ཆོས་དང་གང་ཟག་གི་བར་དུ་བདུད་ཀྱིས་འབྱེད་པའི་སྦྱོར་བ་དང༌། བླ་མེད་བྱང་ཆུབ་ཀྱི་ལམ་ལྟར་སྣང་བ་བཅོས་མ་ཉེ་བར་བསྒྲུབ་པ་དང༌། གུས་པ་བསྐྱེད་པའི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་བདུད་ཀྱི་སྤྲུལ་པ་ལ་དགའ་བ་བསྐྱེད་པ་ཞེས་བྱ་བ་གཞན་གསུམ་མོ། །གཉིས་པ་ནི། དེ་ལྟར་སྤྱིར་བསྡོམས་ན་སྐྱོན་བཞི་ཅུ་རྩ་དྲུག་ཡིན་ནོ། །གཉིས་པ་སེལ་བྱེད་ཀྱི་གཉེན་པོ་ནི། རྒྱུ་བཞི་དང་ལྡན་པ་ལ་བར་ཆད་ཀྱིས་མི་ཚུགས་ཏེ། སྡུད་པར། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་སྟོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་བརླབས་ཅན། །ཞེས་སོ། །གསུམ་པ་མཚན་ཉིད་ལ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་མཚན་ཉིད་སྤྱིའི་རྣམ་བཞག་གཞུང་གིས་བསྟན་པའི་དོན་ནོ། །དང་པོ་ལ། མཚན་ཉིད་ཀྱི་སྒྲ་བྱ་བྱེད་གཉིས་དང་འབྲེལ་བས། བྱེད་པ་ལ་འཇུག་པའི་ཚེ་མཚོན་པར་བྱེད་པས་ན་མཚན་ཉིད་ཡིན་ལ། བྱ་བ་ལ་འཇུག་པའི་ཚེ་མཚོན་པར་བྱ་བའི་ངོ་བོ་ཉིད་ཡིན་པས་མཚན་ཉིད་དེ། སྔ་མ་ནི་རྟོགས་པར་བྱེད་པའི་ཡན་ལག་ཡིན་པས་བྱེད་པ་ཞེས་བྱ་ལ་ཕྱི་མ་ནི་རྟོགས་པར་བྱ་བ་ཡིན་པས་ལས་སུ་བསྟན་ནོ། །བྱེད་པ་ལ་ཡང་རང་གི་ངོ་བོ་ཐུན་མོང་མ་ཡིན་པར་མཚོན་པར་བྱེད་པ་རང་གི་མཚན་ཉིད་དང༌། ཐུན་མོང་དུ་མཚོན་པ་སྤྱིའི་མཚན་ཉིད་གཉིས་སུ་ཕྱེ་ཞིང༌། སྔ་མ་ལ་ཁྱབ་ཆེས་པ་སོགས་དང་བྲལ་བ་དགོས་ལ། ཕྱི་མ་ལ་ཁྱབ་ཆེས་པ་སྐྱོན་མ་ཡིན་ནོ། །རང་གི་མཚན་ཉིད་ལ་ཡང་རིག་མི་མཐུན་སེལ་བ་དང༌། ལོག་རྟོག་སེལ་བ་གཉིས་སུ་འགྱུར་རོ། །གཉིས་པ་གཞུང་གིས་བསྟན་ཚུལ་ལ། གཞན་གྱི་འདོད་པ་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ནི། སྔོན་གྱི་སློབ་དཔོན་རྣམས། སྦྱོར་བའི་མཚན་ཉིད་བཞི་གསུངས་པ་ལས་ཤེས་པ་ནི། སངས་རྒྱས་སའི་མཁྱེན་གསུམ་གྱི་ཤེས་པ་ཡིན་ལ། ཤེས་པའི་མཚན་ཉིད་ནི་སྦྱོར་བའི་ངོ་བོ་མཁྱེན་གསུམ་གྱི་ཤེས་པ་བསྐྱེད་པའི་ནུས་པའོ། །ཁྱད་མཚན་ནི། བསམ་གྱིས་མི་ཁྱབ་པ་སོགས་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཡིན་ལ། བྱེད་མཚན་ནི་སྦྱོར་བ་རང་དང་རྗེས་སུ་མཐུན་པའི་རྟོགས་པ་ལ་གཞན་འགོད་པའི་ནུས་པའོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ནི། སངས་རྒྱས་བསྐྱེད་པའི་ནུས་པ་དང་ལྡན་པའི་སྦྱོར་བའི་ངོ་བོ་ཉིད་དོ། །མཚོན་པའི་ཚུལ་ནི། རང་བཞིན་གྱི་སྦྱོར་བ་ལྔ་སངས་རྒྱས་བསྐྱེད་བྱེད་དུ་མཚོན་ཅིང༌། དེ་ཡང་མི་ལྡན་རྣམ་གཅོད་གྱི་ཚུལ་གྱིས་མཚོན་ནོ། །ཁྱད་མཚན་གྱིས་ནི། འདི་ཁོ་ན་ལ་སངས་རྒྱས་སྐྱེད་པའི་ནུས་པ་ཡོད་ཅེས་གཞན་ལྡན་རྣམ་གཅོད་ཀྱི་མཚོན་ནོ། །བྱེད་པའི་མཚན་ཉིད་ཀྱིས་ནི། སངས་རྒྱས་ཀྱིས་གཞན་དོན་གྱི་ཁྱད་པར་བསྐྱེད་པར་བྱེད་དེ། ད་ལྟ་རང་དང་མཐུན་པའི་རྟོགས་པ་ལ་གཞན་འགོད་པའི་ནུས་པ་དང་ལྡན་པའི་ཕྱིར་ཞེས་པ་སྟེ། གཞན་དོན་གྱི་ཁྱད་པར་སྐྱེད་བྱེད་དུ་མཚོན་པའོ། །ཤེས་པ་མཚན་ཉིད་དུ་བཤད་ཀྱི། ནུས་པ་མཚན་ཉིད་དུ་མ་བཤད་དོ་སྙམ་ན། ནུས་པ་ལ་ཤེས་པའི་མིང་གིས་བཏགས་ཏེ། མཁྱེན་གསུམ་གྱི་རྟོགས་པ་བསྐྱེད་བྱེད་ཀྱི་ནུས་པ་བྱེ་བྲག་དུ་ཤེས་པར་བྱ་བའི་ཕྱིར་རོ། །གལ་ཏེ་མཁྱེན་གསུམ་གྱི་སྦྱོར་བ་སངས་རྒྱས་བསྐྱེད་བྱེད་དུ་ཇི་ལྟར་ངེས་ཞེ་ན། གཅིག་དང་དུ་བྲལ་གྱི་རྟགས་ལས་གཞི་ལམ་རྣམ་གསུམ་བདེན་པའི་སྐྱེ་མེད་དུ་རྟོགས་པའི་བློ་ཆོས་ཅན། འབྲས་བུ་རབ་ཀྱི་མཐར་ཕྱིན་པ་འབྱུང་དུ་རུང་སྟེ། རྟེན་བརྟན་ལ་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། འདོད་འཇིག་གོམས་པའི་བློ་བཞིན་ནོ། །ཞེས་པས་ངེས་སོ་ཞེས་འདོད་དོ། །སྦྱོར་བའི་ནུས་པ་ལ་ཤེས་པའི་མིང་གིས་བཏགས་པ་ལ་ཤེས་བྱེད་མེད་ཅིང༌། ཤེས་པ་མཚན་ཉིད་དུ་བཟུང་བ་ལའང་གནོད་བྱེད་མེད་པའི་ཕྱིར་དང༌། སྦྱོར་བ་མཚོན་བྱར་གསུངས་ཀྱི་བསྐྱེད་བྱེད་མཚོན་བྱར་མ་གསུངས་པས། ཡི་གེའི་དོན་ལ་མ་ཞུགས་པའི་ཕྱིར་མི་འཐད་དོ། །ཇི་སྐད་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་དག་མཚོན་པས་ན་ཞེས་པ་དང༌། ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་དག་མཚོན་པས་ན། ཞེས་གསུངས་སོ། །ཕྱིས་ཀྱི་མཁས་པ་དག་མདོ་ལས་ཤེས་པ་ནི་ཐུབ་པའི་མངོན་རྟོགས་སུ་གསུངས་ཤིང༌། བསྟན་བཅོས་ལས་སྦྱོར་བའི་མཚན་ཉིད་དུ་བཤད་པས་ན་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་རྒྱུ་སྦྱོར་བ་དང་བསྐྱེད་བྱེད་དུ་ཚོན་པ་ཡིན་ནོ་ཞེས་འདོད་དོ། །འདི་ལའང་ཡི་གེའི་དོན་ལ་མ་བཞུགས་པ་དང༌། རྫས་ཐ་དད་པ་ལ་མཚན་ཉིད་ཀྱི་སྒྲའི་དོན་མེད་པའི་ཕྱིར་དང༌། ཉི་ཁྲི་སྣང་བ་ལས་ཤེས་པ་རྣམས་སངས་རྒྱས་བསྐྱེད་བྱེད་ཀྱི་རྒྱུར་གསུངས་པ་དང་ཡང་འགལ་བའི་ཕྱིར་ཏེ། ཇི་སྐད་དུ་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་དེ་བཞིན་གཤེགས་པ་བསྐྱེད་པའི་དབང་དུ་མཛད་ནས་ཞེས་གསུངས་སོ། །སྒྲུབ་བྱེད་ཀྱང་མ་ངེས་ཏེ། བྱང་ཆུབ་སེམས་དཔའ་ལའང༌། དེ་བཞིན་གཤེགས་པ་དང་ཐུབ་པའི་སྒྲས་གསུངས་པའི་ཕྱིར་ཏེ། སྡུད་པ་ལས་བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་དེ་རྗེས་སུ་རྟོགས། དེ་ཕྱིར་དེ་བཞིན་གཤེགས་ཞེས་སངས་རྒྱས་མཚན་གསོལ་ཏོ། །ཞེས་པ་དང༌། བསྟན་བཅོས་ལས། ཐུབ་པའི་སྐད་ཅིག་གཅིག་པ་ཡི། །ཞེས་པ་དང༌། ཆེད་དུ་བྱ་བའི་འགྲེལ་བར། བྱང་སེམས་ལ་སངས་རྒྱས་ཀྱི་སྒྲས་བསྟན་པའི་ཕྱིར་རོ། །མདོ་ལས། ཐུབ་པའི་མངོན་རྟོགས་སུ་གསུངས་ཀྱང་སྦྱོར་བའི་མཚན་ཉིད་དུ་མ་བཤད་ལ། བསྟན་བཅོས་ལས་སྦྱོར་བའི་མཚན་ཉིད་དུ་གསུངས་ཀྱང༌། ཐུབ་པའི་མངོན་རྟོགས་སུ་མ་བཤད་དོ། །འོ་ན་དགོངས་པ་ཇི་ལྟར་ལྟ་ཞེ་ན། ཤེས་པ་ནི་རྣམ་པ་གཉིས་ཏེ། འབྲས་བུ་ཐུབ་པའི་མཁྱེན་པ་དང༌། བྱང་ཆུབ་སེམས་པའི་མཁྱེན་པའོ། །དང་པོ་ནི། མདོ་ལས་དངོས་སུ་བསྟན་ནས་ཐུབ་པའི་མཁྱེན་པར་བཤད་ལ། གཉིས་པ་ནི་མདོའི་སྦས་དོན་དུ་གནས་པ་བསྟན་བཅོས་ལས་དངོས་སུ་བཤད་ནས་སྦྱོར་བའི་མཚན་ཉིད་དུ་མཛད་པར་མངོན་ཏེ། ཤེས་པ་རྣམས་སྦྱོར་བའི་རང་བཞིན་སངས་རྒྱས་བསྐྱེད་བྱེད་ཀྱི་རྒྱུར་གསུངས་པའི་ཕྱིར། གཞན་དག་དོན་འདི་ཁོང་དུ་མ་ཆུད་པར། ནུས་པ་ལ་ཤེས་པའི་མིང་གིས་འདོགས་པ་དང༌། རྒྱུ་འབྲས་བུ་མཚོན་ཚུལ་དང༌། མདོ་ནི་དགོངས་པ་སྣ་ཚོགས་སུ་སྟོན་པའོ་ཞེས་སོགས་སྨྲ་བ་ནི་བབ་ཅོལ་དུ་ཟད་དོ། །གཉིས་པ་རང་ཕྱོགས་བཞག་པ་ལ་ལྔ་སྟེ། མཚན་ཉིད་སོ་སོའི་ངོ་བོ། ཇི་ལྟར་མཚོན་པའི་ཚུལ། ཚོན་པའི་དོན། གསུངས་པའི་དགོས་པ། སྔོན་དུ་འགྲོ་བའི་དོན་ནོ། །དང་པོ་ལ་བཞི་སྟེ་ཤེས་པ་དང༌། ཁྱད་པར་དང༌། བྱེད་པ་དང༌། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །དང་པོ་ནི། ཡུལ་བཞི་ལམ་རྣམ་གསུམ་རྟོགས་པའི་ལྡོག་པའི་དབྱེ་བས་གསུམ་ལས། དང་པོ་གཞི་ཤེས་ཀྱི་ཤེས་མཚན་ནི་གཞི་ཤེས་ཀྱི་སྦྱོར་བས་ཕུང་པོ་ལ་སོགས་པ་གཞིས་བསྡུས་པའི་ཆོས་རྣམས་ཤེས་པའི་རྣམ་པའི་བྱེ་བྲག་གོ །ལམ་ཤེས་ཀྱི་ཤེས་མཚན་ནི་རྣམ་ཐར་སྒོ་གསུམ་ལ་སོགས་པ་ལམ་གྱི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་པའི་རྣམ་པའི་བྱེ་བྲག་གོ །རྣམ་མཁྱེན་གྱི་ཤེས་མཚན་ནི། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་མཐོང་ཆོས་ལ་བདེ་བར་གནས་པ་སོགས་འབྲས་བུའི་ཆོས་འབའ་ཞིག་ལ་དམིགས་པའི་ཤེས་པའི་རྣམ་པའི་བྱེ་བྲག་གོ །ཁྱད་པར་གྱི་མཚན་ཉིད་ནི། ཐེག་ཆེན་སྦྱོར་བས་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཐེག་ཆེན་སྦྱོར་བའི་ཁྱད་པར་བྱེད་ཆོས་ཏེ། གདུལ་བྱ་ཉེ་བའི་བསམས་པ་ལ་ལྟོས་ནས་རེ་རེ་ལ་བཅུ་དྲུག་བཅུ་དྲུག་གོ །བྱེད་པའི་མཚན་ཉིད་ནི། སྦྱོར་བས་གདུལ་བྱ་གཞན་ལ་ཕན་པ་སྒྲུབ་པའི་སྦྱོར་བ་དང་ཉིད་ཀྱི་མཛད་པ་སྟེ་བཅུ་གཅིག་གོ །ངོ་བོ་ཉིད་ཀྱི་མཚན་ཉིད་ནི། མཚོན་པར་བྱ་བའི་མཁྱེན་གསུམ་སྦྱོར་བའི་ངོ་བོ་ཉིད་དེ་བཅུ་དྲུག་གོ །འདི་སྦྱོར་བའི་ལྡོག་པ་ནས་བཤད་པས་མཚོན་བྱའམ་ལས་སུ་བཤད་ཀྱི། ངོ་བོ་ཉིད་བཅུ་དྲུག་གིས་ཞེས་བྱེད་ཚིག་འབྱུང་བ་ནི་འགྱུར་མ་དག་སྟེ། བྱེད་སྒྲུབ་དུ་ཐལ་བར་འགྱུར་བའི་ཕྱིར་དང༌། རྩ་བ་ལས་ཀྱང༌། ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །ཞེས་འབྱུང་ངོ༌། །གཉིས་པ་ནི། གཞིའི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་པའི་རྣམ་པའི་བྱེ་བྲག་གི་ཤེས་མཚན་དང༌། གདུལ་བྱ་ལ་ཕན་བདེ་སྐྱབས་སོགས་ཀྱི་མཛད་པ་ཉེ་བར་སྒྲུབ་པར་བྱེད་པའི་བྱེད་པའི་མཚན་ཉིད་ཀྱིས་ནི། ཟབ་པའི་སྦྱོར་བ་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བར་མཚོན་པར་བྱེད་དོ། །ལམ་གྱི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རྣམ་གྱི་བྱེ་བྲག་གི་ཤེས་མཚན་དང༌། གདུལ་བྱ་ལ་སྐྱབས་སོགས་ཀྱི་ཕན་པ་ཉེ་བར་སྒྲུབ་པའི་བྱེད་མཚན་གྱིས་ནི། གཏིང་དཔག་དཀའ་བའི་སྦྱོར་བ་ལམ་ཤེས་པ་ཉིད་ཀྱི་སྦྱོར་བར་མཚོན་པར་བྱེད་དོ། །མཐོང་ཆོས་ལ་བདེར་གནས་སོགས་ཀྱི་རྣམ་པའི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་མཚན་དང༌། ཆོས་སྟོན་པའི་རྟེན་གྱི་མཛད་པ་སྒྲུབ་པའི་བྱེད་མཚན་གྱིས་ནི། ཚད་མེད་པའི་སྦྱོར་བ་རྣམ་མཁྱེན་གྱི་སྦྱོར་བར་མཚོན་པར་བྱེད་དོ། །ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་དག་མཚོན་པས་ན། ཞེས་སོགས་གསུངས་པས་སོ། །ཁྱད་མཚན་གྱིས་ནི། ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་པའི་ཚུལ་གྱིས་སྦྱོར་བ་ཁྱད་ཆོས་བཅུ་དྲུག་དང་ལྡན་པར་དངོས་སུ་བསྟན་པ་ན། ཐེག་དམན་ལས་ཁྱད་པར་འཕགས་པར་དོན་གྱིས་གོ་བར་བྱེད་པའི་ཚུལ་གྱིས་མཚོན་ནོ། །གསུམ་པ་ནི། སྔར་སྦྱོར་བ་ཞེས་མང་དུ་གསུངས་པ་དག་གི་ཐ་སྙད་འཇུག་པའི་རྒྱུ་གང་ཡིན་སྙམ་ན། ཐ་སྙད་འཇུག་པའི་རྒྱུ་མཚན་ཉིད་བསྟན་པས་མིང་དོན་གྱི་འབྲེལ་པ་ཁོང་དུ་ཆུད་པའོ། །བཞི་པ་ནི། མཁྱེན་གསུམ་གྱི་སྦྱོར་བ། རང་དོན་མཁྱེན་པ་དང་གཞན་དོན་ཕྲིན་ལས་བྱེད་པའི་མཚན་ཉིད་ཅན་དུ་རྟོགས་པའི་ཆེད་དུ་ཤེས་མཚན་དང༌། བྱེད་མཚན་གཉིས་བསྟན་ལ། ཐེག་དམན་གྱི་ལམ་སྤངས་ནས། ཐེག་ཆེན་ལ་འཇུག་པའི་དོན་དུ་ཁྱད་པར་གྱི་མཚན་ཉིད་བསྟན་ནོ། །སྦྱོར་བའི་ཐ་སྙད་འཇུག་པའི་གཞི་རྟོགས་པའི་དོན་དུ་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་ནོ། །ཅིའི་ཕྱིར་དོན་གཉིས་ཀྱི་སྒོ་ནས་སྦྱོར་བའི་མཚན་ཉིད་སྟོན་པར་མཛད་ཅེ་ན། བྱང་སེམས་རྣམས་ཀྱིས་དང་པོ་སེམས་བསྐྱེད་པའི་དུས་སུ་གཞན་དོན་དུ་བྱང་ཆུབ་མཆོག་དུ་སེམས་བསྐྱེད་པས་ན། སྦྱོར་བ་དང་གཞན་གྱི་དོན་གཉིས་ཀྱི་མཚན་ཉིད་ཅན་དུ་བསྟན་པ་ན། གནས་སྐབས་ཀྱི་མངོན་པར་འདོད་པའི་དོན་སྒྲུབ་པའི་ནུས་པ་དང༌། ཤུགས་ལ་མཐར་ཐུག་གི་དོན་གཉིས་སྒྲུབ་བྱེད་དུ་ཡང་དེས་ནས་བདེ་བླག་དུ་འཇུག་པ་ཡིན་ནོ། །འདི་ཡོན་ཏན་བསྟན་པས་འགྲུབ་པ་མ་ཡིན་ནམ་ཞེ་ན། སྐབས་དེར་གཙོ་བོར་སྦྱོར་བའི་གནས་སྐབས་ཀྱི་ཡོན་ཏན་ཙམ་ཞིག་བསྟན་པ་ཡིན་གྱི་སྦྱོར་བ་སོ་སོའི་རང་དོན་རྟོགས་པ་དང་གཞན་དོན་གྱི་བྱེད་པ་སོ་སོར་ཕྱེ་ནས་གསལ་བར་བསྟན་པ་མེད་ལ། འདིར་ནི་སྦྱོར་བ་ལ་ཡོན་ཏན་མཐོང་ནས་འཇུག་པའི་ཆེད་ཁོ་ནར་བསྟན་པ་མ་ཡིན་གྱི། སྦྱོར་བའི་མཚན་ཉིད་རང་གཞན་གྱི་དོན་གཉིས་རྟོགས་པ་དང༌། མཐར་ཐུག་གི་འབྲས་བུ་རང་གཞན་གྱི་དོན་གཉིས་སྒྲུབ་བྱེད་དུ་ཤུགས་ལ་ངེས་པར་བྱ་བའི་ཕྱིར་ཡང་བསྟན་པས་རགས་པ་ཡིན་ནོ། །གཞན་དུ་ན་མཚན་ཉིད་བསྟན་པས་ཀྱང་སྦྱོར་བ་ལ་འཇུག་པར་འགྱུར་བས། འཇུག་པའི་དོན་དུ་ཡོན་ཏན་བསྟན་པ་ཡང་དོན་མེད་པ་དང༌། ཉིང་དགོས་བསྟན་ན། དགོས་པ་ཡང་འགྲུབ་པའི་ཕྱིར། དགོས་པ་ལོགས་སུ་བསྟན་པ་ཡང་དོན་མེད་དོ་ཞེས་ཀྱང་མཚུངས་སོ། །ལྔ་པ་ནི། མཚན་ཉིད་ཁོང་དུ་མ་ཆུད་པས་མིང་ཤེས་པ་ཙམ་གྱིས་ཉམས་སུ་ལེན་པར་མི་ནུས་པས། སྦྱོར་བ་ལ་འཇུག་པའི་སྔ་རོལ་དུ་ཐོས་བསམ་གྱིས་གཏན་ལ་ཕབ་དགོས་པས། མཚན་ཉིད་ཤེས་པ་སྔོན་དུ་འགྲོ་བར་བསྟན་ནོ། །གངས་ཅན་འདིར་འདི་ཇི་ལྟ་བ་བཞིན་དུ་རྟོགས་པ་གཞན་མི་སྣང་ངོ༌། །གཉིས་པ་ཡན་ལག་གི་དོན་ལ། རྒྱུ་མཚན་གྱི་སྒོ་ནས་འཚམས་སྦྱར། སོ་སོའི་རང་བཞིན་ཕྱེ་སྟེ་བཤད། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། སྐྱོན་གྱི་འོག་ཏུ་སྦྱོར་བ་དེ་དག་གི་མཚན་ཉིད་བསྟན་ཏེ། གོ་རིམ་བཞིན་དུ་ཡོན་ཏན་བླང་བ་དང་སྐྱོན་དོར་བའི་སྒོ་ནས་སྦྱོར་བ་རྣམས་སྒོམ་པར་བྱ་བ་ནི། མཚན་ཉིད་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་སོ། །གཉིས་པ་ལ། དབྱེ་བའི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལ་བྱེད་སྒྲུབ་དང་ལས་སྒྲུབ་གཉིས་སོ། །དང་པོ་ནི། མཚན་ཉིད་ཀྱི་སྒྲ་བྱེད་པར་བསྒྲུབས་པས། འདིས་སྦྱོར་བ་རྣམས་མཚོན་པར་བྱེད་པས་མཚན་ཉིད་དེ། རྟོགས་པའི་ཆ་ཤེས་པ་དང༌། ཁྱད་པར་བྱེད་ཆོས་ཁྱད་པར་གྱི་མཚན་ཉིད་དང༌། གཞན་དོན་བྱེད་པའི་ཆ་བྱེད་པའི་མཚན་ཉིད་དེ་གསུམ་མོ། །གཉིས་པ་ནི། མཚན་ཉིད་ཀྱི་སྒྲ་ལས་སུ་སྒྲུབས་པས་སྦྱོར་བ་དེ་རྣམས་མཚོན་པར་བྱ་བ་ཡིན་པས་ངོ་བོ་ཉིད་ཀྱི་མཚན་ཉིད་དེ། མཚན་ཉིད་ནི་རྣམ་པ་བཞིར་ཤེས་པར་བྱའོ། །གཉིས་པ་ལ། ཤེས་པ་དང༌། ཁྱད་པར་དང༌། བྱེད་པ་དང༌། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །དང་པོ་ལ། མཚམས་སྦྱར་བ་ནི། མཚན་ཉིད་བཞི་ཡོད་པ་དེ་ལ་ཤེས་པའི་མཚན་ཉིད་ལའང༌། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་བས་ཐ་དད་པ་གསུམ་ཡོད་པར་སྟོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། ཤེས་མཚན་གསུམ་ལས། དང་པོ་གཞི་ཤེས་ཀྱི་ཤེས་མཚན་ལ་མཚམས་སྦྱར་བ་ནི། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་སྒོ་ནས་ཤེས་པའི་མཚན་ཉིད་སྟོན་ནོ། །རྩ་བ་ལ་གཉིས་ཏེ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། སྦྱོར་བའི་བྱེད་པ་དང༌། རྟོགས་བྱའི་གཞི་དང༌། འབྲས་བུ་ཡེ་ཤེས་སོ། །དང་པོ་ནི། རྐང་པ་དང་པོས་བསྟན་ནོ། །གཉིས་པ་ལ། ཆོས་ཅན་དང༌། ཆོས་ཉིད་གཉིས་སོ། །ཆོས་ཅན་ལ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་ནི་ཚིག་རྐང་པ་གཉིས་པས་བཤད་ལ། བྱེ་བྲག་ནི། ཚིག་བཅད་གཉིས་ཀྱིས་བསྟན་ནོ། །དེ་ནས་གཉིས་ཀྱིས་ནི་ཆོས་ཉིད་དང༌། དེ་ནས་གཉིས་ཀྱིས་ནི་འབྲས་བུ་ཡེ་ཤེས་བསྟན་ནོ། །ཐ་མ་གཉིས་ཀྱིས་དོན་བསྡུས་སོ། །གསུམ་པ་ཚིག་དོན་ལ་མཚན་ཉིད་ཀྱི་དབྱེ་བ་དང༌། མཚོན་པའི་ཚུལ་ལོ། །དང་པོ་ལ་ཡུམ་ལས། དེ་བཞིན་གཤེགས་པ་འབྱུང་བར་རྣམ་པར་ཤེས་པ་དང༌། འཇིག་རྟེན་དེ་ཁོ་ནར་འཇིག་པ་མེད་པར་ཤེས་པ་དང༌། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་དང༌། སེམས་ནང་དུ་བསྡུས་པ་དང༌། ཕྱིར་རྣམ་པར་གཡེང་བ་ཤེས་པ་དང༌། ཆོས་དབྱིངས་ལྟར་སེམས་མི་ཟད་པའི་རྣམ་པར་ཤེས་པ་དང༌། སེམས་འདོད་ཆགས་དང་བཅས་པ་དང༌། སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ། འདོད་ཆགས་དང་བྲལ་བ་ཤེས་པ་དང༌། སེམས་དེ་ཁོ་ནར་ཆོས་དབྱིངས་ཀྱི་ངོ་བོ་ཡིན་པས་རྒྱ་ཆེན་པོ་ཤེས་པ་དང༌། སེམས་དོན་དམ་པར་སྐྱེ་བ་མེད་ཅིང་ཀུན་རྫོབ་དུ་ཡོན་ཏན་གྱི་རྟེན་དུ་མཉམ་པས་རྒྱ་ཆེན་པོར་གྱུར་པ་ཤེས་པ་དང༌། སེམས་དེ་ཁོ་ནར་འཇལ་བྱེད་ཀྱི་ཚད་མ་མེད་པར་ཤེས་པ་དང༌། དབང་པོའི་ཡུལ་དུ་བསྟན་དུ་མེད་པ་ཤེས་པ་དང༌། དེ་ཁོ་ནར་སེམས་སྤྱན་ལྔས་ཀྱང་ལྟར་མེད་པ་ཤེས་པ་དང༌། སེམས་གཡོ་བ་དང་འདུ་བ་ལ་སོགས་འཁྲུལ་གཞི་ཕུང་པོ་ལྔ་ལ་རྟེན་ནས་འཁྲུལ་བར་ཤེས་པའོ། །གཡོ་བ་ལ་སོགས་པ་འདི་དག་ནི་ལུང་མ་བསྟན་གྱི་ལྟ་བའོ། །འདི་ནི་ཐུབ་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྔ་རོལ་དུ་ཕྱི་རོལ་པ་རྣམས་ཀྱི་རྟག་ཆད་དུ་ལྟ་བའི་གྲངས་དྲུག་བཅུ་རྩ་གཉིས་སུ་གནས་པས། མདོ་ལས། ལྟ་བ་དྲུག་བཅུ་རྩ་གཉིས་སུ་བཤད་ལ། འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། ཕྱི་རོལ་པའི་དྲང་སྲོང་འགའ་ཞིག་གིས་ལྟ་བ་དྲུག་བཅུ་རྩ་གཉིས་ཀྱི་དོན་མཐའ་བཅུ་བཞིར་བཅད་ནས་ཞུས་པའི་དབྱེ་བས་བཅུ་བཞིའོ། །དབུ་མ་རྩ་བ་ལས། གང་འདས་ཕན་ཆད་འདས་སོགས་དང༌། །རྟག་ལ་སོགས་པར་ལྟ་བ་དག །མྱ་ངན་འདས་དང་ཕྱི་མཐའ་དང༌། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །ཞེས་པ་ལྟར། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང༌། མྱ་ངན་ལས་འདས་པ་དང༌། ལུས་སོགས་ལ་རྟེན་པའོ། །དང་པོ་ནི། བདག་དང་འཇིག་རྟེན་རྟག་པ་དང༌། མི་རྟག་པ་དང༌། གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བའོ། །གཉིས་པ་ནི། བདག་དང་འཇིག་རྟེན་མཐའ་དང་ལྡན་པ་དང་མི་ལྡན་པ་དང་གཉིས་ཀ་དང༌། གཉིས་ཀ་མ་ཡིན་པར་ལྟ་བ་རྣམས་སོ། །གསུམ་པ་ནི། དེ་བཞིན་གཤེགས་པ་རྣམས་གྲོངས་ནས་འབྱུང་བ་དང༌། མི་འབྱུང་བ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བའོ། །བཞི་པ་ནི། ལུས་སྲོག་གཅིག་དང་ཐ་དད་དུ་ལྟ་བའོ། །ཅིའི་ཕྱིར་འདི་ལ་ལུང་དུ་མ་བསྟན་པ་ཞེས་བྱ་ཞེ་ན། བདག་ལ་བརྩམས་སྟེ་དྲིས་པས་ཁྱད་གཞི་མེད་པ་ལ་ཁྱད་ཆོས་མི་འཐད་ལ་ཁྱད་གཞི་བཀག་ན་དོན་དུ་མི་འགྱུར་བར་དགོངས་ནས་ལན་མ་གསུངས་པས་ལུང་མ་བསྟན་ཞེས་བྱའོ། །རིན་ཆེན་ཕྲེང་བ་ལས། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱ་བ་མི་གསུངས་བཞུགས། །གང་ཕྱིར་དེ་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་སོ། །ཅིའི་ཕྱིར་བཅུ་བཞི་པོ་འདིའི་སྒོ་ནས་དྲི་བར་བྱེད་ཅེ་ན། དཔྱོད་པ་དང་ལྡན་པའི་དྲི་བའི་ཆོས་ནི་གཉིས་ཏེ། རྣམ་པར་བྱང་བ་དང༌། ཀུན་ནས་ཉོན་མོངས་པའོ། །དང་པོ་ལ། མྱ་ངན་ལས་འདས་པ་བཞི་དྲིས་ལ། གཉིས་པ་ལ་ལྷག་མ་རྣམས་དྲིས་སོ། །དེ་ཡང་བདག་གི་ངོ་བོ་དང༌། ཕྱི་སྣོད་ཀྱི་འཇིག་རྟེན་གཉིས་སུ་ངེས་པས། བདག་དང་འཇིག་རྟེན་གཉིས་ལས་བརྩམས་ཏེ་དྲིས་སོ། །དེ་དག་གི་སྔོན་གྱི་མཐའ་ཤེས་པར་འདོད་ནས་རྟག་མི་རྟག་སོགས་བཞི་དྲིས། ཕྱི་མའི་མཐའ་ཤེས་པར་འདོད་ནས་མཐའ་ལྡན་སོགས་དྲིས་སོ། །ཕྱིའི་འཇིག་རྟེན་གྱི་ད་ལྟར་གྱི་ངོ་བོ་མངོན་སུམ་དུ་དམིགས་པས་རྟོགས་སླ་བའི་ཕྱིར། ད་ལྟར་གྱི་ངོ་བོ་ལ་དྲི་བ་མ་བཀོད་ལ། ནང་གི་བདག་གི་དངོས་པོའི་རང་བཞིན་རྟོགས་པར་དཀའ་བས་མི་མཐུན་པའི་ཕྱིར་ལུས་སྲོག་ལ་བརྟེན་པ་གཉིས་དྲིས་སོ། །དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་མི་འབྱུང་སོགས་ཀྱང་ཕྱི་མའི་མཐའ་ལ་དཔྱོད་པ་ཡིན་ནོ། །འཇིག་རྟེན་ལ་སྔོན་གྱི་མཐའ་དཔྱོད་པ་ལྟར་མྱང་འདས་ལ། སྔོན་གྱི་མཐའ་མི་དཔྱོད་པ་ནི། འདི་ནི་གྲོལ་བ་པོའི་བདག་གི་མཐའ་ལ་དཔྱོད་པ་ཡིན་ལ། གྲོལ་བ་པོའི་སྔོན་གྱི་བདག་གི་མཐའ་ལ་དཔྱོད་པས་གྲོལ་བའི་བདག་གི་སྔོན་གྱི་མཐའ་ལ་དཔྱོད་པར་འགྱུར་བའི་ཕྱིར་རོ། །འོ་ན་ཕྱི་མཐའ་ཡང་སྔ་མ་ལ་དཔྱད་པས་འགྲུབ་བོ་ཞེ་ན། མ་ཡིན་ཏེ། གྲོལ་བ་ཐོབ་པའི་ཚེ། ཕྱི་མའི་མཐར་བདག་འཇུག་མི་འཇུག་མི་མཐུན་པའི་ཕྱིར། ཕྱི་མའི་མཐའ་ལ་དཔྱོད་པར་བྱེད་དོ། །ལུས་སྲོག་ལ་ཁ་ཅིག་ལུས་འདི་ཉིད་བདག་གི་དངོས་པོར་སེམས་ལ། འགའ་ཞིག་ལུས་ལས་གཞན་དུ་འདོད་པས་མི་མཐུན་པའི་ཕྱིར་དཔྱད་པ་བྱས་སོ། །སྲོག་ནི་བདག་གི་རྣམ་གྲངས་སོ། །བཅུ་བཞི་པོ་འདི་ལས་བདག་དང་འཇིག་རྟེན་རྟག་པ་དང༌། མཐའ་དང་མི་ལྡན་པ་དང༌། དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་བར་ལྟ་བ་ནི། རྟག་པར་སྨྲ་བ་རྣམས་ཀྱི་ལྟ་བ་གཡོ་བ་ཞེས་བྱ་སྟེ། ཡུལ་ལ་སྒྲུབ་པའི་རྣམ་པས་འཇུག་གོ །མི་རྟག་པ་དང༌། མཐའ་དང་ལྡན་པ་དང༌། གྲོངས་ནས་མི་འབྱུང་བར་ལྟ་བ་ནི། ཆད་པར་སྨྲ་བ་རྣམས་ཀྱི་ལྟ་བ་འདུ་བ་ཞེས་བྱ་སྟེ། དགག་པའི་རྣམ་པས་འཇུག་གོ །འདིར་མཐའ་ལྡན་གྲངས་ཅན་ལ་སྦྱོར་བ་མི་རིགས་སྟེ། དབུ་མ་རྩ་བར། གལ་ཏེ་སྔ་མ་འཇིག་འགྱུར་ཅིང༌། །ཕུང་པོ་འདི་ལ་རྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་ཡོད་འགྱུར། །ཞེས་ཆད་ནས་མཚམས་མི་སྦྱོར་བ་མཐའ་ལྡན་དུ་བཤད་པའི་ཕྱིར་རོ། །དང་པོ་རྣམས་གྲངས་ཅན་ལ་སྦྱོར་བ་ནི་ཤས་ཆེ་བའི་དབང་དུ་བྱས་སོ། །གསུམ་པ་རྣམས་ནི་གཅེར་བུ་པ་རྣམས་ཀྱི་ལྟ་བ་བཀྲི་པ་ཞེས་བྱ་སྟེ། སྒྲུབ་པའི་རྣམ་པས་འཇུག་གོ །བཞི་པ་རྣམས་ནི་གནས་མ་བུ་པའི་ལྟ་བ་བཅུམ་པ་ཞེས་བྱ་སྟེ། ཡུལ་ལ་དགག་པས་འཇུག་གོ །སའི་དངོས་གཞི་ལས། བདག་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པར་འདོད་པ་བྱེ་བྲག་པ་དང་གྲངས་ཅན་ལ་བཤད་ནས། ལུས་སྲོག་གཅིག་ཏུ་ལྟ་བ་བྱེ་བྲག་པ་དང༌། ཐ་དད་དུ་ལྟ་བ་གྲངས་ཅན་ཏེ། སྔ་མ་སྒྲུབ་པ་དང༌། ཕྱི་མ་དགག་པའི་རྣམ་པས་འཇུག་གོ །ལྟ་བ་འདི་དག་ཐམས་ཅད་ཕྱི་རོལ་པ་ལ་ཡོད་ཀྱང་གང་ཟག་བཞི་ལ་སོ་སོར་བཤད་པ་ནི་རྣམ་པ་གསལ་བས་མཚན་གཞིའི་སྒོ་ནས་བརྗོད་པ་ཡིན་ནོ། །ཕྱི་རོལ་པ་ལ་མེད་ན་འདི་དག་ཕྱི་རོལ་པས། བདག་དང་འཇིག་རྟེན་ལ་བརྩམས་ཏེ། དྲིས་པའི་ལན་མ་གསུངས་པས་ལུང་མ་བསྟན་དུ་འཇོག་པ་མ་ཡིན་པར་འགྱུར་རོ། །གཡོ་བ་ལ་སོགས་པ་དེ་ཁོ་ནར། དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་དང༌། དེ་བཞིན་གཤེགས་པས་དེ་བཞིན་ཉིད་རྟོགས་པ་དང༌། དེ་བཞིན་ཉིད་གཞན་ལ་བསྟན་པ་དང༌། མཆོག་ཏུ་བསྟན་པ་དང༌། བརྡ་བཏགས་པ་བཞི་པོ་གཅིག་ཏུ་བྱས་པ་རྣམས་ཤེས་པའོ། །གཉིས་པ་ནི། ཡུལ་འདི་རྣམས་ཀྱི་ཡུལ་ཅན་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་ཆོས་ཅན། ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བས་བསྡུས་པའི་ཤེས་པའི་ཆ་ལ་མཚན་ཉིད་དུ་བརྗོད་པར་བྱ་བ་ཡིན་ཏེ། དབེན་པ་ལ་སོགས་པ་ངོ་བོ་ཉིད་ཀྱི་སྦྱོར་བ་རྣམས། ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་དག་ཏུ་ཇི་ལྟ་བ་བཞིན་མཚོན་པར་བྱེད་པའི་རྟོགས་པ་ཡིན་པས་སོ། །གཉིས་པ་ལམ་ཤེས་ཀྱི་ཤེས་མཚན་ལ། མཚམས་སྦྱར་བ་ནི། དེའི་འོག་ཏུ་ལམ་ཤེས་པ་ཉིད་ཀྱི་སྒོ་ནས་ཞེས་པའོ། །རྩ་བ་ལ་ཚིག་རྐང་པ་དང་པོ་གསུམ་གྱིས་ལམ་གྱི་ཆོས་ཉིད་ཀྱི་དབྱེ་བ། དེ་ནས་གཉིས་ཀྱིས་ནི་མ་བཅོས་པ་དང༌། བློ་ལས་འདས་པར་བསྟན་ནོ། །དང་པོ་ལ་གཉིས་སྟེ། གང་ཟག་གིས་མ་བྱས་པ་དང་ཆོས་ཀྱིས་མ་བྱས་པའོ། །དེ་ནས་གཅིག་གིས་ནི་ཀུན་རྫོབ་དུ་རབ་དབྱེ་དང༌། དོན་དམ་པར་མེད་པར་བསྟན་ནོ། །གཉིས་ཀྱི་ནི་དོན་བསྡུས་སོ། །ཚིག་དོན་ལ་མཚན་ཉིད་གྱི་དབྱེ་བ་དང༌། མཚོན་པའི་ཚུལ་ལོ། །དང་པོ་ནི། རང་གི་ངོ་བོས་སྟོང་པ་ཉིད་དང༌། རྒྱུའི་མཚན་མ་མེད་པ་དང༌། འབྲས་བུ་ལ་སྨོན་པ་མེད་པ་དང༌། སྔར་མེད་སྐྱེ་བ་དང༌། སྔར་ཡོད་འགག་པ་དང༌། རྩ་བར་སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ་ཆགས་སོགས་ཀུན་ནས་ཉོན་མོངས་པ་མེད་པ་དང༌། དད་སོགས་རྣམ་པར་བྱང་བ་མེད་པ་དང༌། སྤང་བྱའི་དངོས་པོ་མེད་པ་དང༌། མྱ་ངན་ལས་འདས་པའི་ངོ་བོ་ཉིད་དང༌། ཆོས་ཀྱི་དབྱིངས་ཀྱིས་རྟེན་མེད་པ་དང༌། འགྱུར་བ་མེད་པ་ནམ་མཁའི་མཚན་ཉིད་སྟེ་དྲུག་དང༌། ཆོས་ཉིད་ལྷ་དང་མི་ལ་སོགས་པས་རྣམ་པར་དཀྲུག་དུ་མེད་པ་དང༌། རྒྱུས་འདུ་མི་བྱེད་པ་དང༌། འདུས་མ་བྱས་པས་གང་དུ་རྣམ་པར་མི་རྟོག་པ་དང༌། ཀུན་རྫོབ་ཏུ་སྟོང་པ་ཉིད་ནས་རྣམ་པར་མི་རྟོག་པའི་བར་གྱི་རབ་དབྱེ་དང་མཚན་ཉིད་ཀྱི་རབ་དབྱེ་དོན་དམ་པར་མེད་པའོ། །གཉིས་པ་ནི། ཡུལ་ཅུ་དྲུག་པོ་འདི་རྣམས་ཀྱི་ཡུལ་ཅན་ཤེས་པའི་རྣམ་པའི་ཁྱད་པར་བཅུ་དྲུག་ཆོས་ཅན། ལམ་ཤེས་པ་ཉིད་ཀྱི་སྦྱོར་བས་བསྡུས་པའི་ཤེས་པའི་མཚན་ཉིད་དུ་བརྗོད་པར་བྱ་བ་ཡིན་ཏེ། བྱ་དཀའ་བ་ལ་སོགས་པའི་ངོ་བོ་ཉིད་ཀྱི་སྦྱོར་བ་རྣམས་ཇི་ལྟ་བ་བཞིན་དུ་ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་དག་དུ་མཚོན་པར་བྱེད་པའི་ཤེས་པའི་ཆ་ཡིན་པའི་ཕྱིར། གསུམ་པ་རྣམ་མཁྱེན་གྱི་ཤེས་མཚན་ལ་མཚམས་སྦྱར་བ་ནི། ལམ་ཤེས་ཀྱི་ཤེས་མཚན་གྱི་འོག་ཏུ་ཞེས་སོགས་སོ། །རྩ་བ་ལ། རང་དོན་ཕུན་ཚོགས་དང༌། གཞན་དོན་ཕྲིན་ལས་ཀྱི་ཡོན་ཏན། གཉིས་ཀའི་ཡོན་ཏན་ནོ། །དང་པོ་ལ་བདེ་བར་གནས་པ་དང༌། གཞན་གྱིས་མཆོད་པ་དང༌། མཁྱེན་པའི་ཡོན་ཏན་ནོ། །དང་པོ་ནི། ཚིག་རྐང་དང་པོས་བསྟན་ལ། གཉིས་པ་ལ། ཀུན་རྫོབ་དང་དོན་དམ་གྱི་དབང་དུ་བྱས་པ་གཉིས་ཚིག་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི་ཚིག་རྐང་གཉིས་ཀྱིས། རྗེ་སྙེད་པ་དང་ཇི་ལྟ་བ་མཁྱེན་པ་གཉིས་རིམ་བཞིན་ནོ། དེ་ནས་གསུམ་གྱིས་གཞན་དོན་ཕྲིན་ལས་བརྟན་ནོ། །དེ་ནས་གཅིག་གིས་གཉིས་དོན་བསྟན་ཐ་མ་གཉིས་ཀྱིས་དོན་བསྡུས་སོ། །ཚིག་གི་དོན་ལ་མཚན་ཉིད་ཀྱི་དབྱེ་བ་དང༌། མཚོན་པའི་ཚུལ་ལོ། །དང་པོ་ནི། དེ་བཞིན་གཤེགས་པ་དེ་ཉིད་ཀྱི་ཆོས་རྣམ་མཁྱེན་ལ་བརྟེན་ནས། བདེ་བར་གནས་པ་དང༌། གུས་པར་བྱ་བ་དང༌། བླ་མར་བྱ་བ་དང༌། མཉེས་པར་བྱ་བ་དང༌། མཆོད་པར་བྱ་བ་དང༌། དོན་དམ་པར་བྱེད་པ་པོའི་རྒྱུ་མེད་པ་ཉིད་དང༌། ཡེ་ཤེས་ཤེས་བྱ་ཐམས་ཅད་དུ་ཐོགས་མེད་དུ་འགྲོ་བ་དང༌། འགའ་ཡང་མཐོང་བ་མེད་པ་ཉིད་དེ་ཁོ་ནའི་དོན་མཐོང་བར་སྟོན་པ་དང༌། འཇིག་རྟེན་སྟོང་པ་ཉིད་རྣམ་པར་སྟོན་པ་དང༌། ཞེས་པ་ནི་སྤྱིར་བསྟན་ནོ། །དེ་ལ་མཛད་པ་གསུམ་ལས། དང་པོ་ནི། སྔར་འཁོར་དུ་མ་བསྡུས་པ་རྣམས་བསྡུས་ནས་ཐོས་བསམ་ཀྱི་ཤེས་རབ་སྐྱེད་པའི་དོན་དུ་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པར་མཛད། བསྡུས་པ་རྣམས་ལ་འཇིག་རྟེན་པའི་སྒོམ་བྱུང་བསྐྱེད་པའི་དོན་དུ་འཇིག་རྟེན་སྟོང་པ་ཉིད་དུ་ཤེས་པར་མཛད། བསྡུས་ནས་ཡོངས་སུ་སྨིན་པ་རྣམས་ལ་འཇིག་རྟེན་ལས་འདས་པའི་རྟོགས་པ་བསྐྱེད་པའི་དོན་དུ་འཇིག་རྟེན་སྟོང་པ་ཉིད་དུ་མཐོང་བར་མཛད་པའོ། །འཇིག་རྟེན་བསམ་གྱིས་མི་ཁྱབ་པ་ཉིད་དུ་སྟོན་པ་དང༌། འཇིག་རྟེན་ཞི་བ་ཉིད་དུ་སྟོན་པ་དང༌། འཇིག་རྟེན་གྱི་དངོས་པོ་འགོག་པ་དང༌། མཚན་འཛིན་གྱི་འདུ་ཤེས་འགོག་པའོ། །གཉིས་པ་ནི། ཡུལ་བཅུ་དྲུག་པོ་འདི་རྣམས་ཀྱི་ཡུལ་ཅན་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་ཆོས་ཅན། རྣམ་པ་ཐམས་ཅད་མཁྱེན་པ་གཉིས་ཀྱི་སྦྱོར་བས་བསྡུས་པའི་ཤེས་པའི་ཆ་ལ་མཚན་ཉིད་དུ་བརྗོད་པར་བྱ་བ་ཡིན་ཏེ། དམིགས་པའི་ངོ་བོ་ཉིད་ལ་སོགས་པའི་སྦྱོར་བ་རྣམས་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བ་དག་ཏུ་མཚོན་པར་བྱེད་པའི་ཤེས་པའི་ཆ་ཡིན་པའི་ཕྱིར། གཉིས་པ་ཁྱད་མཚན་ལ་མཚམས་སྦྱར་བ་ནི། གོང་དུ་བསྟན་པ་དེ་ལྟར་བར་སྐབས་ཀྱི་ཚིག་སུ་བཅད་པ་དགུས་ཤེས་པའི་མཚན་ཉིད་མཁྱེན་གསུམ་གྱི་སྦྱོར་བ་ཐེག་པ་ཆེ་ཆུང་སོ་སོར་མ་བཅད་པར་སྤྱིའི་ངོ་བོ་ཉིད་དུ་བརྗོད་ནས་ཤེས་པའི་མཚན་ཉིད་ཀྱི་འོག་ཏུ་བར་སྐབས་ཀྱི་ཚིགས་སུ་བཅད་པས་ཁྱད་པར་གྱི་མཚན་ཉིད་བཤད་དེ། ཤེས་པའི་རྣམ་པས་སྦྱོར་བ་གསུམ་དུ་ཡོངས་སུ་བཅད་པ་རྣམས་ཀྱི་ཁྱད་པར་ཤེས་པར་བྱ་བ་ཡིན་པས་སོ། །དངོས་ཀྱི་དོན་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ། མདོ་ནི་བཅོམ་ལྡན་འདས་ཤེར་ཕྱིན་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་སོ་ཞེས་སོ། །ཚིག་གི་དོན་ནི་ཐེག་ཆེན་གྱི་མཐོང་ལམ་གྱི་ངོ་བོ་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡུལ་ཅན་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པའི་མཚན་ཉིད་སྐད་ཅིག་མ་བཅུ་དྲུག་གི་ཁྱད་པར་བྱེད་ཆོས་བཅུ་དྲུག་ནི་ཁྱད་པར་གྱི་མཚན་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསམ་གྱི་མི་ཁྱབ་པ་དང༌། མི་མཉམ་པ་དང༌། གཞལ་བ་ལས་འདས་པ་ལ་སོགས་པའི་ཁྱད་པར་དུ་བྱས་པའི་སྒོ་ནས། མཐོང་ལམ་གྱི་ངོ་བོའི་ལམ་ཤེས་དང༌། རྣམ་མཁྱེན་གྱི་སྦྱོར་བ་མཚོན་པར་བྱེད་པས་སོ། །མཚོན་པའི་དོན་ནི། སྦྱོར་བ་ཁྱད་ཆོས་དང་ལྡན་པར་བསྟན་པས་ཁྱད་པར་དུ་འཕགས་པར་དོན་གྱི་གོ་བའོ། །ཅིའི་ཕྱིར་གཞི་ཤེས་ལ་ཁྱད་མཚན་མ་བཤད་ཅེ་ན། འགའ་ཞིག་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ནི་ལམ་ཤེས་སྦྱོར་བའི་ཁོངས་སུ་འདུས་ལ། ཐེག་དམན་ལ་ནི་ཁྱད་མཚན་མེད་པར་དགོངས་པ་ཡིན་ནོ། །ཞེ་ན། འོ་ན་ཤེས་མཚན་ཡང་བཤད་པར་མི་རིགས་ཏེ། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ནི་ལམ་ཤེས་ཀྱི་སྦྱོར་བའི་ཁོངས་སུ་འདུས་ལ། ཐེག་དམན་སྦྱོར་བ་ལ་ནི་དེ་མེད་པའི་ཕྱིར། གཞི་ཤེས་སྦྱོར་བ་ཐེག་དམན་ལའང་ཡོད་པས་ཐེག་དམན་ལའང་ཁྱད་མཚན་ཡོད་དམ་སྙམ་པའི་དོགས་པ་སྐྱེ་བས་མ་བཤད་དོ་ཞེ་ན། སྔ་མ་ལྟར་ཤེས་མཚན་ལའང་མཚུངས་སོ། །དེས་ན་ཤེས་མཚན་གྱི་མི་ལྡན་རྣམ་གཅོད་ཀྱིས་མཚོན་ལ། ཁྱད་མཚན་གྱིས་གཞན་ལྡན་རྣམ་བཅད་ཀྱིས་མཚོན་པས་གཞན་ལ་ལྡན་པ་བཅད་དགོས་པས་ཁྱད་མཚན་མ་བཤད་དོ། །གཞན་དག་གིས་འདི་ལྟ་བུ་ཁོང་དུ་མ་ཆུད་དོ། །འོན་ཀྱང་འཕགས་པས་སྦྱོར་བ་གསུམ་ཆར་ལ་སྦྱར་བ་ལེགས་ཏེ་ཐེག་ཆེན་གྱི་སྦྱོར་བ་གཅིག་གི་ངོ་བོ་ཡིན་པས་སོ། །མཐོང་ལམ་གྱི་ཁྱད་པར་བཤད་པས་སྦྱོར་ལམ་དང་བསྒོམ་ལམ་གྱི་ཁྱད་པར་ཡང་བཤད་པར་འགྱུར་ཏེ། རྒྱུ་ལ་ཁྱད་པར་ཡོད་ན་འབྲས་བུ་ལ་ཁྱད་པར་འབྱུང་བ་རིགས་པའི་ཚུལ་ཡིན་པས་སོ། །ངོ་བོ་མཉམ་རྗེས་གང་བཟུང་ཞེ་ན། མཉམ་རྗེས་སོ་སོར་མ་བཅད་པར་འབྲས་བུ་དང་རྒྱུ་དང་ངོ་བོ་དང་གྲོགས་དང༌། ཡུལ་གྱི་ཁྱད་པར་ཅི་རིགས་པར་འབུམ་ཕྲག་གསུམ་པས་བཤད་དོ། །གཉིས་པ་ལ། མཚམས་སྦྱར་བ་དང༌། མདོ་དགོད་པ་དང༌། ཚིག་གི་དོན་ནོ། དང་པོ་ནི། ཡང་བསམ་གྱིས་མི་ཁྱབ་པ་ཞེས་སོ། །གཉིས་པ་ནི། རབ་འབྱོར་སངས་རྒྱས་ཉིད་དང་དེ་བཞིན་གཤེགས་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་མི་ཁྱབ་པ་སྟེ་ཞེས་སོགས་སོ། །གསུམ་པ་ལ་མཚན་ཉིད་དངོས་དང༌། དམན་ལམ་མི་སྟོན་པའི་རྒྱུའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་དང་སོགས་པ་སངས་རྒྱས་གྱི་རྣམ་མཁྱེན་གྱི་སྦྱོར་བ་གཉིས་ནི་ཆོས་ཅན། ཁྱད་པར་གྱི་ལམ་ཡིན་ཏེ་ཁྱད་པར་བཅུ་དྲུག་གང་གིས་ཉན་ཐོས་ལ་སོགས་པའི་ལམ་རྣམས་ལས་ཁྱད་ཞུགས་པའི་ཕྱིར། བཅུ་དྲུག་གང་ཞེ་ན་དང་པོ་སྡུག་བསྔལ་བདེན་པའི་སྐད་ཅིག་མའི་ཁྱད་པར་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། སོགས་པ་བྱང་ཆུབ་སེམས་དཔའ་གོང་མ་རྣམས་ཀྱིས་ལེགས་པར་ཡོངས་སུ་བཟུང་བའི་ཤེས་རབ་ཀྱི་སྟོབས་ཀྱིས་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པ་ཉིད་དང༌། ཟླ་མེད་པས་མི་མཉམ་པ་ཉིད་དང༌། ཚད་མས་གཞལ་བ་ལས་ཡང་དག་པར་འདས་པ་དང༌། གྲངས་ཀྱིས་བགྲང་བ་ལས་ཡང་དག་པར་འདས་པའི་སྡུག་བསྔལ་བདེན་པའི་ཆོས་ཉིད་རྟོགས་པ་སྟེ། ཡུལ་གྱིས་ཁྱད་པར་དུ་བྱས་སོ། །ཀུན་འབྱུང་གི་ཡུལ་ཅན་གྱི་སྐད་ཅིག་མ་ནི། འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཡོན་ཏན་སྡུད་པ་དང༌། ཇི་ལྟ་ཇི་སྙེད་ལ་མཁས་པའི་སྐྱེས་བུས་རིག་པར་བྱ་བའི་ཟབ་མོ་རྟོགས་པ་ཉིད་དང༌། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་དངོས་པོ་ཕྲ་མོ་ཡོངས་སུ་ཤེས་པ་དང༌། ཐེག་ཆེན་རང་ལུགས་ལ་ལྟོས་པའི་མངོན་པར་ཤེས་པ་ཉན་རང་ལས་ཤིན་ཏུ་མྱུར་བའི་ཤེས་པའོ། །འགོག་པའི་ཡུལ་ཅན་བཞི་ནི། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་སྐུར་བ་མི་འདེབས་པས་ཆོས་ཐམས་ཅད་ལ་བྲི་བ་མེད་པ་དང༌། དོན་དམ་པའི་བདེན་པ་ལ་བརྟེན་ནས་སྒྲོ་མི་འདོགས་པས་གང་བ་མེད་པའི་ངོ་བོ་རྟོགས་པ་དང༌། འཁོར་གསུམ་རྣམ་པར་དག་པའི་སྒོ་ནས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བརྩོན་འགྲུས་ཀྱིས་དྲག་ཏུ་རབ་ཏུ་བསྒྲུབ་པ་དང་གུས་སྦྱོར་དང་རྟག་པར་སྦྱོར་བས་བསྐལ་བ་དུ་མར་བསྒྲུབས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་འགྲུབ་པ་དང༌། ཕྱི་ནང་གི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པར་དམིགས་པའོ། །ལམ་བདེན་གྱི་བཞི་ནི། བྱང་ཆུབ་སེམས་དཔའི་ལམ་གྱི་རྟེན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་རིགས་དང་ལྡན་པ་དང༌། སྨོན་ལམ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུ་ཚོགས་དང་ལྡན་པ་དང༌། ཐེག་ཆེན་དགེ་བའི་བཤེས་གཉེན་གྱིས་ཐབས་མཁས་ཀྱིས་ཡོངས་སུ་བཟུང་བ་དང༌། གཟུགས་སོགས་ལ་མངོན་པར་ཞེན་པའི་རོ་མྱང་བ་མེད་པའོ། །ཇི་སྐད་བརྗོད་པ་དེ་ལྟ་བུ་བཅུ་དྲུག་གི་བདག་ཉིད་ནི་བཞི་ཚན་བཞི་གོ་རིམ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའི་ཡུལ་ཅན་སྐད་ཅིག་མ་རྣམས་ཀྱི་ཁྱད་པར་དུ་བྱེད་ཆོས་ཡིན་ནོ། །གཉིས་པ་ནི། གང་ལས་ཁྱད་པར་དུ་འཕགས་པའི་ཡུལ་བཤད་དགོས་ཏེ། གཞན་དུ་ན་དེ་དག་ལས་ཁྱད་པར་དུ་འཕགས་པར་མི་ཤེས་པའི་ཕྱིར་ཞེ་ན། གང་ལས་ཁྱད་པར་དུ་འཕགས་པའི་ཉན་རང་དེ་དག་གི་ལམ་ནི་དངོས་སུ་མ་བཤད་དེ། གོ་སླ་བའི་ཕྱིར། ཇི་ལྟར་ཞེ་ན། ཇི་སྐད་བཤད་པའི་ཁྱད་པར་དང་བྲལ་བའི་མངོན་པར་ཞེན་པ་ལ་སོགས་པ་སྐྱེ་བའི་མཚན་ཉིད་ཅན་དུ་སྔར་ལས་བཟློག་པ་ཉིད་ཀྱིས་རྟོགས་པའི་ཕྱིར་ཏེ། བྱང་སེམས་ཀྱི་ལམ་ཁྱད་མཚན་བཅུ་དྲུག་དང་ལྡན་པར་དངོས་སུ་བསྟན་པ་དེའི་ཕྱིར་རོ། །གསུམ་པ་བྱེད་པའི་མཚན་ཉིད་ལ་མཚམས་སྦྱར་བ་ནི། ཁྱད་པར་གྱི་མཚན་ཉིད་ཀྱིས་ཡོངས་སུ་བཅད་པ་ཞེས་སོགས་སོ། །གཉིས་པ་ཚིག་གི་དོན་ལ་དབྱེ་བ་དང༌། མཚོན་པའི་ཚུལ་ལོ། །དང་པོ་ལ་གཞི་ཤེས་དང་ལམ་ཤེས་དང༌། རྣམ་མཁྱེན་གྱི་བྱེད་པའོ། །དང་པོ་ལ། ཕན་པ་ལ་སོགས་པའི་བྱེད་པ་རྣམ་པ་གསུམ་ཆོས་ཅན། ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བའི་བྱེད་པ་ཡིན་ཏེ། དེས་གདུལ་བྱ་ལ་ཕན་པ་ཉེ་བར་སྒྲུབ་པར་བྱེད་པའི་མཛད་པ་ཡིན་པའི་དོན་གྱིས་སོ། །གསུམ་གང་ཞེ་ན་མི་ལ་སོགས་པའི་གདུལ་བྱ་རྣམས་རྒྱུད་ལྔ་ལས་བཏོན་ནས་མྱང་འདས་ལ་འགོད་པ་མ་འོངས་པའི་ཕན་པ་དང༌། ཡིད་མི་བདེ་ལས་བཀྲོལ་ནས་མྱང་འདས་ལ་འགོད་པ་ཚེ་འདིའི་བདེ་བ་དང༌། ཡང་སྲིད་མི་ལེན་པར་བྱེད་པས་སྡུག་བསྔལ་མེད་པའི་རྣམ་པར་སྨིན་པ་མ་ཡིན་པའི་ཆོས་ཉིད་སྒྲུབ་པར་མཛད་པའོ། །འགྲེལ་ཆེན་ལས་དང་པོ་དགུ་གཞི་ཤེས་ཀྱི་བྱེད་པར་བཤད་པ་མ་ཡིན་ནམ་ཞེ་ན། ཉན་རང་དང་ཐུན་མོང་པ་གསུམ་ལས་མེད་པས་འདིར་གསུམ་དུ་བཤད་ཅིང༌། ལྷག་མ་དྲུག་གཞི་ཤེས་དང་ལམ་ཤེས་གཉིས་ཀའི་ཐུན་མོང་བ་ཡིན་པས་འདིར་ལམ་ཤེས་དང་འགྲེལ་ཆེན་ལས་གཞི་ཤེས་སུ་བཤད་པ་མི་འགལ་ལོ། །གཉིས་པ་ནི་སྐྱབས་ལ་སོགས་པའི་བྱེད་པ་བདུན་ཆོས་ཅན། ལམ་ཤེས་པ་ཉིད་ཀྱི་བྱེད་པ་ཡིན་ཏེ། ལམ་ཤེས་ཀྱི་གདུལ་བྱ་ལ་དུས་ཇི་ལྟ་བ་བཞིན་དུ་ཡང་དག་པར་ཉེ་བར་སྒྲུབ་པའི་མཛད་པ་ཡིན་པའི་དོན་གྱིས་སོ། །བདུན་གང་ཞེ་ན། ལྷག་མེད་ལ་འགོད་པ་གཏན་དུ་ཕན་པ་སྐྱབས་ཀྱི་བྱེད་པ་དང༌། སྡུག་བསྔལ་གྱི་རྒྱུ་བདེན་འཛིན་བཟློག་པ་གནས་ཀྱི་བྱེད་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པ་རང་བཞིན་མེད་པར་མཉམ་ཉིད་དུ་རྟོགས་པ་དཔུང་གཉེན་གྱི་བྱེད་པ་དང༌། འཁོར་འདས་ལ་བླང་དོར་གྱི་སྲེད་པས་མ་གོས་པ་རང་དང་གཞན་གྱི་དོན་རྟོགས་པའི་རྟེན་གྱི་ངོ་བོ་དང་མི་གནས་པའི་མྱང་འདས་སྟོན་པ་གླིང་གི་བྱེད་པ་དང༌། རང་དོན་ལ་སྲེད་པ་སྤངས་པའི་དོན་དུ་གཞན་གྱི་དོན་སྒྲུབ་པ་ཡོངས་འདྲེན་གྱི་བྱེད་པ་དང༌། གདུལ་བྱ་སེམས་ཅན་གྱི་དོན་ལ་འབད་མེད་ལྷུན་གྱིས་གྲུབ་པར་འཇུག་པར་མཛད་པ་ལྷུན་གྲུབ་གྱི་བྱེད་པ་དང༌། ཐེག་པ་གསུམ་གྱི་ལམ་གྱིས་རང་རང་གྱི་སྤང་བྱ་ལས་ངེས་པར་འབྱུང་ཡང་རྫོགས་སྨིན་མ་སྦྱངས་པར་འབྲས་བུ་མངོན་གསུམ་དུ་མི་བྱེད་པར་མཛད་པ་འབྲས་བུ་མངོན་གསུམ་དུ་མི་བྱེད་པའི་བྱེད་པ་འདི་རྣམས་སོ། །གསུམ་པ་ནི། རྟེན་གྱི་མཛད་པ་ཆོས་ཅན་རྣམ་མཁྱེན་གྱི་སྦྱོར་བའི་བྱེད་པ་ཡིན་ཏེ། རྣམ་མཁྱེན་གྱི་སྦྱོར་བས་གདུལ་བྱ་རྣམ་མཁྱེན་གྱི་དབང་དུ་བྱས་པའི་ཆོས་ཐམས་ཅད་སྟོན་པ་ཉེ་བར་སྒྲུབ་པའི་མཛད་པ་ཡིན་པའི་དོན་གྱིས་སོ། །འདི་དག་བྱང་སེམས་དང་སངས་རྒྱས་གང་གི་མཛད་པར་བཟུང་ཞེ་ན་ལེའུ་བརྒྱད་པ་དང༌། བརྒྱད་སྟོང་པར་དང་པོ་གཉིས་བྱང་སེམས་དང༌། ཕྱི་མ་དགུ་སངས་རྒྱས་ཀྱི་བྱེད་པར་བཤད་ཅིང༌། འབུམ་དང་ཉི་ཁྲི་ལེ་མང་སུ་དང་པོ་ལྔ་བྱང་སེམས་དང༌། ཕྱི་མ་དྲུག་སངས་རྒྱས་ལ་སྦྱར་རོ། །ཡང་ཁྲི་བརྒྱད་སྟོང་བར་དང་པོ་དྲུག་སངས་རྒྱས་དང༌། ཕྱི་མ་ལྔ་བྱང་སེམས་དང༌། ཤེས་རབ་བྲི་པར་ཐམས་ཅད་བྱང་སེམས་ལ་བཤད་པས་གཉིས་ཀ་ལ་ཡོད་པར་མངོན་ཡང༌། མཚན་ཉིད་དུ་བཤད་པ་ནི་བྱང་སེམས་ལ་ཡོད་པའི་ཆ་བཟུང་ངོ༌། །གཉིས་པ་ནི་གོང་དུ་བསྟན་བདེ་ལྟར་བྱེད་པའི་རྣམ་པ་བཅུ་གཅིག་པོ་དག་གིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གི་སྦྱོར་བ་དག་མཚོན་པར་བྱེད་པས་ན། བྱེད་པ་ལ་མཚན་ཉིད་ཞེས་བརྗོད་དོ། །བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ལ། མཚམས་སྦྱར་བ་ནི་བྱེད་པའི་མཚན་ཉིད་ཀྱིས་ཞེས་སོགས་སོ། །དངོས་ཀྱི་དོན་ལ་མདོ་ནི། རབ་འབྱོར་བྱང་སེམས་ཆེན་པོ་དེ་ནི་འདོད་ཆགས་དང་གཏི་མུག་བསལ་བས་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོ། གཉིས་པ་ཚིག་གི་དོན་ལ། མཚན་ཉིད་ཀྱི་དབྱེ་བ་དང༌། མཚོན་པའི་ཚུལ་ལོ། །དང་པོ་ལ་གཞི་ཤེས་སྦྱོར་བ་དང་ལམ་ཤེས་སྦྱོར་བ་དང་རྣམ་མཁྱེན་གྱི་སྦྱོར་བའི་ངོ་བོ་ཉིད་དོ། །དང་པོ་ལ་གཞི་ཤེས་སྦྱོར་བའི་ངོ་བོ་ཉིད་བཞིའོ། །གང་ཞེ་ན། བྱང་སེམས་གྱི་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་ཆོས་ཅན། ཉོན་མོངས་ཀྱིས་དབེན་པའི་ངོ་བོ་ཉིད་ཡིན་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཉོན་མོངས་དེའི་རྟགས་ལུས་ཀྱི་གནས་ངན་ལེན་དང༌། ཉོན་མོངས་དེའི་མཚན་མ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པས་སྟོང་པ་ཉིད་ཀྱིས་སོ། །ཤེས་སྒྲིབ་ཀྱིས་དབེན་པའི་ངོ་བོ་ཉིད་ཡིན་ཏེ། འདོད་ཆགས་དང་འདོད་ཆགས་མེད་པ་ལ་སོགས་པ་མི་མཐུན་ཕྱོགས་དང་གཉེན་པོ་རྟོགས་པ་དག་གིས་སྟོང་པ་ཉིད་ཀྱིས་སོ། །གཉིས་པ་ལ་ལམ་ཤེས་སྦྱོར་བའི་ངོ་བོ་ཉིད་ལྔའོ། །གང་ཞེ་ན། ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་ཆོས་ཅན། བྱ་དཀའ་བའི་ངོ་བོ་ཉིད་ཡིན་ཏེ། དོན་དམ་པར་མེད་པའི་སེམས་ཅན་མྱ་ངན་ལས་འདའ་བར་བྱེད་པའི་གོ་ཆ་བགོ་པས་སོ། །རྣམ་མཁྱེན་དུ་མཐའ་ཅིག་ཏུ་ངེས་པའི་ངོ་བོ་ཉིད་ཡིན་ཏེ། ཐེག་པ་གཞན་དུ་མི་ལྟུང་བའི་མཚན་ཉིད་ཅན་ཡིན་པ་ཉིད་ཀྱིས་སོ། །ཆེད་དུ་བྱ་བ་མ་འཁྲུལ་བའི་ངོ་བོ་ཉིད་ཡིན་ཏེ། ཡུན་རིང་པོ་བསྐལ་པ་དུ་མ་ནས་བསྒྲུབ་པར་བྱ་བའི་མཆོག་ཆེན་པོ་གསུམ་གྱི་དོན་དུ་འབད་པས་སོ། །ཟབ་མོ་རྟོགས་པའི་ངོ་བོ་ཉིད་ཡིན་ཏེ། བསྒོམ་པར་བྱ་བ་དང༌། སྒོམ་པ་དང་སྒོམ་པ་པོའི་ཆོས་མ་དམིགས་པའི་བདག་ཉིན་ཡིན་པའི་ཕྱིར། རྣམ་བྱང་ལ་ཞེན་པ་མི་དམིགས་པའི་ངོ་བོ་ཉིད་ཡིན་ཏེ། དངོས་པོར་མངོན་པར་ཞེན་པ་མཐའ་དག་བཀག་པའི་བདག་ཉིད་ཡིན་པའི་ཕྱིར། གསུམ་པ་ལ་བདུན་ཏེ། གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བ་ཆོས་ཅན། རྣམ་པ་མ་ལུས་པ་ལ་དམིགས་པའི་ངོ་བོ་ཉིད་ཡིན་ཏེ། ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་ཀྱིས་བསྡུས་པའི་དངོས་པོའི་ཁྱད་པར་ལ་དམིགས་པའི་བདག་ཉིད་ཡིན་པའི་ཕྱིར། འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ངོ་བོ་ཉིད་ཡིན་ཏེ། འཇིག་རྟེན་གྱི་སྒྲུབ་པའི་འཛིན་པ་ལ་སོགས་པ་ལས་བཟློག་སྟེ། གཟུང་འཛིན་གཉིས་མེད་དུ་སྒོམ་པར་བསྟན་པས་སོ། །ཡུལ་ལ་ཐོགས་མེད་དུ་འཇུག་པའི་ངོ་བོ་ཉིད་ཡིན་ཏེ་གཟུགས་ལ་སོགས་པས་ཐོགས་པ་མེད་པར་ཤེས་པའི་བདག་ཉིད་ཡིན་པས་སོ། །དོན་དམ་པར་གཞི་མེད་པར་རྟོགས་པའི་ངོ་བོ་ཉིད་ཡིན་ཏེ། ཤེས་བྱ་དང་ཤེས་པ་མི་དམིགས་པར་རྟོགས་པའི་བདག་ཉིད་ཡིན་པའི་ཕྱིར། རྣམ་པའི་ཆོས་ཉིད་དམན་པ་ལས་མཆོག་དུ་འགྲོ་བ་མེད། པར་རྟོགས་པར་ངོ་བོ་ཉིན་ཡིན་ཏེ། དེ་བཞིན་ཉིད་རྟོགས་པ་ཉིད་ཀྱིས་སོ། །ལམ་གྱི་རྣམ་པ་སྐྱེ་མེད་དུ་རྟོགས་པའི་ངོ་བོ་ཉིད་ཡིན་ཏེ། གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པར་རྟོགས་པའི་བདག་ཉིད་ཡིན་པའི་ཕྱིར། གཞིའི་དེ་བཞིན་ཉིད་མི་དམིགས་པར་རྟོགས་པའི་ངོ་བོ་ཉིད་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དང་གཉིས་ཀ་མ་ཡིན་པ་གསུམ་གྱི་ངོ་བོ་མི་དམིགས་པར་རྟོགས་པའི་བདག་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བཞེད་དོ། །གང་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་གི་སྦྱོར་བའི་བདག་ཉིད་གོང་དུ་བསྟན་པ་དེ་ལྟར་ངོ་བོ་ཉིད་བཅུ་དྲུག་གོ །ཇི་ལྟར་ཡིན་ཞེ་ན། ཇི་ལྟ་བ་བཞིན་དུ་མཚན་ཉིད་དང་ལྡན་པ་བཞིན་དུ་མཚོན་པར་བྱ་བ་ཡིན་པས་སོ། །བྱེད་ཚིག་གི་སྒྲ་འབྱུང་བ་ནི་འགྱུར་མ་དག་པ་སྟེ། བྱེད་སྒྲུབ་དུ་ཐལ་བར་འགྱུར་བས་སོ། །རྩ་བར་ལྟ་བུར་ཞེས་འབྱུང་བ་ནི་དོན་དམ་པར་མཚན་མཚོན་མེད་ཀྱང༌། འཁྲུལ་ངོར་ཡོད་པར་སྟོན་པའོ། །གསུམ་པ་ནི། ཤེས་མཚན་ཞེ་བརྒྱད། ཁྱད་མཚན་བཅུ་དྲུག བྱེད་མཚན་བཅུ་གཅིག ངོ་བོ་ཉིད་བཅུ་དྲུག་ཡོད་པ་དེ་ལྟར་ན་ཞེས་སོ། །བཞི་པ་ཉེ་རྒྱུ་ཐར་པ་ཆ་མཐུན་ལ། མཚམས་སྦྱར་བ་དང༌། དོན་བཤད་པའོ། །དང་པོ་ནི། མཚན་ཉིད་ཀྱི་འོག་ཏུ་ཐར་པ་ཆ་མཐུད་བསྟན་ཏེ། ཐོས་བསམ་གྱིས་བསྡུས་པའི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་ཁོ་ན་ལ། ཇི་སྐད་བཤད་པའི་སྦྱོར་བའི་མཚན་ཉིད་ཡོངས་སུ་ཤེས་པ་འབྱུང་བས་སོ། །སྔར་གྱི་རིམ་པ་ནི་བཤད་པའི་རིམ་པ་ཡིན་ལ། དོན་གྱི་རིམ་པ་ནི། རྟེན་གི་གང་ཟག་བཞིས་ཐོས་བསམ་གྱིས་བསྡུས་པའི་ཐར་པ་ཆ་མཐུན་བསྐྱེད་ནས་མཚན་ཉིད་གཏན་ལ་ཕབ་ཏེ། སྐྱོན་སྤང་བ་དང༌། ཡོན་ཏན་བླང་བྱར་རྟོགས་པར་བྱེད་ནས་སྦྱོར་བ་བསྒོམ་མོ། །གཉིས་པ་ལ་སྤྱི་གཞུང་གཉིས་སོ། དང་པོ་ལ། རྟེན་གྱི་གང་ཟག་ནི་འདོད་ལྷ་དང༌། ཟ་མ་དང་མ་ནིང་དང༌། མཚམས་མེད་བྱས་པ་མ་ཡིན་པའི་གླིང་གསུམ་གྱི་མིའི་རྟེན་ཅན་ཡིན་ལ། ངོ་བོ་ནི་གཞི་ངེས་འབྱུང་གི་ཚུལ་ཁྲིམས་དང༌། ཚུལ་ཁྲིམས་དག་པའི་ཡན་ལག་དབང་པོའི་སྒོ་སྡོམ་པ་དང༌། ཟས་ཀྱི་ཚོད་ཤེས་པ་ལ་སོགས་པའོ། །རྒྱུད་ཡོངས་སུ་སྦྱོང་བའི་ཐབས་ནི། ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་གསུང་རབ་ལ་ཐོས་བསམ་གྱིས་བརྩོན་པ་སྟེ། བསྟན་པ་ལ་དང་པོར་འཇུག་པའི་རྒྱུ་ནི་ཐོས་བསམ་ཡིན་པའི་ཕྱིར། བསྒོམས་པ་ལས་བྱུང་བ་དག་ཀྱང་ཡིན་ཏེ། སེམས་གནས་པའི་ཐབས་དགུས་རྫུ་འཕྲུལ་རྐང་པའི་ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་རོ། །བྱེད་ལས་ནི་མངོན་པར་རྟོགས་པ་མྱུར་ཏུ་སྐྱེ་བའི་སྣོད་ཉིད་དུ་རུང་བར་བྱེད་པའོ། །ཡན་ལག་གི་དོན་ལ། ངོ་བོ་དང་དབྱེ་བའོ། །དང་པོ་ལ་མདོ་དགོད་པ་ནི། ཐོག་མར་སེམས་བསྐྱེད་པ་ནས་བཟུང་སྟེ། རྣམ་མཁྱེན་གྱི་སེམས་དང་མ་བྲལ་བར་སྦྱིན་པ་གཏོང་བ་དང་ཞེས་སོགས་སོ། །ཚིག་གི་དོན་ནི། ཐར་པའི་ཆ་དང་མཐུན་པ་ཡིན་པ་འདོད་དོ། །གང་ན། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ལ་མཚན་མ་མེད་པར་དམིགས་པའི་ཤེས་པའི་རྣམ་པས། སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་པའི་བར་རྣམས་རང་གི་རྒྱུད་ལ་ས་བོན་ནུས་ལྡན་དུ་བཞག་པའི་སྒོ་ནས་བསྐྱེད་པའི་ཐབས་ལ་མཁས་པའི་ཐབས་ཤེས་ཟུང་འཇུག་ནིའོ། །སྐབས་འདིར་གཞན་དོན་དངོས་སུ་སྒྲུབ་པའི་ནུས་པ་ཆུང་བས་རང་རྒྱུད་ལ་ཞེས་སྨོས་སོ། །གང་དུ་ཞེ་ན། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྐབས་འདི་ལའོ། །གཉིས་པ་ལ་མཚམས་སྦྱར་བ་ནི། མཁས་པ་དེ་གང་ཞེ་ན་ཞེས་སོ། །ཚིག་དོན་ལ་ཡུལ་གྱིས་དབྱེ་བ་དང་དབང་པོས་དབྱེ་བའོ། །དང་པོ་ནི་མཁས་པ་ཡིན་ནོ། །གང་ན་བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་མ་ཐོབ་པས་དབང་པོའི་ངོ་བོ་ཉིད་མ་ཡིན་པའི་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་པ། ཤེས་རབ་ཁྱད་པར་ཅན་ཉན་རང་ལས་ཁྱད་པར་དུ་འཕགས་པ་ཅན་ནོ། །ཡུལ་གང་ལ་ཞེ་ན། གྲངས་བཞིན་དུ་སངས་རྒྱས་སོགས་དང༌། སྦྱིན་སོགས་དང༌། བསམ་པ་ཕུན་སུམ་ཚོགས་པ་སེམས་བསྐྱེད་སོགས་སོ། །བསྒོམ་བྱ་སོགས་འཁོར་གསུམ་དུ་རྣམ་པར་མི་རྟོགས་པ་དང་གཟུགས་སོགས་ཆོས་ཐམས་ཅད་ཀྱི་རང་སྤྱིའི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་ལ་སོགས་པའི་ཡུལ་རྣམ་པ་ལྔ་ལའོ། །ཇི་ལྟར་ཞེ་ན། རབ་ཏུ་དང་བ་དང༌། སྒྲུབ་པར་སྤྲོ་བ་དང༌། རྟག་ཏུ་མི་བརྗེད་པ་དང༌། སེམས་རྩེ་གཅིག་པ་དང༌། སོ་སོར་རྣམ་པར་འབྱེད་པའི་ཚུལ་གྱིས་སོ། །གཉིས་པ་ནི། འདིར་བསྟན་གྱི་ཐར་པ་ཆ་མཐུན་གསུམ་ཀ་ཐེག་ཆེན་གྱི་ཐར་པ་ཆ་མཐུན་དུ་མཚུངས་པས་ན། ཡུལ་ལྔ་ལ་མཁས་པ་དེ་ལྟ་མོད་ཀྱི། ཆུང་འབྲིང་ཆེན་པོ་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐེག་པ་གཞན་གྱིས་བར་མ་ཆོད་པར་འཐོབ་པར་ངེས་པ་མ་ཡིན་ཏེ། འདི་ལྟར་དད་པ་ལ་སོགས་པ་ཆེན་པོ་རྣོན་པོས་ནི་ཐེག་པ་གཞན་གྱིས་བར་མ་ཆོད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཤེས་ཆེར་འཐོབ་ནུས་པས་རྟོགས་པར་སླ་ལ། དད་སོགས་དེ་དག་ཉིད་རྟུལ་པོས་ནི་ཤས་ཆེར་ལྡོག་པས་རྟོགས་པར་དཀའ་བ་ཞེས་བྱ་བ་འདི་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་སོ། །བྱང་སེམས་དབང་པོ་རྣོ་རྟུལ་གྱི་ཐར་ཆའི་དད་སོགས་ཀྱིས་བྱང་ཆུབ་ཐོབ་ཚུལ་དངོས་སུ་བསྟན་པའི་ཤུགས་ཀྱིས་ན། འབྲིང་པོ་རང་སངས་རྒྱས་ཀྱི་རིགས་ཅན་གྱི་དད་སོགས་རྣམས་ཀྱིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་རྟོགས་ལ། ཆུང་ངུ་ཉན་ཐོས་ཀྱི་དད་སོགས་རྣམས་ཀྱིས་ནི། ཉན་ཐོས་ཀྱི་བྱང་ཆུབ་རྟོགས་སོ་ཞེས་བྱ་བ་འདི་འཕངས་པ་ཡིན་ནོ། །སྔར་གོང་དུ་བྱང་སེམས་ཀྱི་སྦྱོར་མཐོང་དངོས་སུ་བསྟན་ནས། ཉན་རང་གི་སྦྱོར་མཐོང་ཤུགས་ལ་སྟོན་པའི་རིགས་པས། འདིར་ཡང་ཐེག་ཆེན་གྱི་ཐར་ཆ་དངོས་སུ་བསྟན་ནས། ཉན་རང་གི་ཐར་ཆ་ཤུགས་ལ་བསྟན་པར་མངོན་ནོ། །འདྲེ་ཆེན་པོས་ནི། ཐེག་ཆེན་དུ་རིགས་ངེས་པ་རྣོན་པོ་དང༌། མ་ངེས་པ་འབྲིང་པོ་དང་དམན་པའི་རིགས་ཅན་རྟུལ་པོར་མཛད་ནས། རྩ་བར་རྣོ་རྟུལ་གཉིས་དངོས་སུ་བསྟན་པས་ཤུགས་ལ་འབྲིང་པོ་འཕངས་པར་བཞེད་ལ། ཨར་གྱིས་ཐེག་ཆེན་དང་རང་རྒྱལ་དང་ཉན་ཐོས་ཀྱི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་གསུམ་དུ་འཛད་ནས། གསུམ་ཀ་ད་ལྟ་ཐེག་ཆེན་གྱི་ཐར་ཆ་ལ་གནས་པར་མཚུངས་ཀྱང་སྔ་མས་བྱང་ཆུབ་རྟོགས་པར་སླ་ལ། ཕྱི་མ་གཉིས་རྟུལ་པོའི་སྒྲས་གསུངས་ནས་རྟོགས་པར་དཀའ་བ་དངོས་སུ་བསྟན་ལ། དེའི་ཤུགས་ཀྱིས་ཕྱི་མ་གཉིས་ཐེག་ཆེན་གྱི་ལམ་ལས་ལོག་ནས་འབྲིང་པོ་རང་རྒྱལ་གྱི་རིགས་ཅན་གྱི་རང་རྒྱལ་གྱི་བྱང་ཆུབ་དང༌། ཉན་ཐོས་ཀྱི་རིགས་ཅན་གྱིས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འཕངས་སོ་ཞེས་འཆད་དོ། །འགའ་ཞིག་རྟུལ་པོ་ཉན་རང་དུ་འདོད་པ་དང༌། གཞན་དག་རྩ་འགྲེལ་སོ་སོར་སྨྲ་བ་མི་འཐད་དེ། ཐམས་ཅད་ཡུལ་ལྔ་ལ་མཁས་པར་གསུངས་ལ་ཉན་རང་ལ་དེ་མེད་པའི་ཕྱིར་རོ། །ཁ་ཅིག་འདིའི་ཆུང་ངུ་དང་འབྲིང་གཉིས་ཕྱིར་ལྡོག་པར་ངེས་པས། ངེས་འབྱེད་ཡན་ལག་ཡན་ཆད་བསྐྱེད་པ་མི་སྲིད་དེ། དེ་ཐོབ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ཕྱིར། ཞེས་སྨྲ་བ་ཡང་རྣམ་པར་འཁྱམས་ཏེ། སྦྱོར་ལམ་ཐོབ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་མ་ངེས་པའི་ཕྱིར། ཕྱིར་མི་ལྡོག་པའི་རྟགས་ཀྱི་ས་མཚམས་དབང་པོའི་བྱེ་བྲག་གིས་ལམ་གསུམ་ལ་རིམ་པ་ལྟར་ལྡན་པར་འདོད་པ་དང་ཡང་འགལ་བ་ཡིན་ནོ། །རྣོན་པོ་ཐམས་ཅད་ཀྱིས་རྟོགས་པར་ངེས་པ་ཡང་མ་ཡིན་ཏེ། ཐར་པ་ཆ་མཐུན་གྱི་གནས་སྐབས་ཡིན་པས་སོ། །མ་ངེས་པའི་རིགས་ཅན་གྱི་དབང་པོ་རྣོན་པོ་ལྡོག་པ་སྲིད་པའི་ཕྱིར་རོ། །དེས་ན་རྟོགས་དཀའ་སླ་བའི་ཁྱད་པར་ཡིན་གྱི་ངེས་པ་ཁོ་ནའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །འདི་ནི་ཁོ་བོ་འབའ་ཞིག་གི་ལེགས་བཤད་དོ། །གཉིས་པ་སྦྱོར་བ་སྐྱེས་པའི་སྒོམ་རིམ་ལ་སྦྱོར་བ་སྐྱེས་པའི་གནས་སྐབས། རྟེན་ཕྱིར་མི་ལྡོག་པའི་གང་ཟག