྱུང་བའི་ཕྱིར་ཞེས་ཟེར་རོ། །སྦྱོར་བའི་ལམ་ཞེས་པ་ཞི་རགས་ཀྱི་རྣམ་པ་ཅན་གྱི་སྦྱོར་ལམ་དང་བར་ཆད་མེད་ལམ་གྱི་ཟླས་དབྱེ་བའི་སྦྱོར་ལམ་སོགས་དུ་མ་ལ་འཇུག་པས། འདིར་ངེས་འབྱེད་ཆ་མཐུན་དུ་མ་ངེས་ཤིང༌། འགྲེལ་ཆེན་ལས། ངེས་འབྱེད་ཆ་མཐུན་མ་བཤད་པར་གསུངས་པ་དང་ཡང་འགལ་ལོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཐོང་བ་དང་བསྒོམ་པའི་ལམ་ལ་འཇུག་ཅེས་བརྗོད་པས་སེམས་བསྐྱེད་ཚོགས་སྦྱོར་ཁོ་ན་ལ་ཡོད་པར་མི་འགྲུབ་པས་བསྒྲུབ་བྱེད་ཀྱང་མ་ངེས་པ་ཡིན་ནོ། །སྦྱོར་བ་ཙམ་ནི་ས་བཅུ་པའི་བར་དུ་ཡོད་དེ། གཞིའི་ཆོས་ལ་མངོན་པར་ཞེན་པའི་དྲི་མ་ཡོད་པ་དེ་སྲིད་དུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་དང༌། རྒྱུན་མཐའི་བར་དུ་བག་ལ་ཉལ་ཡོད་པའི་ཕྱིར་རོ། །ས་བོན་རགས་པའི་དངོས་གཉེན་ནི། ས་བདུན་པའི་བར་དུ་བསྒོམ་དགོས་ཏེ། ས་བརྒྱད་པ་མ་ཐོབ་པ་དེ་སྲིད་དུ་གཞི་ལ་མཚན་མར་འཛིན་པ་འབྱུང་བའི་ཕྱིར་རོ། །སྡུད་འགྲེལ་ལས་ཀྱང་ཐམས་ཅད་ཤེས་པ་ཉིད་ནི་ས་བདུན་པ་ལ་བཞག་སྟེ་ཞེས་སོ། །གཉིས་པ་གཞུང་གི་དོན་ལ་མཚམས་སྦྱར་བ་ནི་སྔར་བཤད་པ་དེ་ལྟར་མི་མཐུན་པའི་ཕྱོགས་ལ་སོགས་པ་བརྗོད་ནས་གཞི་ཤེས་དེ་དག་རྣམ་པར་བསྒོམ་པའི་སྦྱོར་བ་གང་ཡིན་ཞེ་ན། སྦྱོར་བའི་ལམ་བསྟན་ནོ། །རྩ་བ་ལ་འཕགས་པའི་བཞེད་པས། སྔ་མ་བཞི་ལ་ཞེན་སྤྱོད་བཀག་པའི་ཐ་སྙད་དང་ཕྱི་མ་རྣམས་ལ་སྦྱོར་བ་ཙམ་གྱི་ཐ་སྙད་བྱས་ནས། ཡུལ་གྱིས་ཕྱེ་བ་བཞི་དང༌། ངོ་བོ་དང་རྣམ་པའི་གསུམ་དང༌། སྦྱོར་བའི་འབྲས་བུ་དང༌། ཕན་ཡོན་དང་ཤེས་བྱ་རྟོགས་པར་བྱེད་པའི་ཤེས་པ་སྟེ། ཕྱི་མ་རེ་རེས་བསྟན་ནོ། །མདོ་ནི་གཟུགས་ལ་མི་སྤྱོད་ན་ཡུལ་སྤྱོད་དོ་ཞེས་སོ། །གསུམ་པ་ཚིག་དོན་ལ་དངོས་བསྟན་དང་ཤུགས་བསྟན་གཉིས་ལས། དང་པོ་ནི་བསྟན་ནོ། །གང་ན་སྦྱོར་བ་རྣམ་པ་བཅུའོ། །ཇི་ལྟར་ན། དངོས་བསྟན་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་ཏོ། །ཇི་ལྟར་སྦྱོར་ཅེ་ན། སྒྲུབ་པའི་ཡོངས་སུ་ཤེས་པ་བསལ་བའི་སྒོ་ནས་སོ། །གང་གིས་ན། སྦྱོར་བ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ། །གང་ལ་སྦྱོར་ན། གཟུགས་སོགས་ཡུལ་བཅུ་པོ་དེ་དང་དེ་ལའོ། །བཅུ་པོ་ཡང་རང་བཞིན་དང་གནས་སྐབས་ཀྱི་སྦྱོར་བ་གཉིས་སུ་འདུས་སོ། །དང་པོ་ལ་བཞི་ལས། བཞིའི་ངོ་བོ་ལ་སྤྱོད་པ་བཀག་པ་ནི། བྱང་སེམས་ཀྱི་སྦྱོར་ལམ་མཉམ་བཞག་ཆོས་ཅན། གཞིའི་ངོ་བོ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་བསལ་བའི་རྣལ་འབྱོར་ཡིན་པའི་ཕྱིར། རྟགས་ཕྱི་མ་ནི་འོག་མ་རྣམས་ལ་ཡང་སྦྱར་རོ། །ཁྱད་པར་ལ་ཞེན་སྤྱོད་བཀག་པ་ནི། གཟུགས་སོགས་དེ་དག་ཉིད་ཀྱིས་མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པ་ལ་སྒྲུབ་པའི་འདུ་ཤེས་བསལ་བའོ། །གཟུགས་རྫོགས་མ་རྫོགས་ལ་ཞེན་སྤྱོད་བཀག་པ་ལ། སྤྱིའི་དོན་དང༌། གཞུང་གི་དོན་གཉིས་ལས། དང་པོ་ནི་ཡུམ་བར་མ་ལས། བྱམས་པ་གཟུགས་ཀྱི་རབ་ཏུ་དབྱེ་བ་ནི་གསུམ་གྱིས་ཤེས་པར་བྱ་སྟེ། ཡོངས་སུ་བརྟགས་པའི་གཟུགས་དང༌། རྣམ་པར་བརྟགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་སོ་ཞེས་གསུངས་སོ། །འདིའི་དོན་རྣམ་རིག་པས་གང་ཟག་དང་ཆོས་ཀྱིས་རབ་ཏུ་ཕྱེ་བ་གཉིས་ལས། དང་པོ་ལ། ཕུང་པོ་ལ་སོགས་པ་ལ་བདག་ཏུ་མངོན་པར་ཞེན་པས་བརྟགས་པ་ནི་ཀུན་བཏགས་དང༌། གདགས་གཞི་ཕུང་པོ་སོགས་ནི་གཞན་དབང་དང༌། དེ་ཉིད་བདག་གིས་སྟོང་པ་ཡོངས་གྲུབ་བོ། །གཉིས་པ་ནི། གཟུང་འཛིན་གཉིས་སུ་བདེན་པར་བཏགས་པ་དང༌། གཟུང་འཛིན་གཉིས་སུ་སྣང་བའི་ཀུན་ཏུ་རྟོག་པ་དང༌། དེ་ཉིད་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཆོས་ཉིད་ལ་བཤད་དེ། ཐེག་བསྡུས་ལས། རྣམ་པར་རྟོག་པས་བརྟགས་པའི་དོན། །ཀུན་ཏུ་བཏགས་པའི་ངོ་བོ་ཉིད། །རྣམ་པར་རྟོག་པ་གཞན་གྱི་དབང༌། །དེའི་ཆོས་ཉིད་ཡོངས་སུ་གྲུབ། །ཅེས་སོ། །འདི་དག་ཀྱང་ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་དང་མངོན་དུ་བྱ་བའི་དབང་དུ་བྱས་ནས་གསུམ་དུ་བསྟན་ཏེ། ཀུན་བརྟགས་ཤེས་བྱ་དང་གཞན་དབང་སྤང་བྱ་དང་ཡོངས་གྲུབ་མངོན་དུ་བྱ་བ་ཡིན་པའི་ཕྱིར། ཡུལ་ཅན་ལས་ནི། སོ་སོ་སྐྱེ་བོ་དང༌། འཕགས་པའི་རྗེས་ཐོབ་དང༌། མཉམ་བཞག་གི་དབྱེ་བས་གསུམ་དུ་བསྟན་ཏེ། ཀུན་བཏགས་སོ་སྐྱེ་དང༌། གཞན་དབང་རྗེས་ཐོབ་དང༌། ཡོངས་གྲུབ་མཉམ་བཞག་གི་ཡུལ་ཡིན་པའི་ཕྱིར། མདོར་བསྡུ་ན། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་འདུས་ཏེ། སྔ་མ་ཀུན་རྫོབ་ཕྱི་མ་གཉིས་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་རོ། །དབུ་མ་པའི་འདོད་ཚུལ་ནི། འགྲེལ་ཆེན་ལས། གཟུང་འཛིན་གཉིས་ཀྱི་ཚུལ་ཀུན་བཏགས་དང༌། གཉིས་སུ་སྣང་བ་གཞན་དབང་དང༌། གཉིས་ཀྱི་སྟོང་པའི་ཆོས་ཉིད་ཡོངས་གྲུབ་དུ་བཤད་ལ། དབུ་མ་སྣང་བ་ལས། མི་རྟག་སོགས་སུ་བདེན་པར་བཏགས་པ་དང༌། མ་བཏགས་པར་སྣང་བའི་རྟེན་འབྲེལ་དང༌། དོན་དམ་པར་ངོ་བོ་ཉིད་མེད་པ་ལ་བཤད་དེ་དོན་མཐུན་ནོ། །གཉིས་པ་ནི། ཀུན་བཏགས་པའི་གཟུགས་ལ་མ་རྫོགས་པ་ཞེས་བྱ་སྟེ། བློས་བཏགས་པ་ཙམ་ལས་རང་གི་ངོ་བོས་གྲུབ་པ་མེད་པས་ཡོན་ཏན་གྱི་རྟེན་དུ་མ་རྫོགས་པའི་ཕྱིར། ཆོས་ཉིད་ཀྱི་གཟུགས་ནི་རྫོགས་པ་ཞེས་བྱ་སྟེ། དྲི་མས་རྣམ་པར་དག་པ་ན། ངོ་བོ་ཉིད་ཀྱི་སྐུར་གནས་འགྱུར་བས་སྟོབས་སོགས་ཡོན་ཏན་གྱི་རྟེན་དུ་རྫོགས་པའི་ཕྱིར། རྣམ་པར་བཏགས་པའི་གཟུགས་ནི་ཀུན་བཏགས་ཀྱི་གདགས་གཞི་དང༌། ཡོངས་གྲུབ་ཀྱི་ཆོས་ཅན་ཡིན་པའི་ཕྱིར། གཞན་གཉིས་བསྟན་པས་གོ་སླ་བའི་ཕྱིར་ལོགས་སུ་མ་གསུངས་སོ། །སྤང་གཉེན་གྱི་དབྱེ་བ་ལ། སྤྱོད་པ་བཀག་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་ལ་ཆགས་པ་ཡོད་མེད་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་བསལ་བའོ། །གཉིས་པ་གནས་སྐབས་ཀྱི་སྦྱོར་བ་དྲུག་ཡོད་པ་ལས། མི་འགྱུར་བ་དང༌། བྱེད་པ་པོ་མེད་པ་ལ་སྤྱོད་པ་བཀག་པ་ནི། གཞིའི་ཆོས་ཉིད་འཕེལ་འགྲིབ་སོགས་ཀྱི་གཞན་དུ་མི་འགྱུར་བ་དང༌། གཞིའི་ཆོས་ཉིད་བསྟོད་པ་དང་སྨད་པ་སོགས་ཀྱིས་ཀུན་ནས་ཉོན་མོངས་པར་བྱེད་པ་པོ་མེད་པ་ལ་སྒྲུབ་པའི་འདུ་ཤེས་བསལ་བའོ། །བྱ་དཀའ་བ་ལ་སྤྱོད་པ་བཀག་པ་ནི། ཡུལ་བྱ་དཀའ་བ་གསུམ་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་བསལ་བའོ། །གསུམ་པོ་གང་ཞེ་ན། གོ་རིམ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་ལས་རྣམ་མཁྱེན་གྱི་བདག་ཉིད་ཆེད་དུ་བྱ་བ་བྱ་དཀའ་བ་ཡིན་ཏེ་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་དུ་སྐལ་བ་མང་པོར་ཚོགས་གཉིས་འབད་པས་སྒྲུབ་པར་བྱ་བ་ཡིན་པའི་ཕྱིར། ལམ་ཤེས་ཀྱི་བདག་ཉིད་སྦྱོར་བ་བྱ་དཀའ་བ་ཡིན་ཏེ། དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་དུ་ལམ་གསུམ་གྱི་སྤང་བྱ་ལས་ངེས་པར་འབྱུང་བའི་དོན་དུ་སྐལ་པ་དུ་མར་འབད་པས་བསྒྲུབ་པར་བྱ་བའི་སྦྱོར་བ་ཡིན་པའི་ཕྱིར། གཞི་ཤེས་ཀྱི་བདག་ཉིད་བྱེད་པ་བྱ་དཀའ་བ་ཡིན་ཏེ། དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་དུ་སེམས་ཅན་གཞན་གྱི་ཆེད་དུ་འབད་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར། འབྲས་བུས་མི་སྟོང་པ་ལ་སྤྱོད་པ་བཀག་པ་ནི། འབྲས་བུས་མི་སྟོང་པ་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་བསལ་བའོ། །འབྲས་བུས་མི་སྟོང་སྟེ། གདུལ་བྱའི་སྐལ་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པས་སོ། །བསྲུང་བྱེད་གཞན་ལ་རག་ལས་པ་མ་ཡིན་པ་ལ་ཞེན་སྤྱོད་བཀག་པ་ནི་བསྲུང་བྱེད་གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཞེས་སོགས་སོ། །བྱང་སེམས་ཀྱི་སྦྱོར་ལམ་མཉམ་བཞག་ཆོས་ཅན། སྣང་བ་རྣམ་པ་བདུན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་ཏེ། སྣང་བ་བདུན་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་བསལ་བའི་རྣལ་འབྱོར་ཡིན་པའི་ཕྱིར། རྨི་ལམ་ལ་སོགས་པའི་སྣང་བས་ཕྱི་ནང་གི་དངོས་པོ་རྣམས་ཡོངས་སུ་འགྱུར་བ་ལ་སོགས་པའི་སྣང་བ་རྣམས་སུ་ཤེས་པར་བྱེད་དོ། །ཇི་ལྟར་ན། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། དོན་དམ་པར་བདེན་པར་གྲུབ་པ་མེད་དེ། བག་ཆགས་ཡོངས་སུ་འགྱུར་བའི་སྣང་བ་ཡིན་པའི་ཕྱིར། རྨི་ལམ་བཞིན། ཟླ་བ་སྒྲོན་མའི་མདོ་ལས། ཇི་ལྟར་རྨི་ལམ་ན་ཡང་འདོད་བསྟན་པ། །སྐྱེ་བུ་སད་པར་གྱུར་ན་དེ་མི་མཐོང༌། །བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེ་ན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །རྒྱུ་རྐྱེན་མཉམ་དུ་ཚོགས་པ་ལས་བྱུང་བའི་སྣང་བ་ཙམ་ཡིན་པའི་ཕྱིར། སྒྱུ་མ་བཞིན། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ནས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །བདེན་པར་སྣང་ཡང་བདེན་པར་འགལ་བ་ཡིན་པའི་ཕྱིར། སྨིག་རྒྱུ་བཞིན། ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ཀྱི། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡི། །སྨིག་སྒྱུ་དག་ལ་ཆུའི་ཕུང་པོར་སྣང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །གནས་དང་སྒྲའི་རྐྱེན་ལ་རག་ལས་པའི་སྣང་བ་ཡིན་པའི་ཕྱིར། སྒྲ་བརྙན་བཞིན། ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་རྒོད་དང་དུ་བ་ལས། །བྲག་ཆ་ཐོས་ཀྱང་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །གནས་ཚུལ་ལ་མ་འཕོས་བཞིན་དུ། རྒྱུ་རྐྱེན་གྱི་དབང་གི་སྣང་བ་ཙམ་ཡིན་པའི་ཕྱིར། ཆུ་ཟླ་བཞིན། ཇི་ལྟར་ནམ་མཁའ་དངས་པར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དངས་པའི་མཚོར་སྣང་ཡང༌། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །རྟེན་བདེན་པར་གྲུབ་པ་མེད་པའི་སྣང་བ་ཡིན་པའི་ཕྱིར། དྲི་ཟའི་གྲོང་ཁྱེར་བཞིན། བྱ་བ་བྱེད་པ་པོར་སྣང་ཡང་བྱེད་པ་པོར་གནས་པ་མེད་པའི་སྣང་བ་ཡིན་པའི་ཕྱིར། སྤྲུལ་པ་བཞིན། ཇི་ལྟར་སྤྲུལ་བ་དྲི་ཟའི་གྲོང་ཁྱེར་དང༌། །རྨི་ལམ་ཇི་བཞིན་སྒྱུ་མ་ཇི་བཞིན་དུ། །མཚན་མ་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་ནི། བྱང་སེམས་ཀྱི་སྦྱོར་བ་ཞེན་སྤྱོད་བཀག་པར་བསྟན་པའི་ཤུགས་ཀྱིས་ན་ཉན་ཐོས་ལ་སོགས་པའི་སྦྱོར་བ་ནི་ཇི་སྐད་བཤད་པའི་ཞེན་སྤྱོད་བཀག་པ་ལས་བཟློག་སྟེ་སྦྱོར་བ་ཡིན་ནོ། །གཉིས་པ་སྦྱོར་བའི་རྣམ་པ་བསྟན་པ་ལ། མཚམས་སྦྱར་བ་ནི། སྦྱོར་བའི་འོག་ཏུ་མཉམ་པ་ཉིད་བསྟན་ཏེ། མཉམ་པ་ཉིད་ཀྱི་སྒོ་ནས་སྦྱོར་བ་བསྒོམ་དགོས་པས་སོ། །མདོ་ནི་གཟུགས་རློམ་སེམས་སུ་མི་བྱེད་གཟུགས་ཀྱིས་རློམ་སེམས་སུ་མི་བྱེད་ཅེས་སོ། །གསུམ་པ་ནི། བྱང་སེམས་སྦྱོར་ལམ་པའི་མཉམ་བཞག་ནི་ཆོས་ཅན། སྦྱོར་བའི་མཉམ་པ་ཉིད་ཡིན་ཏེ། གཟུགས་སོགས་ཀྱི་ངོ་བོ་ལ་མངོན་པར་ཞེན་པ་དང༌། ཁྱད་པར་སྔོན་པོ་ལ་སོགས་པའི་མཚན་མ་དང་དབྱེ་བའི་སྤྲོས་པ་དང་ཡུལ་ཅན་སྦྱོར་བ་ལ་སོགས་པའི་རྟོགས་པ་ལ་རློམ་པ་རྣམ་པ་ཐམས་ཅད་དུ་བདེན་པར་མི་དམིགས་པར་མཉམ་པ་ཉིད་དུ་རྟོགས་ནས་བསྒོམ་པའི་རྣལ་འབྱོར་ཡིན་པའི་ཕྱིར། གསུམ་པ་ཞུགས་འབྲས་མཐོང་ལམ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ་མཚམས་སྦྱར་བ་ནི། སྦྱོར་བའི་མཉམ་པ་ཉིད་ཀྱི་འོག་ཏུ་མཐོང་བའི་ལམ་བསྟན་ཏེ། སྦྱོར་བའི་མཉམ་པ་ཉིད་སོ་སོར་རྟོགས་ནས་མཐོང་བའི་ལམ་བསྒོམ་དགོས་པས་སོ། །གཉིས་པ་མདོ་དགོད་པ་ནི། སངས་རྒྱས་ཀྱི་མཐུས་ལྷའི་རིགས་ཐམས་ཅད་ཀྱིས། ཕྱོགས་བཅུའི་ཞིང་ན་སངས་རྒྱས་སྟོང་ཡུམ་སྟོན་པ་མཐོང་བ་དང༌། བྱམས་པ་ཡང་ས་ཕྱོགས་འདི་ཉིད་དུ་ཡུམ་འཆད་པར་འགྱུར་ཞེས་སོགས་སོ། །འདིར་སངས་རྒྱས་སྟོང་སྨོས་པ་ནི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ལས་གཞན་མེད་པར་ཤེས་པར་བྱ་བའི་ཆེད་ཡིན་ལ། འདས་པ་དཔེར་མ་བྱས་པ་ནི། དེའི་བསྟན་པ་རྫོགས་ཟིན་པར་ཤེས་པར་བྱ་བའི་དོན་ནོ། །མ་འོངས་པ་བརྗོད་པ་ནི་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་སྒྲུབ་པའི་ཕྲིན་ལས་འབྱུང་བར་བསྟན་པར་བྱ་བའི་དོན་ནོ། །གསུམ་པ་ཚིག་དོན་ནི། འདིར་བསྟན་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་བསྟན་པའི་མཐོང་ལམ་ཡིན་ཏེ། གཞི་ཤེས་ཀྱི་སྦྱོར་བ་བསྒོམས་པས་གཞིའི་གནས་ཚུལ་གསར་དུ་མཐོང་བའི་ཡེ་ཤེས་ཡིན་པའི་ཕྱིར། ཇི་ལྟར་བཅུ་དྲུག་ཡིན་ཞེ་ན། ཡུལ་སྡུག་བསྔལ་ལ་སོགས་པའི་བདེན་པ་སོ་སོ་ལ་ཡུལ་ཅན་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་བྱ་བ་དང་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་སྟེ། བཞི་བཞིར་ཕྱེ་བ་དེ་ལྟར་རོ། །གཉིས་པ་ལ། མཚམས་སྦྱར་བ་ནི། བདེན་པའི་རྣམ་པ་གང་ཡིན་ཞེ་ན། རྩ་བ་ལ་གཟུགས་རྟག་མ་ཡིན་མི་རྟག་མིན་ཞེས་སོགས་སོ། །མདོ་ནི་བྱམས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་གཟུགས་རྟག་པའམ་མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ་ཞེས་སོ། །གསུམ་པ་ལ་དངོས་བསྟན་བྱང་སེམས་ཀྱི་མཐོང་ལམ། ཤུགས་བསྟན་ཉན་རང་གི་མཐོང་ལམ། ཞར་ལ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ལ་བདེན་པ་སོ་སོའི་རྣམ་པ་དང༌། ཡུལ་ཅན་མཐོང་ལམ་གྱི་ངོ་བོ། དང་པོ་ལ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་ནི། སྡུག་བསྔལ་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། སྡུག་བསྔལ་གྱི་བདེན་པས་བསྡུས་པའི་གཟུགས་ལ་སོགས་པ་ཕྱི་རོལ་པས་བརྟགས་པའི་རྟག་པའི་རང་བཞིན་ཡང་མ་ཡིན་ཉན་ཐོས་ལ་སོགས་པས་བརྟགས་པའི་མི་རྟག་པའི་རང་བཞིན་ཡང་མ་ཡིན་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར་ཏེ། གཟུགས་སོགས་རྟག་པ་དང་མི་རྟག་པ་ཉིད་ཀྱི་སྤྲོས་པ་དང་བྲལ་བ་ལ་གཙོ་བོར་གསལ་ལ་ངེས་པ་འདྲེན་ནུས་ཀྱི་ཚུལ་དུ་རྟོགས་པ་ཡིན་པའི་ཕྱིར། ཇི་ལྟར་གཟུགས་སོགས་རྟག་མི་རྟག་གི་སྤྲོས་པ་དང་བྲལ་ཞེ་ན། བདེན་པའི་ངོ་བོ་ཉིད་མེད་པའི་ཕྱིར། འོག་མ་རྣམས་ལ་ཡང་སྦྱར་ཚུལ་འདི་བཞིན་ནོ། །གཟུགས་སོགས་སྡུག་བསྔལ་གྱི་བདེན་པ་ཆོས་ཅན། རྟག་པ་འཁོར་བ་དང་ཆད་པ་མྱ་ངན་ལས་འདས་པའི་མཐའ་དང་བྲལ་བ་ཡིན་ཏེ། སྡུག་བསྔལ་བ་དང་སྡུག་བསྔལ་མ་ཡིན་པའི་རང་བཞིན་དང་བྲལ་བའི་ཕྱིར་དོན་དམ་པར་སྟོང་མི་སྟོང་གིས་རྣམ་པར་དག་སྟེ། དོན་གཞན་གྱིས་བདག་གིས་སྟོང་པ་དང་མི་སྟོང་པའི་རང་བཞིན་དང་བྲལ་བའི་ཕྱིར། མ་སྐྱེས་པ་དང༌། མ་འགགས་པ་དང༌། ཆགས་སོགས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་མ་ཡིན་པ་དང་སོགས་པ་ཉམས་པ་དང་འཕེལ་བ་སོགས་ཀྱི་རང་བཞིན་དུ་གྲུབ་པ་མེད་དེ། བདག་དང་བདག་མེད་པ་ཉིད་ཀྱི་རང་བཞིན་དུ་ཡོད་པ་མ་ཡིན་པས་སོ། །འདི་དག་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་པོ་དག་གོ །ཀུན་འབྱུང་གི་བདེན་པའི་རྣམ་པ་བཞི་ནི། ཀུན་འབྱུང་གིས་བསྡུས་པའི་གཟུགས་སོགས་ཆོས་ཅན། རྣམ་པར་གྱུར་པ་མེད་པ་ནམ་མཁའ་དང་འདྲ་བ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་དང་རྒྱུ་མ་ཡིན་པའི་རང་བཞིན་གསོག་ཉིད་ཀྱི་ཕྱིར། དོན་དམ་པར་ཆགས་སོགས་ཀུན་ནས་ཉོན་མོངས་པ་དང་ཁྲོ་བ་སོགས་ཉེ་བའི་ཉོན་མོངས་པ་གདོད་མ་ནས་སྤང་པ་ཡིན་ཏེ། ཀུན་འབྱུང་བ་དང་ཀུན་འབྱུང་བ་མ་ཡིན་པའི་རང་བཞིན་དང་མི་ལྡན་པའི་ཕྱིར། སྡུག་བསྔལ་གྱི་འབྲས་བུ་ཡོངས་སུ་འཛིན་པ་ལས་གྲོལ་བ་ཡིན་ཏེ། སྡུག་བསྔལ་རབ་ཏུ་སྐྱེ་བ་དང་རབ་ཏུ་མི་སྐྱེ་བའི་རང་བཞིན་དང་མ་བྲེལ་བས་སོ། །རྐྱེན་ཡིན་མིན་དུ་རང་གི་ངོ་བོས་བརྗོད་དུ་མེད་དེ། དོན་དམ་པར་རྐྱེན་དང་རྐྱེན་མ་ཡིན་པའི་རང་བཞིན་ལས་རྣམ་པར་གྲོལ་བའི་ཕྱིར། འདི་ནི་ཀུན་འབྱུང་གི་རྣམ་པ་དག་ཡིན་ནོ། །འགོག་བདེན་གྱི་རྣམ་པ་བཞིན། འགོག་པའི་བདེན་པ་ནི་ཆོས་ཅན་ཚིག་ཏུ་བརྗོད་པ་ཙམ་གྱིས་རྒྱུད་གཞན་ལ་སྦྱིན་དུ་མེད་དེ། གང་གི་ཕྱིར་ན། འགོག་པ་དང་འགོག་པ་མེད་པའི་རང་བཞིན་དང་མ་འབྲེལ་བ་དེའི་ཕྱིར། དམིགས་པར་བྱ་བ་གང་གིས་ཀྱང་དམིགས་སུ་མེད་དེ། སྡུག་བསྔལ་ཞི་བ་དང་མ་ཞི་བའི་རང་བཞིན་མེད་པས་སོ། །དོན་དམ་པར་རྟག་ཆད་ཀྱི་མཐའ་ལས་འདས་ཤིང་དྲི་མས་རྣམ་པར་དག་པ་ཡིན་ཏེ། གྱ་ནོམ་པ་དང་གྱ་ནོམ་པ་མ་ཡིན་པའི་རང་བཞིན་དང་བྲལ་བའི་ཕྱིར། ནད་ཐམས་ཅད་མི་སྐྱེ་བའི་ཡོན་ཏན་དང་ལྡན་ཏེ། ངེས་པར་འབྱུང་བ་དང་ངེས་པར་འབྱུང་བ་མེད་པའི་རང་བཞིན་དུ་ཡང་མེད་པའི་ཕྱིར། འདི་དག་ནི་འགོག་པའི་བདེན་པའི་རྣམ་པ་དག་ཡིན་ནོ། །ལམ་བདེན་གྱི་བཞི་ནི། ཐེག་ཆེན་གྱི་ལམ་བདེན་ཆོས་ཅན། ལས་དང་ཉོན་མོངས་པའི་དབང་གིས་ངན་སོང་དུ་སྐྱེ་བ་ཡོངས་སུ་ཆད་པ་ཡིན་ཏེ། ལམ་དང་ལམ་མ་ཡིན་པའི་སྤྲོས་པ་དང་བྲལ་བའི་ཕྱིར། རང་གི་འབྲས་བུ་སངས་རྒྱས་མངོན་དུ་བྱ་བའི་དོན་གྱི་ཐབས་ལ་རྣམ་པར་མི་རྟོག་པ་ཡིན་ཏེ། རིགས་པ་དང་རིགས་པ་མ་ཡིན་པའི་རང་བཞིན་དང་མ་འདྲེས་པའི་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་མཚན་མར་འཛིན་པ་དག་དང་མ་འདྲེས་པ་ཡིན་ཏེ། སྒྲུབ་པ་དང་སྒྲུབ་པ་མ་ཡིན་པའི་སྤྲོས་པ་ལས་རྣམ་པར་གྲོལ་བའི་དོན་རྟོགས་པ་ཉིད་ཀྱིས་སོ། །བརྗོད་པར་བྱ་བའི་ཤེས་བྱ་དང་བརྗོད་པར་བྱེད་པའི་སྒྲ་གཉིས་ཀྱི་ངོ་བོའི་མཚན་ཉིད་ལ་བདེན་འཛིན་གྱི་ཤེས་པ་སྐྱེ་བ་མེད་པ་ཡིན་ཏེ། ངེས་པར་འབྱིན་པ་དང་ངེས་པར་འབྱིན་པ་མ་ཡིན་པའི་སྤྲོས་བྲལ་མངོན་སུམ་དུ་རྟོགས་པ་ཉིད་ཀྱིས་སོ། །དེ་དག་ནི་ལམ་གྱི་བདེན་པའི་རྣམ་པ་དག་ཡིན་ནོ། །གཉིས་པ་ནི་ཀུན་ཤེས་པ་ཉིད་ཀྱི་སྐབས་སུ་དངོས་སུ་བསྟན་པའི་སྐད་ཅིག་མ་བཅུ་དྲུག་དེ་དག་ནི་ཆོས་ཅན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་ཡིན་ཏེ། རང་གཞན་གྱི་སྡེ་བས་བརྟགས་པའི་སྤྲོས་པ་སོ་གཉིས་དང་བྲལ་བ་དེ་ལྟ་བུའི་རྣམ་པ་ཅན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ཤུགས་བསྟན་ཉན་རང་གི་མཐོང་ལམ་ནི། ཉན་ཐོས་ཀྱི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཆོས་ཅན། ཀུན་ཤེས་པ་ཉིད་ཀྱི་སྐབས་སུ་ཤུགས་ལ་བསྟན་པ་ཡིན་ཏེ། རྟག་མི་རྟག་གི་སྤྲོས་བྲལ་དེ་ལས་བཟློག་པ་མི་རྟག་པ་ལ་སོགས་པའི་རྣམ་པ་དག་ཏུ་བསྒོམ་པར་བྱ་བའི་རྟོགས་པ་ཡིན་པའི་ཕྱིར། གསུམ་པ་ནི། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་མཐོང་བའི་ལམ་ལས་ལོག་ཤིག་ཏུ་སྒོམ་ལམ་བསྟན་པ་ལྟར་འདིར་ཡང་ཅིའི་ཕྱིར་མ་བསྟན་ཞེ་ན། ཉན་ཐོས་ཀྱི་ལམ་ནི། བྱང་ཆུབ་སེམས་དཔས་གཞན་དོན་དུ་ཤེས་པར་བྱ་བ་ཡིན་པས། རྟོགས་རིགས་མངོན་སུམ་དུ་མཐོང་བའི་མཐོང་ལམ་དངོས་སུ་བསྟན་པ་ཡིན་གྱི། ཉན་ཐོས་ཀྱི་རྟོགས་རིགས་གོམས་པར་བྱེད་པའི་སྒོམ་ལམ་ནི་མ་བསྟན་ཏེ། ཉན་ཐོས་ཀྱི་འབྲས་བུ་མངོན་དུ་བྱ་བ་མ་ཡིན་པས་སོ། །འོ་ན་ཤེས་བྱ་མ་བསྟན་པས་མི་རྟོགས་ཅེ་ན། བྱང་སེམས་ཀྱི་མཐོང་ལམ་དངོས་སུ་བསྟན་ནས་བཟློག་པའི་སྒོ་ནས་སྟོན་པས་ན་སྐྱོན་མེད་དོ། །སྐབས་ཀྱི་དོན་ནི་འདི་ཡིན་ཏེ། ཉན་རང་གི་ལམ་གཉིས་གཞན་དོན་དུ་ཤེས་པར་བྱ་བ་ཙམ་ཡིན་པས་མཐོང་བ་ཙམ་གྱིས་དོན་འགྲུབ་ཅིང༌། ཉོན་མོངས་སྤངས་པའི་རྣམ་གྲོལ་དོན་དུ་མི་གཉེར་བས་རྟོགས་རིགས་མཐོང་ཟིན་སླར་བསྒོམ་མི་དགོས་པས། སྒོམ་པའི་ལམ་ནི་མ་བསྟན་ཞེས་པའི་དོན་ནོ། །ཉན་ཐོས་ཀྱི་སྒོམ་ལམ་མི་སྟོན་པ་ལ་འདོད་པ་ནི་འཕྲོས་མ་རྟོགས་པ་ཡིན། བཞི་པ་མཁྱེན་གསུམ་གྱི་དོན་བསྡུ་བ་ལ། མཚམས་སྦྱར་བ་ནི། དེ་ལྟར་རྒྱས་པར་བསྟན་ཟིན་ནས། ཐམས་ཅད་མཁྱེན་པ་ཉིད་གསུམ་མཇུག་བསྡུ་བར་མཛད་དེ། མངོན་རྟོགས་ཀྱི་དོན་མཐའ་དག་སྡུད་པར་བྱེད་པ་ཉིད་ཀྱིས་སོ། །རྩ་བ་ནི། ཡོངས་སུ་བསྟན་ནོ། །གང་ན་གནས་སྐབས་གསུམ་པོ་དེ་དག་གི་བརྗོད་བྱ་རྣམ་པ་གསུམ་པོ་འདི་ནི་བསྟན་ནོ། །གསུམ་པོ་འདི་ནི། སྔར་བཤད་པ་འདི་ལྟར་གཞི་ཤེས་པ་འདི་དང༌། ཡང་བཤད་པའི་ལམ་ཤེས་པ་འདི་དང༌། ཡང་བཤད་པའི་རྣམ་མཁྱེན་འདི་ཡིན་ནོ། །ཇི་ལྟར་བསྟན་ཅེ་ན། རྫོགས་པར་དེ་དོན་བསྡུས་པའི་ཚུལ་གྱིས་སོ། །གང་གིས་ན། རབ་འབྱོར་ཡུམ་འདི་ནི། ཆོས་གང་སྟོན་པའམ་ཞེས་པ་ནས། གཟུགས་མེད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན་གནས་པར་བྱེད་པ་མ་ཡིན་ཞེས་སོགས་ཀྱིས་སོ། །གང་དག་ལེའུ་གསུམ་གྱིས་རྫོགས་པར་མཛད་ཅེས་འཆད་པ་ནི་ནོར་བ་སྟེ། རྫོགས་པར་མཛད་བྱེད་ནི། འཕགས་སེང་གཉིས་ཀྱིས་ལེའུ་གསུམ་པོ་རྫོགས་ཟིན་གྱི་མཇུག་ཐོགས་སུ་གསུངས་པའི་མདོ་ཚིག་ཚན་པ་གསུམ་ལ་བཟུང་བའི་ཕྱིར་རོ། །འགྲེལ་པ་ནི། མཛད་པ་ཡིན་ནོ། །གང་གིས་ན་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན་ནོ་ཞེས་སོགས། དོན་བསྡུ་པའི་མདོ་ཚིགས་གསུམ་གྱིས་སོ། །གང་ན་རབ་འབྱོར་དང་མཐའ་གཉིས་རྣམ་དག་དང་སྤྱོད་པ་ཁྱད་པར་ཅན་གྱི་ལེའུ་གསུམ་གྱི་བརྗོད་བྱ་རྣམ་པ་གསུམ་མོ། །ཇི་ལྟར་ན་རྫོགས་པར་ཏེ་དོན་བསྡུ་བའི་ཚུལ་གྱིས། རྣམ་པ་གསུམ་གང་ཞེ་ན་སྔར་བཤད་པ་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་ཤེས་པ་ཉིད་དང་ཐམས་ཅད་ཤེས་པ་ཉིད་འདི་དང་གསུམ་པ་དེ་དག་གོ །རྣམ་མཁྱེན་ལ་འདི་ཞེས་པ་མི་འཐད་དེ། བཤད་མ་ཐག་པ་དང༌། འཆད་པར་འགྱུར་བ་མ་ཡིན་པས་སོ་ཞེ་ན་བཤད་མ་ཐག་པ་དང་ཉེ་བས་དེའི་ཚུལ་དུ་བརྗོད་དོ། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་སྐབས་གསུམ་པའི་འགྲེལ་པ་རྣམས་པར་བཤད་པའོ།། །།ཉམས་སུ་ལེན་པའི་ཐབས་སྦྱོར་བ་བཞི་ལ། དབང་ཐོབ་པའི་དོན་དུ་བསྒོམ་པ་རྣམ་ཀུན། དབང་ཐོབ་པའི་ཚུལ་གྱིས་བསྒོམ་པ་རྩེ་སྦྱོར། བརྟན་པ་ཐོབ་པའི་དོན་དུ་བསྒོམ་པ་མཐར་གྱིས་པ། བརྟན་པ་ཐོབ་ནས་གཅིག་ཅར་དུ་བསྒོམ་པ་སྐད་ཅིག་མའོ། །དང་པོ་ལ་འབྲེལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། བྱང་སེམས་ཚོགས་ལམ་པའི་ཏིང་ངེ་འཛིན་ཆོས་ཅན། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་ཡིན་ཏེ། རྣམ་མཁྱེན་ཡིད་བྱེད་དང་ལྡན་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒོམ་པར་བྱེད་པའི་རྣལ་འབྱོར་ཡིན་པའི་ཕྱིར། བསྒོམ་ཞེས་དྲང་ངོ༌། གང་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་ཐོས་བསམ་གྱིས་ཡོངས་སུ་ཤེས་པ་ནིའོ། །དགོས་པ་དབང་དུ་བྱ་བའི་ཕྱིར་དུའོ། །ཚུལ་ནི་སྔར་ཐོས་བསམ་གྱིས་ཡུལ་དུ་བྱས་པར་མ་ཟད་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་སོ། །བསྡུས་པའི་དོན་སྔར་མཁྱེན་གསུམ་མཚན་ཉིད་ཀྱི་སྒོ་ནས་བསྟན་ནས་འདིར་རྣམ་པར་བསྡུས་པ་ཡིན་ཏེ་མཁྱེན་པ་གསུམ་ནི་རྣམ་པའི་སྒོ་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ། སྦྱོར་བ་ལ་འཇུག་ཚུལ་གཏན་ལ་དབབ། སྦྱོར་བ་སྐྱེས་པའི་བསྒོམ་རིམ་མོ། །དང་པོ་ལ་བསྒོམ་པར་བྱ་བའི་རྣམ་པ། བསྒོམ་པ་པོའི་གང་ཟག ཡུལ་ཅན་སྦྱོར་བའི་དབྱེ་བ། སྦྱོར་བའི་སྔོན་འགྲོའི་ཆོས། ཉི་རྒྱུ་ཐར་པ་ཆ་མཐུན་ནོ། །དང་པོ་ལ། སྤྱི་གཞུང་གཉིས་ལས། དང་པོ་ལ། རྣམ་པའི་རང་བཞིན་ངོས་བཟུང༌། ཇི་ལྟར་བསྒོམ་པའི་ཚུལ། བསྒོམ་ཚུལ་ལ་བརྩོད་པ་སྤང་པའོ། དང་པོ་ལ། འགའ་ཞིག་རྣམ་པ་ནི་ཤེས་རྣམ་ཁོ་ན་ཡིན་ལ། དོན་རྣམ་ཞེས་བྱ་བ་ནི་མི་རིགས་ཤིང་གཞུང་ལུགས་ཆེན་པོ་རྣམས་སུ་ཐ་སྙད་ཀྱང་མི་འབྱུང་ངོ༌། །བསྒོམ་བྱ་ཡང་ཤེས་རྣམ་ཁོ་ན་ཡིན་ཏེ། རྣམ་པ་བསྒོམ་པའི་དགོས་པ་ནི། རྟོགས་པ་ཕུལ་དུ་ཕྱིན་པར་བྱ་བའི་ཆེད་ཡིན་ལ། དོན་རྣམ་ལ་ཕུལ་དུ་བྱུང་བ་བྱར་མེད་པའི་ཕྱིར་ཞེས་འདོད་དོ། །སྔོན་གྱི་སློབ་དཔོན་འགའ་ཞིག་ནི། ཡུལ་བདེན་བཞིའི་ཁྱད་པར་དོན་རྣམ་དང༌། ཡུལ་ཅན་ཡེ་ཤེས་ཀྱི་ཁྱད་པར་ཤེས་རྣམ་གཉིས་ལས། དང་པོ་ལ། གང་ཟག་གི་བདག་མེད་ཀྱི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་དང༌། རང་བཞིན་སྐྱེ་མེད་ལ་སོགས་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་གཉིས་སོ། །ཤེས་རྣམ་ལ་གང་ཟག་གི་བདག་མེད་རྟོགས་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་གཉིས་སོ། །ཞེས་ཟེར་རོ། སྔ་མ་ནི་མི་རིགས་ཏེ། རྣམ་འགྲེལ་ལས། ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོགས་པ་ཐ་དད་ཕྱིར། །ཞེས་གསུངས་པའི་དོན་གྱི་རྣམ་པ་བསྟན་པའི་ཕྱིར་དང༌། མདོ་ལས། རྣམ་པ་གང་དག་དང་རྟགས་གང་དག་དང་ཞེས་པའི་རྣམ་པའི་སྒྲས། ཕྱི་རོལ་གྱི་དོན་ཀྱང་བཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཕུལ་དུ་བྱུང་བ་བྱར་མེད་པས་བསྒོམ་བྱ་མ་ཡིན་ན། བདག་མེད་གཉིས་ཀྱང་བསྒོམ་བྱ་མ་ཡིན་པར་འགྱུར་ལ། བདག་མེད་གཉིས་མ་བསྒོམས་པར་ཡང་སྒྲིབ་པ་མི་སྤོང་ངོ༌། །ཤེས་རྣམ་བསྒོམ་བྱ་མ་ཡིན་པར་འདོད་ན་ཡང་མི་འཐད་དེ། མཚམས་སྦྱར་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒོམ་པར་བྱེད་པས་ཞེས་པ་དང༌། མངོན་རྟོགས་དྲུག་དང་གསུམ་དུ་བཤད་པའི་སྐབས་སུ། སྦྱོར་བ་བཞི་པོ་མཁྱེན་གསུམ་ལ་འཇུག་པའི་སྦྱོར་བར་གསུངས་པ་དང༌། འཇུག་ཡུལ་མཁྱེན་པ་གསུམ་དུ་གསུངས་པའི་ཕྱིར་རོ། །དེས་ན་དབྱེ་བའི་ཚུལ་སྔ་རབས་པས་བཤད་པ་ལྟར་ལེགས་མོད། འོན་ཀྱང་འདིར་བསྟན་པ་ནི། ཤེས་རྣམ་ཁོ་ན་སྟེ། མི་མཐུན་ཕྱོགས་ཀྱི་གཉེན་པོར་གསུངས་པའི་ཕྱིར་དང༌། མདོ་ལས། མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་སོགས་ཕ་རོལ་ཏུ་ཕྱིན་པའི་སྒྲས་གསུངས་པ་དང༌། བསྟན་བཅོས་ལས། མདོར་བསྟན་དུ་ཡེ་ཤེས་ཀྱི་བྱེ་བྲག་དུ་གསུངས་ཤིང༌། རྒྱས་བཤད་ཀྱིས་ཀྱང་དེ་ཉིད་རྒྱས་པར་སྟོན་པའི་ཕྱིར། མེད་པ་དང་མི་སྐྱེ་བ་སོགས་ཀྱི་རྣམ་པ་ཇི་ལྟར་ཤེས་རྣམ་དུ་འཐད་ཅེ་ན། མེད་པ་དང་མི་སྐྱེ་བ་སོགས་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་ལ་འདོད་དེ། མདོ་ལས། ཕ་རོལ་ཏུ་ཕྱིན་པའི་སྒྲས་གསུངས་པའི་ཕྱིར། རྨི་ལམ་དང་སྒྲ་བརྙན་གྱི་རྣམ་པ་ཡང༌། རྨི་ལམ་སོགས་ཀྱི་ངོ་བོར་འདོད་ན། ཤེས་སྒྲིབ་གཟུང་རྟོགས་གི་གཉེན་པོར་གསུངས་པ་དང་འགལ་ལོ། །དེ་བཞིན་ཉིད་ཀྱི་རྣམ་པ་ཞེས་སོགས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ཡང་དེ་བཞིན་ཉིད་མ་ཡིན་ཏེ། མདོར་བསྟན་དུ་ཐུན་མོང་མ་ཡིན་པའི་ལམ་དུ་གསུངས་པའི་ཕྱིར་རོ། །དེས་ན་མདོར་བསྟན་གྱིས་ཤེས་རྣམ་དང༌། རྒྱས་བཤད་ཀྱིས་དོན་རྣམ་དངོས་སུ་བསྟན་ཞེས་སོགས་ཀྱི་སྤྲོས་པ་བྱེད་པ་ནི་དོན་དམ་ཁོ་ནའོ། །གཉིས་པ་ལ། བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པའི་ཚུལ་ནི་གཉིས་ཏེ། སྙིང་པོའི་དོན་ཡིན་ལ་བྱེད་པ་དང༌། མངོན་པར་རྟོགས་པའི་དོན་ཡིད་ལ་བྱེད་པའོ། །དང་པོ་ནི། བདག་མེད་གཉིས་བསྒོམ་པའི་ཚུལ་ཏེ། ཀླུ་སྒྲུབ་ཀྱིས་བཤད་པ་ལྟར་རོ། །གཉིས་པ་ནི། ཡུལ་རྟོགས་པའི་བློའི་རྒྱུན་དེ་ཉིད་གོམས་པར་བྱེད་པ་སྟེ། ཚད་མེད་པ་བཞི་བསྒོམ་པ་བཞིན་ནོ། །གཉིས་པོ་ཡང་ལྡོག་པའི་དབྱེ་བས་ཕྱེ་བ་ཡིན་གྱི། རྫས་ཐ་དད་པ་ནི་མ་ཡིན་ཏེ། མཁྱེན་གསུམ་གྱི་རྟོགས་རིགས་བསྒོམ་པའི་ལྡོག་པ་ནས་མངོན་པར་རྟོགས་པ་ཡིད་ལ་བྱེད་པ་དང༌། སྐྱེ་མེད་གསུམ་བསྒོམ་པའི་ལྡོག་པ་ནས། སྙིང་པོའི་དོན་ཡིད་ལ་བྱེད་པའི་བསྒོམ་རིམ་དུ་བསྟན་པ་ཙམ་ཡིན་པའི་ཕྱིར། བསྟན་ཚུལ་ནི་མི་འདྲ་སྟེ། ཀླུ་སྒྲུབ་ཀྱིས་སྙིང་པོའི་དོན་བསྒོམ་པའི་ལྡོག་པ་ནས་བསྟན་ལ། འདིར་བྱམས་པས་མངོན་པར་རྟོག་པ་ཡིད་ལ་བྱེད་པའི་ལྡོག་པ་ནས་བསྟན་པའི་ཕྱིར་རོ། །འདིར་ཡང་སྐྱེ་མེད་གསུམ་བསྒོམ་བྱར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་བསྒོམ་བྱ་མཁྱེན་གསུམ་གྱི་ཡུལ་ངོས་བཟུང་བ་ཡིན་གྱི། བསྒོམ་བྱ་དངོས་སུ་བསྟན་པ་མ་ཡིན་ནོ། །གང་ཡང་འདིར་སྙིང་པོའི་དོན་གཏན་ནས་བསྒོམ་བྱ་མ་ཡིན་ཞེས་སྨྲ་བ་ནི་རིགས་པ་དང་འགལ་བ་ཡིན་ཏེ། བདག་མེད་གཉིས་མ་བསྒོམས་པར་སྒྲིབ་པ་སྤོང་བའི་གོ་སྐབས་མེད་པའི་ཕྱིར་ཏེ། སྒྲིབ་པ་རྣམས་ནི་བདག་འཛིན་གྱི་རྩ་བ་ཅན་ཡིན་པས་སོ། །ཀླུ་སྒྲུབ་ཀྱིས་ཀྱང༌། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །ཞེས་སོ། །གསུམ་པ་ལ། འདིར་རྣམ་པ་བསྒོམ་པའི་དོན་བློ་དེ་ཉིད་བསྒོམ་བྱའི་ངོ་བོར་བསྐྱེད་པ་ལ་འདོད་ན། ཚོགས་ལམ་དུ་ཐུན་མོང་མ་ཡིན་པའི་རྣམ་པ་མེད་པས་རྣམ་རྫོགས་སྦྱོར་བ་བསྒོམ་པ་མི་འཐད་དོ་ཞེ་ན། བྱང་ཆུབ་སེམས་དཔའི་བསྒོམ་ཚུལ་ནི་བཞི་སྟེ། ངོ་བོ་ཇི་ལྟ་བ་དང༌། རྗེས་སུ་མཐུན་པ་དང༌། མཚན་ཉིད་རྗེས་སུ་དཔྱོད་པ་དང༌། སྨོན་ལམ་གྱི་རྣམ་པས་བསྒོམ་པའོ། །དང་པོ་ནི། ཆོས་འགའ་ཞིག་བསྒོམ་པ་ན་བསྒོམ་བྱའི་མཚན་ཉིད་དང་ལྡན་པར་རྒྱུད་ལ་བསྐྱེད་པ་སྟེ། ཚོགས་ལམ་དུ་དྲན་པ་ཉེར་བཞག་བསྒོམ་པ་བཞིན་ནོ། །གཉིས་པ་ནི། བསྒོམ་བྱར་རྗེས་སུ་མཐུན་པ་ཙམ་རྒྱུད་ལ་བསྐྱེད་པ་སྟེ། ཚོགས་ལམ་དུ་དབང་པོ་ལྔ་བསྒོམ་པ་བཞིན་ནོ། །གསུམ་པ་ནི། ཐོབ་བྱའི་ཆོས་གོང་མ་རྣམས་ཀྱི་མཚན་ཉིད་རྗེས་སུ་དཔྱོད་པ་སྟེ། ཚོགས་ལམ་དུ་ངེས་འབྱེད་ཆ་མཐུན་སོགས་ཀྱི་མཚན་ཉིད་ཡིད་ལ་བྱེད་པ་བཞིན་ནོ། །བཞི་པ་ནི། འབྲས་བུའི་ཁྱད་པར་འགའ་ཞིག་ཐོབ་པར་གྱུར་ཅིག་སྙམ་པའི་རྣམ་པས་ཡིད་ལ་བྱེད་པའོ། །བསྒོམ་ཚུལ་བཞི་པོ་འདི་དག་ཅི་རིགས་པས་ད་ལྟ་ནས་ཐམས་ཅད་བསྒོམ་པར་ནུས་པས་ཉེས་པ་མེད་དོ། །གཞུང་གི་དོན་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ལ། རྐང་པ་དང་པོ་གཉིས་ཀྱིས་ངོ་བོ་མདོར་བསྟན། ཕྱི་མ་གཉིས་ཀྱིས་དབྱེ་བ་མདོར་བསྟན་ནོ། །རྩ་བས་རྣམ་པ་ཉིད་དུ་རྣམ་པར་གཞག་པ་ནི། གཉེན་པོའི་ཤེས་རྣམ་ཀྱི་མཚན་ཉིད་དེ། རྟག་པ་དང་བདེ་བ་ལ་སོགས་པར་འཛིན་པ་མི་མཐུན་པའི་ཕྱོགས་བདེན་བཞིའི་རྣམ་པ་ལ་ལོག་ཞུགས་ཀྱི་གཉེན་པོའི་ཆོས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། མི་མཐུན་ཕྱོགས་ཀྱི་གཉེན་པོར་བསྒོམ་བྱའི་རྣམ་པ་ཡིན་པས། མི་མཐུན་ཕྱོགས་ཀྱི་གཉེན་པོའི་ངོ་བོ་ཉིད་ཅེས་བསྟན་ནོ། །གཉེན་པོའི་རྣམ་པ་གང་ཞེ་ན། མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་པའི་བདེན་བཞི་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་སོ། །རྣམ་པ་དུ་ཡོད་ཅེ་ན། མཁྱེན་པ་གསུམ་དུ་ཕྱེ་བར་མ་ཟད་མདོར་བསྟན་གྱི་རྣམ་པ་དེ་དག་ཀྱང་གསུམ་ཁོ་ནར་བཞེད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་གསུམ་དུ་ཕྱེ་བའི་ཕྱིར། ཁོ་ནའི་སྒྲས་ནི་གསུམ་པོ་ལས་གཞན་མེད་པར་བསྟན་ནོ། །གཉིས་པ་ལ། གཞི་ཤེས་ཀྱི་རྣམ་པ་རྒྱས་བཤད། ལམ་ཤེས་ཀྱི་རྣམ་པ་རྒྱས་བཤད། རྣམ་མཁྱེན་གྱི་རྣམ་པ་རྒྱས་བཤད་དོ། །དང་པོ་ལ། མཚམས་སྦྱར་བ་ནི། མཁྱེན་གསུམ་གྱི་རྣམ་པ་རྣམས་སྤྱིར་བསྟན་ནས། ད་ནི་སོ་སོའི་རྣམ་པ་ཁྱད་པར་དུ་འཆད་དོ། །རྩ་བ་ནི་བཤད་དོ། །གང་ན། བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་མེད་པའི་རྣམ་པ་ནས་བཟུང་སྟེ། ཡུམ་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་མི་གཡོ་བའི་རྣམ་པའི་བར་རོ། །ཅི་ལྟར་ན། རྣམ་པ་དེ་དག་ལས། བདེན་པ་དང་པོ་གསུམ་པོ་ལ་བཞི་བཞི་དང༌། ལམ་བདེན་ལ་བཅོ་ལྔར་བཤད་དོ། །འགྲེལ་པ་ལ། བདེན་བཞིའི་རྣམ་པ་སོ་སོར་བཤད། གྲངས་ཀྱི་སྒོ་ནས་དོན་བསྡུ། དང་པོ་ལ། བདེན་པ་དང་པོ་གསུམ་གྱི་རྣམ་པ་དང༌། ལམ་བདེན་གྱི་རྣམ་པ་བཤད་པའོ། །དང་པོ་ནི། མཁྱེན་པ་གསུམ་ཡོད་པ་དེ་ལ། ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས། ཉེར་བདུན་གསུངས་པ་ལ། བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་ནི། གོ་རིམ་བཞིན་དུ་མངོན་པ་ནས་གསུངས་པ་དང་སྦྱར་ན། ཤེར་ཕྱིན་ལས། རྟག་པར་མེད་པ་དང༌། དོན་དམ་པར་སྡུག་བསྔལ་མི་སྐྱེ་བ་དང༌། དོན་གཞན་གྱི་བདག་གིས་དབེན་པ་དང༌། བདག་ཏུ་རྟོག་པས་མ་རྫི་བའི་རྣམ་པ་གསུངས་པ་ནི། བདེན་པ་གསུམ་གྱི་ནང་ནས་སྡུག་བསྔལ་བདེན་པའི་མི་རྟག་པ་ལ་སོགས་པ་སྤྱིའི་མཚན་ཉིད་ཀྱི་རྣམ་པ་དག་ཡིན་ནོ། །འདི་དག་ནི་སྡུག་བསྔལ་བདེན་པའི་རྣམ་པ་དག་ཡིན་ཏེ། སྡུག་བསྔལ་གྱི་བདེན་པ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། འདིས་ཕྱི་མ་རྣམས་ལའང་རིག་པར་བྱའོ། །སྡུག་བསྔལ་བསྐྱེད་པའི་གནས་མེད་པ་དང༌། ནམ་མཁའ་ལྟར་སྐྱེ་འགག་མེད་པ་དང༌། བརྗོད་བྱེད་ཀྱི་རྒྱུ་རྟོག་དཔྱོད་མེད་པ་དང༌། དེ་ཁོ་ནར་མིང་བཞིའི་ཕུང་པོ་མེད་པའི་རྣམ་པ་ནི། །སོགས་འི་སྒྲས་བསྟན་པ། ཀུན་འབྱུང་བདེན་པའི་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་གྱི་མཚན་ཉིད་ཀྱི་རྣམ་པ་དག་ཡིན་ནོ། །འགྲོ་བ་དང་འོང་བ་སོགས་ཀྱིས་ཐོབ་པར་བྱར་མེད་པ་དང༌། སྔོན་པོ་ལ་སོགས་པའི་རྣམ་པའི་སྒོ་ནས་མི་འཕྲོགས་པ་དང༌། དོན་དམ་པར་དྲི་མ་མི་ཟད་པ་དང༌། དོན་དམ་པར་སྐྱེ་བ་མེད་པའི་རྣམ་པ་ནི། འགོག་པའི་བདེན་པའི་འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་གི་མཚན་ཉིད་ཀྱི་རྣམ་པ་དག་ཡིན་ནོ། །གཉིས་པ་ལ། རྟེན་ལམ་གྱི་དབྱེ་བ། ལམ་སོ་སོའི་རྣམ་པ། གྲངས་ཀྱི་དོན་བསྡུ་བའོ། །དང་པོ་ལ། སྤྱི་གཞུང་གཉིས་སོ། །དང་པོ་ལ། སྤང་བྱ་སྒྲིབ་གཉིས་ངོས་བཟུང༌། དམིགས་པའི་ལམ་བདེན་དཔྱད་པའོ། །དང་པོ་ལ། ཉོན་སྒྲིབ་ནི་རྟོག་གེ་འབར་བ་ལས། འཁོར་བའི་འཆིང་བར་བྱེད་པ་དང༌། བག་ལ་ཉལ་གཉིས་སུ་བཤད་དོ། །སྔ་མ་ནི། སྡུག་བསྔལ་བསྐྱེད་པར་བྱེད་པས་འཁོར་བར་འཆིང་བྱེད་ཞེས་བྱ་ལ། ཕྱི་མ་ནི། ཉོན་མོངས་པས་བཞག་པའི་གནས་ངན་ལེན་ཡིན་པས་བག་ལ་ཉལ་གྱི་ཉོན་སྒྲིབ་ཞེས་བྱའོ། །འདི་ནི་རྣམ་མཁྱེན་ཐོབ་པ་ན་ཤེས་བྱའི་སྒྲིབ་པ་དང་ལྷན་ཅིག་ཏུ་འགག་པ་སྟེ། ཀུན་ལས་བཏུས་ལས། གཅིག་ཆར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ངོ༌། །གཅིག་ཆར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་སོ། །དེ་ལ་འཁོར་བར་འཆིང་བྱེད་ཀྱིས་ནི་ཉན་རང་གི་ཐར་པ་ཐོབ་པ་ལ་སྒྲིབ། བག་ལ་ཉལ་གྱིས་ནི་ཐེག་ཆེན་གྱི་ཐར་པ་ཐོབ་པ་ལ་སྒྲིབ་པས། ཉོན་སྒྲིབ་ལ་ཐར་པའི་གེགས་དང༌། ཤེས་བྱ་ཡོངས་སུ་དཔྱོད་པའི་གེགས་སུ་གྱུར་པས། ཤེས་སྒྲིབ་ལ་ཐམས་ཅད་མཁྱེན་པ་ཐོབ་པའི་གེགས་སུ་བཤད་དོ། །རྒྱུ་ནི་བདག་ཏུ་འཛིན་པ་གཉིས་པོ་སྟེ། ཉོན་སྒྲིབ་ནི། གང་ཟག་གི་བདག་ཏུ་འཛིན་པའི་རྩ་བ་ཅན་དང༌། ཤེས་སྒྲིབ་ནི། ཆོས་ཀྱི་བདག་ཏུ་འཛིན་པའི་རྩ་བ་ཅན་ཡིན་པའི་ཕྱིར། ཀླུ་སྒྲུབ་ནི་གཉིས་ཀ་ཡང་ཆོས་ཀྱི་བདག་འཛིན་གྱི་རྒྱུ་ཅན་དུ་བཞེད་དེ། རྩ་ཤེ་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་སོ། །སྙོམས་འཇུག་གི་སྒྲིབ་པ། གཉིས་པོ་གང་གི་ནང་དུ་འདུ་ཞེ་ན། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པས་སྙོམས་འཇུག་གི་སྒྲིབ་པ་རགས་པ་སྤངས་ཀྱང་ཤེས་སྒྲིབ་ཅུང་ཟད་ཀྱང་མ་སྤངས་པས་ཤེས་སྒྲིབ་མ་ཡིན་ནོ། །དཔའ་བར་འགྲོ་བ་ལ་སོགས་པའི་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བ་ནི། ཉན་རང་རྣམས་ལ་ཡོད་པ་མ་ཡིན་ནོ། །ཉོན་མོངས་ཀྱང་མ་ཡིན་ཏེ། ཉོན་མོངས་སྤངས་པའི་ཤེས་རབ་ཀྱིས་རྣམ་པར་གྲོལ་བས་མ་སྤངས་པའི་ཕྱིར་རོ། །བག་ལ་ཉལ་ཡང་མ་ཡིན་ཏེ། སོ་སོ་སྐྱེ་བོ་འགའ་ཞིག་ཅི་ཡང་མེད་མན་ཆད་ཀྱི་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་ཡང་བག་ལ་ཉལ་ཅུང་ཟད་ཀྱང་མ་སྤངས་པའི་ཕྱིར། དེས་ན་བདག་མེད་གཉིས་རྟོགས་པའི་ལྷག་མཐོང་གཉིས་དང༌། ཞི་གནས་གསུམ་གྱི་མི་མཐུན་ཕྱོགས་གསུམ་དུ་ངེས་པས་གསུམ་དུ་བསྟན་ཅིང༌། སྒྲིབ་པ་གཉིས་སུ་བསྟན་པ་ནི། སྒྲིབ་བྱ་ལྷག་མཐོང་གཉིས་ཀྱི་དབྱེ་བས་གཉིས་སུ་གསུངས་སོ། །གཉིས་པ་ནི། སྔོན་གྱི་བླ་མ་དག་གཞི་ཤེས་ཀྱི་དམིགས་པའི་ལམ་བདེན་གཞི་ཤེས་མ་ཡིན་ཞེས་གསུངས་ཡང་སློབ་དཔོན་གྱིས་གཞི་ཤེས་སུ་བཞེད་དེ། དམིགས་ཡུལ་ལམ་གསུམ་ཀ་ཉན་རང་གི་དབང་དུ་བྱས་ནས་གསུངས་པའི་ཕྱིར། གཉིས་པ་གཞུང་གི་དོན་ལ། གཞི་ཤེས་ཀྱིས་བསྡུས་པའི་ལམ་ལ་རྣམ་པ་གསུམ་སྟེ། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཟག་པ་མེད་པའི་ལམ་གཅིག་དང༌། རང་རྒྱལ་དེ་དག་གི་ཤེས་བྱའི་སྒྲིབ་པ་གཟུང་རྟོག་གི་ཉེན་པོ་ཉིད་དུ་རྗེས་ཐོབ་དག་པ་འཇིག་རྟེན་པས་བསྡུས་པའི་སྒོམ་པའི་ལམ་ཟག་པ་དང་བཅས་པ་དང་མཉམ་བཞག་ཟག་པ་མེད་པ་གཉིས་ཡིན་པས་སོ། །གཞི་ཤེས་ཀྱི་རྣམ་པར་ཤེས་སྒྲིབ་གྱི་གཉེན་པོ་སྟོན་པ་མི་རིགས་སོ་ཞེ་ན། སྐྱོན་མེད་དེ་ཐམས་ཅད་ཤེས་པ་ཉིད་ཀྱིས་རང་སངས་རྒྱས་ཀྱི་མངོན་རྟོགས་ཀྱང་བསྡུས་པའི་ཕྱིར། འདིར་ལམ་དང་པོ་མཐོང་སྒོམ་མ་ཕྱེ་བར་སྤྱིར་གསུངས་ལ་ལམ་གསུམ་པ་ནི་ཉི་ཁྲི་སྣང་བ་ལས། མཐོང་ལམ་དུ་བཤད་ཅིང་འདིར་ནི་སྒོམ་ལམ་དུ་མངོན་ནོ། །ཤེས་སྒྲིབ་ལ་གཉེན་པོ་གཉིས་སུ་ཕྱེ་ནས་ཉོན་སྒྲིབ་ལ་ཅི་ལྟར་མ་ཡིན་ཞེ་ན། ཉོན་སྒྲིབ་ནི་མཉམ་བཞག་ཁོ་ན་དང་ཤེས་སྒྲིབ་མཉམ་རྗེས་གཉིས་ཀར་སྤོང་བས་གོ་རིམ་བཞིན་དུ་གཉེན་པོ་ཟག་མེད་ཁོ་ན་དང༌། ཟག་བཅས་ཟག་མེད་གཉིས་སུ་ཕྱེ་བ་ཡིན་ནོ། །རྒྱུད་བླར། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་པ་དང༌། རྒྱན་ལས། མཐོང་སྤང་ཤེས་སྒྲིབ་མཉམ་བཞག་དུ་ཡང་སྤོང་བར་བཤད་པས་སོ། །གཉིས་པ་ལ། ལམ་དང་པོའི་རྣམ་པ་གསུམ་ཤེར་ཕྱིན་ལས་གསུངས་པ་དང་ཕྱི་མ་མངོན་པའི་དོན་དང་གོ་རིམ་བཞིན་དུ་སྦྱར་ནས་བསྟན་པ་ནི། ཉོན་སྒྲིབ་ཀྱི་གཉེན་པོ་གཞི་ཤེས་ཀྱིས་བྱེད་པ་པོའི་བདག་མེད་པར་རྟོགས་པའི་རྣམ་པ་ནི། ལམ་གྱི་མཚན་ཉིད་སྟེ་རང་བཞིན་དག་ཡིན་ཏེ། བྱེད་པ་པོར་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར། ཤེས་པ་པོའི་བདག་མེད་པར་རྟོགས་པའི་རྣམ་པ་ནི། རིགས་པའི་རང་བཞིན་ཡིན་ཏེ། ཤེས་པ་པོའི་བདག་དུ་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར། དོན་དམ་པར་དམན་པ་ནས་མཆོག་དུ་འཕོ་བ་མེད་པར་རྟོགས་པའི་རྣམ་པ་ནི། སྒྲུབ་པའི་རང་བཞིན་ཡིན་ཏེ། མཆོག་དམན་ལ་བླང་དོར་དུ་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར། དོན་དམ་པར་གཉེན་པོས་ཉོན་མོངས་པ་འདུལ་བ་མེད་པར་རྟོག་པའི་རྣམ་པ་ནི། ངེས་འབྱིན་གྱི་རང་བཞིན་ཡིན་ཏེ། ངེས་འབྱིན་དུ་བདེན་པར་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར། འདི་དག་ལ་ཤེར་ཕྱིན་ལས་གསུངས་པའི་ཆོས་ཀྱི་བདག་མེད་རྟོགས་པའི་རྣམ་པ་ནི། བྱང་སེམས་ཀྱི་ཡིན་ལ། མངོན་པ་ནས་གསུངས་པའི་གང་ཟག་གི་བདག་མེད་རྟོགས་པའི་རྣམ་པ་ནི། ཉན་ཐོས་ཀྱི་ཡིན་ནོ། །ལམ་གཉིས་པའི་རྣམ་པ་ལ། སྔ་མ་མདོའི་དོན་ནི། ཕྱི་མ་འགྲེལ་ཚིག་གིས་གོ་རིམ་བཞིན་དུ་བཤད་པ་ནི། རང་རྒྱལ་སྒོམ་ལམ་པའི་རྗེས་ཐོབ་ཀྱི་ཡེ་ཤེས་ཀྱིས་ཕྱི་གཟུང་བའི་དོན་རྨི་ལམ་ལྟར་གདོད་མ་ནས་ངོ་བོ་ཉིད་མེད་པའི་མཚན་ཉིད་ཅན་དུ་རྟོགས་པ་དང༌། སྒྲ་བརྙན་ལྟར་མ་སྐྱེས་པ་དང༌། མིག་ཡོར་ལྟར་མ་འགགས་པ་དང༌། མིག་ཡོར་ནི། མདོ་སྡེ་རྒྱན་གྱི་འགྲེལ་པར་གྲིབ་མ་ལ་བཤད་དོ། །སྨིག་རྒྱུའི་ཆུ་ལྟར་བཟོད་མ་ནས་ཞི་བ་དང༌། སྒྱུ་མའི་མཚན་མ་ལྟར་རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་དེ་ངོ་བོར་རྟོགས་པའི་ཡེ་ཤེས་ནི། ཤེས་བྱའི་སྒྲིབ་པ་གཟུང་རྟོག་གི་གཉེན་པོར་གྱུར་པ་དག་ཡིན་ཏེ། ཕྱི་གཟུང་བའི་ཡུལ་ལ་བདེན་འཛིན་སྤོང་བྱེད་ཡིན་པའི་ཕྱིར། སྤྱིར་ཞེས་པ་ནི། སྤང་གཉེན་སོ་སོར་ངེས་པ་མེད་པའི་དོན་ནོ། །ལམ་གསུམ་པའི་རྣམ་པ་ལ་སྔ་མ་མདོའི་དོན་ཕྱི་མ་འགྲེལ་ཚིག་གི་རིམ་བཞིན་དུ་བཤད་པ་ནི། རང་རྒྱལ་སྒོམ་ལམ་པའི་མཉམ་བཞག་ཡེ་ཤེས་ཀྱིས་དོན་དམ་པར་ཀུན་ནས་ཉོན་མོངས་པའི་གཟུང་བ་མེད་པར་རྟོགས་པའི་རྣམ་པ་ནི། ཤེས་བྱའི་སྒྲིབ་པ་དོར་བྱ་ཀུན་ནས་ཉོན་མོངས་ཀྱི་གཟུང་བར་རྣམ་པར་རྟོག་པའི་གཉེན་པོར་གྱུར་པ་ཡིན་ཏེ། དོན་དམ་པར་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་དམིགས་སུ་མེད་པར་རྟོགས་པའི་ཕྱིར་རོ། །རྣམ་པར་བྱང་བའི་གཟུང་བ་མེད་པར་རྟོགས་པའི་རྣམ་པ་ནི། ཤེས་བྱའི་སྒྲིབ་པ་བླང་བྱ་རྣམ་བྱང་གི་གཟུང་བ་ལ་རྣམ་པར་རྟོགས་པའི་གཉེན་པོ་ཡིན་ཏེ། རྣམ་བྱང་གི་གཟུང་བ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། རང་བཞིན་གྱིས་འོད་གསལ་བས་ཀུན་ནས་ཉོན་མོངས་ཀྱིས་གོས་པ་མེད་པར་རྟོགས་པའི་རྣམ་པ་དང༌། གཟུགས་སོགས་ཀྱི་དབྱེ་བའི་སྤྲོས་པ་མེད་པར་རྟོགས་པའི་རྣམ་པ་དང༌། རང་གི་རྟོགས་པ་ལ་རློམ་བྱའི་གཟུང་བ་མེད་པར་རྟོགས་པ་དང༌། རྟོགས་པ་ཐོབ་ཟིན་མི་གཡོ་བར་རྟོགས་པའི་རྣམ་པ་རྣམས་ནི། རིམ་པ་བཞིན་དུ་ཤེས་བྱའི་སྒྲིབ་པ་ཉོན་མོངས་པའི་བག་ཆགས་དང༌། གཟུགས་ལ་སོགས་པའི་སྤྲོས་པ་དང༌། རང་གི་རྟོགས་པ་ལ་མཆོག་དུ་རློམ་པ་དང༌། ཐོབ་ཟིན་ཡོངས་སུ་ཉམས་པར་རྣམ་པར་རྟོག་པ་རྣམས་ཀྱི་གཉེན་པོར་གྱུར་པ་ཡིན་ཏེ། རིམ་པ་ལྟར་བག་ཆགས་ཀྱི་གཟུང་བ་ནམ་མཁའ་ལྟར་དམིགས་སུ་མེད་པ་དང༌། གཟུང་བའི་སྤྲོས་པ་ལ་དམིགས་པ་ཡང་དག་པར་བཅོམ་པ་དང༌། གཟུང་བའི་རློམ་སེམས་ཡང་དག་པར་བཅོམ་པ་དང༌། གཟུང་བའི་ཆོས་དབྱིངས་འཕེལ་འགྲིབ་མེད་པར་གནས་པར་རྟོགས་པའི་ཕྱིར། སོ་སོར་ངེས་པ་ཞེས་སྨྲོས་པ་ནི་སྤང་གཉེན་སོ་སོར་ངེས་ཞེས་པའི་དོན་ནོ། །གཉེན་པོ་གཅིག་ལ་སྦྱར་བས་ནི། སོ་སོར་ཞེས་པའི་དོན་མ་རྟོགས་སོ། །གསུམ་པ་ནི། དེ་ལྟར་ན་ལམ་གྱི་བདེན་པ་ལ་རྣམ་པ་བཅོ་ལྔ་ཞེས་སོ། །གཉིས་པ་གྲངས་ཀྱི་སྒོ་ནས་དོན་བསྡུ་བ་ནི། སྤྱིར་ན་ཞེས་སོགས་སོ། །གཉིས་པ་ལམ་ཤེས་གྱི་རྣམ་པ་ལ། གྲངས་ཀྱི་སྒོ་ནས་མདོར་བསྟན། བདེན་བཞི་སོ་སོའི་རྣམ་པ་རྒྱས་པར་བཤད། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ། མཚམས་སྦྱར་པ་ནི། གཞི་ཤེས་ཀྱི་རྣམ་པ་བཤད་ཟིན་པ་དེའི་འོག་ཏུ་ལམ་ཤེས་ཀྱི་རྣམ་པ་འཆད་དོ། །རྩ་བ་ལ། སྔ་ཕྱིའི་རིགས་པས། འདོད་ཆགས་དང་བྲལ་བ་ནས་བཟུང་ནས། ངོ་བོ་ཉིད་ཀྱིས་སྟོང་པའི་བར་ཞེས་སྦྱར་ནས་བཤད་དོ། །ཚིག་དོན་ནི་ཁོང་དུ་ཆུད་པར་བྱའོ། །གང་ན་འདོད་ཆགས་དང་བྲལ་བའི་རྣམ་པ་ནས་ངོ་བོ་ཉིད་ཀྱིས་སྟོང་པའི་བར་རྣམས་སོ། །ཇི་ལྟར་ན་གྲངས་བཞིན་དུ། ཀུན་འབྱུང་བ་ལ། རྣམ་པ་བརྒྱད་དང༌། ལམ་གྱི་བདེན་པ་ལ་བདུན། སྡུག་བསྔལ་གྱི་བདེན་པ་ལ་ལྔ། འགོག་པའི་བདེན་པ་ལ་བཅུ་དྲུག་ཞེས་བྱ་བར་རོ། །འདིར་བསྟན་པའི་བདེན་བཞིའི་གོ་རིམ་དང་གཞན་ནས་བསྟན་པའི་བདེན་བཞིའི་གོ་རིམ་མི་མཐུན་ཞེ་ན། ཉེས་པ་མེད་དེ། འདིར་དོན་གྱི་རིམ་པའི་སྒོ་ནས་བསྟན་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་བརྟེན་ནས་ཀུན་འབྱུང་གི་བདེན་པ་དག་ནི་རྒྱུ་ཡིན་ལ། སྡུག་བསྔལ་གྱི་བདེན་པ་དག་ནི་འབྲས་བུ་ཡིན་ནོ། །གཅིག་ཤོས་རྣམ་བྱང་གི་ཕྱོགས་ལ་བརྟེན་ནས། ལམ་གྱི་བདེན་པ་དག་ནི་རྒྱུ་ཡིན་ལ་འགོག་པའི་བདེན་པ་དག་ནི་འབྲས་བུ་ཡིན་པར་བསྟན་པའི་ཕྱིར། གཉིས་པ་བདེན་བཞིའི་རྣམ་པ་རྒྱས་པར་བཤད་པ་ལ། ཀུན་འབྱུང་གི་བདེན་པ་སྤང་གཉེན་དང༌། ལམ་བདེན་དམ་བཅའ་དང་འཐད་པ་དང༌། སྡུག་བསྔལ་རང་སྤྱིའི་མཚན་ཉིད་དང༌། འགོག་བདེན་དྲི་བྲལ་གྱིས་བསྟན་པའོ། །དང་པོ་ལ། སྤང་གཉེན་སྦྱར་ཏེ་བསྟན་པ་དང༌། གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ། སྤང་བྱ་ནི་ཡུལ་ཐོབ་པར་འདོད་པའི་བདེན་པ་དང༌། ཐོབ་པ་མི་འབྲལ་བར་སྲེད་པའི་འདོད་ཆགས་དང་ཡང་སྲིད་ལ་དགའ་བ་གང་ཡིན་པ་ནི། སྡུག་བསྔལ་གི་རྒྱུ་སྟེ། ཡང་སྲིད་ཀྱི་བག་ཆགས་འཇོག་བྱེད་ཡིན་པའི་ཕྱིར་རོ། གཉིས་པ་གཉེན་པོ་དང་གོ་རིམ་བཞིན་དུ་སྦྱར་བ་ནི། རྣམ་པ་སུམ་ཅུ་སོ་དྲུག་གསུངས་པ་དེ་ལ། ལམ་ཤེས་ཀྱི་འདོད་ཆགས་དང་བྲལ་བར་རྟོགས་པའི་རྣམ་པ་ནི། འདོད་ཡོན་ལ་བདུན་པའི་གཉེན་པོ་ཡིན་ཏེ། འདོད་ཆགས་དམིགས་སུ་མེད་པར་རྟོགས་པའི་ཕྱིར་རོ། །འདིས་ནི། དངོས་འབྲས་འདོད་ཆགས་བཀག་ནས་དངོས་རྒྱུ་འདུན་པ་འགོག་པར་བསྟན་ནོ། །ཡུལ་ལ་ཞེན་པའི་ཚུལ་གྱིས་མི་གནས་པར་རྟོག་པའི་རྣམ་པ་ནི། འདོད་ཆགས་ཀྱི་གཉེན་པོ་ཡིན་ཏེ། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། རྒྱུ་འདུན་པ་ལོག་ན་འབྲས་བུ་འདོད་ཆགས་ལོག་པར་སྟོན་ནོ། །སྤྲོས་པ་ཉེ་བར་ཞི་བར་རྟོགས་པའི་རྣམ་པ་ནི། ཡང་སྲིད་ལ་དགའ་བའི་གཉེན་པོ་ཡིན་ཏེ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར། སྤང་བྱ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གང་ཡིན་པ་ནི། ཀུན་འབྱུང་བ་སྟེ། བག་ཆགས་བཞག་པ་དང་མཐུན་པར་སྡུག་བསྔལ་བསྐྱེད་པའི་ཕྱིར། གཉེན་པོ་ནི། འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པར་རྟོགས་པའི་རྣམ་པ་ནི་དུག་གསུམ་ཀྱི་གཉེན་པོ་ཡིན་ཏེ། འདོད་ཆགས་དམིགས་སུ་མེད་པར་རྟོགས་པ་དང་ཞེ་སྡང་ཡོད་པ་མ་ཡིན་པར་རྟོགས་པ་དང༌། མི་ཤེས་པའི་མུན་པ་སེལ་བ་ཉིད་ཀྱི་ཕྱིར་རོ། །ཡང་སྤང་བྱ་ནི། ཀུན་ཏུ་རྟོག་པ་གང་ཡིན་པ་ནི། རབ་ཏུ་སྐྱེ་བ་སྟེ། སྡུག་བསྔལ་བྱེ་བྲག་ཏུ་ངེས་པར་བྱེད་པའི་ཕྱིར། གཉེན་པོ་ནི་ཉོན་མོངས་པ་མེད་པར་རྟོགས་པའི་རྣམ་པ་ནི་ཀུན་ཏུ་རྟོག་པའི་གཉེན་པོ་ཡིན་ཏེ། ཆོས་ཐམས་ཅད་ལ་ཡོངས་སུ་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྤང་བྱ་ནི་སེམས་ཅན་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་རྐྱེན་ཏེ། སྡུག་བསྔལ་སྔ་མ་འདོར་བ་དང་ཕྱི་མ་ལེན་པར་བྱེད་པའི་ཕྱིར། གཉེན་པོ་ནི་སེམས་ཅན་མེད་པར་རྟོགས་པའི་རྣམ་པ་དག་ནི་སེམས་ཅན་དུ་མངོན་པར་ཞེན་པའི་གཉེན་པོ་ཡིན་ཏེ། སེམས་ཅན་དམིགས་སུ་མེད་པར་རྟོགས་པའི་ཕྱིར་རོ། །གཉིས་པ་ནི། རྒྱུ་ཀུན་འབྱུང་གི་བདེན་པའི་གཉེན་པོ་ནི་རྣམ་པ་བརྒྱད་ཡིན་ཏེ། ཅི་སྐད་བཤད་པའི་སྤང་བྱ་དེ་རྣམས་ཀྱི་གཉེན་པོར་གྱུར་པ་གསུམ་དང་གསུམ་དང་གཅིག་དང་གཅིག་ཡོད་པ་དེ་ལྟར་ནའོ། །གཉིས་པ་ལ་རྒྱས་པར་བཤད་པ་དང༌། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་སྔ་མ་མདོའི་དོན་ངོ་བོ་དང་འཐད་པ་དགོད་པ་དང༌། ཕྱི་མ་ངོ་བོ་དང་འཐད་པ་དྲི་བ་གོ་རིམ་བཞིན་དུ་སྦྱར་བ་ནི། སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ལམ་གང་ཡིན་ཞེ་ན། སེམས་ཅན་ཚད་མེད་པ་བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་འབྱེད་པའོ། །འཐད་པ་དྲི་བ་ནི་ཅི་ལྟར་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ་ཡིན་ཞེ་ན། འཐད་པ་ནི་ཤེས་རབ་དང་སྙིང་རྗེས་འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་བར་བྱང་ཆུབ་དུ་འཛིན་པའི་ཕྱིར་རིགས་པའི་ངོ་བོ་གང་ཡིན་ཞེ་ན། ཆོས་ཐམས་ཅད་ཆོས་དབྱིངས་སུ་ཐ་མི་དད་པར་རྟོགས་པའོ། །ཅི་ལྟར་རིགས་པ་ཡིན་ཞེ་ན། ཉན་རང་གི་ས་ལ་མཆོག་ཏུ་འཛིན་པ་མེད་པས་སོ། །སྒྲུབ་པའི་ངོ་བོ་གང་ཡིན་ཞེ་ན། བདག་གཉིས་སུ་རྣམ་པར་མི་རྟོག་པའོ། །ཇི་ལྟར་སྒྲུབ་པ་ཡིན་ཞེ་ན། ཆོས་ཉིད་ཚད་མས་གཞལ་དུ་མེད་པར་རྟོགས་པའི་ཕྱིར། ངེས་པར་འབྱིན་པའི་ངོ་བོ་གང་ཡིན་ཞེ་ན། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་རྟོགས་པས་གང་ལ་ཡང་ཆགས་པ་མེད་པའི་རྣམ་པའོ། །གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་ནས་འདི་ལ་འཐད་པ་མ་བཀོད་དོ། །གཉིས་པ་ནི། ལམ་གྱི་བདེན་པའི་རྣམ་པ་ཆོས་ཅན། བདུན་ཡོད་པ་ཡིན་ཏེ། ལམ་གྱི་ངོ་བོ་ཉིད་གཉིས་དང༌། རིགས་པའི་གཉིས་དང༌། སྒྲུབ་པའི་གཉིས་དང་ངེས་འབྱིན་གྱི་གཅིག་ཡོད་པ་དེ་ལྟར་ནའོ། །གསུམ་པ་སྡུག་བསྔལ་རང་སྤྱིའི་སྒོ་ནས་བསྟན་པ་ལ་ཡང་གཉིས་ལས། དང་པོ་སོ་སོར་བཤད་པ་ནི། སྡུག་བསྔལ་གྱི་བདེན་པ་ལ་དམིགས་ནས་སྐད་ཅིག་གིས་མི་རྟག་པ་དང༌། སྡུག་བསྔལ་རྣམ་པ་བརྒྱད་ཀྱིས་སྡུག་བསྔལ་བ་དང༌། དོན་གཞན་གྱི་བདག་གིས་སྟོང་པ་དང༌། ངོ་བོར་གྱུར་པའི་བདག་མེད་པར་རྟོགས་པའི་རང་མཚན་གྱི་རྣམ་པ་བཞི་དང༌། ལྔ་པ་མཚན་ཉིད་གང་ཡང་མེད་པ་ཆོས་ཀྱི་བདག་མེད་རྟོགས་པའི་སྤྱི་མཚན་གྱི་རྣམ་པའི་ངོ་བོ་ཉིད་རྣམས་སོ། །སྔ་མ་བཞི་ལ་རང་མཚན་དང༌། ཕྱི་མ་ལ་སྤྱི་མཚན་ཞེས་བརྗོད་པ་ནི། སྔ་མ་བཞི་པོ་ནི་གང་ཟག་གི་བདག་མེད་ཀྱི་རྣམ་པ་ཡིན་པས་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཁོ་ནའི་ཆོས་དང༌། ཕྱི་མ་ནི་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཡིན་པས་རྒྱུད་ཀྱིས་བསྡུས་མ་བསྡུས་སྤྱི་ལ་ཁྱབ་པའི་ཕྱིར་རོ། །གཉིས་པ་དོན་བསྡུ་བ་ནི། སྡུག་བདེན་གྱི་རྣམ་པ་ཆོས་ཅན། ལྔ་ཡོད་པ་ཡིན་ཏེ། རང་མཚན་གྱི་བཞི་སྤྱི་མཚན་གྱི་གཅིག་ཡོད་པ་དེ་ལྟར་ནའོ། །བཞི་པ་འགོག་བདེན་དྲི་བྲལ་གྱིས་བསྟན་པ་ལ། རྒྱས་པར་བཤད་པ་དང༌། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་དངོས་པོའི་དྲི་མ་འགོག་པ་དང༌། མངོན་ཞེན་གི་དྲི་མ་འགོག་པ་དང༌། བྱེད་པ་པོའི་རྟོགས་པས་དབེན་པ་དང༌། འཁྲུལ་བའི་དྲི་མ་བསལ་བའི་ངེས་འབྱུང་ངོ༌། །དང་པོ་ནི། དག་པ་གཉིས་ལྡན་གྱི་ནང་དང་ཕྱི་དང་ཕྱི་ནང་གཉིས་ཀ་སྟོང་པ་ཉིད་ནི་འགོག་པའི་ངོ་བོ་ཉིད་ཡིན་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནང་དང་ཕྱི་དང་ཕྱི་ནང་གཉིས་ཀའི་དངོས་པོ་རྣམས་ལ་མངོན་པར་ཞེན་པའི་དྲི་མ་དགག་པས་རབ་ཏུ་ཕྱེ་བའི་སྟོང་ཉིད་ཡིན་པའི་ཕྱིར། སྟོང་ཉིད་གསུམ་པོ་རྟོགས་པའི་ཡུལ་ཅན་ཡེ་ཤེས་རྣམ་པ་གསུམ་ནི། འགོག་པའི་རྣམ་པ་ཡིན་ཏེ། འགོག་བདེན་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གཉིས་པ་ལ་དག་པ་གཉིས་ལྡན་གྱི་སྟོང་པ་ཉིད་སྟོང་པ་ཉིད་ཆོས་ཅན། འགོག་བདེན་གྱི་ཞི་བའི་ངོ་བོ་ཉིད་ཡིན་ཏེ། བཏགས་པ་ཙམ་གྱི་བདག་ཉིད་སྟོང་པ་ཉིད་ལ་མངོན་པར་ཞེན་པའི་དྲི་མ་དགག་པས་རབ་ཏུ་ཕྱེ་བའི་སྟོང་པ་ཉིད་ཡིན་པའི་ཕྱིར། དག་པ་གཉིས་ལྡན་གྱི་ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། མཐའ་ལས་འདས་པ་དང༌། ཐོག་མ་དང་ཐ་མ་མེད་པ་དང༌། དོར་བ་མེད་པ་སྟོང་པ་ཉིད་རྣམས་ཆོས་ཅན། འགོག་བདེན་གྱི་ཞི་བའི་ངོ་བོ་ཉིད་ཡིན་ཏེ། བཏགས་པ་ཙམ་གྱི་བདག་ཉིད་སྣོད་ཀྱི་འཇིག་རྟེན་དང༌། དོན་དམ་པ་དང་འདུས་བྱས་དང་འདུས་མ་བྱས་དང་རྟག་པ་དང་ཆད་པའི་མཐའ་དང་འཁོར་བ་ཐོག་མ་དང་ཐ་མ་མེད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྟོགས་པའི་ཆོས། དོར་བ་མེད་པ་ལ་མངོན་པར་ཞེན་པ་དགག་པས་རབ་ཏུ་ཕྱེ་བའི་སྟོང་ཉིད་ཡིན་པའི་ཕྱིར། སྟོང་ཉིད་བརྒྱད་རྟོགས་པའི་ཡུལ་ཅན་ཡེ་ཤེས་ཀྱི་རྣམ་པ་ཆོས་ཅན། ཞི་བའི་རྣམ་པ་ཡིན་ཏེ། ཞི་བ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གསུམ་པ་ནི། དག་པ་གཉིས་ལྡན་གྱི་རང་བཞིན་སྟོང་པ་ཉིད་ཆོས་ཅན། གྱ་ནོམ་གྱི་ངོ་བོ་ཉིད་ཡིན་ཏེ། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་རང་བཞིན་རྣམ་དག་ལ་གཞན་གྱིས་ཀུན་བཏགས་པའི་བྱེད་པ་པོ་ལ་ཞེན་པའི་དྲི་མ་དགག་པས་རབ་ཏུ་ཕྱེ་བའི་སྟོང་ཉིད་ཡིན་པའི་ཕྱིར། ཡུལ་ཅན་ཡེ་ཤེས་ཀྱི་རྣམ་པ་ནི་གྱ་ནོམ་གྱི་རྣམ་པ་ཡིན་ཏེ། གྱ་ནོམ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། བཞི་པ་ནི། དག་པ་གཉིས་ལྡན་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་དང་མི་དམིགས་པ་སྟོང་པ་ཉིད་ཆོས་ཅན་འགོག་བདེན་གྱི་ངེས་འབྱུང་གི་ངོ་བོ་ཉིད་ཡིན་ཏེ། སྔར་ལྟར་བརྟགས་པ་ཙམ་གྱི་བདག་ཉིད་ཡུལ་དུ་འཁྲུལ་བ་དང༌། མཚན་ཉིད་དུ་འཁྲུལ་བ་དང༌། དུས་སུ་འཁྲུལ་བ་རྣམས་འགག་པས་རབ་ཏུ་ཕྱེ་བའི་སྟོང་ཉིད་ཡིན་པའི་ཕྱིར། གསུམ་པོ་རྟོགས་པའི་ཡུལ་ཅན་ཡེ་ཤེས་ཀྱི་རྣམ་པ་ནི། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། ངེས་འབྱུང་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། གང་ངེས་པར་འབྱུང་བའི་ངོ་བོ་ཡིན་ཏེ། ངེས་འབྱུང་གཉིས་ཀྱི་ནང་ནས་ཁྱོད་ཁོ་ན། དངོས་པོ་དང་དངོས་པོ་མེད་པ་དང༌། རང་དང་གཞན་གྱི་ངོ་བོ་ཉིད་དུ་ཞེན་པ་དགག་པས་རབ་ཏུ་ཕྱེ་བའི་སྟོང་ཉིད་ཡིན་པའི་ཕྱིར། ཡུལ་ཅན་ཡེ་ཤེས་ནི་སྔར་ལྟར་རོ། །འཕགས་པས་སྟོང་ཉིད་ཐ་མ་བཞི་འདིར་སྡུད་ཅིང༌། གཞན་དག་སྔ་མ་བཅུ་དྲུག་ཅི་རིགས་པར་འདུ་བར་བཞེད་དོ། །གཉིས་པ་གྲངས་ཀྱི་སྒོ་ནས་དོན་བསྡུ་བ་ནི། །འགོག་པའི་བདེན་པའི་རྣམ་པ་ནི་བཅུ་དྲུག་ཡོད་པ་ཡིན་ཏེ། འགོག་པའི་རྣམ་པ་གསུམ། ཞི་བའི་རྣམ་པ་བརྒྱད། གྱ་ནོམ་གྱི་རྣམ་པ་གཅིག ངེས་འབྱུང་གི་རྣམ་པ་བཞི་ཡོད་པ་དེ་ལྟར་ནའོ། །འདིར་བླ་མ་རྣམས་ཀྱིས། བདེན་པ་དང་པོ་གསུམ་གྱི་རྣམ་པའི་ཡུལ་ནི་ལམ་མ་ཡིན་པས་ལམ་ཤེས་སུ་མི་རུང་ལ། དེ་དག་གི་ཤེས་རྣམ་ཡུལ་དུ་བྱེད་པ་ཉིད་ལམ་ཤེས་སུ་བཟུང་ངོ་ཞེས་གསུངས་ཡང༌། བདེན་པ་དང་པོ་གསུམ་རྟོགས་པའི་ཡེ་ཤེས་ཀྱི་རིགས་རྒྱུན་ཉམས་སུ་མྱོང་བའི་ལྡོག་པ་ནས་བསྟན་པས་ཉེས་པ་མེད་དོ། །གསུམ་པ་གྲངས་ཀྱི་སྒོ་ནས་དོན་བསྡུ་བ་ནི། སྤྱིར་ན་ལམ་ཤེས་པ་ཉིད་ཀྱི་ཞེས་སོགས་སོ། །རྣམ་མཁྱེན་གྱི་རྣམ་པ་ལ། མཚམས་སྦྱར། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ལམ་ཤེས་ཀྱི་རྣམ་པ་བཤད་ཟིན་པ་དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་སྟོན་ནོ། །གཉིས་པ་ནི་གང་ཟག་གསུམ་ཡོད་པའི་མཁྱེན་པ་གསུམ་དང་རྗེས་སུ་མཐུན་པར་ཀུན་མཁྱེན་གསུམ་དུ་ཕྱེ་ནས་རྣམ་པའི་དོན་ཚན་གསུམ་དུ་བཅད་ནས། སྟོན་པའི་ཚིགས་སུ་བཅད་པ་གཉིས་ཏེ། དེ་ལ་བཞེད་དོ། །གང་ན། ཡུམ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་དུ་ཕྱིན་པའོ། །བཀའ་སྩལ་པ། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་དྲན་པ་ཉེ་བར་བཞག་པ་ནས་བཟུང་སྟེ། ཡུམ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཀའ་སྩལ་པ། ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཞེས་སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པ་རྣམས་ནིའོ། །ཇི་ལྟར་ན། གྲངས་བཞིན་དུ་ཉན་ཐོས་རྣམས་ལ་རྣམ་པ་སུམ་ཅུ་རྩ་བདུན་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པ་སུམ་ཅུ་རྩ་བཞི་དང༌། སངས་རྒྱས་རྣམས་ལ་རྣམ་པ་སུམ་ཅུ་རྩ་དགུའོ། །མི་འཐད་དེ། རྣམ་མཁྱེན་གྱི་རྣམ་པ་ཁོ་ན་ཡིན་པས་སོ་སྙམ་ན། སྐྱོན་མེད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་ལམ་ཡིན་པའི་སྒོ་ནས་གསུམ་དུ་ཕྱེ་བས་སོ། །ཅིའི་ཕྱིར་རྣམ་མཁྱེན་གྱི་རྣམ་པ་ལ་གསུམ་དུ་ཕྱེ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་རིགས་ཡར་ལྡན་དུ་བསྡུས་པའི་ཕྱིར། འདིར་རྣམ་མཁྱེན་གྱི་ཡུལ་གྱི་རྣམ་པ་ལ་རྣམ་མཁྱེན་གྱི་རྣམ་པ་ཞེས་བཞག་པར་འདོད་པས་ནི། གཏན་ཚིག་འདིའི་འབྲེལ་བ་ཁོང་དུ་མ་ཆུད་པར་ཟད་དོ། །དེ་བས་ན་སངས་རྒྱས་ལ་ཡོད་པའི་སོ་བདུན་དང་སོ་བཞི་ནི། ཉན་ཐོས་དང་བྱང་སེམས་ལ་ཡོད་པའི་མཁྱེན་པ་གཉིས་དང་རྗེས་སུ་མཐུན་པ་དང༌། ཐུན་མོང་བར་ཤེས་པར་བྱ་བའི་ཕྱིར་དུ་གཞི་ཤེས་དང་ལམ་ཤེས་སུ་ཕྱེ་བ་ཙམ་མོ། །རྒྱས་པར་བཤད་པ་ལ། གཞི་ཤེས་ཀྱི་རྣམ་པ། ལམ་ཤེས་ཀྱི་རྣམ་པ། རྣམ་མཁྱེན་གྱི་རྣམ་པ་དང་གསུམ་མོ། །དེ་ལ་དང་པོ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ལ་སོ་སོར་དབྱེ་བ་དང༌། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ། དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ། རྩོལ་བ་ལས་བྱུང་བའི་ལམ། ཏིང་ངེ་འཛིན་ཡོངས་སུ་སྤྱོད་པའི་ལམ། མངོན་པར་རྟོགས་པར་སྦྱོར་བའི་ལམ། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ། མངོན་པར་རྟོགས་པའི་ལམ། རྣམ་དག་ངེས་འབྱིན་གྱི་ལམ་མོ། །དང་པོ་ལ། མཚམས་སྦྱར་བ་དང༌། དངོས་ཀྱི་དོན་གཉིས་སོ། །དང་པོ་ནི། སྡེ་ཚན་བདུན་གྱི་དང་པོ་དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་བསྟན་ཏེ། ལམ་ལ་འཇུག་པའི་ཐོག་མར་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ། སྤྱི་གཞུང་གཉིས་སོ། །དང་པོ་ལ། དམིགས་པ། ངོ་བོ་གྲོགས། བསྒོམ་ཚུལ། བསྒོམ་པའི་འབྲས་བུའོ། །དང་པོ་ནི། ལུས་དང་ཚོར་བ་སོགས་བཞིའོ། །བཞི་པོ་དམིགས་པར་བཞག་པ་ནི། བྱིས་པ་རྣམས་ལུས་ལ་བདག་གི་རྟེན་གྱི་དངོས་པོ་དང༌། ཚོར་བ་ལ་བདག་གི་ལོངས་སྤྱོད་ཀྱི་གཞི་དང༌། སེམས་ལ་བདག་གི་དངོས་པོ་དང༌། ཆོས་ལ་བདག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་བྱེད་པའི་དངོས་པོར་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། ངོ་བོ་ནི། དམིགས་པ་དེ་དག་ལ་རྗེས་སུ་ལྟ་བའི་ཤེས་རབ་དང༌། དམིགས་རྣམ་མི་བརྗེད་པའི་དྲན་པའོ། །གྲོགས་ནི། དེ་གཉིས་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །བསྒོམ་ཚུལ་ལ་ལུས་དྲན་པ་ཉེར་བཞག་གི་བསྒོམ་ཚུལ་དང༌། དྲན་པ་ཉེར་བཞག་ལྷག་མ་གསུམ་གྱི་བསྒོམ་ཚུལ་ལོ། །དང་པོ་ལ། དམིགས་པ་ནི་ལུས་ཡིན་ལ། ལུས་ལའང༌། ཕྱིའི་ལུས་དང༌། ནང་གི་ལུས་དང༌། གཉིས་ཀའི་ལུས་སོ། །ཕྱིའི་གཟུགས་སྒྲ་ལ་སོགས་པ་ནི་ཕྱིའི་ལུས་ཏེ། ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་ཤིང་སེམས་ཅན་གྱི་གྲངས་སུ་མ་གཏོགས་པའི་ཕྱིར། མིག་སོགས་དབང་པོ་ལྔ་ནི་ནང་གི་ལུས་ཏེ། ནང་གི་སྐྱེ་མཆེད་ཀྱི་བསྡུས་ཤིང༌། སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར། མིག་སོགས་ནང་གི་སྐྱེ་མཆེད་དང་འབྲེལ་བའི་ཕྱིའི་སྐྱེ་མཆེད་ནི། ཕྱི་ནང་གཉིས་ཀའི་ལུས་ཞེས་བྱ་སྟེ། ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་ཤིང་སེམས་ཅན་གྱི་གྲངས་སུ་ཡང་གཏོགས་པའི་ཕྱིར། རྣམ་པ་ནི་རྣམ་པར་རྟོག་པ་ལ་སྣང་བའི་དུར་ཁྲོད་ལ་སོགས་པའི་ལུས་ཀྱི་གཟུགས་བརྙན་དང༌། རང་བཞིན་གྱིས་ལུས་མི་གཙང་བར་མཉམ་པར་ཉིད་དུ་ལྟ་བའོ། །གཉིས་པ་ལའང༌། དམིགས་པ་ནི། ནང་གི་ལུས་དང་ཕྱིའི་ལུས་ལ་བརྟེན་ནས་བྱུང་བའི་ཕྱི་ནང་གི་ཚོར་བ་དང༌། ཚུལ་དེ་བཞིན་དུ་ཕྱི་ནང་གི་སེམས་དང༌། ཆོས་རྣམས་སོ། །རྣམ་པ་ནི། ཉན་ཐོས་རྣམས་ཀྱིས་ཚོར་བ་སྡུག་བསྔལ་དང་སེམས་མི་རྟག་པ་དང༌། ཆོས་གང་ཟག་གི་བདག་མེད་པའི་རྣམ་པར་བསྒོམ་པ་ཡིན་ལ། བྱང་སེམས་ཀྱིས་ནི་ཆོས་ཀྱི་བདག་མེད་པའི་རྣམ་པས་ཀྱང་བསྒོམ་པའོ། །བསྒོམས་པའི་འབྲས་བུ་ལ་གནས་སྐབས་ཀྱི་འབྲས་བུ་ནི། དམིགས་ཡུལ་བཞི་པོ་ལ་གཙང་བ་དང༌། བདེ་བ་དང༌། རྟག་པ་དང༌། བདག་ཏུ་ཕྱིན་ཅི་ལོག་བཞི་སྤངས་པའོ། །མཐར་ཐུག་གི་འབྲས་བུ་ནི་ཟག་བཅས་ཀྱི་ལུས་ལ་སོགས་པ་དང་བྲལ་བའོ། །གཉིས་པ་ལ་རྟགས་དགོད་པ་དང༌། ཆོས་ཅན་བཤད་པའོ། །དང་པོ་ནི། ཚོགས་ལམ་ཆུང་ངུའི་དྲན་པ་ཉེ་བར་བཞག་པའི་རྣམ་པ་བཞི་ཆོས་ཅན། དངོས་པོ་ལ་ཡོངས་རྟོག་པའི་ལམ་ཡིན་ཏེ། ལུས་ལ་སོགས་པའི་དངོས་པོ་ལ་རང་སྤྱིའི་མཚན་ཉིད་ཀྱིས་བརྟགས་ནས་བསྒོམ་པའི་ཚོགས་ལམ་ཆུང་ངུའི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཡང་གང་ཞེ་ན། དམིགས་ཡུལ་ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་རྣམས་ལ་རྣམ་པ་རང་དང་སྤྱིའི་མཚན་ཉིད་གཉིས་གཉིས་ཀྱི་སྒོ་ནས་ཤེས་རབ་ཀྱིས་ཡོངས་སུ་བརྟགས་ནས་བསྒོམ་པར་བྱེད་པའོ། །དེའི་དགོས་པ་ནི། བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་ཡིན་ནོ། །ཇི་ལྟར་འཇུག་ཞེ་ན། ལུས་དྲན་པ་ཉེ་བར་བཞག་པ་ལས་ནི་སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། ལུས་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རབ་ཏུ་ཕྱེ་བར་རྟོགས་པའི་ཕྱིར། ཚོར་བ་དྲན་པ་ཉེ་བར་བཞག་པ་ལས་ནི་ཀུན་འབྱུང་གི་བདེན་པ་ལ་འཇུག་ཏེ། ཀུན་འབྱུང་གི་གཙོ་བོ་སྲེད་པ་ནི་ཚོར་བ་གསུམ་གྱི་རྒྱུ་ཅན་དུ་རྟོགས་པའི་ཕྱིར། སེམས་དྲན་པ་ཉེ་བར་བཞག་པ་ལས་ནི་འགོག་པའི་བདེན་པ་ལ་འཇུག་སྟེ། དེ་ལས་བདག་དང་བྲལ་བའི་རྣམ་པར་ཤེས་པ་སྐད་ཅིག་གིས་འཇིག་པར་རྟོགས་པས་མྱ་ངན་ལས་འདས་པའི་ཚེ་བདག་ཆད་ཀྱི་དོགས་པའི་སྐྲག་པ་མེད་པའི་ཕྱིར། ཆོས་དྲན་པ་ཉེ་བར་བཞག་པ་ལས་ནི་ལམ་གྱི་བདེན་པ་ལ་འཇུག་སྟེ། ཆགས་སོགས་ཉོན་མོངས་ཀྱི་ཆོས་རྣམས་སྤང་བྱ་དང༌། དད་སོགས་རྣམ་བྱང་གི་ཆོས་རྣམས་བསྟེན་པར་བྱ་བ་ཉིད་དུ་རྟོགས་པའི་ཕྱིར། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲིད་རྒྱུའི་ཕྱིར། །གཞིའི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་དང༌། །དྲན་པ་ཉེ་བར་བཞག་པ་བསྒོམ། །ཞེས་སོ། །གཉིས་པ་ལ་མཚམས་སྦྱར་བ་ནི། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་དེའི་འོག་དུ་རྩོལ་བ་ལས་བྱུང་བའི་ལམ་བསྟན་ཏེ། ལུས་ལ་སོགས་པའི་དངོས་པོ་ལ་བརྟགས་ནས་ཞུགས་པ་ལ་བླང་དོར་ལ་སྤྲོ་བའི་བརྩོན་འགྲུས་འབྱུང་བས་སོ། །གཉིས་པ་དངོས་ཀྱི་དོན་ལ་རྟགས་འགོད་པ་ནི། ཚོགས་ལམ་འབྲིང་གི་ཡང་དག་པར་སྤོང་བ་བཞི་ཆོས་ཅན། རྩོལ་བ་ལས་བྱུང་བའི་ལམ་ཡིན་ཏེ། དགེ་སྡིག་གི་བླང་དོར་ལ་འཇུག་པའི་ཚོགས་ལམ་འབྲིང་གི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ཆོས་ཅན་བཤད་པ་ལ་དམིགས་པ་ནི་མི་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དང༌། དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག་གོ །དེ་ནི་བླང་དོར་བྱེད་པའི་རྒྱུའི་བརྩོན་འགྲུས་སོ། །གྲོགས་ནི་སྔར་ལྟར་རོ། །བསྒོམ་ཚུལ་ནི་མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བ་དང༌། མ་སྐྱེས་བ་མི་བསྐྱེད་པ་དང༌། དགེ་བ་སྐྱེས་པ་ཡང་དག་པར་སྤེལ་བ་དང༌། མ་སྐྱེས་པ་བསྐྱེད་པ་དང༌། བཞི་ལ། འདུན་པ་བསྐྱེད་པ་དང༌། འབད་པ་དང༌། བརྩོན་འགྲུས་རྩོམ་པ་དང་སེམས་རབ་ཏུ་འཛིན་པ་དང༌། རབ་ཏུ་འཇོག་པའི་ཚུལ་གྱི་སྒོམ་མོ། འབྲས་བུ་ནི་དང་པོ་གཉིས་ཀྱིས་མི་མཐུན་ཕྱོགས་ཉམས་པར་བྱེད་དེ། མི་དགེ་བ་སྐྱེས་པ་ཉམས་པ་དང༌། མ་སྐྱེས་པ་མངོན་དུ་མི་བྱེད་པའི་ཕྱིར་རོ། གསུམ་པས་ནི་གཉེན་པོ་འཕེལ་བར་བྱེད་ལ། བཞི་པས་ནི་ཐོབ་པར་བྱེད་དེ། རིམ་པ་ལྟར་རོ། །དགེ་བ་སྐྱེས་པ་འཕེལ་བ་དང༌། མ་སྐྱེས་པ་བསྐྱེད་པའི་ཕྱིར་རོ། །གསུམ་པ་ལ་མཚམས་སྦྱར་བ་ནི། རྩོལ་ལས་བྱུང་བའི་ལམ་གྱི་འོག་ཏུ་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་བསྟན་ཏེ། བླང་དོར་ལ་སྤྲོ་བའི་བརྩོན་འགྲུས་དང་ལྡན་པ་ནི། ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བ་ཉིད་དུ་བྱེད་པས་སོ། །དངོས་ཀྱི་དོན་ལ་རྟགས་དགོད་པ་ནི། ཚོགས་ལམ་ཆེན་པོའི་རྫུ་འཕྲུལ་རྐང་བཞི་ཆོས་ཅན། ཏིང་ངེ་འཛིན་ཡོངས་སུ་སྦྱོར་བའི་ལམ་ཡིན་ཏེ། ཚོགས་ལམ་ཆེན་པོས་བསྡུས་པའི་སྤོང་བའི་འདུ་བྱེད་དང་ལྡན་པའི་མངོན་རྟོགས་ཡིན་པའི་ཕྱིར། ཆོས་ཅན་བཤད་པ་ལ། དམིགས་པ་ནི་ཏིང་ངེ་འཛིན་གྱིས་འགྲུབ་པའི་བྱ་བ་སྤྲུལ་བསྒྱུར་ལ་སོགས་པའོ། །ངོ་བོ་ནི་ཏིང་ངེ་འཛིན་ནོ། །གྲོགས་ནི་གུས་པར་སྦྱོར་བའི་འདུན་པ་དང༌། རྒྱུན་དུ་སྦྱོར་བའི་བརྩོན་འགྲུས་དང༌། སྔོན་གྱི་ཏིང་ངེ་འཛིན་གྱི་བག་ཆགས་དང་ལྡན་པའི་སེམས་དང༌། དམིགས་པ་རྣམ་པར་འབྱེད་པའི་ཤེས་རབ་བོ། །བསྒོམ་པའི་ཚུལ་ནི། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་བསྒོམ་པར་བྱེད་པའོ། །ཉེས་པ་ལྔ་ནི། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་སོ། ཇི་ལྟར་འདི་དག་ཏིང་ངེ་འཛིན་གྱི་ཉེས་པར་འདོད་ཞེ་ན། ཏིང་ངེ་འཛིན་གྱི་སྦྱོར་བ་ལ་འཇུག་པ་དང༌། ཞུགས་པ་དང༌། དངོས་གཞི་དང༌། སྐྱོན་བྱུང་པ་སེལ་བ་དང༌། སེམས་རྣལ་དུ་འཇུག་པའི་གནས་སྐབས་ལྔ་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །གཉེན་པོ་བརྒྱད་ནི། ལེ་ལོའི་གཉེན་པོ་བཞི་སྟེ། གཉེན་པོ་དངོས་ནི་རྩོལ་བའོ། །དེའི་གནས་ནི་འདུན་པའོ། །རྒྱུ་ནི་དང་པའོ། །འབྲས་བུ་ནི་ཤིན་ཏུ་སྦྱངས་པའོ། །གདམས་ངག་བརྗེད་པའི་གཉེན་པོ་དྲན་པའོ། །བྱིང་རྒོད་ཀྱི་གཉེན་པོ་ནི་ཤེས་བཞིན་ནོ། །གཉེན་པོ་མངོན་པར་འདུ་མི་བྱེད་པའི་གཉེན་པོ་ནི་སེམས་མངོན་པར་འདུ་བྱེད་པའི་སེམས་པའོ། །བྱིང་རྒོད་ཞི་བ་ན་སེམས་མངོན་པར་འདུ་བྱེད་པའི་གཉེན་པོ་ནི་བཏང་སྙོམས་སོ། །འབྲས་བུ་ནི་རྫུ་འཕྲུལ་སོགས་ཇི་ལྟར་འདོད་པ་བཞིན་དུ་མངོན་དུ་འགྱུར་པ་ཡིན་ནོ། །བཞི་པ་ལ་མཚམས་སྦྱར་བ་ནི། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་གྱི་འོག་ཏུ་མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་བསྟན་ཏེ། ཏིང་ངེ་འཛིན་གྱི་སེམས་ཡོངས་སུ་སྦྱངས་པ་བྱས་པ་ལ། དྲོ་བ་དང་རྩེ་མོའི་སྦྱོར་བ་འབྱུང་བས་སོ། །གཉིས་པ་དངོས་ཀྱི་དོན་ལ་རྟགས་དགོད་པ་ནི་དྲོད་ཀྱི་རྣམ་བྱང་གི་དབང་པོ་ལྔ་ཆོས་ཅན། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་ཡིན་ཏེ། དྲོ་བ་དང་རྩེ་མོ་གང་རུང་གི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་ཆོས་ཅན་བཤད་པ་ལ། དམིགས་པ་ནི་བདེན་པ་བཞིའོ། །ངོ་བོ་ནི་ཡིན་ཆེས་པའི་དད་པ་དང༌། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང༌། དམིགས་པ་མི་བརྗེད་པའི་དྲན་པ་དང༌། དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དང༌། དམིགས་པ་རྣམ་པར་འབྱེད་པའི་ཤེས་རབ་བོ། །གྲོགས་ནི་དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །བསྒོམ་པའི་ཚུལ་ནི་དད་པའི་དབང་པོས་བདེན་པ་རྣམས་ལ་ཡིད་ཆེས་པ་དང༌། བརྩོན་འགྲུས་ཀྱིས་བདེན་པ་རྟོགས་པའི་ཕྱིར་དུ་སྤྲོ་བ་དང༌། དྲན་པས་དམིགས་རྣམ་མི་བརྗེད་པ་དང༌། ཏིང་ངེ་འཛིན་གྱིས་རྩེ་གཅིག་པ་དང༌། ཤེས་རབ་ཀྱིས་མི་རྟག་པ་ལ་སོགས་པར་རབ་ཏུ་འབྱེད་པའི་ཚུལ་གྱིས་བསྒོམ་པ་ཡིན་ནོ། །འདི་དག་བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པས་དབང་པོ་ཞེས་བྱའོ། །དད་པ་ཙམ་ནི་སྔར་ཉིད་དུ་ཡང་ཡོད་ལ། དེ་དག་ནི་རྣམ་བྱང་གི་ཕྱོགས་ལ་དབང་བྱེད་པ་ཙམ་གྱི་དབང་པོ་ཡིན་ཡང༌། བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་དབང་པོ་མ་ཡིན་ནོ། །འབྲས་བུ་ནི་མྱུར་དུ་མཐོང་ལམ་བསྐྱེད་པ་དང༌། རྟོགས་པ་ཕྱི་མ་འབྱུང་བ་སོགས་སོ། །ལྔ་པ་ལ་མཚམས་སྦྱར་བ་ནི། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་གྱི་འོག་ཏུ་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་བསྟན་ཏེ། དྲོ་བ་ལ་སོགས་པ་ཐོབ་པ་ལ་བཟོད་པ་དང་ཆོས་ཀྱི་མཆོག་འབྱུང་བས་སོ། །གཉིས་པ་དངོས་ཀྱི་དོན་ལ། རྟགས་དགོད་པ་ནི། སྦྱོར་ལམ་བཟོད་པའི་སྟོབས་རྣམ་པ་ལྔ་ཆོས་ཅན། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ཡིན་ཏེ། བཟོད་པ་དང་ཆོས་ཀྱི་མཆོག་གང་རུང་གི་ངོ་བོ་ཉིད་ཡིན་པའི་ཕྱིར། གཉིས་པ་ཆོས་ཅན་བཤད་པ་ལ། ངོ་བོ་ནི། དད་པ་དང་བརྩོན་འགྲུས་དང༌། དྲན་པ་དང་ཏིང་ངེ་འཛིན་དང༌། ཤེས་རབ་སྟེ། མི་མཐུན་ཕྱོགས་ཀྱིས་རྫི་བར་མི་ནུས་པའི་ཕྱིར། སྟོབས་ཞེས་བྱའོ། །གཞན་རྣམས་ནི་སྔར་བཞིན་ནོ། །དྲུག་པ་ལ་མཚམས་སྦྱར་བ་ནི། དེའི་འོག་ཏུ་མངོན་པར་རྟོགས་པའི་ལམ་བསྟན་ཏེ། དྲོ་བ་ལ་སོགས་པ་བཞི་རྟོགས་པ་ལ་བདེན་པ་མཐོང་བའི་ལམ་འབྱུང་བས་སོ། །གཉིས་པ་དངོས་ཀྱི་དོན་ལ་རྟགས་དགོད་པ་ནི། མཐོང་ལམ་གྱི་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་བདུན་ཆོས་ཅན། མངོན་པར་རྟོགས་པའི་ལམ་ཡིན་ཏེ། བདེན་པ་མངོན་སུམ་དུ་གསར་དུ་རྟོགས་པའི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ཆོས་ཅན་བཤད་པ་ལ། དམིགས་པ་ནི་འཕགས་པའི་བདེན་པ་བཞིའོ། །ངོ་བོ་ལ་དཔེས་བསྟན་པ་དང་ཡན་ལག་དུ་འགྱུར་ཚུལ་ལོ། །དང་པོ་ལ་དྲན་པ་ཡང་དག་ནི་མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པ་ཡིན་ཏེ། ཤེས་བྱ་མ་རྟོགས་པ་རྟོགས་པར་བྱེད་པའི་ཕྱིར། འཁོར་ལོ་རིན་པོ་ཆེ་བཞིན་ནོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་ནི། མི་མཐུན་ཕྱོགས་འཇོམས་པར་བྱེད་པ་ཡིན་ཏེ། གང་ཟག་དང་ཆོས་ཀྱི་བདག་དུ་འཛིན་པའི་རྟོག་པ་འཇོམས་པའི་ཕྱིར། ཕྱིར་རྒོལ་འཇོམས་པའི་གླང་པོ་བཞིན་ནོ། །བརྩོན་འགྲུས་ཡང་དག་ནི། ཡོན་ཏན་མྱུར་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། མངོན་ཤེས་ལ་སོགས་པའི་ཡོན་ཏན་བདེ་བླག་ཏུ་ཐོབ་པར་བྱེད་པས་སོ། །མྱུར་དུ་ཕྱིན་པར་བྱེད་པའི་རྟ་མཆོག་བཞིན་ནོ། །དགའ་བ་ཡང་དག་ནི། ཡིད་བདེ་བར་བྱེད་པ་ཡིན་ཏེ། ཆོས་ཀྱི་སྣང་བས་ལུས་སེམས་ཚིམ་པར་བྱེད་པའི་ཕྱིར་རོ། །སྣང་བའི་ཁྱད་པར་གྱིས་དགའ་བར་བྱེད་པའི་ནོར་བུ་བཞིན་ནོ། །ཤིན་ཏུ་སྦྱངས་པ་ཡང་དག་ནི། དགའ་བ་མྱོང་བར་བྱེད་པ་ཡིན་ཏེ། གནས་ངན་ལེན་འཇིག་པར་བྱེད་པའི་སྒོ་ནས་སེམས་ལས་སུ་རུང་བར་བྱེད་པའི་ཕྱིར། བཙུན་མོ་བཞིན་ནོ། །ཏིང་ངེ་འཛིན་ཡང་དག་ནི། འདོད་པའི་དོན་ཐོབ་པར་བྱེད་པ་ཡིན་ཏེ། བསམས་པའི་དོན་ཐམས་ཅད་འབྱོར་བར་བྱེད་པས་སོ། །ཁྱིམ་བདག་རིན་པོ་ཆེ་བཞིན་ནོ། །བཏང་སྙོམས་ཡང་དག་ནི། ཇི་ལྟ་འདོད་པ་བཞིན་དུ་གནས་པར་བྱེད་པ་ཡིན་ཏེ། མཉམ་རྗེས་གཉིས་ཀྱི་སྒོ་ནས་མི་མཐུན་ཕྱོགས་དང་གཉེན་པོ་ལ་འདོར་བ་དང་གནས་པར་བྱེད་པའི་ཕྱིར། དཔུང་གི་ཚོགས་ཡན་ལག་བཞི་ལ་འདོར་གནས་བྱེད་པའི་བློན་པོ་བཞིན་ནོ། །གཉིས་པ་ལ་ཡན་ལག་དང་པོ་ནི། གནས་ཀྱི་ཡན་ལག་ཡིན་ཏེ། དྲན་པ་ཉེ་བར་བཞག་པས་ནི་དགེ་བའི་ཆོས་མི་ཉམས་པར་བྱེད་པའི་ཕྱིར། གཉིས་པ་ནི། ངོ་བོའི་ཡན་ལག་ཡིན་ཏེ། མཐོང་ལམ་བྱང་ཆུབ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར། གསུམ་པ་ནི། ངེས་པར་འབྱུང་བའི་ཡན་ལག་ཡིན་ཏེ། བགྲོད་བྱ་ཇི་སྲིད་པར་འགྲོ་བར་བྱེད་པའི་ཕྱིར། བཞི་པ་ནི། ཕན་ཡོན་གྱི་ཡན་ལག་ཡིན་ཏེ། སེམས་རྒྱུད་ཚིམ་པར་བྱེད་པའི་ཕྱིར། ལྔ་པ་ནི། གང་གིས་ཉོན་མོངས་པར་མི་འགྱུར་བར་བྱེད་པའི་ཡན་ལག་ཡིན་ཏེ། ཉོན་མོངས་ཀྱི་རྒྱུ་གནས་ངན་ལེན་འཇིག་པར་བྱེད་པའི་ཕྱིར། དྲུག་པ་ནི། གང་དུ་ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་ཡན་ལག་ཡིན་ཏེ། ཏིང་ངེ་འཛིན་ལ་གནས་པ་ནི་གནས་འགྱུར་བའི་ཕྱིར། བདུན་པ་ནི། ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོའི་ཡན་ལག་ཡིན་ཏེ། བྱིང་རྒོད་དང༌། བྲལ་བས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་གནས་སྐབས་ཀྱི་ངོ་བོ་ཡིན་པའི་ཕྱིར། གྲོགས་ནི་སྔར་བཞིན་ནོ། །བསྒོམ་ཚུལ་ནི། སྡུག་བསྔལ་ལ་དམིགས་ནས་དེས་དབེན་པ་ཚོལ་བ་ལ་གནས། ཀུན་འབྱུང་ལ་དམིགས་ནས་དེ་དང་འབྲལ་བར་འདོད་པ་དང༌། འགོག་པ་ལ་དམིགས་ནས་མངོན་དུ་བྱེད་པར་འདོད་པ་དང༌། ལམ་བདེན་ལ་དམིགས་ནས་ཉོན་མོངས་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བར་གནས་པའོ། །འབྲས་བུ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའོ། །བདུན་པ་ལ་མཚམས་སྦྱར་བ་ནི། མངོན་པར་རྟོགས་པའི་ལམ་གྱི་འོག་དུ། རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་བསྟན་ཏེ། བདེན་པ་མཐོང་བ་ཡོངས་སུ་ཤེས་པ་ལས་སྒོམ་སྤང་དག་པར་བྱེད་པའི་སྒོམ་པའི་ལམ་འབྱུང་བས་སོ། །གཉིས་པ་ལ་རྟགས་དགོད་པ་ནི། བསྒོམ་ལམ་གྱི་འཕགས་ལམ་ཡན་ལག་བརྒྱད་ཆོས་ཅན། རྣམ་དག་ངེས་འབྱིན་གྱི་ལམ་ཡིན་ཏེ། སྒོམ་སྤང་དག་པར་བྱེད་པའི་མངོན་རྟོགས་ཡིན་པའི་ཕྱིར། ཆོས་ཅན་བཤད་པ་ལ་དམིགས་པ་ནི་སྔར་བཞིན། ངོ་བོ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་ཡིན་ཏེ། མཉམ་བཞག་ཏུ་རྟོགས་པའི་དེ་ཁོ་ན་ཉིད་ངེས་པར་འཛིན་པའི་ཕྱིར་རོ། །རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་ཡིན་ཏེ། ཇི་ལྟར་རྟོགས་པའི་དོན་སྟོན་པའི་ངག་ཀུན་ནས་སློང་བའི་ཕྱིར། ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི། གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ཡིན་ཏེ། དང་པོས་ནི་གཞན་གྱིས་དྲི་བའི་ལན་ལུང་སྟོན་པས་ལྟ་བ་རྣམ་དག་དང༌། གཉིས་པས་ནི། སྤྱོད་པ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་རྣམ་དག་དང༌། གསུམ་པས་ནི། ལོག་འཚོ་སྤངས་ཏེ་དེ་བཞིན་གཤེགས་པས་ཇི་ལྟར་གནང་བ་བཞིན་དུ་ལོངས་སྤྱོད་པས་འཚོ་བ་རྣམ་དག་དུ་ཡིད་ཆེས་པའི་ཕྱིར་རོ། །རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ཡན་ལག་ཡིན་ཏེ། ཀུན་སྦྱོར་ལྷག་མ་རྣམས་སྤོང་བའི་ཕྱིར་རོ། །དྲན་པ་ནི་ཉེ་བའི་ཉོན་མོངས་པ་རྣམ་པར་སྦྱོང་བའི་ཡན་ལག་ཡིན་ཏེ། ཞི་གནས་ཀྱི་མཚན་མ་མ་བརྗེད་པས་བྱིང་རྒོད་སོགས་ཀྱི་གོ་སྐབས་མི་འབྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་སྦྱོང་བའི་ཡན་ལག་ཡིན་ཏེ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མངོན་པར་བསྒྲུབ་པའི་ཕྱིར་རོ། །འདི་མཐོང་ལམ་ནས་ཐོབ་ཀྱང༌། སྒོམ་ལམ་ནས་མངོན་དུ་འགྱུར་བས་བསྒོམ་ལམ་དུ་བཞག་གོ །གྲོགས་དང་བསྒོམ་ཚུལ་ནི་སྔར་ལྟར་རོ། །འབྲས་བུ་སྒོམ་སྤང་སྤངས་པ་སོགས་སོ། །གཉིས་པ་དོན་བསྡུ་བ་ནི། སློབ་མ་ཉན་ཐོས་རྣམས་ལ་ཡོད་པའི་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་ནི་སུམ་ཅུ་རྩ་བདུན་ཡིན་ཏེ་བྱང་ཕྱོགས་སོ་བདུན་ཡོད་པ་དེ་ལྟར་ནའོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་རྒྱས་པར་བཤད་པ་ལ། སོ་སོར་དབྱེ་བ་དང༌། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་དྲུག་ལས། གཉེན་པོའི་ལམ་ལ་སྤྱིའི་དོན་ནི། རྟོགས་བྱའི་ཡུལ་དང༌། རྣམ་པ་དང༌། ཡུལ་ཅན་དང༌། རྣམ་པ་བསྡུ་ཚུལ་ལོ། །དང་པོ་ནི། ཆོས་ཀྱི་སྡོམ་བཞི་ལས་འདུས་བྱས་མི་རྟག་པ་དང༌། ཟག་པ་དང་བཅས་པ་སྡུག་བསྔལ་བ་གཉིས་ནི། སྨོན་པ་མེད་པ་དང་ཆོས་བདག་མེད་པ་ནི་སྟོང་པ་ཉིད་དང༌། མྱ་ངན་ལས་འདས་པ་ཞི་བ་ནི་མཚན་མ་མེད་པའི་ཡུལ་གྱིས་བསྡུས་སོ། །གཉིས་པ་ནི། རྣམ་པ་བཅུ་དྲུག་ཡོད་པ་ལས་སྡུག་བདེན་གྱི་སྟོང་པ་བདག་མེད་གཉིས་ནི་རྣམ་ཐར་དང་པོའི་རྣམ་པ་ཡིན་ལ། འགོག་ལམ་གཉིས་ཀྱི་རྣམ་པ་བརྒྱད་ནི་རྣམ་ཐར་གཉིས་པ་དང༌། སྡུག་བདེན་གྱི་མི་རྟག་སྡུག་བསྔལ་གཉིས་དང་ཀུན་འབྱུང་གི་བཞི་ནི་གསུམ་པའི་རྣམ་པའོ། །གསུམ་པ་ནི། གཏན་ལ་དབབ་པ་བསྡུ་བ་ལས། གཞུང་གང་དུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། ཞེས་འབྱུང་བ་ལ་ནི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་ཀ་ཡོངས་སུ་བཟུང་བ་ཡིན་ལ། ཏིང་ངེ་འཛིན་གྱི་སྒྲས་གསུངས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་ཐུན་མོང་དུ་འཛིན་པ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་ཞེས་འབྱུང་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོ་ནའོ་ཞེས་འབྱུང་བ་ཡིན་ནོ། །བཞི་པ་ནི། འདིར་བསྟན་རྣམ་པ་ཐམས་ཅད་གསུམ་དུ་འདུས་ཏེ། འགོག་ལམ་གྱི་རྣམ་པ་རྣམས་ནི་མཚན་མ་མེད་པ་དང༌། སྡུག་ཀུན་གྱི་རྣམ་པ་རྣམས་ནི་སྟོང་པ་ཉིད་དང་སྨོན་པ་མེད་པའི་རྣམ་པས་བསྡུས་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་རྣམ་པར་ཐར་པའི་སྒོ་དང་པོ་སྟོང་པ་ཉིད་དང་བདག་མེད་པ་རྟོགས་པའི་རྣམ་པའི་ངོ་བོ་ཉིད་ནི་གཉེན་པོའི་ལམ་ཡིན་ཏེ། གོ་རིམ་བཞིན་དུ་ཕུང་པོ་ལྔ་ལ་བདག་ཏུ་ལྟ་བ་དང༌། ལྟ་བས་བྱས་པ་བདག་གིར་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར། རྣམ་པར་ཐར་པའི་སྒོ་གཉིས་པ་མཚན་མེད་ཀྱི་ངོ་བོ་འགོག་པ་དང༌། མཚན་མའི་རྟོག་པ་སེལ་བའི་ཐབས་ལམ་གྱི་བདེན་པ་རྟོགས་པའི་རྣམ་པའི་ངོ་བོ་ཉིད་ནི། གཉེན་པོའི་ལམ་ཡིན་ཏེ། ལྟ་བ་དེའི་རྒྱུ་མཚན་སྟེ་རྒྱུ་བྱེད་པའི་རྣམ་པར་རྟོག་པའི་གཉེན་པོ་ཡིན་པའི་ཕྱིར། རྣམ་པར་ཐར་པའི་སྒོ་གསུམ་པ་མི་རྟག་པ་དང༌། སྡུག་བསྔལ་བ་དང་ཀུན་འབྱུང་གི་བདེན་པའི་རྣམ་པ་བཞི་རྟོགས་པའི་ངོ་བོ་ཉིད་ནི་གཉེན་པོའི་ལམ་ཡིན་ཏེ། ཁམས་གསུམ་ལ་བླང་བྱར་སྨོན་པའི་གཉེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར། གྲངས་ཀྱི་སྒོ་ནས་དོན་བསྡུ་བ་ནི། རྣམ་པར་ཐར་པའི་སྒོ་ནི་རྣམ་པ་གསུམ་ཡོད་དེ། ཇི་སྐད་བཤད་པའི་ཏིང་ངེ་འཛིན་གསུམ་ཡོད་པ་དེ་ལྟར་ནའོ། །གཉིས་པ་སྤྲུལ་པའི་ལམ་ལ། སྤྱིའི་དོན་ནི། སྒོམ་པ་པོའི་གང་ཟག