སྒོམ་བྱ་སྦྱོར་བའི་ངོ་བོ། དང་པོ་ལ། དངོས་ཀྱི་དོན་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་མཚམས་སྦྱར་བ་ནི་ཐར་པ་ཆ་མཐུན་གྱི་འོག་ཏུ་ངེས་འབྱེད་ཆ་མཐུན་བསྟན་ཏེ། ཐར་པའི་ཆ་དང་མཐུན་པ་སྐྱེས་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས་སོ། །གཉིས་པ་ཚིག་གི་དོན་ལ་སོ་སོར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་དྲོད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་གནས་སྐབས་འདི་ལ་དྲོ་བར་གྱུར་པ་ནི་སེམས་ཅན་ལ་དམིགས་པ་ཡིན་པར་བཞེད་དོ། །འདི་ལ་ཞེས་པས་རྣམ་མཁྱེན་གྱི་སྐབས་ཀྱི་སྦྱོར་ལམ་ལས་ཁྱད་པར་དུ་བྱས་ཏེ། སྔ་མ་ནི་རང་དོན་རྟོགས་པ་གཙོ་བོར་གྱུར་པ་ཡིན་ལ། འདིར་ནི་གཞན་དོན་བསམ་སྦྱོར་གྱི་བདག་ཉིད་ཡིན་པའི་ཕྱིར། སྦྱོར་བ་སྔ་མ་གཉིས་སུ་སྦྱོར་ལམ་དང་མཐོང་ལམ་སྟོན་པའི་སྐབས་སུ། འདིར་ཤེས་པའི་སྒྲ་འབྱུང་བ་ནི། སྔ་མ་མཁྱེན་གསུམ་གྱི་སྦྱོར་ལམ་དང་མཐོང་ལམ་གཉིས་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཡིན་ཏེ། སྔར་ནི་སྐྱེ་མེད་གསུམ་རྟོགས་པའི་སྦྱོར་ལམ་དང་མཐོང་ལམ་གྱི་ལྡོག་པ་ནས་སྟོན་ལ། སྦྱོར་བའི་སྐབས་སུ་ཡུལ་མཁྱེན་གསུམ་ལ་འཇུག་པའི་སྦྱོར་བས་བསྡུས་པའི་སྦྱོར་ལམ་དང་མཐོང་ལམ་གྱི་ལྡོག་པ་ནས་བསྟན་པའི་ཕྱིར། མཐར་གྱིས་པའི་སྐབས་སུ་རྩ་བར་འདིར་ཞེས་པའི་སྒྲ་མ་སྨོས་ཀྱང་འབྲེལ་པས་ཁ་སྐང་ནས་གསུངས་སོ། །གཞན་དག་གིས་ནི་ཐེ་ཚོམ་ཙམ་ཡང་མ་ཞུགས་པར་སྣང་ངོ༌། །རྣམ་པ་སྟོན་པ་ནི། ཉེ་རིང་མེད་པར་མཉམ་པ་དང༌། ད་ལྟར་གྱི་དོན་སྒྲུབ་པ་བྱམས་པའི་སེམས་ནི་ཆུང་ངུ་སྟེ། ཚེ་འདིར་གཞན་ལ་མི་འཚེ་བས་སོ། །མ་འོངས་པའི་དོན་སྒྲུབ་པ་ཕན་པའི་སེམས་དང་དུས་ཀུན་ཏུ་ཁོང་ཁྲོ་བ་མེད་པ་དང༌། རྣམ་པར་འཚེ་བ་མེད་པའི་སེམས་ནི། འབྲིང་པོ་སྟེ་ཕྱི་མའི་ཕན་པ་སེམས་པས་སོ། །རྒན་པ་ལ་ཕ་དང་མའི་སེམས་དང༌། མཉམ་པ་ལ་སྤུན་དང་སྲིང་མོའི་སེམས་དང༌། གཞོན་པ་ལ་བུ་དང་བུ་མོའི་སེམས་དང༌། ཕན་འདོགས་པའི་བཤེས་དང༌། ཡིད་བརྟན་པའི་གྲོགས་དང་རུས་གཅིག་པའི་གཉེན་དང༌། མི་གཅིག་པ་སྣག་གི་གཉེན་མཚམས་ཀྱི་སེམས་ཀྱི་རྣམ་པ་གཞན་ལྔའོ། །འདི་ནི་ཆེན་པོ་སྟེ། འདི་ཕྱི་གཉིས་ཀར་ཕན་པའི་བདག་ཉིད་ཡིན་པས་སོ། །ལྔ་ཚན་གཉིས་སུ་བྱས་པའི། སྔ་མ་སོ་སོར་བགྲང་བ་དང༌། ཕྱི་མ་ཟུང་དུ་བགྲང་བར་བྱ་བ་ཡིན་པས་སོ། །གཉིས་པ་རྩེ་མོ་ནི། རྩེ་མོར་གྱུར་བས་སེམས་ཅན་ལ་དམིགས་པ་ཡིན་ནོ། །རྣམ་པ་གང་གིས་ཞེ་ན་འཇུག་བྱ་དང་ལྡོག་བྱའི་ཆོས་ཀྱི་གསལ་བའི་རབ་ཏུ་དབྱེ་བས་ནི་རྣམ་པ་མཐའ་ཡས་པ་ཞེས་བྱ་བ་དེ་རྣམས་ཀྱིས་སོ། །མཐའ་ཡས་པ་ཡོད་ཀྱང་མདོར་བསྡུ་ན་ཆུང་ངུའི་སྐབས་སུ་མི་དགེ་བ་ལ་གྲངས་བཞིན་དུ་སྤོང་བའི་སྒོ་ནས་ལྡོག་པའི་བདག་ཉིད་ཅན་དེའི་སྒོ་ནས་གཞན་རྣམས་སྡིག་པ་ལས་ལྡོག་པ་ལ་སྦྱོར་བ་དང༌། གཞན་བདག་ཉིད་དེ་བཞིན་དུ་ཞུགས་པ་ལ་བསྔགས་པ་བརྗོད་པ་དང༌། རབ་ཏུ་དགའ་བས་མཐུན་པར་བྱེད་པའོ། །འབྲིང་གི་གནས་སྐབས་སུ་དགེ་བ་ལ་གྲངས་བཞིན་དུ་ལེན་པའི་སྒོ་ནས་ཞུགས་པའི་བདག་ཉིད་ཅན་དེའི་སྒོ་ནས་གཞན་རྣམས་དགེ་བ་ལ་གནས་པ་དག་ལ་སྦྱོར་བ་ཞེས་སོགས་སྔ་མ་བཞིན་ནོ། །འོག་གི་སོགས་གྱི་སྒྲས་བསྡུས་པ་ཆེན་པོའི་སྐབས་སུ་རང་སྟོང་ཉིད་བསྒོམ་པ་ལ་གནས་ནས་གཞན་དེ་ལ་འགོད་པ་སོགས་སོ། །གསུམ་པ་ལ། བཟོད་པས་ཀྱང་རྩེ་མོར་གྱུར་པ་ལ་རང་དང་གཞན་གྱི་རྟེན་གྱི་དབྱེ་བས་སེམས་ཅན་ལ་དམིགས་པ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་ལ་དམིགས་སོ། །རྣམ་པ་གང་གིས་ཞེ་ན་ཆུང་ངུའི་སྐབས་སུ་རང་གི་རྟེན་ཅན་སྡུག་བསྔལ་སོགས་པའི་བདེན་པ་ལ་དམིགས་པ་སྟེ་ཤེས་ཤིང་གཞན་གྱི་རྟེན་ཅན་ཡང་སྔར་གྱི་རྣམ་པ་ཇི་ལྟ་བ་དེ་བཞིན་དུ་སྦྱོར་བ་དང་བསྔགས་པ་བརྗོད་པ་དང་མཐུན་པ་ཉིད་ཀྱི་རྣམ་པ་རྣམས་ཀྱིས་སོ། །བོད་གཞན་དག་གིས་ནི་འདི་ལྟ་བུའི་གཞུང་གི་སྦྱོར་ཚུལ་དང༌། དེ་བཞིན་དུ་ཞེས་པའི་སྒྲས་རྩེ་མོ་དང༌། དམིགས་པ་མཐུན་པར་བསྟན་པའི་དོན་མ་རྟོགས་པར་བདེན་པ་དམིགས་པར་བཤད་པ་ནོར་ཞེས་པ་དང༌། འགྱུར་ཉེས་སོ། །ཞེས་བབ་ཆོལ་སྣ་ཚོགས་སྨྲ་བར་སྣང་ངོ༌། །འབྲིང་གི་སྐབས་སུ་སོགས་པས་བསྡུས་པ་བདག་ཉིད་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར། སྒོམ་ཞིང་ཐབས་ཀྱིས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པའི་ཐབས་ལ་མཁས་པ་ལ་གནས་ནས་གཞན་དེ་ལ་འགོད་ཞེས་སོ། །ཆེན་པོའི་སྐབས་སུ་རང་བྱང་སེམས་ཀྱི་སྐྱོན་མེད་པ་ལ་གནས་ནས་ཞེས་སོ། །བཞི་པ་ལ། ཆོས་ཀྱི་མཆོག་ནི་སེམས་ཅན་ལ་དམིགས་པ་ཡིན་ནོ། །རྣམ་པ་གང་གིས་ཞེ་ན། ཆུང་ངུའི་སྐབས་སུ་སྔ་མ་རྩེ་མོ་དང་བཟོད་པར་བཤད་པ་བཞིན། རང་གི་རྟེན་ཅན་དགེ་རྩ་སྨིན་པར་བྱེད་པ་དང་གྲོལ་བར་བྱེད་པ་ལ་གནས་ནས། གཞན་གྱི་རྟེན་ཅན་ཡང་དེ་ལྟར་དུ་འགོད་པ་སོགས་ཀྱི་རྣམ་པ་དང༌། འབྲིང་གི་གནས་སྐབས་སུ་རང་མངོན་ཤེས་ཁྱད་པར་ཅན་ལ་གནས་ནས་ཞེས་སོགས་སོ། །ཆེན་པོའི་སྐབས་སུ་རང་རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པ་ལ་གནས་ནས་གཞན་དེ་ལ་འགོད་པ་སོགས་སོ། །གཉིས་པ་ནི། དམིགས་རྣམ་གྱི་ཚུལ་དེ་ལྟར་ན་རྗེས་ཐོབ་ཀྱིས་བསྡུས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་ནོ། །གཉིས་པ་ཞར་ལས་བྱུང་བའི་དོན་ལ་གཉིས་ཏེ། མཁྱེན་པ་གསུམ་གྱི་སྐབས་སུ་ལམ་གསུམ་བསྟན་པའི་འདོད་ཚུལ། སྦྱོར་བ་གསུམ་གྱི་སྐབས་སུ་ལམ་གསུམ་བསྟན་པའི་འདོད་ཚུལ་ལོ། །དང་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྐབས་སུ་ལམ་གསུམ་བསྟན་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་དུ་འགྲོ་བས་བསྐྱེད་པའི་མཐོང་བ་དང་སྒོམ་པའི་ལམ་རྟོགས་པའི་ཆེད་ཡིན་ལ། ཟློས་པའི་སྐྱོན་ཡང་མེད་དེ། གཞི་སྐྱེ་མེད་དུ་རྟོགས་པ་དང༌། ལམ་སྐྱེ་མེད་དུ་རྟོགས་པ་དང༌། རྣམ་པ་སྐྱེ་མེད་དུ་རྟོགས་ནས་བསྒོམ་པའི་ལྡོག་པའི་དབྱེ་བས་བསྟན་པས་སོ། །གཞི་ཤེས་ཀྱི་སྐབས་སུ་ངེས་འབྱེད་ཆ་མཐུན་དང༌། སྒོམ་ལམ་གྱི་ཐ་སྙད་དངོས་སུ་གསུངས་པ་མེད་ཀྱང༌། མཁྱེན་པ་དང་པོ་གཉིས་དང་ལྷན་ཅིག་དུ་བསྟན་པའི་ཟླ་བོའི་དབྱེ་བས་མཁྱེན་པ་གསུམ་གྱི་སྐབས་སུ་ལམ་གསུམ་བསྟན་ཞེས་སྨོས་ཏེ། ཐེག་གཅིག་དྲང་དོན་མ་ཡིན་ཀྱང་ཐེག་གསུམ་དྲང་དོན་ཡིན་ནོ་ཞེས་བསྟན་པ་བཞིན་ནོ། །མཁྱེན་པ་གསུམ་རེ་རེའི་སྐབས་སུ་ལམ་གསུམ་བསྟན་པར་འདོད་ན་མི་འཐད་དེ། སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་བཀོད་པ་དང་འགལ་བས་སོ། །གཉིས་པ་ནི། རྣམ་པ་ཀུན་མངོན་པར་རྟོགས་པ་ལ་སོགས་པ་གསུམ་ཡོད་པ་ལས་རྣམ་རྫོགས་སྦྱོར་བའི་སྐབས་སུ་ས་བརྒྱད་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་ལ་ངེས་པར་འབྱེད་པའི་ཆ་ལ་སོགས་པ་ཐ་སྙད་དུ་གསུངས་པ་ཡིན་པར་ཤེས་པར་བྱའོ། །རྩེ་སྦྱོར་གྱི་སྐབས་སུ་ས་དགུ་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་དང་མཐར་གྱིས་པའི་སྐབས་སུ་ས་བཅུ་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་ལ་རིམ་པ་བཞིན་ངེས་པར་འབྱེད་པའི་ཆ་ལ་སོགས་པའི་ཐ་སྙད་དུ་གསུངས་པ་ཡིན་པར་ཤེས་པར་བྱ་སྟེ། ལམ་གསུམ་དང་རིམ་གྱིས་སྐྱེ་བར་ཆོས་མཐུན་པའི་ཕྱིར་ཏེ། སྒོམ་པ་གོང་ནས་གོང་དུ་ཕུལ་དུ་བྱུང་བར་འགྲོ་བའི་སྐབས་ཀྱིས་བསྡུས་པས་སོ། །དགོས་པ་དག་སར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པས་གཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་དགག་པར་བྱ་བའི་ཕྱིར་ཡིན་ནོ། །དངོས་ལ་གནོད་བྱེད་ནི། ངེས་འབྱེད་ཆ་མཐུན་སོགས་དངོས་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ས་བདུན་པ་མན་ཆད་ལས་ཁྱད་པར་འཕགས་པའི་ལམ་གྱིས་བསྡུས་པའི་ཕྱིར་གཞན་གྱིས་ནི་མ་རྟོགས་སོ། །འདི་ནི་སྔོན་གྱི་སློབ་དཔོན་གཞན་གྱི་བཞེད་པ་འགོད་པ་ཡིན་ཏེ། འགྲེལ་ཆེན་ལས་ཁ་ཅིག་ཅེས་སྨོས་པ་དང༌། སྐབས་ལྔ་པར་བསྟན་པའི་མཐོང་སྤང་རྟོག་པར་བཤད་པ་རྣམས་ས་བཅུ་པ་དང་འབྲེལ་བའི་རྩེ་མོའི་མངོན་པར་རྟོགས་པས་སྤོང་ངོ་ཞེས་སྔོན་གྱི་སློབ་དཔོན་དག་འཆད་དོ་ཞེས་འབྱུང་བས་སོ། །འདི་ལ་གནོད་བྱེད་བརྗོད་པ་ནི། སྐབས་འོག་མའི་ལམ་གསུམ་ངེས་འབྱེད་ཆ་མཐུན་སོགས་དངོས་ཡིན་པ་ལ་གནོད་བྱེད་ཅི་ཡོད་པར་མཐོང་ནས་བཏགས་པ་བར་འཆད། གལ་ཏེ་ངེས་འབྱེད་ཆ་མཐུན་སོགས་དངོས་ཡིན་ན་གོང་འོག་གི་གཞུང་ལ་ཟློས་པའི་སྐྱོན་ཡོད་པར་འགྱུར་རོ་ཞེ་ན། འོ་ན་སྐབས་འོག་མའི་སྒོམ་ལམ་མཚན་ཉིད་པར་འདོད་དམ་བཏགས་པ་བར་འདོད། དང་པོ་ལྟར་ན་གོང་འོག་གི་གཞུང་ལ་ཟློས་པར་ཐལ་བའི་ཉེས་པ་རང་ཉིད་ལ་ལྡོག་པར་འགྱུར་ཞིང༌། བཏགས་པ་བར་འདོད་ན་དག་པ་སའི་ཡེ་ཤེས་སུ་འགལ་ལོ། །གཞན་ཡང་ཁོ་བོས། གོང་མའི་ལམ་གསུམ་བཏགས་པ། འོག་མའི་ལམ་གསུམ་མཚན་ཉིད་པའོ་ཞེས་བཟློག་སྟེ་སྨྲས་ན་ཅིས་འགོག བག་ལ་ཉལ་ཀུན་འཇོམས་པ་དང་ཞེས་པ་དང༌། རང་རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པ་ལ་གནས་ནས་གཞན་དེ་ལ་འགོད་ཅེས་སོགས་དང༌། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི་ཡོངས་སུ་རྫོགས་པ་བླ་མེད་པ་ཞེས་སོགས་གསུངས་པས་གནང་ངོ་ཞེ་ན། འོ་ན་ཁྱོད་ལ་ཡང་ཆོས་མཆོག་གི་དམིགས་རྣམ་གྱི་སྐབས་སུ། ལུང་སྟོན་པ་དང་རློམ་པ་ཟད་ཅེས་པ་དང༌། ཏིང་ངེ་འཛིན་རྣམ་པར་མི་རྟོག་པ། ཞེས་སོགས་ཀྱིས་གནོད་དོ་ཞེས་བརྗོད་པར་བྱའོ། །གལ་ཏེ་མཉམ་བཞག་དུ་རློམ་པ་མི་འབྱུང་བ་དང༌། གཟུང་འཛིན་གྱི་རྣམ་པར་རྟོག་པ་མེད་པ་ལ་དགོངས་སོ་ཞེ་ན། འོ་ན་འདིར་ཡང་མཉམ་བཞག་དུ་ཉོན་མོངས་པའི་བག་ལ་ཉལ་ལས་ཉོན་མོངས་པ་མངོན་འགྱུར་མི་འབྱུང་ཞེས་པ་དང༌། རྣམ་མཁྱེན་གྱི་ཡེ་ཤེས་རྒྱུད་ནས་བསྐྱེད་པ་དང༌། མཁྱེན་གསུམ་གྱི་ཆོས་བསྔོ་བར་བྱེད་པ་ལ་དགོངས་སོ་ཞེས་མཚུངས་སོ། །གཞན་ཡང་སྐབས་འོག་མར་ངེས་འབྱེད་ཆ་མཐུན་དང་མཐོང་ལམ་གསུངས་པས་འདི་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་དང་འབྲིང་སོགས་ཡིན་ཞེས་སུ་ཞིག་གིས་ངེས་པར་འགྱུར་འདོགས་པའི་ཆོས་གསུམ་འདོད་པ་ལ་གང་གིས་ཐ་སྙད་བཏགས་པའི་དངོས་ལ་གནོད་བྱེད་འགོད་དགོས་པ་ལས། ས་བདུན་པ་མན་ཆད་ཀྱི་སྒོམ་ལམ་ཡིན་ཞེས་པའི་ཐ་སྙད་ཀྱང་མི་འབྱུང་ཞིང་སྒོམ་ལམ་དངོས་ཡིན་པ་ལ་གནོད་བྱེད་ཀྱང་མེད་པའི་ཕྱིར་རོ། །ངེས་འབྱེད་ཆ་མཐུན་དང་མཐོང་ལམ་དངོས་མ་ཡིན་ནོ་ཞེས་སོགས་ཀྱི་དངོས་ལ་གནོད་བྱེད་འགོད་པ་ཡང་མི་འཐད་དེ། རང་རྒྱུད་ལ་ཤེས་འདོད་མེད་ཅིང་ཐལ་འགྱུར་ལ་མཁས་བླངས་མེད་པའི་ཕྱིར་དང༌། ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་འབྱུང་བས་ཅིག་ཆར་སྐྱེའམ་སྙམ་པའི་དོགས་པ་མི་ཁེགས་ན། ལམ་གསུམ་གྱི་མིང་གིས་བཏགས་པས་ཀྱང་དོགས་པ་མི་ཁེགས་པར་མཚུངས་པའི་ཕྱིར་རོ། །གཞན་ཡང་མཐར་གྱིས་པའི་སྐབས་སུ་ལམ་གསུམ་གྱི་ཐ་སྙད་མི་འབྱུང་བས། དེར་བསྟན་པའི་ལམ་གསུམ་གྱི་ཟློས་སྤོང་བྱེད་པ་ཡང་དོན་མེད་པ་ཉིད་དོ། །འགའ་ཞིག་དོགས་པ་བསྟན་བཅོས་ལ་བཀོད་ནས། མདོ་ལ་ཟློས་སྤོང་བྱེད་པར་འདོད་པ་ཡང༌། དྲི་བ་དང་ལན་ལ་འབྲེལ་བ་མེད་པས་མ་ལས་པ་དག་གི་ལུགས་ལས་འདས་པ་ཡིན་ནོ། །འདི་ལམ་གསུམ་མཚན་ཉིད་པར་བསྟན་པ་ལ་སྦྱོར་བ་ཡང་མི་འཐད་དེ། ཟག་མེད་ཀྱི་ཡེ་ཤེས་ལ་ངེས་འབྱེད་ཆ་མཐུན་གྱི་ཐ་སྙད་ཀྱིས་གསུངས་པར་བསྟན་པའི་ཕྱིར་རོ། །སློབ་དཔོན་གྱི་དགོངས་པ་ནི། ལམ་གསུམ་མཚན་ཉིད་པ་ཡིན་ལ། རྟགས་ལ་སོགས་པ་དེ་དག་ནི་གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་པ་དང༌། ངེས་འབྱེད་ཆ་མཐུན་དང་མ་དག་ས་ལ་གནས་པའི་བྱང་སེམས་རྣམས་ལ་སློབ་པའི་དགེ་འདུན་དང༌། དག་པ་ས་ལ་གནས་པ་རྣམས་ལ་མི་སློབ་པའི་དགེ་འདུན་དུ་མཛད་ནས་ཕྱིར་མི་ལྡོག་གི་རྟགས་རྣམས་སློབ་པའི་དགེ་འདུན་གྱི་རྟགས་སུ་བཤད་པའི་ཕྱིར་དང༌། ཐར་པ་ཆ་མཐུན་དབང་པོའི་ངོ་བོར་མ་གྱུར་པར་བཤད་ཅིང༌། ཐར་པ་ཆ་མཐུན་གྱི་མཇུག་ཐོགས་དེ་མ་ཐག་དུ་ངེས་འབྱེད་ཆ་མཐུན་འབྱུང་བར་བཤད་པའི་ཕྱིར་རོ། །ཁོ་བོའི་རྣམ་དཔྱོད་འོད་སྟོང་ལྡན་པ་ཡིས། །གཞུང་ལུགས་འདབ་བརྒྱ་རྣམ་པར་ཕྱེ་བའི་ཆེ། །གངས་རིའི་ཁྲོད་ཀྱི་མཁས་རློམ་ཐམས་ཅད་ཀྱི། །ཡིད་ལ་ཞུམ་པ་བསྐྱེད་པར་མ་བྱས་སམ། །གཉིས་པ་རྟེན་ཕྱིར་མི་ལྡོག་པའི་གང་ཟག་ལ། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་ལ་རྟེན་གྱི་གང་ཟག་ཕྱིར་མི་ལྡོག་པའི་ཚུལ། རྟགས་ཀྱི་རང་བཞིན་བཤད་པའོ། །དང་པོ་ལ་དམན་པའི་དང༌། མ་ངེས་པའི་དང༌། ངེས་པའི་རིགས་ལ་གནས་པའོ། །དང་པོ་ནི་ལྡོག་ངེས་པས་ཕྱིར་མི་ལྡོག་དུ་མི་བཞག་གོ །གཉིས་པ་ལ་རྣོན་པོ་སྦྱོར་ལམ་ནས་མི་ལྡོག་སྟེ། འགྲེལ་ཆེན་ལས་ལ་ལ་རིགས་མ་ངེས་པ་ཡིན་ཡང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་ཡང༌། ཐབས་གྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པ་ཡིན་ནོ་ཞེས་སོ། །རྟུལ་པོ་ས་བརྒྱད་པ་ནས་ངེས་ཏེ། དེ་ཉིད་ལས། ས་བརྒྱད་པ་ལ་ནི་ཐམས་ཅད་ཕྱིར་མི་ལྡོག་པར་ངེས་པ་ཉིད་དུ་བཞག་པའི་ཕྱིར་རོ་ཞེས་སོ། །འབྲིང་པོ་མཐོང་ལམ་ནས་ངེས་སོ། །གསུམ་པ་ནི། །ཐེག་ཆེན་གྱི་རིགས་ལ་གནས་པའོ། །འདི་ལ་རིགས་དང་རྟོགས་པའི་སྟོབས་ཀྱིས་མི་ལྡོག་པ་གཉིས་ལས། སྔ་མ་ནི། དང་པོ་སེམས་བསྐྱེད་པ་ནས་འཐོབ་ལ། ཕྱི་མ་ནི་སྦྱོར་ལམ་ནས་འཐོབ་བོ། །ཐེག་ཆེན་གྱི་རིགས་ལ་གནས་པ་ནི་རྟགས་ལས་ཤེས་ཏེ། རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །བཟོད་པ་དང་ནི་མོས་པ་དང༌། །དགེ་བ་ཡང་དག་སྦྱོང་བ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་པ་ལྟར་རོ། །གཉིས་པ་ལ། གང་གིས་མི་ལྡོག་པ་དང༌། གང་ལས་མི་ལྡོག་པ་དང༌། ཕྱིར་མི་ལྡོག་པའི་དོན། དང་པོ་ལ། བསམ་པ་དང༌། སྦྱོར་བས་ཕྱིར་མི་ལྡོག་པ་གཉིས་ལས་དང་པོ་ནི་ངེས་པའི་རིགས་ཅན་གྱིས་ཐར་ཆ་ནས་འཐོབ་ལ། མ་ངེས་པའི་རིགས་ཅན་གྱིས་དབང་པོའི་རིམ་པས་སྦྱོར་ལམ་ལ་སོགས་གསུམ་ལ་རིམ་པར་འཐོབ་བོ། །སར་ཆུད་པ་ཐམས་ཅད་ཀྱང་བསམ་པས་མི་ལྡོག་པར་མཚུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མ་ངེས་པའི་རིགས་ཅན་རྟུལ་པོ་ནི་མ་དག་ས་བདུན་གྱི་རྗེས་ཐོབ་ཏུ་རང་དོན་ཡིད་བྱེད་ཀྱི་བསམ་པ་སྐྱེ་སྲིད་པའི་ཕྱིར་ཏེ། རྡོ་རྗེ་རྩེ་མོ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་བར། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་པ་ལྟར་རོ། །བསམ་པ་ལ་ཡང་གཉིས་ཏེ། སྙིང་རྗེ་ཆེན་པོ་དང་ཀུན་རྫོབ་བྱང་ཆུབ་སེམས་སོ། །གཉིས་པ་སྦྱོར་བས་མི་ལྡོག་པ་ནི། ངེས་པ་དང༌། མ་ངེས་པའི་རིགས་ཅན་ཐམས་ཅད་གྱིས་སྦྱོར་ལམ་ནས་ཐོབ་ཏེ། ཕྱི་ནང་གི་ཡོངས་འཛིན་གཉིས་ཀྱི་སྟོབས་ལས་ཐེག་ཆེན་གྱི་སྤྱོད་པ་མི་དོར་པའི་ཕྱིར་རོ། །གཉིས་པ་ལ་བྱང་ཆུབ་རྩམ་དང༌། ཁྱད་པར་ཅན་ལས་ནི་ལྡོག་པ་གཉིས་ལས་འདིར་ཐ་མ་བཟུང་ངོ༌། །གསུམ་པ་ནི་བསམ་སྦྱོར་གཉིས་ཀྱིས་དམན་པའི་བྱང་ཆུབ་ཀྱི་ཆེད་དུ་མི་འཇུག་པའོ། །གསུམ་པ་རྟགས་ཀྱི་དོན་ལ། ངོ་བོ་ངོས་བཟུང་བ། རྟགས་སུ་འགྱུར་བའི་ཚུལ། གཞན་གྱི་དོགས་པ་སྤང་བའོ། །དང་པོ་ནི་མཉམ་བཞག་དང་རྗེས་ཐོབ་གཉིས་ཏེ། ཕྱིར་མི་ལྡོག་པར་ཡིད་ཆེས་པར་བྱེད་པའི་རྒྱུ་ནི་འདི་གཉིས་ཁོ་ནར་ཟད་པའི་ཕྱིར་མཉམ་གཞག་ནི་རྟགས་སུ་མི་བཟུང་སྟེ། ཅི་ལྟར་གཞན་ཡིད་ཆེས་པར་བྱེད་པ་ཡིན་ཞེས་འབྱུང་བས་སོ་ཞེ་ན། དེས་ནི་གཞན་ངོར་མཉམ་བཞག་ཁོ་ན་རྟགས་སུ་མི་འགྱུར་བར་སྟོན་པ་ཡིན་གྱི་ཐམས་ཅད་དུ་རྟགས་སུ་འགོག་པ་ནི་མ་ཡིན་ཏེ། རང་ངོར་གདོན་མི་ཟ་བར་རྟགས་སུ་འགྱུར་བའི་ཕྱིར། གཞན་གྱིས་ཀྱང་རྗེས་ཐོབ་ཀྱི་མཚན་མ་ལས་མཉམ་བཞག་རྟོགས་ནས་དེ་ལས་ཕྱིར་མི་ལྡོག་པར་ངེས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རང་བཞིན་དང༌། འབྲས་བུའི་རྟགས་སོ། །དང་པོ་ནི། བྱང་ཆུབ་ཀྱི་རྒྱུ་ཚོགས་རྟགས་སུ་བཟུང་ནས་རྣལ་འབྱོར་པའི་སེམས་རྒྱུད་ལ། རྣམ་མཁྱེན་གྱི་ཡེ་ཤེས་འབྱུང་རུང་སྒྲུབ་པ་སྟེ། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལ་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་པའི་ཚུལ་དུ་རུང་བ་ཉིད་ཀྱི་རྗེས་སུ་དཔག་པར་ངེས་པར་བཟུང་བར་བྱའོ་ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་ཀྱི་རྒྱུ་ཚོགས་ནི་མཐའ་དག་བསྒྲལ་འདོད་ཀྱི་བསམ་པ་དང༌། སྙིང་རྗེ་ཁྱད་པར་ཅན་དང༌། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཏེ། རྣམ་མཁྱེན་གྱི་རྒྱུ་ནི་གསུམ་པོ་འདིས་བསྡུས་པའི་ཕྱིར་ཏེ། འཇུག་པ་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཞིང༌། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་སོ། གཉིས་པ་ནི་རྗེས་ཐོབ་ཀྱི་མཚན་མ་ལས་མཉམ་བཞག་གི་རྟོགས་པ་བསྒྲུབ་པ་སྟེ། ས་བཅུ་པ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དང་ལས་ཤེས། །ཞེས་པ་ལྟར་རོ། །ཡང་རང་དོན་དང༌། གཞན་དོན་གཉིས་སུ་ཡང་འགྱུར་ཏེ། དང་པོ་ནི་ཁྱབ་པ་རང་རྒྱུད་ལ་གཏན་ལ་ཕབ་ནས། གཞན་ལ་ཕྱོགས་ཆོས་མཐོང་བ་ན། ཕ་རོལ་པོ་ཕྱིར་མི་ལྡོག་པར་ངེས་པ་སྟེ། རྒྱུད་གཞན་གྲུབ་པ་ལས། རང་ལུས་བློ་སྔོན་འགྲོ་བ་ཡི། །བྱ་བ་མཐོང་ནས་གཞན་ལ་དེ། །འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར། །ཞེས་པའི་དོན་ནོ། གཉིས་པ་ནི། ཕྱོགས་ཆོས་མཐོང་ཞིང་ཁྱབ་པ་སྔར་མ་དྲན་གསར་དུ་དྲན་རུང་དུ་ཡོད་པ་ལ་རྟོགས་པའི་ཆོས་ཀྱི་སྤྱན་དང་ལྡན་པས། རྟགས་བཀོད་ནས་རྟགས་དགོད་པར་བྱ་བའི་ཡུལ་རང་ཉིད་དཔེར་བསྟན་ནས་ཕ་རོལ་པོ་ཕྱིར་མི་ལྡོག་པར་ངེས་པར་བྱེད་པའོ། །གཉིས་ཀ་ལ་ཡང་ཁྱབ་པ་རང་རྒྱུད་ལ་གཏན་ལ་ཕབ་དགོས་ཏེ། གཞན་དུ་ན་དཔེ་ལ་ཡང་དཔེ་གཞན་ཞིག་བསྒྲུབ་དགོས་པ་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །རྣམ་འགྲེལ་ལས། བརྗོད་དང་གཡོ་འགུལ་སོགས་མཐོང་ནས། །གཞན་སེམས་རྗེས་དཔག་མི་འགྱུར་ཏེ། །བདག་ལ་འབྲེལ་པ་མཐོང་མེད་ཕྱིར། །ཞེས་པ་དང༌། དེ་ལ་ཡང་ནི་དཔེ་གཞན་ཞིག །སྒྲུབ་བྱ་ཡིན་ཕྱིར་ཐུག་མེད་འགྱུར། །ཞེས་པ་ལྟར་རོ། །དེས་ན་ཕྱིར་མི་ལྡོག་ཐོབ་པ་ཁོ་ན་ལ་རྟགས་སུ་འགྱུར་ཏེ། གཞན་རྒྱུད་ལ་ཁྱབ་འབྲེལ་རྟོགས་མི་ནུས་པའི་ཕྱིར། ཡིད་ཆེས་སུ་འདོད་པ་ལྟར་ན་མཉམ་རྗེས་ཀྱི་འབྲེལ་པ་དངོས་པོའི་སྟོབས་ཀྱིས་རྟོགས་ཀྱང་ཕྱིར་མི་ལྡོག་དང་འབྲེལ་པ་ནི་ལུང་ལས་ངེས་པར་བྱ་བ་ཡིན་པས། ཁྱབ་འབྲེལ་རང་རྒྱུད་ལ་ཕབ་པ་ལ་མི་ལྟོས་སོ། །གསུམ་པ་ལ། སྦྱོར་ལམ་ཐོབ་ནས་མི་ལྡོག་པ་མི་འཐད་དེ། ས་ཐོབ་ཀྱང་ལྡོག་པར་བཤད་པའི་ཕྱིར་ཏེ། འཇམ་དཔལ་རྩ་རྒྱུད་ལས། རང་སངས་རྒྱས་དུ་མ་ས་བརྒྱད་པའི་བར་གྱི་བྱང་སེམས་ཀྱི་ས་ལས་ཡིད་སླར་ལོག་པར་གསུངས་པས་སོ། །ཞེ་ན་འདིས་ནི་ས་བརྒྱད་པའི་བར་གྱི་དཀའ་སྤྱད་རྟོགས་ནས་ཐེག་ཆེན་ལ་འཇུག་མ་ནུས་པར་བསྟན་གྱི་ས་ཐོབ་པ་ལོག་པར་བསྟན་པ་མ་ཡིན་ནོ། །འཕགས་པས་སྐད་ཅིག་མ་དགུ་པ་ལ་འགོག་པར་ལྟུང་བ་སྲིད་པར་བཤད་པ་མ་ཡིན་ནམ་ཞེ་ན། བརྒྱད་པ་ལ་ཚད་མེད་བཞི་མ་བསྒོམས་ན་ལྟུང་བ་སྲིད་ཀྱང་བསྒོམ་པའི་ཕྱིར། མི་ལྟུང་ཞེས་འདོད་པ་ཡིན་ནོ། །གལ་ཏེ་རྣམ་ངེས་ལས་ཐ་སྙད་ཀྱང་ཕལ་ཆེར་བློ་སྔོན་དུ་བཏང་ནས་གཞན་དུ་ཡང་བྱ་བར་ནུས་པའི་ཕྱིར་ཞེས་བཤད་པས་ཕྱི་རོལ་གྱི་མཚན་མ་ལས་སེམས་ཀྱི་ཡོན་ཏན་དཔོག་པ་འཁྲུལ་ལོ་ཞེ་ན། དེ་ནི་མཐའ་ལེགས་པར་མ་བརྟགས་པའི་ལུས་ངག་གི་ཐ་སྙད་ཙམ་ལ་དགོངས་ལ། འདིར་ནི་མཐའ་ལེགས་པར་རྟགས་ཀྱང་གཞན་དུ་མི་འགྱུར་བའི་རྗེས་ཐོབ་ཀྱི་མཚན་མ་ཁྱད་པར་ཅན་རྟགས་སུ་འདོད་ཅིང༌། དེ་ནི་ཕྱིར་མི་ལྡོག་མ་ཐོབ་པས་ཐ་སྙད་དེ་ལྟ་བུ་བཅོས་ཀྱང་བྱ་བར་མི་ནུས་པའི་ཕྱིར། རྣལ་འབྱོར་པ་རྣམས་ཀྱི་ཐ་སྙད་ནི། སེམས་ཅན་གདུལ་བའི་དགོས་པའི་དབང་མ་གཏོགས་པར་ཐམས་ཅད་དུ་མཉམ་བཞག་གི་རྟོགས་པ་དང་མཐུན་པས་ཀླན་ཀ་མི་འཇུག་གོ །དབང་པོ་རྣོན་པོས་སྦྱོར་ལམ་ནས་རྟགས་ཐོབ་པའི་ཕྱིར་མཐོང་ལམ་གྱི་རྟགས་སོགས་གྲུབ་ཟིན་བསྒྲུབས་པའི་མ་གྲུབ་པའི་རྟགས་སུ་འགྱུར་རོ་ཅེ་ན། རང་ངོར་རྟགས་མ་ཡིན་ཀྱང་ཡོན་ཏན་གྱི་ཚུལ་དུ་འབྱུང་ལ། གཞན་ངོར་ནི་རྟགས་སུ་ཡང་འགྱུར་པས་ཉེས་པ་མེད་དོ། །གཉིས་པ་ཡན་ལག་གི་དོན་ལ། མཚམས་སྦྱར་བ། དོན་བཤད་པའོ། །དང་པོ་ནི། ངེས་འབྱེད་ཆ་མཐུན་གྱི་འོག་ཏུ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད་བསྟན་ཏེ། ཅི་སྐད་བཤད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ལས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་འབྱུང་བས་སོ། །འབུམ་ཕྲག་གསུམ་པའི་འགྱུར་ལྟར་བཤད་དོ། །གཉིས་པ་ལ་རྟེན་གྱི་དབྱེ་བས་མདོར་བསྟན། རྟགས་ཀྱི་སྒོ་ནས་རྒྱས་པར་བཤད། ངོ་བོའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། འཁོར་བའི་གཡུལ་ལས་རྒྱལ་བས་དཔའ་བོ་གང་དག་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང༌། མཐོང་བའི་ལམ་དང་སྒོམ་པའི་ལམ་འཆད་པར་འགྱུར་བ་ལ་གནས་པའི་བྱང་སེམས་དེ་དག་ནི་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཏེ། རྟགས་ཉི་ཤུ་དང༌། བཅུ་དྲུག་དང་བརྒྱད་པོ་དེ་དང་དེ་རྟོགས་པའི་ཚུལ་གྱིས་གནས་པའི་ཕྱིར། དྲོད་སོགས་བཞིའི་རྟགས་སྦྱོར་ལམ་བཞི་ལ་སོ་སོར་བཞེད་པས་བཞི་ཞེས་སྨོས་ལ། མཐོང་ལམ་དང༌། སྒོམ་ལམ་གྱི་རྟགས་རྣམས་མཐོང་ལམ་སྐད་ཅིག་བཅུ་དྲུག་དང༌། སྒོམ་ལམ་དགུ་ལ་གྲངས་སོ་སོར་སྦྱོར་བར་བྱ་བ་མ་ཡིན་པས། སྦྱོར་ལམ་ལྟར་གྲངས་མ་སྨོས་སོ། །འདིར་གཞན་དག་ཕྱིར་མི་ལྡོག་པའི་སྦྱོར་ལམ་པར་མཚོན་པ་ལ། དོན་མངོན་རྟོགས་ལ་གནས་པའི་སེམས་དཔའ་མཚན་ཉིད་དུ་འགོད་པ་སོགས་ཀྱི་མཚོན་སྦྱོར་བྱེད་པ་ནི་མ་བརྟགས་པ་སྟེ། རྫོགས་པའི་བྱང་ཆུབ་ལས་མི་ལྡོག་ཅེས་འབྱུང་བས་ཕྱིར་མི་ལྡོག་པ་ཙམ་དུ་བསྒྲུབ་པར་བྱ་བ་ཡིན་གྱི་སྦྱོར་ལམ་པར་བསྒྲུབ་པ་ཡི་གེའི་དོན་མ་ཡིན་པའི་ཕྱིར། ཀུན་ལས་བཏུས་ལས། དོན་མངོན་པར་རྟོགས་པ་གང་ཞེ་ན། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ན་བདེན་པའི་དབང་དུ་བྱས་པའི་ཆོས་རྣམས་ཁོ་ན་ལ་ངེས་པར་སེམས་པའི་བཟོད་པ་ཆེན་པོ་ཐོབ་པ་སྟེ་ཞེས་འབྱུང་བས་སོ། །དོན་མངོན་རྟོགས་ནི་སྦྱོར་ལམ་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆུང་འབྲིང་ཆེ་གསུམ་དུ་ཕྱེ་བ་ལས། ཆེན་པོ་ཁོ་ནའི་དབང་དུ་བྱས་པར་གསུངས་པའི་ཕྱིར་མ་ངེས་པའི་སྐྱོན་ཡང་གནས་པ་ཡིན་ནོ། །གཉིས་པ་ལ་གསུམ་ཏེ། སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་སོ། །དང་པོ་ལ་མདོར་བསྟན་དང་རྒྱས་བཤད་དོ། །དང་པོ་ལ་མཚམས་སྦྱར་བ་ནི་གསུམ་པ་དེ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་མ་འདྲེས་པ་སོ་སོ་བ་གང་ཡིན་ཞེ་ན། རེ་ཤིག་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞེས་སོགས་སོ། །ཚིག་དོན་ནི་ཤེས་པར་བྱ་བ་ཡིན་ནོ། །གང་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་དོ། །རྣམ་པ་གང་གིས་ན། གཟུགས་ལ་སོགས་པ་ལས་ལྡོག་པ་དང༌། ཐེ་ཚོམ་མེད་པ་ལ་སོགས་པ་རྣམ་པ་ཉི་ཤུའོ། །གཉིས་པ་ལ་མཚམས་སྦྱར་བ་ནི། ཡང་ལྡོག་པ་ལ་སོགས་པའི་མཚན་ཉིད་ཅེས་སོ། །ཚིག་དོན་ནི་ཤེས་པར་བྱའོ། །གང་ན་དྲོ་བ་དང་རྩེ་མོ་དང༌། བཟོད་པ་དང༌། ཆོས་ཀྱི་མཆོག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །གང་དུ་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ། །གང་གིས་ཞེ་ན། རྟགས་ཉི་ཤུ་པོ་འདི་དག་གིས་སོ། །གང་ཞེ་ན་དྲོད་སོགས་བཞི་ལས་དང་པོ་དྲོད་ཀྱི་རྟགས་བཅུ་གཅིག་ནི། དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་ནི་ཆོས་ཅན། གཟུགས་ལ་སོགས་པའི་ཆོས་ལས་བདེན་ཞེན་མངོན་འགྱུར་བ་ལྡོག་པ་ཡིན་ཏེ། གཟུགས་སོགས་ངོ་བོ་ཉིད་མེད་པར་རྟོགས་པ་ཉིད་ཀྱིས་སོ། །བདེན་ཞེན་ལྡོག་པར་གང་གིས་མངོན་ཞེ་ན། བདེན་ཞེན་བཟློག་པའི་རྗེས་ཐོབ་ཀྱི་མཚན་མ་དམིགས་པའི་ཕྱིར། མ་ངེས་པ་མ་ཡིན་སྟེ། རྣལ་འབྱོར་པ་རྣམས་ཀྱི་ཐ་སྙད་ནི། ཐམས་ཅད་དུ་མཉམ་བཞག་གི་རྟོགས་པ་དང་མཐུན་པའི་ཕྱིར་རོ། །ཐམས་ཅད་ལ་སྦྱོར་ཚུལ་འདི་བཞིན་ནོ། །དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་ཐེ་ཚོམ་ཟད་པ་ཡིན་ཏེ། ཡོན་ཏན་ཤེས་ནས་དད་པ་ཐོབ་པས་སོ། །མི་ཁོམ་པ་བརྒྱད་དུ་སྐྱེ་བའི་རྒྱུ་ཟད་པ་ཡིན་ཏེ། དེར་མི་སྐྱེ་བའི་སྨོན་ལམ་གྲུབ་པས་སོ། །བརྒྱད་གང་ཞེ་ན། ལས་འབྲས་མེད་པའི་འཛིན་པ་ལོག་ལྟ་ཅན་དང༌། དམྱལ་བ་དང༌། ཡི་དྭགས་དང༌། དུད་འགྲོར་སྐྱེ་བ་དང༌། རྫོགས་པ་བྱེད་དུས་ཀྱི་སེམས་ཅན་སངས་རྒྱས་ཀྱི་བཀའ་མི་ཐོས་པ་དང༌། འཁོར་རྣམ་པ་བཞི་མེད་པའི་ཡུལ་མཐའ་འཁོབ་དུ་སྐྱེ་བ་དང༌། དབང་པོ་མ་ཚང་བ་སྤྱི་ཡིན་ལ། ཡིད་དབང་དང་ལྕེ་དབང་ལ་སྐྱོན་ཞུགས་པའི་གླེན་པ་དང༌། ལྐུག་པའི་དངོས་པོ་སྟེ་གསུམ་པོ་གཅིག་ཏུ་སྡུད་དོ། །ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བའོ། །བཤེས་སྤྲིང་གི་འགྲེལ་པར་གཟུགས་མེད་དུ་སྐྱེས་པའི་སོ་སྐྱེ་ལའང་བཤད་དོ། །བརྒྱད་པོ་འདི་རྣམས་ལམ་བསྒྲུབ་པའི་རྟེན་དུ་མི་རུང་བས་མི་ཁོམ་པ་ཞེས་བཤད་དོ། །བདག་ཉིད་དགེ་བ་གནས་ནས་གཞན་ཡང་དགེ་བའི་ཆོས་ལ་སྦྱོར་བར་བྱེད་དེ། གཞན་ལ་སྙིང་རྗེ་ཆེན་པོ་དང་ལྡན་པས་སོ། །སྦྱིན་པ་ལ་སོགས་པའི་དགེ་བ་དམིགས་ཡུལ་སེམས་ཅན་གཞན་གྱི་ཆེད་དུ་ཡོངས་སུ་བསྔོ་བར་བྱེད་དེ། བདག་གིས་བདེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ་བ་ཉིད་ཀྱིས་སོ། །སྔ་མ་རྣམས་སུ་མ་ཟད་ཟབ་མོའི་དོན་ལའང་སོམ་ཉི་མི་བྱེད་དེ་ཆོས་ཟབ་མོ་ཡང་དག་པར་རྟོགས་པས་སོ། །བྱམས་པས་ཟིན་པའི་ལུས་དང་ངག་དང༌། ཡིད་ཀྱི་ལས་གསུམ་དང་ལྡན་ཏེ། བསམ་སྦྱོར་གཉིས་ཀྱིས་གཞན་ལ་ཕན་པ་བྱེད་པ་ཉིད་དུ་ཞུགས་པ་ཉིད་ཀྱིས་སོ། །སྒྲིབ་པ་ལྔ་པོ་དག་དང་ནམ་ཡང་མི་འགྲོགས་ཏེ། བསླབ་པ་གསུམ་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་ཐོབ་པས་སོ། །ལྔ་པོ་གང་ཞེ་ན། ཚུལ་ཁྲིམས་ཀྱི་བར་དུ་གཅོད་པ་འདོད་པའི་ཡོན་ཏན་ལ་སྲེད་པའི་འདུན་པ་དང༌། གཞན་ལ་མནར་སེམས་པའི་གནད་སེམས་སོ། །ཞི་གནས་ལ་བར་དུ་གཅོད་པ་ནང་དུ་ཞུམ་པར་བྱེད་པ་གཉིད་དང༌། རང་སེམས་མི་གསལ་བའི་རྨུགས་པའོ། །ལྷག་མཐོང་གི་བར་དུ་གཅོད་པ་སེམས་ཕྱིར་འཕྲོ་བའི་རྒོད་པ་དང༌། ངན་པ་བྱས་པ་ཡིད་ལ་གཅགས་པའི་འགྱོད་པའོ། །བཏང་སྙོམས་ཀྱི་བར་དུ་གཅོད་པ་ཐེ་ཚོམ་མོ། །གཉིད་རྨུགས་གཉིས་དང་རྒོད་འགྱོད་གཉིས་སྒྲིབ་པ་རེ་རེར་བཞག་པ་ནི། རྒྱུ་དང་བྱེད་ལས་དང་གཉེན་པོ་གཅིག་པའི་ཕྱིར། མ་རིག་པ་དང༌། ལྟ་བའི་བག་ལ་ཉལ་སོགས་པ་འཇོམས་པ་སྟེ། གཉེན་པོ་སྟོང་པ་ཉིད་རྣམ་པར་བསྒོམས་པ་ཉིད་ཀྱིས་སོ། །འདོད་སྲེད་གྱི་ཟག་པ་ནི་མ་ཡིན་ཏེ། བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ཕྱིར་ཏེ། འདིས་ནི་གཞན་དོན་དུ་སྲིད་བར་སྐྱེ་བ་ལེན་པའི་རྒྱུ་ཡང་གསལ་བར་བྱས་སོ། །སྤྱོད་ལམ་ཀུན་དུ་དྲན་པ་དང་ཤེས་བཞིན་དང་ལྡན་པ་ཡིན་ཏེ། བླང་དོར་གྱི་གནས་ལ་རྟག་ཏུ་སེམས་མ་ཡེངས་པར་མཉམ་པར་བཞག་པ་ཉིད་ཀྱིས་སོ། །རྟག་ཏུ་ཆོས་ཉིད་ལ་མཉམ་པར་བཞག་པར་སྟོན་པ་ནི་མ་ཡིན་ནོ། །ཆོས་གོས་དང་མལ་ཆ་ལ་སོགས་པ་ཡོངས་སུ་སྤྱོད་པ་ལ་གཞན་གྱིས་སྨད་དུ་མེད་པས་གཙང་པ་དང་ལྡན་ཏེ། ཕྱི་ནང་གི་གཙང་སྦྲ་ཀུན་ཏུ་སྤྱོད་པ་ཉིད་ཀྱིས་སོ། །འདི་དག་ནི་དྲོད་ཀྱི་རྟགས་རྣམ་པ་བཅུ་གཅིག་གོ །གཉིས་པ་རྩེ་མོའི་རྟགས་ལ་ལུས་རྣམ་དག་དང༌། སེམས་དང་སྤྱོད་པ་དང༌། སྒྲུབ་པ་དང་རྣལ་འབྱོར་དང༌། བསམ་པ་རྣམ་དག་གོ །དང་པོ་ནི་རྩེ་མོ་ལ་གནས་པ་ཆོས་ཅན། ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་སྟེ། དགེ་བའི་རྩ་བ་འཇིག་རྟེན་ཐ་མལ་པ་ལས་མངོན་པར་འཕགས་པ་ཐོབ་པ་ཉིད་ཀྱིས་སོ། །གཉིས་པ་ནི་ཉན་རང་གི་ས་ཡིད་ལ་བྱེད་པ་སོགས་གྱ་གྱུའི་སེམས་མེད་པ་ཡིན་ཏེ། དགེ་བའི་རྩ་བ་ཐེག་ཆེན་གྱི་སེམས་རྣམ་པར་དག་པ་ཐོབ་པས་སོ། །གསུམ་པ་ནི་ཕྱག་དར་ཁྲོད་དང་བསོད་སྙོམས་པ་ལ་སོགས་སྦྱངས་པའི་ཡོན་ཏན་ཡང་དག་པར་ལེན་པར་བྱེད་དེ། རྙེད་པ་དང་བསྐུར་བསྟི་ལ་སོགས་པ་ལ་མི་ལྟ་བའི་སེམས་ཐོབ་པ་ཉིད་ཀྱིས་སོ། །བཞི་པ་ནི་སྦྱིན་སོགས་དེ་དག་དང་འགལ་བ་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་མེད་པ་ཡིན་ཏེ། སྦྱིན་པ་ལ་སོགས་པ་དྲུག་གི་ཁྱད་པར་མཆོག་ཏུ་བསྒྲུབས་པས་སོ། །ལྔ་པ་ནི་ཆོས་ཉིད་དང་མི་འགལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་བྱང་ཆུབ་དུ་འགྲོ་བ་ཡིན་ཏེ། གཟུགས་སོགས་ཆོས་ཐམས་ཅད་སྟོང་ཉིད་དུ་ཡང་དག་པར་སྡུད་པ་ཉིད་ཀྱིས་སོ། །དྲུག་པ་ནི། གཞན་གྱི་དོན་དུ་དམྱལ་བ་ཡང་འདོད་པར་བྱེད་དེ། སྙིང་རྗེས་འགྲོ་བ་ཐམས་ཅད་བུ་བཞིན་དུ་བདག་ཉིད་ཀྱིར་བྱས་པ་ཉིད་ཀྱིས་སོ། །བཟོད་པའི་རྟགས་ལ་རང་གི་ལམ་མི་འདོར་པ་དང༌། གཞན་གྱི་ལམ་ལ་མི་འཇུག་པའོ། །དང་པོ་ནི་བཟོད་པ་ལ་གནས་པ་ཆོས་ཅན། བདུད་ལ་སོགས་པ་གཞན་གྱིས་ལམ་གཞན་ལ་བཀྲིར་མི་གཏུབ་སྟེ། སྟོང་ཉིད་རྟོགས་པ་ལ་ཡིད་ཆེས་བརྟན་པོ་ཐོབ་པའི་ཆོས་ཉིད་ཀྱིས་སོ། །གཉིས་པ་ནི། ཕྱིན་དྲུག་དང་འགལ་བ་ལམ་ལྟར་བཅོས་མ་ཉེ་བར་སྟོན་པའི་བདུད་ལ་བདུད་ཉིད་དུ་རྟོགས་པ་ཡིན་ཏེ། སངས་རྒྱས་ཉིད་ཀྱི་ཐབས་ཕྱིན་དྲུག་ཤེས་པ་ལ་མཁས་པ་ཉིད་ཀྱིས་སོ། །འདི་ནི་བཟོད་པའི་རྟགས་རྣམ་པ་གཉིས་སོ། །ཆོས་མཆོག་གི་རྟགས་ནི། ཆོས་མཆོག་ལ་གནས་པ་ནི་ཆོས་ཅན། སྤྱོད་པ་ཐམས་ཅད་ལ་སངས་རྒྱས་དགྱེས་པ་ཐོབ་པ་ཡིན་ཏེ། ཤེས་རབ་ཀྱི་སྟོབས་ཀྱིས་འཁོར་གསུམ་ལ་མཚན་མར་འཛིན་པ་རྣམ་པར་དག་པ་ཐོབ་པས་སོ། །རྟགས་འདི་དག་གང་རུང་རེ་རེས་ཀྱང་སྒྲུབ་ནུས་སམ་ཐམས་ཅད་དགོས་ཞེ་ན། སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཐབས་ཤེས་གཉིས་ལ་མི་འཁྲུལ་པའི་རྟགས་གཉིས་ཀྱིས་ཀྱང་སྒྲུབ་ནུས་ལ། མང་དུ་གསུངས་པ་ནི་གདུལ་བྱའི་བསམ་པའི་བྱེ་བྲག་ལ་ལྟོས་ནས་བཤད་དོ། །གཉིས་པ་མཐོང་ལམ་ལ་གནས་པའི་རྟགས་བཤད་པ་ལ་མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ལ་མཚམས་སྦྱར་བ་ནི། ངེས་པར་འབྱེད་པའི་ཞེས་སོགས་སོ། །ཚིག་དོན་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་དག་ཡིན་ནོ། །གང་གི་ཞེ་ན་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་རྣམས་ཀྱིའོ། །གང་ན་སྡུག་བསྔལ་སོགས་བདེན་པ་བཞིའི་སྒོ་ནས་ཆོས་བཟོད་བཞི་དང༌། རྗེས་སུ་ཤེས་པའི་བཟོད་པ་བཞི་དང༌། ཤེས་པ་བརྒྱད་དེ། སྐད་ཅིག་མ་བཅུ་དྲུག་གི་མིང་ཅན་ནིའོ། །གཉིས་པ་རྒྱས་པར་བཤད་པ་ལ་མཚམས་སྦྱར་བ་ནི། སྐད་ཅིག་མ་ཞེས་སོགས་སོ། །གཉིས་པ་ཚིག་གི་དོན་ལ་རྟགས་ཀྱི་རབ་དབྱེ་དང༌། རྟགས་སུ་གཟུང་བྱ་ངོས་བཟུང་བའོ། །དང་པོ་ལ་བཞི་ལས། སྡུག་བདེན་གྱི་སྐད་ཅིག་མའི་རྣམ་པ་ནི། མཐོང་ལམ་ལ་གནས་པ་ཆོས་ཅན། གཟུགས་ལ་སོགས་པའི་ཆོས་སུ་བདེན་པར་རྟོག་པ་ལས་ལྡོག་པ་ཡིན་ཏེ། གཟུགས་སོགས་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རྟོགས་པ་ཉིད་ཀྱིས་སོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བརྟན་པ་ཉིད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཐོབ་པས་སོ། །ཉན་རང་གི་ཐེག་པ་ལས་སེམས་རྣམ་པར་ལོག་པ་ཡིན་ཏེ། ཐེག་པ་ཆེན་པོའི་ཆོས་ཁྱད་པར་ཅན་ཐབས་ཤེས་ཟུང་འབྲེལ་དུ་བསྒྲུབས་པས་སོ། །མཐོང་ཆོས་ལ་བདེར་གནས་ཀྱི་དོན་དུ་བསམ་གཏན་དང་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་ལ་སོགས་པ་ལ་འཇུག་ཀྱང་དེའི་དབང་གིས་སྐྱེ་བའི་ཡན་ལག་ཡོངས་སུ་ཟད་པ་ཡིན་ཏེ། ཆོས་རྣམས་སྟོང་པ་ཉིད་དུ་རབ་ཏུ་རྣམ་པར་འབྱེད་པའི་མཐུ་ཐོབ་པས་སོ། །དང་པོ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཡིན་ནོ། །གཉིས་པ་ཀུན་འབྱུང་གི་སྐད་ཅིག་མའི་རྣམ་པ་ཡིན་ནོ། །ཇི་ལྟར་འདོད་པ་བཞིན་ལུས་སེམས་དགེ་བ་ལ་བཀོལ་དུ་རུང་བས་ལུས་དང་སེམས་ཡང་བ་ཐོབ་བ་ཡིན་ཏེ། མཐོང་སྤང་གི་མི་དགེ་བ་དང་བྲལ་བ་ཉིད་ཀྱིས་སོ། །འདོད་པའི་ཡོན་ཏན་ལ་མངོན་པར་ཞེན་པ་མེད་པར་ཉེ་བར་སྤྱོད་པར་བྱེད་དེ། ཆགས་པ་ཅན་གྱི་སེམས་ཅན་གདུལ་བའི་ཐབས་ལ་མཁས་པའི་མཐུ་ཐོབ་པས་སོ། །རྟག་ཏུ་ཚངས་པར་སྤྱོད་པ་ལ་འཛུགས་པ་ཉིད་དེ། ཡུལ་གྱི་ཉེས་དམིགས་འདི་ཕྱིའི་སྡུག་བསྔལ་བསྐྱེད་པ་སོགས་མཐོང་བས་སོ། །འཚོ་བའི་ཡོ་བྱད་ཡང་དག་པར་རྣམ་པར་དག་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་དབང་བའི་སྐྱེས་བུ་དམ་པའི་ཆོས་ཉིད་ཅན་ཡིན་པ་ཉིད་གྱིས་སོ། །བཞི་པོ་ཀུན་འབྱུང་གི་རྣམ་པ་ཡིན་ནོ། །གསུམ་པ་འགོག་པའི་སྐད་ཅིག་མའི་རྣམ་པ་ནི། ཤེས་བྱ་ཕུང་པོ་སོགས་དང༌། མི་མཐུན་ཕྱོགས་དང༌། གཉེན་པོ་རྣམ་བྱང་དང༌། མིང་ལ་ཞེན་པ་འགོག་པའོ། །དང་པོ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་མདོ་ལས་སྦྱོར་བ་དང་རྗེས་སུ་སྦྱོར་བ་དག་དུ་མི་བྱའོ་ཞེས་གསུངས་པ་དེ་ལྟར་དུ་དང་པོར་ཞེན་པས་སྦྱོར་བ་དང༌། རྒྱུན་དུ་ཞེན་པས་རྗེས་སུ་སྦྱོར་བའོ། །སྡུག་ཀུན་ལ་དང་པོར་སྦྱོར་བ་དང༌། འགོག་ལམ་ལ་རྗེས་སུ་སྦྱོར་བའི་ཚུལ་གྱིས་གནས་པ་སོ་སོར་བཀག་གོ །སོ་སོར་གྱི་སྒྲ་ནི་སྦྱོར་བ་དང་རྗེས་སུ་སྦྱོར་བ་གཉིས་ལ་སྦྱར་རོ། །བཀག་པའི་རྒྱུ་མཚན་ནི་ཕུང་པོ་སོགས་སྟོང་པ་ཉིད་དུ་མངོན་སུམ་དུ་རྟོགས་པ་ལ་གནས་པ་ཉིད་ཀྱིས་སོ། །གཉིས་པ་ནི་མཐོང་ལམ་གྱི་རྟོགས་པའི་བར་ཆད་བྱེད་པའི་ཆོས་རྣམས་ལ་སྔ་མ་སྦྱོར་བ་དང་རྗེས་སུ་སྦྱོར་བ་དག་ཏུ་མི་བྱ་ཞེས་པའི་ཚུལ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་ཏེ། མཐོང་ལམ་གྱི་མི་མཐུན་ཕྱོགས་བསལ་བར་བྱས་པ་ཉིད་ཀྱིས་སོ། །གསུམ་པ་ནི་མདོ་ལས་དམག་གི་སྒྲས་གསུངས་པའི་བྱང་ཆུབ་ཀྱི་རྒྱུ་ཚོགས་སྦྱིན་པ་ལ་སོགས་པ་ལ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གཏམ་ལ་གནས་པ་སོ་སོར་བཀག་ཏེ། རྣམ་པར་རྟོག་པའི་སྐྱོན་ཡོངས་སུ་ཤེས་པ་ཉིད་ཀྱིས་སོ། །བྱང་ཆུབ་ཀྱི་རྒྱུ་ཚོགས་ལ་དམག་གི་སྒྲས་གསུངས་པ་ནི་མང་པོ་ཡོངས་སུ་ཚོགས་པས་མི་མཐུན་ཕྱོགས་འཇོམས་པར་མཚུངས་ཕྱིར་རོ། །གཏམ་སྨོས་པ་ནི་མིང་ཙམ་དུ་རྟོགས་པའི་གཉེན་པོ་ཤེས་པའི་དོན་ནོ། །བཞི་པ་ནི་གནས་པ་རྗེས་སུ་བཀག་པ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་ནོ་ཞེས་འབྲེལ་ལོ། །གང་ལ་གནས་པ་བཀག་ཅེ་ན། གྲོང་གི་སྒྲས་དབང་པོ་དང་གྲོང་ཁྱེར་གྱི་སྒྲས་བསྟན་པའི་དབང་རྟེན་དང་སོགས་པ་ཡུལ་དང་བདག་དང་སྤང་གཉེན་གཡུལ་འགྱེད་པའི་གཏམ་ལ་སྔ་མ་སྦྱོར་བ་དང་རྗེས་སུ་སྦྱར་བ་དག་དུ་མི་བྱ་ཞེས་གསུངས་པ་བཞི་སྦྱོར་བ་དང་པོར་ཞེན་པ་དང་རྗེས་སུ་སྦྱོར་བ་རྒྱུན་ཏུ་ཞེན་པས་གནས་པའོ། །ཅིའི་ཕྱིར་ཞེ་ན། གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་སོ། །མདོ་ལས་གཡུལ་དང་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་དམག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་ཞེས་གསུངས་སོ། །མདོ་ལས་གཡུལ་འགྱེད་ཅེས་པ་ལོགས་སུ་བཅད་པས་དང་ཞེས་འབྱེད་པའི་སྒྲ་ཐོབ་པ་ཡིན་གྱི་ཡུལ་དྲུག་པའི་སྒྲ་ནི་མ་དག་སྟེ་མདོ་དང་མི་མཐུན་པས་སོ། །གཡུལ་གྱིས་སྤང་གཉེན་བསྟེན་ཏེ། གནོད་བྱ་དང་གནོད་བྱེད་ཡིན་པས་ཆོས་མཚུངས་པས་སོ། །དེ་ལ་གྲོང་གི་སྒྲས་དབང་པོ་བསྟན་ཏེ། གྲོང་སྐྱེས་བུའི་རྟེན་ཡིན་པ་ལྟ་དབང་པོས་དབང་ཞེས་ཀྱི་རྟེན་བྱེད་པས་སོ། །གྲོང་ཁྱེར་གྱིས་དབང་པོའི་རྟེན་འབྱུང་བ་བསྟེན་ཏེ། གྲོང་ཁྱེར་གྲོང་གི་རྟེན་ཡིན་པ་ལྟར་དེ་དག་ཀྱང་གྲོང་དང་འདྲ་བའི་དབང་པོའི་རྟེན་ཡིན་པས་སོ། །གྲོང་རྡལ་གྱིས་ཡུལ་བསྟན་ཏེ། ཚོང་འདུས་ཀྱི་གནས་ལ་གྲོང་རྡལ་ཞེས་བརྗོད་ལ་དེ་ནི་སྐྱེས་བུའི་འཇུག་ལྡོག་བྱ་ས་ཡིན་པ་ལྟར་ཡུལ་རྣམ་ཀྱང་རྣམ་པར་ཤེས་པའི་འཇུག་ལྡོག་བྱ་ས་ཡིན་པས་སོ། །གཏམ་གྱི་སྦྱོར་བ་དང་ཞེས་སོགས་ཀྱིས་འགོག་པ་ལ་རྗེས་བཟོད་ཀྱི་སྐབས་སུ་དབང་སོགས་ཀྱི་མིང་ལ་མངོན་པར་ཞེན་པ་སྤངས་པར་བསྟན་ནོ། །འགོག་པ་ལ་རྗེས་ཤེས་ཀྱི་སྐབས་འདིར། འབྲས་བུའི་རྣམ་སྨིན་དང་བྲལ་བའི་འགོག་པ་བཞི་ཐོབ་པར་འགྱུར་ཏེ། དབང་པོ་འགོག་པ་ནི་དང་པོའོ། །དབང་པོའི་རྟེན་འགོག་པ་ནི་གཉིས་པའོ། །དབང་ཡུལ་འགོག་པ་ནི་གསུམ་པའོ། །བདག་འགོག་པ་ནི་བཞི་པའོ། །འདི་དག་ཀྱང་མཐོང་སྤང་གི་རྣམ་སྨིན་དང་བྲལ་བའི་འགོག་པ་ཡིན་གྱི་མཐོང་ལམ་གྱི་གནས་སྐབས་ཡིན་པས་རྣམ་སྨིན་མ་ལུས་པ་དང་བྲལ་བ་ནི་མི་ཐོབ་སྟེ། རྒྱན་ལས། དབང་པོ་ལྔ་རྣམས་གཞན་འགྱུར་ན། །དོན་ཀུན་འཇུག །ཅེས་པའི་ཚུལ་གྱིས་ཡུལ་ཐམས་ཅད་པའི་བློ་འདིར་ཐོབ་པར་ཐལ་བས་སོ། །གང་ཡང་འདིར་སྤང་བྱའི་ཞེན་པ་ནི་དབང་སོགས་འགོག་པའི་འགོག་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་དག་གོ་ཞེས་འདོད་པ་ནི་གཞུང་དོན་ལ་མ་ཞུགས་པ་སྟེ། གཏམ་སྨོས་པ་ནི་དངོས་པོའི་རྣམ་པར་རྟོག་པ་སྡུག་ཀུན་ཤེས་པའི་དུས་སུ་བསལ་ཟིན་པས་གཏམ་ཙམ་གྱི་རྣམ་པར་རྟོག་པའི་གཉེན་པོའི་ཕྱོགས་བསྟན་ནོ། །ཞེས་གསུངས་པས་དབང་སོགས་ཀྱི་མིང་ཙམ་ལ་ཞེན་པ་སྤང་བྱར་བསྟན་པས་སོ། །འདིས་ནི་དབང་སོགས་དང་གཡུལ་འགྱེད་ཉིད་ལ་ཞེན་པ་སྤང་བྱར་འདོད་པ་ཡང་བསལ་བ་ཡིན་ནོ། །རྣམ་བཤད་བྱེད་པ་གཞན་དག་གིས་ནི་ཕྱོགས་སུ་མ་ཕྱིན་པར་སྣང་ངོ༌། །ཇི་སྐད་བརྗོད་པ་བཞི་པོ་འདི་ནི་འགོག་པའི་རྣམ་པ་ཡིན་ནོ། །བཞི་པ་ལམ་གྱི་སྐད་ཅིག་མའི་རྣམ་པ་ནི། སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་ལ་སྦྱོར་བ་སོགས་བཀག་སྟེ། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་ཁྱད་པར་ཅན་རྟོགས་པས་སོ། །བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་རྟོགས་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་དུ་རྟོགས་པས་སོ། །རང་གིས་ཐོབ་པའི་ས་གསུམ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ལ་ཇི་ལྟ་བ་བཞིན་དུ་ངེས་པ་ཉིད་ཀྱིས་གནས་པ་ཡིན་ཏེ། རང་གི་རྟོགས་པ་ལ་གཞན་གྱིས་མི་འཕྲོགས་པའི་མངོན་པར་ཡིད་ཆེས་པ་ཐོབ་པས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་རྣམ་མཁྱེན་གྱི་རྒྱུར་གྱུར་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བར་ནུས་ཏེ། མཐའ་གཅིག་ཏུ་རྣམ་མཁྱེན་གྱི་ཆེད་དུ་གཞོལ་བ་ཉིད་ཀྱིས་སོ། །བཞི་པོ་ནི་ལམ་གྱི་རྣམ་པ་ཡིན་ནོ། །གཉིས་པ་རྟགས་སུ་གཟུང་བྱ་ངོས་བཟུང་བ་ནི། ཇི་སྐད་བརྗོད་པའི་རྟགས་ཀྱི་མིང་གིས་མཉམ་གཞག་དང་མཉམ་བཞག་གི་མིང་གིས་བསྟན་པའི་རྗེས་ཐོབ་གཉིས་བསྟན་པ་ལས་དང་པོ་མཉམ་གཞག་ནི་གཙོ་བོར་རང་ལ་རྟགས་ཡིན་ལ་རྗེས་ཐོབ་ནི་ཐོག་མར་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ལ་གནས་པ་གཞན་ངོར་ཕྱིན་མི་ལྡོག་པར་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན་ནོ། །ཉེ་བར་བཏགས་ནས་བཤད་ཅེས་པ་ལ་བརྟེན་ནས་རྗེས་ཐོབ་ཁོ་ནར་འདོད་པ་མི་འཐད་དེ། ཐོག་མར་རྗེས་ཐོབ་ཀྱིས་མཉམ་གཞག་སྒྲུབ་པར་བྱས་ནས་གཞན་ལ་གདོན་མི་ཟ་བར་རྟགས་སུ་འགྱུར་བའི་ཕྱིར་རོ། །གལ་ཏེ་ཤེས་བཟོད་ཀྱི་སྐད་ཅིག་མ་རྣམས་རྟགས་སུ་བཤད་པས་མཉམ་བཞག་ཁོ་ནའོ་མཉམ་ན། འདིར་མཉམ་རྗེས་གཉིས་ལས། གཞན་ལ་རྟགས་སུ་བཟུང་བྱ་ནི་རྗེས་ཐོབ་ཡིན་པས་ཤེས་བཟོད་ཀྱི་མིང་གིས་ཉེ་བར་བཏགས་ནས་རྗེས་ཐོབ་ཡང་བཤད་དེ། རྒྱུ་མཚན་ནི་བདེན་བཞིའི་ཡུལ་ཅན་བཅུ་དྲུག་དུ་ཕྱེ་བ་དེ་ལྟར་ན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པའི་ཡེ་ཤེས་འདི་རྣམས་མཉམ་གཞག་དུ་ཡང་དག་པར་ཐོབ་པ་ན་རྗེས་ཀྱི་སེམས་ཀྱིས་བསྡུས་པ་མཉམ་བཞག་རང་དང་མཐུན་པའི་འབྲས་བུ་གཟུགས་ལ་སོགས་པའི་འདུ་ཤེས་བཟློག་པ་ལ་སོགས་པ་རྗེས་ཐོབ་ཀྱི་ཐ་སྙད་བཅུ་དྲུག་བསྐྱེད་པའི་ཕྱིར། ཇི་ལྟར་མཉམ་བཞག་དང་མཐུན་ཅེ་ན། དག་པ་འཇིག་རྟེན་པ་གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་ཡིན་པས་སོ། །རྗེས་ཀྱི་སེམས་ཀྱང་མཉམ་བཞག་ལྟར་གཞན་གྱིས་མི་རྟོགས་སོ། །ཅེ་ན། རྗེས་ཀྱི་སེམས་ནི་ལུས་ངག་གི་མཚན་མ་ལས་རྟོགས་ཏེ། རྣམ་པར་རིག་བྱེད་ལས་ཀུན་སློང་གི་ཤེས་པ་རྟོགས་པ་བཞིན། མཉམ་བཞག་ནི་དེ་ལྟར་དུ་རྟོགས་པར་སླ་བ་མ་ཡིན་ནོ། །ཡང་ན་ལུས་ངག་གི་ཐ་སྙད་ཉིད་ལ་བཟུང་ངོ༌། །དགོས་པ་ནི་བདེན་པ་མཐོང་བའི་རྣལ་འབྱོར་པ་རྣམས་ཀྱི་རྗེས་ཐོབ་ཀྱི་ཐ་སྙད་ནི་གནས་སྐབས་ཐམས་ཅད་དུ་མཉམ་བཞག་གི་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །ཐམས་ཅད་དུ་དེ་ལྟར་ངེས་སམ་ཞེ་ན། སེམས་ཅན་གདུལ་བའི་དགོས་པའི་དབང་གིས་རྗེས་སུ་ཆགས་པའམ་ཁོང་ཁྲོ་བའི་ལུས་ངག་གི་རྣམ་པ་སྟོན་པ་སོགས་ནི་མ་གཏོགས་སོ། །དངོས་ལ་གནོད་བྱེད་ནི། འདིར་བསྟན་རྟགས་ལ་མཉམ་བཞག་གི་མིང་གིས་བཏགས་ནས་བཤད་པའི་རྗེས་ཐོབ་ཡོད་པ་དེ་ལྟ་མ་ཡིན་པར་མཉམ་བཞག་ཁོ་ན་ཡིན་ན། ཤེས་བཟོད་སྐད་ཅིག་མའི་མིང་ཅན་རྣམས་ཆོས་ཅན། ཁྱོད་ལ་གཞན་ཕྱིར་མི་ལྡོག་པར་ཡིད་ཆེས་པར་བྱེད་པའི་མཚན་ཉིད་འབྲས་བུའི་རྟགས་ཇི་ལྟར་ཡོད་པ་ཡིན་ཏེ་མ་ཡིན་པར་ཐལ། རྣལ་འབྱོར་པའི་རྒྱུད་ལ་སོ་སོ་རང་གིས་རིག་པའི་མཉམ་བཞག་ཁོ་ན་ཡིན་པའི་ཕྱིར། སྔོན་ཆད་གཞན་གྱི་བཤད་ཤེས་པ་མ་བྱུང་ངོ༌། །གསུམ་པ་སྒོམ་ལམ་ལ་གནས་པའི་རྟགས་བཤད་པ་ལ་གཉིས་ཏེ། སྒོམ་ལམ་གཏན་ལ་དབབ་པ་དང༌། རྟགས་ཀྱི་དོན་དངོས་སོ། །དང་པོ་ལ་ཁྱད་པར་བྱེད་ཆོས་ཁྱད་གཞི་དབྱེ་བའོ། །དང་པོ་ལ་མཚམས་སྦྱར་བ་ནི་སྐྱེ་བའི་རིམ་པ་ལྟར་ན་མཐོང་ལམ་པའི་རྟགས་དེའི་འོག་ཏུ་སྒོམ་པའི་ལམ་ལ་གནས་པ་ཕྱིར་མི་ལྡོག་པར་བཤད་པར་བྱ་བ་ཡིན་པ་ལས་རེ་ཞིག་ཐོག་མར་སྒོམ་པའི་ལམ་གྱིས་ཁྱད་པར་བྱེད་ཆོས་བསྟན་ཏེ། ལུགས་ལས་ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་སྐྱེ་ཞེས་འབྱུང་བའི་ཕྱིར། གཉིས་པ་རྩ་བ་ལ་ཚིག་སྐང་དང་པོས་ཟབ་པར་བསྟན། གཉིས་པས་ཟབ་པའི་ངོ་བོ། ཐ་མ་གཉིས་ཀྱིས་ཟབ་པའི་རྒྱུ་མཚན་བསྟན་ནོ། །མདོ་ནི་གང་ལ་གནས་ཤིང་དྲན་པ་ཉེ་བར་བཞག་པ་ནས་རྣམ་མཁྱེན་གྱི་བར་རྫོགས་པར་བགྱིད་པའི་གནས་ཟབ་མོ་རྣམས་བསྟན་དུ་གསོལ་ཞེས་སོ། །གསུམ་པ་ཚིག་དོན་ནི་སྒོམ་པའི་ལམ་ནི་ཟབ་པ་ཡིན་ཏེ་ཟབ་མོ་མངོན་སུམ་དུ་མཐོང་ཟིན་བསྒོམ་པ་ཉིད་དང་ལྡན་པའི་ཕྱིར་ཟབ་མོ་ངོ་བོར་ལྡན་པས་ཁྱད་པར་དུ་འཕགས་པར་སྨྲ་བ་ནི་མ་ཡིན་ཏེ། འདིར་ཟབ་མོ་ནི་སྟོང་པ་ཉིད་ཡིན་པས་དེ་ནི་ཉན་རང་གི་སྒོམ་ལམ་ལ་ཡང་ལྡན་པའི་ཕྱིར་རོ། །ཟབ་མོ་རྟོགས་པར་བྱེད་པ་ལ་འདོད་ན་དངོས་པོ་བརྗོད་དུ་མེད་པ་ལ་ཞེས་པའི་རྩོད་པ་མ་འབྲེལ་བར་འགྱུར་རོ་ཞེ་ན་དེ་ནི་ཟབ་མོའི་ཡུལ་ཅན་ལ་ཟབ་པར་བཏགས་ནས་བརྗོད་པའི་ཚིག་གིས་ཟིན་པའི་ཚུལ་ལ་རྩོད་པ་ཡིན་ནོ། །གཉིས་པ་ནི། ཟབ་མོ་གང་ཞེ་ན་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་ལ་སོགས་པའོ། །གསུམ་པ་ནི་སྟོང་པ་ཉིད་ལ་སོགས་པ་གང་ཡིན་པ་དེ་ནི་ཆོས་ཅན། ཟབ་མོ་ཡིན་ཏེ་སྒྲོ་འདོགས་པ་དང་བསྐུར་པ་འདེབས་པའི་མཐའ་ལས་གྲོལ་བ་ཉིད་ཀྱི་ཕྱིར་རོ། །སྒྲུབ་བྱེད་གོ་རིམ་བཞིན་དུ་བསྟན་པ་ནི་སྟོང་པ་ཉིད་ལ་སོགས་པ་ལ་ཡང་གཟུགས་མེད་དེ་སྟོང་པ་ཉིད་ནི་དངོས་པོའི་མཚན་མ་དང་བྲལ་ལ་གཟུགས་སོགས་ནི་དངོས་པོའི་མཚན་མ་དང་འབྲེལ་པའི་ཕྱིར་རོ། །ཕྱོགས་ཀྱི་གླང་པོས། གཟུགས་ནི་སྟོང་ཉིད་མི་རིགས་ཏེ། །ཕན་ཚུན་དུ་ནི་འགལ་བ་ཉིད། །སྟོང་ཉིད་ཅེས་བྱ་གཟུགས་དང་བྲལ། །གཟུགས་ནི་རྣམ་པ་དང་འབྲེལ་ཡིན། །ཞེས་པ་ལྟར་རོ། །སྟོང་པ་ཉིད་ལ་སོགས་པ་གཟུགས་ལས་གཞན་པ་ཡང་མ་ཡིན་ཏེ་སྟོང་པ་ཉིད་ལ་གཟུགས་ལ་སོགས་པར་སྣང་བའི་ཕྱིར། གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ་ཞེས་པ་ལྟར་རོ། །གཉིས་པ་ལ་མཚམས་སྦྱར་བ་ནི་དེ་ལྟར་ཞེས་སོགས་སོ། །རྩ་བ་ལ་དང་པོ་གཉིས་ཀྱིས་ཡུལ་དང་ཐ་མ་གཉིས་ཀྱིས་རྣམ་པ་དང་ཡུལ་ཅན་བསྟན་ནོ། །མདོ་ནི་གནས་ཟབ་མོ་འདི་ལྟ་བུ་དང་ལྡན་པའི་ཤེར་ཕྱིན་ལ་ཡང་དང་ཡང་དུ་སེམས་པ་དང་འཇལ་བ་དང་ངེས་པར་རྟོག་པར་བྱའོ་ཞེས་སོ། །ཚིག་དོན་ནི་སྒོམ་པའི་ལམ་ཡིན་ནོ། །གང་ཞེ་ན་ཡང་དང་ཡང་དུ་སེམས་པ་དང་འཇལ་བ་དང་ངེས་པར་རྟོགས་པ་དག་ནིའོ། །ཡུལ་གང་ལ་རྟོག་ཅེ་ན་ངེས་པར་འབྱེད་པ་དང་མཐོང་བའི་ལམ་ལ་སོགས་པ་གསུམ་ལ་ངེས་པར་མཐོང་བའི་དོན་ཇི་སྐད་བརྗོད་པའི་ཟབ་མོ་རྣམས་ལའོ། །བློ་གང་གིས་ཞེ་ན་ལུང་ལ་?རྟེན་པ་ཐོས་པའི་ཤེས་རབ་དང༌། རིགས་པ་ལ་བརྟེན་པ་བསམ་པའི་ཤེས་རབ། མྱོང་བའི་སྟོབས་ལས་བྱུང་བ་སྒོམ་བྱུང་གི་ཤེས་རབ་དག་གམ་ཡང་ན་ཏིང་ངེ་འཛིན་གྱི་སྦྱོར་བ་དང་དངོས་གཞི་དང་རྗེས་ལས་བྱུང་བའི་ཤེས་རབ་ཀྱིས་གོ་རིམ་བཞིན་དུའོ། །སྒོམ་ལམ་དེ་ཉིད་དེའི་ཡུལ་ཇི་ལྟར་ཡིན་ཞེ་ན། རྒྱུན་ཆགས་པ་ཉིད་ཀྱིས་སྔ་མ་ཕྱི་མའི་ཡུལ་ཡིན་ནོ། །ཅིའི་ཕྱིར་སྔ་མ་ཕྱི་མའི་ཡུལ་དུ་བསྟན་ཅེ་ན་སྒོམ་ལམ་ཕྱི་མ་རྣམས་ལམ་གསུམ་གྱིས་རྟོགས་པའི་ཆོས་ཉིད་གོམས་པར་བྱེད་པས་མཉམ་རྗེས་རྟོག་རིགས་ཐ་དད་མེད་པར་བསྟན་པའི་དོན་ནོ། །གསུམ་པ་ལ་དངོས་ཀྱི་དོན་དང༌། རྩོད་པ་སྤོང་བའོ། །དང་པོ་ལ་མཚམས་སྦྱར་བ་ནི་སྒོམ་ལམ་དེ་རྣམ་པ་དུ་ཞིག་ཡོད་ཅེ་ན་རྩ་བ་ལ་དབྱེ་བར་ནུས་པའི་རྒྱུ་དང༌། ཇི་ལྟར་འབྱེད་པའི་ཚུལ་དང༌། རྒྱུ་གང་གིས་འབྱེད་པ་དང༌། དགུར་དབྱེ་བ་བཞིས་བསྟན་ནོ། །མདོ་ནི་ཡུལ་ཟབ་མོ་ཇི་སྐད་བསྟན་པ་ལ་བརྩོན་པར་བྱེད་ན་དེའི་བསོད་ནམས་མང་དུ་འཕེལ་ལོ། །ཞེས་སོགས་སོ། །གསུམ་པ་ཚིག་དོན་ལ་སྒོམ་པའི་ལམ་རྣམ་པ་དགུ་ཡིན་ནོ། །ཇི་ལྟར་དགུར་དབྱེར་ནུས་ཅེ་ན། སྤང་བྱའི་གྲངས་བཞིན་དུ་ས་དགུ་དག་ཏུ་རྣམ་པ་དགུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་རོ། །ས་དགུ་དང་སྒོམ་ལམ་དགུ་གྲངས་བཞིན་དུ་ཞེས་སྦྱོར་བ་ནི་མི་འཐད་དེ། བསྒོམ་ལམ་ཆུང་ངུ་འདོད་པ་དང་ཆེན་པོ་ནི་སྲིད་རྩེ་ལ་བརྟེན་པར་མ་ངེས་པའི་ཕྱིར་རོ། །རྒྱུ་གང་གིས་དགུར་དབྱེ་ན་དོན་དམ་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་དུ་ཟིན་ཀྱང་ཀུན་རྫོབ་དུ་རྣམ་པའི་སྒོ་ནས་སྔར་བསྟན་པ་དེ་ལྟར་རྣམ་པར་རྟོག་པའི་གཉེན་པོའི་དབྱེ་བ་ལས་སོ། །འགྲེལ་ཆེན་ལས་དོན་དམ་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་དུ་ཟིན་ཀྱང་ཞེས་གསུངས་པའི་དོན་ནོ། །རྟོག་པའི་དབྱེ་བ་ལས་ཇི་ལྟར་དགུ་ཡིན་ཞེ་ན། རྣམ་པར་རྟོག་པ་ལ་རྩ་བའི་དབྱེ་བ་ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམས་རེ་རེ་ལའང་ཡན་ལག་གི་དབྱེ་བ་ཆེན་པོ་དང་འབྲིང་དང་ཆུང་ངུའི་བྱེ་བྲག་གིས་ཐ་དད་པ་དགུ་ཡོད་པའི་ཕྱིར། རྟོག་པ་དེ་དག་གི་གཉེན་པོ་རྩ་བའི་དབྱེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཀྱང་ཡན་ལག་གི་དབྱེ་བ་རེ་རེ་ཞིང་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་ཐ་དད་པ་དགུ་ཡོད་པའི་ཕྱིར་རོ། །སྤང་གཉེན་གྱི་རིམ་པ་མི་འཐད་དོ་ཞེ་ན། མུན་པ་ཤིན་ཏུ་ཆེན་པོ་ནི་སྣང་བ་ཆུང་ངུས་སེལ་ལ་ཆུང་ངུ་ནི་ཆེན་པོས་སེལ་ཏོ་ཞེས་བྱ་བའི་དཔེས་འཐད་པ་ཡིན་ནོ། །བསྒོམ་སྤང་ཉོན་སྒྲིབ་གྱི་གཉེན་པོ་ཡང་དབྱེ་བར་རིགས་པས་དགུར་མ་ངེས་སོ་ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་འབྱུང་བའི་ཕྱིར་ཉེས་པ་མེད་དོ། །ས་ཐོབ་ནས་ཉོན་མོངས་མཚན་ཉིད་པ་མེད་པས། ཉོན་མོངས་སུ་བཤད་པ་དེ་དག་བག་ལ་ཉལ་གྱི་ཉོན་སྒྲིབ་ཡིན་ལ་དེ་ནི་ཤེས་སྒྲིབ་དུ་བཤད་དེ། རྒྱུད་བླར་ཤེས་སྒྲིབ་ཀྱི་ངོས་འཛིན་དུ་ཉེ་བའི་ཉོན་མོངས་བག་ཆགས་སོ་ཞེས་སོ། །གཉིས་པ་རྩོད་པ་སྤང་བ་ལ་གྲངས་ངེས་དང་བྱེད་པ་མ་རྩོད་པ་སྤང་བའོ། །དང་པོ་ལ་རྩོད་པ་ནི་ཇི་ལྟར་སྒོམ་ལམ་རྣམ་པ་དགུ་ཞེས་བྱ་སྟེ་མི་འཐད་པར་ཐལ། བྱེ་བྲག་དགུ་ལས་རྣམ་པ་མང་བ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར་ཏེ། འབྲས་བུ་དགུ་ལས་མང་བའི་ཕྱིར་ཏེ་རྒྱལ་བའི་ཡུམ་རྒྱས་འབྲིང་དེ་དང་དེ་ལས་སྒོམ་ལམ་གྱི་རྣམ་པ་རེ་རེའི་དབང་དུ་མཛད། འབྲས་བུ་བསོད་ནམས་གྲངས་མེད་པ་དང་གཞལ་དུ་མེད་པ་དང་ཚད་མེད་པ་སྐྱེ་བར་གསུངས་པའི་ཕྱིར་ཞེ་ན། གཉིས་པ་ལན་ལ་འཕགས་པ་ལྟར་ན། སྒོམ་ལམ་གྱི་རྣམ་པ་རེ་རེ་ལ་བསོད་ནམས་གྲངས་མེད་ལ་སོགས་སྐྱེ་བར་བསྟན་པ་རྣམས་དམ་པའི་དོན་དུ་བཟོད་པ་མ་ཡིན་ཏེ། དོན་དམ་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་མངོན་པར་བརྗོད་པས་ཀྱང་ཐ་མི་དད་པའི་ཕྱིར་ཞེས་རྩོད་པ་བཀོད་ནས་བསོད་ནམས་གྲངས་མེད་སོགས་དེ་དག་དོན་དམ་པར་མེད་ཀྱང་ཀུན་རྫོབ་དུ་ཐུགས་བརྩེ་བའི་རྒྱུ་མཐུན་དུ་ཐུབ་པས་བཞེད་དོ། །ཞེས་རྩོད་པ་ཁས་བླངས་པ་སྔོན་དུ་འགྲོ་བའི་ལན་བྱས་སོ། །མདོ་ནི་ཆོས་དེ་དག་ལ་དོན་དམ་པར་ཡི་གེས་ཐ་དད་དུ་བགྱི་བ་མ་དམིགས་ཞེས་པ་དང་རབ་འབྱོར་འོན་ཀྱང་བརྗོད་དུ་མེད་པའི་དོན་ལ་ཞེས་སོ། །སློབ་དཔོན་ལྟར་ན། རྩོད་པ་འདི་དོན་དམ་དང་ཀུན་རྫོབ་གང་ལ་རྟེན་ནས་རྒོལ། དང་པོ་ལྟར་ན་ཟབ་མོ་རྟོགས་པའི་མཚན་ཉིད་ཅན་དུ་ཇི་སྐད་བཤད་པའི་སྒོམ་པའི་ལམ་ཆོས་ཅན། འབྲས་བུ་བསོད་ནམས་གྲངས་མེད་པ་དང་གཞལ་དུ་མེད་པ་དང་ཚད་མེད་པ་གསུམ་གསུམ་སྐྱེ་བར་བསྟན་པའི་ཚིག་དུ་བརྗོད་པའི་ངོ་བོ་རྣམས་ཀྱི་སྒོ་ནས་དགུ་ལས་མང་བ་ཉིད་དུ་ཐལ་བར་མི་འགྱུར་ཏེ། དོན་དམ་པར་ཐ་དད་པ་གསུམ་གྱི་ངོ་བོར་དབྱེ་བར་བྱར་བཟོད་པ་མ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་ཀུན་རྫོབ་དུ་འབྲས་བུ་གྲངས་མེད་སོགས་གསུམ་གསུམ་བསྐྱེད་པའི་སྒོ་ནས་དགུ་ལས་མང་པ་ཉིད་དུ་ཐལ་བར་མི་འགྱུར་ཏེ། སྒོམ་ལམ་གྱིས་ཉེ་བར་བསྐྱེད་པའི་འབྲས་བུ་གྲངས་མེད་སོགས་ལྡོག་པ་ལ་ལྟོས་ནས་གསུམ་གསུམ་དུ་ཕྱེ་བ་ཡིན་གྱི། དོན་རྫས་གཅིག་ཏུ་རབ་དུ་སྦྱོར་བའི་ཕྱིར་རོ། །བསོད་ནམས་གྲངས་མེད་སོགས་ཇི་ལྟར་སྒོམ་ལམ་གྱི་འབྲས་བུ་ཡིན་ཅེ་ན། མདོ་ལས་ཇི་སྐད་བསྟན་པའི་བསོད་ནམས་གྲངས་མེད་སོགས་དེ་དག་ཆོས་ཅན། སྒོམ་ལམ་གྱི་འབྲས་བུ་ཡིན་ཏེ། སྒོམ་ལམ་གྱིས་ཆོས་ཀྱི་དབྱིངས་བསྒོམས་པའི་རྒྱུ་མཐུན་གྱི་འབྲས་བུར་གྱུར་པ་ཡིན་པར་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་དེ་བཞིན་གཤེགས་པ་བཞེད་པས་སོ། །བསོད་ནམས་གྲངས་མེད་སོགས་ཀྱི་ཆོས་ཀྱི་ངོ་བོ་ཉིད་བསྟན་བཅོས་ལས་སྒོམ་ལམ་གྱི་འབྲས་བུར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ་བྱིས་པའི་སྐྱེ་བོ་རྣམས་སྒོམ་ལམ་ལ་སྤྲོ་བ་བསྐྱེད་པའི་ཆེད་དུ་འབྲས་བུ་ཆེན་པོ་སྐྱེ་བར་རབ་ཏུ་སྟོན་པ་ཉིད་ཀྱིས་སོ། །སློབ་དཔོན་གྱིས་བདེན་གཉིས་སོ་སོར་མ་ཕྱེ་བའི་རྩོད་པ་བཀོད་ནས། རྩ་བར་བདེན་གཉིས་སོ་སོར་ཕྱེ་བའི་ལན་དུ་བཤད་ལ། འཕགས་པས་ཕྱེད་སྔ་མ་དོན་དམ་ལ་བརྟེན་པའི་རྩོད་པ་བཀོད་ནས་ཕྱེད་ཕྱི་མ་རྩོད་པ་ཁས་བླངས་པ་སྔོན་དུ་འགྲོ་བའི་ཀུན་རྫོབ་ལ་བརྟེན་པའི་ལན་གསུངས་ཏེ་ཕུགས་གཅིག་པར་སྣང་ངོ༌། །སྔོན་ཆད་རྣམ་བཤད་བྱེད་པ་གཞན་གྱིས་ནི་ཇི་བཞིན་མ་བཤད་དོ། །གཉིས་པ་བྱེད་པ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། གནས་སྐབས་ཀྱི་བྱེད་པ་དང༌། མཐར་ཐུག་གི་བྱེད་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་རྩོད་ལན་གཉིས་སོ། །དང་པོ་ལ་མཚམས་སྦྱར་བ་ནི། སྒོམ་ལམ་ཆོས་ཅན། ཉམས་འཕེལ་ཅུང་ཟད་ཀྱང་མི་བྱེད་པར་ཐལ། གོམས་པ་ཕུལ་དུ་བྱུང་བར་བྱར་མེད་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར་ཏེ། སྒོམ་པའི་ལམ་ནི་ཟབ་པ་སྟེ། ཞེས་གསུངས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ཡིན་པ་ཉིད་ཀྱིས་སོ་སྙམ་པའི་ཞེས་སོགས་སོ། །ཚིག་དོན་ནི་སྒོམ་ལམ་གྱི་དངོས་པོ་ཆོས་ཅན། གོམས་པས་གོ་རིམ་བཞིན་དུ་མི་མཐུན་པའི་ཕྱོགས་འབྲལ་བ་དང་གཉེན་པོ་སྐྱེ་བར་མི་རུང་སྟེ། གོམས་པ་ཕུལ་དུ་བྱུང་བར་བྱར་མེད་པའི་ཕྱིར་ཏེ་ཡང་དག་པར་དེ་ཉིད་དང་གཞན་ཉིད་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་ཏེ། ངོ་བོ་ཉིད་མེད་པ་ཉིད་ཀྱི་སྟེ། ཆོས་ཉིད་ཀྱི་རང་གི་ངོ་བོར་འདོད་པའི་ཕྱིར་རོ། །དེ་བས་ན་སྒོམ་པ་ཞེས་བྱ་བའི་ལམ་གྱིས་ནི་སྤང་བྱ་སྤོང་བ་དང་གཉེན་པོ་ཐོབ་པའི་དོན་དུ་ཉེ་བར་དགོད་པར་མི་བྱ་བ་ཁོ་ན་སྟེ། མི་མཐུན་ཕྱོགས་ཀྱི་ངོ་བོ་རྟོག་པ་ནི་ཅི་ཞིག་བོར། གཉེན་པོ་ཆུང་འབྲིང་དགུ་ནི་ཅི་ཞིག་འཐོབ་སྟེ་བོར་ཐོབ་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཡིན་པས་སོ་ཞེ་ན། གཉིས་པ་ལ་མཚམས་སྦྱར་བ་ནི་ཇི་སྐད་བརྗོད་པའི་སྐྱོན་དེ་ལྟ་བུ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཞེས་པའོ། །རྩ་བས་ནི་ཀུན་རྫོབ་དུ་མ་ངེས་པའི་ཕར་འབའ་ཞིག་བསྟན་ལ། མདོ་ནི་སྦྱིན་སོགས་བླ་མེད་བྱང་ཆུབ་དུ་བསྔོ་སྟེ་ཞེས་སོ། །དོན་དམ་དུ་འདོད་པའི་ལན་ནི། རབ་འབྱོར་དེ་དེ་བཞིན་ཏེ། བརྗོད་དུ་མེད་པའི་དོན་ལ་འཕེལ་འགྲིབ་མེད་ཞེས་པས་བསྟན་ཏེ་རྩ་བས་མ་བསྡུས་ལ། འགྲེལ་པར་དོན་དམ་ཞེས་སོགས་ཀྱི་བསྟན་ནོ། །ཚིག་གི་དོན་ལ་ཀུན་རྫོབ་དུ་མ་ངེས་པ་དང༌། དོན་དམ་དུ་འདོད་པའི་ལན་ནོ། །དང་པོ་ལ་རྩ་ཚིག་འོང་མ་གོང་དུ་བཏོན་ནས་དཔེ་གཉིས་ཕྱོགས་གཅིག་དང༌། དོན་གཉིས་ཕྱོགས་གཅིག་ཏུ་བྱས་ཏེ་འཆད་པ་ལ་དཔེ་སྒྲུབ་པ་དང༌། དོན་ལ་སྦྱར་བའོ། །དང་པོ་ནི་ཇི་ལྟར་སྒྲུབ་པར་བྱེད་པ་དེ་བཞིན་དུ་འབྲེལ་ལོ། །གང་གིས་ན་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པའི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་བྱང་ཆུབ་གཟུང་འཛིན་གྱི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཆོས་ཀྱི་སྐུ་ལ་སོགས་པའི་རང་བཞིན་གྱི་སངས་རྒྱས་ཀྱི་བདག་པོའི་རྐྱེན་ཙམ་གྱིས་སོ། ཙམ་གྱི་སྒྲས་ནི་དབང་ཕྱུག་དང་གཙོ་བོ་ལ་སོགས་པ་སེལ་ལོ། །ཇི་ལྟར་ན་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེ་ཆུང་གི་རྗེས་སུ་མཐུན་པར་གཟུགས་སྐུ་གཉིས་ཀྱིས་རང་གཞན་གྱི་དོན་ཁྱད་པར་ཅན་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་སོ། །གང་ན་མངོན་པར་འདོད་པའི་དོན་མངོན་མཐོ་དང་ངེས་ལེགས་སོ། །གཉིས་པ་ནི་བསྒོམས་པས་བློ་བུར་གྱི་དྲི་མ་དང་བྲལ་བའི་སྒོ་ནས་མངོན་སུམ་དུ་བྱས་པའི་སྒོམ་པའི་ལམ་འདི་དོན་དམ་པར་དེ་བཞིན་ཉིད་ཀྱི་མཚན་ཉིད་ཡིན་ཡང་ཀུན་རྫོབ་དུ་མངོན་པར་འདོད་པའི་དོན་སྤང་བྱ་ཉམས་པ་དང་གཉེན་པོ་རིམ་གྱིས་འཕེལ་བའི་བྱ་བ་བྱེད་དོ། །གཉིས་པ་ནི་དོན?དམ་པར་ནི་སྤང་བྱ་ཉམས་པ་དང་གཉེན་པོ་འཕེལ་བ་ཅི་ཡང་མེད་དོ། །ཞེས་དགག་པའི་ཚུལ་དུ་བཞེད་པས་དེའི་ཚེ་ཡུལ་གང་ལ་ཡང་སྦྱོར་བ་མེད་པ་ཉིད་ཡང་དག་པར་སྦྱོར་བ་ཡིན་པའི་ཕྱིར། འདོད་པ་ཁོ་ན་ཡིན་པས་ཇི་སྐད་བརྗོད་པའི་ཉེས་པ་མེད་དོ། །གཉིས་པ་ལ་རྩོད་ལན་གཉིས་ལས། དང་པོ་ལ་མཚམས་སྦྱར་བ་ནི། བདེན་གཉིས་ཀྱི་སྒོ་ནས་ལན་སྨྲ་བ་དེ་ལྟ་ཡིན་ན་ཡང་ཀུན་རྫོབ་དུ་ཡང་ཞེས་སོ། །ཚིག་གི་དོན་ནི། དོན་ཁྱད་པར་ཅན་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་ཇི་ལྟར་དོན་བྱེད་དེ་མི་བྱེད་པར་ཐལ། མཐའ་གསུམ་དུ་བརྟགས་ན་མི་འཐད་པ་དེ་ལྟར་ནའོ། །ཇི་ལྟར་ཞེ་ན་སྔ་ཕྱི་རེ་རེས་ནི་བྱང་ཆུབ་པར་ནི་རིགས་པ་མ་ཡིན་ཏེ། སྔ་ཕྱིར་གྱུར་པའི་སེམས་རེ་རེ་ལ་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་དོན་མཐའ་དག་མི་སྣང་ལ། རྒྱུ་རྐྱེན་མཐའ་དག་མེད་པར་ཡང་འབྲས་བུ་བསྐྱེད་པ་མེད་པའི་ཕྱིར། འདི་གཉིས་རྩ་བས་དངོས་སུ་བསྟན་ནོ། །ཀྱང་གི་སྒྲ་བསྡུས་པ་གཉིས་ལས། དང་པོ་ནི་འདོད་པའི་དོན་སྒྲུབ་པར་བྱེད་པ་སྣང་བའི་སེམས་ཅིག་ཆར་འབྱུང་བ་མང་པོ་ཉིད་ཀྱིས་ཀྱང་བྱང་ཆུབ་བསྐྱེད་པ་མ་ཡིན་ཏེ་སེམས་རིགས་མཐུན་དུ་མ་ཅིག་ཆར་འབྱུང་བ་མི་སྲིད་པའི་ཕྱིར་ཏེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་ལུང་ལས་འབྱུང་བའི་ཕྱིར། གཉིས་པ་ནི་བླ་ན་མེད་པ་ཞེས་པ་ནས་སེམས་བྱུང་བ་སྔ་ཕྱིར་གྱུར་པ་མང་པོ་ཉིད་ཀྱིས་ཀྱང་བསྐྱེད་པ་མ་ཡིན་ཏེ། སྔ་ཕྱི་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར། ཕྱི་མ་དེ་བྱུང་མ་ཐག་དུ་སྔ་ཕྱི་རྗེས་སུ་འགྲོ་བ་མེད་པ་ཉིད་དུ་འཇིག་པས་སོ། །འགའ་ཞིག་ཕྱོགས་གསུམ་པས་སྔ་ཕྱི་རིམ་གྱིས་འབྱུང་བ་ལྷན་ཅིག་ཏུ་ཚོགས་པས་བྱང་ཆུབ་བསྐྱེད་པ་བཀག་པ་ཡིན་གྱི་རིམ་གྱིས་འབྱུང་བས་བསྐྱེད་པ་བཀག་པ་མ་ཡིན་ཏེ། གཞན་དུ་ན་ཁྱབ་པ་མ་ངེས་པའི་ལན་གདབ་པར་མི་ནུས་པའི་ཕྱིར་ཞེས་ཟེར་རོ། །གཞན་དག་ནི་དེ་ལྟ་ན་བྱང་ཆུབ་བསྐྱེད་ཚུལ་མཐའ་བཞིར་མ་ངེས་པས་སློབ་དཔོན་དོགས་པ་བསུ་བའི་ཚུལ་ལ་མི་མཁས་པར་འགྱུར་ཞེས་སུན་འབྱིན་སྨྲའོ། འདི་ལ་འབྲས་བུ་བསྐྱེད་པ་ལ་རྒྱུ་རེ་རེ་བ་དང་མང་པོ་ཚོགས་པ་གཉིས་ལས་མ་འདས་ལ། རྒྱུ་མ་ཚོགས་པར་འབྲས་བུ་བསྐྱེད་པ་ཡང་མི་འཐད་པས་ཚོགས་པས་བསྐྱེད་དགོས་སོ། །ཚོགས་པ་ལ་ཡང་ཅིག་ཆར་འབྱུང་བ་མང་པོ་ཚོགས་པ་དང༌། རིམ་གྱིས་འབྱུང་བ་མང་པོ་ཚོགས་པ་གཉིས་སུ་ངེས་སོ་ཞེས་པའི་ཚུལ་ལ་བརྟེན་ནས་བཤད་ནུས་པས་དེས་སུན་འབྱིན་མི་ནུས་མོད། འོན་ཀྱང་འགྲེལ་ཆེན་ལས། སྔར་བཤད་པའི་ཕྱོགས་མངོན་པར་འདོད་པ་མ་ཡིན་པའི་ཕྱིར། ཕྱོགས་ཕྱི་མ་ལ་རབ་ཏུ་གྲགས་པའི་དཔེའི་ཚུལ་གྱིས་ལན་གདབ་པའི་ཕྱིར་ཞེས་གསུངས་པས་བྱང་ཆུབ་བསྐྱེད་ཚུལ་ཕྱོགས་གསུམ་དུ་ངེས་ལ། ཕྱོགས་དང་པོ་གཉིས་མི་འདོད་པའི་ཕྱིར། ཕྱི་མ་རིམ་གྱིས་འབྱུང་བས་བསྐྱེད་པ་མར་མེའི་དཔེ་ལ་བརྟེན་ནས་སྒྲུབ་ཅེས་སྟོན་པར་མངོན་པས། རིམ་གྱིས་འབྱུང་བས་མི་བསྐྱེད་པ་ལ་གཏན་ཚིགས་མ་གྲུབ་པ་དང༌། དེའི་སྒྲུབ་བྱེད་ལ་མ་ངེས་པར་ལན་འདེབས་པར་གསལ་ལོ། །གཉིས་པ་ལན་ལ་མཚམས་སྦྱར་བ་ནི། མཐའ་གསུམ་གྱིས་བཏགས་ན་སེམས་བསྐྱེད་ཀྱིས་བྱང་ཆུབ་མི་བསྐྱེད་ཅེས་པའི་རྩོད་པ་དེ་ནི་ཡང་དག་པ་མ་ཡིན་པས་ལན་སྟོན་ནོ། །འཕགས་པས་མར་མེའི་དཔེའི་སེམས་བསྐྱེད་ཀྱིས་བྱང་ཆུབ་བསྐྱེད་ཚུལ་ཁོ་ན་མཚོན་བྱེད་དུ་སྦྱར་ནས་སེམས་བསྐྱེད་སྔ་ཕྱི་རེ་རེས་མི་བསྐྱེད་ཅིང༌། དེ་དག་མེད་པར་ཡང་མི་བསྐྱེད་ལ། བསྐྱེད་པར་ནི་འདོད་དོ་ཞེས་བསྟན་པ་དེ་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། ཟབ་མོའི་ཆོས་ཉིད་བརྒྱད་ཀྱི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ཞེས་འཆད་པར་བྱེད་དོ། །སློབ་དཔོན་གྱིས་མར་མེའི་དཔེས་བྱང་ཆུབ་བསྐྱེད་ཚུལ་དང་ཟབ་མོའི་ཆོས་ཉིད་བརྒྱད་གཉིས་ཀ་མཚོན་པར་བཞེད་དོ། །མདོ་ནི་འབྲུ་མར་གྱི་མར་མེའི་མེ་ལྕེའི་སྐད་ཅིག་མ་དང་པོ་དང་ཕྲད་པས་སྙིང་པོ་ཚིག་གམ་ཞེས་སོགས་སོ། །ཚིག་དོན་ལ་དཔེ་སྒྲུབ་པ་དང༌། དཔེ་དོན་སྦྱར་བ་དང༌། གཞན་ཡང་མཚོན་ཚུལ་ལོ། །དང་པོ་ལ་ལྟོས་མེད་དུ་མི་བསྲེག ལྟོས་ནས་བསྲེག་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་སྐད་ཅིག་དང་པོས་ལྟོས་མེད་དུ་མི་བསྲེགས་པ་ནི། ཇི་ལྟར་ཞེས་པ་ནི་དཔེ་འགོད་པའོ། །མེ་ལྕེ་དང་སྙིང་པོ་ཕྲད་པའི་སྐད་ཅིག་མ་དང་པོ་ལ་ཆོས་ཅན། མེ་ལྕེའི་སྐད་ཅིག་མ་གཉིས་པ་མེད་པར་རྒྱུའི་མཚན་ཉིད་བསྲེག་པར་བྱེད་པ་དང༌། འབྲས་བུའི་མཚན་ཉིད་བསྲེག་པར་བྱ་བ་ཚིག་པ་མེད་དེ། རང་གི་རྒྱུས་སྙིང་པོ་བསྲེག་ནུས་ཀྱི་ནུས་པ་ཁྱད་པར་ཅན་དུ་མ་བྱས་པའི་ཕྱིར་ཏེ། སྙིང་པོ་དང་ཕན་ཚུན་གྱི་སྒོ་ནས་དུས་མཉམ་པ་ཕྲད་ཙམ་དུ་བསྐྱེད་པས་སོ། །དང་པོ་ནི་གཉིས་པ་མ་སྐྱེས་པའི་གོང་དུ་གྲུབ་ཟིན་པས་གཉིས་པ་ལ་མི་ལྟོས་སོ་ཞེ་ན། ངོ་བོ་མི་ལྟོས་ཀྱང་སྙིང་པོ་བསྲེག་པ་དེ་ལ་ལྟོས་པས་དེ་སྐད་དུ་བཤད་དོ། །སྔ་མས་ཕྱི་མ་ལ་མ་ལྟོས་པར་མི་བསྲེག་པ་དེ་བཞིན་དུ་མེ་ལྕེ་དང་སྙིང་པོ་བསྲེག་བྱ་བསྲེག་བྱེད་ཁྱད་པར་ཅན་དུ་སྐྱེ་བའི་སྐད་ཅིག་མ་གཉིས་པ་ལ་ཡང་ཆོས་ཅན། སྐད་ཅིག་མ་དང་པོ་ལ་ལྟོས་པ་མེད་པར་རྒྱུའི་མཚན་ཉིད་བསྲེག་པར་བྱེད་པ་དང༌། འབྲས་བུའི་མཚན་ཉིད་བསྲེག་པར་བྱ་བ་ཚིག་པ་མེད་དེ་དང་པོ་ལ་མ་ལྟོས་པར་ཀུན་རྫོབ་དུ་ཡང་འབྱུང་བ་མེད་པའི་ཕྱིར། གལ་ཏེ་ཡོད་ན་རྟག་ཏུ་ཡོད་པའམ་མེད་པ་ལ་སོགས་པར་ཐལ་བར་འགྱུར་རོ། །གཉིས་པ་ནི་གང་གི་ཕྱིར་ལྟོས་མེད་དུ་བསྲེག་བྱ་བསྲེག་བྱེད་དུ་མི་འཐད་པ་དེ་ལྟ་ཡིན་པ་དེའི་ཕྱིར། ཕན་ཚུན་ལྟོས་ནས་བསྲེག་པར་བྱེད་པ་དང་བསྲེག་པར་བྱ་བ་ཡོད་དོ། །ཅིའི་ཕྱིར་ན་མེ་ལྕེ་དང་སྙིང་པོ་གཉིས་ཀ་ཕྲད་པའི་ཁྱད་པར་ཅན་གྱི་སྐད་ཅིག་མ་དང་པོ་ལ་ལྟོས་ན་སྔ་མ་དེ་བྱས་པ་སྙིང་པོ་བསྲེག་པ་ལ་མཐུ་ཕུལ་དུ་ཕྱིན་པ་དང་ལྡན་པའི་ཁྱད་པར་ཅན་སྐད་ཅིག་མ་གཉིས་པ་ལ་སོགས་པ་ཡོད་ན་དེའི་ཚེ་སྔ་མ་རྒྱུ་གཞན་མེད་པར་ངང་གིས་ཞིག་ཀྱང་རྒྱུ་མེ་ལྕེའི་སྐད་ཅིག་མ་ཐ་མ་སྐྱེ་བ་དང་འབྲས་བུ་སྙིང་པོ་རྫོགས་པར་འཇིག་པ་དུས་མཉམ་དུ་དམིགས་པས་སོ། །གཞན་དག་འདིའི་རྒྱུ་འབྲས་སྔ་མ་དང་དོན་གཅིག་པར་མ་རྟོགས་ནས་གོ་རིམ་གྱི་སྒྲ་འཆོལ་པར་བཤད་པ་ནི་ནོར་བའོ། །འདི་ནི་སྔ་ཕྱི་མང་པོས་མི་སྲེག་སྟེ? རྗེས་སུ་འགྲོ་བ་མེད་པར་འཇིག་པས་སོ་ཞེས་པའི་ལན་ནོ། །ཇི་ལྟར་སྔ་མ་ལ་ལྟོས་ནས་ཕྱི་མ་གོ་རིམ་བཞིན་དུ་འབྱུང་ཞེ་ན། མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་སྔ་ཕྱི་རྒྱུ་དང་འབྲས་བུར་འབྲེལ་པ་གྲུབ་པའི་སྟོབས་ཀྱིས་སོ། ཇི་ལྟར་རྒྱུ་འབྲས་སུ་གྲུབ་ཅེ་ན། གང་གི་ཚེ་རྐྱེན་ཉིད་འདི་པ་ཙམ་གྱི་བདག་ཉིད་ཀྱི་རྟེན་ཅིང་འགྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་སོ། །གསུམ་པ་དོན་བསྡུ་བ་ནི་ལྟོས་མེད་དུ་མི་བསྲེག་པ་དེ་བས་ན་བསྲེག་པ་ཞེས་བྱ་བའི་བར་རོ། །གཉིས་པ་ནི་སེམས་བསྐྱེད་སྔ་ཕྱི་རིམ་ཅན་དུ་འབྱུང་བ་ལྟོས་ནས་བྱང་ཆུབ་ཐོབ་པར་རིགས་ཏེ། མེ་ལྕེའི་སྐད་ཅིག་མ་སྔ་མ་བཞིན་དུ་དྲན་པ་ཉེར་བཞག་སོགས་བྱང་ཆུབ་སྒྲུབ་པར་བྱེད་པའི་དངོས་པོ་ཚད་ཡོད་པ་ཞིག་སྣང་བའི་རྣམ་པར་ཤེས་པ་སྔ་མ་ལ་བརྟེན་ནས་སྔ་མ་དེ་ལ་སྣང་བའི་དོན་གྱིས་དབེན་པ་སྔ་མ་ལས་ལྷག་པ་ཁྱད་པར་དུ་འཕགས་པའི་དོན་སྣང་བའི་རྣམ་པར་ཤེས་པ་ཕྱི་མ་སྐྱེ་བའི་རིམ་པས་བྱང་ཆུབ་བསྐྱེད་པའི་ཕྱིར། འདི་ཇི་ལྟར་ཤེས་ཅེ་ན། མར་མེའི་དཔེས་བསྟན་ཏེ། མར་མེའི་དཔེའི་ཚུལ་གྱིས་སེམས་བསྐྱེད་སྐད་ཅིག་མ་སྔ་ཕྱིར་གྱུར་པ་གཉིས་ཡུལ་བྱང་ཆུབ་གཅིག་བསྐྱེད་པ་ལ་ཕན་པ་ཉེ་བར་སྦྱོར་བར་ཤེས་པར་བྱེད་པ་ལྷུར་ལེན་པས་སོ། །གསུམ་པ་ནི་ཇི་སྐད་སྨོས་པའི་མར་མེའི་དཔེ་ཁོ་ནས་འཆད་པར་འགྱུར་བའི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱང་མི་འགལ་བར་ཁོང་དུ་ཆུད་པར་བྱ་བའོ། །འདིར་ཡིན་པས་ཞེས་འབྱུང་བ་ལ་བརྟེན་ནས་འོག་མའི་མཚམས་སྦྱར་ལ་འདོད་པ་འཁྲུལ་ཏེ། འགྲེལ་ཆེན་དང་དཀའ་བ་དཔལ་བརྩེགས་ཀྱི་འགྱུར་ལས་བྱའོ་ཞེས་རྫོགས་ཚིག་འབྱུང་བ་དང༌། ཟབ་མོ་བརྒྱད་ཞེས་སོགས་ཀྱི་འགྲེལ་པ་ཡིན་པའི་ཕྱིར་རོ། །གཉིས་པ་བསྒོམ་ལམ་གྱི་རྟགས་ཀྱི་དོན་དངོས་ལ་མཚམས་སྦྱར་བ་ནི། ཟབ་མོ་རྣམ་པ་བརྒྱད་གང་ལ་ཡོད་པའི་ཡུལ་དང་བཅས་པ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ་བསྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་བརྗོད་པའི་ཆེད་ཡིན་པའི་ཕྱིར་རོ། །ཚིག་གི་དོན་ལ་ཟབ་པའི་དབྱེ་བ་དང༌། ཟབ་པའི་དོན་ནོ། །དང་པོ་ལ་བརྒྱད་པོ་བཞིར་འདུས་ཏེ། ཡུལ་སྐྱེ་འགག ལམ་ཐབས་ཤེས། སྤང་བྱ་གཟུང་འཛིན། ཉམས་ལེན་སྤྱོད་པ་ཟབ་པའོ། །དང་པོ་ནི། སེམས་སྐད་ཅིག་མ་སྔ་མ་དང་ཕྱི་མ་དག་གིས་ཀྱང་ལྟོས་མེད་དུ་བསྐྱེད་པ་མ་ཡིན། ངོ་བོ་ཉིད་མེད་པ་སྟེ་རྒྱུ་མེད་པས་ཀྱང་མ་ཡིན་ལ་ཐ་སྙད་དུ་བསྒོམས་པས་རྟོགས་པར་བྱ་བའི་དོན་ཁྱད་པར་དུ་འཕགས་པ་བསྐྱེད་དོ་ཞེས་བྱ་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡོད་པའི་ཟབ་པ་དང༌། དངོས་པོ་ཐམས་ཅད་རྒྱུ་ལས་བྱུང་བ་ཉིད་ནས་རང་བཞིན་གྱིས་ངོ་བོ་ཉིད་མེད་པས་དོན་དམ་དུ་འགག་པ་མེད་ལ་ཀུན་རྫོབ་དུ་ཡང་འགག་གོ་ཞེས་བྱ་བ་འགག་པ་ལ་ཡོད་པའི་ཟབ་པའོ། །ལམ་ཐབས་ཤེས་ཟབ་པ་ནི་སློབ་ལམ་གྱི་གནས་སྐབས་ཐམས་ཅད་དུ་ཤེས་རབ་ཀྱིས་གོམས་པར་བྱས་ཀྱང་ཐབས་ཀྱིས་དེ་མངོན་སུམ་དུ་མི་བྱེད་པ་དེ་བཞིན་ཉིད་ལ་ཡོད་པའི་ཟབ་པའོ། །སྤང་བྱ་གཟུང་འཛིན་ཟབ་པ་ནི། དོན་དམ་པར་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་ཆོས་ཐམས་ཅད་ལ་སྒྲུབ་དུ་མེད་ཀྱང་ཀུན་རྫོབ་དུ་སྦྱིན་པ་ལ་སོགས་པ་རྣམ་པ་དུ་མ་རྗེས་སུ་སྒྲུབ་པ་ཞེས་བྱ་བ་ཤེས་བྱ་ལ་ཡོད་པའི་ཟབ་པ་དང༌། མཐོང་བྱ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཅིར་ཡང་མཐོང་བ་མེད་པ་ཉིད་དོན་དམ་པ་མཐོང་བ་ཡིན་ནོ་ཞེས་བྱ་བ་ཤེས་པ་ལ་ཡོད་པའི་ཟབ་པའོ། །བཞི་པ་ལ་སྤྱོད་པའི་ངོ་བོ་དང་རྣམ་པ་དང་ཁྱད་པར་གསུམ་པོ་རིམ་པ་ལྟར་ཆོས་ཉིད་ཀྱི་སྒོ་ནས་ཆོས་ཐམས་ཅད་ལ་སྤྱོད་པ་མེད་པ་ཉིད་ཀྱི་ཚུལ་གྱིས་སྦྱིན་སོགས་ལ་སྤྱོད་པ་ཞེས་བྱ་བ་སྤྱོད་པ་དང༌། མཚན་མ་ཡོད་མེད་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་སྦྱིན་སོགས་ཐམས་ཅད་སྒྲུབ་བོ་ཞེས་བྱ་བ་གཉིས་སུ་མེད་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ལ་དོན་དམ་པར་དེའི་འབྲས་བུ་སངས་རྒྱས་ཉིད་མི་ཐོབ་པ་ཞེས་བྱ་བ་ཐབས་ལ་མཁས་པ་ལ་ཡོད་པའི་ཟབ་པའོ། །གཉིས་པ་ནི། ཇི་སྐད་བཤད་པ་བརྒྱད་པོ་ཟབ་པ་ཉིད་ཡིན་ནོ། །ཅིའི་ཕྱིར་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཐོབ་པའི་སྒོ་ནས་ཕན་ཚུན་འགལ་བ་ལྟར་སྣང་བ་མི་འགལ་བའི་དོན་སྒྲུབ་ཅིང་རྟོགས་པའི་སྤྱོད་ཡུལ་ཡིན་པས་སོ། །གསུམ་པ་དོན་བསྡུ་བ་ནི། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཞེས་སོགས་སོ། །གསུམ་པ་བསྒོམ་བྱ་སྦྱོར་བའི་ངོ་བོ་ལ་གསུམ་སྟེ། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད། གཟུགས་སྐུའི་རྒྱུ་ཞིང་དག་པ། ཕྲིན་ལས་ཀྱི་རྒྱུ་ཐབས་མཁས་སྦྱོར་བའོ། །དང་པོ་ལ་མཚམས་སྦྱར་བ་ནི། རྟེན་གྱི་གང་ཟག་བཤད་ཟིན་པའི་རྗེས་སུ་སངས་རྒྱས་ཐོབ་པའི་རྒྱུ་མཚན་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །ཅིའི་ཕྱིར་ན་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཀྱི་ཆོས་རྣམས་ཐོབ་པ་ནི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་པས་སོ། །རྩ་བ་ལ་དངོས་ཀྱི་དོན་དང༌། ཀླན་ཀ་སྤང་བའོ། །དང་པོ་ནི། དག་སའི་ཡེ་ཤེས་ནི་སྲིད་པ་དང་ཞི་བ་ལ་བླང་དོར་ཐ་དད་པར་མི་རྟོག་སྟེ། འཁོར་འདས་ཀྱི་ཆོས་རྣམས་སྣང་ཡང་བདེན་པས་སྟོང་པ་རྨི་ལམ་དང་འདྲ་བར་རྟོགས་པའི་རྣལ་འབྱོར་ཡིན་པའི་ཕྱིར། མདོ་ནི་ཤ་རིའི་བུས་རབ་འབྱོར་ལ་སྨྲས་པ། རྨི་ལམ་དུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཅི་ཤེར་ཕྱིན་རྣམ་པར་འཕེལ་ལམ། རབ་འབྱོར་གྱིས་སྨྲས་པ་ཉིན་པར་བསྒོམས་པས་འཕེལ་ན་རྨི་ལམ་དུ་བསྒོམས་པས་ཀྱང་འཕེལ་ལོ། །ཅིའི་ཕྱིར་ན་རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའོ་ཞེས་སོ། །རྨི་ལམ་གྱིས་འཁོར་བ་བསྟན་ཏེ། མ་རིག་པའི་འཁྲུལ་སྣང་དང་བཅས་པ་ཡིན་པས་སོ། །ཉིན་པར་གྱིས་མྱང་འདས་བསྟན་ཏེ། མ་རིག་པའི་གཉིད་སད་པས་སོ། །རྟོག་པ་མེད་པས་ནི། རྗེས་ཐོབ་དུ་ཡང་འཁོར་འདས་ཐ་དད་པར་འཛིན་པའི་རྟོག་པ་སྤངས་པར་བསྟན་ནས་ཤུགས་ལ་མཉམ་པར་བསྟན་ནོ། །གཉིས་པ་ལ། ལས་མེད་པར་ཐལ་བ་ལས་སོགས་པའི་ཀླན་ཀ་དང་ལན་རྣམས་ཏེ། མདོ་ལས་ཇི་སྐད་བཤད་པར་ཟད་དོ། །འདི་ལ་ལས་མེད་པར་ཐལ་བའི་ཀླན་ཀ ལན་ལ་མ་ངེས་པའི་ཀླན་ཀ །ལུང་དང་འགལ་བའི་ཀླན་ཀ །ཧ་ཅང་ཐལ་བའི་ཀླན་ཀ་སྤང་པའོ། །དང་པོ་ལ་ཀླན་ཀ་ནི། རྨི་ལམ་དང་ཉིན་པར་ནི་མི་རྟོག་པའོ་ཞེས་པས། རྨི་ལམ་ལྟར་ངོ་བོ་ཉིད་མེད་པས་སད་རྨིས་མཉམ་པར་བསྟན་པ་ལ་རྩོད་པ་སྟེ། ཤ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་རྨི་ལམ་ན་དགེ་བའམ་མི་དགེ་བའི་ལས་ཞིག་བྱེད་ན། ཅི་དེའི་ལས་སོག་པའམ་ཉེ་བར་སོག་པར་འགྱུར་རམ་ཞེས་པ་སྟེ། དོན་ནི་རྨི་ལམ་ན་ལས་སོག་པ་མེད་ཅིང་དེ་དང་འདྲ་བར་ངོ་བོ་ཉིད་ཀྱང་མེད་པས་སད་པ་ན་ལས་སོག་པ་མེད་པར་འགྱུར་རོ་ཞེས་པའོ། །ལན་ལ་དོན་དམ་དུ་འདོད་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་དེ་ལྟར་ན་ལས་སོགས་པའམ་ཉེ་བར་སོག་པར་མི་འགྱུར་རོ་ཞེས་སོ། །ཀུན་རྫོབ་དུ་མ་ངེས་པའི་ལན་ནི། འོན་ཏེ་སད་ནས་རྣམ་པར་རྟོག་ན་ནི་དེ་ལ་སོགས་པའམ་འབྲི་བར་ཡང་འགྱུར་རོ། །ཞེས་པ་ནི་རྗེས་ཀྱི་རྟོག་པས་གསོས་བཏབ་ན་ལས་སོག་པར་བྱེད་དོ་ཞེས་པའི་དོན་ནོ། །འདིས་དཔེ་མི་འཐད་པར་བསྟན་པའི་སྒོ་ནས་རྟགས་མ་ངེས་པར་བསྟན་ནོ། །གཉིས་པ་ལ་ཀླན་ཀ་ནི། བཅོམ་ལྡན་འདས་ཀྱང་ཟད་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པ་བསྐྱེད་པར་མཛད་པས་དེའི་ཡང་ལས་སོག་པར་བྱེད་པའམ། ཉེ་བར་སོག་པར་འགྱུར་རམ་ཞེས་པ་སྟེ། ང་ནི་འཁོར་བའི་ཕུང་པོ་ཟད་པའོ་ཞེས་རྗེས་ཀྱི་རྣམ་རྟོག་བསྐྱེད་བས་ལས་སོག་པར་འགྱུར་ཞེས་པའི་དོན་ནོ། །གཏན་ཚིགས་མ་གྲུབ་པའི་ལན་ནི། རབ་འབྱོར་གྱིས་སྨྲས་པ་ཤ་རིའི་བུ་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པ་ནི་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ་ཞེས་པ་ནི། ཟད་པའི་རྣམ་རྟོག་ནི་གདུལ་བྱའི་ངོར་བསྟན་པ་ཙམ་ཡིན་གྱི་དོན་ལ་མ་ཡིན་ཏེ། མི་རྟོག་པའི་ཆོས་ཉིད་ཐུགས་སུ་ཆུད་པས་རྟོགས་པ་སྤངས་སོ་ཞེས་པའི་དོན་ནོ། །འགའ་ཞིག་ལས་སོག་པ་མེད་པར་ཐལ་བའི་ཀླན་ཀ་བརྒྱད་སྟོང་པ་ལ་མེད་ཅིང་ཉི་ཤུ་ལྔ་པ་ན་ནམ་ཡང་མེད་པས་བརྫུན་གྱི་བཤད་པའོ་ཞེས་ཟེར་བས་ནི་རང་ཉིད་ཀྱིས་བརྒྱད་སྟོང་པའི་མདོ་དག་པོ་མ་མཐོང་བར་གསལ་བྱེད་པའི་བཞད་གད་དུ་ཟད་དོ། །དེ་བཞིན་གཤེགས་པ་ལྟར་རྣམ་རྟོག་སྤངས་པ་མ་ཡིན་པ་གཞན་དག་ལ་ནི་དམིགས་པ་ལ་ཉེ་བར་དམིགས་པ་མེད་པར་ལས་དང་སེམས་པ་མི་འཇུག་པར་སྟོན་པ་ནི། ཤ་རིའི་བུ་དེ་བཞིན་དུ་དམིགས་པ་མེད་པར་ལས་མི་སྐྱེ་སྟེ། དེ་ལྟ་བས་ན་ལས་ནི་དམིགས་པ་དང་བཅས་པ་ཉིད་དུ་སྐྱེའོ། །དམིགས་པ་མེད་པར་མ་ཡིན་ཞེས་སོགས་སོ། །གསུམ་པ་ལ་ཀླན་ཀ་ནི་དམིགས་པ་ཐམས་ཅད་དབེན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བརྩལ་ན། ཅིའི་ཕྱིར་དམིགས་པ་དང་བཅས་པར་སྐྱེའི་དམིགས་པ་མེད་པར་མི་སྐྱེ་ཞེས་པའོ། །ལན་ལ། དོན་དམ་པར་དེ་ལྟར་ཡིན་ཡང་ཀུན་རྫོབ་དུ་རྟོགས་པས་མཚན་མར་གཟུང་བའི་དམིགས་པ་ལས་སྐྱེའོ་ཞེས་སྟོན་པ་ནི། ཤ་རིའི་བུ་མཚན་མར་བྱས་ནས་དམིགས་པ་མེད་པ་ཉིད་ལ་དམིགས་པར་བྱས་སྟེ་དམིགས་པ་དང་བཅས་པའི་སེམས་སྐྱེའོ་དམིགས་པ་མེད་པར་ནི་མ་ཡིན་ནོ། །ཞེས་སོ། །འགའ་ཞིག་ཤ་རིའི་བུས་དམིགས་པ་མེད་པར་ལས་མེ་སྐྱེ་བར་དམ་བཅས་པ་ལ་དེ་དེ་བཞིན་ནོ་ཞེས་རབ་འབྱོར་གྱི་བདེན་པའི་ལན་བྱིན་པར་བྱས་ནས། ཡང་དེ་ལ་བཅོམ་ལྡན་འདས་ཀྱིས་ལས་དང་སེམས་པ་ཐམས་ཅད་དབེན་པར་གསུངས་པ་དང་འགལ་བར་ཤ་རིའི་བུས་བརྩད་པར་འདོད་པ་ནི་ཧ་ཅང་མ་འབྲེལ་ཏེ། རང་གི་དམ་བཅའ་ལ་རང་གིས་སུན་འབྱིན་བརྗོད་པ་མི་སྲིད་པའི་ཕྱིར་རོ། །བཞི་པ་ལ་ཀླན་ཀ་ནི་རྨི་ལམ་ན་ལས་འབྲས་ཀྱི་འབྲེལ་པ་ཡོད་པར་བརྗོད་བཞིན་དུ་སྐྱེ་བོ་མངོན་ཞེན་ཅན་གྱི་དབང་དུ་བྱས་ནས་དོགས་པ་བསུ་བ་ནི། ཚེ་དང་ལྡན་པ་རབ་འབྱོར་གང་གི་ཚེ་བྱང་སེམས་ཆེན་པོ་རྨི་ལམ་ན་སྦྱིན་པ་སྦྱིན་པར་བྱེད་ཅིང་དེ་བླ་མེད་བྱང་ཆུབ་དུ་ཡོངས་སུ་བསྔོས་ན། ཅི་དེ་ཡོངས་སུ་བསྔོ་བ་ཞེས་བྱའམ་ཞེས་པའོ། །ལན་ནི་རབ་འབྱོར་ཉིད་ཀྱིས་རྗེས་ཀྱི་ཤེས་པས་གསོས་བཏབ་ན་བསྔོ་བར་འགྱུར་ཞེས་ལན་བཏབ་ཟིན་ལ། ལན་བཏབ་ཟིན་པ་ལ་ཡང་དོགས་པར་བྱེད་ན་ཧ་ཅང་ཐལ་བར་འགྱུར་བའི་བསམ་པས་གཞན་ལ་ལན་བཏབ་པར་ཁ་འཕངས་པ་ནི། བྱམས་པ་འདི་མངོན་སུམ་དུ་འདུག་ན་འདི་ནི་བར་མ་ཆོད་པར་བླ་མེད་བྱང་ཆུབ་དུ་ལུང་བསྟན་པས་འདི་ལ་དྲིས་ཤིག་འདིས་ལན་ལྡོག་པར་འགྱུར་རོ་ཞེས་པའོ། །ཅིའི་ཕྱིར་བྱམས་པ་ལ་ཁ་འཕང་པར་བྱེད་སྙམ་ན། བསྟན་པ་འདིའི་གདུལ་བྱ་ནི་སྔར་གྱི་ལན་གྱིས་ལོག་རྟོག་སེལ་ལ། འདིའི་གདུལ་བྱ་མ་ཡིན་པ་ལ་ནི་མ་འོངས་པའི་སངས་རྒྱས་བརྒྱུད་མར་བྱུང་བས་ལོག་རྟོག་བསལ་བར་བྱ་བ་ཡིན་པས་ད་ལྟ་དྲིས་ལན་མི་རྫོགས་པར་བསྟན་པའི་དོན་ནོ། །གལ་ཏེ་ཡོངས་སུ་རྫོགས་ན་ནི། སངས་རྒྱས་གཅིག་བྱུང་བའི་དུས་གཅིག་ཁོ་ན་ལ་ཕྱིན་ཅི་ལོག་ཐམས་ཅད་བསལ་ཟིན་པས། དོན་བྱ་ཡུལ་སེམས་ཅན་མེད་པས་མ་འོངས་པའི་སངས་རྒྱས་བརྒྱུད་མར་འབྱུང་བ་དོན་མེད་པར་འགྱུར་རོ། །རབ་འབྱོར་གྱིས་བྱམས་པ་ལ་དྲིས་ཤིག་ཅེས་བསྒོས་པ་ལྟར་ཤ་རིའི་བུས་བྱམས་པ་ལ་དྲིས་པ་ན། བྱམས་པས་སྨྲས་པ། བྱམས་པ་ཞེས་པའི་མིང་གང་ཡིན་པ་དེས་དོན་འདིའི་ལན་ལྡོན་ནམ། འོན་ཏེ་གཟུགས་ལན་ལྡོན་ནམ་ཞེས་པ་ནས། ཆོས་གང་ལན་ལྡོན་པར་བྱེད་པ་དང༌། ཆོས་གང་ལ་ལན་ལྡོན་པར་བྱེད་པ་དང༌། གང་གི་ལན་གླན་པར་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་སོ། །འདིས་ནི་རང་ཉིད་མི་དམིགས་པར་རྟོགས་པའི་ཤེས་རབ་ཟབ་མོ་དང་ལྡན་པར་བསྟན་ཅིང༌། ཤུགས་ལ་འཁོར་གསུམ་མི་དམིགས་པར་བསྔོས་ན་ཡང་དག་པར་འགྱུར་རོ་ཞེས་འཕངས་སོ། །ཅིའི་ཕྱིར་བྱམས་པས་ཀྱང་དངོས་སུ་མ་གསུངས་ཅེ་ན། སྔར་ལྟར་དྲིས་ལན་མི་རྫོགས་པར་བསྟན་པའི་དོན་ནོ། །འགྲེལ་ཆེན་གྱི་དགོངས་པ་དཔྱིས་ཕྱིན་པར་བཀོད་དོ། །གཉིས་པ་ཚིག་གི་དོན་ལ་རྩ་བ་ལྟར་གཉིས་ལས། དངོས་ཀྱི་དོན་ནི་སྲིད་ཞི་མཉམ་ཉིད་ཡིན་ཏེ། དག་པ་སར་རྗེས་ཐོབ་དུ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཐ་དད་པ་ཉིད་དུ་མི་རྟོག་པར་དབྱེར་མེད་དུ་རྟོགས་པའི་ཕྱིར་ཏེ། འཁོར་བ་མི་མཐུན་པའི་ཕྱོགས་དང་རྣམ་པར་བྱང་བ། གཉེན་པོ་རྣམས་རྨི་ལམ་དང་འདྲ་བ་ཉིད་དུ་རྟོགས་པའི་ཕྱིར་རོ། །ཇི་ལྟར་རྨི་ལམ་དང་འདྲ་ཅེ་ན། བདེན་པ་མེད་པ་སྣང་བརྙན་ཙམ་གྱི་ངོ་བོས་སོ། །ཅི་སྟེ་བདེན་པར་གྲུབ་ན་ཕུང་པོའམ་སེམས་ཅན་འཁོར་བར་འདོད་དྲང་ན། དང་པོ་ལྟར་ན་རྟག་པའམ་མི་རྟག་པ་འཁོར་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྟག་པ་ལ་འཁོར་བའི་བྱ་བ་མེད་པའི་ཕྱིར། གཉིས་པ་ཡང་མ་ཡིན་ཏེ། འཁོར་བའི་དོན་ནི་སྔ་མ་ནས་ཕྱི་མའི་གནས་སུ་འོང་བ་ཡིན་ན། མི་རྟག་པ་ལ་དེ་མི་རུང་བའི་ཕྱིར་ཏེ། སྐྱེས་ཙམ་ཉིད་ནས་འཇིག་པའི་ཕྱིར་རོ། །སེམས་ཅན་འཁོར་བ་ལ་ཡང་རིགས་པའི་རིམ་པ་འདི་མཚུངས་སོ། །གཞན་ཡང་སྐད་ཅིག་སྔ་མའམ་ཕྱི་མ་ལ་འཁོར་བར་འདོད། སྔ་མའོ་ཞེ་ན། རང་ཉིད་རང་ལ་འཁོར་བར་འགལ་ཞིང༌། གཞན་དུས་ན་ཡང་མེད་པས་གཞན་ལ་ཡང་མི་རུང་བའི་ཕྱིར། གཞན་དུ་ན་ཤི་བའི་མར་མེ་ཡང་འབར་རོ་ཞེས་མཚུངས་སོ། །ཕྱོགས་ཕྱི་མ་ཡང་རིགས་པ་འདི་ཉིད་ཀྱིས་བསལ་ལོ། །འཁོར་བ་མེད་ན་འཁོར་བ་ལས་ཐར་བའི་མྱང་འདས་ཀྱང་མི་རུང་སྟེ། ལྕགས་སྒྲོགས་གིས་བཅིངས་པ་མེད་ན་ངས་བཅིངས་པ་ལས་གྲོལ་བ་མེད་པ་བཞིན་གཉིས་པ་ལ་ཀླན་ཀ་དང༌། ལན་ནོ། །དང་པོ་ལ་གཉིད་མ་ལོག་པའི་གནས་སྐབས་ན་ཡང་མི་དགེ་བ་བཅུ་དང་སྦྱིན་པ་ལ་སོགས་པ་མེད་པར་འགྱུར་བ་མ་ཡིན་ནམ་སྟེ་ཡིན་པར་ཐལ། རྨི་ལམ་དང་འདྲ་བ་ཉིད་ཡིན་པའི་ཕྱིར། གཉིད་ལོག་པའི་གནས་སྐབས་བཞིན། རྩ་བའི་སོགས་ཀྱི་དོན་ནི་འདིར་རྣམས་ཞེས་པའོ། །འགའ་ཞིག་སོགས་ཀྱི་སྒྲས་ཀླན་ཀ་ལྷག་མ་རྣམས་སྡུད་པར་འཕགས་པ་བཞེད་ཀྱང་སློབ་དཔོན་དེ་མི་བཞེད་པར་བདེན་གཉིས་འགལ་བའི་རྩོད་པ་གཞན་ཐམས་ཅད་སྡུད་ཞེས་ཟེར་རོ། །ཀླན་ཀ་ལྷག་མ་རྣམས་ཀྱང་བདེན་གཉིས་འགལ་བའི་རྩོད་པ་མ་ཡིན་ནམ། ཅིའི་ཕྱིར་མི་སྡུད། བརྒྱད་སྟོང་འགྲེལ་པ་ཡང་མ་མཐོང་བར་ཟད་དེ། དེ་ཉིད་དུ་ཀླན་ཀ་ལྷག་མ་རྣམས་བཤད་ནས། ལས་མེད་པ་ལ་སོགས་པར་དྲི་བ་རྣམས་ཀྱི་ལན་ནི་ཇི་སྐད་གསུངས་པ་ཡིན་པར་བཟུང་བར་བྱའོ། །ཞེས་གསུངས་ནས། ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པ་ཉིད། །ཅེས་པ་དང་སྦྱར་བར་མཛད་པའི་ཕྱིར་རོ། །གཉིས་པ་ལན་ལ་རྟགས་མ་ངེས་པ་དང༌། རྨི་ལམ་གྱི་དཔེ་མ་གྲུབ་པ་དང༌། ཀླན་ཀ་བསལ་བས་གྲུབ་པའི་ལན་ནོ། །དང་པོ་ལ་དཔེ་སྒྲུབ་པ་དང༌། དོན་ལ་སྦྱར་བའོ། །དང་པོ་ལ་དོན་དམ་དུ་མ་གྲུབ་པ་དང༌། ཀུན་རྫོབ་དུ་གྲུབ་པའི་དོན་ནོ། །དང་པོ་ནི་ཇི་ལྟར་ཕྱི་རོལ་གྱི་དོན་དོན་དམ་དུ་སྨྲ་བ་ཉན་ཐོས་སྡེ་གཉིས་ཀྱི་ལུགས་ལ་དོན་དམ་ཆ་ཤས་མེད་པར་གྲུབ་པ་ལ་གསོད་བྱེད་སུས་ཀྱང་བསད་བྱས་སུ་ཡང་བསད་པ་མེད་དེ། སྲོག་ནི་གསོད་བྱེད་སོགས་ཀྱི་རྒྱུ་གཞན་ལ་ལྟོས་པ་མེད་པར་འཇིག་པའི་ཕྱིར་ཏེ། སྐད་ཅིག་མ་ཡིན་པ་ཉིད་ཀྱིས་སོ། །རང་གི་གྲུབ་པའི་མཐའ་སྟོན་པའི་གཞུང་མཛོད་ལས་ཀྱང༌། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་ཕྱི་ནང་གི་འཇིག་རྟེན་ཐམས་ཅད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་གཉིས་ལས་སྐྱེ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལས་ལ་སྐྱེས་པར་གྲུབ་མོད། སྲོག་གཅོད་ཀྱི་ལས་མེད་པར་ཇི་ལྟར་འགྲུབ་ཅེ་ན། སྔོན་གྱི་ལས་ཀྱི་འཕེན་བྱེད་ཟད་པས་ཤི་བ་ཡིན་གྱི་གསོད་བྱེད་གཞན་གྱིས་གསད་པ་མ་ཡིན་ཅེས་བསྟན་པས་འགྲུབ་པ་ཡིན་ནོ། །ལུང་རིགས་དེ་ཉིད་ཀྱིས་དོན་དམ་པར་གཞན་སུས་ཀྱང་སུའི་ནོར་མ་བྱིན་པར་བླངས་པ་ཡང་མེད་དེ། ནོར་ལ་དབང་བའི་ལས་ཟད་པས་བྱས་པ་དང་སྐད་ཅིག་ཆ་ཤས་མེད་པ་ལ་དེ་མི་རུང་བའི་ཕྱིར། དོན་དམ་པར་སྤང་བྱ་མི་དགེ་བ་མེད་པས་དེ་སྤངས་པའི་མ་བསད་པའི་དགེ་བ་དང་མ་བླངས་པའི་དགེ་བ་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་ནི་དོན་དམ་སྐད་ཅིག་མ་ལ་དེ་དག་མེད་ཀྱང་ཀུན་རྫོབ་རྒྱུན་ལ་ལྟོས་ནས་སྲོག་གི་རྒྱུན་འཇུག་པ་དང་འགལ་བའི་དངོས་པོ་བསྐྱེད་པ་ལ་བསོད་པ་དང༌། སེར་སྣའི་རྒྱུན་འཇུག་པ་དང་འགལ་བ་བསྐྱེད་པ་ལ་སྦྱིན་སོགས་སུ་རྟོགས་པའི་སྒོ་ནས་སྲོག་གཅོད་པ་ལ་སོགས་པ་དང་དགེ་བར་འཇོག་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་ལ་མི་དགེ་བ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་ལ་དགེ་བར་འཇོག་པ་དང་འདྲའོ། །གཉིས་པ་ནི་དོན་སྨྲ་བ་ཁྱེད་ཀྱི་ལུགས་ལ་དོན་དམ་ལ་དགེ་སྡིག་གི་ལས་མེད་ཀྱང་ཀུན་རྫོབ་དུ་ཡོད་པ་དེ་བཞིན་དུ་དབུ་མ་པ་ལ་ཡང་དངོས་པོ་ཐམས་ཅད་རྨི་ལམ་དང་འདྲ་བ་ཡིན་ཡང་དངོས་པོར་མངོན་པར་ཞེན་པའི་ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པ་རྣམས་ལ་རང་ལ་དགེ་སྡིག་སོགས་སུ་སྣང་བ་དེ་དང་མཐུན་པའི་དོན་གྱིས་དངོས་པོ་ལ་སོགས་པ་ལ་དགེ་སྡིག་སོགས་སུ་མངོན་པར་ཞེན་པས་དགེ་མི་དགེར་མངོན་པར་འཇོག་གོ་ཞེས་བྱ་བའི་ལན་དང་སོགས་པའི་སྒྲས་བསྡུས་པ་ཀླན་ཀ་ལྷག་མ་རྣམས་ཀྱི་ལན་དེ་དང་དེ་ཕྱོགས་གཞན་འཕགས་པ་གྲོལ་སྡེ་ལ་སོགས་པ་མདོ་འགྲ?ལ་བྱེད་པའི་སློབ་དཔོན་གཞན་གྱིས་མཛད་པའི་བསྟན་བཅོས་ནས་གསུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་དང་དེ་ཞེས་པའི་སྒྲ་ནི་ཀླན་ཀ་ལྷག་མ་འཕེན་པའི་ཚིག་གོ །སོགས་ཀྱི་སྒྲའི་དོན་ལ་གཞན་དག་གིས་མཐའ་མ་ཆོད་པར་སྣང་ངོ༌། །གཉིས་པ་རྨི་ལམ་གྱི་དཔེ་མ་གྲུབ་པར་བསྟན་པ་ལ་གཉིས་ཏེ། ཉི་ཤུ་པའི་ལུང་གིས་བསྟན་པ་དང༌། ཤེར་ཕྱིན་གྱི་ལུང་གིས་བསྟན་པའོ། །དང་པོ་ནི། རྟགས་མ་ངེས་པའི་སྐྱོན་དུ་མ་ཟད་དཔེ་མ་གྲུབ་པའི་སྐྱོན་ཡང་ཡོད་པར་བསྟན་པ་ནི། ཕྱི་རྒོལ་གྱི་ངོར་དཔེ་དང་གཏན་ཚིགས་མ་གྲུབ་ན་དེའི་ངོར་སྒྲུབ་བྱེད་དུ་མི་རུང་ལ། ཁྱེད་ཀྱི་རྨི་ལམ་གྱི་དཔེའི་དབུ་མ་པ་ལ་ལས་སོག་པ་མེད་པའི་དཔེར་མ་གྲུབ་པ་སྒྲུབ་བྱེད་དུ་མི་འཐད་དོ། །ཅིའི་ཕྱིར་མ་གྲུབ་ཅེ་ན། ཉི་ཤུ་པ་ལས། རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །དེས་ན་འབྲས་བུ་འདྲ་མ་ཡིན། །ཞེས་བྱ་བས་རྨི་ལམ་གྱི་ལས་ནི་མི་གསལ་ཞིང་འཆོལ་བར་རྟོགས་པས་འབྲས་བུ་དམན་ལ། སད་པའི་ལས་ནི་གསལ་ཞིང་མ་འཆོལ་བར་རྟོགས་པས་འབྲས་བུ་ལྷག་པས་འདྲ་བ་མ་ཡིན་ཞེས་པས་ལས་དམན་པ་ཡོད་པར་བསྟན་པས་སོ། །སློབ་དཔོན་ནི་ངོ་བོ་ཉིད་མེད་པར་སྨྲ་བ་མ་ཡིན་ནམ་ཅིའི་ཕྱིར་ཉི་ཤུ་པའི་ལུང་རྨི་ལམ་རང་ལ་དཔེར་མ་གྲུབ་པའི་ཤེས་བྱེད་དུ་དྲང་བར་བྱེད་ཅེ་ན། ཐ་སྙད་དུ་རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་ཞལ་གྱིས་བཞེས་པས་ཉེས་པ་མེད་དོ། །གཉིས་པ་ནི་སྔ་མར་མ་ཟད་ཡང་རྨི་ལམ་ལས་མེད་པའི་དཔེར་མ་གྲུབ་སྟེ། ཉི་ཤུ་པའི་ལུང་གིས་དཔེ་མ་གྲུབ་པར་བསྟན་པ་དེ་བཞིན་དུ་ཤེར་ཕྱིན་ལས་རྨི་ལམ་ན་ཡང་དགེ་བ་དང་མི་དགེ་བ་སྤྱོད་པ་རྨིས་པ་ནི། སད་པའི་གནས་སྐབས་ན་ཀྱེ་མ་བྱས་སོ་ཞེས་ལེགས་པར་བྱས་སོ་ཞེས་རྗེས་སུ་ཡི་རང་ན་རྗེས་ཀྱི་གནས་སྐབས་ཀྱི་སད་པའི་སེམས་ཀྱིས་ལས་མངོན་པར་ཞེན་པའི་གསོས་ཀྱིས་ཡོངས་སུ་གསོས་ཏེ་ལ་སོགས་པར་གསུངས་པར་དེའི་ཕྱིར་རོ། །རྨི་ལམ་དུ་ལས་སོག་པ་ཡོད་ན། དགེ་སློང་གིས་མི་བསད་པ་རྨིས་པས་ཀྱང་སྡོམ་པ་གཏོང་བར་འགྱུར་རོ་ཅེ་ན། སྡོམ་པའི་གཏོང་ཐོབ་བསླབ་པ་བཅས་པའི་དབང་ལས་བཞག་ལ། རྨི་ལམ་ལ་དེ་མེད་པའི་ཕྱིར་ཉེས་པ་མེད་དོ། །འགའ་ཞིག་བརྒྱད་སྟོང་པའི་ཚིག་ཟུར་ལ་བརྟེན་ཏེ་དོན་སྨྲ་བ་ལ་ཡང་དཔེ་མ་གྲུབ་པའི་ཚུལ་འདིར་ཁ་བསྐང་ནས་དེ་བཞིན་ཞེས་པའི་སྒྲ་དེ་ལ་སྙེགས་པར་འདོད་པ་ནི་མ་བརྟགས་པའི་བཤད་པ་སྟེ། འདིར་དེ་མ་བཀོད་པས་དེ་ལ་སྙེགས་པར་བྱར་མེད་པའི་ཕྱིར་དང༌། འདི་དང་འགྲེལ་ཆེན་གཞུང་གི་གོ་རིམ་སྒྲིག་ཚུལ་མི་འདྲ་བར་སྣང་བའི་ཕྱིར་རོ། །གསུམ་པ་ནི། འཁོར་འདས་མཉམ་པ་ཉིད་དུ་བསྟན་པ་ལ་སུན་འབྱིན་བརྗོད་པ་རྣམས་མི་འཐད་པས་འཁོར་བ་དང་མྱ་ངན་ལས་འདས་པ་ནི་མཉམ་པ་ཉིད་དུ་གྲུབ་བོ། །གཉིས་པ་གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ་ལ་མཚམས་སྦྱར་བ་ནི། སྲིད་ཞི་མཉམ་པ་ཉིད་དུ་བསྟན་པ་དེའི་འོག་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་སྦྱོར་བ་འཆད་དོ། །རྒྱུ་མཚན་ནི་འཁོར་འདས་གཉིས་ཀ་མཉམ་པ་ཉིད་དུ་ཞེས་སོགས་སོ། །ཚིག་གི་དོན་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་གྱི་བྱེ་བྲག་གིས་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་ཡོད་པ་ལ་གོ་རིམ་བཞིན་དུ་སེམས་ཅན་གྱི་འཇིག་རྟེན་བཀྲེས་པ་དང་སྐོམ་པ་དང་མི་དགེ་བ་ལ་སྤྱོད་པ་སོགས་ཀྱིས་མ་དག་པ་གང་ཡིན་པ་དེ་མཐོང་ནས་དེའི་གཉེན་པོར་སངས་རྒྱས་ཀྱི་ཞིང་དུ་ལྷའི་ཟས་གོས་སོགས་ཀྱི་ཉེ་བར་སྤྱད་པ་དང་ལྡན་ཞིང་དགེ་བ་བཅུ་ལ་སོགས་པ་དག་པ་བསྐྱེད་པའི་དོན་དུ་ཕྱིན་དྲུག་ལ་སྤྱོད་པའི་སྒོ་ནས་བཅུད་ཀྱ?་ཞིང་རྣམ་པར་དག་པ་སྒྲུབ་པ་དང་སྣོད་ཀྱི་འཇིག་རྟེན་རྡོ་བ་དང་ཚེར་མ་དང་ཅོང་རོང་སོགས་ཀྱིས་མ་དག་པ་མཐོང་ནས་དེའི་གཉེན་པོར་རང་གི་སངས་རྒྱས་ཀྱི་ཞིང་དེར་གསེར་གྱི་ས་ཕྱོགས་དང་ལག་མཐིལ་ལྟར་མཉམ་པ་སོགས་དག་པ་བསྐྱེད་པའི་དོན་དུ་ཕྱིན་དྲུག་ལ་སྤྱོད་པའི་སྒོ་ནས་སྣོད་ཀྱི་ཞིང་རྣམ་པར་དག་པ་སྒྲུབ་པ་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་སྦྱོར་བའོ། །གསུམ་པ་ལ་མཚམས་སྦྱར་བ་ནི། ཞིང་དག་པའི་སྦྱོར་བ་བཤད་པའི་འོག་དུ་ཐབས་ལ་མཁས་པའི་སྦྱོར་བ་བསྟན་ཏེ། རང་གི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་སྒྲུབ་པ་ནི་སངས་རྒྱས་པ་ན་གཞན་དོན་བྱེད་པའི་ཐབས་ལ་མཁས་པས་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱ་དགོས་པས་སོ། །རྩ་བ་ལ་འཕགས་པ་ལྟར་ན་སྦྱོར་བའི་ཡུལ། སྦྱོར་བའི་ངོ་བོ། སྦྱོར་བའི་དབྱེ་བའོ། །དང་པོ་ནི་ཡུལ་དང་ཅེས་པ་བསྟན་ཏེ། རྣམ་ཐར་སྒོ་གསུམ་དང༌། བྱང་ཕྱོགས་བདུན་ལ་བཤད་དོ། །གཉིས་པ་ནི། སྦྱོར་བ་ཅན་འདི་ནི་ཞེས་པ་དང༌། གསུམ་པ་ནི་ལྷག་རྣམས་ཀྱིས་སྟོན་ནོ། །འདི་ལ་བཅུ་ཡོད་པ་ལྔར་འདུས་ཏེ། མི་མཐུན་ཕྱོགས་སྤོང་བ་དང༌། གཞན་དོན་གྱི་རྒྱུ་འཛིན་པ་དང༌། གཞན་གྱི་འདུ་ཤེས་སྤོང་བ་དང༌། ཡིད་ཆེས་པར་བྱེད་པ་དང༌། ཡུལ་ཚད་མེད་པའི་ཐབས་མཁས་སོ། །དང་པོ་ནི་ཚིག་རྐང་གཉིས་པས་བསྟན་ནོ། །གཉིས་པ་ལ་བཞི་སྟེ། མཐའ་གཉིས་ལ་མི་གནས་པའི་རྟེན། གཞན་དོན་འབད་མེད་དུ་འབྱུང་བ། འབྲས་བུ་མངོན་དུ་མི་བྱེད་པ་མ་ཆགས་པའི་ཡོན་ཏན་ཏེ། རིམ་པ་ལྟར་མི་གནས་ཞེས་པ་ནས། མ་ཆགས་ཞེས་པའི་བར་གྱིས་བསྟན་ནོ། །གསུམ་པ་ལ་ཆོས་དང་མཚན་མ་དང༌། འབྲས་བུ་འདུ་ཤེས་པ་གསུམ་སྟེ། ཚིག་རྐང་ཕྱེད་དང་གཉིས་ཀྱིས་བསྟན་ནོ། །དེ་ནས་གཅིག་གིས་ཐ་མ་གཉིས་བསྟན་ནོ། །མདོ་ནི་སྐྱེས་བུ་སྒྱུ་རྩལ་མ་ལུས་པ་བྱང་བ་ཞེས་པ་ནས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པ་ཡིན་ནོ་ཞེས་པའི་བར་རོ། །གསུམ་པ་ཚིག་གི་དོན་ལ། ཐབས་ལ་མཁས་པ་ཡིན་ནོ། གང་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཐབས་ལ་མཁས་པ་རྣམས་པ་བཅུའོ། །བཅུ་པོ་སེམས་ཅན་གྱི་དོན་དུ་མངོན་དུ་བྱ་བ་ལ་དུས་དང་དུས་མ་ཡིན་པ་ཤེས་པའི་ཐབས་ཤེས་ཟུང་འཇུག་ནི་སྦྱོར་བའོ། །འདི་ནི་ཀུན་ལ་འབྲེལ་བར་བལྟའོ། །ཡུལ་བཅུ་གང་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ལྷའི་བུ་ལ་སོགས་པའི་བདུད་བཞི་ལས་འདས་ཏེ། འཆི་བ་མེད་པའི་གོ་འཕང་ཐོབ་པ་ལ་བར་ཆད་བྱེད་པའི་ཆོས་ལས་ཡང་དག་པར་བརྒལ་བས་སོ། །བདུད་བཞི་དེ་དག་གི་ངོ་བོ་ལ་ཕུང་པོའི་བདུད་ནི་ཉེ་བར་ལན་པའི་ཕུང་པོའོ། །ཉོན་མོངས་པའི་བདུད་ནི་ཁམས་གསུམ་གྱི་ལས་ཉོན་ནོ། །འཆི་བདག་གི་བདུད་ནི་རང་དབང་མེད་པར་སྲོག་འགག་པའོ། །ལྷའི་བུའི་བདུད་ནི་གཞན་གསུམ་ལས་འདའ་བའི་དགེ་བ་ལ་བར་དུ་གཅོད་པར་བྱེད་པ་འདོད་ལྷའི་རིགས་སུ་གཏོགས་པའོ། །ཅིའི་ཕྱིར་བདུད་ཅེས་བྱ་ཞེ་ན། འཆི་བ་མེད་པའི་མྱང་འདས་ཀྱི་གོ་འཕང་ཐོབ་པ་ལ་གེགས་བྱེད་པའི་ཕྱིར་ཏེ། བཞིར་ཕྱི་བ་ནི་བསྡུ་བ་ལས་རིམ་པ་ལྟར་གང་འཆི་བ་དང༌། གང་གིས་འཆི་བར་བྱེད་པ་དང༌། འཆི་བའི་ངོ་བོ་གང་ཡིན་པ་དང༌། འཆི་བ་ལས་འདའ་བ་ལ་གེགས་བྱེད་པའི་དབང་དུ་བྱས་ནས་བཞིར་བཤད་དོ། །ཡང་ན་སྲོག་ཡུན་རིང་དུ་གནས་སྟེ་ཟག་མེད་ཀྱི་ཡོན་ཏན་ཁྱད་པར་ཅན་བསྒྲུབས་ནས་འབྲས་བུ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཐོབ་པ་ལ་རིམ་པ་ལྟར་འཆི་བདག་ལྷའི་བུ། ཉོན་མོངས་པ། ཕུང་པོའི་བདུད་ཀྱིས་གེགས་བྱེད་པའི་དབང་དུ་བྱས་ནས་བཞིར་བསྟན་ནོ། །གནས་སྐབས་གང་དུ་འདི་དག་ལས་འདའ་བ་ཐོབ་ཅེ་ན། ཉན་རང་གི་རིགས་ཅན་རྣམས་མཐོང་ལམ་ནས་ལྷའི་བུའི་བདུད་ལས་འདའ་སྟེ་དཀོན་མཆོག་མངོན་པར་རྟོགས་པ་ཐོབ་པས་ཡིད་ཆེས་བརྟན་པོ་ཐོབ་པའི་ཕྱིར། ལྷག་བཅས་ཐོབ་ནས་ཉོན་མོངས་པའི་བདུད་ལས་འདའ་སྟེ། འཆིང་བྱེད་ཀྱི་ཉོན་མོངས་མ་ལུས་པ་སྤངས་པའི་ཕྱིར། བསམ་གཏན་རབ་མཐའ་ཐོབ་ནས་འཆི་བདག་གི་བདུད་ལས་འདའ་སྟེ། ཚེ་འདོར་ལེན་ལ་དབང་ཐོབ་པའི་ཕྱིར། ལྷག་མེད་ནས་ཕུང་པོའི་བདུད་ལས་འདའ་སྟེ། ཉེར་ལེན་གྱི་ཕུང་པོ་བོར་ཞིང་ལེན་པ་མེད་པའི་ཕྱིར་རོ། །བྱང་སེམས་རྣམས་སྦྱོར་ལམ་ནས་ལྷའི་བུའི་བདུད་ལས་འདའ་སྟེ། ཤེས་ནས་དད་པ་ཐོབ་པས་སོ། །མཐོང་ལམ་ནས་ཉོན་མོངས་པ་དང་འཆི་བདག་གི་བདུད་ལས་འདའ་སྟེ། ལས་ཉོན་མོངས་གྱི་དབང་གི་སྐྱེ་འཆི་དང་བྲལ་བའི་ཕྱིར་ཏེ། ལས་དང་ཉོན་མོངས་དབང་གི་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་པ་ལྟར་རོ། །ས་བརྒྱད་པ་ནས་ཕུང་པོའི་བདུད་ལས་ཀྱང་འདའ་སྟེ། རྣམ་པར་གྲོལ་བའི་སྐུ་མངོན་དུ་བྱེད་པའི་ནུས་པ་ཐོབ་པའི་ཕྱིར་ཏེ། སངས་རྒྱས་པ་དང་དུས་མཉམ་པར་བཅོམ་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་བག་ཆགས་དང་བཅས་པ་ལ་དགོངས་སོ། །ཉན་ཐོས་སྡེ་གཉིས་ཀྱི་འདོད་པས་ཉན་རང་གིས་བཅོམ་ཚུལ་སྔར་ལྟར་ཡིན་ལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཉིས་བཅོམ་སྟེ། སྲོད་ལ་ལྷའི་བུའི་བདུད་དང༌། ཐོ་རངས་བསམ་གཏན་རབ་མཐའ་ལ་བརྟེན་ཏེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཁམས་གསུམ་གྱི་ཉོན་མོངས་པ་མ་ལུས་པ་བཅོམ་པའི་ཕྱིར། ཡངས་པ་ཅན་དུ་འཆི་བདག་གི་བདུད་བཅོམ་ཏེ་ཟླ་བ་གསུམ་དུ་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་པའི་ཕྱིར། གྱད་ཡུལ་དུ་ཕུང་པོའི་བདུད་བཅོམ་སྟེ། ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། གང་ལ་ཡང་མི་གནས་པར་གནས་པ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྣམ་པར་བསྒོམས་པས་སོ། །གཞན་གྱི་དོན་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་འཕངས་པར་བྱེད་པ་ཡིན་ཏེ། གཞན་དོན་བྱེད་པའི་སྨོན་ལམ་གྲུབ་པས་སོ། །ཉན་རང་དང་ཐུན་མོང་མ་ཡིན་ཏེ། ཉན་རང་གིས་བྱ་དཀའ་བའི་སྤྱོད་པ་ཤིན་ཏུ་གོམས་པར་བྱས་པ་ཉིད་ཀྱིས་སོ། །ཆོས་ཐམས་ཅད་ལ་འཛིན་པ་མེད་པ་ཡིན་ཏེ། དཀར་པོའི་ཆོས་རྣམས་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་རོ་མྱང་གི་དྲི་མ་རྣམ་པར་དག་པས་སོ། །བདག་གཉིས་ཀྱི་ངོ་བོ་མི་དམིགས་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་གནས་པ་ཉིད་ཀྱིས་སོ། །སྤྲོས་པའི་མཚན་མ་མེད་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ལ་གནས་པ་ཉིད་ཀྱིས་སོ། །འཁོར་བ་ལ་སྨོན་པ་མེད་དེ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལ་གནས་པ་ཉིད་ཀྱིས་སོ། །རང་ཉིད་ཕྱིར་མི་ལྡོག་དུ་གཞན་གྱིས་གོ་བར་བྱེད་པའི་རྟགས་ཡིན་ཏེ། གཞན་གྱིས་ཕྱིར་མི་ལྡོག་གི་རྟགས་ལས་བརྩམས་སྟེ་དྲི་བ་སྔོན་དུ་བཏང་བ་ཅན་ལ་ཕྱིར་མི་ལྡོག་པའི་རྟོགས་པ་དང་རྗེས་སུ་མཐུན་པའི་ཕྱིར་མི་ལྡོག་པའི་ཆོས་བརྗོད་པས་སོ། །ཚད་མེད་པའི་ཐབས་ལ་མཁས་པ་ཡིན་ཏེ། རིག་པའི་གནས་ལྔ་ལ་སོགས་ཡུལ་ཐམས་ཅད་ཤེས་པ་ཉིད་ཀྱིས་སོ། །ལྔ་པོ་ནི་བཟོ་དང༌། གསོ་བ་དང༌། སྒྲ་དང༌། གཏན་ཚིགས་དང༌། ནང་རིག་པའོ། །ཐབས་ལ་མཁས་པ་ཞེས་པ་ནི་ཐམས་ཅད་དང་འབྲེལ་ལོ། །སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལ་སྐབས་བཞི་པའི་འགྲེལ་པ་རྣམ་པར་བཤད་པའོ།། །།གཉིས་པ་དབང་ཐོབ་པའི་ཚུལ་གྱིས་སྒོམ་པ་རྩེ་མོ་ལ་འབྲེལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། རྣམ་ཀུན་གྱི་འོག་ཏུ་རྩེ་མོའི་མངོན་པར་རྟོགས་པ་བསྟན་ཏེ། རྒྱུ་མཚན་ནི་རྣམ་པ་ཐམས་ཅད་ཞེས་སོགས་སོ། །ཚུལ་ནི་རྟགས་ལ་སོགས་པ་བསྙད་པ་སྔོན་དུ་འགྲོ་བའི་སྒོ་ནས་སོ། །དགོས་ནི་རྩེ་སྦྱོར་གོ་སླ་བར་བྱ་བའ་ཕྱིར་རོ། །གཉིས་པ་ལ། བཞི་སྟེ། སྦྱོར་ལམ་རྩེ་སྦྱོར་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། བར་ཆད་མེད་པའི་རྩེ་སྦྱོར་རོ། །དང་པོ་ལ། སོ་སོའི་རང་བཞིན་དང༌། དོན་བསྡུ་བའོ། །དང་པོ་ལ། རྟགས་དང༌། རྣམ་འཕེལ་དང༌། བརྟན་པ་དང༌། སེམས་ཀུན་ཏུ་གནས་པའོ། །དང་པོ་ལ། མདོ་ནི། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ལགས་སོ་ཞེས་གསུངས་སོ། །ཚིག་དོན་ནི། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་གྱི་རྟགས་ཡིན་ནོ། །སྔར་བཤད་པ་ནི་སྤྱིར་ཕྱིར་མི་ལྡོག་པའི་རྟགས་ཡིན་ལ། འདི་ནི་བྱེ་བྲག་རྩེ་སྦྱོར་ཐོབ་པའི་རྟགས་ཡིན་པས་ཁྱད་པར་གྱི་རྟགས་ཞེས་གསུངས་སོ། །རྟགས་གང་ཞེ་ན། རྣམ་པ་བཅུ་གཉིས་ནིའོ། །འདི་ལ་ངོ་བོའི་སྒོ་ནས་དབྱེ་ན། དང་པོ་བརྒྱད་འབྲས་བུ་དང༌། ཕྱི་མ་བཞི་རང་བཞིན་གྱི་རྟགས་སོ། །དུས་ཀྱིས་ཕྱེ་བ། རྨི་ལམ་གྱི་དྲུག སད་པའི་དྲུག་གོ །དང་པོ་ལ། དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། རྩེ་སྦྱོར་ཐོབ་པ་ཡིན་ཏེ། ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་སྒྲ་བརྙན་ལ་སོགས་པ་དང་འདྲ་བར་ལྟ་བར་བྱེད་པའི་ཕྱིར། འོག་མ་ལྔ་ལ་ཡང་སྦྱོར་ཚུལ་དེ་བཞིན་ནོ། །ཉན་ཐོས་དང་སོགས་པ་རང་རྒྱལ་གྱི་ས་ལ་དགའ་བའི་སེམས་མི་བསྐྱེད་པ་དང༌། བརྒྱད་སྟོང་པ་ལྟར་ན་རང་ཉིད་དེ་བཞིན་གཤེགས་པར་གྱུར་ནས་འཁོར་དུ་མས་བསྐོར་བ་ལ་ཆོས་སྟོན་པ་ལ་སོགས་པ་མཐོང་བ་དང༌། རྒྱས་འབྲིང་ལྟར་ན་གཞན་མཐོང་བ་སྟེ། སྔ་མ་ནི་གཞན་སྨིན་པར་བྱེད་པ་དང༌། ཕྱི་མ་ལྟར་ན་རང་སྨིན་པའི་རྟགས་སོ། །ཡང་བརྒྱད་སྟོང་པ་ལྟར་ན། རང་ཉིད་སངས་རྒྱས་སུ་གྱུར་ནས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྟོན་པ་དམིགས་པ་དང༌། རྒྱས་འབྲིང་ལྟར་ན་གཞན་མཐོང་བའོ། །རྨི་ལམ་དུ་སྡུག་བསྔལ་གྱིས་ནོན་པ་སད་པའི་ཚེ་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་སྟོན་པའི་སེམས་སྐྱེ་བ་དང༌། དམྱལ་བ་དང་ཡི་དྭགས་ལ་སོགས་པའི་སེམས་ཅན་མཐོང་བ་སྔོན་དུ་འགྲོ་བས་ན་ངན་སོང་སྤོང་བ་རྗེས་སུ་དྲན་པའོ། །གཉིས་པ་ནི། བདག་བྱང་ཆུབ་ཏུ་ལུང་བསྟན་ན་མེ་འདི་ཞི་བར་གྱུར་ཅིག་ཅེས་བརྗོད་པས་གྲོང་ཁྱེར་ལ་སོགས་པ་ཚིག་པ་རབ་ཏུ་ཞི་བར་བྱེད་པའི་བྱིན་བརླབས་གྲུབ་པ་སྟེ། སྲང་ནས་སྲང་དུ་མཆེད་ན་བྱང་སེམས་ལ་ཆོས་སྤོང་གི་ལས་ཡོད་པ་དང༌། ལ་ལ་ཚིག་ན་སྦྱིན་བདག་ལ་ལས་དེ་ཡོད་པར་བཤད་དོ། །བདག་ལུང་བསྟན་ན་མི་མ་ཡིན་གྱིས་གཟུང་བ་མེད་པར་གྱུར་ཅིག་ཅེས་བརྗོད་པ་ན་གནོད་སྦྱིན་ལ་སོགས་པ་མི་མ་ཡིན་ཞེས་སོགས་སོ། །རང་ཉིད་ཀྱིས་བདུད་ལས་མངོན་པར་ཤེས་པས་ཕ་རོལ་བདུད་དང་སྡིག་གྲོགས་ཟིལ་གྱིས་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང༌། བསམ་པ་ཐམས་ཅད་རྫོགས་པར་འདོད་པས་རྣམ་པ་ཐམས་ཅད་དུ་ཞེས་སོགས་སོ། །གཟུགས་སོགས་ཆོས་ཐམས་ཅད་ལ་རང་བཞིན་གྱིས་དབེན་པར་ལྟ་བས་མངོན་པར་ཞེན་པ་མེད་པ་དང༌། ཡུམ་ལ་སྤྱོད་པས་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཞེས་བྱའོ། །གཉིས་པ་རྣམ་འཕེལ་ལ། མཚམས་སྦྱར་བ་ནི། དེ་ལྟར་རྟགས་ཀྱིས་མཚོན་པའི་རྣམ་པར་འཕེལ་བ་རྣམ་པ་དུ་ཞིག་ཡོད་ཅེ་ན། རྣམ་པར་འཕེལ་བ་བསྟན་ནོ། །མདོ་དགོད་པ་ནི། འཛམ་བུ་གླིང་གི་སྐྱེ་བོ་ཇི་སྙེད་ཞེས་སོགས་ནས་གལ་ཏེ་དེ་ལྟར་ན་ཤེར་ཕྱིན་ལ་མི་སྤྱོད་དོ། །ཞེས་གསུངས་སོ། །ཚིག་གི་དོན་ལ། རྣམ་པར་འཕེལ་བ་ཡིན་ནོ། །གང་ན། རྩེ་མོའི་བསོད་ནམས་ཀྱི་གནས་སྐབས་བཅུ་དྲུག་གི་ངོ་བོ་ཉིད་ནིའོ། །ཅིའི་ཕྱིར་རྣམ་པར་འཕེལ་བ་ཞེས་བརྗོད་ཅེ་ན། མེ་ཏོག་ལ་སོགས་པས་འཛམ་བུ་གླིང་ལ་སོགས་པའི་སེམས་ཅན་ཇི་སྙེད་ཀྱིས་སངས་རྒྱས་ལ་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་མང་པོ་དང་པོར་བསྟན་པ་དཔེར་མཛད་ནས་བསོད་ནམས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཉིད་ཀྱིས་སོ། །འདིས་སྔ་མ་སངས་རྒྱས་ལ་མཆོད་པ་སོགས་དཔེར་བསྟན་ནས་སྤྱིར་བསོད་ནམས་གོང་ནས་གོང་དུ་འཕེལ་བར་བསྟན་གྱི་བཅུ་དྲུག་པོ་སྔ་མ་ལས་ཕྱི་མ་ཁྱད་པར་དུ་འཕགས་པར་བསྟན་པ་མ་ཡིན་ཏེ། དེ་ལྟར་དུ་བསྟན་མི་ནུས་པའི་ཕྱིར་རོ། །བཅུ་དྲུག་གང་ཞེ་ན། དང་པོ་ཕྱི་གཙོ་བོར་གྱུར་པའི་བསོད་ནམས་རྣམ་པ་བརྒྱད་ནི། འཛམ་བུ་གླིང་དང་ལ་སོགས་པ་གླིང་བཞི་དང་སྟོང་གཅིག་དང་གཉིས་དང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བས་རྩེ་མོའི་ཤེར་ཕྱིན་ཡིད་ལ་བྱེད་པ་བསོད་ནམས་ལྷག་པ་དང༌། ཁྱད་པར་དུ་རྩེ་སྦྱོར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིན་མཚན་རྩེ་ཅིག་ཏུ་ཡིད་ལ་བྱེད་པ་དང༌། མི་སྐྱེ་བའི་ཆོས་ལ་ལྷག་པར་མོས་པའི་བཟོད་པ་ཐོབ་པ་དང་བྱང་ཆུབ་པར་བྱ་བ་དང་བྱང་ཆུབ་པར་བྱེད་པའི་ཆོས་རྣམས་བདེན་པར་མི་དམིགས་པ་དང༌། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུ་ལ་སོགས་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་ལས་རྩེ་སྦྱོར་ལ་འཇུག་པ་བསོད་ནམས་ཁྱད་པར་དུ་འཕགས་པ་དང༌། དཀར་ཕྱོགས་ཀྱི་ལྷའི་རིགས་ཐམས་ཅད་འོང་ནས་བྱང་ཆུབ་དུ་བསྐུལ་བ་དང༌། བདུད་ཀྱིས་གླགས་མི་རྙེད་པས་བདུད་ལས་ཐམས་ཅད་ཟིལ་གྱིས་གནོན་པ་དང༌། ཐེག་པ་གཅིག་ཏུ་ཞུགས་པའི་སྐྱེ་བོ་ལ་སྟོན་པ་དང་འདྲ་བར་གུས་པ་བསྐྱེད་ཅིང་བསླབ་པ་མཚུངས་པར་གནས་པ་ཞེས་བྱའོ། །ནང་གཙོ་བོར་གྱུར་པའི་བསོད་ནམས་གཞན་རྣམ་པ་བརྒྱད་ནི། ཡང་རྣམ་པ་ཐམས་ཅད་དུ་བསམ་གཏན་དང་གཟུགས་མེད་ལ་སྙོམས་པར་ཞུགས་ཀྱང་དེའི་རྒྱུས་མི་སྐྱེ་བའི་ཐབས་ལ་མཁས་པས་བསླབ་པ་ཡོངས་སུ་དག་པ་དང༌། རྩེ་སྦྱོར་ཐོབ་ནས་སངས་རྒྱས་སུ་ངེས་པས་སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་བ་དང༌། འབྲས་བུ་སངས་རྒྱས་ཉིད་འཐོབ་པའི་རྒྱུ་མཚན་སེམས་བསྐྱེད་སོགས་ཀྱི་ནུས་པ་གཞན་ལས་ལྷག་པ་དང༌། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་ཕྱོགས་སེར་སྣ་སོགས་ཀྱི་སེམས་མི་སྐྱེ་བ་དང༌། བདེན་མེད་ཀྱི་དོན་རྟོགས་པས་གཟུགས་ལ་སོགས་པ་དང་ལྡན་པར་རྟོག་པའི་སེམས་རབ་ཏུ་མི་སྐྱེ་བ་དང༌། འཇིག་ཚོགས་ལ་ལྟ་བར་ལྟ་བ་དྲུག་ཅུ་རེ་གཉིས་འདུས་པ་ལྟར་རྩེ་མོའི་ཤེར་ཕྱིན་དུ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ཀུན་བསྡུས་པ་ཤེས་པ་དང༌། ཐེག་པ་གསུམ་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པ་དང༌། གཟུགས་སོགས་ལ་ལྟ་བ་ཐམས་ཅད་དང་བྲལ་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཞེས་བྱའོ། །གསུམ་པ་ལ། མཚམས་སྦྱར་བ་ནི། རྣམ་འཕེལ་གྱི་འོག་ཏུ་ངེས་པར་བརྟན་པ་བསྟན་ཏེ། སྔར་བཤད་པ་དེ་ལྟར་བསོད་ནམས་རྣམ་པར་འཕེལ་བས་རྣམ་པར་སྤེལ་ཞིང་ཡོངས་སུ་རྫོགས་པར་བྱས་པའི་སྒོ་ནས་རང་དབང་དུ་གྱུར་པ་རབ་ཀྱི་མཐར་ཕྱིན་པའི་མཚན་ཉིད་ནི་ངེས་པར་བརྟན་པ་ཡིན་པས་སོ། །གཉིས་པ་ལ་གཉིས་ཏེ། མདོ་དགོད་པ་དང༌། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ལས། མདོ་དང་པོ་ནི། སངས་རྒྱས་དང༌། རྣམ་མཁྱེན་དང༌། རང་བྱུང་དང༌། ཟག་པ་མེད་པའི་ཆོས་རྣམས་ཡོངས་སུ་རྫོགས་བར་གྱུར་ཅིག་ཅེས་པ་སྟེ་རིམ་པ་ལྟར་མདོར་བསྟན་པ་དང༌། རྣམ་མཁྱེན་དང༌། ལམ་ཤེས་དང༌། གཞི་ཤེས་ཀྱི་ཆོས་རྣམས་རྫོགས་པར་བསྔོ་བའོ། །འདི་ལམ་གསུམ་བཏགས་པ་བའི་ཁུངས་སུ་བྱེད་པ་དག་གིས་ནི་བསྔོ་བའི་དོན་ཁོང་དུ་མ་ཆུད་དོ། །གཉིས་པ་ནི། བདག་བརྒལ་ནས་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བར་འགྱུར་རོ་ཞེས་སོ། །ཚིག་གི་དོན་ལ། གཞན་དོན་ཕྲིན་ལས་བརྟན་པ་དང༌། རང་དོན་རྟོགས་པ་བརྟན་པའོ། །དང་པོ་ནི། སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་མཚན་ཉིད་ནི་ངེས་པར་བརྟན་པ་ཡིན་ཏེ། གང་གི་ཞེ་ན། གཞན་གྱི་སྡུག་བསྔལ་བསལ་འདོད་ཀྱི་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ངོ་བོས་སོ། །གནས་སྐབས་ནི། བཟོད་པའི་རྣམ་པའི་གནས་སྐབས་སུ། མོས་མིན་འདུ་ཤེས་མེད་པ་ཡིན་ཞེས་པ་ལྟར་རྣམ་པར་མི་རྟོག་པ་རྟོགས་པའི་གནས་སྐབས་ནའོ། །གང་གི་སྟོབས་ཀྱིས་ཞེ་ན། བསོད་ནམས་འཕེལ་བའི་རིམ་པ་དེ་ལྟར་ཐོབ་པས་གཞན་དོན་བྱེད་པའི་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །རང་དོན་རྟོགས་པ་བརྟན་པ་ནི། ངེས་པར་བརྟན་པ་ཡིན་ནོ། །གང་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་སྔར་སྐབས་དང་པོ་གསུམ་དུ་ཇི་སྐད་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་སེམས་བསྐྱེད་དང་གདམས་ངག་ལ་སོགས་པ་གོང་དུ་སྨོས་པ་རྣམས་ཡོངས་སུ་རྫོགས་པར་བསྔོ་བ་བླ་ན་མེད་པ་ནིའོ། །གཞན་གྱིས་ནི་མདོར་སྨོས་པའི་བསྔོ་བའི་ནུས་པ་མ་བཤད་དོ། །བཞི་པ་ལ། མཚམས་སྦྱར་བ་ནི། བརྟན་པའི་འོག་ཏུ་སེམས་ཀུན་ཏུ་གནས་པ་སྟོན་ནོ། །དེ་ལྟར་ངེས་པར་བརྟན་པར་བྱེད་པ་བཟོད་པའི་རྒྱུ་ཡིས་རྟོགས་པ་ངེས་པར་བརྟན་པར་གྱུར་བའི་མཚན་ཉིད་ནི་སེམས་ཀུན་ཏུ་གནས་པ་ཡིན་པས་སོ། །རྩ་བ་ནི། བསྒྲགས་པ་ཡིན་ནོ། །གང་ན་ཏིང་ངེ་འཛིན་ནོ། །གང་ལས་ན་མདོ་ལས་སོ། །གང་གིས་ན། མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཞུགས་པའི། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡིད་རང་བ། །སྟོང་གསུམ་རི་རབ་སྲང་ལ་གཞན་བའི་ཚད་བཟུང་རུང༌། །རྗེས་སུ་ཡིད་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་པའི་ཚིགས་གིས་སོ། །ཇི་ལྟར་ན། གླིང་བཞི་པ་དང་སྟོང་དང་པོ་དང་སྟོང་གཉིས་པ་དང་སྟོང་གསུམ་པ་དག་གིས་རྡོའི་སྲང་གྲངས་དང་ཆུ་ཐིགས་ཀྱི་གྲངས་དཔེར་མཛད་ནས། ཐེག་པ་ལ་གསར་དུ་བཞུགས་པ་སོགས་སེམས་དཔའ་བཞིའི་དགེ་བ་ལ་རྗེས་སུ་ཡིད་རང་བའི་བསོད་ནམས་མང་བར་དངོས་སུ་བསྟན་ཅིང༌། ཤུགས་ལ་དཔེ་དེ་ཉིད་ཀྱི་སྒོ་ནས་ཏིང་ངེ་འཛིན་ཀྱང་བསོད་ནམས་མང་པོ་དང་ལྡན་པ་ཉིད་ཀྱིས་བསྒྲགས་པ་སྟེ། གཉིས་པོ་མཚུངས་ལྡན་ཡིན་པས་གྲོགས་ཀྱི་ཡོན་ཏན་བརྗོད་པ་ན་གཅིག་ཤོས་ཀྱི་ཡོན་ཏན་ཡང་བརྗོད་པར་འགྱུར་བའི་ཕྱིར་རོ། །བརྒྱད་སྟོང་འགྲེལ་པ་ལས། དོན་གཞན་ཡིན་རང་གི་བསོད་ནམས་མང་པར་བསྟན་པའི་ཐབས་ཀྱིས་བསྟན་པར་བཤད་དེ། མདོ་ལས་བཤད་ཚུལ་ལོ། །བསྟན་བཅོས་ལས་ནི། མདོས་དངོས་སུ་བསྟན་པའི་དཔེ་དང་མདོའི་སྦས་དོན་ཏིང་ངེ་འཛིན་གཉིས་དཔེ་དོན་དུ་སྦྱར་ནས་བསྟན་ལ། འགྲེལ་པས་ཀྱང་རྩལ་ལྟར་བཤད་དོ། །སེམས་དཔའ་བཞི་པོ་ཡང་འཕགས་པས་རྣམ་པར་རྟོག་པ་བཞིའི་གཉེན་པོ་མཐོང་སྒོམ་ལམ་གྱི་རྟོགས་པ་པོའི་དབང་དུ་བྱས་པར་བཤད་པས་ས་དང་པོ་དང་ས་བདུན་པའི་བར་དང་ས་བརྒྱད་པ་དང་ས་བཅུ་པ་ལ་གནས་པ་རྣམས་ཏེ། རྗེས་སུ་ཡིད་རང་བའི་ཡུལ་ནི་དེ་དག་གི་སེམས་བསྐྱེད་པའི་དགེ་བའོ། །རྗེས་སུ་ཡིད་རང་བ་པོ་ནི་ཆོས་མཆོག་ལ་གནས་པའོ། །འདྲེས། འདིར་འགྲེལ་པས་ཏིང་ངེ་འཛིན་ཆོས་མཆོག་ལ་སྦྱོར་བ་ནི། སྔར་ཆོས་མཆོག་གི་དམིགས་རྣམ་ཏིང་ངེ་འཛིན་གྱི་དབང་དུ་བྱས་པའི་རྗེས་སུ་འབྲང་བ་ཡིན་ལ། བསྟན་ཚུལ་ཡང་ཏིང་ངེ་འཛིན་ཀྱང་ཡིན་ལ་རྗེས་སུ་ཡིད་རང་ཡང་ཡིན་པས་མདོ་ལས་རྗེས་སུ་ཡིད་རང་གི་ལྡོག་པ་དང་བསྟན་བཅོས་ལས་ཏིང་ངེ་འཛིན་གྱི་ལྡོག་པ་ནས་བསྟན་གྱི་དོན་གཞན་གྱིས་བསྟན་པར་མི་བཞེད་དོ། །ཚིག་དོན་ལ། རྩ་བར་མདོ་ལས་བསྟན་པ་ཡིན་ནོ་ཞེས་བརྗོད་པ་ནི་སེམས་ཀུན་ཏུ་གནས་པ་ཡིན་ཏེ། ཏིང་ངེ་འཛིན་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར། འདི་ཇི་ལྟར་བརྗོད་ཅེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོ་དང་ལྡན་པ་ཉིད་ཀྱི་སྒོ་ནས་སོ། །ཚོགས་གཉིས་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཏིང་ངེ་འཛིན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །བསོད་ནམས་མང་བར་ཇི་ལྟར་ཤེས་པར་བྱ་ཞེ་ན། གླིང་བཞི་པ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་ས་རྡོའི་སྲང་གྲངས་དང་ཆུ་ཐིག་ཀྱི་གྲངས་སོ་སོར་དཔེ་མཛད་ནས་དེ་དག་ལས་ཆེས་ཆེར་ཁྱད་པར་དུ་འཕགས་ཤིང་མང་བར་བསྟན་པའི་ཚུལ་གྱིས་སོ། །ཅིའི་ཕྱིར་ཞེ་ན། ཚད་སྲིད་པའི་དངོས་པོ་ནི། སྲང་ཚད་ཀྱིས་གཞལ་བར་ནུས་ཞེས་བྱ་བའི་ཚུལ་གྱིས་སྟོང་གསུམ་གྱི་ཚད་བཟུང་བར་ནུས་ལ་ཚོགས་གཉིས་ཚད་ལས་འདས་པའི་ཕྱིར། སོ་སོར་གྱི་དོན་ནི་དཔེ་གཉིས་དང་དོན་གཉིས་སྦྱོར་བ་ཡིན་ནོ། །གང་དག་འགྲེལ་པའི་བཤད་ཚུལ་ཡང་མདོར་ལྟར་ཏིང་ངེ་འཛིན་ཤུགས་བསྟན་དུ་སྦྱོར་བ་ནི་གཏིང་ནོར་ཏེ། རྩ་བས་དངོས་སུ་བསྟན་ཅིང་འགྲེལ་པས་ཀྱང་དེ་དང་མཐུན་པར་སྟོན་པའི་ཕྱིར། གཉིས་པ་དོན་བསྡུ་བ་ནི། རྟགས་དང༌། རྣམ་འཕེལ་ལ་སོགས་པ་བཞི་པོ་དེ་དག་ནི་གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཞེས་སོགས་སོ། །འདིར་རྟགས་དང༌། རྣམ་འཕེལ་སོགས་བཞི་ངེས་འབྱེད་ཆ་བཞི་ལ་རིམ་པ་བཞིན་དུ་དང་པོར་ཐོབ་པའི་མཚམས་འཛིན་པ་ཡིན་གྱི་གོང་མ་རྣམས་སུ་མེད་པ་མ་ཡིན་ནོ། །གཉིས་པ་མཐོང་ལམ་རྩེ་སྦྱོར་ལ། མཚམས་སྦྱར་བ་དང༌། སོ་སོའི་དོན་བཤད་པའོ། །དང་པོ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་འོག་དུ་མཐོང་བའི་ལམ་བསྟན་པ་ཡིན་ཏེ། དེ་ལས་དེ་འབྱུང་བས་སོ། །གཉིས་པ་ལ། སྤང་བྱ་རྣམ་རྟོག་དང་གཉེན་པོ། མཐོང་ལམ་རྩེ་སྦྱོར་རོ། །དང་པོ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། གཉེན་པོའི་དབྱེ་བའོ། །དང་པོ་ལ། གཉིས་ལས། གཟུང་རྟོགས་མདོར་བསྟན་ལ། མཚམས་སྦྱར་བ་ནི། མཐོང་ལམ་དེ་ལ་མི་མཐུན་ཕྱོགས་རྟོག་པ་གཉེན་པོ་དང་བཅས་པ་རྣམ་པ་བཞི་ཡོད་པས་རེ་ཤིག་མི་མཐུན་པའི་ཕྱོགས་གཟུང་བར་རྣམ་པར་རྟོག་པ་གཉིས་པོ་སྟོན་ནོ། །སྐབས་འདིའི་མདོར་གཉེན་པོ་དངོས་དང་རྟོག་པ་ཤུགས་ལ་སྟོན་ཅིང༌། རྒྱན་ལས། དེ་ལས་བཟློག་སྟེ་སྟོན་ནོ། །འགྲེལ་པས། མདོར་བསྟན་དུ། རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་གསུངས་པས་སྤང་གཉེན་གཉིས་ཀའི་དབྱེ་བ་དང༌། གང་གིས་སྤོང་བའི་རྣམ་བཞག་མཛད་པ་ཡིན་ནོ། །གཉིས་པ་རྩ་བ་ལ། རྟོག་པའི་ཡུལ་དང༌། དབྱེ་བ་དང༌། རྟོག་པར་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ལ། མདོ་ནི། གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་ཞེས་པ་དང༌། ཡུམ་ནི་རྣམ་པར་མི་རྟོག་པའོ་ཞེས་སོ། །ཚིག་གི་དོན་ལ། རྟོག་པའི་ཡུལ་དང༌། ངོ་བོ་དང༌། མི་མཐུན་ཕྱོགས་སུ་བསྟན་པ་དང༌། དབྱེ་བ་དང༌། རྟོག་པར་འཇོག་པའི་རྒྱུའོ། །དང་པོ་ནི། མཚན་མར་དམིགས་པའི་ངོ་བོ་ཉིད་ཆོས་ཅན། འཇུག་བྱ་ཡིན་ཏེ། བྱང་སེམས་ཀྱི་བླང་བྱ་ཡིན་པས་སོ། །མཚན་མར་དམིགས་པའི་ངོ་བོ་ཉིད་ཆོས་ཅན། ལྡོག་བྱ་ཡིན་ཏེ། བྱང་སེམས་ཀྱི་དོར་བྱ་ཡིན་པས་སོ། །གཉིས་པ་ནི། ངོ་བོ་ཉིད་ལ་སོགས་ཡུལ་དགུ་ལ་འཇུག་བྱར་ཞེན་པའི་བློ་ཆོས་ཅན། འཇུག་པའི་ཕྱོགས་ཀྱི་གཟུང་བར་རྣམ་པར་རྟོག་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཆོས་ལེན་པར་འདོད་པའི་སྒོ་ནས་འཇུག་བྱར་གཟུང་པའོ་ཞེས་རྟོག་པའི་བློ་ཡིན་པས་སོ། །རྟོགས་པ་དམན་པ་སོགས་ལ་ལྡོག་བྱར་ཞེན་པའི་བློ་ཆོས་ཅན། ལྡོག་པའི་ཕྱོགས་ཀྱི་གཟུངས་རྟོག་ཡིན་ཏེ། ཉན་ཐོས་ལ་སོགས་པའི་ཆོས་ལ་འདོར་བར་འདོད་པའི་སྒོ་ནས་ལྡོག་བྱར་གཟུང་བའོ་ཞེས་རྟོག་པའི་བློ་ཡིན་པས་སོ། །གསུམ་པ་ནི། རྟོག་པ་དེ་གཉིས་ཆོས་ཅན། མཐོང་ལམ་རྩེ་སྦྱོར་གྱི་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཏེ། དེ་སྐྱེ་བའི་གེགས་བྱེད་པའི་ཕྱིར་མཐོང་སྤངས་ཉོན་མོངས་པ་དང་འདྲ་བར་རོ། །བཞི་པ་ནི། སོ་སོར་རྣམ་པ་དགུ་དགུ་ཡོད་དེ། ཡུལ་དགུ་དགུ་ཡོད་པའི་དབྱེ་བས་སོ། །ལྔ་པ་ནི། ཡུལ་གྱི་གནས་ཚུལ་ཇི་ལྟ་བ་བཞིན་མ་ཡིན་པར་འཛིན་པའི་རང་གི་ངོ་བོ་དག་དུ་ཤེས་པར་བྱའོ། །ཡུལ་གྱི་གནས་ཚུལ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་ཏེ། ཡུལ་གྱིས་དངོས་པོ་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་སོ། །གཉིས་པ་འཛིན་རྟོག་མདོར་བསྟན་ལ། མཚམས་སྦྱར་བ་ནི། དེ་ལྟར་ཞེས་སོགས་སོ། །རྩ་བ་ལ། རྟོགས་པའི་ཡུལ་དང༌། ངོ་བོ་དང༌། དབྱེ་བ་དང༌། རྟོག་པར་སྒྲུབ་པའོ། །དང་པོ་གཉིས་ནི་ཚིག་རྐང་པ་གསུམ་གྱིས་བསྟན་ཏེ། མདོ་ནི། ཤ་རིའི་བུ་རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེར་ཕྱིན་ལ་སྤྱོད་པ་ནི་སྙིང་པོ་ལ་སྤྱོད་པའོ་ཞེས་པ་དང༌། གཉིས་པ་ལ། མདོ་ནི། བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཆིས་པ་དང༌། དབེན་པ་དང༌། ཞི་བ་དང༌། མ་སྐྱེས་པའི་སླད་དུ་སེམས་དཔའ་ཆེན་པོ་ཡུམ་ལ་ཞུམ་པར་མི་འགྱུར་ཞེས་ཏེ་གཉེན་པོ་དངོས་སུ་བསྟན་ནས་རྟོག་པ་ཤུགས་ལ་འཕངས་སོ། །སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་སོགས་ཀྱི་དོན་ལ་སྔ་རབས་པ་འགའ་ཞིག་རྫས་འཛིན་སོ་སྐྱེ་ཁོ་ན་ལ་ཡོད་པ་དང༌། བཏགས་འཛིན་འཕགས་པ་ཁོ་ན་ལ་ཡོད་པར་བསྟན་པ་ཡིན་ལ། ཡུལ་ཅན་གྱི་རྫས་འཛིན་རྟོག་པ་ནི་འཕགས་པ་ལ་ཡང་ཡོད་དེ། ཐེག་ཆེན་སྒོམ་སྤང་གི་རྫས་འཛིན་གྱི་རྟོག་པ་ཡོད་པའི་ཕྱིར་རོ། །བཏགས་འཛིན་རྟོག་པ་སོ་སྐྱེ་ལ་ཡང་ཡོད་དེ། ཐེག་ཆེན་སྦྱོར་ལམ་གྱི་ཁྱད་པར་བྱེད་ཆོས་ཀྱི་རྟོག་པ་ཡོད་པའི་ཕྱིར་རོ་ཞེས་འདོད་དོ། །འདིར་འཕགས་པས་སོ་སྐྱེ་ལ་བཏགས་འཛིན་རྟོག་པ་ཡོད་དེ། ཆོས་ཐམས་ཅད་བདག་མེད་པའོ་སྙམ་དུ་འཛིན་པ་ཡོད་པའི་ཕྱིར་འཕགས་པ་ལ་ཡང་རྫས་འཛིན་རྟོག་པ་ཡོད་དེ། ངར་འཛིན་ཡོད་པའི་ཕྱིར་རོ་ཞེས་པའི་ཀླན་ཀ་བཀོད་ནས་ལན་དུ་སོ་སྐྱེའི་བཏགས་འཛིན་རྟོག་པ་ནི་མོས་པ་ཡིད་བྱེད་ཡིན་ལ། འཕགས་པ་ཁོ་ན་ལ་ཡོད་པར་བཤད་པ་ནི། དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་དབང་དུ་བྱས་ཤིང༌། འཕགས་པ་ལ་ངར་འཛིན་ཡོད་པར་བཤད་པ་ནི། དྲང་དོན་ཡིན་པས་ཀླན་ཀ་དེ་ལ་སྙིང་པོ་མེད་དོ་ཞེས་ལན་བཏབ་པས་ན། རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོགས་པའི་དབང་དུ་བྱས་ནས་སྐྱེ་འཕགས་གཉིས་ལ་སོ་སོར་བསྟན་པ་ཡིན་ནོ། །འགའ་ཞིག་སྐྱེ་འཕགས་གཉིས་ལ་སོ་སོར་བསྟན་པ་ནི་རྣམ་པ་གསལ་བ་ལ་མཚན་གཞི་སོ་སོར་བཟུང་བ་ཙམ་མོ་ཞེའོ། །ཀླན་ཀ་འགོད་ཚུལ་དང་ལན་འདེབས་ཚུལ་ལས་སྐྱེས་འཕགས་གཉིས་ལ་སོ་སོར་ངེས་པར་བཤད་པ་ཡིན་གྱི་མཚན་གཞིའི་དཔེ་ཙམ་མ་ཡིན་པར་མངོན་ནོ། །འོ་ན་སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་པའི་གཞུང་གི་དོན་ཇི་ལྟ་བ་ཡིན་ཞེ་ན། རྫས་འཛིན་རྟོག་པ་ནི་བདེན་འཛིན་ཡིན་ལ་བཏགས་འཛིན་རྟོག་པ་ནི་བདེན་འཛིན་གྱི་སྒྲོ་འདོགས་ཆོད་པས་བཏགས་པ་ཙམ་དུ་འཛིན་པས། དོན་དམ་པའི་དངོས་པོར་མངོན་པར་ཞེན་པས་འཛིན་པར་རྣམ་པར་རྟོག་པ་ཞེས་པ་དང༌། བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་བཏགས་པའི་འཛིན་པར་རྣམ་པར་རྟོག་པ་དང་ཞེས་སོ། །བདེན་འཛིན་ཡང་གཉིས་ཏེ། གང་ཟག་ལ་བདེན་པར་འཛིན་པ་དང༌། ཆོས་ལ་བདེན་པར་འཛིན་པའོ། །དང་པོ་ནི། ཉན་རང་འཕགས་པ་ལ་ཡང་མེད་དོ། །གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཕྱིར་ཐེག་ཆེན་འཕགས་པ་ལ་ནི་ཆོས་དང་གང་ཟག་གཉིས་ཀ་ལ་བདེན་པར་འཛིན་པ་མེད་དེ། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །བཏགས་འཛིན་རྟོག་པ་ལ་ཡང་གང་ཟག་ལ་བཏགས་ཡོད་དུ་འཛིན་པ་དང༌། ཆོས་ལ་བཏགས་ཡོད་དུ་འཛིན་པ་གཉིས་ལས། འཕགས་པ་ཁོ་ན་ལ་ཡོད་པར་བཤད་པ་ནི་གང་ཟག་གི་བཏགས་འཛིན་རྟོག་པ་སྟེ། ཉན་རང་འཕགས་པ་ལ་ཡོད་པའི་ཕྱིར་དང༌། སོ་སྐྱེ་ལ་མེད་པའི་ཕྱིར་རོ། ཆོས་ལ་བཏགས་པར་འཛིན་པ་ལ་སོ་སོ་སྐྱེ་བོ་འཕགས་དབྱེ་བས་ཞེས་སོགས་རྩ་ཚིག་གིས་བསྟན་པ་ནི་མཐོང་སྤང་རྟོག་པ་ཡིན་པས་ཐེག་ཆེན་འཕགས་པ་ལ་མེད་དོ། །གང་ཟག་ལ་རྫས་འཛིན་ནི་ངར་འཛིན་ཡིན་པས་ཉོན་སྒྲིབ་དུ་འགྱུར་རོ་ཞེ་ན། བདག་འཛིན་ནི་ཕུང་པོ་ལ་དམིགས་ནས་བདག་དུ་རྟོག་པ་ཡིན་ལ། གང་ཟག་རྫས་ཡོད་ཀྱི་རྟོག་པ་ནི་གང་ཟག་ལ་དམིགས་ནས་བདེན་པར་འཛིན་པས་ཁྱད་པར་ཡོད་དོ། །སྐབས་ལྔ་པའི་རྟོག་པ་མདོར་བསྟན་དུ་གང་ཟག་རྫས་ཡོད་དང་བཏགས་ཡོད་དུ་འཛིན་པ་དངོས་སུ་བསྟན་ལ། གདགས་གཞི་ཆོས་ལ་རྫས་ཡོད་དང་བཏགས་ཡོད་དུ་འཛིན་པ་གཉིས་ཤུགས་ལ་བསྟན་ནོ། །རྒྱས་བཤད་དུ་གདགས་གཞི་ཆོས་ལ་རྫས་ཡོད་དང་བཏགས་ཡོད་དུ་འཛིན་པ་དངོས་སུ་བསྟན་པར་ཤེས་པར་བྱའོ། །འགའ་ཞིག་འདིར་མཐོང་སྤང་དུ་བཤད་པ་རྣམས་ས་བཅུ་པ་དང་འབྲེལ་པའི་རྩེ་མོའི་སྤང་བྱར་བཤད་པས་ན་བསྒོམ་སྤང་སྟེ། འགྲེལ་ཆེན་ལས་རྣམ་པ་དེ་ལྟ་བུའི་རྣམ་པར་རྟོག་པ་རྣམས་ནི་སྔོན་ཉིད་ནས་སྤངས་པར་གྱུར་པས་ཇི་ལྟར་རབ་ཀྱི་མཐར་ཐུག་པའི་གནས་སྐབས་འདི་ལ་སྤོང་ཅེ་ན། སྐྱོན་མེད་དེ། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་གསང་བ་ཕྲ་མོའི་གནས་ལ་རྗེས་སུ་འཇུག་པ་དང༌། མངོན་པར་ཤེས་པ་ཆེན་པོ་ལ་གེགས་བྱེད་པའི་ཀུན་ཏུ་རྨོངས་པ་གང་དག་དང༌། དེའི་ས་བོན་ནི་ས་བཅུ་པ་དང་འབྲེལ་བའི་རྩེ་མོའི་མངོན་པར་རྟོགས་པ་སྤང་ངོ་ཞེས་སྔོན་གྱི་སློབ་དཔོན་རྣམས་འཆད་དོ་ཞེས་འབྱུང་བས་སོ་ཞེ་ན། འདི་ནི་ལམ་གསུམ་བཏགས་པ་བར་འདོད་པའི་སྔོན་གྱི་སློབ་དཔོན་རྣམས་ཀྱི་བཞེད་པའི་རྣམ་གྲངས་སྨོས་པ་ཙམ་ཡིན་གྱི། ལམ་གསུམ་མཚན་ཉིད་པར་བཞེད་པས་རྩ་བར་མཐོང་སྤང་དུ་བཤད་པ་སྒྲ་ཇི་བཞིན་དུ་བཟུང་ངོ༌། །ཚུལ་འདི་ནི་རྒྱ་འགྲེལ་རྣམས་ནའང་མི་སྣང་ན་བོད་གཞན་དག་གིས་ཁོང་དུ་ཆུད་པ་ལྟ་ཡང་ཅི་སྨྲོས། གསུམ་པ་དབྱེ་བ་ནི། རྐང་པ་བཞི་པས་བསྟན་ལ། རྟོག་པར་འཇོག་པའི་རྒྱུ་མཚན་ནི། ལྷག་མ་རྣམས་ཀྱིས་བསྟན་ནོ། །གསུམ་པ་ཚིག་དོན་ལ། རྟོག་པའི་ཡུལ་ནི། འཛིན་རྟོག་ཆོས་ཅན། གཉིས་ཡོད་དེ། གོ་རིམ་བཞིན་དུ་སོ་སོའི་སྐྱེ་བོ་དག་གི་སྐྱེས་བུ་རྫས་སུ་ཡོད་པའི་རྟེན་ཅན་དང༌། འཕགས་པའི་གང་ཟག་དག་གི་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་དག་ཡོད་པས་སོ། །ངོ་བོ་ནི། འཛིན་ངོར་སོགས་ཡུལ་དགུ་ལ་བདེན་པར་ཞེན་པའི་བློ་ཆོས་ཅན། འཛིན་པར་རྣམ་པར་རྟོག་པ་ཡིན་ཏེ། ཡུལ་ལ་བདེན་པའི་དངོས་པོར་ཞེན་པའི་བློ་ཡིན་པའི་ཕྱིར། འདིར་དོན་དམ་པའི་དངོས་པོར་མངོན་པར་ཞེན་པས་འཛིན་པར་རྣམ་པར་རྟོག་ཅེས་སོ། །ཆེད་བཞིན་ངེས་པར་མི་འབྱུང་ཞེས་སོགས་ཀྱི་ཡུལ་ལ་བཏགས་པ་ཙམ་དུ་ཞེན་པའི་བློ་ཆོས་ཅན། བཏགས་འཛིན་གྱི་རྣམ་པར་རྟོག་པ་ཡིན་ཏེ། ཡུལ་ལ་བཏགས་པ་ཙམ་དུ་ཞེན་པའི་བློ་ཡིན་པའི་ཕྱིར། འདིར་བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་བཏགས་པའི་འཛིན་པར་རྣམ་པར་རྟོག་ཅེས་སོ། །མི་མཐུན་ཕྱོགས་སུ་བསྟན་པ་ནི། རྟོག་པ་གཉིས་པོ་ཆོས་ཅན། མཐོང་ལམ་རྩེ་སྦྱོར་གྱི་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཏེ། དེ་སྐྱེ་བའི་གེགས་བྱེད་ཡིན་པའི་ཕྱིར། མཐོང་སྤང་ཉོན་མོངས་པ་བཞིན། དབྱེ་བ་ནི། གཉིས་པོ་ནི་སོ་སོར་རྣམ་པ་དགུ་དགུ་ཡོད་དེ། ཡུལ་དགུ་དགུ་ཡོད་པའི་དབྱེ་བས་སོ། །རྟོག་པར་སྒྲུབ་པ་ནི། ཡུལ་གྱི་གནས་ཚུལ་ཇི་ལྟ་བ་བཞིན་མ་ཡིན་པར་འཛིན་པའི་རང་གི་ངོ་བོ་དག་ཏུ་ཤེས་པར་བྱའོ། །ཡུལ་ཕྱིན་ཅི་ལོག་དུ་སྣང་བའི་ཕྱིར་ཏེ། རྟོག་པ་དེ་དག་ནི་ཡུལ་གྱི་གནས་ཚུལ་འཛིན་པའི་ངོ་བོས་དབེན་པའི་ངོ་བོ་ཡིན་པས་སོ། །གང་གི་ཕྱིར་ཞེ་ན། ཡུལ་གྱི་གནས་ཚུལ་གང་གི་ཡང་འཛིན་པ་མ་ཡིན་པ་དེའི་ཕྱིར་རོ། །ཅི་སྟེ་ཞེ་ན། རིགས་པས་དཔྱད་པ་གང་གི་ཚེ་རྟོག་པ་དེ་དག་གི་ཡུལ་གྱི་དངོས་པོར་གྱུར་པ་གཟུང་བའི་དོན་དག་ཇི་ལྟར་བཟུང་བ་དེ་བཞིན་དུ་གཟུང་བའི་ངོ་བོར་ཡོད་པ་མ་ཡིན་པ་དེའི་ཚེའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཟུང་རྟོག་དང༌། འཛིན་རྟོག་རྒྱས་པར་བཤད་པའོ། །དང་པོ་ལ། འཇུག་པ་གཟུང་རྟོག་དང༌། ལྡོག་པ་གཟུང་རྟོག་གཉིས་ལས། དང་པོ་ལ་མཚམས་སྦྱར་བ་ནི། གཟུང་བའི་རྣམ་པར་རྟོག་པ་ཞེས་སོགས་སོ། །རྩ་བ་ལ། རྟོག་པའི་ཡུལ་དང༌། ངོ་བོ་དང༌། དབྱེ་བའོ། །དང་པོ་ལ། དགུ་པོ་གཉིས་སུ་འདུས་ཏེ། བྱང་སེམས་ཀྱི་ལམ་དང༌། ལམ་གྱི་འབྲས་བུའོ། །དང་པོ་ལ། ལམ་གྱི་རང་བཞིན་དང༌། ལམ་གྱི་རྒྱུ་དང༌། ལམ་གྱི་རྐྱེན་དང༌། དམིགས་པ་དང་བྱེད་པ་སྟེ། ལྔ་པོ་རིམ་པ་ལྟར་ཚིགས་བཅད་གཅིག་གིས་སྟོན་ནོ། །གཉིས་པ་ལ། རང་དོན་གཉིས། གཞན་དོན་གཉིས་ཏེ། རྐང་པ་གཉིས་ཀྱིས་རིམ་པ་བཞིན་བསྟན་ནོ། །ངོ་བོ་དང༌། དབྱེ་བ་ཐ་མ་གཉིས་ཀྱིས་བསྟན་ནོ། །ཚིག་གི་དོན་ལ་ཡུལ་དང༌། ངོ་བོ་དང༌། དབྱེ་བ་དང༌། གཉེན་པོའོ། །དང་པོ་ནི། བྱང་སེམས་ཀྱི་ཡེ་ཤེས་ཆོས་ཅན། ལམ་གྱི་ངོ་བོ་ཉིད་ཡིན་ཏེ། དོན་དམ་པར་ཕར་ཕྱིན་དྲུག་དབེན་པས་དབེན་པ་བྱང་ཆུབ་མ་རྟོགས་ཀྱང་ཀུན་རྫོབ་དུ་སངས་རྒྱས་སུ་བགྲོད་བྱེད་ཡིན་པའི་ཕྱིར། ཡུལ་དེ་ལ་སྐྱོན་མེད་པ་ཉིད་ཀྱིས་གཟུང་པར་བྱ་བ་ཉིད་དུ་འཇུག་པར་བྱའོ་ཞེས་སོགས་ཐམས་ཅད་ལ་སྦྱར་རོ། །སངས་རྒྱས་ཀྱི་རིགས་སུ་ངེས་པ་ཡིན་ཏེ། ས་མི་གཡོ་པ་ལ་སོགས་པ་ལ་རིམ་གྱིས་འཇུག་པས་སོ། །བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། མཐོང་བ་ལ་སོགས་པའི་ལམ་རིམ་གྱིས་འགྲུབ་པ་ཡིན་ཏེ། ཆོས་རྣམས་སྒྱུ་མ་ལྟ་བུར་རྟོགས་པས་སོ། །ལམ་གྱི་ཤེས་པ་ཆོས་ཅན། དམིགས་པ་མ་འཁྲུལ་བ་ཡིན་ཏེ། དམིགས་པ་སྣང་བརྙན་ཙམ་དུ་རྟོགས་པས་སོ། །གཉེན་པོ་ལེན་པ་དང་མི་མཐུན་པའི་ཕྱོགས་འདོར་པར་བྱེད་དེ། ཡོན་ཏན་མཐོང་བ་སྔོན་དུ་འགྲོ་བས་བླང་བྱ་དང་སྐྱོན་མཐོང་བ་སྔོན་དུ་འགྲོ་བས་དོར་བྱར་མངོན་སུམ་དུ་ཤེས་པས་སོ། །ལམ་འབྲས་བཞི་ལ་རང་དོན་གཉིས་ནི། རང་གིས་མཁྱེན་གསུམ་གྱིས་བསྡུས་པའི་རྟོགས་པ་ཐོབ་པར་བྱེད་དེ། མཁྱེན་གསུམ་གྱི་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་སོ། །ཉན་ཐོས་ཀྱི་ས་ལ་སོགས་པའི་ས་ཡིད་ལ་བྱེད་པ་ཐག་བསྲིང་བར་བྱེད་དེ། རྒྱུ་དམན་ཞིང་འབྲས་བུ་གྱ་ནོམ་པ་མ་ཡིན་པ་ཉིད་ཀྱིས་སོ། །གཞན་དོན་གཉིས་ནི། བྱེད་ལས་སེམས་ཅན་གྱི་དོན་བྱེད་དེ། གདུལ་བྱའི་བསམ་པ་ཇི་ལྟ་བ་དང་མཐུན་པར་སྤྲུལ་པས་སོ། །གདུལ་བྱའི་སྐྱེ་བོ་ཐམས་ཅད་བྱ་བའི་འབྲས་བུ་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ལ་འགོད་པར་བྱེད་དེ། ཡང་དག་པའི་ངེས་ལེགས་སྒྲུབ་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །གཉིས་པ་ནི། གཟུང་པར་བྱ་ཉིད་དུ་འཇུག་པར་བྱའོ་ཞེས་བྱ་བ་གཟུང་བའི་རྣམ་པར་རྟོག་པ་དང་པོ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་རྣམ་པ་དགུའོ། །ཅིའི་ཕྱིར་འཇུག་ཅེ་ན། ཇི་སྐད་བརྗོད་པའི་ཡུལ་དགུ་ལ་ཐ་སྙད་དུ་སྐྱོན་མེད་པ་ཉིད་ཀྱིས་སོ། །གསུམ་པ་ནི། མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱིས་སྤང་བར་བྱ་བར་བཞེད་པ་ཡིན་ནོ། །འདིར་ཡུལ་དགུ་སྤང་བྱར་སྟོན་པ་མ་ཡིན་གྱི་དེ་ལ་ཞེན་པའི་རྟོག་པ་སྤོང་བ་ཡིན་ལ། གཉེན་པོ་ཡང་སྒོམ་སྤང་རྟོག་པའི་སྐབས་སུ་སྦྱོར་བ་དང་འཇུག་པའི་ཡུལ་ཅན་ཞེས་གསུངས་པ་ལ་བརྟེན་ནས་སྦྱོར་བ་དང་འཇུག་པའི་ཐ་སྙད་ཀྱིས་གསུངས་ཤིང༌། གཉིས་པོའི་ཁྱད་པར་ཁ་ཅིག་བར་ཆད་མེད་ལམ་དང་རྣམ་གྲོལ་ལ་འདོད་པ་མི་འཐད་དེ། འཇུག་པ་དངོས་གཉེན་ཡིན་ལ་རྣམ་གྲོལ་ལམ་མ་ཡིན་པས་སོ། །གཞན་དག་རྟོགས་པ་ཐོབ་ལ་མ་རྫོགས་པ་སྦྱོར་བ་དང་རྫོགས་པ་འཇུག་པར་འདོད་པ་དང༌། ཡང་རྟོགས་པ་ཐོབ་ལ་ཡོན་ཏན་དང་བྱེད་པ་མ་རྫོགས་པ་སྦྱོར་བ་དང་རྫོགས་པ་འཇུག་པར་འཆད་པའང་མ་ཡིན་ཏེ། རྟོགས་པ་ཐོབ་པ་སྦྱོར་བ་དང་རྫོགས་པ་དངོས་གཉེན་ཡིན་པར་མ་ངེས་པའི་ཕྱིར་དང༌། མངོན་པ་གོང་མར་སྤོང་གཉེན་ལ་སྦྱོར་བ་དང་བར་ཆད་མེད་པའི་ལམ་གཉིས་སུ་གསུངས་ཤིང༌། གཉིས་པོའི་ཁྱད་པར་འགྲེལ་ཆེན་ལས་དང་པོས་ནི་སྤང་བྱའི་ས་བོན་གྱི་ཆ་ཤས་རེ་རེ་ནས་སྤོང་ལ་གཉིས་པས་མ་ལུས་པ་སྤོང་བར་བཤད་པ་དང༌། ཆོས་བཤེས་ཀྱིས་སྦྱོར་བའི་གནས་སྐབས་སུ་ནི་སོ་སོར་ཕྱེ་ནས་སྤོང་ལ། འཇུག་པའི་གནས་སྐབས་སུ་ནི་བསྡོམས་ནས་སྤོང་བར་བྱེད་དོ་ཞེས་གསུངས་པས། སྦྱོར་འཇུག་གཉིས་ཀ་སྤོང་གཉེན་དུ་མངོན་པའི་ཕྱིར་རོ། །ཡང་འགའ་ཞིག་སྦྱོར་ལམ་གྱིས་མཐོང་སྤང་སྤོང་བ་མི་འཐད་པས་ཆོས་བཟོད་ཀྱི་སྔ་ཕྱི་ལ་སྦྱོར་འཇུག་ཏུ་འདོད་པ་ཡང་མ་ཡིན་ཏེ། ཆོས་བཟོད་སྔ་མའི་ཆ་ནི་མཐོང་ལམ་ཙམ་དང་ཆོས་བཟོད་གང་གི་ཡང་སྦྱོར་བར་མི་འཐད་པའི་ཕྱིར་ཏེ། མཐོང་ལམ་དང་ཆོས་བཟོད་དངོས་ཡིན་པའི་ཕྱིར་དང༌། གྲོལ་སྡེ་གཉིས་ཀྱིས་ཕྱིར་མི་ལྡོག་ཏུ་བཟོད་པ་རིལ་པོ་བར་ཆད་མེད་ལམ་དུ་གསུངས་པའི་ཕྱིར། དེས་ན་མཐོང་སྤང་གཉེན་པོའི་སྦྱོར་བ་ནི་གནད་ཀྱི་ཟླ་འོད་དང༌། རྒྱལ་པོ་སྲས་དང་གང་བ་སྤེལ་གྱིས་ཆོས་མཆོག་ལ་བཤད་པ་བཞིན་ནོ། །འོ་ན་འཇུག་པ་གཟུང་རྟོག་སྦྱོར་སྤང་དུ་འགྱུར་རོ་ཞེ་ན། ཁྱེད་ཀྱི་ཕྱོགས་ལ་ཡང་སྦྱོར་ལམ་གྱིས་སྤང་བྱ་ཅུང་ཟད་སྤོང་ངམ་མི་སྤོང༌། སྤོང་ན་སྦྱོར་སྤང་དུ་ཁྱེད་ལ་ཡང་ཐལ་བར་འགྱུར་རོ། །གཉིས་པ་ལྟར་ན་རིགས་པས་གནོད་དོ། །དེས་ན་མངོན་གྱུར་གཉིས་པོ་རིམ་པ་ལྟར་ཆོས་མཆོག་དང་ཆོས་བཟོད་ཀྱི་སྐབས་སུ་འགག་པས་སྦྱོར་བ་དང་འཇུག་པས་རིམ་ལྟར་སྤོང་བར་བཤད་ལ། གཉིས་ཀའི་ས་བོན་སྤངས་ནས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་མཐོང་ལམ་གྱིས་བྱེད་པས་མཐོང་སྤང་ཉིད་དོ། །འདི་གཞན་གྱིས་མ་རྟོགས་སོ། །གཉིས་པ་ལྡོག་པ་གཟུང་རྟོག་རྒྱས་པར་བཤད་པ་ལ་མཚམས་སྦྱར་བ་ནི། གཟུང་བའི་རྣམ་པར་རྟོག་པ་ཞེས་སོགས་སོ། །རྩ་བ་ལ་ཡུལ་དང༌། ངོ་བོ་དང༌། དབྱེ་བའོ། །དང་པོ་ལ། དགུ་ཡོད་པ་གཉིས་སུ་འདུས་ཏེ། ལམ་གྱི་ངོ་བོ་དམན་པ་དང༌། ལམ་གྱི་འབྲས་བུ་དམན་པའོ། །དང་པོ་ལ། རྟོགས་པ་དང༌། ཡོངས་འཛིན་དང༌། ལམ་དང༌། དབང་པོ་དང༌། ཐབས་དམན་པ་སྟེ། ལྔ་པོ་རིམ་པ་ལྟར་ཆེད་དུ་བྱ་བ་ལོག་པའི་བར་གྱིས་སྟོན་ནོ། །གཉིས་པ་ལ་སྤངས་པ་དང༌། ཡེ་ཤེས་དང༌། གཞན་དོན་དང༌། མྱང་འདས་དམན་པ་སྟེ་རིམ་པ་ལྟར་ལྷག་མ་རྣམས་ཀྱིས་སྟོན་ནོ། །གཉིས་པ་ནི། ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་རྣམ་རྟོག་འདི་ཞེས་པའོ། །གསུམ་པ་ནི། དགུའི་བདག་ཉིད་ཅེས་པའོ། །ཡུལ་འདི་དག་ཀྱང་ཉན་ཐོས་ལ་སོགས་པའི་ཡིད་ལ་བླང་བྱར་འབྱུང་བའོ། །ཚིག་གི་དོན་ལ་ཡུལ་དང༌། ངོ་བོ་དང༌། གཉེན་པོའོ། །དང་པོ་ལ། ལམ་དམན་པ་ལྔ་ནི། ཉན་རང་གི་ལམ་རྟོགས་པ་དམན་པ་ཉིད་ལ་ཉེས་པ་དང་བཅས་པ་ཉིད་ཀྱིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་ལྡོག་པར་བྱའོ་ཞེས་ཐམས་ཅད་ལ་འབྲེལ་ལོ། །ཅིའི་ཕྱིར་དམན་ཅེ་ན། འཁོར་བ་དང་མྱང་ངན་ལས་འདས་པ་གང་ཡང་རུང་བ་ཞིག་ཏུ་ལྟུང་བ་ཉིད་ཀྱིས་སོ། །ཉན་རང་ཆོས་ཅན། ཐེག་ཆེན་གྱི་ཡོངས་སུ་འཛིན་པ་མེད་དེ། ཐེག་ཆེན་གྱི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པ་དང་བྲལ་བ་ཉིད་ཀྱིས་སོ། །རྫོགས་པའི་བྱང་ཆུབ་སྒྲུབ་པའི་ལམ་ཚང་བ་མ་ཡིན་ཏེ། མི་རྟག་སོགས་སུ་ཞེན་པའི་ཤེས་བྱའི་སྒྲིབ་པ་ཞེས་སོགས་སོ། །ཉན་ཐོས་ཆོས་ཅན། སློབ་དཔོན་གཞན་གྱི་གདམ་ངག་གི་རྐྱེན་གྱིས་བྱང་ཆུབ་ཏུ་འགྲོ་བ་ཉིད་དེ། བྱང་ཆུབ་ཐོབ་པ་དེ་བཞིན་གཤེགས་པའི་ཞེས་སོགས་སོ། །ཉན་རང་ཆོས་ཅན། ཆེད་དུ་བྱ་བ་ལོག་པ་ཡིན་ཏེ། གཞན་དོན་གྱི་བསམ་པ་མ་དག་པས་སེམས་ཆེན་པོ་ཞེས་སོགས་སོ། །ལམ་འབྲས་དམན་པ་བཞི་ནི། ཉན་ཐོས་ཤེས་རབ་ཀྱིས་རྣམ་གྲོལ་ཆོས་ཅན། ལམ་གྱི་བྱེད་པ་ཉི་ཚེ་བ་ཅན་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་ཙམ་གྱི་གཉེན་པོ་ལས་མ་ཐོབ་པ་ཉིད་ཀྱིས་སོ། །ཉན་ཐོས་ཆོས་ཅན། འབྲས་བུ་དང་པོ་རྒྱུན་ཞུགས་སོགས་རྟོགས་པ་ཐ་དད་པ་ཉིད་དེ། མི་རྟག་སོགས་སུ་དམིགས་པ་དང་བཅས་པ་ཉིད་ཀྱིས་སོ། །རང་དོན་དུ་མཉམ་བཞག་ལ་གནས་པ་དང༌། གཞན་དོན་དུ་གདུལ་བྱའི་ཡུལ་དུ་འགྲོ་བ་མི་ཤེས་ཏེ། མ་རིག་པའི་ཞེས་སོགས་སོ། །མྱང་འདས་དམན་པ་ཉིད་དེ། དམན་པའི་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་གོ་འཕང་ཐོབ་པའི་མཇུག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་དགོས་པའི་ཕྱིར་ཏེ། རྣམ་མཁྱེན་ནི་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས་སོ། །ཡུལ་དགུ་པོ་འདི་དག་ནི་བྱང་སེམས་ཀྱི་ལྡོག་བྱ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུད་ལ་བླང་བར་བྱ་བ་ཉིད་དུ་འབྱུང་བའི་ཕྱིར། གཉིས་པ་ནི། གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་ལྡོག་པར་བྱའོ། །ཞེས་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་རྣམ་པ་དགུ་པོའོ། །ཅིའི་ཕྱིར་ལྡོག་བྱར་རྟོག་ཅེ་ན། ཡུལ་དགུ་ལ་ཉེས་པ་དང་བཅས་པ་ཉིད་ཀྱིས་སོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་སོགས་སོ། །གཉིས་པ་འཛིན་རྟོག་དེ་རྒྱས་པར་བཤད་པ་ལ་གཉིས་ཏེ། རྫས་འཛིན་རྟོག་པ་རྒྱས་པར་བཤད་པ་དང༌། བཏགས་འཛིན་རྟོག་པ་རྒྱས་པར་བཤད་པའོ། །དང་པོ་ལ་མཚམས་སྦྱར་བ་ནི། སོ་སོ་སྐྱེ་བོ་ཡི་ཞེས་སོགས་སོ། །རྩ་བ་ལ་ཡུལ་དང༌། ངོ་བོ་གཉིས་ཏེ། དང་པོ་ལ་གཙོ་བོ་ཤེར་ཕྱིན་དང༌། གཙོ་བོ་མ་ཡིན་པ་གཞན་ལྔའོ། །དང་པོ་ལ། བྱེད་པ་དང༌། རྟོགས་པ་དང༌། སྤྱོད་པ་དང༌། ནུས་པའོ། །དང་པོ་ལ། བྱེད་པའི་ངོ་བོ་དང༌། རྒྱུ་དང༌། བཟློག་ཕྱོགས་གསུམ་ཚིག་རྐང་པ་དང་པོ་གསུམ་གྱི་བསྟན་ནོ། །གཉིས་པ་ལ། ཇི་ལྟ་བ་དང༌། ཇི་སྙེད་པ་རྟོགས་པ་དང༌། དེ་གཉིས་ཀྱི་བྱེད་པ་གསུམ་རྐང་པ་གཉིས་ཀྱིས་རིམ་པ་ལྟར་རོ། །དེ་ནས་གཅིག་གིས་སྤྱོད་པ་དང༌། རྟོགས་པ་གཉིས་སོ། །དེ་ནས་གཅིག་གིས་གཙོ་བོ་མ་ཡིན་པ་བསྟན་ལ། ཐ་མས་ནི་ངོ་བོ་བསྟན་ནོ། །འདིར་འཕགས་པས་ཡུལ་དང་རྟོག་པ་དངོས་དང༌། གཉེན་པོ་ཤུགས་ལ་བསྟན་ཅིང༌། མདོ་ལས་གཉེན་པོ་དངོས་དང་ཡུལ་ཕལ་ཆེར་དང་རྟོག་པ་ཤུགས་ལ་བསྟན་པར་བཞེད་ལ། སློབ་དཔོན་གྱིས་ཕལ་ཆེར་རྟོག་པའི་ཡུལ་དངོས་སུ་བརྗོད་ལ་གཉེན་པོ་ཤུགས་ལ་བསྟན་པར་འདོད་དོ། །ཚིག་གི་དོན་ལ། རྟོག་པའི་ཡུལ་དང༌། ངོ་བོ་དང༌། གཉེན་པོའོ། །དང་པོ་ལ། ཤེར་ཕྱིན་ཆོས་ཅན། ཐ་སྙད་དུ་འཛིན་གཏོང་བྱེད་དེ། ཀུན་རྫོབ་དུ་སྒྱུ་མ་བཞིན་དུ་བླང་བྱ་འཛིན་པ་དང་སྐྱོན་གཏོང་བར་བྱེད་པའི་ཕྱིར། འཛིན་གཏོང་གི་ཡུལ་ལ་དོན་དམ་པའི་དངོས་པོར་མངོན་པར་ཞེན་པས་ཞེས་སོགས་ཀུན་ལ་འབྲེལ་ལོ། །འཛིན་གཏོང་བྱེད་པའི་རྒྱུ་ཡོད་དེ། ཡང་དག་པ་བདེན་པ་ཉིད་དུ་ཡིད་ལ་མི་བྱེད་པར་བདེན་མེད་དུ་ཡིད་ལ་བྱེད་པའི་ཕྱིར། བདེན་འཛིན་གྱིས་འཛིན་གཏོང་བྱེད་མི་ནུས་ཏེ། བདེན་པར་ཡིད་ལ་བྱས་པའི་ཆོས་ཉིད་ཀྱིས་ཁམས་གསུམ་ཆར་དང་ཉེ་བར་འབྲེལ་བའི་ཕྱིར། ཇི་ལྟ་བ་རྟོགས་ཏེ། ཆོས་ཉིད་སྟོང་པ་ཉིད་དུ་རྟོགས་ནས་མི་གནས་པའི་ཚུལ་གྱིས་གནས་པའི་ཕྱིར། ཇི་སྙེད་པ་རྟོགས་ཏེ། དངོས་པོ་ཐམས་ཅད་ལ་མངོན་པར་མ་ཞེན་པའི་སྒོ་ནས་ཐམས་ཅད་ལ་བདེན་མེད་དུ་མངོན་པར་ཞེན་པའི་ཕྱིར། ཆོས་ཐམས་ཅད་ལ་བཏགས་པ་ཙམ་དུ་གསལ་བར་བྱེད་དེ། རྫས་སུ་ཡོད་པའི་ཆོས་ཅུང་ཟད་ཙམ་ཡང་མེད་པར་རྟོགས་པས་སོ། །ཕྱིན་དྲུག་ལ་ཆགས་པ་སྟེ་འབྲལ་བར་དཀའ་བའི་ཚུལ་གྱིས་སྤྱོད་དེ། མཉམ་བཞག་དུ་དེ་ཁོ་ན་ཉིད་ཤེས་པའི་མ་ཆགས་པས་རྗེས་ཐོབ་དུ་མངོན་པར་མ་ཞེན་པ་སྔོན་དུ་འགྲོ་བའི་སྒོ་ནས་ཕྱིན་དྲུག་ཉམས་སུ་ལེན་པའི་ཕྱིར། ཤེར་ཕྱིན་ཆོས་ཅན། བླང་དོར་ཐ་དད་དུ་འཛིན་པའི་གཉེན་པོ་ཡིན་ཏེ། འཁོར་འདས་མཉམ་པ་ཉིད་དུ་འཛིན་པའི་སྒོ་ནས་གཉེན་པོར་གྱུར་པ་ཉིད་ཀྱིས་སོ། །ཕར་ཕྱིན་གཞན་ལྔ་ཆོས་ཅན། ཡུམ་དང་བྲལ་ན་ཇི་ལྟར་འདོད་པ་བཞིན་དུ་རྣམ་མཁྱེན་དུ་འགྲོ་བ་ལ་ཐོགས་པ་ཡིན་ཏེ། ཡང་དག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མི་ཤེས་པ་ཉིད་ཀྱིས་སོ། །གཉིས་པ་ནི། ཡུལ་དེ་དག་ལ་དོན་དམ་པའི་དངོས་པོར་མངོན་པར་ཞེན་པས་འཛིན་པར་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུའོ། །གསུམ་པ་ནི། མཐོང་བའི་ལམ་ཞེས་སོགས་སོ། །གཉིས་པ་ལ། མཚམས་སྦྱར་བ་ནི། འཛིན་པར་རྣམ་པར་རྟོག་པ་ཞེས་སོགས་སོ། །རྩ་བ་ལ། ཡུལ་དང༌། ངོ་བོ་གཉིས་སོ། །དང་པོ་ལ། ཉན་རང་གི་ལམ་གྱི་དབང་དུ་བྱས་པ། བྱང་སེམས་ཀྱི་ལམ་གྱི་དབང་དུ་བྱས་པ། ལམ་གྱི་མི་མཐུན་ཕྱོགས་ཀྱི་དབང་དུ་བྱས་པ་སྟེ། རིམ་པ་ལྟར་རྐང་པ་གཉིས་དང༌། བཞི་དང་གཅིག་གིས་རིམ་པ་ལྟར་རོ། །ངོ་བོ་ཐ་མས་བསྟན་ནོ། །ཚིག་གི་དོན་ལ། ཡུལ་དང༌། ངོ་བོ་དང༌། གཉེན་པོའོ། །དང་པོ་ལ། ཉན་རང་གི་ལམ་དང༌། བྱང་སེམས་ཀྱི་ལམ་དང༌། ལམ་གྱི་མི་མཐུན་ཕྱོགས་གསུམ་ལས། དང་པོ་ནི། ཉན་རང་གི་ལམ་ཆོས་ཅན། ཐེག་ཆེན་གྱི་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་དུ་ངེས་པར་འབྱུང་བ་ཉིད་ཀྱིས་སོ། །བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཞེས་ཀུན་ལ་འབྲེལ་ལོ། །ལམ་གཞན་ཐེག་ཆེན་གྱི་ལམ་ལ་ལམ་མ་ཡིན་པར་ངེས་པར་འཛིན་ཏེ། ཐེག་ཆེན་ནི་ཉན་རང་གི་མངོན་པར་འདོད་པའི་ཞི་བ་སྒྲུབ་བྱེད་ཀྱི་ལམ་དུ་མེད་པས་སོ། །གཉིས་པ་ལ་དྲུག་ཏེ། བྱང་སེམས་ཀྱི་ལམ་ཆོས་ཅན། ཁྱོད་ཀྱི་རྒྱུ་འགག་པ་དང་འབྲས་བུ་སྐྱེ་བ་ཡིན་ཏེ། ཀུན་རྫོབ་འདུས་བྱས་ཀྱི་ངོ་བོས་སོ། །དག་སའི་ཡེ་ཤེས་ཆོས་ཅན། མཉམ་རྗེས་ཀྱི་གནས་སྐབས་མཐའ་དག་དུ་ལམ་གྱི་རྒྱུན་དང་ལྡན་ཏེ། མཚན་འཛིན་གྱི་བར་ཆད་མེད་པ་ཉིད་ཀྱིས་སོ། །འདིས་རྗེས་ཐོབ་དུ་ཡང་ལམ་དུ་མི་འགྱུར་བ་མེད་པས་ལམ་གྱི་རྒྱུན་དང་ལྡན་པར་བསྟན་གྱི་མཉམ་བཞག་རྒྱུན་ཆད་མེད་པར་ལྡན་པར་བསྟན་པ་ནི་མ་ཡིན་ནོ། །མ་དག་ས་ཆོས་ཅན། ལམ་གྱི་དངོས་པོའི་རྒྱུན་དང་མི་ལྡན་ཏེ། རྗེས་ཐོབ་དུ་གཅིག་ཤོས་མཚན་འཛིན་གྱི་བར་ཆད་ཅན་དུ་སྣང་བ་དེ་ཉིད་ཀྱིས་སོ། །གཟུགས་ལ་སོགས་པ་ལ་མི་གནས་པའི་ཚུལ་གྱིས་གནས་ཏེ། གནས་བྱ་མ་མཐོང་བའི་དོན་གོམས་པར་བྱེད་པ་ཉིད་ཀྱིས་སོ། །དཔེར་ན་ནམ་མཁའ་ལ་གནས་པའི་བྱ་དང་འདྲ་བར་རོ། །ཉན་ཐོས་ལ་སོགས་པའི་རིགས་འཇིག་པར་བྱེད་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། སྙིང་རྗེ་ཆེན་པོ་ལ་སོགས་པའི་སྒོ་ནས་དམན་པའི་བསམ་པ་ལྡོག་པས་སོ། །དོན་དམ་པར་བྱང་ཆུབ་འདོད་པ་མེད་དེ། དེ་བཞིན་ཉིད་ལས་ཁྱད་པར་དུ་འཕགས་པའི་འདོད་བྱའི་ཆོས་གཞན་མེད་པས་སོ། །དོན་དམ་པའི་བདེན་པ་ལ་བརྟེན་ནས་བྱང་ཆུབ་ཀྱི་རྒྱུ་མེད་དེ། དོན་དམ་པར་ཆོས་ཐམས་ཅད་སྤྲོས་བྲལ་ཡིན་པས་སོ། །གསུམ་པ་ནི། ཐ་མལ་པ་ཆོས་ཅན། བདུད་ལ་སོགས་པ་ཕྱིར་རྒོལ་བའི་དངོས་པོ་དམིགས་ཏེ། སེར་སྣས་མཚོན་པའི་ཕྱིར་དྲུག་གི་མི་མཐུན་ཕྱོགས་ཤིན་ཏུ་གོམས་པར་བྱས་པའི་ཆོས་ཉིད་ཀྱིས་སོ། །གཉིས་པ་ནི། བཏགས་པའི་ཞེས་སོགས་སོ། །གསུམ་པ་ནི། མཐོང་བའི་ལམ་གྱིས་ཞེས་སོ། །གསུམ་པ་གཉེན་པོའི་དབྱེ་བ་ནི། ཇི་སྐད་བཤད་པའི་ཚུལ་དེ་ལྟར་ན་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས་ཁོང་དུ་ཆུད་པར་བྱའོ། །གང་ན། དངོས་སུ་གཟུང་འཛིན་གྱི་རྣམ་རྟོག་ཉིད་ལས་སོ་སོར་མཐོང་བའི་ལམ་གྱི་མི་མཐུན་ཕྱོགས་རྣམ་པ་དགུ་དགུར་ཕྱེ་བ་ཡིན་ལ། ཤུགས་ལ་རྟོག་པ་དེ་དག་སྤང་བ་ཉིད་དུ་གཉེན་པོ་སྦྱོར་བ་དང་འཇུག་པ་བཞི་ཡང་སྤང་བྱ་དེ་བཞིན་དུ་དབྱེ་བས་རེ་རེ་ལ་དགུ་དགུའི་དབྱེ་བས་ཐ་དད་དོ་ཞེས་བྱ་བར་རོ། །གཉིས་པ་ལ། ཞར་ལས་བྱུང་བའི་དོན་དང༌། རྣལ་མ་མཐོང་ལམ་རྩེ་སྦྱོར་རོ། །དང་པོ་ལ། བྱང་ཆུབ་ཆེན་པོའི་རྒྱུ། འབྲས་བུ་བྱང་ཆུབ་ཆེན་པོའོ། །དང་པོ་ལ། མཚམས་སྦྱར་བ་ནི། བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ནོ། །གང་ན་འབྲས་བུ་བྱང་ཆུབ་ཆེན་པོ་འགྲུབ་པར་བྱེད་པའི་ངོ་བོ་མཐོང་བའི་ལམ་ལྷན་གཅིག་བྱེད་པའི་རྒྱུ་གསུམ་པོ་གང་དང་བཅས་པར་བཞེད་པའི་རྒྱུ་གང་ཡིན་པ་དེའོ། །དུས་ནི་དེ་ལྟར་མཐོང་བའི་ལམ་ལ་མི་མཐུན་པའི་ཕྱོགས་གཉེན་པོ་དང་བཅས་པ་བསྟན་ཟིན་ནས་དེའི་རྗེས་སུའོ། །རྩ་བ་ལ། གཞན་འབྲས་བུ་རྟོགས་པའི་ཆོས་ལ་འགོད་པ་དང༌། རྒྱུ་ལུང་གི་ཆོས་ལ་འགོད་པ་དང༌། རང་ཉིད་བྱང་ཆུབ་ཀྱི་རྒྱུ་ལ་སྦྱོར་བ་དང་གསུམ་སྟེ། ཚིག་རྐང་པ་གཅིག་དང་གཅིག་དང་གཉིས་ཀྱིས་རིམ་པ་ལྟར་རོ། །མདོ་ཡང་དང་པོ་ནི་མཐོང་ལམ་ཐོབ་པའི་དགེ་སློང་དྲུག་སྟོང་བྱང་ཆུབ་ཏུ་ལུང་བསྟན་པ་དང༌། གཉིས་པ་ནི། ཀུན་དགའ་བོ་ལ་ཡུམ་མང་དུ་གཏད་པ་དང༌། གསུམ་པ་ནི། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་ཞེས་སོགས་ཀྱིས་བསྟན་ནོ། །ཚིག་གི་དོན་ལ་རྩ་བ་ལྟར་གསུམ་ལས་དང་པོ་ནི། དྲི་མ་ཟད་དང་མི་སྐྱེ་བའི་ཞེས་སོགས་ཀྱི་སྐབས་སུ་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་བྱང་ཆུབ་ལ་གདུལ་བྱ་གཞན་དག་འགོད་པ་ནི་ལྷན་གཅིག་བྱེད་རྐྱེན་གཅིག་ཡིན་ནོ། །གང་གི་སྒོ་ནས་ཞེ་ན། མཐོང་བའི་ལམ་ལ་སོགས་པ་རབ་ཏུ་སྟོན་པས་སོ། །གཉིས་པ་ནི། གདུལ་བྱ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏོད་པ་ནི་རྐྱེན་གཉིས་པ་ཡིན་ནོ། །གང་གི་ཕྱིར་གཏོད་ཅེ་ན། བྱང་ཆུབ་ཀྱི་རྒྱུ་མཚན་ཁོ་ནར་རོ། །ཚུལ་ནི་ཡང་དག་པའི་ཚིག་དང་དོན་དང༌། མན་ངག་ལ་སོགས་པའི་སྒོ་ནས་ཡང་དག་པར་སོ་སོར་རོ། །གསུམ་པ་ནི། བསོད་ནམས་ཆེས་མང་བའི་མཚན་ཉིད་ནི་ལྷན་གཅིག་བྱེད་རྐྱེན་གསུམ་པ་ཡིན་ནོ། །གང་ན་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་བར་ཆད་མེད་པའི་རྒྱུ་མཐོང་ལམ་གྱིས་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་བཞག་དུ་རང་གིས་སྒོམ་པ་དང༌། རྗེས་ཐོབ་དུ་གཞན་ལ་སྟོན་པ་སོགས་སོ། །འདིར་བར་ཆད་མེད་པ་ཡང་འགལ་རྐྱེན་གྱིས་བར་ཆད་བྱར་མེད་པ་དང༌། ཆོས་གཞན་གྱིས་བར་དུ་ཆོད་པ་མེད་པ་གཉིས་ལས་སྔ་མ་ལ་འདོད་དོ། །གསུམ་པོ་འདི་དག་ལ་ལྷན་གཅིག་བྱེད་རྐྱེན་ཞེས་བྱ་སྟེ། འབྲས་བུ་བྱང་ཆུབ་ཆེན་པོ་བསྐྱེད་པར་བྱེད་པའི་རྒྱུའི་ནུས་པ་གོང་ནས་གོང་དུ་ཁྱད་པར་དུ་བྱེད་པའི་ཕྱིར་རོ། །གཉིས་པ་ལ། དབུ་མ་པའི་བྱང་ཆུབ་ཆེན་པོ་ངོས་བཟུང༌། དངོས་སྨྲ་བའི་བྱང་ཆུབ་འདོད་ཚུལ་དགག་པ། གྲོལ་བ་འདོད་པས་སྟོང་ཉིད་ལ་འཇུག་པར་གདམས་པའོ། །དང་པོ་ལ། མཚམས་སྦྱར་བ་ནི། གང་གི་དོན་དུ་ཞེས་སོགས་སོ། །རྩ་བ་ལ། ཆོས་སྐུ་ཆོས་ཅན། བྱང་ཆུབ་ཆེན་པོ་ཞེས་བརྗོད་དེ། དྲི་མ་གདོད་མ་ནས་ཟད་པ་དང་མི་སྐྱེ་བ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཇི་ལྟར་གདོད་མ་ནས་ཟད་པ་དང་མི་སྐྱེ་བར་གྲུབ་ཅེ་ན། དྲི་མ་སྔར་ཡོད་གཉེན་པོས་ཟད་པར་བྱར་མེད་པའི་ཕྱིར་དང༌། རྒྱུ་རྐྱེན་ལས་སྐྱེ་བར་བྱར་མེད་པའི་ཕྱིར་དང༌། རྟགས་གཉིས་པོ་དེ་དག་གོ་རིམ་བཞིན་དུ་རྩ་རྟགས་གཉིས་པོའི་སྒྲུབ་བྱེད་དུ་ཤེས་པར་བྱའོ། །མདོ་ནི་ཀུན་དགའ་བོ་ཤེར་ཕྱིན་ཟད་པར་འདོད་པ་དེ་ནི་ནམ་མཁའ་ཟད་པར་འདོད་དུ་ཟད་དོ་ཞེས་པ་དང༌། ཆོས་དེ་དག་ལ་སྐྱེ་བ་མེད་ན་ཟད་པ་ལྟ་ག་ལ་ཡོད་ཅེས་སོ། །ཚིག་དོན་ལ། ཆོས་ཀྱི་སྐུ་ཡུལ་ཇི་ལྟ་བ་བཞིན་རྟོགས་པ་ཅན་གྱི་བདག་ཉིད་ཆོས་ཅན། བྱང་ཆུབ་ཆེན་པོ་ཡིན་པར་བརྗོད་དེ། ཆོས་ཐམས་ཅད་ཀྱི་གནས་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ། སྒྲིབ་གཉིས་ཀྱི་དྲི་མ་རྣམས་གདོད་མ་ནས་ཟད་པ་དང་མི་སྐྱེ་བའི་ཚུལ་ལ་དེ་དང་དེར་ཤེས་པའི་ཡེ་ཤེས་མཐར་ཐུག་ཡིན་པས་སོ། །འདིར་སོགས་པས་གཟུགས་ཀྱི་སྐུ་གཉིས་སྡུད་དོ། །རྒྱུད་བླར་སྐུ་གསུམ་ཀ་བྱང་ཆུབ་ཆེན་པོར་བསྟན་པ་བཞིན་ནོ། །རྟགས་གྲུབ་སྟེ། སྒྲིབ་གཉིས་ཀྱི་དྲི་མ་རྣམས་དོན་དམ་པར་འགག་པ་དང་སྐྱེ་བ་མེད་པའི་ཕྱིར། འདི་སྒྲུབ་པ་ལ་ལུང་རིགས་གཉིས་ལས། དང་པོ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་སྔར་སྐྱེས་པ་དང་མ་སྐྱེས་པ་འབྱུང་རུང་བདེན་པ་ཉིད་དུ་དངོས་པོར་སྨྲ་བས་བཏགས་པའི་གཞི་རྣམས་ནི་ཆོས་ཅན། དོན་དམ་པར་འགག་པ་དང་སྐྱེ་བ་མེད་དེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། ནམ་མཁའ་བཞིན་ནོ། །ཕྱོགས་ཆོས་གྲུབ་སྟེ། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་འབྱུང་བའི་ཕྱིར། གཉིས་པ་ནི། དྲི་མ་རྣམས་དོན་དམ་པར་སྐྱེ་འགག་མེད་དེ། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་དང༌། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ལ་སོགས་པའི་རིགས་པས་བདེན་པར་འཐད་པའི་དངོས་པོ་མེད་པས་སོ། །ནམ་མཁའི་པད་མོ་བཞིན་ནོ། །གཉིས་པ་ལ། དངོས་པོའི་རིགས་པས་དགག་པ། ཁས་བླངས་འགལ་བས་དགག་པའོ། །དང་པོ་ལ། བརྒལ་ལན་གྱི་སྒོ་ནས་མཚམས་སྦྱར་བ་ནི། དངོས་པོར་སྨྲ་བ་གང་དག་ཀུན་འབྱུང་གི་དངོས་པོ་གཉེན་པོས་འཇིག་པའི་བསམ་པས་ཟད་པ་ལ་ཟད་དོ་སྙམ་པའི་ཤེས་པ་དང༌། སྡུག་བསྔལ་གྱི་ཕུང་པོ་གཉེན་པོས་སྐྱེ་འཕྲོ་ཆད་པའི་ཚུལ་དུ་མི་སྐྱེ་བའི་བསམ་པས་མི་སྐྱེ་བ་ལ་མི་སྐྱེའོ་སྙམ་པའི་ཤེས་པ་ནི་རིམ་པ་ལྟར་ཟད་པ་དང་མི་སྐྱེ་བའི་ཤེས་པ་ཡིན་པར་བརྗོད་ཅིང་བྱང་ཆུབ་ཀྱང་ཟད་པ་དང་མི་སྐྱེ་བའི་ཤེས་པ་ཡིན་པར་བརྗོད་པ་དེ་དག་ཆོས་ཅན། དེ་ལྟ་བུའི་ཤེས་པ་དེ་བྱང་ཆུབ་ཆེན་པོར་རུང་བ་མ་ཡིན་ཏེ། དྲི་མ་བདེན་པ་བ་ཟད་པ་དང་མི་སྐྱེ་བ་མེད་པ་ཁོ་ནས་སོ། །གང་གི་ཕྱིར་ན་དྲི་མ་སྐྱེ་འགག་མ་གྲུབ་པ་དེ་ལྟ་ཡིན་པ་དེའི་ཕྱིར། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་སོ། །ཚིག་དོན་ལ། དངོས་པོ་བདེན་པར་མེད་པ་ལ་ལོག་པར་བདེན་པར་མངོན་པར་ཞེན་པ་ཁྱོད་ཀྱིས་འདོད་པ་ལྟར་མ་ཡིན་ཏེ། འདི་ལྟར་མཐོང་བའི་ལམ་གྱི་སྟོབས་ཀྱིས་སྤང་བྱ་རྣམ་པར་རྟོག་པའི་ངོ་བོ་སྐྱེས་པ་ནི་གཉེན་པོས་ཅི་ཞིག་ཟད་ཅིང་མི་སྐྱེ་བའི་ཆོས་ཅན་སྔར་མ་སྐྱེས་པ་ནི་གསར་དུ་ཅི་ཞིག་སྐྱེས་ཏེ། ཟད་ཐོབ་ཅུང་ཟད་ཀྱང་མེད་པ་ཁོ་ནར་ཐལ། གོ་རིམ་བཞིན་དུ་དོན་དམ་པར་ཉོན་མོངས་དང་རྣམ་རྟོག་སྐྱེས་པ་ཟད་པ་དང༌། མ་སྐྱེས་པ་དག་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཀྱི་འགོག་པ་དང་བྲལ་བ་དེ་བཞིན་ཉིད་ཀྱི་ངོ་བོའི་རང་བཞིན་ཡིན་པའི་ཕྱིར། དངོས་སྨྲ་བའི་འདོད་ཚུལ་མི་འཐད་པ་དེའི་ཕྱིར་ཁོ་བོ་ཅག་གི་གཞུང་ལུགས་ཟད་སྐྱེ་མེད་པ་ཁོ་ན་ཁས་བླང་བར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །གཉིས་པ་ལ་མཚམས་སྦྱར་བ་ནི། དྲི་མ་གདོད་མ་ནས་ཟད་སྐྱེ་མེད་པ་དེ་ལྟ་མ་ཡིན་ཏེ་དྲི་མའི་ཆོས་རྣམས་ཡང་དག་པར་ཡོད་པར་ཁས་ལེན་ན། བཅོམ་ལྡན་འདས་ཀྱིས་ཞེས་གསུངས་སོ། །གཉིས་པ་ཚིག་དོན་ལ། དབུ་མ་པ་ལ་དྲི་མ་སྤོང་བ་འཐད་པའི་ཚུལ། དངོས་སྨྲ་བ་ལ་མི་འཐད་པའི་ཚུལ། རྩ་བའི་ཚིག་དོན་དངོས་བཤད་པའོ། །དང་པོ་ལ་སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ། གཉེན་པོ་ངོས་བཟུང་བ། ཐོབ་པའི་ས་མཚམས། ལུང་གིས་བསྟན་ཚུལ་ལོ། །དང་པོ་ལ། རྣལ་འབྱོར་གྱིས་བཞི་སྟེ། བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་དང༌། གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས་དང༌། འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས་དང༌། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་སའོ། །འདི་དག་ཀྱང་སྤང་བྱ་སྒྲིབ་གཉིས་ཀྱི་དབྱེ་བ་ལས་ཕྱེ་སྟེ། སྤང་བྱ་ཉོན་སྒྲིབ་དང༌། ཤེས་སྒྲིབ་གཉིས་སོ། །ཤེས་སྒྲིབ་ལ་མངོན་འགྱུར་དང་བག་ལ་ཉལ་ལོ། །དང་པོ་ལ། ཤེས་སྒྲིབ་གཟུང་རྟོག་དང༌། འཛིན་རྟོག་གཉིས་ཏེ། གཞིའི་གཉེན་པོའི་དབྱེ་བས་བཞི་སྟེ། དང་པོས་ཉོན་སྒྲིབ་དང༌། ཕྱི་མ་གསུམ་གྱིས་རིམ་པ་ལྟར་ཤེས་སྒྲིབ་མངོན་འགྱུར་གཉིས་དང་བག་ལ་ཉལ་གྱི་གཉེན་པོ་བྱེད་པའི་ཕྱིར་རོ། །རིམ་པ་ཡང་ཐོག་མར་ཕྱི་རོལ་པའི་ལྟ་བ་ལས་བཟློག་ནས་ཆོས་ཀྱི་བདག་མེད་རྟོགས་པའི་སྣོད་དུ་རུང་བའི་ཆེད་དུ་བདག་མེད་པའི་དོན་ལ་སྦྱོར་ལ་དེ་ནས་རྟོགས་བྱ་རགས་པ་དང་ཕྲ་བའི་རིམ་པས་གཟུང་མེད་དང་འཛིན་མེད་གཉིས་ལ་རིམ་པས་དྲངས་ནས་མཐར་མཐའ་བྲལ་རྟོགས་པ་ལ་སྦྱོར་བ་ནི་གདུལ་བྱ་བསྟན་པ་ལ་གཞུག་པའི་རིམ་པ་ཡིན་པས་བཞི་པོ་རིམ་པར་བསྟན་ནོ། །གཉིས་པ་ནི། དང་པོ་ཚོགས་ལམ་དུ་བསྒོམ་སྟེ། ཆོས་ཀྱི་བདག་མེད་ལ་འཇུག་པའི་དོན་དུ་ཐོག་མར་ཉོན་མོངས་ཀྱི་འཆིང་བ་རྣམ་པར་གནོན་པའི་ཕྱིར། གཉིས་པ་ནི། དྲོད་དང་རྩེ་མོ་སྟེ། གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ལྷག་པའི་ཕྱིར། གསུམ་པ་ནི། བཟོད་མཆོག་སྟེ། འཛིན་པར་རང་བཞིན་མེད་པ་ལ་གསལ་སྣང་ལྷག་པའི་ཕྱིར། བཞི་པ་ནི། མཐོང་ལམ་ནས་ཐོབ་སྟེ། ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར། གསུམ་པ་ལ་རྣལ་འབྱོར་གྱི་ས་དང་པོ་ནི། ལུང་སིལ་བུ་ལས། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་ཐམས་ཅད་རྒྱུ་དང་བཅས། །ཞེས་པས་བསྟན་ནོ། །ཕྱི་མ་གསུམ་ནི་ལང་གཤེགས་ལས་གསུངས་ཏེ། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཡང་དག་དམིགས་པ་ལ་བརྟེན་ནས། །སེམས་ཙམ་ལས་ཀྱང་ཤིན་ཏུ་བཟླ། །སེམས་ཙམ་ལས་ནི་བཟླས་ནས་ཀྱང༌། །སྣང་བ་མེད་ལ་གནས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་སོ། །འདིར་སྣང་བ་མེད་ལས་བཟླ་བར་བྱ་ཞེས་པ་ནི་མ་དག་པ་སྟེ། སྣང་མེད་ལས་བཟླ་བ་དང༌། སྣང་མེད་ལ་གནས་པ་འགལ་བའི་ཕྱིར་རོ། །སྣང་མེད་ནི་འཁྲུལ་པའི་སྣང་བ་མེད་པ་ལ་དགོངས་སོ། །གཉིས་པ་གཞུང་གི་དོན་ལ། རྣལ་འབྱོར་ས་བཞི་ལས། དང་པོ་ལ། བསམ་བྱུང་གི་རིགས་པ། བསྒོམ་བྱུང་གི་རྣལ་འབྱོར། བསྒོམས་པའི་འབྲས་བུའོ། །དང་པོ་ནི། དེ་ལ་ཞེས་པ་ཚིག་ཉེ་བར་འགོད་པའི་ཚིག་ཕྲད་དོ། །ཉེར་ལེན་གྱི་ཕུང་པོ་ནི་བདག་གིས་སྟོང་སྟེ། སྐྱེ་བ་དང་འཇིག་པའི་ཕྱིར་བུམ་སོགས་བཞིན་ནོ། །གཉིས་པ་ནི། བདག་དེས་དབེན་པའི་ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་པ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལ་ཡང་དག་པར་དམིགས་ཏེ། སྒྲོ་འདོགས་བཅད་པའི་དོན་ལ་ཡང་དང་ཡང་དུ་བསྒོམ་པའོ། །གསུམ་པ་ནི། བདག་མེད་དོ་སྙམ་དུ་བསྒོམས་པས། བསྒོམས་པའི་སྟོབས་གྲུབ་པ་ན་ཉོན་མོངས་ཀྱི་རྩ་བ་ཕུང་པོ་ལ་བདག་ཏུ་མངོན་པར་ཞེན་པ་ཡོངས་སུ་བོར་བའོ། །གཉིས་པ་ལ་གསུམ་ལས། དང་པོ་བསམ་བྱུང་ནི་རིགས་པ་ནི། སྔོན་པོ་དང་དེ་འཛིན་པའི་བློ་དག་རྫས་གཞན་དུ་བདེན་པར་མེད་དེ། དམིགས་བྱེད་ཀྱི་བློ་གཅིག་གིས་ལྷན་ཅིག་དམིགས་པར་ངེས་པའི་ཕྱིར་རོ། །ཟླ་གཉིས་ཀྱི་རྣམ་པ་བཞིན། རྟགས་གྲུབ་སྟེ། སྔོན་པོ་མ་དམིགས་ན་སྔོ་འཛིན་མི་དམིགས་པའི་ཕྱིར་ཏེ། སྔོ་འཛིན་ནི་སྔོན་པོས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །སྔོ་འཛིན་མ་དམིགས་ན་ཡང་སྔོན་པོ་མེད་དེ། ཤེས་བྱེད་མེད་པའི་ཤེས་བྱ་མེད་པའི་ཕྱིར། ཅི་སྟེ་སྐྱེས་བུ་དུ་མས་ཟླ་བ་གཅིག་ལ་ལྟ་བའི་ཚེ་ཕན་ཚུན་འཛིན་པ་མ་དམིགས་ཀྱང༌། གཟུང་བ་དམིགས་པ་མ་ཡིན་ནམ་ཞེ་ན། རང་གི་མཐོང་བ་གཞན་ལ་སྣང་བ་མ་ཡིན་གྱི། ཐུན་མོང་དུ་མཐོང་བའི་ཐ་སྙད་བྱེད་པ་ནི་བག་ཆགས་མཐུན་པར་སད་པ་ཙམ་མོ། །ལྡོག་པ་ནི། རྫས་ཐ་དད་དུས་མཉམ་པ་ལ་ནི་ལྷན་ཅིག་དམིགས་ངེས་མེད་དེ། འབྲེལ་བ་མེད་པའི་ཕྱིར། སྔོ་སེར་བཞིན་ནོ། །གཉིས་པ་ནི། ཕུང་པོ་སོགས་ལ་དམིགས་ཏེ་དོན་དུ་སྣང་བ་འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི། ཕྱི་རོལ་གྱི་དོན་ནི་མེད་དོ། །ཞེས་བྱ་བ་རྩེ་གཅིག་དུ་ཡིད་ལ་བྱེད་ཅིང་བསྒོམ་མོ། །གསུམ་པ་ནི། བསྒོམས་པའི་སྟོབས་གྲུབ་པ་ན་སྣང་བ་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་པའོ། །འཛིན་པ་ལ་ནི་སྒྲོ་འདོགས་མ་ཆོད་དེ། འཛིན་པའི་རྣམ་པ་ཅན་གྱི་སེམས་ལ་བདེན་པར་མངོན་པར་ཞེན་པ་ཡོངས་སུ་མ་བོར་བས་སོ། །གསུམ་པ་ལ། གསུམ་ལས། དང་པོ་ནི། ལྟོས་ས་གཟུང་པ་མེད་པ་ན་ལྟོས་ཆོས་འཛིན་པ་མེད་དོ་སྙམ་དུ་ངེས་པར་སེམས་པའི་རིགས་པས་སྒྲོ་འདོགས་གཅོད་དོ། །གཉིས་པ་ནི། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས་བསྒོམ་མོ། །གསུམ་པ་ནི། གཟུང་པ་ལ་ལྟོས་པའི་འཛིན་པའི་རྣམ་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་དུ་བདེན་པར་འཛིན་པ་དེ་ཡང་བསལ་ཏེ་ཞེས་པའོ། །ཡང་ན་ཕྱི་རོལ་གྱི་དོན་དུ་ཞེན་པ་སྤངས་པར་མ་ཟད་ཅེས་པའོ། །བཞི་པ་ལ་གསུམ་ལས། དང་པོ་ནི། དགག་བྱ་སྔ་མར་མ་ཟད་གཉིས་མེད་ཀྱི་ཡེ་ཤེས་དེ་ཡང་ངོ་བོ་ཉིད་མེད་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་ནོ། །རིགས་པ་དྲུག་ཅུ་པ་ལས། དེ་དང་དེ་རྟེན་གང་བྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་གང་མ་སྐྱེས། །དེ་ལ་སྐྱེ་ཞེས་ཇི་སྐད་བརྗོད། །ཅེས་སོ། །གལ་ཏེ་རྟ་གླང་དུ་སྣང་བ་ནི་སེམས་སུ་བདེན་པས་ངོ་བོ་ཉིད་མེད་པའི་དཔེར་མི་རུང་ལ། རྟ་གླང་ཡིན་པའི་ཆ་ནི་མེད་པས། རྟགས་དཔེར་ལ། རྗེས་སུ་འགྲོ་བ་མེད་དོ་ཞེན། རྟ་གླང་སོགས་སྣང་ཡང་དེར་མི་བདེན་པའི་ཆ་དཔེར་འགོད་དོ། །གཉིས་པ་ནི། ཡང་དག་པར་ན་མཐའ་ཅིག་ཏུ་དངོས་པོར་གྲུབ་པ་མེད་དེ། ངོ་བོ་ཉིད་མེད་པས་སོ། །དངོས་པོ་བཀག་པའི་དངོས་མེད་བདེན་པ་མེད་དེ། སྤྱིར་དགག་བྱ་བདེན་པ་བ་མེད་པས་སོ། །དགག་བྱ་ཡོད་པ་མ་ཡིན་པས། ཡང་དག་ཏུ་ན་བཀག་མེད་གསལ་ཅེས་སོ། །གཉིས་ཀ་མ་ཡིན་ཏེ། ཡོད་མེད་གཉིས་གཞི་མཐུན་པ་མེད་པའི་ཕྱིར། གཉིས་ཀ་ལས་བཟློག་པ་ཡང་མ་ཡིན་ཏེ། མེད་པའི་ཕྱིར་རོ། །རིགས་པ་འདི་ལ་བརྟེན་ནས་མཐའ་བཞིར་བརྟགས་པའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་རྩེ་གཅིག་ཏུ་བསྒོམ་པའོ། །གསུམ་པ་ནི། ཡུན་རིང་དུ་བསྒོམས་པའི་སྟོབས་གྲུབ་པ་ན་རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ༌། །གང་གིས་ཞེ་ན། མཐའ་བཞིར་རྣམ་པར་མི་རྟོག་པའི་བདག་མེད་རྟོགས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པར་བྱ་བ་ཅི་ཞིག་ལྟར་ཡང་དག་པར་སྐྱེས་ནའོ། །དེ་ཇི་ལྟ་བུ་ཞེ་ན། རྟོགས་པའི་ཁྱད་པར་དཔེར་ན་ཁ་ཅིག་ལ་ནོར་བུ་དང་དངུལ་ལ་སོགས་པ་ཡོངས་སུ་དག་པའི་ནང་དུ་གཟུགས་བརྙན་ཤར་བ་མཐོང་བ་ན་སྣང་ཡང་བདེན་མེད་རྟོགས་པའི་ཤེས་པ་བཞིན་དུ་སྣང་ཡང་བདེན་པ་མེད་པར་རྟོགས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློའོ། །སྤངས་པའི་ཁྱད་པར་འཁྲུལ་པའི་མཚན་མ་བདེན་འཛིན་མཐའ་དག་སྤངས་པའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་འདིའི་རང་བཞིན་ཅི་ལྟ་བུ་ཞེ་ན། གྲངས་ཅན་གྱི་ཐར་པ་དོན་གཉེར་བསྒྲུབ་པ་ལྷུར་ལེན་པ་དག་མཐུན་པར་ཅི་ཡང་ཡིད་ལ་མི་བྱེད་པའི་བློ་སྐྱེས་པ་ནི་མི་རྟོག་པའི་ཡེ་ཤེས་ཞེས་བྱ་ལ། དེའི་རྒྱུ་ནི། ཡིད་བྱེད་སྤངས་པའི་རྣལ་འབྱོར་ཡིན་པས་འདི་ཁོ་ན་མཆོག་ཡིན་ཏེ། མདོ་ལས། གང་ཡིད་ལ་བྱེད་པ་ནི་མི་དགེ་བའོ། །གང་ཡིད་ལ་མི་བྱེད་པ་ནི་དགེ་བའོ་ཞེས་འབྱུང་བས་སོ་ཞེས་འདོད་དོ། །ཡིད་ལ་བྱེད་པ་སྤངས་པ་ཙམ་ནི་མ་རིག་པའི་གཉེན་པོ་ལྷག་མཐོང་དང་བྲལ་བའི་ཕྱིར། སྒྲིབ་པའི་ས་བོན་སྤང་མི་ནུས་ན་སྤང་རྟོགས་སླར་མི་ལྡོག་པའི་གྲོལ་བ་ཐོབ་པར་ཇི་ལྟར་འགྱུར། གཞན་དུ་ན་འདུ་ཤེས་མེད་པའི་སྙོམས་འཇུག་ཀྱང་ཐར་པའི་ལམ་དུ་ཅིའི་ཕྱིར་མི་འདོད། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།