ས་གང་ལ་རྟེན་པ་རང་བཞིན་ངོས་བཟུང་པའོ། །དང་པོ་ནི། མཛོད་ལས། མིའི་རྟེན་ཅན་དུ་བཤད་ནས་སྒྲུབ་བྱེད་ལུང་གི་མཐུས་བསྐྱེད་པའི་ཕྱིར་ཞེས་གསུངས་པ་ནི། གཙོ་ཆེ་བ་ལ་དགོངས་ཀྱི་སྒྲ་ཇི་བཞིན་པ་མ་ཡིན་ཏེ། འདོད་པའི་ལྷས་ཀྱང་ལུང་གི་མཐུས་བསྐྱེད་ནུས་པའི་ཕྱིར། དེས་ན་སའི་དངོས་གཞི་ལས་འདོད་པའི་རྟེན་ཅན་ཞེས་སྤྱིར་བཟུང་བ་ལྟར་ཡིན་ནོ། །གཉིས་པ་ནི། མཛོད་ལས། རྣམ་ཐར་དང་པོ་གཉིས་འདོད་པ་དང༌། བསམ་གཏན་དང་པོའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་བསམ་གཏན་དང་པོ་གཉིས་ལ་རིམ་པ་བཞིན་དུ་རྟེན་པར་གསུངས་སོ། །རྣམ་ཐར་གཉིས་པ་བསྒོམ་པའི་ཚེ་གཟུགས་མེད་ཀྱི་སེམས་མ་ཐོབ་ན་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་མི་ནུས་ལ། ཐོབ་ན་ཕྱི་རོལ་གྱི་གཟུགས་ལ་ལྟ་བར་འགལ་ལོ་ཞེ་ན་ཀུན་ལས་བཏུས་ལས་གཟུགས་མེད་པའི་འདུ་ཤེས་བཞག་པས་ཀྱང་རུང་སྟེ་ཞེས་པ་ལྟར། གཟུགས་མེད་ཀྱི་སེམས་མ་ཐོབ་པ་རྣམས་ཀྱི་རྣལ་འབྱོར་བ་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་མི་ནུས་པས་གཟུགས་མེད་ཀྱི་འདུ་ཤེས་བཞག་པ་ཙམ་ཡིན་ལ། ཐོབ་པ་རྣམས་ཀྱིས་ཐོག་མར་ཟག་མེད་ཀྱི་སེམས་ཀྱི་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་ལ་ཕྱིས་དེ་བཏང་ནས་གཟུགས་ཀྱི་སེམས་མངོན་དུ་བྱས་ཏེ། གཟུགས་ལ་ལྟ་བས་མི་འགལ་ལོ། །སའི་དངོས་གཞི་ལས་གཟུགས་མེད་ཀྱི་སེམས་ཐོབ་ལ་མངོན་དུ་མི་བྱེད་པར་བཤད་པ་ཡང་ཐོག་མར་གཟུགས་མེད་ཀྱི་སེམས་ཀྱིས་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་ནས། དེ་ནས་སེམས་མངོན་དུ་མི་བྱེད་པར་བསམ་གཏན་ལ་བརྟེན་ནས་ཕྱི་རོལ་གྱི་གཟུགས་ལ་ལྟའོ་ཞེས་པའི་དོན་ཡིན་ལ། འཕགས་སེང་གཉིས་ཀྱིས་གཟུགས་མེད་ལ་ཡང་བརྟེན་པར་བཤད་པའི་དགོངས་པ་ཡང་དེ་ཉིད་དོ། །གཞན་དག་ན་རེ། བྱང་སེམས་ཐབས་ལ་མཁས་པའི་དབང་དུ་བྱས་ནས་གསུངས་ཞེས་པ་ཡང་མ་ཡིན་ཏེ། དེས་ཀྱང་གཟུགས་མེད་ཀྱི་སེམས་ཀྱིས་ཕྱི་རོལ་ལ་ལྟ་བར་མི་རུང་བའི་ཕྱིར་རོ། །ཀུན་ལས་བཏུས་ལས། བསམ་གཏན་ལ་རྟེན་པར་གསུངས་ཀྱི། དང་པོ་དང་གཉིས་པ་ལ། རྟེན་པ་སོགས་ཀྱི་དམིགས་གསལ་མ་གསུངས་པས། བཞི་ཀ་ལ་བརྟེན་པར་འདོད་པ་མངོན་ནོ། །གསུམ་པ་ནི་ཐམས་ཅད་ཀྱང༌། །ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའི་རང་བཞིན་དུ་བཤད་དོ། གཉིས་པ་གཞུང་དོན་ལ། གཟུགས་ཅན་གྱི་རྣམ་ཐར་གསུམ་ལས། དང་པོ་གཉིས་ལ། རྟག་དགོད་པ་ནི། གཟུགས་ཅན་གྱི་རྣམ་པར་ཐར་པ་དང་པོ་འདི་གཉིས་ཆོས་ཅན། སྤྲུལ་པའི་ལམ་ཡིན་ཏེ། གཞན་དོན་དུ་སྤྲུལ་པ་སྣ་ཚོགས་འབྱོར་པར་བྱེད་པའི་ཕྱིར་རོ། །གཉིས་པ་ཆོས་ཅན་བཤད་པ་ལ། རྣམ་ཐར་དང་པོ་ནི་ལྟའོ། གང་གི་སྒོ་ནས་ཞེ་ན། རང་ལ་གཟུགས་ཀྱི་འདུ་ཤེས་མ་བཤིག་པའི་ཕྱིར། གོ་རིམ་བཞིན་དུ་ནང་གཟུགས་ཅན་དུ་འདུ་ཤེས་པའི་སྒོ་ནས་སོ། །ཡུལ་ནི། ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟའོ། །ཚུལ་ཇི་ལྟར་ན། དབྱིབས་ཀྱི་སྒོ་ནས་ཆེ་ཆུང་སྣ་ཚོགས་དང༌། ཁ་དོག་གི་སྒོ་ནས་མཛེས་མི་མཛེས་སྣ་ཚོགས་སུ་སྤྲུལ་ཏེ་ལྟའོ། །རྣམ་ཐར་གཉིས་པ་ནི་ལྟའོ། །གང་གི་སྒོ་ནས་ནི། གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་ནང་གཟུགས་ཅན་མིན་པར་འདུ་ཤེས་པའི་སྒོ་ནས་སོ། །ཡུལ་ནི། ཕྱི་རོལ་གྱི་གཟུགས་རྣམས་ལའོ། །ཚུལ་སྔར་ལྟར་ལྟའོ། །གསུམ་པ་དགོས་པ་ནི། སྣ་ཚོགས་སུ་སྤྲུལ་པ་ལ་སྒྲིབ་པ་སྟེ་གེགས་བྱེད་པའི་གཉེན་པོར་ལྟའོ། །རྣམ་ཐར་དང་པོ་ནི། སྤྲུལ་པ་པོ་སྣང་ཞིང་རྫུ་འཕྲུལ་སྣ་ཚོགས་སྤྲུལ་ནུས་པའི་ཆེད་ཡིན་ལ། གཉིས་པ་ནི་སྤྲུལ་པ་པོ་མི་སྣང་བར་རྫུ་འཕྲུལ་སྟོན་པའི་ཆེད་ཡིན་ནོ། །རྣམ་ཐར་གསུམ་པ་ནི། རྩེ་གཅིག་ཏུ་གནས་ཏེ་སྒོམ་མོ། གང་ན་སྡུག་པའི་རྣམ་པར་ཐར་པའོ། །སྒོ་ཞེས་འབྱུང་བ་ནི་མ་དག་ཞེས་འབུམ་ཕྲག་གསུམ་པ་གསུང༌། སེམས་ནི་བསམ་གཏན་བཞི་པ་ལ་རྟེན་ནས་སོ། །དགོས་པ་ནི། གོ་རིམ་བཞིན་དུ་གཟུགས་སྡུག་པ་སྤྲུལ་པ་ལ་དགའ་བ་དང༌། མི་སྡུག་པར་སྤྲུལ་པ་ལ་མི་དགའ་བའི་ཀུན་ནས་ཉོན་མོངས་པའི་མིང་ཅན་དེ་དག་གི་གཉེན་པོར་རོ། །མི་འཐད་དེ་དགའ་མི་དགའ་སྤངས་ཟིན་པའི་ཕྱིར་ཏེ། བསམ་གཏན་བཞི་པོ་ཐོབ་པས་སོ་ཞེ་ན། སྤྲུལ་པར་འདོད་མི་འདོད་ཙམ་ལ། དགའ་མི་དགའ་ཞེས་བཤད་པ་ཙམ་ཡིན་པས་སྐྱོན་མེད་དོ། །ཚུལ་ཇི་ལྟར་བསྒོམ་ཞེ་ན། སྦྱོར་བའི་གནས་སྐབས་སུ་སྡུག་མི་སྡུག་ཕན་ཚུལ་ལྟོས་པའི་འདུ་ཤེས་དང༌། རྗེས་སུ་འབྲེལ་བའི་འདུ་ཤེས་དང༌། དངོས་གཞིའི་དུས་སུ་སྡུག་པར་རྩེ་གཅིག་པའི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་བསྒོམ་མོ། །འདི་གཟུགས་ཅན་གྱི་རྣམ་ཐར་གསུམ་ལས་མཆོག་ཡིན་པའི་ཕྱིར་རམ། འཕགས་པ་རྣམས་འདི་ལ་ལན་མང་དུ་གནས་པས་ན། མདོ་ལས་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་གསུངས། གཉིས་པ་གྲངས་ཀྱི་སྒོ་ནས་དོན་བསྡུ་བ་ནི། རྣམ་པར་ཐར་པ་རྣམ་པ་གསུམ་སྟེ། རྣམ་ཐར་དང་པོ་གཉིས་དང་སྡུག་པའི་རྣམ་པར་ཐར་པ་གཅིག་ཡོད་པ་དེ་ལྟར་ནའོ། །གསུམ་པ་མཐོང་ཆོས་ལ་བདེ་བར་གནས་པའི་ལམ་ལ་གཉིས་ལས། དང་པོ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི། ཐར་པ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ཏེ། གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པ་ལས་གྲོལ་བའི་གཟུགས་མེད་ཀྱི་རྣམ་ཐར་ཡིན་པའི་ཕྱིར། གཉིས་པ་ནི། བྱང་སེམས་འཕགས་པའི་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་ཆོས་ཅན། ཞི་བར་གནས་པའི་ལམ་གྱི་རང་བཞིན་ཡིན་ཏེ། ཟག་བཅས་ཀྱི་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་ཡིན་པའི་ཕྱིར། །དོན་བསྡུ་བ་ནི། དེ་ལྟར་ན་རྣམ་པ་ལྔའོ། །བཞི་པ་འཇིག་རྟེན་ལས་འདས་པའི་ལམ་ལ་སྤྱིར་བསྟན་པ་དང༌། འགོག་སྙོམས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བྱང་སེམས་འཕགས་པའི་ཟག་མེད་ཀྱི་ལམ་གྱི་དངོས་ཀྱི་རྟེན་བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་དག་སྟེ་དགུ་པོ་ནི། འཇིག་རྟེན་ལ་འདས་པའི་ལམ་ཡིན་ཏེ། འཕགས་པའི་ཟག་མེད་ཀྱི་སྙོམས་འཇུག་ཡིན་པའི་ཕྱིར། འདིས་ནི་འགོག་སྙོམས་དབུ་མ་དང་མཐུན་པར་བཤད་དོ། །སྙོམས་འཇུག་དང་རྣམ་ཐར་ལ་ཁྱད་པར་ཅི་ཡོད་ཅེ་ན། སྙོམས་འཇུག་གི་དུས་སུ་ངོས་སྐལ་གྱི་སྒྲིབ་པ་ལས་མ་གྲོལ་ལ། རྣམ་ཐར་གྱི་དུས་སུ་གྲོལ་ཟིན་པས། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ལྟ་བུའི་ཁྱད་པར་ཡོད་པར་གསུངས་སོ། །གཉིས་པ་ནི། འགོག་སྙོམས་ལ་ངོ་བོ་ཉིད་མེད་པར་སྨྲ་བ་དང༌། རྣམ་རིག་པའི་འདོད་ཚུལ། གཞུང་གི་དགོངས་པ་དཔྱད་པའོ། །དང་པོ་ལ་ངོ་བོ་ནི། ཟག་མེད་ཀྱི་ལམ་གྱིས་སྤྲོས་པ་ཅི་རིགས་པ་བཀག་པའི་བདག་མེད་ལ་སྙོམས་པར་འཇུག་པའི་ཡེ་ཤེས་སོ། །དགག་བྱ་ནི་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་དགག་བྱ་གཉིས་ལས། དང་པོ་ནི། ཚོར་བ་གསུམ་དང༌། བདག་ཏུ་འཛིན་པའི་འདུ་ཤེས་སོ། །གཉིས་པ་ནི། དམན་པའི་ཡིད་བྱེད་དང༌། ཚན་མར་འཛིན་པའི་སྤྲོས་པའི་ཚོགས་ཏེ། འདི་ནི་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་བཤད་དོ། །དབྱེ་བ་ལ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་དང༌། ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་གཉིས་ལས། དང་པོ་ནི། ཐུན་མོང་བ་སྟེ། ཉན་ཐོས་ལ་ཡང་ཡོད་པའི་ཕྱིར། གཉིས་པ་ནི། ཐུན་མོང་མ་ཡིན་པ་སྟེ། ཐེག་ཆེན་འཕགས་པ་ཁོ་ན་ལ་ཡོད་པའི་ཕྱིར། དེ་ལ་དང་པོས་ནི། ཉོན་མོངས་པའི་རྒྱུར་གྱུར་པའི་ཚོར་བ་འགོག་གོ །ཟག་མེད་ཀྱི་ཚོར་འདུ་ནི་མི་འགོག་སྟེ། འཕགས་པའི་མཉམ་བཞག་ཡིན་པའི་ཕྱིར། གཉིས་པས་ནི། ཐུན་མོང་མ་ཡིན་པའི་དགག་བྱ་རྣམས་འགོག་གོ །གནས་སྐབས་གང་དུ་ཐོབ་པ་ནི། སྙོམས་འཇུག་དང་པོ་ནི། ཉན་རང་གི་སྒོམ་ལམ་ནས་ཐོབ་ལ། བྱང་སེམས་ཀྱིས་ས་དང་པོར་ཐོབ་བོ། །སྙོམས་འཇུག་གཉིས་པ་ནི། ས་དྲུག་པ་ནས་འཐོབ་སྟེ། དེར་མཚན་མར་འཛིན་པ་འགོག་པའི་ནུས་པ་ཐོབ་པའི་ཕྱིར། སྔ་རོལ་དུ་མ་ཐོབ་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལྷག་པར་གྱུར་པ་མེད་པའི་ཕྱིར། བདུན་པ་ནས་ཐབས་ཀྱི་ཕར་ཕྱིན་ཐོབ་པས་ཇི་ལྟར་འདོད་པ་བཞིན་འཇུག་ནུས་ཞིང༌། བརྒྱད་པ་ནས་མངོན་དུ་འགྱུར་ཏེ། མཚན་མར་འཛིན་པའི་སྤྲོས་པ་འགགས་པའི་ཆོས་ཉིད་ལ་རྩོལ་མེད་དུ་འཇོག་པའི་ཕྱིར། གཉིས་པ་རྣམ་རིག་པའི་འདོད་ཚུལ་ནི། གང་ཟག་གང་གིས། ཁམས་གང་དུ་འཇུག་པ་དང༌། ཡིད་ལ་བྱེད་པ་དང༌། རྣམ་པ་ཅི་འདྲ་བས་འཇུག་པ་དང༌། འཇུག་བྱ་སྙོམས་འཇུག་གི་རྣམ་བཞག་གོ །དང་པོ་ལ། གང་ཟག་ལ། ཉན་ཐོས་སློབ་པ་ཕྱིར་མི་འོང༌། ལུས་མངོན་བྱེད་དང༌། མི་སློབ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་གཉིས་ཀྱིས་ནུས་ཏེ། ལྷག་མཐོང་ཁྱད་པར་ཅན་འཇིག་རྟེན་ལས་འདས་པའི་ལམ་དང༌། ཞི་གནས་ཁྱད་པར་ཅན་སྲིད་རྩེའི་སེམས་ཐོབ་པའི་ཕྱིར། གཞན་གྱིས་ནི་མི་ནུས་ཏེ། སོ་སྐྱེ་འགའ་ཞིག་ལ་སྲིད་རྩེའི་སེམས་ཐོབ་པ་ཡོད་ཀྱང་འདས་ལམ་མ་ཐོབ་ཅིང༌། འཕགས་པ་གཞན་ལ་འདས་ལམ་ཡོད་ཀྱང་སྲིད་རྩེའི་སེམས་མ་ཐོབ་པའི་ཕྱིར། བྱང་སེམས་ནི་མཐོང་ལམ་ནས་འཇུག་ནུས་ཅིང༌། སངས་རྒྱས་ནི་གཞན་ངོར་འཇུག་པར་སྣང་བ་ཙམ་མོ། །ཁམས་གང་དུ་འཇུག་པ་ནི། རང་རྒྱལ་འདོད་པའི་རྟེན་ཅན་ཁོ་ན་ཡིན་ལ། བྱང་སེམས་འཕགས་པ་ཡང༌། འདོད་གཟུགས་ཀྱི་རྟེན་ཅན་དུ་ངེས་པས་ཁམས་འོག་མ་གཉིས་ཁོ་ནར་འཇུག་གོ །ཉན་ཐོས་རྣམས་ཀྱང་འོག་མ་གཉིས་སུ་འཇུག་གི་གཟུགས་མེད་ཀྱི་རྟེན་ལ་མ་ཡིན་ཏེ། ཚོར་འདུ་རགས་པ་ཞི་བའི་དོན་དུ་འཇུག་ཅིང༌། གཟུགས་མེད་དུ་སྐྱེས་པ་ནི། ཚོར་འདུ་རགས་པས་སྐྱོ་བ་མེད་པས་དེ་ཞི་བའི་དོན་དུ་རྩོལ་བ་མེད་པའི་ཕྱིར་རོ། །འདོད་པ་ལ་ཡང་མིའི་རྟེན་ཅན་ཁོ་ན་ཡིན་ཏེ། མིའི་རྟེན་ལ་ཚོར་འདུ་རགས་པས་སྐྱོ་བ་སྐྱེ་སླ་བའི་ཕྱིར་རོ། །གལ་ཏེ་གཟུགས་ཀྱི་རྟེན་ཅན་མི་འཐད་དེ། འདི་ནི་དང་པོར་མིའི་རྟེན་ལ་སྒྲུབ་དགོས་ལ། མིའི་རྟེན་ལ་འགོག་སྙོམས་ཐོབ་པ་གཟུགས་སུ་སྐྱེ་མི་སྲིད་པའི་ཕྱིར་ཏེ། སྲིད་རྩེའི་སེམས་ཐོབ་པས་གཟུགས་ལ་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་རོ་ཞེ་ན། འཇིག་རྟེན་པའི་སྒོམ་ལམ་གྱིས་གཟུགས་མེད་དང་པོ་གསུམ་ལས་འདོད་ཆགས་དང་བྲལ་བ་འགའ་ཞིག་ཏུ་སྲིད་རྩེའི་སེམས་ལ་རྟེན་ནས་འགོག་པ་ལ་སྙོམས་པར་ཞུགས་པར་གཟུགས་མེད་ཀྱི་སེམས་ལས་ཉམས་ནས་དེར་སྐྱེ་བ་སྲིད་པའི་དབང་དུ་བྱས་པ་ཡིན་ནོ། །འོ་ན་འཕགས་པའི་སྤངས་རྟོགས་ལྡོག་སྲིད་པར་འགྱུར་རོ་ཞེ་ན། ཟག་མེད་ཀྱི་ལམ་གྱིས་ས་བོན་རྩད་ནས་འབྱིན་པས་དེའི་སྤངས་རྟོགས་ལྡོག་མི་སྲིད་པ་ཡིན་གྱི། ཞི་རགས་ཀྱི་རྣམ་པ་ཅན་གྱི་སྤངས་རྟོགས་ནི་ལྡོག་སྲིད་པས་ཉེས་པ་མེད་དོ། །རྒྱལ་སྲས་ལས་མུ་བཞི་ལན་མཛད་དེ། འདི་ལྟར་གཟུགས་ལ་འདོད་ཆགས་དང་བྲལ་ལ་གཟུགས་མེད་ལ་སྙོམས་པར་འཇུག་མི་ནུས་པ་ཡང་ཡོད་དེ། མི་ལྕོགས་པ་མེད་པ་ལ་བརྟེན་ནས་གཟུགས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་དང་དགྲ་བཅོམ་པ་ལྟ་བུ་སྟེ། བསམ་གཏན་དང་པོའི་དངོས་གཞི་ཙམ་ཡང་མངོན་དུ་མ་གྱུར་པའི་ཕྱིར། གཟུགས་ལ་འདོད་ཆགས་དང་མ་བྲལ་བར་གཟུགས་མེད་ལ་སྙོམས་པར་འཇུག་ནུས་པ་ནི་བསམ་གཏན་བཞི་པ་ཐོབ་པའི་འཕགས་པ་གཟུགས་མེད་པའི་སྐྱེ་བ་དོན་དུ་མི་གཉེར་བས། སྤོང་ལམ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་ཏེ། གཟུགས་མེད་ཀྱི་རྣམ་ཐར་ལ་སྙོམས་པར་འཇུག་པའོ། །གཉིས་ཀ་ཡིན་པ་ནི་དེ་ཉིད་འདོད་ཆགས་དང་བྲལ་བ་དོན་དུ་གཉེར་ཞིང་སྤོང་བའི་ལམ་ལ་གནས་ཏེ། གཟུགས་མེད་ཀྱི་རྣམ་ཐར་ལ་སྙོམས་པར་འཇུག་པའོ། །གཉིས་ཀ་མ་ཡིན་པ་ནི་དེ་དག་མ་གཏོགས་པའོ། །གཟུགས་སུ་འགོག་སྙོམས་མངོན་དུ་བྱེད་པ་ནི་མུ་གཉིས་པའི་དབང་དུ་བྱས་པར་འདོད་དོ། །འོག་མ་ལ་འདོད་ཆགས་དང་མ་བྲལ་བར་གོང་མ་ཐོབ་པར་འདོད་པ་ལ་ནི། མཐར་གནས་ཀྱི་སྙོམས་འཇུག་མ་ཡིན་པར་ཐལ་བའི་ཉེས་པ་གནས་སོ། །གཏན་ལ་དབབ་པ་བསྡུ་བ་ལས། ཀུན་གཞི་རྣམ་པར་བཞག་ན་མངོན་དུ་བྱེད་པ་ཀུན་དུ་འགྲོ་བར་ལྟའོ་ཞེས་པའི་དོན་ནི་མངོན་དུ་བྱེད་ནུས་པར་སྟོན་གྱི་འཇུག་པར་སྟོན་པ་ནི་མ་ཡིན་པས་འགལ་བ་མེད་པར་རིག་པར་བྱའོ། །གཞན་དག་གིས་ནི་ཁྱད་པར་འདི་ཁོང་དུ་མ་ཆུད་དོ། །ཡིད་ལ་བྱེད་པ་ནི། ཉན་རང་ནི་ཚོར་འདུ་རགས་པ་ཉེ་བར་ཞི་བའི་ཡིད་ལ་བྱེད་བ་དང་བྱང་སེམས་གཞན་དོན་དུ་ཤེས་པར་བྱ་བའི་ཡིད་ལ་བྱེད་པས་འཇུག་གོ །རྣམ་པ་གང་གིས་འཇུག་པ་ནི། ཚོར་བ་དང་འདུ་ཤེས་རྣམས་ནད་དང་འབྲས་དང་ཟུག་རྔུའི་རྣམ་པར་བལྟས་ནས་སུན་འབྱིན་པའི་རྣམ་པས་འཇུག་གོ །འཇུག་བྱ་སྙོམས་འཇུག་གི་རྣམ་བཞག་ལ། ངོ་བོ་ནི་ཚོར་འདུ་རགས་པ་སུན་འབྱིད་པའི་སྲིད་རྩེའི་ཏིང་ངེ་འཛིན་གྱིས་སྙོམས་པར་འཇུག་པ་པོའི་རྒྱུད་ཀྱི་རྣམ་ཤེས་ཚོགས་བདུན་འཁོར་བཅས་རེ་ཤིག་སྐྱེ་བ་དང་མི་མཐུན་པར་བྱས་པའི་ཀུན་གཞིའི་གནས་སྐབས་ལ་བཏགས་པའི་ལྡན་མིན་འདུ་བྱེད་དོ། །དེ་གང་ལ་བརྟེན་ནས་ཐོབ་ཅེ་ན། འཇིག་རྟེན་ལས་འདས་པའི་ལམ་སྔོན་དུ་སོང་བ་དགོས་ཏེ། བདག་མེད་རྟོགས་པའི་ཤེས་རབ་དང་མི་ལྡན་ན་བདག་ཆད་ཀྱི་དོགས་པའི་འཇིགས་པ་དང་བཅས་པས་ཉོན་ཡིད་དགག་མི་ནུས་ཤིང༌། དེ་མ་བཀག་ན་འཕགས་པའི་གནས་པ་མཆོག་ཏུ་མི་འགྱུར་བའི་ཕྱིར། སྲིད་རྩེའི་སེམས་ལ་ཡང་རྟེན་དགོས་ཏེ། འདི་ལ་ཚོར་འདུ་རགས་པ་འགོག་དགོས་ལ། དེའི་སེམས་ཀྱི་རྒྱུ་བ་མི་གསལ་བས་དེ་ལ་རྟེན་ནས་ཚོར་འདུའི་རྒྱུན་གཅོད་སླ་བའི་ཕྱིར་རོ། །ས་གཞན་ལ་ཡང་མ་ཡིན་ཏེ། སེམས་ཀྱི་རྒྱུ་བ་རགས་པས་རྒྱུན་གཅོད་དཀའ་བའི་ཕྱིར། ཀུན་གཞིའི་འཁོར་དུ་གྱུར་པ་མི་འགོག་པའི་ཕྱིར་རགས་པ་ཞེས་སྨོས་སོ། །ཅིའི་ཕྱིར་ཀུན་གཞིའི་འཁོར་མི་འགོག་ཅེ་ན། སྐྱོ་བ་སྐྱེ་བའི་རྒྱུ་བདེ་སྡུག་གི་འགྱུར་བ་མི་བསྐྱེད་པའི་ཕྱིར་རོ། །ལྷག་མཐོང་ཁྱད་པར་ཅན་འཇིག་རྟེན་ལས་འདས་པ་དང་ཞི་གནས་ཁྱད་པར་ཅན་སྲིད་རྩེ་ལ་བརྟེན་པའི་ཕྱིར་རོ། །མདོ་ལས་འགོག་པ་པ་ལ་སྙོམས་པར་འཇུག་པ་ནི་ཆོས་གཉིས་གཅེས་སྤྲས་སུ་བྱེད་དེ། གཉིས་གང་ཞེ་ན། ཞི་གནས་དང་ལྷག་མཐོང་ངོ༌། །སྙོམས་པར་འཇུག་པའི་ཡུན་ཚད་ནི། ཉན་རང་གི་བློའི་འཕན་པས་ཇི་སྲིད་འཕངས་པ་དེ་སྲིད་དུ་འཇུག་གོ །གཞན་དག་བྱང་སེམས་ནི་ཡུན་རིང་དུ་སྙོམས་པར་འཇུག་ཏེ། སྙིང་རྗེ་པད་དཀར་ལས། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག་པའི་སེམས་ཀྱིས་བར་གྱི་སྐལ་པ་བཅུ་ཡང་འདའ་བར་བྱེད་དེ་ཞེས་འབྱུང་བས་སོ་ཞེས་སོ། །མི་རིགས་ཏེ། བྱང་སེམས་ནི་རང་གིས་ཤེས་ནས་གཞན་ལ་བསྟན་པའི་ཆེད་ཡིན་ལ། དེ་ཡང་ཡུན་ཅུང་ཟད་ཀྱིས་འགྲུབ་ཅིང༌། ཞི་བ་དོན་དུ་མི་གཉེར་བའི་ཕྱིར་རོ། །ཡུན་རིང་དུ་སྙོམས་པར་འཇུག་ན་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཡང་འགོག་དགོས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དམན་པར་ཡང་འགྱུར་རོ། །མདོ་སྡེ་ཉི་མའི་སྙིང་པོ་ལས། བཞག་བདུན་ལས་ལྷག་པར་མི་འཇུག་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དོར་བར་འགྱུར་བས་སོ། །ཞེས་གསུངས་སོ། །ལུང་སྔ་མ་ནི་ནུས་པ་ཡོད་པ་ཙམ་ལ་དགོངས་སོ། །ཅི་སྟེ་གཞན་དོན་དོར་བར་མི་འགྱུར་ཏེ། འགོག་པ་ལ་སྙོམས་པར་འཇུག་པ་དེ་ཉིད་གཞན་དོན་ཡིན་པའི་ཕྱིར་ཞེ་ན། འོ་ན་ས་བརྒྱད་པར་ཡུན་རིང་དུ་སྙོམས་པར་ཞུགས་ཀྱང་གཞན་དོན་དོར་བར་མི་འགྱུར་ཏེ། དེ་ཉིད་གཞན་དོན་ཡིན་པའི་ཕྱིར་རོ། །འདོད་ན་ས་བཅུ་པ་ལས། ས་བརྒྱད་པར་མཚན་མེད་ཀྱི་དབྱིངས་ལ་ཡུན་རིང་དུ་སྙོམས་པར་ཞུགས་ན་མྱུར་དུ་མྱ་ངན་ལ་འདས་བར་འགྱུར་བས་སངས་རྒྱས་རྣམས་ཀྱིས་འགོག་པ་ལས་བསླང་བར་བཤད་པ་དང་འགལ་ལོ། །འདིར་བཤད་པ་ནི་དབུ་མ་དང་མཐུན་ཏེ། སྒོམ་ལམ་རྩེ་སྦྱོར་དུ་གསུངས་པའི་ཕྱིར་དང༌། ཟག་མེད་ཀྱི་ཡེ་ཤེས་ཀྱི་སྡེ་ཚན་གྱི་སྐབས་སུ་ཡང་ཡེ་ཤེས་སུ་གསུངས་པའི་ཕྱིར་རོ། །ཐོགས་མེད་ཀྱིས་བཤད་པའི་འགོག་སྙོམས་ལ་ནི་སངས་རྒྱས་མི་འཇུག་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུན་མི་འཆད་དུ་ལྡན་པའི་ཕྱིར། དེས་ན་སྨོན་ལམ་གྱི་དབང་གིས་གཞན་ངོར་འཇུག་པ་སྣང་བ་ཙམ་ཡིན་ནོ། །བྱང་སེམས་ཀྱིས་ཀྱང་སྔར་བཤད་པ་ལྟར། གཞན་ལ་བསྟན་པའི་ཆེད་དུ་འཇུག་པ་སྲིད་པ་ཙམ་ཡིན་གྱི་གཙོ་བོར་བྱེད་པ་མི་སྲིད་དོ། །ལྔ་པ་སྤོང་བའི་ལམ་ལ། ཡུལ་བདེན་པ་བཞིས་བསྡུས་པ་ངོ་བོ་ཀུན་ནས་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་ཅན་བཟོད་པ་བཞི་ཆོས་ཅན་སྤོང་བའི་ལམ་ཡིན་ཏེ། བར་ཆད་མེད་པའི་ལམ་གྱི་རྣམ་པ་ཡིན་པའི་ཕྱིར། དྲུག་པ་ནི། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་སངས་རྒྱས་ཉིད་ཀྱི་ལམ་ཡིན་ཏེ། རྫོགས་པའི་བྱང་ཆུབ་དུ་བགྲོད་པའི་ཐབས་མ་ལུས་བ་སྡུད་པའི་རྟོགས་པ་ཡིན་པའི་ཕྱིར། བྱང་ཕྱོགས་སོ་བདུན་དང༌། རྣམ་ཐར་སྒོ་གསུམ་སོགས་ཉན་ཐོས་བྱང་སེམས་གཉིས་ཀ་ལ་ཡོད་པ་མ་ཡིན་ནམ། ཇི་ལྟར་ཉན་ཐོས་དང་བྱང་སེམས་གཉིས་པོ་སོ་སོ་ལ་རྣམ་པར་བཞག་ཅེ་ན། བྱང་ཆུབ་ཕྱོགས་མཐུན་རྣམས་ནི་གཙོ་བོར་ཉོན་མོངས་ཀྱི་གཉེན་པོའི་རིགས་ཡིན་པས། ཉན་ཐོས་ལ་བཞག་ལ། རྣམ་ཐར་སྒོ་གསུམ་སོགས་ནི་གཙོ་བོར་གཞན་དོན་བསྒྲུབ་པའི་ཐབས་ཡིན་པས་བྱང་སེམས་ཀྱི་རྟོགས་པར་བཤད་པ་ཡིན་ནོ། །སྔར་གྱི་གཞི་ཤེས་དང༌། ལམ་ཤེས་ཀྱི་རྣམ་པ་དང༌། འདིར་བསྟན་པའི་གཞི་ཤེས་དང་ལམ་ཤེས་ཀྱི་རྣམ་པ་རྣམས་ཟློས་སོ་ཞེ་ན། སྔར་ནི་བདེན་པ་བཞི་ཆར་གྱི་རྣམ་པ་ཡིན་ལ། རྣམ་མཁྱེན་གྱི་རྣམ་པའི་སྐབས་འདིར་ནི་ལམ་བདེན་ཁོ་ནའི་རྣམ་པ་ཡིན་པས་སྐྱོན་མེད་དོ། །གྲངས་ཀྱི་སྒོ་ནས་བསྡུ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ལམ་ཤེས་པ་ཉིད་ཀྱི་རྟེན་ཅན་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་ནི་སུམ་ཅུ་རྩ་བཞི་ཡིན་ཏེ། གཉེན་པོའི་ལམ་ལ་སོགས་པ་དྲུག་ལས་ཕྱེ་བའི་རྣམ་པ་སོ་བཞི་ཡོད་པ་དེ་ལྟར་ནའོ། །གསུམ་པ་ཐུན་མོང་མ་ཡིན་པའི་རྣམ་པ་ལ་གསུམ་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། སྟོབས་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི། འཕགས་པ་གཞན་དང་ཐུན་མོང་མ་ཡིན་པའི་ལམ་གཅིག་པུ་ཁོ་ན་ཡིན་ཏེ། ས་བཅུ་པ་མན་ཆད་ལས་རྟོགས་རིགས་ཤིན་དུ་ཕུལ་དུ་བྱུང་བའི་མཁྱེན་པ་ཡིན་པའི་ཕྱིར། ཅི་སྟེ་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པ་འཕགས་པ་གཞན་གྱི་རྒྱུད་ལ་མེད་པས་ཐུན་མོང་མ་ཡིན་པར་འཇོག་ན། གཞི་ཤེས་དང་ལམ་ཤེས་ཀྱི་རྣམ་པའང་ཐུན་མོང་མ་ཡིན་པར་འགྱུར་ལ། ཆོས་ཀྱི་ངོ་བོའི་དབང་དུ་བྱས་ན། སོ་སོ་ཡང་དག་རིག་བཞི་ཡང་ཐུན་མོང་མ་ཡིན་པར་མི་འགྱུར་ཏེ། བྱང་སེམས་ལ་ཡོད་པས་སོ་ཞེ་ན། འདྲི་བ་ཀུན་ལན་འདེབས་པ་མ་ཐོབ་པར་སོ་སོ་ཡང་དག་རིག་པ་མི་ཐོབ་པས་བྱང་སེམས་ལ་ཡོད་པ་རྗེས་མཐུན་པ་ཙམ་མོ། །མཁྱེན་པ་སྔ་མ་གཉིས་ནི་ཉན་ཐོས་དང་བྱང་སེམས་ལའང་མཚན་ཉིད་པ་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རྟེན་པ་ཡོན་ཏན་དབྱེ་བ། རྟེན་ཡེ་ཤེས་ཀྱི་རང་བཞིན། དང་པོ་ལ་བཞི་སྟེ། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། མ་འདྲེས་པའི་ཡོན་ཏན་ནོ། །དང་པོ་སྟོབས་ལ་བཅུ་ཡོད་པ་དེ་ལ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི། རྒྱུ་འབྲས་ཀྱི་རབ་དབྱེ་མ་ལུས་པ་མཁྱེན་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ནི། ཟག་བཅས་ཀྱི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་མ་ལུས་པ་མཁྱེན་པ་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ནི། སེམས་ཅན་རྣམས་ཀྱི་བསམ་སྦྱོར་འཇུག་པའི་ཚུལ་མ་ལུས་པ་མཁྱེན་པ་དང༌། འཇིག་རྟེན་གྱི་ཁམས་མ་ལུས་པ་མཁྱེན་པའི་སྟོབས་ནི། འཇིག་རྟེན་གྱི་འཇིག་ཆགས་དང་རིགས་ལ་སོགས་པ་མ་ལུས་པ་མཁྱེན་པ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ནི། དབང་པོ་རྣོ་རྟུལ་སོགས་ཀྱི་རབ་དབྱེ་མ་ལུས་པ་མཁྱེན་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི། བྱང་ཆུབ་གསུམ་དུ་བགྲོད་པའི་ལམ་མ་ལུས་པ་མཁྱེན་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་ནི། བསམ་གཏན་དང་སྙོམས་འཇུག་གི་རབ་དབྱེ་མ་ལུས་པ་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ནི། ཚེ་རབས་སྔ་མ་རྣམས་ཀྱི་གནས་ཚུལ་མ་ལུས་པར་མཁྱེན་པ་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི། སེམས་ཅན་ཐམས་ཅད་ཀྱི་སྐྱེ་འཆིའི་ཚུལ་མ་ལུས་པ་མཁྱེན་པ་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི། ཟག་པ་ཟད་པའི་ངོ་བོ་དང་ཐབས་མ་ལུས་པ་མཁྱེན་པའོ། །དེ་ལ། སྟོབས་དང་པོ་གཉིས་ཀྱི་ནི། མངོན་པར་མཐོ་བའི་ལམ་སྟོན་ཏེ། རྒྱུ་ལ་ལོག་པར་སྨྲ་བ་དང་རྣམ་སྨིན་ལ་ལོག་པར་སྨྲ་བ་བསལ་ནས་བདེ་འགྲོའི་ལམ་སྟོན་པའི་ཕྱིར་རོ། །ལྷག་མ་རྣམས་ཀྱིས་ནི། ངེས་པར་ལེགས་པའི་ལམ་སྟོན་ཏེ། གདུལ་བྱའི་ཁམས་དང་བག་ལ་ཉལ་དང་བསམ་པ་དང༌། རྗེས་སུ་མཐུན་པར་ཐར་པའི་ལམ་སྟོན་པར་མཛད་པའི་ཕྱིར་རོ། །གཉིས་པ་མི་འཇིགས་པའི་རྣམ་པ་ལ་བཞི་སྟེ། རང་དོན་རྟོགས་པ་དང་སྤངས་པའི་དམ་བཅའ་གཉིས། གཞན་དོན་སྤང་བྱ་དང་ལམ་དམ་བཅས་པ་གཉིས་སོ། །དང་པོ་ནི། འཁོར་གྱི་དབུས་སུ་ང་ནི་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེས་པ་ལ་རྒོལ་བ་པོ་མེད་པའོ། །གཉིས་པ་ནི། བདག་ཉིད་ཀྱི་ཟག་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་དང༌། གསུམ་པ་ནི། གཞན་ལ་འདོད་ཆགས་ལ་སོགས་པ་ཐར་པ་ལ་བར་དུ་གཅོད་པ། ཤེས་སྒྲིབ་ཐམས་ཅད་མཁྱེན་པ་ལ་བར་ཆད་བྱེད་པ་ཉིད་དུ་བརྗོད་པ་དང༌། བཞི་པ་ནི། གཞན་ལ་ཐམས་ཅད་ཤེས་པ་ཉིད་ལ་སོགས་པའི་ལམ་བྱང་ཆུབ་ཏུ་ངེས་པར་འབྱུང་བ་ཉིད་དུ་རབ་ཏུ་སྟོན་པ་ལ་རྒོལ་བ་པོ་མེད་པའོ། །བྱེད་ལས་ནི། རང་དོན་གྱི་དམ་བཅའ་གཉིས་ཀྱིས་ནི་རིམ་པ་ལྟར། ཤེས་བྱ་སྡུག་བསྔལ་གྱི་བདེན་པ་རང་གིས་ཤེས་ཤིང་གཞན་གྱིས་ཤེས་པར་མཛད་པ་དང༌། སྒྲིབ་གཉིས་ཟད་པའི་འགོག་བདེན་ཐོབ་ཅིང་ཐོབ་པར་མཛད་པ་དང༌། གཞན་དོན་གྱི་དམ་བཅའ་གཉིས་ཀྱིས་ཀྱང་རིམ་པ་ལྟར་བར་ཆད་ཀྱི་ཆོས་ཀུན་འབྱུང་སྤོང་ཞིང་སྤོང་བར་མཛད་པ་དང༌། ངེས་པར་འབྱུང་བའི་ལམ་བསྟེན་ཅིང་བསྟེན་པར་མཛད་པ་ཡིན་ནོ། །གསུམ་པ་སོ་སོ་ཡང་དག་རིག་བཞི་ལ། བཤད་བྱ་མཁྱེན་པ་གཉིས་ནི། ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་སྟེ། གོ་རིམ་བཞིན་དུ། དམིགས་ཡུལ་ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་དང༌། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་འདྲེས་པར་མཁྱེན་པའོ། །འཆད་བྱེད་མཁྱེན་པ་གཉིས་ནི། ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། ཡུལ་སོ་སོའི་སྐད་དང༌། རྫས་ཡོད་བཏགས་ཡོད་སོགས་ཀྱི་ཆོས་ཀྱི་རབ་ཏུ་དབྱེ་བ་ཐོགས་མེད་དུ་མཁྱེན་པའོ། །བཞི་པ་མ་འདྲེས་པའི་ཡོན་ཏན་ལ། སྤྱོད་པ་མ་འདྲེས་པ་ནི། སྐུ་ལ་འཁྲུལ་པ་དང༌། གསུང་ལ་ཅ་ཅོ་དང༌། ཐུགས་ལ་དྲན་པ་ཉམས་པ་དང༌། ཐུགས་མཉམ་པར་མ་བཞག་པ་དང༌། འཁོར་འདས་ལ་ཐ་དད་པ་ཉིད་དུ་བཟུང་ནས་བླང་དོར་གྱི་འདུ་ཤེས་དང༌། སོ་སོར་མ་བརྟགས་པར་གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བའོ། །རྟོགས་པ་མ་འདྲེས་པ་ནི། ཆོས་སྟོན་པའི་འདུན་པ་དང༌། གདུལ་བྱའི་བྱ་བ་བསྒྲུབ་པའི་བརྩོན་འགྲུས་དང༌། མི་བརྗེད་པའི་དྲན་པ་དང༌། ཆོས་ཉིད་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དང༌། བདག་མེད་རྟོགས་པའི་ཤེས་རབ་དང༌། སྤང་བྱ་ཐམས་ཅད་ལས་རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བའོ། །དེ་ལ་དང་པོ་ནི་རྒྱུ། བར་པ་བཞི་ནི་དབང་པོ། ཐ་མ་ནི་འབྲས་བུའོ། །ཕྲིན་ལས་མ་འདྲེས་པ་གསུམ་ནི། སྐུ་གསུང་ཐུགས་ཀྱི་ཕྲིན་ལས། རྒྱུའི་ཀུན་སློང་ཡེ་ཤེས་སྔོན་དུ་འགྲོ་ཞིང༌། དུས་ཀྱི་ཀུན་སློང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ལས་སོ། །རྒྱུ་དང་དུས་ཀྱི་ཀུན་སློང་གི་ཁྱད་པར་ནི། མཛོད་ལས། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེའི་དུས་ཀྱི་སློང་ཞེས་བྱ། །ཞེས་གསུངས་པ་ལྟར་རོ། །ཡེ་ཤེས་མ་འདྲེས་པ་གསུམ་ནི། འདས་པ་ལ་མ་ཆགས་མ་ཐོགས་པ་དང༌། མ་འོངས་པ་ལ་མ་ཆགས་མ་ཐོགས་པ་དང༌། ད་ལྟར་བྱུང་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་སོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པས་ན་མ་ཆགས། ཤེས་བྱའི་སྒྲིབ་པ་སྤངས་པས་ན་མ་ཐོགས་པའོ། །དོན་བསྡུ་བ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅོ་བརྒྱད་དེ། སྤྱོད་པ་མ་འདྲེས་པ་སོགས་ཇི་སྐད་བཤད་པ་རྣམས་ཡོད་པ་དེ་ལྟར་ནའོ། །གཉིས་པ་རྟེན་ཡེ་ཤེས་ཀྱི་དབྱེ་བ་ལ་གསུམ་ལས། དེ་བཞིན་ཉིད་ཀྱི་རྣམ་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་སོ། །ཅིའི་ཕྱིར། དེ་བཞིན་ཉིད་ལ་སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་ཞེས་སྨོས་ཤེ་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཞན་དོན་དུ་དེ་བཞིན་ཉིད་སྟོན་པར་མཚུངས་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱི་རྣམ་པ་དེ་བཞིན་ཉིད་ལ་འདོད་པས་ནི་མདོར་བསྟན་དུ་ཐུན་མོང་མ་ཡིན་པའི་ལམ་དུ་གསུངས་པ་མ་རྟོགས་སོ། །རང་བྱུང་གི་རྣམ་པ་ནི། སློབ་དཔོན་གཞན་ལ་རག་མ་ལས་པར་གཟུགས་སོགས་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་ཡེ་ཤེས་སོ། །མདོ་ལས། ང་ནི་ཉེར་འགྲོ་སངས་རྒྱས་ཏེ། །ང་ལ་སློབ་དཔོན་སུ་ཡང་མེད། །ཅེས་སོ། །སངས་རྒྱས་ཉིད་ཀྱི་རྣམ་པ་ནི། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་སོ། །དེ་ལ་དང་པོ་ལ་ནི། ཇི་ལྟ་བ་མཁྱེན་པ་དང༌། གཉིས་པ་ནི་ཇི་སྙེད་པ་མཁྱེན་པ་དང༌། གསུམ་པ་ནི་སོ་སོར་མ་ཕྱེ་བར་ཐུན་མོང་ངོ༌། །དོན་བསྡུ་བ་ནི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ནི། སུམ་ཅུ་རྩ་དགུ་ཡིན་ཏེ། སྟོབས་བཅུ་ནས་སངས་རྒྱས་ཀྱི་རྣམ་པའི་བར་རྣམས་ཡོད་པ་དེ་ལྟར་ནའོ། །གསུམ་པ་དོན་བསྡུ་བ་ལ། ངོ་བོའི་སྒོ་ནས་སོ་སོའི་དོན་བསྡུ། གྲངས་ཀྱི་སྒོ་ནས་ཐུན་མོང་གི་དོན་བསྡུ་བའོ། །དང་པོ་ནི་མཁྱེན་པ་གསུམ་ཡོད་པ་དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉེར་བདུན་ནི། ཉན་ཐོས་ལ་སོགས་པའི་རྒྱུད་ལ་ཡོད་པའི་བྱེ་བྲག་གིས་གོ་རིམ་བཞིན་དུ་ཟག་པ་མེད་པ་ཡིན་ཏེ། མཉམ་བཞག་དུ་སྒོམ་པར་བྱ་བའི་རྣམ་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ་ནི། ཟག་པ་དང་བཅས་པ་ཡིན་ཏེ། གཞན་དོན་དུ་རྗེས་ཐོབ་ཏུ་ཤེས་པར་བྱ་བའི་རྣམ་པ་ཡིན་པའི་ཕྱིར། འདི་ནི་རྗེས་ཐོབ་ཟག་བཅས་སུ་འདོད་པའི་དབང་དུ་བྱས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ནི། ཟག་པ་དང་བཅས་པ་ཁོ་ན་ཡིན་ཏེ། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར་རོ། །འདིར་ཟག་པ་ཡོད་མེད་ཀྱི་དོན་ལ། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་གཞི་ཤེས་ཀྱི་རྣམ་པ་ནི། རྗེས་ཐོབ་ཀྱིས་བསྡུས་པས་ཟག་བཅས་དང༌། ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ་མཉམ་བཞག་གིས་བསྡུས་པས་ཟག་མེད་དུ་བཤད་ལ། བྱང་སེམས་ཀྱི་ལམ་ཤེས་ཀྱི་རྣམ་པ་ཟག་བཅས་སུ་བཤད་པའི་གཏན་ཚིགས་བཀོད་ཟིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་བརྒྱ་དང་བཅུ་ནི་ཟག་པ་མེད་པ་ཁོ་ན་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་པས། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཕྱིར་རོ། །ཁ་ཅིག་དོན་བསྡུ་དང་པོ་གཉིས། ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་གཉིས་ཀྱི་དོན་བསྡུར་འཆད་པས་ནི། ལམ་གྱི་རྣམ་པ་ནི་ཞེས་པས། རྣམ་མཁྱེན་གྱི་རྣམ་པ་ཐམས་ཅད་ལམ་གྱི་རྣམ་པ་ཡིན་པར་དམིགས་ཀྱི་བཀར་ནས་གསུངས་ལ། སྔར་བཤད་པའི་གཞི་ཤེས་དང་ལམ་ཤེས་གཉིས་ཀྱི་རྣམ་པ་ནི་བདེན་པ་བཞི་ཆར་གྱི་རྣམ་པ་ཡིན་པས་དམིགས་བསལ་མ་མཛད་པའི་དོན་ཁོང་དུ་མ་ཆུད་པར་ཟད་དོ། །གཉིས་པ་ནི། རྣམ་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཡོད་དོ། །གཉིས་པ་སྒོམ་པ་པོའི་གང་ཟག་ལ་གསུམ་ལས་མཚམས་སྦྱར་བ་ནི། སྦྱོར་བའི་སྔོན་དུ་ཡུམ་ཉན་པ་ལ་སོགས་པའི་སྣོད་སྦྱོར་བ་པོ་བསྟན་ཏེ། སྦྱོར་བ་ཁྱད་པར་ཅན་དག་གིས་རྣམ་པ་རྣམས་བསྒོམ་དགོས་ན། སྦྱོར་བ་དེ་དག་ཀྱང་སྦྱོར་བ་པོ་བསྟན་པ་མེད་པར་ཇི་ལྟར་བསྒོམ་པའི་ཚུལ་བརྗོད་པར་མི་ནུས་པས་སོ། །གཉིས་པ་རྩ་བ་ནི། ཚིགས་སུ་བཅད་པ་དང་པོས་ཐོས་བྱུང་གི་ཉན་པའི་སྣོད་དང༌། ལྷག་མ་རྣམས་ཀྱིས་བསམ་བྱུང་གིས་མི་བརྗེད་པར་འཛིན་པ་དང༌། སྒོམ་བྱུང་གིས་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་བསྟན་ཏེ། མདོ་ནི། ཡུམ་འདི་དག་གང་གི་རྣ་ལམ་དུ་གྲག་པར་གྱུར་པ་དེ་རྣམས་ཀྱང་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པའོ། །ཞེས་སོགས་སོ། །གསུམ་པ་འགྲེལ་པ་ལ། བྱང་སེམས་ཚོགས་ལམ་པ་རྣམས་ཆོས་ཅན། གོ་རིམ་ཇི་ལྟ་བར་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གྱི་མཚན་ཉིད་ཅན་གྱི་ཡུམ་མཁྱེན་གསུམ་འདིའི་བརྗོད་བྱེད་ཀྱི་གཞུང་ཉན་པའི་སྣོད་ཉིད་ཡིན་པར་སངས་རྒྱས་ལ་སོགས་པ་བཞེད་དེ། ནང་གི་རྒྱུ་འདས་པའི་སངས་རྒྱས་འོད་སྲུངས་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་རྣམས་ལ་སྤྱིར་དགེ་བའི་རྩ་བ་བསྐྲུན་ཅིང་འཁོར་གསུམ་རྣམ་པར་དག་པས་སྦྱངས་པ་དང་ལྡན་པ་དང༌། ཕྱིའི་རྐྱེན་ཐེག་ཆེན་དགེ་བའི་བཤེས་གཉེན་དག་གིས་བྱིན་གྱིས་བརླབས་པའི་ཕྱིར། བྱང་སེམས་སྦྱོར་ལམ་པ་རྣམས་ནི་ཆོས་ཅན། ཡུམ་འདིའི་ཚིག་བློ་ལ་འཛིན་པ་དང༌། དོན་མི་བརྗེད་པར་སེམས་པ་དང༌། སྒོམ་བྱུང་གི་ཤེས་རབ་ཀྱིས་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ཉིད་ཡིན་ཏེ། ནང་གི་རྒྱུ་འདས་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ལ་ལུས་ཀྱིས་ཕྱག་དང༌། ངག་གིས་བསྟོད་པ་ལ་སོགས་པའི་བསྙེན་བཀུར་གྱིས་མཉེས་པར་བྱས་པ་དང༌། གང་ལ་ཐེ་ཚོམ་ཞུགས་པ་རྣམས་ཀྱི་དོན་ཡོངས་སུ་འདྲི་བ་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཚུལ་བཞིན་དུ་སྒྲུབ་པ་དང་ལྡན་པ་དང༌། ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་དག་གིས་བྱིན་གྱིས་བརླབས་པའི་ཕྱིར། སྣོད་བཞིར་སྨོས་པ་ནི། ཡུམ་ཐོས་བསམ་སྒོམ་གསུམ་གྱི་རིམ་པས་སྒྲུབ་དགོས་པར་ཤེས་པའི་དོན་ནོ། །ཡུལ་ཅན་སྦྱོར་བའི་དབྱེ་བ་ལ། མཚམས་སྦྱར་བ་ནི། དེ་ལྟར་སྦྱོར་བ་པོ་བསྟན་ནས། སྦྱོར་བ་རང་གི་ངོ་བོ་བསྟན་ནོ། །གཉིས་པ་རྩ་བ་ལ། རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་སྦྱོར་བ་བཅོ་ལྔ། དང་པོ་ལ་ཡུལ་གཟུང་བ་དང༌། འཛིན་པ་ལ་ཞེན་པ་བཀག་པའི་དབྱེ་བས། མི་གནས་པའི་སྦྱོར་བ་དང༌། སྤྱོད་པ་བཀག་པའི་སྦྱོར་བ་གཉིས་སོ། །གཞི་དང་ལམ་དང་རྣམ་པའི་ཆོས་ཉིད་རྟོགས་ཚུལ་གྱི་དབྱེ་བས། ཟབ་པ་དང༌། ཏིང་དཔག་དཀའ་བ་དང༌། ཚད་མེད་པའི་སྦྱོར་བ་གསུམ་མོ། །གཉིས་པ་ལ་འབྲས་བུ་ཐོབ་ཚུལ་ལས་ཚེགས་ཆེན་ཡུན་རིང་རྟོགས་པ་དང༌། ཡོན་ཏན་གྱི་དབྱེ་བ་ལས་ལུང་བསྟན་ཐོབ་པ་ནས་གཞན་དོན་གྱི་སྦྱོར་བའི་བར་བདུན། ཡུལ་ལ་སྤྲོས་པ་གཅོད་ཚུལ་གྱི་དབྱེ་བ་ལས་འཕེལ་འགྲིབ་མེད་པ་ནས། རྣམ་པར་མི་རྟོགས་པའི་བར་བཞི། ཕྲིན་ལས་ཀྱི་བྱེད་པ་ལས་ནི་འབྲས་བུ་རིན་པོ་ཆེ་སྦྱིན་པ་དང༌། རྣམ་པར་དག་པ་ནི་སྦྱོར་བ་མཐར་ཐུག་པའི་གནས་སྐབས་སོ། །ཐ་མ་ནི་ས་མཚམས་ཀྱི་སྦྱོར་བའོ། །མདོ་ནི་བྱང་སེམས་ཡུམ་ལ་སྤྱོད་པའི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ་གཟུགས་ལ་རྣལ་འབྱོར་དུ་བྱེད་དོ། །ཞེས་སོ། །ས་མཚམས་ལ་དང་པོ་ལྔ་ནི། རྒྱུན་མཐའི་བར། ཚེགས་ཆེན་ཡུན་རིངས་རྟོགས་པ་ནི་ཚོགས་ལམ། དེ་ནས་བཞི་ནི་དྲོད་སོགས་བཞི་ལ་རིམ་པ་བཞིན་དུ་ལྡན་ནོ། །བྱང་ཆུབ་ལ་ཉེ་བ་ནི། མཐོང་ལམ་ནས་སོ། །མྱུར་བར་བྱང་ཆུབ་པ་ནི་ས་གཉིས་པ་ནས་བདུན་པའི་བར་རོ། །དེ་ནས་ལྔ་ནི། ས་བརྒྱད་པ་ནས་སོ། །དེ་ནས་གཉིས་ནི། ས་དགུ་པ་དང་བཅུ་པ་ཉིད་དོ། །ས་མཚམས་ཀྱི་སྦྱོར་བ་ནི། ས་བདུན་པ་མན་ཆད་ལ་བཤད་དོ། །གསུམ་པ་འགྲེལ་པ་ལ། རང་བཞིན་གྱི་སྦྱོར་བ་ལྔ་ལ། དོན་དང་མིང་གྲངས་བཞིན་དུ་སྦྱར་བ་ནི། དེ་ཁོ་ན་ཉིད་རྟོགས་པའི་བྱང་སེམས་ཀྱི་མཉམ་བཞག་ཆོས་ཅན། གཟུགས་སོགས་པ་ལ་མི་གནས་པའི་སྦྱོར་བ་ཡིན་ཏེ། རྣམ་མཁྱེན་ཡིད་བྱེད་དང་ལྡན་པས་གཟུགས་སོགས་ལ་ཞེན་པའི་ཚུལ་གྱིས་མི་གནས་པའི་རྣལ་འབྱོར་ཡིན་པའི་ཕྱིར། ཅིའི་ཕྱིར་མི་གནས་ཞེ་ན། གཟུགས་ལ་སོགས་པ་ཆོས་ཅན། དེ་ཁོ་ནར་གནས་བྱ་མ་ཡིན་ཏེ། དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སོ། །མི་སྦྱོར་བའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་དེ་དག་ལ་ཅིར་ཡང་མི་སྦྱོར་བ་ཉིད་སྦྱོར་བར་རྟོགས་པའི་རྣལ་འབྱོར་ཡིན་པའི་ཕྱིར། གཟུགས་སོགས་ཆོས་ཅན། དེ་ཁོ་ནར་མངོན་པར་ཞེན་པས་སྦྱོར་བར་བྱ་བ་མ་ཡིན་ཏེ། ངོ་བོ་ཉིད་མེད་པ་ཉིད་ཀྱིས་སོ། །ཟབ་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་ཟབ་པར་རྟོགས་པའི་རྣལ་འབྱོར་ཡིན་པའི་ཕྱིར། གཟུགས་ལ་སོགས་པ་དེ་དག་ཆོས་ཅན། དེ་ཁོ་ནར་ཟབ་པ་ཡིན་ཏེ། དོན་དམ་པར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་སོ། །གཏིང་དཔག་དཀའ་བ་དང་ཚད་མེད་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་དེ་ཁོ་ནར་གཏིང་དཔག་དཀའ་བ་དང་ཚད་མེད་པར་རྟོགས་པའི་རྣལ་འབྱོར་ཡིན་པའི་ཕྱིར། གཟུགས་སོགས་ཆོས་ཅན། གཏིང་དཔག་དཀའ་བ་དང་ཚད་མེད་པ་ཡིན་ཏེ། དོན་དམ་པར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་སོ། །གཉིས་པ་གནས་སྐབས་ཀྱི་སྦྱོར་བ་ལ་སྔ་མ་དོན་དང༌། ཕྱི་མ་མིང་གོ་རིམ་བཞིན་དུ་སྦྱར་བ་ནི། བྱང་སེམས་ཚོགས་ལམ་པ་དབང་རྟུལ་གྱི་ཏིང་ངེ་འཛིན་ཆོས་ཅན། ཚེགས་ཆེན་པོས་ཡུན་རིང་མོ་ཞིག་ནས་མངོན་པར་རྫོགས་པར་སངས་རྒྱ་བའི་སྦྱོར་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྲག་པ་སྐྱེ་སྲིད་པའི་སྒྲུབ་པ་ཡིན་པའི་ཕྱིར། བྱང་སེམས་དྲོད་ཀྱི་ཏིང་ངེ་འཛིན་ཆོས་ཅན། ལུང་བསྟན་ཐོབ་པའི་སྦྱོར་བ་ཡིན་ཏེ། ཤེར་ཕྱིན་ལ་མི་སྐྲག་པའི་སྒྲུབ་པ་ཡིན་པའི་ཕྱིར། རྩེ་མོའི་ཏིང་ངེ་འཛིན་ཆོས་ཅན། ཕྱིར་མི་ལྡོག་པའི་སྦྱོར་བ་ཡིན་ཏེ། ཤེར་ཕྱིན་ཐོས་ནས་མྱུར་དུ་ཡང་དག་པར་འཛིན་པའི་སྒྲུབ་པ་ཡིན་པའི་ཕྱིར། བཟོད་པའི་ཏིང་ངེ་འཛིན་ཆོས་ཅན། ངེས་པར་འབྱུང་བའི་སྦྱོར་བ་ཡིན་ཏེ། བདུད་བཞི་དང་ས་གཉིས་ཀྱི་བར་ཆད་ཀྱི་ཆོས་སྤོང་བའི་སྒྲུབ་པ་ཡིན་པའི་ཕྱིར། ཆོས་མཆོག་གི་ཏིང་ངེ་འཛིན་ཆོས་ཅན། བར་ཆད་མེད་པའི་སྦྱོར་བ་ཡིན་ཏེ། རྟག་ཏུ་ཟབ་མོའི་ཆོས་བསྒོམ་པའི་སྒྲུབ་པ་ཡིན་པའི་ཕྱིར། བྱང་སེམས་མཐོང་ལམ་པའི་ཏིང་ངེ་འཛིན་ཆོས་ཅན། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་ཡིན་ཏེ། ཟག་པ་མེད་པའི་ཆོས་གསར་དུ་སྐྱེས་པའི་རྟེན་གྱི་སྒྲུབ་པ་ཡིན་པའི་ཕྱིར། ས་གཉིས་པ་ནས་བདུན་པའི་བར་གྱི་ཏིང་ངེ་འཛིན་ཆོས་ཅན། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ཏེ། མྱུར་དུ་འབྲས་བུ་ཆོས་ཀྱི་སྐུ་མངོན་པར་སྒྲུབ་པ་ཡིན་པའི་ཕྱིར། ས་བརྒྱད་པའི་ཏིང་ངེ་འཛིན་ཆོས་ཅན། གཞན་གྱི་དོན་དང༌། འཕེལ་བ་དང༌། འགྲིབ་པ་མེད་པ་དང༌། ཆོས་དང་ཆོས་མ་ཡིན་པ་ལ་སོགས་པར་མི་དམིགས་པ་དང༌། གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར། བསམ་གྱིས་མི་ཁྱབ་པའི་རྣམ་པ་འགོག་པ་དང༌། གཟུགས་ལ་སོགས་པའི་དངོས་པོར་རྣམ་པར་མི་རྟོག་པའི་སྦྱོར་བ་ཡིན་ཏེ་རིམ་པ་ལྟར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང༌། གཟུགས་སོགས་འཕེལ་འགྲིབ་མི་མཐོང་བ་དང༌། འདོད་པའི་ཁམས་ལ་སོགས་པ་ནས་རྣམ་མཁྱེན་གྱི་བར་མི་དམིགས་པ་དང༌། གཟུགས་ལ་སོགས་པར་བསམ་གྱིས་མི་ཁྱབ་པའི་རྣམ་པར་རློམ་པ་མེད་པ་དང༌། གཟུགས་དང་དེའི་མཚན་མ་དང༌། དེའི་ངོ་བོ་ཉིད་དུ་རྣམ་པར་མི་རྟོག་པའི་སྒྲུབ་པ་ཡིན་པའི་ཕྱིར། ས་དགུ་པའི་ཡེ་ཤེས་ཆོས་ཅན། འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ་ཡིན་ཏེ། འབྲས་བུ་དང་པོ་རྒྱུན་ཞུགས་སོགས་མཐོང་བ་ནས་སངས་རྒྱས་ཀྱི་བར་སྒྲུབ་པ་དང་ལྡན་པའི་རྣལ་འབྱོར་ཡིན་པའི་ཕྱིར། ས་བཅུ་པའི་ཡེ་ཤེས་ཆོས་ཅན། རྣམ་པར་དག་པའི་སྦྱོར་བ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དྲི་མས་རྣམ་པར་དག་པའི་སྒྲུབ་པ་ཡིན་པའི་ཕྱིར། བྱང་སེམས་སོ་སྐྱེའི་རྣལ་འབྱོར་ཆོས་ཅན། ས་མཚམས་ཀྱི་སྦྱོར་བ་ཡིན་ཏེ། ལོ་སྐོར་དང་ཟླ་བ་སོགས་སུ་མཚམས་བཅད་ནས་མངོན་པར་བརྩོན་པ་མི་འདོར་བའི་རྣལ་འབྱོར་ཡིན་པའི་ཕྱིར། འདི་དག་ནི་གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་སྟེ་སྔ་མ་དང་བསྡོམས་ན་སྦྱོར་བ་ཉི་ཤུ་ཡིན་ནོ། །བཞི་པ་སྦྱོར་བའི་སྔོན་འགྲོའི་ཆོས་ལ་གསུམ་སྟེ། ཐོབ་པར་བྱ་བ་ཡོན་ཏན། དོར་བར་བྱ་བ་སྐྱོན་ཤེས་པར་བྱེད་པ་མཚན་ཉིད་དོ། །དང་པོ་ལ་མཚམས་སྦྱར་བ་ནི། སྦྱོར་བའི་འོག་ཏུ་དེ་དག་གི་ཡོན་ཏན་བསྟན་ཏེ། ཡོན་ཏན་མཐོང་བ་མངོན་དུ་བཏང་ནས་སྦྱོར་བ་རྣམས་ལ་ཤིན་ཏུ་གོམས་པར་བྱེད་པས་སོ། །གཉིས་པ་ཚིག་དོན་ནི་སྦྱོར་བའི་ཡོན་ཏན་བཅུ་བཞི་ཡིན་ནོ། །བཅུ་བཞི་པོ་གཉིས་སུ་འདུས་ཏེ། ཐོབ་པར་བྱ་བའི་ངོ་བོ་དང༌། རྗེས་མཐུན་གྱི་རྒྱུའོ། །དང་པོ་ལ་རང་གི་དོན་དང༌། གཞན་གྱི་དོན་ནོ། །དང་པོ་ལ། འབྲས་བུའི་ཁྱད་པར། བརྟན་པའི་ཡོན་ཏན། གནས་སྐབས་སོ་སོ་དང་འབྲེལ་བའོ། །དང་པོ་ལ་འབྲས་བུ་དང་རྒྱུ་གྲངས་བཞིན་དུ་སྦྱར་བ་ནི། རྣམ་པ་ཕྱིན་ཅི་མ་ལོག་པར་བསྒོམ་པ་ལ་མངོན་པར་དགའ་བའི་བྱང་སེམས་ཆོས་ཅན། བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་འབྱུང་སྟེ། རྒྱུའི་གནས་སྐབས་སུ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཐོབ་པས་སོ། །སངས་རྒྱས་ཀྱི་དགོངས་ཤིང་མཁྱེན་པ་དང༌། སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་བ་དང༌། དོན་ཆེན་པོ་སངས་རྒྱས་དང་ཕྲད་པ་དང་མཐོ་རིས་སུ་སྐྱེ་བ་ལ་སོགས་པ་དང༌། ཤེར་ཕྱིན་སྤྱད་པའི་ཡུལ་དཔྱད་པ་དང༌། མཐོང་ལམ་ལ་སོགས་པའི་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པ་དང༌། ཆོས་སྨྲ་བའི་སྐྱེས་བུ་ཉིད་དུ་འགྱུར་བའི་ཡོན་ཏན་འབྱུང་ཏེ། རིམ་པ་ལྟར་སངས་རྒྱས་ཀྱི་ཐུགས་ཀྱིས་དགོངས་པ་དང༌། ཤའི་སྤྱན་གྱིས་གཟིགས་པ་དང་བྱང་ཆུབ་ཀྱི་རྒྱུའི་ནུས་པ་དང་ཉེ་བར་གྱུར་པ་དང༌། ཕན་ཡོན་ཆེན་པོ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་པ་དང་གཉེན་པོའི་ཆོས་ཡོངས་སུ་རྫོགས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏམ་བརྗོད་པ་ཐོབ་པས་སོ། །གཉིས་པ་ནི། བདུད་ལས་ཀྱིས་མི་ཕྱེད་པའི་ཡོན་ཏན་འབྱུང་སྟེ། དེ་བཞིན་གཤེགས་པས་གྲོགས་མཛད་པ་ཐོབ་པས་སོ། །གསུམ་པ་ལ། དོན་དུ་གཉེར་པ་དང་འབྲེལ་བ། མི་ལྡོག་པའི་གོ་ཆ་དང་འབྲེལ་བ། མོས་པ་དང་འབྲེལ་བའོ། །དང་པོ་ནི། དགེ་བའི་རྩ་བ་ཉན་རང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་འབྱུང་སྟེ། འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བའི་དགའ་བ་རྒྱ་ཆེན་པོ་བསྐྱེད་པ་ཐོབ་པས་སོ། །གཉིས་པ་ནི་དམ་བཅས་པའི་དོན་ཇི་ལྟ་བ་བཞིན། སྒྲུབ་པའི་ཡོན་ཏན་འབྱུང་སྟེ། བྱང་སེམས་དེའི་དམ་བཅས་པའི་ཚིག་ལ་རྗེས་སུ་ཡིད་རང་བ་ཐོབ་པས་སོ། །གསུམ་པ་ནི། འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་འབྱུང་སྟེ། ཐེག་ཆེན་གྱི་ཆོས་ཟབ་མོ་མངོན་པར་འདོད་པ་ཐོབ་པས་སོ། །གཉིས་པ་གཞན་དོན་ནི། མ་འོངས་པ་ན་སེམས་ཅན་གྱི་དོན་སྒྲུབ་པའི་ཡོན་ཏན་འབྱུང་སྟེ། ད་ལྟ་སེམས་ཅན་གྱི་དོན་བྱེད་པའི་ནུས་པ་ཐོབ་པས་སོ། །གཉིས་པ་ནི། ཚེ་རབས་གཞན་དུའང་ཤེར་ཕྱིན་ཚང་བར་ངེས་པར་འཐོབ་པའི་ཡོན་ཏན་འབྱུང་སྟེ། ད་ལྟ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚང་བ་རྙེད་ཅིང་འཐོབ་པས་སོ། །གཉིས་པ་ལ་དྲི་བའི་སྒོ་ནས་མཚམས་སྦྱར་བ་ནི། ཡོན་ཏན་བཤད་ཟིན་པ་དེའི་འོག་ཏུ་སྦྱོར་བ་དེ་དག་གི་བར་ཆད་དུ་འགྱུར་པའི་སྐྱོན་བསྟན་ཏེ། སྐྱོན་གང་ཞིག་ཡོངས་སུ་སྤངས་པས་སྦྱོར་བ་རྣམས་བསྒོམ་པར་བྱ་བ་ལ་སྐྱོན་ཤེས་དགོས་པས་སྦྱོར་བའི་བར་ཆད་བྱེད་པའི་སྐྱོན་གང་ཡིན་སྙམ་པའི་དོགས་པ་སེལ་བའི་ཕྱིར་རོ། །ཚིག་གི་དོན་ལ། བསལ་བྱ་སྐྱོན་དང༌། སེལ་བྱེད་གཉེན་པོའོ། །དང་པོ་ལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། རང་ལ་རྟེན་པའི་འགལ་རྐྱེན་ཉི་ཤུ་མཐུན་རྐྱེན་མ་ཚང་བ་ཉེར་གསུམ། གཞན་ལ་རྟེན་པའི་འགལ་རྐྱེན་གསུམ་མོ། །དང་པོ་ལ་སྤོབས་པའི་དབང་དུ་བྱས་པ་གཉིས་ནི། ཚེགས་ཆེན་པོ་ཐབས་པ་དང༌། སྤོབས་པ་ཧ་ཅང་མྱུར་བའོ། །གནས་ངན་ལེན་གྱི་དབང་དུ་བྱས་པ་གསུམ་ནི། ལུས་གྱི་གནས་ངན་ལེན་དང༌། སེམས་ཀྱི་གནས་ངན་ལེན་དང༌། རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་དོན་བྱེད་པ་ལ་སོགས་པའོ། །ཐེག་ཆེན་སྤོང་བའི་རྒྱུ་བདུན་ནི། ཡུམ་ལས་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་དང༌། ཡོན་ཏན་ཐམས་ཅད་ཀྱི་རྟེན་ཤེར་ཕྱིན་པོར་ནས་ཉན་རང་གི་སྡེ་སྣོད་ལེན་པའི་རྒྱུ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཉམས་པ་དང༌། གྱ་ནོམ་པའི་ཤེར་ཕྱིན་པོར་ནས་རང་དོན་གྱིས་ཚིམ་པ་ཤེར་ཕྱིན་གྱི་རོ་མྱང་པ་ལས་ཉམས་པའོ། །ཤེར་ཕྱིན་བོར་ནས་ཉན་རང་གི་མདོ་སྡེ་ལ་འཇུག་པ་རྣམ་པ་ཐམས་ཅད་དུ་ཐེག་པའི་མཆོག་ཀུན་ཏུ་འཛིན་པ་ལས་ཉམས་པ་དང༌། ཤེར་ཕྱིན་བོར་ནས་ཉན་རང་གི་མདོ་སྡེ་ལ་འཇུག་པ་རྟག་ཏུ་རྣམ་མཁྱེན་གྱི་ཆེད་དུ་བྱ་བ་ལས་ཉམས་པ་སྟེ་བཅུ་ཚན་དང་པའོ། །ཉན་ཐོས་རང་གི་མདོ་སྡེ་ལས་རྣམ་མཁྱེན་ཚོལ་བ་རྒྱུ་དང་འབྲས་བུར་འབྲེལ་བ་ཉམས་པ་དང༌། ཉན་རང་གི་མདོ་སྡེ་ལས། རྣམ་མཁྱེན་བཙལ་བར་སེམས་པ་གོང་ན་མེད་པ་ཆོས་སྐུ་ལས་ཉམས་པའོ། །རྣམ་པར་གཡེང་བ་བརྒྱད་ནི། གཟུགས་སོགས་ཡུལ་རྣམ་པ་མང་པོ་ལ་རྣམ་པར་རྟོག་པའི་སྤོབས་པ་བྱུང་བ་དང༌། ལམ་དང་འབྲས་བུའི་རྣམ་པར་གཡེང་བ་ཡི་གེར་འདྲི་བ་ལ་ཤེར་ཕྱིན་དུ་མངོན་པར་ཞེན་པ་དང་གསུམ་ཀའི་རྣམ་གཡེང་དངོས་པོ་མེད་པ་ལ་ཤེར་ཕྱིན་དུ་མངོན་པར་ཞེན་པ་དང༌། ལམ་འབྲས་ལ་རྣམ་གཡེང་ཡི་གེ་ལ་ཡུམ་དུ་མངོན་པར་ཞེན་པ་དང༌། གཞུང་ལ་རྣམ་གཡེང་ཡི་གེ་མེད་པ་ལ་ཡུམ་དུ་མངོན་པར་ཞེན་པ་དང༌། ཆགས་སྡང་གི་མཚན་མ་ཡུལ་སོགས་པ་ཡིད་ལ་བྱེད་པ་དང༌། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པའི་རོ་མྱང་བ་དང་ལམ་མ་ཡིན་པ་བདུད་ཀྱིས་བསྟན་པའི་ལམ་གྱིས་ཐབས་ལ་མཁས་པ་ཚོལ་བ་ཞེས་བྱ་བ་ནི་བཅུ་ཚན་གཉིས་པའོ། །གཉིས་པ་ལ། དཔོན་སློབ་གང་རུང་ལ་རྟེན་པ་དང༌། རང་ཉིད་དང༌། གཉིས་ཀ་ལ་རྟེན་པའོ། །དང་པོ་ལ། གྲངས་བཞིན་དུ་ཉན་པ་པོ་སྔ་མ་དང༌། འཆད་པ་པོ་ཕྱི་མ་དང་འབྲེལ་པས་ཚོགས་པ་ལས་ཉམས་པའོ། །གང་ཡང་རུང་བ་ཞེས་པ་བཟློག་ནའང་ཉེས་པར་བསྟན་ནོ། །ཉན་པ་པོ་བདུན་པ་དང༌། འཆད་པ་པོ་སྙོམས་ལས་ཀྱིས་ཚོགས་པ་ལས་ཉམས་པ་དང༌། གཉིས་ཀ་བདུན་པའི་ཡུལ་ཐ་དད་པས་ཉམས་པ་དང༌། རིམ་པ་ལྟར་འདོད་ཆེན་ཆུང་བ་དང་ཆུང་བ་མ་ཡིན་པ་ཉིད་ཀྱིས་ཉམས་པ་དང༌། སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་མི་ལྡན་པ་དང༌། དད་པ་སོགས་དགེ་བ་དང༌། སྲོག་གཅོད་སོགས་དགེ་བ་མ་ཡིན་པའི་ཆོས་ཉིད་དང༌། ཡོ་བྱད་གཏོང་བ་དང༌། སེར་སྣ་བྱེད་པ་དང༌། སྦྱིན་པ་དང༌། མི་ལེན་པ་དང༌། ཆོས་མགོ་སྨོས་པས་གོ་བ་དང༌། རྣམ་པར་སྤྲོས་པས་གོ་བ་ཉིད་དང༌། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པའི་གསུང་རབ་ཡན་ལག་བཅུ་གཉིས་མངོན་པར་ཤེས་པ་དང༌། མངོན་པར་མི་ཤེས་པ་ཉིད་དང༌། སྦྱིན་སོགས་ཕར་ཕྱིན་དྲུག་དང་ལྡན་པ་དང༌། མི་ལྡན་པ་ཞེས་བྱ་བ་མི་བཅུ་ཚན་གསུམ་པའོ། །རིམ་པ་དེ་ཁོ་ན་བཞིན་དུ་ཉན་པ་པོ་རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མཁས་པ་དང༌། གཅིག་ཤོས་ཐབས་ལ་མཁས་པ་མ་ཡིན་པ་དང༌། གཟུངས་ཐོབ་པ་དང་མ་ཐོབ་པ་དང༌། ཡུམ་ཡི་གེར་འདྲིར་འདོད་པ་དང་མི་འདོད་པ་དང༌། འདོད་པའི་ཡོན་ཏན་ལ་འདུན་པ་དང་བྲལ་བ་དང༌། མ་བྲལ་པ་ཉིད་ཅེས་བྱ་བ་བཞི་སྟེ། སྔ་མ་དང་བསྡོམས་པས་བཅུ་བཞིའོ། །རང་ལ་རྟེན་པ་གཉིས་ནི། གཞན་དོན་དུ་ངན་སོང་གི་འགྲོ་བར་སྐྱེ་བ་ལེན་པ་ལ་ཡིད་ཕྱིར་ཕྱོགས་པ་དང༌། རང་དོན་དུ་བདེ་འགྲོར་འགྲོ་བ་ལ་ཡིད་བདེ་བ་སྟེ་གཉིས་སོ། །དཔོན་སློབ་གཉིས་ཀ་ལ་རྟེན་པ་བདུན་ནི། འཆད་པ་པོ་དང་ཉན་པ་པོ་དག་སྔ་མ་དང་ཕྱི་མ་གང་ཡང་རུང་བ་དང་འབྲེལ་བས་གྲངས་བཞིན་དུ། འཆད་པ་པོ་གཅིག་པུ་ལ་དགའ་བ་དང༌། ཉན་པ་པོ་འཁོར་ལ་མངོན་པར་དགའ་བ་ཉིད་དང༌། གོ་སྐབས་མི་འབྱེད་པ་ཉིད་དང༌། རྗེས་སུ་འབྲེལ་པར་འདོད་པ་ཉིད་དང༌། ཟང་ཟིང་ཅུང་ཟད་ཙམ་འདོད་པ་དང༌། དེ་སྦྱིན་པར་མི་འདོད་པ་དང༌། སྲོག་གི་བར་ཆད་དུ་འགྱུར་བ་དང་མི་འགྱུར་བའི་ཕྱོགས་སུ་འགྲོ་བ་ཞེས་བྱ་བ་བཞི་སྟེ། བཅུ་ཚན་བཞི་པའོ། །རིམ་པ་དེ་བཞིན་དུ་འཆད་པ་པོ་མུ་གེ་བྱུང་བའི་ཕྱོགས་སུ་འགྲོ་བ་དང༌། ཉན་པ་པོ་མི་འགྲོ་བ་དང༌། ཆོམ་རྐུན་པ་ལ་སོགས་པས་དཀྲུགས་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་དང་འཆད་པ་པོ་འཛའ་བོའི་ཁྱིམ་ལྟ་བས་ཉན་པ་པོ་ཡིད་མི་བདེ་བ་ཞེས་བྱ་བ་གསུམ་སྟེ། སྔ་མ་བཞི་དང་བདུན་ནོ། །གསུམ་པ་གཞན་ལ་བརྟེན་པ་ནི།               རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*