ནམ་མཁའ་མ་ཞིག་གི་བར་དུ་བཞུགས་ཞེས་པས་ནི་འཁོར་བའི་མཐའ་མེད་པར་བསྟན། འགའ་ཞིག་དབུ་མ་པའི་བསྟན་བཅོས་ཀྱི་ཚིག་གི་སྤྲོས་པ་ལྷུར་ལེན་ཡང་དོན་ལ་དཔྱོད་པའི་ཤེས་རབ་མེད་པར་ཚིག་འདོན་པ་ལྷུར་ལེན་པ་ཙམ་དུ་ཟད་དོ། །གལ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱ་བ་ཡིན་ན་འཁོར་བའི་མཐའ་མེད་པ་འགལ་ལོ་ཞེ་ན། སེམས་ཅན་ཐམས་ཅད་སངས་རྒྱ་ཡང་སངས་རྒྱས་ཟིན་པའི་དུས་མི་སྲིད་པས་འཁོར་བ་སྟོང་པ་ཡང་སྲིད་པ་མ་ཡིན་ནོ། །སེམས་ཅན་མ་ལུས་པ་ལ་འཆི་བས་ཁྱབ་ཀྱང་འཆི་ཟིན་པ་དང༌། འདུས་བྱས་ཐམས་ཅད་ལ་འཇིག་པས་ཁྱབ་ཀྱང་ཞིག་ཟིན་པ་མི་སྲིད་པ་བཞིན་ནོ། །འགའ་ཞིག་དངོས་པོ་ཐམས་ཅད་ཞིག་པའི་དུས་སྲིད་དོ་ཞེས་སྨྲ་བས་ནི་དུས་དངོས་པོ་མ་ཡིན་ནམ་དངོས་པོ་ཐམས་ཅད་ཞིག་ནས་དུས་སྲིད་པ་བཞད་གད་ཀྱི་གནས་སོ། །བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་སེམས་ཀྱི་རྒྱུད་ཀྱི་ལམ་ཤེས་པ་ནི་གཞན་དོན་དུ་སྲིད་པར་སྐྱེ་བའི་རྒྱུ་ཉོན་མོངས་པའི་མིང་ཅན་གྱི་སྒྲིབ་པ་རྣམ་པ་ཐམས་ཅད་དུ་ཆེད་དུ་གཉེར་ནས་སྤང་བ་མ་ཡིན་པའི་རང་བཞིན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་སྒྲིབ་པའི་རྒྱུས་གཞན་དོན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་དགོས་པའི་ཕྱིར་རོ། །བསམ་སྦྱོར་གཉིས་ཀྱི་སྒོ་ནས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་བཞུགས་པ་ཉིད་ཀྱིས་སོ། །འགའ་ཞིག་ཉོན་མོངས་པའི་ནུས་པ་བཅོམ་པས་མི་སྐྲག་པའི་ཕྱིར། ཆེད་དུ་གཉེར་ནས་མི་སྤོང་བ་ཡིན་གྱི། སྲིད་པར་སྐྱེ་བ་ལེན་པའི་རྒྱུར་དགོས་པ་མ་ཡིན་ནོ་ཞེས་སྨྲ་བ་དག་གིས་ནི་མ་རྟོགས་ཏེ་ཉོན་མོངས་པ་ལ་མི་སྐྲག་པ་ཡིན་ཏེ། འཁོར་བར་ཇི་སྲིད་པ་སེམས་ཅན་གྱི་དོན་བྱེད་པས་སོ་ཞེས་སྨྲས་དགོས་པས་བྱང་སེམས་ཚོགས་ལམ་པ་ཡང་ཉོན་མོངས་པའི་ཉེས་པས་སྐྲག་པ་མེད་པར་ཐལ། འདོད་ན། ས་སྡེ་ལས་ཉན་ཐོས་ལས་བྱང་སེམས་རྣམས་ཉོན་མོངས་པ་སྤོང་བ་ལ་ཤིན་ཏུ་འབད་དགོས་པར་བསྟན་པ་དང་འགལ་ལོ། །བྱང་ཆུབ་སེམས་དཔའི་གནས་སྐབས་ནི་གཉིས་ཏེ། སོ་སོ་སྐྱེ་བོ་དང་འཕགས་པའོ། །སོ་སོ་སྐྱེ་བོའི་གནས་སྐབས་ལ་ནི་ཉོན་མོངས་པའི་ཉེས་པ་བསྐྱེད་ནུས་པའི་ཕྱིར་ཆེད་དུ་གཉེར་ནས་སྤོང་དགོས་པས། ས་སྡེ་ལས་ཆེད་དུ་གཉེར་ནས་སྤོང་དགོས་པར་བཤད་པ་ནི་སོ་སྐྱེ་ལ་དགོངས་སོ། །ཆེད་དུ་གཉེར་ནས་མི་སྤོང་བར་བཤད་པ་ནི་འཕགས་པའི་གནས་སྐབས་ལ་སྦྱར་རོ། །འཕགས་པ་གྲོལ་སྡེས་ཀྱང་མ་རིག་པ་དང་ལྟ་བའི་བག་ལ་ཉལ་འཇོམས་ཀྱི། འདོད་སྲེད་ཀྱི་བག་ལ་ཉལ་ནི་མི་འཇོམས་ཏེ། བསམ་བཞིན་དུ་སྲིད་པར་སྐྱེ་བའི་ཕྱིར་ཞེས་གསུངས་པ་ཡང་དོན་འདི་ཉིད་དོ། །དེ་ལ་སོ་སྐྱེ་རྣམས་ཀྱི་སྐྱེ་བ་ལེན་པའི་རྒྱུ་ནི་ལས་དང་ཉོན་མོངས་པ་ཡིན་ལ། ཉན་རང་འཕགས་པ་སློབ་པ་རྣམས་ཀྱི་ཡང་ལས་དང་ཉོན་མོངས་པ་ཡིན་ཏེ། ཇི་སྲིད་སྐྱེ་བ་ལེན་པ་དེ་སྲིད་དུ་སྔར་སོ་སྐྱེའི་གནས་སྐབས་ཀྱི་ལས་དང་ཉོན་མོངས་པའི་རྒྱུ་མཐུན་གྱིས་སྲིད་པར་ཉིང་མཚམས་སྦྱོར་བར་བྱེད་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཤེ་ན། ཉེ་བར་ལེན་པའི་ཕུང་པོ་ལ་གཤེད་མ་རལ་གྲི་གདེངས་པ་ལྟར་འཇིགས་པས་ཇི་སྲིད་སྐྱེ་བ་ལེན་པ་དེ་སྲིད་དུ་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་མངོན་ནོ། །ཉན་རང་དགྲ་བཅོམ་པ་དང་བྱང་སེམས་འཕགས་པ་རྣམས་ནི་མ་རིག་པའི་བག་ཆགས་སམ་ཉོན་མོངས་པའི་བག་ལ་ཉལ་གྱི་རྐྱེན་དང་ཟག་པ་མེད་པའི་ལས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་ལེན་པ་ཡིན་ནོ། །འབུམ་གྱི་འགྲེལ་པ་ལས། དགྲ་བཅོམ་པས་ཉོན་མོངས་པ་ཀུན་སྤངས་ཀྱང་མ་རིག་པའི་བག་ཆགས་མ་སྤངས་ལ། དེ་མ་སྤངས་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཀྱང་མ་སྤངས་ཞེས་པ་དང༌། ཇི་ལྟར་ཡང་སྲིད་འཛིན་པར་བྱེད་ཅེ་ན། རྒྱུའི་སྟོབས་དང་རྐྱེན་གྱི་སྟོབས་ལས་སོ། །དེ་ལ་ཉོན་མོངས་པའི་བག་ཆགས་མ་སྤངས་པ་ནི་རྐྱེན་ནོ། །ཟག་མེད་ཀྱི་ལས་ནི་རྒྱུའོ་ཞེས་པ་དང༌། རྒྱུད་བླ་མའི་འགྲེལ་པར། མ་རིག་བག་ཆགས་ཀྱི་སའི་རྐྱེན་ཅན་མཚན་མའི་རྒྱུན་ཀུན་ཏུ་སྤྱོད་པ་ཕྲ་མོས་ཀུན་ནས་བསློངས་བའི་ཟག་པ་མེད་པའི་ལས་ལ་བརྟེན་ཏེ་ཞེས་སོ། །དེས་ན་སྐྱེ་བོ་རྣམས་ནི་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་ལ། ཉན་རང་དགྲ་བཅོམ་དང་བྱང་སེམས་འཕགས་པ་རྣམས་ལ་ནི་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་མེད་པའི་ཕྱིར་མ་རིག་བག་ཆགས་ཀྱི་སས་ཉིང་མཚམས་སྦྱོར་བར་བྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པས་ནི་མ་རིག་བག་ཆགས་ཀྱི་ས་ཡང་སྤངས་པའི་ཕྱིར་བག་ཆགས་ཀྱི་ས་མཚམས་སྦྱོར་བ་ཉིད་སྤངས་པ་ཅན་ཡིན་ནོ། །དེ་ལྟར་ན་སོ་སྐྱེ་དང༌། ཉན་རང་དགྲ་བཅོམ་པ་དང་བྱང་སེམས་འཕགས་པ་དང༌། དེ་བཞིན་གཤེགས་པ་རྣམས་རིམ་གྱིས་སྔ་མ་ལས་ཕྱི་མ་ཁྱད་ཞུགས་པ་ཡིན་ནོ། །འདིར་བག་ལ་ཉལ་གྱི་ཉོན་སྒྲིབ་ཅེས་བཤད་པ་ནི་ཉོན་མོངས་པ་མ་ཡིན་གྱི་ཤེས་བྱའི་སྒྲིབ་པ་ཁོ་ན་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་འབྱུང་བའི་ཕྱིར་དང༌། རྒྱུད་བླ་མར། ཉོན་མོངས་ཤེས་བྱའི་སྤྲིན་གྱི་དྲྭ་བ་སངས་རྒྱས་ཐུགས་རྗེའི་རླུང་གིས་རྣམ་པར་གཏོར། །ཞེས་གསུངས་ནས། རྒྱས་བཤད་དུ་ཉོན་མོངས་པའི་སྒྲིབ་པ་ངོས་གཟུང་བ་ལ། དེ་སྒྲིབ་མཐའ་ཡས་ཉོན་མོངས་དང་ཞེས་གསུངས་ཤིང༌། ཤེས་བྱའི་སྒྲིབ་པ་ངོས་གཟུང་བ་ལ། ཉེ་བའི་ཉོན་མོངས་བག་ཆགས་སོ་ཞེས་གསུངས་སོ། །འཇུག་པའི་རང་འགྲེལ་དུ་ཡང༌། བག་ལ་ཉལ་གྱི་སྒྲིབ་པ་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སོ་ཞེས་གསུངས་སོ། །དེས་ན་ཤེས་བྱའི་སྒྲིབ་པ་ནི་གཉིས་ཏེ། ཉོན་མོངས་པས་བཞག་པའི་བག་ལ་ཉལ་གྱི་ཉོན་སྒྲིབ་ལ་ཤེས་སྒྲིབ་དུ་བཞག་པ་དང༌། དང་པོ་ནས་ཤེས་སྒྲིབ་ཀྱི་ཐ་སྙད་བྱས་པའོ། །མངོན་པ་ཀུན་ལས་བཏུས་ལས། ཅིག་ཅར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་ངོ༌། །ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་གསུངས་པའི་དོན་ཡང་བག་ལ་ཉལ་གྱི་ཉོན་སྒྲིབ་ཅེས་བཤད་པ་དང་ཤེས་སྒྲིབ་ཀྱི་ཐ་སྙད་དུ་གསུངས་པ་གཉིས་ཅིག་ཅར་དུ་འགགས་པ་ལ་དགོངས་སོ། །ཉོན་མོངས་པ་ནི་ས་དང་པོ་ཐོབ་ནས་མེད་དེ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་མེད་པའི་ཕྱིར་རོ། །འགའ་ཞིག་སྡུག་བསྔལ་བདེན་པ་ས་བཅུ་རྒྱུན་མཐའི་བར་དུ་ཡོད་ལ། ཀུན་འབྱུང་ས་བཅུ་རྒྱུན་མཐའི་སྔ་ལོགས་ཀྱི་བར་དུ་ཡོད་དོ་ཞེས་འདོད་པ་ནི་མི་འཐད་དེ། ས་དང་པོ་ཐོབ་ནས་ཀུན་འབྱུང་མེད་པའི་ཕྱིར་དང༌། འཇིག་རྟེན་ཆོས་མཆོག་གི་རྟེན་བོར་ཟིན་པའི་འོག་རོལ་དུ་སྡུག་བསྔལ་གྱི་ཕུང་པོ་ཡང་མེད་པའི་ཕྱིར་རོ། །རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང༌། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་སོ། །བོད་ཐམས་ཅད་ཀྱིས་ལུང་འདིའི་དོན་ཁོང་དུ་མ་ཆུད་པར་ཚིག་ཙམ་སྒྲོགས་པར་ཟད་དོ། །འོ་ན་ས་དང་པོ་ཡན་ཆད་ཀྱི་སྒྲིབ་པ་བདེན་པ་བཞི་པོ་གང་གི་ནང་དུ་འདུ་ཞེ་ན། ཆོས་ཐམས་ཅད་བདེན་བཞིའི་ནང་དུ་འདུས་པ་མ་ཡིན་པས་བདེན་བཞིར་སྡུད་པ་ལ་དགོས་པ་ཅི་ཞིག་ཡོད། ལམ་ཤེས་ལ་ཤེས་བྱའི་ལམ་ངོས་གཟུང་བ་དང༌། ཇི་ལྟར་ཤེས་པའི་ཚུལ་དང༌། དངོས་དོན་དཔྱད་པའོ། །དང་པོ་ནི། མདོ་ནི་ཉི་ཁྲི་ལེའུ་བརྒྱད་མ་ལས་རྣམ་པ་ཉི་ཤུ་རྩ་དྲུག་གསུངས་ལ། འབུམ་ལས་བཅུ་དགུ་གསུངས་པ་དག་ཡིན་ནོ། །ཇི་ལྟར་དེ་དག་ལམ་ཡིན་ཞེ་ན། བདེན་པ་བཞི་ཡོངས་སུ་རྟོགས་པའི་ཡེ་ཤེས་ཀྱི་འཛིན་སྟངས་ཀྱི་བྱེ་བྲག་ཡིན་ལ། དེ་ཉིད་ལ་ལམ་དུ་བརྗོད་པའི་ཕྱིར་རོ། །རྣམ་པ་འདི་དག་ལ་སློབ་དཔོན་སེང་གེ་བཟང་པོས་ཆོས་མངོན་པ་ནས་གསུངས་པའི་མི་རྟག་ལ་སོགས་བཅུ་དྲུག་དང་སྦྱར་ནས་དོན་གཅིག་ཏུ་འཆད་དོ། །འོ་ན་ཕ་རོལ་དང་འཇིག་པའི་ཆོས་ཅན་གྱི་རྣམ་པ་སོགས་བདུན་པོའི་དོན་ཆོས་མངོན་པ་ནས་གསུངས་པ་མེད་པས་གང་དང་སྦྱར་ཞེ་ན། གཏན་ལ་དབབ་པ་བསྡུ་བ་ལས། ཡིད་འབྱུང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་གསུངས་པ་དང་སྦྱོར་བར་མཛད་དོ། །འོ་ན་གཏན་ལ་དབབ་པ་བསྡུ་བ་མ་གསུངས་པའི་སྔ་རོལ་དུ་ཆོས་མངོན་པ་གང་དང་སྦྱོར་བར་མཛད། དེས་ན་ཅུང་ཟད་མི་འགྲིག་པས་ཆོས་མངོན་པ་དང་རེ་རེ་བཞིན་དུ་སྦྱོར་དགོས་པ་ཅི་ཞིག་ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཆོས་མངོན་པ་དང་སྦྱོར་བ་ལ་ལྟོས་མི་དགོས་སོ་སྙམ་ན། ཉན་ཐོས་སྡེ་པ་རྣམས་ཆོས་མངོན་པ་ལ་ཚད་མར་བྱེད་ཅིང༌། ཤེར་ཕྱིན་བཀའ་མ་ཡིན་པར་འདོད་པས་ཆོས་མངོན་པ་དང་དོན་གཅིག་པར་བསྟན་པས་འདིར་གསུངས་པའི་རྣམ་པ་རྣམས་སངས་རྒྱས་ཀྱིས་གསུངས་པའི་དོན་ཡིན་པར་བསྟན་པའི་དོན་ཡིན་ནོ། །འོག་སྐབས་བཞི་པ་ནས་གསུངས་པའི་རྣམ་པ་རྣམས་མངོན་པ་དང་སྦྱོར་བའི་དོན་ཡང་འདི་ཉིད་ཀྱིས་ཤེས་པར་བྱའོ། །འོ་ན་འདིར་ཤེས་བྱའི་ལམ་བཤད་པ་ནི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་རྟོགས་རིགས་ལ་འདོད་དམ་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ་ལ་འདོད། དང་པོ་ལྟར་ན་ཉན་ཐོས་ཀྱི་ལམ་བཏགས་པ་བར་འདོད་དགོས་པས་དེ་ཤེས་པས་ཉན་ཐོས་ཀྱི་ལམ་ཤེས་པ་ཇི་ལྟར་འགྱུར། གཉིས་པ་ལྟར་ན། མདོ་ལས་བསྐྱེད་པར་བྱ་ཞིང་ཤེས་པར་བྱའོ་ཞེས་པའི་དོན་དང་འགལ་ཏེ། ཉན་ཐོས་ཀྱི་རྒྱུད་ལ་ཡོད་པའི་རྟོགས་པ་བྱང་སེམས་ཀྱི་རྒྱུད་ལ་བསྐྱེད་པར་བྱར་མེད་པ་ཡིན་པའི་ཕྱིར་རོ་ཞེ་ན། ཉན་ཐོས་ཀྱི་རྒྱུད་ལ་ཇི་ལྟར་བསྐྱེད་པའི་ལམ་དང་མཐུན་པའི་རྟོགས་རིགས་རྒྱུད་ལ་བསྐྱེད་ཅིང་ཤེས་པར་བྱས་ནས་རང་གི་རྒྱུད་ལ་ཇི་ལྟར་ཉམས་སུ་མྱོང་བ་དང་མཐུན་པར་གཞན་ཉན་ཐོས་ཀྱི་རིགས་ཅན་རྣམས་ལ་བསྟན་པས་དེ་དག་གིས་བྱང་སེམས་ཀྱིས་བསྟན་པ་ལྟར་ཉམས་སུ་བླངས་ཏེ་ཉན་ཐོས་ཀྱི་ལམ་རིམ་པ་བཞིན་དུ་རྒྱུད་ལ་བསྐྱེད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ལམ་གྱི་རྟོགས་རིགས་རྒྱུད་ལ་བསྐྱེད་ཅིང་ཤེས་པས་ཉན་ཐོས་ཀྱི་ལམ་ཤེས་པའི་དོན་གྲུབ་པ་ཡིན་ནོ། །འགའ་ཞིག་བྱང་སེམས་ཀྱི་རྒྱུད་ལ་སྐྱེས་པའི་རྟོགས་རིགས་ཉན་ཐོས་ཀྱི་ལམ་དངོས་ཡིན་ཞེས་ཟེར་རོ། །འོ་ན་ཉེར་ཞི་གཉིས་སུ་ཁྲིད་བྱེད་ཀྱི་ལམ་དུ་ཐལ་བར་འགྱུར་ཞིང་རྟོགས་རིགས་དེ་ནི་སངས་རྒྱས་ཀྱི་ས་ལ་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ས་ན་ཉན་ཐོས་ཀྱི་ཐེག་པ་ཡོད་པར་འགྱུར་བས་མཐར་ཐུག་ཐེག་པ་གསུམ་དུ་ཁས་ལེན་དགོས་སོ། །འགའ་ཞིག་འདིར་བསྟན་པའི་ཉན་ཐོས་ཀྱི་ལམ་ནི་ཉན་ཐོས་ཀྱི་ལམ་བཏགས་པ་བ་ཡིན་ཏེ། རྣམ་མཁྱེན་ཡིད་བྱེད་དང་ལྡན་པའི་གཟུགས་མི་རྟག་པ་ཉིད་དུ་མི་དམིགས་པར་ཡིད་ལ་བྱའོ་ཞེས་གསུངས་པས་ཐེག་ཆེན་སེམས་བསྐྱེད་ཀྱིས་ཁྱད་པར་དུ་བྱས་པར་བསྟན་པའི་ཕྱིར་རོ་ཞེ་ན། སེམས་བསྐྱེད་དེ་ནི་ཡུལ་ཅན་ལམ་ཤེས་ཀྱི་ཁྱད་པར་དུ་བསྟན་པ་ཡིན་གྱི། ཤེས་བྱའི་ལམ་གྱི་ཁྱད་པར་དུ་བསྟན་པ་མ་ཡིན་པས་དོན་མ་རྟོགས་པ་ཁོ་ནའོ། །དེས་ན་ཉན་ཐོས་ཀྱི་ལམ་དངོས་སུ་བསྟན་ཅིང་དེའི་རིགས་འདྲ་བྱང་སེམས་ཀྱིས་རང་གི་རྒྱུད་ལ་བསྐྱེད་ཅིང་དེ་གཞན་ལ་སྟོན་པར་མཛད་པ་ཡིན་ནོ། །ཇི་ལྟར་ཤེས་པའི་ཚུལ་ནི། ཉན་རང་གི་ལམ་གྱི་རྟོགས་རིགས་རྒྱུད་ལ་སྐྱེས་ནས་མི་དམིགས་པར་རྟོགས་པའི་རྣམ་པས་བདེན་འཛིན་གྱི་སྒྲོ་འདོགས་གཅོད་པའི་སྒོ་ནས་ཤེས་པར་བྱའོ། །གསུམ་པ་དངོས་དོན་དཔྱད་པ་ནི། །འཕགས་པའི་བདེན་པ་བཞི་དག་གི རྣམ་པ་ཞེས་པ་ནི་ཤེས་བྱའི་ལམ་བསྟན་པ་ཡིན་ལ། མི་དམིགས་པའི་སྒོ་ནས་ནི། །ཞེས་པས་ཇི་ལྟར་ཤེས་པའི་ཚུལ་བསྟན་ཏོ། །ཤེས་པར་བྱ་ཞེས་གསུངས་པའི་ཤེས་ཞེས་པའི་ཚིག་གིས་ནི་ཡུལ་ཅན་བསྟན་ཏོ། །འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་སོགས་ཀྱིས་བསྟན་པའི་ངེས་འབྱེད་ཆ་མཐུན་འདི་འགའ་ཞིག་གིས་ཉན་ཐོས་ཀྱི་ངེས་འབྱེད་ཆ་མཐུན་ལ་འཆད་པ་ནི་མི་འཐད་དེ། འདིར། དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ཞེས་གསུངས་པས་རྟག་པ་དང་མི་རྟག་པ་གཉིས་ཀ་ལ་གནས་པ་བཀག་པའི་ཕྱིར་རོ། །འདིའི་འགྲེལ་པར། གཟུགས་ལ་སོགས་པ་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ནོ་ཞེས་དམིགས་པའི་ཚུལ་གྱིས་གནས་པ་བཀག་པའི་ཕྱིར་ཞེས་འབྱུང་བ་ནི་རྩ་བ་དང་མི་མཐུན་ནོ་ཞེས་ཟེར་བ་ཡོད་མོད་ཀྱང་ཤིན་ཏུ་མཐུན་ཏེ། གཟུགས་སོགས་མ་དམིགས་པའི་ཚུལ་གྱིས་གནས་པ་བཀག་གོ །ཚུལ་ཇི་ལྟ་བུར་ན་རྟག་པ་ཡིན་སྙམ་ན་རྟག་པ་མ་ཡིན་ནོ་ཞེས་པ་དང༌། མི་རྟག་པ་བདེན་ནོ་སྙམ་ན་མི་རྟག་པའང་མ་ཡིན་ནོ་ཞེས་པའི་ཚུལ་གྱིས་བཀག་གོ །དེས་ན་འདིར་བསྟན་པ་ནི་བྱང་སེམས་ཀྱི་ངེས་འབྱེད་ཆ་མཐུན་དུ་འཕགས་པས་བཤད་ཅིང་རྩ་བའི་དགོངས་པར་ཡང་མངོན་ནོ། །བཏགས་པའི་ཆོས་ཉིད་མི་འགལ་བར། །ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ཡང་བྱང་སེམས་ཀྱི་ངེས་འབྱེད་ཆ་མཐུན་ཡིན་ནོ། །བྱང་སེམས་ཀྱི་བསྐྱེད་པར་བྱ་བའི་རྟོག་རིགས་ནི་གསུམ་སྟེ། ཉན་ཐོས་ཀྱི་ལམ་གྱི་རྟོགས་རིགས་དང༌། རང་རྒྱལ་གྱི་ལམ་གྱི་རྟོགས་རིགས་དང༌། བྱང་ཆུབ་སེམས་དཔའི་ལམ་མོ། །དང་པོ་གཉིས་ཀྱི་རྟོགས་རིགས་མི་དམིགས་པར་ཤེས་པ་གཉིས་ཡོད་པའི་དབྱེ་བས་རྟོགས་རིགས་བསྐྱེད་པར་བྱ་སྟེ། ངེས་འབྱེད་ཆ་མཐུན་ལྡོག་པའི་དབྱེ་བས་གཉིས་ཡོད་པར་བསྟན་ཏོ། །བྱང་སེམས་ཀྱི་རྟོགས་རིགས་བསྐྱེད་པའི་ངེས་འབྱེད་ཆ་མཐུན་ནི་སྐབས་དང་པོ་ལས་བསྟན་པ་ལས་ཤེས་པར་བྱའོ་ཞེས་འགྲེལ་ཆེན་ལས་འབྱུང་ངོ༌། །རང་རྒྱལ་གྱི་ལམ་ཤེས་བསྟན་པ་ལ་གཉིས་ཏེ། རང་རྒྱལ་གྱི་ལམ་གྱི་ཚུལ་སྤྱིར་བསྟན་པ་དང༌། གཞུང་གི་ཚིག་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། ཉན་ཐོས་སྡེ་གཉིས་དང༌། སེམས་ཙམ་པ་དང༌། དབུ་མ་པའི་འདོད་ཚུལ་ལོ། །ཉན་ཐོས་སྡེ་གཉིས་ཀྱི་འདོད་ཚུལ་ནི། རང་རྒྱལ་བསེ་རུ་ལྟ་བུ་དང་ཚོགས་སྤྱོད་གཉིས་ཡོད་པ་ལས། བསེ་རུ་ལྟ་བུའི་རང་རྒྱལ་ནི་རང་རྒྱལ་གྱི་བྱང་ཆུབ་མ་ཐོབ་པའི་སྔོན་རོལ་སྐྱེ་བ་གཅིག་གིས་ཐོགས་པ་མན་ཆད་དུ་ཚོགས་ལམ་གྱི་གནས་སྐབས་ལ་བསྐལ་པ་བརྒྱའི་བར་དུ་རྒྱུད་ཡོངས་སུ་སྨིན་པར་བྱེད་པའི་ཚོགས་བསགས་ཤིང༌། སྲིད་པ་ཐ་མ་པའི་དུས་སུ་བསམ་གཏན་བཞི་པ་ཐོབ་པར་བྱ་སྟེ། བསམ་གཏན་བཞི་པ་ལ་བརྟེན་ནས་དྲོད་ནས་བཟུང་སྟེ་ཟད་པ་དང་མི་སྐྱེ་བ་ཤེས་པའི་བར་མཉམ་གཞག་ཐུན་གཅིག་ལ་མངོན་དུ་བྱེད་དོ། །དེ་ཡང་མཐོང་ལམ་གྱིས་སྔར་འཇིག་རྟེན་པའི་ལམ་གྱིས་མ་སྤང་བའི་སྤང་བྱའི་ལྷག་མ་བསམ་གཏན་བཞི་པ་ཡན་ཆད་ཀྱི་སྤང་བྱ་རྣམས་སྤོང་བ་ཡིན་གྱི། བསམ་གཏན་གསུམ་པ་མན་ཆད་ཀྱི་སྤང་བྱ་རྣམས་ནི་མཐོང་ལམ་གྱི་སྔ་རོལ་དུ་འཇིག་རྟེན་པའི་ལམ་གྱིས་སྤངས་ཟིན་པས་སླར་སྤང་མི་དགོས་སོ། །ཚོགས་སྤྱོད་ལ་གཉིས་ཏེ། ངེས་འབྱེད་ཆ་མཐུན་སྔོན་དུ་སོང་བ་དང་མ་སོང་བ་གཉིས་ལས། དང་པོ་ནི། རྒྱལ་པོ་སྲས་ཀྱི་མཛོད་ཀྱི་འགྲེལ་པ་ལས། སྲིད་པ་ཐ་མ་པའི་སྔོན་རོལ་དུ་རྒྱུན་ཞུགས་དང་ཕྱིར་འོང་གི་འབྲས་བུ་བསྐྱེད་ནས་བསྟན་པ་ནུབ་པ་དང་ཕྲད་པ་ན་རང་བྱང་ཆུབ་ཀྱི་དགྲ་བཅོམ་པར་འགྱུར་བའོ་ཞེས་བཤད་པ་ལྟར་རོ། །ཕྱིར་མི་འོང་སྔོན་འགྲོ་ནི་མི་སྲིད་དེ། རང་རྒྱལ་ནི་འདོད་པའི་རྟེན་ཅན་དུ་ངེས་པའི་ཕྱིར་དང༌། རང་རྒྱལ་ཕྱིར་མི་འོང་ཐོབ་པ་ནི་ཚེ་ཕྱི་མ་འདོད་ཁམས་སུ་སྐྱེ་མི་སྲིད་པའི་ཕྱིར། འབྲས་བུ་སྔོན་དུ་མ་སོང་བའི་རང་རྒྱལ་གྱི་རིགས་ཅན་ནི་ཚེ་རབས་གཞན་དུ་དྲོད་དང་རྩེ་མོ་གང་ཡང་རུང་བ་ཙམ་བསྐྱེད་ནས་སྲིད་པ་ཐ་མ་པའི་དུས་སུ་བདག་ཉིད་ཀྱིས་སློབ་དཔོན་ལ་མ་ལྟོས་པར་ལམ་ལྷག་མ་རྣམས་མངོན་དུ་བྱས་ནས་བྱང་ཆུབ་ཐོབ་པ་སྟེ། སྔོན་བསམ་གཏན་པ་ལྔ་བཅུ་དཀའ་ཐུབ་དྲག་པོས་གདུངས་པ་དང༌། བསེ་རུ་ལྟ་བུའི་རང་རྒྱལ་དང་འགྲོགས་པའི་སྤྲེའུ་ཞིག་གིས་བསེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་སྤྱོད་ལམ་བསྟན་པ་ལྟར་བྱས་པས་རང་བྱང་ཆུབ་ཐོབ་ཅེས་གྲགས་སོ་ཞེས་མཛོད་འགྲེལ་ལས་བཤད་དོ། །དཀའ་ཐུབ་དྲག་པོས་གདུངས་པ་དང་དུ་མ་ལྷན་ཅིག་ཏུ་སྤྱོད་པར་བཤད་པས་ནི། སྔོན་འབྲས་བུ་མ་ཐོབ་པའི་རང་སངས་རྒྱས་སུ་འགྲུབ་བོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བས་ནི་བསེ་རུ་ལྟ་བུ་ཁོ་ན་འདོད་ཀྱི་ཚོགས་སྤྱོད་མི་བཞེད་དོ། །ཉན་ཐོས་སྡེ་གཉིས་ཀྱི་འདོད་ཚུལ་བསྟན་ཟིན་ཏོ། །སེམས་ཙམ་པའི་འདོད་ཚུལ་ལ་གསུམ་སྟེ། ཐོབ་བྱེད་ཀྱི་རིགས་རྟེན་གྱི་གང་ཟག དེས་ལམ་ཇི་ལྟར་བགྲོད་པའི་ཚུལ། ཐོབ་པའི་འབྲས་བུའོ། །རྟེན་གྱི་གང་ཟག་གི་རིགས་ནི་མངོན་པར་བྱང་ཆུབ་པའི་སྔ་རོལ་ནས་ཉོན་མོངས་པ་ཤས་ཆུང་བའི་རིགས་ཅན་ཡིན་པས་དབེན་པ་ལ་སྤྲོ་ཞིང༌། སྙིང་རྗེ་ཤས་ཆུང་བས་གཞན་དོན་རྒྱ་ཆེན་པོ་ལ་མི་འཇུག་ལ། ང་རྒྱལ་ཤས་ཆེ་བའི་རིགས་ཅན་ཡིན་པས་སློབ་དཔོན་ལ་མ་ལྟོས་པར་འགྲན་ཟླ་མེད་པར་རང་བྱང་ཆུབ་ཐོབ་པའོ། །རང་རྒྱལ་གྱི་རིགས་ཅན་ལམ་དུ་ཞུགས་པ་ལ་གཉིས་ཏེ། སྔོན་ངེས་འབྱེད་ཆ་མཐུན་མ་ཐོབ་པ་དང་ཐོབ་པ་གཉིས་སུ་གནས་པ་ཡིན་ལ། སྔོན་ངེས་འབྱེད་ཆ་མཐུན་ཐོབ་པ་ལ་ཡང་འབྲས་བུ་ཐོབ་པ་དང་མ་ཐོབ་པ་གཉིས་ཏེ། སྔ་མ་དང་གསུམ་དུ་ངེས་ལ། གཉིས་པ་ལམ་བགྲོད་པའི་ཚུལ་ལ། རིགས་གསུམ་དུ་རིགས་པར་བྱ་སྟེ། འདི་ལྟར་ལ་ལ་རང་སངས་རྒྱས་ཀྱི་རིགས་ལ་གནས་ནས་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང་རང་བྱང་ཆུབ་མྱུར་དུ་འཐོབ་པའི་སྐལ་བ་ཅན་དུ་རྒྱུད་ཡོངས་སུ་སྨིན་པར་བྱས་ནས་ཕྱི་མ་ལ་རང་བྱང་ཆུབ་འཐོབ་པར་བྱ་བའི་ཕྱིར་དུ་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱེད་པ་སྟེ། རང་སངས་རྒྱས་ཀྱི་ལམ་དང་པོའོ། །མཁས་པར་བྱ་བའི་དངོས་པོ་དྲུག་གང་ཞེ་ན། ཕུང་པོ་ལ་མཁས་པ། ཁམས་ལ་མཁས་པ། སྐྱེ་མཆེད་ལ་མཁས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ། གནས་དང་གནས་མ་ཡིན་པ་ལ་མཁས་པ། བདེན་པ་ལ་མཁས་པའོ། །ཡང་ལ་ལ་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་ལ་མཉེས་པར་བྱས་ནས་སྐྱེས་བུ་དམ་པ་ལ་བརྟེན་ནས་ཆོས་ཉན་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་བརྟེན་ནས་བཟོད་འབྲིང་མན་ཆད་སློབ་དཔོན་གྱི་དྲུང་དུ་བསྐྱེད་ཅིང༌། ཚེ་འདི་ཉིད་ལ་བདེན་པ་མཐོང་བར་མ་ནུས་པས་ཚེ་ཕྱི་མ་ལ་བདེན་པ་རྟོགས་པར་བྱ་བ་དང༌། དགེ་སྦྱོང་གི་འབྲས་བུ་འཐོབ་པར་བྱ་བའི་ཕྱིར་དུ་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱེད་པ་ནི་ལམ་གཉིས་པའོ། །ཡང་འདི་ནི་ལ་ལ་བསྐལ་པ་བརྒྱར་སངས་རྒྱས་མཉེས་པ་དང་ཆོས་ཉན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་རྒྱུན་ཞུགས་སམ། ཕྱིར་འོང་གི་འབྲས་བུ་ཐོབ་ནས་མཐོང་ཆོས་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་མ་ནུས་པས་ཕྱི་མ་ལ་ཕྱིར་མི་འོང་དང༌། དགྲ་བཅོམ་པའི་འབྲས་བུ་འཐོབ་པའི་ཕྱིར་དུ་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པ་ནི་ལམ་གསུམ་པའོ། །ཡང་དེ་དག་ལ་བརྟེན་ནས་འབྲས་བུ་ཇི་ལྟར་ཐོབ་པར་བྱེད་ཅེ་ན། སྔར་གྱི་རྒྱུ་དང་རྐྱེན་དེ་དང་དེ་ལ་བརྟེན་ནས་སྲིད་པ་ཐ་མ་པའི་དུས་སུ་སངས་རྒྱས་འབྱུང་བ་མེད་པ་ན་སློབ་དཔོན་ལ་མ་ལྟོས་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ལྷག་མ་རྣམས་བསྒོམ་ནས་རང་བྱང་ཆུབ་མངོན་དུ་བྱེད་དོ། །མཛོད་ལས། བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་འབྱུང་བའི་ཚུལ་ནི་འདིར་མ་བཤད་དོ། །ཡང་རང་སངས་རྒྱས་ཀྱི་རིགས་ཅན་ཁ་ཅིག་ནི་ལམ་གཉིས་པ་དང་ལམ་གསུམ་པར་བཤད་པའི་རྒྱུ་དང་རྐྱེན་དེ་ལ་བརྟེན་ནས་སློབ་དཔོན་ལ་མ་ལྟོས་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷག་མ་རྣམས་བསྒོམ་པས་ཆོས་མངོན་པར་རྟོགས་པར་བྱེད་ཅིང་རང་བྱང་ཆུབ་ཀྱང་འཐོབ་བོ། །དེ་ལ་ལམ་དང་པོས་ནི་བསེ་རུ་ལྟ་བུའི་རང་སངས་རྒྱས་སུ་འགྱུར་ལ། གཉིས་པ་དང་གསུམ་པས་ནི་ཚོགས་ན་སྤྱོད་པའི་རང་རྒྱལ་བར་འགྱུར་རོ། །གསུམ་པ་འབྲས་བུའི་རྣམ་པར་གཞག་པ་ནི་གཉིས་ཏེ། གནས་པ་དང་རྒྱུ་བའོ། །གནས་པ་ལ་གསུམ་སྟེ། སྐུའི་གནས་པ་དང༌། གསུང་གི་གནས་པ་དང༌། ཐུགས་ཀྱི་གནས་པའོ། །དང་པོ་སྐུའི་གནས་པ་ལ་བསེ་རུ་ལྟ་བུའི་ནི་ཟླ་མེད་པར་གཅིག་པུར་གནས་ལ། ཚོགས་ན་སྤྱོད་པ་གཉིས་ནི་ཟླ་དང་བཅས་པར་དུ་མར་ལྷན་ཅིག་ཏུ་གནས་པའོ། །གསུང་དང་ཐུགས་ཀྱི་གནས་པ་ནི་ཐམས་ཅད་ཀྱང་གཞན་ལ་སྨྲ་བ་རྣམ་པར་བཅད་པ་དང༌། ཐུགས་རྟེན་འབྲེལ་ཟབ་མོ་དང༌། རྣམ་ཐར་སྒོ་གསུམ་ལ་གནས་པའོ། །གཉིས་པ་རྒྱུ་བ་ནི། རང་རྒྱལ་གསུམ་པོ་ཐམས་ཅད་ཀྱང་གང་དུ་གནས་ཀྱང་རུང་དྲན་ཤེས་བཞིན་གྱི་སྒོ་ནས་བསོད་སྙོམས་ལ་འཇུག་ཅིང༌། ཕ་རོལ་གདུལ་བྱའི་སེམས་ཅན་མཐོང་བ་དང་ལུས་ཀྱི་སྒོ་ནས་ཆོས་སྟོན་པར་བྱེད་ཀྱི་ངག་གིས་ནི་མི་སྟོན་ནོ། །ཕ་རོལ་པོ་ཞེ་འབྲས་པ་བཟློག་པའི་ཕྱིར་རྫུ་འཕྲུལ་གྱི་རྣམ་པ་དུ་མ་སྟོན་པར་བྱེད་ཅིང༌། སྔོན་གྱི་སྨོན་ལམ་ལ་སོགས་ཀྱི་མཐུས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལས་བརྩམས་ཏེ། ཆོས་གང་བསྟན་པར་འདོད་པ་དེ་ཉིད་གདུལ་བྱའི་སེམས་རྒྱུད་ལ་ཡོངས་སུ་སྣང་བར་འགྱུར་རོ། །བྱང་ས་ལས་རང་སངས་རྒྱས་རྣམས་སྤངས་རྟོགས་ཉན་ཐོས་དང་འདྲ་བར་བཤད་དེ། རང་སངས་རྒྱས་ནི་ཉན་ཐོས་ཇི་ལྟ་བ་བཞིན་དུ་རིགས་པར་བྱ་སྟེ། ཉན་ཐོས་རྣམས་དང་ལམ་གྱི་རང་བཞིན་མཚུངས་པའི་ཕྱིར་ཞེས་གསུངས་ཤིང༌། ཡང་ས་སྡེ་ལས། བསེ་རུ་ལྟ་བུའི་དབང་དུ་མཛད་ནས་རང་སངས་རྒྱས་ཀྱིས་ལས་དང་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་མངོན་དུ་བྱེད་དོ་ཞེས་གསུངས་སོ། །འདིས་ཉོན་མོངས་སྤངས་པར་བཤད་ཀྱི་གཟུང་རྟོག་སྤངས་པར་ནི་མ་བཤད་དོ། །དབུ་མ་པའི་འདོད་ཚུལ་ལ་བྱམས་ཆོས་རྗེས་འབྲང་རྣམས་ཀྱིས་ནི། གང་ཟག་གི་བདག་མེད་དང་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྣམ་གཞག་མཛད་ལ། རྟོག་གེ་འབར་བ་ལས་ནི་སྤངས་རྟོགས་འདྲ་བར་བཤད་དེ། ཇི་སྐད་དུ་གང་ཟག་ལ་བདག་མེད་པ་ཙམ་དུ་རྟོགས་པར་བྱས་ནས་འབྲས་བུ་དམན་པ་འདོད་པས་དམན་པའི་ཁྱད་པར་ཐོབ་པ་ཡོད་དེ། ཉན་ཐོས་དང་རང་སངས་རྒྱས་བཞིན་ནོ་ཞེས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་དག་གིས་ནི་ཉོན་མོངས་པའི་འཆིང་བ་ཙམ་སྤངས་ཀྱང་ཉོན་མོངས་པའི་བག་ཆགས་ཀྱང་མ་ཡིན་ལ། ཤེས་བྱའི་སྒྲིབ་པའི་ངོ་བོ་ཉིད་ཀྱང་མ་ཡིན་པས་སོ་ཞེས་གསུངས་སོ། །གཉིས་པ་ཚིག་དོན་བྱེ་བྲག་ཏུ་བཤད་པ་ནི། ཤེས་པར་བྱ་ཞེས་དྲང་ངོ༌། །གང་གིས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ། །གང་ན་ཁྱད་པར་གསུམ་གྱིས་ཡང་དག་པར་བསྡུས་པ་བསེ་རུ་ལྟ་བུའི་ལམ་མོ། །ཁྱད་པར་གསུམ་གང་ཞེ་ན། ཉན་ཐོས་ལས་ཁྱད་པར་དུ་འཕགས་པ་སྟེ། ཐེག་ཆེན་གྱི་ལམ་དུ་མ་ཞུགས་པར་གཟུགས་སོགས་གཟུང་བའི་དོན་ལ་རྟོག་པ་སྤངས་ནུས་པའི་ཕྱིར། ཐེག་ཆེན་ལས་དམན་ཏེ། ཐེག་ཆེན་ལ་མ་ལྟོས་པར་འཛིན་རྟོག་སྤོང་མི་ནུས་པའི་ཕྱིར་རོ། །རྟེན་གྱི་སྒོ་ནས་ཉན་ཐོས་ལས་ཁྱད་ཞུགས་ཏེ། གཟུང་བ་རང་བཞིན་མེད་པར་རྟོགས་པའི་རྟེན་གྱིས་ཁྱད་པར་དུ་བྱས་པའི་ཕྱིར། གལ་ཏེ་གཟུང་བ་རང་བཞིན་མེད་པར་རྟོགས་ན་འཛིན་པ་རང་བཞིན་མེད་པར་རྟོགས་དགོས་ཏེ། ཆོས་ཅན་གཅིག་རང་བཞིན་མེད་པར་ཁོང་དུ་ཆུད་ན། ཆོས་ཐམས་ཅད་རང་བཞིན་མེད་པར་ཁོང་དུ་ཆུད་དགོས་པའི་ཕྱིར་ཏེ། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་གསུངས་པའི་ཕྱིར། འོ་ན་ཉན་ཐོས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པར་ཐལ། གང་ཟག་རང་བཞིན་མེད་པར་རྟོགས་པའི་ཕྱིར། འདོད་ན་སྲིད་པ་ལ་གཤེད་མ་རལ་གྲི་གདེངས་པ་ལྟ་བུར་འཇིགས་ནས་དོར་བྱར་བལྟས་ཏེ། ཉོན་མོངས་སྤངས་པའི་རྣམ་གྲོལ་ལམ་ཆེས་ཆེར་དོན་དུ་གཉེར་བ་མི་འཐད་པར་ཐལ་ལོ། །དེས་ན་ལུང་དེའི་དོན་ནི། ཆོས་གཅིག་རང་བཞིན་མེད་པར་མཐོང་བ་ན། ཕྱིས་ཀྱང་སྔར་གྱི་རང་བཞིན་མེད་པ་དེ་ལས་རིགས་མི་འདྲ་བ་གཞན་མཐོང་བ་མེད་པ་ལ་དགོངས་སོ། །གཟུང་བ་རང་བཞིན་མེད་པ་རྟོགས་ཀྱང་འཛིན་པ་རང་བཞིན་མེད་པར་མ་རྟོགས་པ་ནི། དཔེར་ན་སྒྱུ་མ་མཁན་གྱིས་རང་གིས་སྤྲུལ་པའི་རྟ་གླང་མི་བདེན་པར་ཤེས་ཀྱང་ཡུལ་ཅན་སྣང་བའི་ཤེས་པ་དེ་མི་བདེན་པར་ཁོང་དུ་མ་ཆུད་པ་བཞིན་ནོ། །འགའ་ཞིག་འཕགས་པ་བྱམས་པས་གསུངས་པའི་ཆོས་ཕྱོགས་སྔར་བྱས་ནས་ཕྱིས་ཀྱི་པཎྜི་ཏ་འགའ་ཞིག་འཁྲུལ་མེད་དུ་འདོད་པ་ནི་ལུང་རིགས་ལ་བློ་ཁ་མ་ཕྱོགས་པའི་བླུན་པོ་འགའ་ཞིག་གི་རྣམ་ཐར་རོ། །ཐེག་པ་ཆེན་པོའི་མཐོང་ལམ་གྱི་ཚུལ་རྣམ་པར་གཞག་པ་ལ། སློབ་དཔོན་གཞན་གྱིས་འདོད་ཚུལ་དང༌། འཐད་པའི་དོན་རྣམ་པར་གཞག་པའོ། །དང་པོ་ནི། བརྒྱད་སྟོང་འགྲེལ་པ་ལས་དོན་གཉིས་གསུངས་ཏེ། འདོད་ཚུལ་དང་པོ་ནི། བདེན་བཞིའི་ཆོས་ཉིད་རིགས་མི་འདྲ་བའི་ཆ་ཤས་མེད་པ་ལ་མཐོང་མ་མཐོང་ཆ་གཉིས་མེད་པའི་ཕྱིར་མཐོང་བ་དང་རྟོགས་པ་གཉིས་ལ་སྐད་ཅིག་མ་གཅིག་ཏུ་ཟད་དོ་ཞེས་འདོད་ལ། གཞན་དག་ནི་མཐོང་བ་ལ་སྐད་ཅིག་མ་གཅིག་ཡིན་ཡང་བདེན་བཞི་ལ་སྒྲོ་འདོགས་མི་འདྲ་བའི་ཁྱད་པར་བཅུ་དྲུག་ཡོད་པས་དེ་སེལ་བར་བྱེད་པའི་ནུས་པ་བཅུ་དྲུག་རིམ་གྱིས་ཐོབ་དགོས་པས་རྟོགས་པ་ལ་སྐད་ཅིག་མ་བཅུ་དྲུག་ཡིན་ནོ་ཞེས་འདོད་དོ། །འདོད་ཚུལ་སྔ་མ་ལྟར་ན་སྐད་ཅིག་མ་དང་པོ་བཅོ་ལྔ་ལ་གནས་པ་ལ་ཞུགས་པ་དང༌། བཅུ་དྲུག་པ་ལ་གནས་པ་ལ་འབྲས་གནས་སུ་རྣམ་པར་འཇོག་པ་མི་རུང་བར་འགྱུར་རོ་ཞེས་སུན་ཕྱུང་ནས་ཕྱི་མ་ཉིད་ལེགས་པར་འདོད་དོ། །ཆོས་ཉིད་མཐོང་བའི་ཚེ་སྒྲོ་འདོགས་གཅོད་པའི་ནུས་པ་མ་ཐོབ་ན་སོ་སོ་སྐྱེ་བོ་དང་ཁྱད་པར་མེད་པར་འགྱུར་ལ། མཐོང་ཙམ་ཉིད་ནས་ངེས་པ་འདྲེན་པའི་ནུས་པ་ཐོབ་ན་རྟོགས་པའི་རིམ་པ་རིམ་གྱིས་སྐྱེ་བ་མི་འཐད་དོ་ཞེ་ན། འཕགས་པ་རྣམས་ཀྱིས་ངེས་པ་འདྲེན་ནུས་ཚུལ་གྱིས་རྟོགས་པ་ན་སྒྲོ་འདོགས་ཀྱི་ས་བོན་སུན་ཕྱུང་ནས་ཕྱིས་མི་སྐྱེ་བའི་ཆོས་ཅན་བྱེད་ནུས་ལ། སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་སྒྲོ་འདོགས་ཀྱི་ས་བོན་སྤོང་མི་ནུས་པས་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་མི་ནུས་པའི་ཕྱིར་ཁྱད་པར་ཡོད་དོ་ཞེས་མཚུངས་སོ། །རྣལ་འབྱོར་མངོན་སུམ་ནི་མངོན་སུམ་གོམས་པ་ཅན་ཡིན་པས་མཐོང་བཞིན་དུ་ངེས་པ་འདྲེན་པའི་ནུས་པ་མ་ཐོབ་པ་མི་སྲིད་དེ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཀུན་ཏུ་ངེས་པར་བྱེད། །ཅེས་གསུངས་པ་ལྟར་རོ། །དེས་ན་རྟོགས་པའི་རིམ་པ་ལ་སྐད་ཅིག་མ་བཅུ་དྲུག་ཏུ་འདོད་དུ་ཆུགས་ཀྱང་མཐོང་བ་ལ་སྐད་ཅིག་མ་གཅིག་ཡིན་པས་མཐོང་ལམ་སྐད་ཅིག་མ་གཅིག་ཁོ་ནའོ། །བཅུ་དྲུག་ཏུ་བཤད་པ་ནི་ལྡོག་པའི་ཆ་ཤས་ལ་རྣམ་པར་ཕྱེ་སྟེ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་སྐྱེ་མེད་དུ་རྟོགས་པའི་ལྡོག་པའི་དབྱེ་བས་ཆོས་ཤེས་བཞིར་ཕྱེ་ཞིང༌། རང་བཞིན་སྐྱེ་མེད་ཀྱི་དོན་ལ་མི་སྐྲག་པའི་ལྡོག་པའི་དབྱེ་བས་ཆོས་བཟོད་བཞིར་ཕྱེའོ། །ཁམས་གོང་མའི་བདེན་པ་བཞི་ལ་སྐྱེ་མེད་དུ་རྟོགས་པའི་ལྡོག་པའི་དབྱེ་བ་ལས་རྗེས་ཤེས་བཞི་དང༌། དེ་ཉིད་ལ་མི་སྐྲག་པའི་ལྡོག་པའི་དབྱེ་བས་རྗེས་བཟོད་བཞིར་དབྱེ་བས་བཅུ་དྲུག་གོ །འོ་ན་སྐད་ཅིག་མ་དང་པོ་བཅོ་ལྔ་ལ་གནས་པ་ལ་ཞུགས་པ་དང༌། བཅུ་དྲུག་ལ་གནས་པ་ལ་འབྲས་གནས་སུ་འཇོག་པའི་རྣམ་གཞག་མི་རུང་བར་ཐལ། མཐོང་ལམ་ལ་སྐད་ཅིག་མ་གཅིག་ཁོ་ནར་ངེས་པའི་ཕྱིར་རོ་ཞེ་ན། མཐོང་ལམ་གྱི་རྗེས་ཀྱི་ངེས་ཤེས་བཅུ་དྲུག་མཐོང་ལམ་དུ་བསྡུས་པའམ། རྒྱུ་མཐོང་ལམ་གྱི་མིང་གིས་ངེས་ཤེས་བཅུ་དྲུག་ལ་ཡང་མཐོང་ལམ་དུ་བཏགས་ནས་ངེས་ཤེས་བཅུ་དྲུག་ལ་གནས་པའི་ཕྱིར་རིམ་པས་ཞུགས་པ་དང་གནས་པའི་རྣམ་གཞག་མཛད་པར་མངོན་ནོ། །གཞན་རྣམས་ནི་རྣམ་བཤད་ལས་རྒྱས་པར་འབྱུང་བས་མ་བྲིས་སོ། །སྒོམ་ལམ་གྱི་དོན་གཏན་ལ་འབེབས་པ་ལ་གསུམ་སྟེ། ངོ་བོ་དང༌། དབྱེ་བ་དང༌། སྤང་བྱ་སྤོང་ཚུལ་ལོ། །ངོ་བོ་ནི། བདག་མེད་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་དབྱེ་བ་ལ། འཕགས་སེང་གཉིས་ལྟར་ན། ཟག་བཅས་སྒོམ་ལམ་དང༌། ཟག་མེད་སྒོམ་ལམ་གཉིས་སོ། །རྗེས་ཐོབ་ལ་ཟག་བཅས་སྒོམ་ལམ་ཞེས་བརྗོད་དེ། གཟུང་འཛིན་ཐ་དད་པའི་རྣམ་པ་ཅན་གྱི་ཤེས་སྒྲིབ་ཀྱི་རྣམ་རྟོག་དང་བཅས་པའི་ཕྱིར། མཉམ་གཞག་ནི་ཟག་མེད་ཅེས་བརྗོད་དེ། གཟུང་འཛིན་ཐ་དད་པའི་རྣམ་པ་ཅན་གྱི་ཤེས་སྒྲིབ་ཀྱི་རྣམ་རྟོག་མེད་པའི་ཕྱིར་རོ། །མཉམ་པར་གཞག་པ་ན་རྣམ་རྟོག་དེ་དག་མེད་པ་ཡིན་གྱི། སྤངས་པ་ཞེས་ནི་མི་བརྗོད་དོ། །དཔེར་ན་མཐོང་ལམ་མཉམ་གཞག་གི་དུས་སུ་སྒོམ་སྤང་མེད་པ་ཡིན་གྱི། སྤངས་པ་མ་ཡིན་པ་བཞིན་ནོ། །སྔ་རབས་པ་འགའ་ཞིག་ནི་རྗེས་ཐོབ་ལ་འཁྲུལ་པའི་སྣང་བ་ཡོད་པས་ཟག་བཅས་ཡིན་ལ། མཉམ་གཞག་ལ་སྣང་བ་མེད་པས་ཟག་མེད་ཡིན་ནོ་ཞེས་འདོད་དོ། །འོ་ན་འཕགས་སེང་གཉིས་ཀྱི་བཞེད་པས་མཉམ་གཞག་ཟག་བཅས་སུ་ཐལ་བར་འགྱུར་ཏེ། མཉམ་གཞག་སྣང་བཅས་སུ་འདོད་པས་སོ། །རྗེས་ཐོབ་ཀྱི་སྒོམ་ལམ་ཡང་གསུམ་སྟེ། མོས་པ་དང༌། བསྔོ་བ་དང༌། རྗེས་སུ་ཡི་རང་ངོ༌། །མོས་པ་ནི་ལུང་རིགས་གཉིས་ཀྱིས་ཡུམ་ཡོན་ཏན་ཅན་དུ་ངེས་པ་ལ་ཡིད་ཆེས་པའི་རྣམ་པས་འཇུག་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །སྒོམ་ལམ་བསྔོ་བ་ནི་མོས་པས་ཡོངས་སུ་བསགས་པའི་དགེ་བའི་ཚོགས་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་སྒྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པའོ། །རྗེས་སུ་ཡི་རང་ནི་རང་གཞན་གྱི་དགེ་བ་ལ་དགའ་བའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །མོས་བསྔོ་ཡི་རང་གསུམ་ཀའི་གནས་སྐབས་སུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་བྱ་དགོས་ཏེ། གལ་ཏེ་དེས་མ་ཟིན་ན་བྱང་ཆུབ་སེམས་དཔའི་ལམ་དུ་མི་འགྱུར་བའི་ཕྱིར་རོ། །འཕགས་སེང་གཉིས་ཀྱིས་འདོད་པའི་དོན་བཤད་ཟིན་ཏོ། །རང་ལུགས་ལ། འདིར་སྒོམ་ལམ་རྗེས་ཐོབ་ཟག་བཅས་སུ་འདོད་པ་ནི་ཤིན་ཏུ་མི་རིགས་ཏེ། ཆོས་མངོན་པ་ལས་ཟག་པ་ཉོན་མོངས་པའི་མིང་གི་རྣམ་གྲངས་སུ་གསུངས་ལ། ས་དང་པོ་ཐོབ་ནས་ཉོན་མོངས་པ་མེད་པ་ཡིན་པའི་ཕྱིར་ཏེ། ཉོན་མོངས་པ་ནི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་མཚན་ཉིད་ཅན་དུ་གསུངས་པའི་ཕྱིར་དང༌། ས་དང་པོ་ཐོབ་ནས་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་མེད་པ་ཡིན་པའི་ཕྱིར་རོ། །རྗེས་ཐོབ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་ལ་ཡང་གསུམ་སྟེ། མོས་པ་དང༌། བསྔོ་བ་དང༌། རྗེས་སུ་ཡི་རང་བའོ། །མོས་པས་ནི་དགེ་བའི་རྩ་བ་གསོག་པར་བྱེད་ལ། བསྔོ་བས་ནི་དགེ་བའི་རྩ་བ་མི་ཟད་པར་བྱེད་ཅིང༌། རྗེས་སུ་ཡི་རང་གིས་ནི་གོང་ནས་གོང་དུ་ཡོངས་སུ་འཕེལ་བར་བྱེད་པའི་ཕྱིར་རོ། །རྗེས་ཐོབ་ཀྱི་ལམ་ཉམས་སུ་ལེན་པར་བྱེད་པའི་རིམ་པ་མཐའ་དག་ནི་འདི་གསུམ་གྱིས་བསྡུས་པ་ཡིན་ནོ། །མཉམ་གཞག་གི་སྒོམ་ལམ་ནི་གཉིས་ཏེ། སྒྲུབ་པ་སྒོམ་ལམ་དང༌། རྣམ་དག་སྒོམ་ལམ་མོ། །དེ་ལ་མཉམ་གཞག་གི་སྒོམ་ལམ་གཉིས་ཀྱིས་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་ལ། རྗེས་ཐོབ་ཀྱི་སྒོམ་ལམ་རྣམས་ཀྱིས་ནི། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ན་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱེད་པའི་ལམ་གྱི་རིམ་པ་ནི་ལྔ་པོ་འདི་ཉིད་ཡིན་ནོ། །བྱང་སེམས་ཀྱི་སྒོམ་ལམ་ལ་རྗེས་ཐོབ་ཟག་བཅས་སུ་མི་འདོད་ན་ཟག་མེད་དུ་ཐལ་བར་འགྱུར་རོ་ཞེ་ན། འོ་ན་འདུས་མ་བྱས་ཀྱི་ནམ་མཁའ་ཡང་ཟག་མེད་དུ་ཐལ་བར་འགྱུར་རོ། །འདོད་ན་སྒོམ་ལམ་རྗེས་ཐོབ་ཀྱང་ཟག་མེད་འདོད་པ་ཡིན་ནོ། །འོ་ན་སྒྲིབ་པ་དང་བཅས་པ་ལ་མ་ཡིན་པར་ཐལ། ཟག་མེད་ཡིན་པའི་ཕྱིར་ཞེ་ན། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་སྒྲིབ་པ་ཡོད་པ་མ་ཡིན་པར་ཐལ། ཟག་པ་མེད་པའི་ཕྱིར་རོ། །གསུམ་པ་སྤང་བྱ་སྤོང་ཚུལ་ལ། སྤང་བྱ་གང་སྤོང་བ་དང༌། གཉེན་པོ་གང་གིས་སྤོང་བ་དང༌། ཚུལ་ཇི་ལྟར་སྤོང་བ་དང་གསུམ་གྱིས་བསྟན་ཏེ། དང་པོ་སྤང་བྱ་གང་སྤོང་བ་ནི། མཐོང་སྤང་དང་སྒོམ་སྤང་གཉིས་ཏེ། ལམ་གྱི་སྤང་བར་བྱ་བའི་མི་མཐུན་ཕྱོགས་ནི་འདི་གཉིས་ཁོ་ནར་ཟད་པའི་ཕྱིར་རོ། །གཉིས་པ་གཉེན་པོ་གང་གིས་སྤོང་བ་ནི། མཐོང་བ་དང་སྒོམ་པའི་ལམ་གཉིས་ཏེ། འདི་གཉིས་ཁོ་ནས་སྤང་བྱ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀྱི་རིགས་རྒྱུན་བཅད་པའི་ཕྱིར་རོ། །ལམ་འདི་གཉིས་རྫོགས་པར་བྱེད་པའི་གཉེན་པོའི་རིམ་པ་ནི་རྣམ་པ་བཞི་སྟེ། སུན་འབྱིན་པའི་གཉེན་པོ་དང༌། སྤོང་བའི་གཉེན་པོ་དང༌། གཞིའི་གཉེན་པོ་དང༌། ཐག་སྲིང་བའི་གཉེན་པོའོ། །དང་པོ་སུན་འབྱིན་པའི་གཉེན་པོ་ནི། ཐོག་མར་ཟག་བཅས་རྣམས་ལ་ཉེས་དམིགས་སུ་བལྟས་ནས་མི་མཐུན་པར་འཛིན་པའོ། །སྤོང་བའི་གཉེན་པོ་ནི་གཉིས་ཏེ། སྦྱོར་བ་དང་བར་ཆད་མེད་ལམ་མོ། །དེ་ལ་སྦྱོར་བས་ནི་ཉོན་མོངས་པའི་ནུས་པ་ཉམས་པར་བྱེད་པ་ཡིན་ལ། བར་ཆད་མེད་ལམ་གྱིས་ནི་སྤོང་བར་བྱེད་པ་ཡིན་ནོ། །གཞིའི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་སྟེ། བྲལ་བའི་ཐོབ་པ་གསར་དུ་འཛིན་པར་བྱེད་པ་ཡིན་ནོ། །ཐག་སྲིང་བའི་གཉེན་པོ་ཁྱད་པར་གྱི་ལམ་སྟེ། རྣམ་པར་གྲོལ་བའི་ལམ་གྱི་རྗེས་ཐོབ་ཀྱི་ལམ་རྣམས་ལ་བརྗོད་དོ། །གསུམ་པ་ཇི་ལྟར་སྤོང་བའི་ཚུལ་ལ་གསུམ་སྟེ། གཞན་ལུགས་དགག་པ། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བའོ། །དེ་ལ་དང་པོ་ནི། མཁས་པར་ཁས་འཆེ་བ་མང་པོས་མངོན་པ་གོང་མ་ལྟར་ན་གཉེན་པོ་སྐྱེ་བ་དང་སྤང་བྱ་འགག་པ་དུས་མཉམ་པས་སྐྱེ་འགྱུར་གྱིས་སྤོང་ལ། མངོན་པ་འོག་མ་ལྟར་ན་སྤང་གཉེན་ལྷན་ཅིག་སྐྱེ་འགག་བྱེད་པས་འགག་འགྱུར་གྱིས་སྤོང་ངོ་ཞེས་ཟེར་རོ། །སྐྱེ་འགྱུར་ནི་མ་འོངས་པ་ཡིན་པས་མ་སྐྱེས་པའི་ཕྱིར་དེས་ཇི་ལྟར་སྤང་བྱ་སྤོང་བར་བྱེད། གཏན་ལ་དབབ་པ་བསྡུ་བ་ལས་ཀྱང༌། སྤོང་བའི་གཉེན་པོ་དེ་ཅི་སྐྱེས་ནས་སྤོང་ངམ་མ་སྐྱེས་ནས་སྤོང་ཞེ་ན། མ་སྐྱེས་པས་ནི་མ་ཡིན་ནོ། །སྐྱེས་ནས་ཀྱང་དུས་ཕྱིས་ནི་མ་ཡིན་ཏེ་ཞེས་གསུངས་པས་གཉེན་པོ་ད་ལྟར་བ་ཉིད་ཀྱིས་སྤོང་བར་བཤད་དོ། །འགག་འགྱུར་གྱིས་སྤོང་བར་བཤད་པའི་དོན་ཡང༌། འགག་འགྱུར་ནི་ད་ལྟར་བ་ཡིན་པས་ལམ་ད་ལྟར་བས་སྤོང་བའི་དོན་ནོ། །ཡང་འགའ་ཞིག་གིས་སྤོང་གཉེན་གྱིས་སྤོང་བྱ་མངོན་འགྱུར་མི་སྤོང་སྟེ། འདས་པ་འགགས་པ་དང་མ་འོངས་པ་མ་སྐྱེས་པ་དང་ད་ལྟར་བ་ནི་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར་ཞེས་ཟེར་རོ། །འོ་ན་སྣང་བས་མུན་པ་མི་སེལ་བར་འགྱུར་ཏེ། སྣང་བ་འདས་པ་འགགས་པ་དང༌། མ་འོངས་པ་མ་སྐྱེས་པ་དང༌། ད་ལྟར་བ་ནི་མུན་པ་དང་མཉམ་དུ་མི་འཇུག་པའི་ཕྱིར་རོ་ཞེས་མཚུངས་པར་བརྗོད་པར་བྱའོ། །འོ་ན་ཚུལ་ཇི་ལྟར་སྤོང་བར་བྱེད་ཅེ་ན། མངོན་འགྱུར་ལ་དངོས་སུ་གནོད་པ་བྱེད་པའི་སྒོ་ནས་སྤོང་བ་ནི་མ་ཡིན་ཏེ། འདས་པ་འགགས་པ་དང༌། མ་འོངས་པ་མ་སྐྱེས་པ་དང༌། ད་ལྟར་བ་ནི་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར་རོ། །དེས་ན་ས་བོན་ལ་དངོས་སུ་གནོད་པ་བྱེད་པའི་སྒོ་ནས་སྤོང་ངོ༌། །འོ་ན་འདི་ལ་ཡང་འདས་པ་འགགས་པའི་ཕྱིར་ཞེས་སོགས་ཀྱི་རིགས་པ་མཚུངས་སོ་ཞེ་ན། མི་མཚུངས་ཏེ། ས་བོན་གྱི་དོན་ནི་རྐྱེན་དང་ཕྲད་ནས་འབྲས་བུ་འབྱུང་རུང་ཙམ་ལ་བརྗོད་ཀྱི། དམིགས་རྣམ་དངོས་སུ་འཛིན་པའི་ཚུལ་དུ་ཡོད་པ་མ་ཡིན་པས་ལམ་དང་མཉམ་དུ་འཇུག་ཏུ་རུང་བའི་ཕྱིར་ཉེས་པ་མེད་དོ། །ས་བོན་ལ་གནོད་པ་བྱེད་པའི་སྒོ་ནས་སྤོང་བའི་དོན་ནི་ས་བོན་རྐྱེན་དང་འཕྲད་ན་འབྲས་བུ་འབྱུང་རུང་དུ་ཡོད་པ་ཉིད་ལ་བར་ཆད་མེད་ལམ་ལ་མཉམ་པར་བཞག་པའི་སྟོབས་ཀྱིས་སེམས་རྒྱུད་ལ་སྒྲིབ་པ་མངོན་འགྱུར་འབྱུང་བ་མི་རུང་བ་བྱེད་པ་ལ་སྤོང་བ་ཞེས་བརྗོད་དོ། །ཇི་སྐད་དུ་ཀུན་ལས་བཏུས་ལས། ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་འཇོག་པ་ནི་སྤང་བའོ་ཞེས་གསུངས་པ་ལྟར་རོ། །ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པ་དེའི་ཚེ་ནི་སྤངས་བ་ཞེས་བརྗོད་དོ། །གསུམ་པ་རྩོད་པ་སྤོང་བ་ནི། སྤང་གཉེན་ལྷན་ཅིག་མི་གནས་འགལ་མ་ཡིན་པར་འགྱུར་ཏེ། བར་ཆད་མེད་ལམ་གྱིས་དུས་སུ་ས་བོན་མ་འགགས་པའི་ཕྱིར་ཞེ་ན། སྤང་བྱ་དང་ལྷན་ཅིག་མི་གནས་འགལ་ཞེས་བརྗོད་པ་ཡིན་གྱི། ས་བོན་དང་ལྷན་ཅིག་མི་གནས་འགལ་ཞེས་སུ་ཞིག་གིས་བརྗོད་པར་བྱེད། དེས་ན་སྤང་བྱ་དང་ས་བོན་གཉིས་སུ་ཕྱེ་བའི་སྤང་བྱ་དང་ལྷན་ཅིག་མི་གནས་པར་སྟོན་པ་ཡིན་གྱི། ས་བོན་དང་ལྷན་ཅིག་མི་གནས་པར་སྟོན་པ་མ་ཡིན་ཏེ། རྒྱུན་མཐའི་ཡེ་ཤེས་དང་གནས་ངན་ལེན་གྱི་དྲི་མ་ལ་ཇི་སྐད་བཤད་པ་བཞིན་དུ་དངོས་སུ་གནོད་པར་བྱེད་པའི་སྒོ་ནས་སྤོང་བ་ཡིན་ལ། གནོད་པ་བྱས་ཟིན་པ་དེའི་ཚེ་སངས་རྒྱས་ཀྱི་སར་རྣམ་གྲོལ་ལམ་སྐྱེ་བ་དང༌། གནས་ངན་ལེན་མ་ལུས་པ་འགགས་པ་དུས་མཉམ་གྱི་ཚུལ་དུ་འབྱུང་ངོ༌། །མཐོང་ལམ་གྱིས་སྤོང་ཚུལ་ནི། སྡུག་བསྔལ་ལ་ཆོས་བཟོད་སྐྱེས་ཙམ་ཉིད་ནས་མཐོང་སྤང་འགགས་པ་དུས་གཅིག་ཏུ་གྲུབ་བོ། །འོན་ཀྱང་དེའི་ཚེ་མཐོང་སྤང་འགགས་པ་ཡིན་གྱི། སྤངས་བ་ཞེས་ནི་མི་བརྗོད་དེ། །ས་བོན་ཕྱུང་མ་ཟིན་པའི་ཕྱིར་རོ། །བར་ཆད་མེད་ལམ་གྱི་ནུས་པ་རྫོགས་པ་དང༌། རྣམ་གྲོལ་ལམ་སྐྱེས་པ་དང༌། སྤང་བྱའི་ས་བོན་དང་བྲལ་བ་ལྷན་ཅིག་ཏུ་ཐོབ་པས་དེའི་ཚེ་ས་བོན་སྤངས་པའི་སོ་སོར་བརྟགས་འགོག་ཀྱང་ཐོབ་པ་ཡིན་ནོ། །བར་ཆད་མེད་ལམ་གྱི་དུས་སུ་ནི་མངོན་འགྱུར་དང་བྲལ་བའི་འགོག་པ་ཙམ་ཐོབ་ཀྱི། ས་བོན་དང་བྲལ་བའི་སོ་སོར་བཏགས་པའི་འགོག་པ་ནི་དེའི་ཚེ་ཐོབ་པ་མེད་དོ། །མཛོད་ལས་དགེ་སྦྱོང་ཚུལ་གྱི་འབྲས་བུ་བརྒྱད་ཅུ་གྱ་དགུ་རྣམ་པར་ཕྱེ་བའི་རྣམ་གཞག་མཛད་པ་ན། རྣམ་གྲོལ་ལམ་དགེ་སྦྱོང་ཚུལ་གྱི་འབྲས་བུར་བཞག་ཅིང་བར་ཆད་མེད་པར་མ་བཞག་པའི་དོན་ཡང་འདི་ཡིན་ནོ། །རྒྱས་པར་ནི་རྣམ་བཤད་ལས་འབྱུང་བ་བཞིན་ནོ། །རང་དང་གཞན་གྱི་བསོད་ནམས་བྱས་པ་མཉམ་པ་ཉིད་ཐོབ་བོ་ཞེས་པའི་དོན་ལ་བོད་ཐམས་ཅད་ཀྱིས་འདི་ལྟར་འཆད་དེ། རྗེས་སུ་ཡི་རང་བྱ་བའི་ཡུལ་དང་རྗེས་སུ་ཡི་རང་བ་པོ་གཉིས་བློ་མཉམ་ན་བསོད་ནམས་མཉམ་པ་དང༌། བློ་མཐོ་ན་བསོད་ནམས་མཐོ་བ་དང༌། བློ་དམན་ན་བསོད་ནམས་ཡང་དམན་པ་ལས་མི་འཐོབ་བོ་ཞེས་ཟེར་རོ། །འོ་ན་འགའ་ཞིག་གིས་བསོད་ནམས་རྒྱ་ཆེན་བསགས་པ་དེ་ལས་བློ་ཅུང་ཟད་མཐོ་བ་གཅིག་གིས་རྗེས་སུ་ཡི་རང་བར་བྱས་པའི་རྗེས་སུ་ཡི་རང་བ་པོ་ལས་རྗེས་སུ་ཡི་རང་བྱས་པའི་ཡུལ་བསོད་ནམས་དམན་པ་ཉིད་དུ་ཐལ་བར་འགྱུར་ཞིང༌། དགེ་བ་གཞན་ཅུང་ཟད་ཀྱང་མ་བསགས་པར་རྗེས་སུ་ཡི་རང་ཁོ་ནས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་ཐལ་བས་མི་རིགས་སོ། །དེས་ན་དོན་ནི་འདི་ཡིན་ཏེ། རྗེས་སུ་ཡི་རང་བྱ་བའི་ཡུལ་གྱིས་དགེ་བའི་རྩ་བ་བསགས་པའི་ཚེ་བསོད་ནམས་ཐོབ་པ་ལྟར་རྗེས་སུ་ཡི་རང་བ་པོས་ཀྱང་བསོད་ནམས་ཐོབ་པ་ཙམ་དུ་འདྲ་བར་སྟོན་པ་ཡིན་གྱི། ཆེ་ཆུང་མཉམ་པར་སྟོན་པ་མ་ཡིན་ནོ། །འབྲས་བུ་དག་པ་གཟུགས་ལ་སོགས། །ཞེས་སོགས་ཀྱི་དཀའ་བའི་གནས་བཤད་པ་ནི། བར་ཆད་མེད་ལམ་གྱིས་སྤང་བྱའི་ས་བོན་བཅོམ་པས་འབྲས་བུ་རྣམ་གྲོལ་ལམ་དྲི་མས་རྣམ་པར་དག་པའི་ཚེ་བར་ཆད་མེད་ལམ་གྱིས་སེལ་བའི་དྲི་མ་དེ་ཉིད་ཀྱི་འབྲས་བུ་རྣམ་གྲོལ་ལམ་གྱི་ཡུལ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་དྲི་མ་དག་པ་དོན་གཅིག་པའི་ཚུལ་དུ་འབྱུང་ངོ༌། །འདི་ཇི་ལྟར་ཤེས་ཤེ་ན། དཔེར་ན་སྡུག་བསྔལ་ཆོས་བཟོད་ལ་གནས་པའི་བྱང་ཆུབ་སེམས་དཔས་ཡུལ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་དྲི་མ་དེ་ཉིད་བར་ཆད་མེད་པའི་ལམ་གྱིས་སེལ་བ་ན་རྣམ་གྲོལ་ཐོབ་ཅིང༌། དེའི་ཚེ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་དྲི་མ་ཡང་རྣམ་པར་དག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དྲི་མ་གཅིག་པོ་དེ་ཉིད་ཀྱིས་ཡུལ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་དང་འབྲས་བུ་རྣམ་གྲོལ་ལམ་ཐོབ་པ་ལ་གེགས་བྱེད་དེ་ཉིད་བར་ཆད་མེད་ལམ་གྱིས་བཅད་པའི་ཕྱིར་རོ། །དེའི་གང་ཟག་དེ་ཉིད་ཀྱིས་རྟོགས་པའི་དབྱེ་བས་རྣམ་གྲོལ་ལམ་ཐོབ་པ་ལ་གེགས་བྱེད་པའི་དྲི་མ་དག་པ་དང༌། གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལ་གེགས་བྱེད་ཀྱི་དྲི་མ་དག་པ་ལྷན་ཅིག་ཏུ་འཐོབ་བོ། །དྲི་མ་གཅིག་པོ་དེ་ལ་འབྲས་བུ་རྣམ་གྲོལ་གྱི་ལམ་ཐོབ་པ་ལ་གེགས་བྱེད་པ་དང༌། ཡུལ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལ་གེགས་བྱེད་པའི་དྲི་མ་ལ་གཉིས་ཡོད་པ་བཅོམ་པའི་དབྱེ་བས་རྣམ་པར་དག་པ་གཉིས་སྨྲོས་ཀྱི་དྲི་མ་གཅིག་པོ་དེས་དག་པའི་རྣམ་དག་ལ་དབྱེ་བ་མེད་དོ། །དེ་ལ་ཀླན་ཀ་སྤངས་པ་ཡིས། །ཞེས་སོགས་ཀྱི་དཀའ་བའི་གནད་བཤད་པ་ནི། སློབ་དཔོན་སེང་གེ་བཟང་པོས། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་སོགས་ཀྱི་སྒོམ་སྤང་ཆེན་པོའི་ཆེན་པོ་ལ་སོགས་པ་རིམ་གྱིས་དག་པར་བྱས་པའི་ཕྱིར་དེའི་འབྲས་བུ་སངས་རྒྱས་ཀྱི་རྣམ་པར་དག་པ་ཤིན་ཏུ་བ་ཡིན་པར་གྲུབ་བོ་ཞེས་བཤད་ནས། བྱང་སེམས་ཀྱི་སྒོམ་ལམ་དགུས་དྲི་མ་དགུ་རིམ་གྱིས་དག་པའི་དྲི་མ་སེལ་ཚུལ་ཀླན་ཀའི་ཡུལ་དུ་བཀོད་ནས། དེ་ལ་ཀླན་ཀ་སྤངས་པ་ཡིས། །ཞེས་གསུངས་པ་ནི་དྲི་མ་སེལ་ཚུལ་ལ་ཀླན་ཀ་སྤངས་པ་ཡིས་བྱང་སེམས་ཀྱི་སྒོམ་ལམ་རྣམས་དྲི་མ་མཐའ་དག་གི་གཉེན་པོའི་ངོ་བོ་ཉིད་དུ་གྲུབ་པའི་ཕྱིར་འབྲས་བུ་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་ཡིན་པ་ལ་ཀླན་ཀ་མེད་དོ་ཞེས་པའི་དོན་དུ་འཆད་དོ། །འདི་ནི་རྩ་བའི་དགོངས་པ་མ་ཡིན་ཏེ། མདོ་ལས་ཀླན་ཀ་ནི་མཉམ་པ་ཉིད་ལས་འཕྲོས་པའི་ཀླན་ཀ་ཡིན་པར་བཤད་པའི་ཕྱིར་དང༌། གཞུང་ཚིག་གི་གོ་རིམ་བཀོད་ཚུལ་ཡང་མི་འཐད་པའི་ཕྱིར་རོ། །དེས་ན་འཕགས་པས་གསུངས་པའི་གཞུང་དུ། ཁམས་གསུམ་པ་ཡི་རྣམ་པ་ཅན། །འཇལ་དང་གཞལ་བྱ་མཉམ་པ་ཉིད། །དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་དེ་ཡི་གཉེན་པོར་འདོད། །ཅེས་གསུངས་པ་ཉིད་མདོ་དང་མཐུན་ནོ། །དེའི་དོན་ནི་འཇལ་བྱེད་ཚད་མ་བློ་འཛིན་པ་དང༌། གཞལ་བྱ་གཟུང་བ་གཉིས་མཉམ་པ་ཉིད་དུ་རྟོགས་པ་ཉིད་ཀྱིས་སྤང་བྱ་གཟུང་འཛིན་ཐ་དད་དུ་ཞེན་པའི་ཁམས་གསུམ་པ་རྟོགས་པའི་གཉེན་པོའི་ངོ་བོ་ཉིད་གྲུབ་བོ། །གཟུང་འཛིན་རང་བཞིན་མེད་པར་མཉམ་པ་ཉིད་རྟོགས་པ་མི་འཐད་དེ། གཟུང་འཛིན་རང་བཞིན་མེད་པར་མཉམ་པ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་པའི་ཀླན་ཀ་བཀོད་ནས། དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་དེ་ཡི་གཉེན་པོར་འདོད། །ཅེས་འཆད་པ་ཉིད་ལེགས་སོ། །འདིའི་དོན་ནི་གཟུང་འཛིན་གཉིས་ཀ་རང་བཞིན་མེད་པར་མཉམ་པ་ཉིད་དུ་གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པས་གྲུབ་པའི་ཕྱིར་ན་རང་བཞིན་མེད་པར་མཉམ་པ་ཉིད་དུ་གྲུབ་བོ། །དེས་ན་གཟུང་འཛིན་གཉིས་ཀ་མེད་པར་མཉམ་པ་ཉིད་རྟོགས་པའི་ལམ་ནི་གཟུང་འཛིན་རྫས་ཐ་དད་དུ་ཞེན་པའི་གཉེན་པོར་འདོད་དོ། །སྐབས་གཉིས་པའི་དཀའ་བའི་གནས་བཤད་ཟིན་ཏོ།། །།སྐབས་གསུམ་པའི་དོན་ལ་གསུམ་སྟེ། ཤེས་པར་བྱ་བའི་གཞི། ཇི་ལྟར་ཤེས་པའི་ཚུལ། དེ་ལ་གཞན་གྱི་ལོག་རྟོག་བསལ་བའོ། །དང་པོ་ལ་གཉིས་ཏེ། ཐེག་པ་ཐུན་མོང་ནས་བཤད་པའི་གཞི་དང༌། སྐབས་འདིར་བསྟན་པའི་གཞིའོ། །དང་པོ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གསུམ་མོ། །ཕུང་པོ་ནི་གཟུགས་ལ་སོགས་པ་ལྔ་སྟེ། སྤྱིར་ལུས་ལ་རིལ་པོ་གཅིག་ཏུ་འཛིན་པའི་གཉེན་པོ་དང༌། བྱེ་བྲག་སེམས་བྱུང་རྣམས་ལ་གཅིག་ཏུ་འཛིན་པའི་གཉེན་པོར་བསྟན་ཏེ། དུ་མ་སྤུངས་པའི་དོན་ཅན་དུ་བསྟན་པའི་ཕྱིར་དང༌། སེམས་བྱུང་ལ་ཚོར་བ་འདུ་ཤེས་འདུ་བྱེད་དེ་གསུམ་དུ་ཕྱེ་བའི་ཕྱིར། ཁམས་ཀྱང་སྤྱིར་གཅིག་ཏུ་འཛིན་པ་དང༌། བྱེ་བྲག་ཏུ་རྣམ་པར་ཤེས་པ་ལ་རིལ་པོ་གཅིག་ཏུ་འཛིན་པའི་གཉེན་པོར་བསྟན་ཏེ། ལུས་ལ་ཁམས་དུ་མར་རྣམ་པར་ཕྱེ་བའི་ཕྱིར་དང༌། རྣམ་པར་ཤེས་པ་ལ་བདུན་དུ་རྣམ་པར་ཕྱེ་བའི་ཕྱིར། སྐྱེ་མཆེད་ཀྱང་གཅིག་ཏུ་འཛིན་པ་དང༌། བྱེ་བྲག་ཏུ་གཟུགས་ལ་གཅིག་ཏུ་འཛིན་པ་བཟློག་པའི་ཕྱིར་དུ་གསུངས་ཏེ། སྤྱིར་སྐྱེ་མཆེད་བཅུ་གཉིས་སུ་རྣམ་པར་ཕྱེ་བའི་ཕྱིར་དང༌། བྱེ་བྲག་ཏུ་གཟུགས་ལ་བཅུར་རྣམ་པར་ཕྱེ་བའི་ཕྱིར་རོ། །ཡང་དབང་པོ་རྣོན་པོ་ལ་ཕུང་པོ་དང༌། འབྲིང་པོ་ལ་སྐྱེ་མཆེད་དང༌། དབང་པོ་རྟུལ་པོ་ལ་ཁམས་རྣམ་པར་གཞག་པ་ཡིན་ཏེ། དོན་བསྡུས་པ་དང་འབྲིང་པོ་དང་རྒྱས་པ་དང་གསུམ་གྱི་དབང་དུ་བྱས་ནས་གསུམ་དུ་བཞག་སྟེ། བསྡུས་པ་ལ་དགའ་བ་ལ་ཕུང་པོ་དང༌། འབྲིང་པོ་ལ་དགའ་བ་ལ་སྐྱེ་མཆེད་དང༌། རྒྱས་པ་ལ་དགའ་བ་ལ་ཁམས་རྣམ་པར་གཞག་པའི་ཕྱིར་རོ། །མཛོད་ལས། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཇི་ལྟར་ཤེས་པའི་ཚུལ་ལ། ཉན་ཐོས་རྣམས་ཀྱིས་གང་ཟག་གི་བདག་མེད་རྟོགས་ལ། རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཀྱིས་ནི་གཟུགས་ཀྱི་ཕུང་པོ་ཕྱི་རོལ་གྱི་གཟུགས་སུ་སྣང་བ་ལྟར་ཕྱི་རོལ་དུ་མི་བདེན་པར་ཁོང་དུ་ཆུད་པས། གཟུང་དོན་རྟོགས་པ་སྤོང་ཕྱིར་དང༌། །ཞེས་གསུངས་སོ། །དེ་ཙམ་གྱིས་ཆོས་ཀྱི་བདག་མེད་རྟོགས་པར་མི་འགྱུར་ཏེ། གཟུང་བའི་དོན་དུ་མི་བདེན་པར་ཤེས་ཙམ་གྱིས་བདེན་འཛིན་གྱི་སྒྲོ་འདོགས་གཅོད་མི་ནུས་པའི་ཕྱིར་རོ། །དཔེར་ན་བྱད་བཞིན་གྱི་གཟུགས་བརྙན་བཞིན་དུ་མི་བདེན་པར་ཤེས་པ་ཙམ་གྱིས་གཟུགས་ཅན་ལ་བདེན་འཛིན་གྱི་སྒྲོ་འདོགས་གཅོད་མི་ནུས་པ་བཞིན་ནམ། གཟུགས་བརྙན་བཞིན་གྱིས་སྟོང་པར་རྟོགས་པས་གཟུགས་ཅན་སྟོང་པ་ཉིད་དུ་རྟོགས་པར་མི་འགྱུར་བ་བཞིན་ནོ། །གསུམ་པ་ནི། བོད་ཀྱི་མཁས་རློམ་ཐམས་ཅད་མགྲིན་གཅིག་ཏུ་རང་རྒྱལ་གྱིས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པར་འདོད་ཅིང༌། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་གསུངས་པའི་དོན་ཆོས་གཅིག་རང་བཞིན་མེད་པར་རྟོགས་ན་ཆོས་ཀུན་རང་བཞིན་མེད་པར་རྟོགས་ཞེས་སྨྲ་བར་བྱེད་ཅིང༌། ཡང་འགའ་ཞིག་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་དོ་ཞེས་འདོད་དོ། །འོ་ན་ཉན་ཐོས་ཀྱིས་དྲི་མ་མཐའ་དག་གིས་དག་པའི་དེ་བཞིན་ཉིད་ཀྱང་རང་བཞིན་མེད་པར་རྟོགས་པར་ཐལ། ཉན་ཐོས་ཀྱིས་ཕུང་པོ་ལྔ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །རྟགས་དང་ཁྱབ་པ་ཁས་བླངས་ཤིང༌། འདོད་ན། འགོག་བདེན་མཐར་ཐུག་རྟོགས་པར་ཐལ་ལོ། །འདོད་ན། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །ཞེས་གསུངས་པས་བྱང་སེམས་འཕགས་པས་ཀྱང་གློ་བུར་དྲི་བྲལ་གྱི་དག་པ་ཕྱོགས་གཅིག་ཙམ་ལས་མ་རྟོགས་པར་བཤད་པ་འདིའི་དོན་ཅི་ཡིན་སོམས་ཤིག སྤྲིན་མཐོང་མཁའ་ལ་ཉི་བཞིན་ཞེས་པའི་དཔེ་དོན་ཡང་སྦྱོར་མ་ཤེས་པར་ཟད་དོ། །ཡང་ཉན་ཐོས་འཕགས་པ་ཆོས་ཅན། འཁོར་འདས་ཐམས་ཅད་རང་བཞིན་མེད་པར་མངོན་སུམ་དུ་མཐོང་བར་ཐལ། ཕུང་པོ་རང་བཞིན་མེད་པར་མངོན་སུམ་མཐོང་བའི་ཕྱིར་རོ། །རྟགས་དང་ཁྱབ་པ་ཁས་བླངས་ཤིང༌། འདོད་ན། འཁོར་བ་ལ་དོར་བྱ། མྱ་ངན་ལས་འདས་པ་ལ་བླང་བྱར་འཛིན་པ་མ་ཡིན་པར་ཐལ་ལོ། །འདོད་ན། འཁོར་འདས་གང་རུང་གི་མཐའ་ལ་གནས་པ་མ་ཡིན་པར་ཐལ། དུས་གསུམ་རང་བཞིན་མེད་པ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པའི་ཕྱིར་རོ། །ཁྱབ་པ་མ་ངེས་པ་དང༌། འདོད་པ་གཉིས་ཀས་ཀྱང་མདོ་དང་བྱམས་པའི་གསུང་རབ་གཉིས་ཀའི་དོན་འགོག་པར་སྨྲ་བ་པོ་ཐང་ཆད་པ་ཉིད་དུ་རིག་པར་བྱའོ། །ཡང་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ཡང་རང་བཞིན་མེད་པར་མངོན་སུམ་རྟོགས་པར་ཐལ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་མངོན་སུམ་རྟོགས་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན། རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་མངོན་སུམ་མཐོང་བར་ཐལ། རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་རང་བཞིན་མེད་པར་མངོན་སུམ་རྟོགས་པའི་ཕྱིར། ཁྱབ་པ་མ་ངེས་ན། ཁྱད་གཞི་མ་མཐོང་བར་ཁྱད་ཆོས་མངོན་སུམ་རྟོགས་པར་འདོད་པ་བཞད་གད་ཀྱི་གནས་སོ། །འདོད་ན། རྟོགས་པ་ཡེ་ཤེས་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་དངོས་ཀྱི་སྤྱོད་ཡུལ་མིན་པར་ཐལ་ལོ། །གཞན་དག་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་དེ། ཉན་རང་དགྲ་བཅོམ་གྱིས་ཁམས་གསུམ་གྱི་ཕྲ་རྒྱས་མ་ལུས་པ་སྤང་བའི་ཕྱིར། ཁྱབ་པ་ཡོད་དེ། ཁམས་གསུམ་གྱི་ཕྲ་རྒྱས་མ་ལུས་པར་མ་སྤངས་ན་ཆོས་ཀྱི་བདག་མེད་རྟོགས་པར་མི་ནུས་པའི་ཕྱིར། གཞན་ཡང་འགའ་ཞིག་ཆོས་ཀྱི་བདག་མེད་མ་རྟོགས་ན་གང་ཟག་གི་བདག་མེད་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་གདགས་པའི་གཞི་ཕུང་པོ་རང་བཞིན་མེད་པ་མ་རྟོགས་པའི་ཕྱིར་རོ། །ཉན་རང་གི་རིགས་ཅན་ཡང་གཉིས་ཏེ། གྲུབ་མཐའ་སྨྲ་བའི་ཉན་ཐོས་དང༌། ལམ་ཞུགས་ཀྱི་ཉན་ཐོས་ཀྱི་རིགས་ཅན་ནོ། །གྲུབ་མཐའ་སྨྲ་བའི་ཉན་ཐོས་ཀྱིས་ནི་མི་རྟག་ལ་སོགས་བཅུ་དྲུག་ཙམ་རྟོགས་པ་ཡིན་གྱི་ཆོས་ཀྱི་བདག་མེད་མ་རྟོགས་པས། ཆོས་ཀྱི་བདག་མེད་མ་རྟོགས་པའི་ཉན་ཐོས་ནི་གྲུབ་མཐའ་སྨྲ་བའི་ཉན་ཐོས་ལ་དགོངས་པ་ཡིན་ནོ་ཞེས་ཟེར་རོ། །གྲུབ་མཐའ་སྨྲ་བའི་ཉན་ཐོས་ཀྱིས་སྟོང་བདག་མེད་ཀྱི་རྣམ་པ་རྟོགས་སམ་མ་རྟོགས། རྟོགས་ན་གང་ཟག་གི་བདག་མེད་རྟོགས་ན་ཆོས་ཀྱི་བདག་མེད་ཀྱང་རྟོགས་པར་འདོད་པས་ཆོས་ཀྱི་བདག་མེད་ཀྱང་རྟོགས་པར་འགྱུར་རོ། །གལ་ཏེ་སྟོང་བདག་མེད་ཀྱི་རྣམ་པ་མ་རྟོགས་ན་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པ་འགལ་ལོ། །ཁམས་གསུམ་གྱི་ཕྲ་རྒྱས་མ་ལུས་པ་སྤངས་པ་ལ་ཆོས་ཀྱི་བདག་མེད་རྟོགས་མི་དགོས་ཏེ། ཆོས་ཀྱི་བདག་མེད་མ་རྟོགས་ཀྱང་གང་ཟག་གི་བདག་མེད་པ་ཁོང་དུ་ཆུད་པ་ན་ངར་འཛིན་ལྡོག་ཅིང༌། ངར་འཛིན་ལྡོག་པ་ན་ཉོན་མོངས་པ་ལྡོག་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཤེ་ན། ཉོན་མོངས་པ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྩ་བ་ཅན་ཡིན་པའི་ཕྱིར་ཏེ། ཉེས་པ་རྣམ་པ་ཐམས་ཅད་དུ། །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །ཞེས་དང༌། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་འབྱུང་བར་བློ་ཡིས་མཐོང་གྱུར་ཅིང༌། །ཞེས་གསུངས་པ་ལྟར་རོ། །གང་ཟག་གི་བདག་འཛིན་ལྡོག་པ་ན་ཉོན་མོངས་པ་ལྡོག་པར་ཡང་གྲུབ་སྟེ། དེ་སྤོང་བ་ན་སྤོང་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཆོས་ཀྱི་བདག་མེད་མ་རྟོགས་པར་གང་ཟག་གི་བདག་མེད་མི་རྟོགས་ཞེས་སྨྲ་བ་ཡང་མི་འཐད་དེ། གང་ཟག་གི་ངོ་བོ་ཉིད་མེད་པར་རྟོགས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་མི་དགོས་པའི་ཕྱིར་རོ། །ཆོས་གཅིག་རང་བཞིན་མེད་པར་རྟོགས་པས་ཀུན་རང་བཞིན་མེད་པར་རྟོགས་པ་ནི་གོང་དུ་བཀག་ཟིན་ཏོ། །གཞན་ཡང་ཉན་ཐོས་སྡེ་གཉིས་ཀྱིས་ཕུང་པོ་ལྔ་རེ་རེ་ནས་བཏགས་ཡོད་དུ་ཁོང་དུ་ཆུད་པར་ཐལ། གང་ཟག་བཏགས་ཡོད་དུ་ཁོང་དུ་ཆུད་པའི་ཕྱིར་ཏེ། གང་ཟག་བཏགས་ཡོད་དུ་ལུང་རིགས་ཀྱིས་གཏན་ལ་ཕབས་ཟིན་པའི་ཕྱིར་རོ། །བཏགས་ཆོས་རང་བཞིན་མེད་པར་རྟོགས་པ་ལ་གདགས་གཞི་རང་བཞིན་མེད་པར་རྟོགས་པ་མ་ངེས་པར་རིགས་པས་གྲུབ་པའི་ཕྱིར་དང༌། གཅིག་རང་བཞིན་མེད་པར་རྟོགས་པས་ཀུན་རང་བཞིན་མེད་པར་རྟོགས་པ་གོང་དུ་བཀག་ཟིན་པའི་ཕྱིར་རོ། །ཆོས་ཀྱི་བདག་མེད་མ་རྟོགས་པར་བཤད་པ་ཡང་ལམ་ཞུགས་ཀྱི་གང་ཟག་ལ་བརྗོད་པ་ཡིན་གྱི། ལམ་དུ་མ་ཞུགས་པ་ལ་བདག་མེད་རྟོགས་མ་རྟོགས་ཀྱི་ཁྱད་པར་གྱི་ཆོས་ལ་རྣམ་པར་དཔྱོད་པ་སུ་ཞིག་བྱེད། མ་རྟོགས་པ་ཡང་ལམ་ཞུགས་ཀྱི་དབང་དུ་བྱས་པར་གསལ་ཏེ། རྒྱན་སྟུག་པོ་བཀོད་པ་ལས། ཆོས་ཀྱི་དངོས་ཡོད་མ་བཤིག་ཕྱིར། །ཉན་ཐོས་དེ་དག་མངོན་སུམ་གྱུར། །ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ས་བདུན་པ་མ་ཐོབ་ཀྱི་བར་དུ་བློ་གྲོས་ཀྱི་ནུས་པ་མི་ལྷག་པར་འདོད་པར་ཡང་མི་འཐད་དེ། ཉན་ཐོས་ཀྱིས་རང་གི་མཐོང་ལམ་ཐོབ་པའི་དུས་སུ་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་སྒྲོ་འདོགས་མ་ཆོད་པར་མཐོང་སྤང་ཤེས་སྒྲིབ་གཟུང་རྟོག་བརྒྱ་རྩ་བརྒྱད་གཅོད་པའི་ནུས་པ་མེད་ལ། བྱང་སེམས་ཀྱིས་མཐོང་སྤང་ཤེས་སྒྲིབ་གཟུང་རྟོག་བརྒྱ་རྩ་བརྒྱད་དངོས་སུ་གཅོད་པའི་ནུས་པ་ཐོབ་པའི་ཕྱིར་རོ། །གཞན་ཡང་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་བློ་གྲོས་ཀྱི་མིག་དང་མི་ལྡན་པར་ལོང་བས་ཉི་མའི་དཀྱིལ་འཁོར་འོད་འབར་བ་མི་མཐོང་བའི་དཔེས་བསྟན་པའི་ཕྱིར་རོ། །གལ་ཏེ། དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་བཤད་པས་དད་པ་ཉིད་ཀྱིས་རྟོགས་བྱ་ཡིན་ནོ་ཞེ་ན། རྟོགས་བྱ་ཡིན་པས་རྟོགས་པར་ནི་མ་ངེས་ཏེ། སངས་རྒྱས་ཐོབ་བྱ་ཡིན་ཀྱང་སངས་རྒྱས་མ་ཐོབ་པ་བཞིན་ནོ། །གཞན་ཡང་རང་ཉན་རྣམས་རྟོགས་པ་ཉི་ཚེ་བ་མ་ཡིན་པར་ཐལ། བྱང་སེམས་མཐོང་ལམ་པས་ཆོས་ཀྱི་བདག་མེད་ཅི་ཙམ་རྟོགས་པ་ལྟར་ཉན་རང་གིས་ཀྱང་རྟོགས་པ་ཡིན་པའི་ཕྱིར། འདོད་ན། མངོན་རྟོགས་རྒྱན་ལས། ཉི་ཚེ་བ་དང་སྣ་ཚོགས་ཉིད། །ཅེས་གསུངས་པའི་དོན་དང་འགལ་ལོ། །ཡང་རྒྱུད་བླ་མ་ལས། བཙས་པའི་ཁྱིམ་ནས་བུ་ཆུང་གི །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང༌། །ཞེས་པའི་མདོར་ཆོས་ཉིད་མཐོང་བའི་ནུས་པ་མེད་པ་ནི་ཉན་རང་འཕགས་པ་ལ་བཤད་པའི་ཕྱིར་རོ། །གཞན་ཡང་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེར་ཕྱིན་ཡོད་དམ་མེད། གལ་ཏེ་ཡོད་ན་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་ལ་སྤྱོད་པ་སྔོན་དུ་སོང་བར་ཐལ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུད་ལ་ཐོབ་ཟིན་པའི་ཕྱིར། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་འབྱུང་བ་ལྟར་རོ། །གལ་ཏེ་སྤྱོད་འཇུག་ལས། སེམས་ནི་དམིགས་དང་བཅས་རྣམས་ཀྱིས། །མྱ་ངན་འདས་པར་དཀའ་བར་གནས། །ཞེས་འབྱུང་བས་ན་ཆོས་ཀྱི་བདག་མེད་རྟོགས་པ་ནི་གདོན་མི་ཟ་བར་ཡོད་པར་འདོད་དགོས་སོ་ཞེ་ན། འདི་ནི་དངོས་པོར་སྨྲ་བ་དག་གིས་མཐར་ཐུག་ཐེག་པ་གསུམ་ཐ་དད་པས་ན་ཐེག་ཆེན་ལ་ཞུགས་པ་ལ་མ་ལྟོས་པར་ཉན་ཐོས་ལ་ཡང་མཐར་ཐུག་གི་མྱང་འདས་ཡོད་པ་དགག་པའི་དོན་དུ་གསུངས་པ་སྟེ། ཉན་རང་གིས་ཐེག་ཆེན་ལ་མ་ཞུགས་པར་མཐར་ཕྱིན་པའི་མྱང་འདས་ཐོབ་པའང་དཀའ་བར་གནས་ཏེ། ཆོས་ཀྱི་བདག་མེད་མ་རྟོགས་པའི་ཕྱིར་རོ་ཞེས་པའི་དོན་ནོ། །རྒྱུད་བླ་མ་ལས། ཉན་རང་གིས་མཐར་ཐུག་གི་མྱང་འདས་མ་ཐོབ་པར་ཐལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པའི་ཕྱིར་ཞེས་གསུངས་པ་དང་མཐུན་ནོ། །ཇི་སྐད་དུ། དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་ཐོབ་སྟེ། །ཞེས་གསུངས་སོ། །ལང་ཀར་གཤེགས་པའི་མདོ་ལས། མཚན་མ་མེད་པའི་དོན་མ་རྟོགས་པར་མྱ་ངན་ལས་འདས་པ་མི་ཐོབ་ལ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ་ཞེས་གསུངས་པའི་དོན་སྤྱོད་འཇུག་ཏུ། སེམས་ནི་དམིགས་དང་བཅས་རྣམས་ཀྱིས། །མྱ་ངན་འདས་པར་དཀའ་བར་གནས། །ཞེས་གསུངས་པའི་དོན་བཀོད་པ་ཡིན་ནོ། །སྤྱོད་འཇུག་ལས་ཆོས་ཀྱི་བདག་མེད་མ་རྟོགས་པར་མྱ་ངན་འདས་པ་མི་ཐོབ་ཅེས་གང་གསུངས་པའི་གནས་སྐབས་དེ་དག་ཐམས་ཅད་ལང་ཀར་གཤེགས་པའི་མདོའི་དོན་བཀོད་པ་ཡིན་པར་རྟོགས་པར་བྱའོ། །དེ་དག་ནི་དངོས་པོར་སྨྲ་བ་དག་གིས་མཐར་ཐུག་ཐེག་པ་གསུམ་ཐ་དད་དུ་འདོད་པས་ཉན་རང་ལ་མཐར་ཐུག་གི་མྱང་འདས་ཡོད་པ་དགག་པའི་དོན་དུ་གསུངས་པ་མ་རྟོགས་པར་ཚིག་ཙམ་འདོན་པ་ལྷུར་ལེན་པར་ཟད་དོ། །འོ་ན། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །ཞེས་པའི་དོན་ཇི་ལྟར་འཆད་ཅེ་ན། ཆོས་ཀྱི་བདག་མེད་མ་རྟོགས་ན་མཉམ་གཞག་ཏུ་སྒྲིབ་པ་དེ་རེ་ཞིག་འགགས་སུ་ཟིན་ཀྱང་རྗེས་ཐོབ་ཏུ་སྒྲིབ་པ་ལྡང་བར་འགྱུར་ཏེ། ཤེས་སྒྲིབ་མངོན་དུ་འགྱུར་བའི་ཕྱིར། དེས་ན་ཉན་རང་ལ་སྒྲིབ་པ་མ་ལུས་པ་ཟད་པའི་མྱང་འདས་མེད་དོ་ཞེས་པའི་དོན་ནོ། །ཉེར་བསྡུ་བའི་སྐབས་སུ་ཡང༌། མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་བས་སྟོང་ཉིད་བསྒོམ་པར་བྱ། །ཞེས་གསུངས་པ་འདི་ངེས་པར་བྱ་དགོས་སོ། །ལོ་ཙཱ་བ་ཆེན་པོས་ཀྱང་སྤྱོད་འཇུག་གི་དོན་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པའི་དོན་དུ་འཆད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། ཉན་རང་གི་རྟོགས་པའི་ཆོས་དྲུག་ལ་གནས་པའི་ཤེར་ཕྱིན་གྱིས་བྱང་ཆུབ་སེམས་དཔའི་ཉིན་གཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་གསུངས་སོ། །རྟོགས་པ་ཁྱད་ཆོས་བཤད་པའི་སྐབས་སུ་ཡང་བདག་མེད་གཉིས་རྟོགས་པ་ཐེག་པ་ཆེན་པོ་ཁོ་ནའི་ཁྱད་ཆོས་སུ་བཤད་དོ། །གཞན་ཡང་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་ཉན་ཐོས་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་མ་ཡིན་པར་ཐལ། ཉན་ཐོས་ལ་ཡང་དུས་གསུམ་མཉམ་པ་ཉིད་དུ་ཤེས་པའི་ཤེས་རབ་ཡོད་པའི་ཕྱིར། གལ་ཏེ་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་ན་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་འགལ་ལོ། །བདེན་པ་བཞི་ལ་དམིགས་ནས་བདེན་པར་མངོན་པར་ཞེན་པ་མེད་པའི་རྣམ་པས་དམིགས་པ་བྱང་སེམས་ཀྱི་སྦྱོར་ལམ་ཉན་རང་གི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་མ་ཡིན་པར་ཐལ། ཉན་རང་གི་སྦྱོར་ལམ་ལ་ཡང་བདེན་བཞི་ལ་རང་བཞིན་མེད་པའི་རྣམ་པས་ཞུགས་པ་ཡོད་པའི་ཕྱིར། གཞན་ཡང་ཉན་རང་ལ་གཞིའི་གཟུགས་སོགས་ལ་བདེན་ཞེན་བཀག་པའི་སྦྱོར་བ་ཡོད་པར་ཐལ། གཞི་རང་བཞིན་མེད་པར་རྟོགས་ནས་སྒོམ་པ་ལ་སློབ་པའི་རྣལ་འབྱོར་རྣམ་དག་ཡོད་པའི་ཕྱིར། རྟགས་ཁས་བླངས། འདོད་ན། ཉན་ཐོས་འཕགས་པའི་རྒྱུད་ལ་གཉེན་པོ་གཞི་ཤེས་ཡོད་པར་ཐལ་ལོ། །ཡང་ཉན་རང་ལ་གཟུགས་སོགས་རྟག་མི་རྟག་གི་སྤྲོས་བྲལ་དུ་རྟོགས་པའི་ཤེས་རབ་ཡོད་པར་ཐལ། ཉན་རང་ལ་ཕུང་པོ་སྤྲོས་བྲལ་དུ་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། རྟགས་ཁས་བླངས། འདོད་ན། ཉན་རང་ལ་གཉེན་པོ་གཞི་ཤེས་ཀྱིས་བསྡུས་པའི་མཐོང་ལམ་ཡོད་པར་ཐལ། འདོད་ན། ཐེག་ཆེན་གྱི་མཐོང་ལམ་ཡོད་པར་ཐལ་ལོ། །གཞན་ཡང་གཟུགས་སོགས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་དོན་མངོན་སུམ་དུ་རྟོགས་པ་ཡོད་པར་ཐལ། ཕུང་པོ་སྤྲོས་བྲལ་དུ་མངོན་སུམ་དུ་རྟོགས་པ་ཡོད་པའི་ཕྱིར། འདོད་ན། དེ་ལྟར་རྟོགས་པའི་ཤེས་རབ་ཉན་ཐོས་ལས་ཁྱད་དུ་འཕགས་པའི་འཕགས་ཆོས་མིན་པར་ཐལ། འདོད་ན། གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་གསུངས་པ་དང་འགལ་ལོ། །ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་མི་སློབ་ལམ་ཡོད་དམ་མེད། མེད་ན་དགྲ་བཅོམ་པ་མ་ཡིན་པར་ཐལ། ཡོད་ན་གང་ཟག་གི་བདག་མེད་རྟོགས་པའི་མི་སློབ་ལམ་ཡོད་དམ། ཆོས་ཀྱི་བདག་མེད་རྟོགས་པའི་མི་སློབ་ལམ་ཡོད། དང་པོ་ལྟར་ན་ཆོས་ཀྱི་བདག་མེད་རྟོགས་པའི་མི་སློབ་ལམ་ཐོབ་པར་ཐལ། གང་ཟག་གི་བདག་མེད་རྟོགས་པའི་མི་སློབ་ལམ་ཐོབ་པའི་ཕྱིར་རོ། །ཁྱབ་པ་རང་ཉིད་ཀྱིས་ཁས་བླངས་ཏེ། ཆོས་ཀྱི་བདག་མེད་མ་རྟོགས་ན་གང་ཟག་གི་བདག་མེད་ཀྱང་མི་རྟོགས་པར་ཁས་བླངས་པའི་ཕྱིར་རོ། །ཡང་གལ་ཏེ་ཆོས་ཀྱི་བདག་མེད་རྟོགས་པའི་མི་སློབ་ལམ་ཡོད་པར་འདོད་ན། ཉན་རང་དགྲ་བཅོམ་གྱིས་དངོས་པོའི་མཚན་འཛིན་མཐའ་དག་སྤངས་པར་ཐལ། འདོད་ན། ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པར་ཐལ། འདོད་ན། ཐེག་ཆེན་གྱི་འཕགས་ལམ་ཐོབ་པར་ཐལ་ལོ། །འདོད་ན། དངོས་པོའི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་དེ་མ་ཡིན་པར་ཐལ། ཆོས་ཀྱི་བདག་མེད་རྟོགས་པ་ཡིན་པའི་ཕྱིར། འདོད་ན། མངོན་རྟོགས་རྒྱན་ལས། ཅི་བཞིན་དོན་མིན་རྣམ་རྟོགས་པ། །ཞེས་གསུངས་པ་དང་འགལ་ལོ། །ཡང་ཉན་ཐོས་མཐོང་ལམ་པས་སྟོང་ཉིད་ཉི་ཤུ་མངོན་སུམ་དུ་རྟོགས་པར་ཐལ། ཕུང་པོ་ལྔ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། རྟགས་མ་གྲུབ་ན་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པར་ཡོད་པར་འགལ་ལོ། །ཁྱབ་པ་མེད་ན་ཆོས་གཅིག་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་ན་ཆོས་ཀུན་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པ་དང་འགལ་ལོ། །འདོད་ན། ཉན་ཐོས་ཀྱི་རྒྱུད་ལ་ཚོགས་སྒྲུབ་བཅུ་བདུན་གྱི་ཡ་གྱལ་དུ་བགྲང་བའི་ཡེ་ཤེས་ཀྱི་ཚོགས་ཡོད་པར་འགྱུར་བ་དང༌། བརྒྱད་སྟོང་འགྲེལ་བ་ལས། སྟོང་ཉིད་མཐའ་མ་གསུམ་རྟོགས་པའི་ཡེ་ཤེས་སངས་རྒྱས་ཀྱི་ས་ཁོ་ན་ལ་བཞག་པ་དང༌། ཡེ་ཤེས་སྔ་མ་རྣམས་ཀྱི་ས་མཚམས་རིམ་པ་བཞིན་དུ་བཞག་པ་དང་འགལ་བ་ཡིན་ནོ། །གཞན་ཡང་ཉན་ཐོས་དགྲ་བཅོམ་ཆོས་ཅན། བདག་གཉིས་རང་བཞིན་མེད་པར་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པར་ཐལ། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཕྱིར། འདོད་ན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཐོབ་པར་ཐལ་ལོ། །གཞན་ཡང་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ན་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པར་འདོད་པ་ཁྱོད་ལྟར་ན། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་དཔའ་རྣམས་ལ་བདག་མེད་གཉིས་ཀ་བསྟན་པ་དང༌། ཉན་ཐོས་རྣམས་ལ་གང་ཟག་གི་བདག་མེད་བསྟན་ཏོ་ཞེས་པའི་རྣམ་དབྱེ་ཡང་མི་འཐད་པར་འགྱུར་རོ། །གཞན་ཡང་གསང་འདུས་སྒྲོན་གསལ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་དམ་ཚིག་གི་སྐབས་སུ་གང་ཟག་གི་བདག་མེད་རྟོགས་པ་ཙམ་ལས་མེད་པར་བཤད་པ་དང་ཡང་འགལ་ལོ། །བོད་འདིར་རྒྱ་གར་གྱི་པཎྜི་ཏ་འགའ་ཞིག་དང་བོད་འགའ་ཞིག་གི་ལུགས་ཚད་མར་བཟུང་ནས་དེ་བཞིན་གཤེགས་པའི་གསུང་རབ་དང༌། བྱམས་པའི་ཆོས་ལྔ་འགོག་པ་ནི་བཞད་གད་ཀྱི་གནས་སོ། །གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །ཞེས་སོགས་ཀྱི་དོན་བཤད་པ་ལ། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པས་ནི་གཞིའི་སྟོང་ཉིད་ལ་མཚན་མར་འཛིན་པ་བསྟན་ཏོ། །དུས་གསུམ་རྟོགས་པའི་ཆོས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པས་ནི་གཞིའི་ཆོས་ཅན་ལ་མཚན་མར་འཛིན་པ་བསྟན་ཏོ། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པས་ནི་ལམ་ལ་མཚན་མར་འཛིན་པ་བསྟན་ཏོ། །འོག་ནས། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །མི་མཐུན་ཕྱོགས་ཞེས་སྦྱར་བས་ནི་འབྲས་བུ་ལ་མཚན་མར་འཛིན་པ་བསྟན་ཏོ། །མི་མཐུན་ཕྱོགས་གསུམ་པོ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་བྱང་སེམས་ཀྱི་གཞི་ལམ་རྣམ་གསུམ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་སྤང་བར་བྱ་བ་ཡིན་ལ། ཉན་རང་གི་རྒྱུད་ལ་ཡོད་པ་ནི་ཕྱིས་ཐེག་ཆེན་གྱི་ལམ་དུ་འཇུག་དུས་ཐེག་ཆེན་གྱི་ཤེས་རབ་བསྐྱེད་ནས་དེ་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །འགྲེལ་ཆེན་ལས་བྱང་སེམས་ཀྱི་ལམ་གྱིས་སྤོང་བར་བཤད་པ་ནི་འདི་ལ་དགོངས་སོ། །བྱང་སེམས་དང་རྒྱུད་ཐ་དད་པ་ཉན་རང་གི་རྒྱུད་ལ་ཡོད་པའི་མཚན་འཛིན་ཉན་རང་དང་རྒྱུད་ཐ་དད་པའི་བྱང་སེམས་ཀྱི་རྒྱུད་ཀྱི་ལམ་ཤེས་ཀྱིས་སྤོང་ཞེས་བྱ་བ་ནི་མ་ཡིན་ནོ། །ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་སོགས་ཀྱི་དོན་ལ། མདོ་ལས་ཆོས་རྣམས་ཀྱི་ཆོས་ཉིད་ཟབ་པ་དང༌། རྟོགས་པར་དཀའ་བ་དང༌། བསམ་གྱིས་མི་ཁྱབ་པར་གསུངས་པ་སོ་སོའི་དོན་གསུམ་བསྟན་པ་ནི་ཟབ་པའི་དོན་ནི། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་པས་བསྟན་ཏོ། །རྟོགས་པར་དཀའ་བའི་དོན་ནི་མཐོང་བ་ཞེས་སོགས་ཀྱི་ཚིག་རྐང་པ་གཉིས་ཀྱི་བསྟན་ཏོ། །བསམ་གྱིས་མི་ཁྱབ་པའི་དོན་ནི་གཟུགས་ལ་སོགས་ཞེས་སོགས་ཚིག་རྐང་པ་གཉིས་ཀྱིས་བསྟན་ཏོ། །སློབ་དཔོན་སེང་གེ་བཟང་པོས། ཆོས་ཀྱི་ལམ་ནི་ཞེས་སོགས་ཀྱིས་ཟབ་པའི་སྒྲུབ་བྱེད་བཀོད་ཟིན་པས། ཡང་མཐོང་བ་ཞེས་སོགས་ཀྱི་ཚིག་རྐང་པ་གཉིས་ཀྱི་དོན་ལ། ཟབ་པ་བསྒྲུབ་བྱའི་ཆོས་སུ་རྟོགས་དཀའ་བ་ཟབ་པའི་སྒྲུབ་བྱེད་དུ་བཀོད་པ་སོགས་ནི་དོན་མེད་དེ། ཟབ་པའི་སྒྲུབ་བྱེད་དེ་མ་ཐག་ཏུ་བཀོད་ཟིན་པའི་ཕྱིར་རོ། །ཡང་རྟོགས་པར་དཀའ་བའི་དོན་ལ། མཐོང་བ་ལ་སོགས་བཀག་པ་ཡིས། །ཞེས་སོགས་བཀོད་ཟིན་ནས། དེ་ནས་བསམ་གྱིས་མི་ཁྱབ་པ་ཞེས་སོགས་རྟོགས་པར་དཀའ་བའི་དོན་དུ་འཆད་པ་མི་འཐད་དེ། སྒྲུབ་བྱེད་ལ་ཟློས་པའི་སྐྱོན་ཡོད་པའི་ཕྱིར་དང༌། འཐད་པ་སྔ་མས་སྒྲུབ་མ་ནུས་ན། ཕྱི་མས་ཀྱང་སྒྲུབ་མི་ནུས་པ་མཚུངས་པའི་ཕྱིར་རོ། །གཟུགས་སོགས་དེ་མི་རྟག་སོགས་དང༌། །ཞེས་སོགས་ཀྱི་དོན་ལ། སྤྱོད་པ་བཀག་པའི་སྦྱོར་བའི་དོན་ནི་གཞི་ལ་མཚན་འཛིན་བཀག་པའི་དོན་དུ་གཞི་རང་བཞིན་མི་དམིགས་པར་སྒོམ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འདི་མཉམ་གཞག་དང་རྗེས་ཐོབ་གང་དུ་བསྒོམ་ཞེ་ན། གཞི་ཤེས་ཀྱི་སྦྱོར་བ་བཅུ་ཡོད་པ་ལས་དང་པོ་དགུ་མཉམ་གཞག་ཏུ་བསྒོམ་ལ། སྣང་བ་རྣམ་བདུན་ཤེས་བྱེད་ཀྱི་སྦྱོར་བ་ནི་རྗེས་ཐོབ་ཏུ་བསྒོམ་མོ་ཞེས་འཆད་དོ། །འདི་མཉམ་གཞག་སྣང་མེད་དུ་འདོད་པས་སྣང་བ་རྣམ་བདུན་མཉམ་གཞག་ཏུ་བསྒོམ་དུ་མི་རུང་ཞེས་དགོངས་པ་ཡིན་ཡང༌། སློབ་དཔོན་མཉམ་གཞག་སྣང་བཅས་སུ་འདོད་པས་མཉམ་གཞག་ཏུ་བསྒོམ་པ་ལ་སྦྱར་ཡང་འགལ་བ་ཅི་ཞིག་ཡོད། ལམ་གྱི་གནས་སྐབས་གང་དུ་བསྒོམ་ཞེ་ན། འཕགས་པ་ལྟར་ན། སྦྱོར་བ་འདི་ཐེག་དམན་གྱི་གཞི་ཤེས་ལས་འདའ་བའི་དོན་དུ་བསྒོམ་པ་ཡིན་ཞིང༌། དེ་ལས་ཟླ་བ་ཡང་ས་དང་པོ་ནས་ཐོབ་པས་ས་དང་པོའི་བར་དུ་སྒོམ་པར་བཤད་དོ། །སློབ་དཔོན་གྱི་བཞེད་པ་ནི། གཞི་ལ་མཚན་མར་འཛིན་པའི་གཉེན་པོར་བསྒོམ་པར་བྱ་བ་ཡིན་པས་གཞི་ལ་མཚན་འཛིན་ཇི་སྲིད་པ་དེ་སྲིད་དུ་བསྒོམ་པར་བྱ་དགོས་པའི་ཕྱིར་ས་བདུན་པའི་བར་དུ་སྒོམ་མོ་ཞེས་འདོད་དོ། །སྡུད་འགྲེལ་ལས་ཐམས་ཅད་ཤེས་པ་ཉིད་ནི་ས་བདུན་པ་ལ་བཞག་གོ་ཞེས་པའི་དོན་ཡང་འདི་ཉིད་དོ། །འཕགས་པའི་དགོངས་པ་ཅུང་ཟད་གསལ་བར་བཤད་ན། ཉན་ཐོས་ཀྱི་སྦྱོར་ལམ་གྱི་གནས་སྐབས་སུ་གཞི་ཤེས་སྦྱོར་བ་སྒོམ་པ་ལ་ནི་གཞི་བདེན་མེད་དུ་མ་རྟོགས་པས་མངོན་པར་ཞེན་པའི་ཚུལ་གྱིས་སྤྱོད་པ་བཀག་པ་མེད་པའི་དོན་གྱིས་མཐོང་ལམ་ཐོབ་དུས་གཞི་ལ་མངོན་པར་ཞེན་པ་སྤངས་པའི་ཚུལ་གྱིས་བྲལ་བ་མེད་ལ། བྱང་སེམས་ཀྱི་ངེས་འབྱེད་ཆ་མཐུན་དུ་གཞི་ལ་ཞེན་སྤྱོད་བཀག་པའི་ཚུལ་གྱིས་བསྒོམ་པས་ས་དང་པོ་ཐོབ་པ་ན་གཞི་ལ་ཞེན་སྤྱོད་མངོན་འགྱུར་བའི་ས་བོན་རགས་པ་སྤངས་པ་ཐོབ་པས་ཞེན་སྤྱོད་མངོན་འགྱུར་བ་བཀག་པའི་དོན་དུ་ཆེས་ཆེར་ལྷུར་ལེན་པའི་ཚུལ་གྱིས་བསྒོམ་མི་དགོས་པ་ལ་དགོངས་ལ། སློབ་དཔོན་གྱིས་ནི་གཞི་ལ་མཚན་མར་འཛིན་པ་ཕྲ་མོའི་ས་བོན་གྱི་གཉེན་པོར་ས་དང་པོ་ཐོབ་ནས་ཀྱང་བསྒོམ་དགོས་པ་ལ་དགོངས་སོ། །བག་ལ་ཉལ་ཤིན་ཏུ་ཕྲ་བའི་གཉེན་པོར་ནི་དག་པ་ས་ལ་ཡང་བསྒོམ་དགོས་པར་འདོད་དགོས་ཏེ། དཔེར་ན་འཇིག་ཚོགས་ལ་ལྟ་བ་ས་དང་པོར་སྤངས་པ་ཡང་བཤད་ཅིང་ས་བདུན་པའི་ཡོངས་སྦྱོང་གི་གནས་སྐབས་སུ་ཡང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་འདོར་བ་དང་ཞེས་གསུངས་པ་ལྟར་ཏེ། ས་བོན་རགས་པ་དང་ཕྲ་བ་དང་བག་ལ་ཉལ་ཤིན་ཏུ་ཕྲ་བ་བའི་རིམ་པས་རྣམ་པར་འབྱེད་དགོས་སོ། །སྤང་བྱ་སྤོང་ཚུལ་གྱི་གནས་སྐབས་གཞན་དུ་ཡང་འདི་འདྲ་དགོས་པ་ནི་མན་ངག་གོ །ཉན་ཐོས་ཀྱི་སྦྱོར་བ་ནི་བྱང་སེམས་ཀྱི་སྦྱོར་བ་ལས་ཟློག་སྟེ་བསྟན་པས་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་གསལ་བར་བྱས་སོ། །སྦྱོར་བ་རྣམས་རྩ་བའི་གཞུང་ཚིག་གིས་བསྟན་ཚུལ་ལ། འཕགས་པ་དང་སློབ་དཔོན་གྱི་བཞེད་པ་ནི་རྣམ་བཤད་ལས་བསྟན་ཟིན་ལ། འབུམ་ཊཱིཀ་གི་འཆད་ཚུལ་ནི། གཟུགས་སོགས་དེ་མི་རྟག་སོགས་དང༌། །ཞེས་སོགས་ཚིག་རྐང་པ་བཞིས་ནི་སྤྱོད་པ་བཀག་པའི་སྦྱོར་བ་བཞི་བསྟན་ལ། མི་འགྱུར་བྱེད་པོ་མེད་ཉིད་དང༌། །ཞེས་པའི་ཚིག་གཅིག་གིས་ནི་སྦྱོར་བའི་བསྒོམ་བྱའི་ཡུལ་ངོས་གཟུང་བ་ཡིན་ནོ། །བྱ་དཀའ་རྣམ་གསུམ་སྦྱོར་བ་དང༌། །ཞེས་པས་ནི་ཡུལ་དེ་ལ་ཇི་ལྟར་སྦྱོར་བའི་ཚུལ་བསྟན་པ་ཡིན་ནོ། །སྦྱོར་བ་དེ་བསྒོམས་པའི་འབྲས་བུ་ཅི་ཡོད་ཅེ་ན། སྐལ་བ་ཅི་བཞིན་འབྲས་ཐོབ་པས། །ཞེས་པས་ནི་འབྲས་བུ་བསྟན་ཏོ། །ཕན་ཡོན་ནི། གཞན་ལ་རག་ལས་མེད་གང་དང༌། །ཞེས་པས་བསྟན་ཏོ། །སྲུང་བྱེད་གཞན་ལ་རག་མ་ལས་པའི་ཤེས་བྱེད་ནི། སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་པས་བསྟན་ཏོ། །རྩ་བའི་དགོངས་པ་ནི་འདི་ཁོ་ནའོ། །འབུམ་ལས། རྫོགས་པ་ཞེས་པ་མདོ་མེད་ཅིང༌། །སྣང་བ་ཡང་དྲུག་ལས་མེད་དོ། །སྦྱོར་བའི་མཉམ་པ་ཉིད་བཞི་ལ། །ཡུལ་གྱི་ངོ་བོ་དང༌། མཚན་མ་དང༌། སྤྲོས་པ་རློམ་སེམས་བཀག་པའི་དབྱེ་བས་ཡུལ་མཉམ་པ་ཉིད་དུ་བསྒོམ་པའི་མཉམ་ཉིད་གསུམ་དང༌། ཡུལ་ཅན་ལ་རློམ་པ་བཀག་པའི་མཉམ་ཉིད་དང་བཞིའོ། །འབུམ་ལ་ནི་མཉམ་ཉིད་གསུམ་ལས་མི་སྣང་ངོ༌། །དེ་ལ་སྤྱོད་པ་བཀག་པའི་སྦྱོར་བ་ནི་མི་མཐུན་ཕྱོགས་སེལ་བའི་ལྡོག་པ་ནས་བསྟན་ལ། མཉམ་ཉིད་ནི་སྦྱོར་བ་བསྒོམ་ཚུལ་གྱི་རྣམ་པ་དངོས་བཤད་པ་ཡིན་ནོ། །གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་སོགས་ཀྱི་དོན་བསྟན་པ་ནི། གཟུགས་རྟག་པ་བཀག་པ་ན་མི་རྟག་པར་དོན་གྱིས་ཐོབ་པས་རྟག་པའི་ཚུལ་གྱིས་སྒོམ་པ་བཀག་ན་མི་རྟག་པར་སྒོམ་དགོས་སོ་ཞེ་ན། གཟུགས་སོགས་ཆོས་རྣམས་ཀྱི་གནས་ཚུལ་ལ་མཉམ་པར་འཇོག་པ་ན། རྟག་པའི་ཚུལ་གྱིས་སྒོམ་པ་བཀག་པ་ན་མི་རྟག་པར་སྒོམ་མི་དགོས་ཏེ། གནས་ཚུལ་ལ་གཟུགས་སོགས་རྟག་མི་རྟག་གང་དུ་མ་གྲུབ་པའི་ཕྱིར་ཏེ། གནས་ཚུལ་མེད་པའི་ཕྱིར་ཏེ། ངོ་བོ་ཉིད་མེད་པས་སོ། །ལྷག་མ་རྣམས་ཀྱི་བཤད་ཚུལ་ཡང་འདིས་རིག་པར་བྱའོ། །གལ་ཏེ་བྱང་སེམས་མཐོང་ལམ་པ་དེས་མི་རྟག་པའི་རྣམ་པ་མི་སྒོམ་ན་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་མ་ཚང་བས་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་མེད་པའི་ཕྱིར། བྱང་སེམས་སྦྱོར་ལམ་གྱིས་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བའི་བྱང་སེམས་མཐོང་ལམ་གྱི་རྒྱུ་བྱེད་པ་མ་ཡིན་པར་འགྱུར་རོ་ཞེ་ན། ཕུང་པོ་དང་གང་ཟག་གཉིས་ཀ་རང་བཞིན་མེད་པར་རྟོགས་པའི་ཕྱིར་ཏེ། གང་ཟག་རང་བཞིན་མེད་པར་རྟོགས་པའི་ལྡོག་པ་ནས་ཉན་ཐོས་ཀྱི་ཐེག་པའི་རྟོགས་རིགས་ཚང་བར་བརྗོད་དོ། །མི་རྟག་ལ་སོགས་བཅུ་དྲུག་པོ་ཐམས་ཅད་ཀྱི་རྣམ་པ་ཅན་དུ་སྐྱེད་དགོས་པ་ནི་མ་ཡིན་པས་སྐྱོན་མེད་དོ། །རྣམ་པ་གཞན་རྣམས་ནི་སྟོང་བདག་མེད་ཀྱི་རྣམ་པ་ཡོངས་སུ་སྦྱོང་བའི་རྣམ་པ་ཐོབ་ཙམ་ཡིན་གྱི། བདག་འཛིན་དངོས་སུ་སྤོང་བར་བྱེད་པའི་ལམ་གྱི་གཙོ་བོ་ནི་མ་ཡིན་ནོ། །རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་ཞིང༌། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པ་ལྟར་རོ། །ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱའི་ཞེས་སོགས་ཀྱི་དོན་ནི། མཐོང་ལམ་ནི་ཡུལ་མཐོང་བའི་དོན་གྱི་སྒོ་ནས་བསྟན་ལ། སྒོམ་ལམ་ནི་མཐོང་ཟིན་གོམས་པར་བྱེད་པའི་ལྡོག་པ་ནས་བསྟན་ལ། མཐོང་ཟིན་གོམས་པར་བྱེད་པའི་དགོས་པ་ཡང་འབྲས་བུ་མངོན་སུམ་དུ་བྱ་བའི་ཆེད་ཡིན་ནོ། །དོན་འདི་ལ་དགོངས་ནས་ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་གཞན་དོན་དུ་ཡོངས་སུ་ཤེས་པར་བྱ་བ་ཡིན་པས་དེ་མཐོང་བའི་མཐོང་ལམ་རྩ་ཚིག་གིས་ཟིན་པར་དངོས་སུ་བསྟན་པ་ཡིན་གྱི། ཉན་ཐོས་ཀྱི་རྟོགས་རིགས་གོམས་པར་བྱེད་པའི་སྒོམ་ལམ་ནི་དངོས་སུ་མ་བསྟན་ཏེ། དེའི་འབྲས་བུ་མངོན་དུ་མི་བྱེད་པའི་ཕྱིར་རོ། །ཡང་ན་ལམ་ཤེས་ཀྱི་སྐབས་སུ་མཐོང་ལམ་བསྟན་པའི་རྗེས་སུ་སྒོམ་ལམ་བསྟན་པ་ལྟར་འདིར་ཡང་མཐོང་ལམ་གྱི་རྗེས་ཐོག་ཏུ་སྒོམ་ལམ་ཅིའི་ཕྱིར་དངོས་སུ་མ་བསྟན་ཅེ་ན། རྟོགས་རིགས་ནི་གཉིས་ཏེ། ཐེག་ཆེན་ལམ་གྱི་རྟོགས་རིགས་དང༌། ཐེག་དམན་གྱི་ལམ་གྱི་རྟོགས་རིགས་གཉིས་སོ། །ཐེག་པ་ཆེན་པོའི་རྟོགས་རིགས་གོམས་པར་བྱེད་པའི་སྒོམ་ལམ་ནི་སྐབས་གཉིས་པར་བསྟན་ཟིན་ལ། ཉན་རང་གི་རྟོགས་རིགས་གོམས་པར་བྱེད་པའི་སྒོམ་ལམ་ནི་འདིར་མ་བསྟན་ཏེ། སྒོམ་ལམ་ནི་འབྲས་བུ་མངོན་སུམ་མཐོང་ཟིན་གོམས་པར་བྱེད་པའི་དོན་ཅན་གྱི་སྒོ་ནས་བསྟན་པར་བྱ་བ་ཡིན་ལ། ཉན་ཐོས་ཀྱི་ལམ་གྱི་འབྲས་བུ་ནི་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ། །འོ་ན་མཐོང་ལམ་ཡང་མ་བསྟན་པར་འགྱུར་རོ་ཞེ་ན། མཐོང་ལམ་ནི་ཡུལ་མཐོང་བའི་དོན་ཅན་གྱི་སྒོ་ནས་བསྟན་པར་བྱ་བ་ཡིན་པས་ན་ཉན་ཐོས་ཀྱི་ལམ་མཐོང་བའི་སྒོ་ནས་བསྟན་པ་ཡིན་གྱི། ཡུལ་གོམས་པར་བྱེད་པའི་སྒོ་ནས་བསྟན་པ་མ་ཡིན་ནོ། །ཅིའི་ཕྱིར་ཉན་ཐོས་ཀྱི་ལམ་མཐོང་ལམ་གྱི་སྒོ་ནས་མཐོང་བར་བྱེད་དགོས་ཤེ་ན། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་གཞན་དོན་དུ་ཤེས་པར་བྱ་བ་ཡིན་པས་སོ། །འོ་ན་སྒོམ་ལམ་ན་ཉན་རང་གི་རྟོགས་རིགས་མེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། གོམས་པར་བྱེད་མི་དགོས་ཞེས་བསྟན་པ་ཡིན་གྱི། རྟོགས་རིགས་ཡོན་ཏན་ཡར་ལྡན་དུ་མེད་པ་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་ས་བཞིན་ནོ། །དེ་ལྟར་འདི་དང་ཞེས་སོགས་ཀྱི་དོན་ལ་བོད་ཀྱི་སློབ་དཔོན་དུ་མས་ལེའུ་གསུམ་གྱིས་བརྗོད་བྱ་མཁྱེན་པ་རྣམ་པ་གསུམ་པོ་ཡོངས་སུ་རྫོགས་པར་མཛད་ཅེས་འཆད་པ་ནི་ནོར་བ་སྟེ། གང་གིས་རྫོགས་པར་མཛད་པའི་མདོ་ཚིག་ངོས་མ་ཟིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཡོངས་སུ་རྫོགས་པར་མཛད་བྱེད་ཀྱི་མདོ་ནི་ལེའུ་གསུམ་མ་ཡིན་གྱི། ལེའུ་གསུམ་རྫོགས་ཟིན་པའི་མཇུག་ཐོག་ཏུ་གསུངས་པའི་མདོ་ཚིག་གསུམ་གྱིས་རྫོགས་པར་མཛད་པ་ལ་ངོས་གཟུང་དགོས་པའི་ཕྱིར་རོ། །དེས་ན་ལེའུ་གསུམ་གྱི་བརྗོད་བྱ་མཁྱེན་པ་རྣམ་པ་གསུམ་པོ་རྫོགས་པར་མཛད་དོ། །གང་གིས་ན། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་ཞེས་པས་གཞི་ཤེས་དང༌། རབ་འབྱོར་ཡུམ་འདི་ནི་འདོད་པའི་ཁམས་སུ་འདའ་བ་བྱེད་པ་མ་ཡིན་ཞེས་སོགས་ཀྱིས་ལམ་ཤེས་དང༌། རབ་འབྱོར་ཡུམ་འདི་ནི་ཆོས་གང་ལའང་འཇུག་པར་བྱེད་པ་མ་ཡིན་ཞེས་སོགས་ཀྱིས་ནི་རྣམ་མཁྱེན་གྱི་རྣམ་པ་ཡོངས་སུ་རྫོགས་པར་མཛད་དོ་ཞེས་སྦྱར་རོ། །ཐོག་མའི་འདི་ཞེས་པ་ནི་གཞི་ཤེས་ལ་སྦྱར་ཏེ། འཆད་མ་ཐག་པ་ཡིན་པས་སོ། །དེ་ནས་ཡང་འདི་ཞེས་པ་ལམ་ཤེས་ཏེ། གཞི་ཤེས་ལ་ལྟོས་ཏེ་བཤད་མ་ཐག་པ་ཡིན་པའི་ཕྱིར་རོ། །དེ་ནས་ཡང་འདི་ཞེས་པ་གསུམ་པ་ནི་རྣམ་མཁྱེན་ཏེ། ལམ་ཤེས་ལ་ལྟོས་ཏེ་བཤད་མ་ཐག་པ་ཡིན་པས་སོ་ཞེས་པ་ནི་འཕགས་པ་གྲོལ་སྡེའི་བཞེད་པའོ། །སློབ་དཔོན་གྱིས་ནི་དང་པོར་སྨྲོས་པ་འདི་ཞེས་པ་རྣམ་མཁྱེན་དང༌། དེ་ནས་ཡང་འདི་ཞེས་པ་ལམ་ཤེས་དང༌། དེ་ནས་ཡང་འདི་ཞེས་པ་གསུམ་པ་ནི་གཞི་ཤེས་ལ་སྦྱོར་མོད། མི་འཐད་དེ། རྣམ་མཁྱེན་བཤད་མ་ཐག་པ་དང་འཆད་འགྱུར་མ་ཡིན་པས་སོ། །སྐབས་གསུམ་པའི་དཀའ་བའི་གནས་རྣམ་པར་བཤད་པའོ།། །།སྐབས་བཞི་པའི་དོན་གཏན་ལ་འབེབས་པ་ལ་གཉིས་ཏེ། སྦྱོར་བ་སྒོམ་པ་ལ་འཇུག་ཚུལ། སྦྱོར་བ་སྐྱེས་པའི་སྒོམ་རིམ་མོ། །དང་པོ་ལ་ལྔ་སྟེ། བསྒོམ་པར་བྱ་བའི་རྣམ་པ། སྒོམ་པ་པོའི་རྟེན་གྱི་གང་ཟག ཡུལ་ཅན་སྦྱོར་བའི་དབྱེ་བ། སྦྱོར་བའི་སྔོན་འགྲོའི་ཆོས། ཉེ་རྒྱུ་ཐར་པ་ཆ་མཐུན་ནོ། །དང་པོ་ལ་གཉིས་ཏེ། རྣམ་པའི་རང་བཞིན་ངོས་གཟུང༌། ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། རྟོགས་བྱ་དོན་གྱི་རྣམ་པ་དང༌། ཡུལ་ཅན་ཤེས་པའི་རྣམ་པའོ། །དང་པོ་ནི་གཞི་བདེན་བཞིའི་ཁྱད་པར་གྱི་ཆོས་སོ། །དེ་ལ་ཡང་གཉིས་ཏེ། གང་ཟག་གི་བདག་མེད་ཀྱི་དོན་རྣམ་དང༌། ཆོས་ཀྱི་བདག་མེད་ཀྱི་དོན་རྣམ་མོ། །དང་པོ་ལ་སྟོང་བདག་མེད་གཉིས་ནི་སྒྲོ་འདོགས་བཅད་ནས་ཉོན་མོངས་ཀྱི་སྒྲིབ་པ་སྤོང་བའི་དོན་དུ་རྟོགས་པར་བྱ་བའི་གཙོ་བོ་ཡིན་ལ། མི་རྟག་སྡུག་བསྔལ་སོགས་ལྷག་མ་རྣམ་པ་བཅུ་བཞི་ནི་སྟོང་བདག་མེད་ཀྱི་རྟོགས་པ་མཐར་ཕྱིན་པར་བྱ་བའི་ཡན་ལག་གོ །ཆོས་ཀྱི་བདག་མེད་ཀྱི་དོན་རྣམ་ལ་གསུམ་སྟེ། བསྡུས་ཏེ་བསྟན་པ་དང༌། འབྲིང་དུ་བསྟན་པ་དང༌། རྒྱས་པར་དབྱེ་བའོ། །དང་པོ་ནི། མ་ཡིན་དགག་སྒྱུ་མ་ལྟ་བུའི་ཁྱད་པར་དང༌། སྣང་སྟོང་ནམ་མཁའ་ལྟ་བུའི་ཁྱད་པར་རོ། །གཉིས་པ་འབྲིང་དུ་བསྟན་པ་ནི། དངོས་པོ་དང༌། དངོས་པོ་མེད་པ་དང༌། རང་གི་ངོ་བོ་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་བཞིའོ། །གསུམ་པ་རྒྱས་པར་ཕྱེ་བ་ནི་སྟོང་ཉིད་བཅུ་དྲུག་ཏུ་བསྟན་པ་དག་གོ །གཉིས་པ་ཡུལ་ཅན་ཤེས་པའི་རྣམ་པ་ལ་གཉིས་ཏེ། གང་ཟག་གི་བདག་མེད་རྟོགས་པའི་ཤེས་པ་དག་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་པ་རྣམས་སོ། །དང་པོ་ནི་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །དེ་ལ་སྟོང་བདག་མེད་རྟོགས་པའི་ཡེ་ཤེས་ནི་གཙོ་བོ་ཡིན་ལ། གཞན་རྣམས་ནི་དེ་མཐར་ཕྱིན་པར་བྱེད་པའི་ཡན་ལག་གོ །འདི་ནི་ཉན་ཐོས་རྣམས་ཀྱིས་ཉོན་མོངས་སྤངས་པའི་རྣམ་གྲོལ་ལམ་འཐོབ་པའི་ཕྱིར་དུ་ཡང་དང་ཡང་དུ་སྒོམ་པར་བྱ་བ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་དུ་ཤེས་པར་བྱ་བའི་ཡན་ལག་ཀྱང་ཡིན་ནོ། །གཉིས་པ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རྣམ་ལ་མདོར་བསྡུས་པའི་དོན། སློབ་དཔོན་ལེགས་ལྡན་འབྱེད་ལྟར་ན། རྗེས་ཐོབ་ཏུ་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་དང༌། མཉམ་གཞག་ཏུ་སྣང་སྟོང་ནམ་མཁའ་ལྟ་བུར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གཉིས་སོ། །འཕགས་སེང་ལྟར་ན་མཉམ་རྗེས་གཉིས་ཀར་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུའི་དོན་སྒོམ་པར་འདོད་དོ། །འབྲིང་གི་དབྱེ་བ་ནི་དངོས་པོ་དང་དངོས་པོ་མེད་པ་སོགས་སྟོང་ཉིད་བཞི་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །རྒྱས་པར་བཤད་པ་ནི་སྟོང་ཉིད་བཅུ་དྲུག་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །རྣམ་པ་ཤིན་ཏུ་རྒྱས་པའི་དོན་ནི་ལམ་ཤེས་ཀྱི་རྣམ་པའི་སྐབས་སུ་བསྟན་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་སོ། །འདིར་བསྒོམ་བྱའི་རྣམ་པ་ནི་སྔ་རབས་པ་དག་དོན་རྣམ་བསྒོམ་བྱ་ཡིན་ལ། ཤེས་རྣམ་ནི་དོན་རྣམ་སྒོམ་པའི་ཡན་ལག་གོ་ཞེས་འདོད་ལ། འགའ་ཞིག་ནི་གཉིས་ཀ་བསྒོམ་བྱའི་རྣམ་པ་ཡིན་ནོ་ཞེས་སྨྲའོ། །སྐབས་ཀྱི་དོན་ནི་དོན་གྱི་རྣམ་པ་ནི་རྟོགས་བྱའི་རྣམ་པ་ཞེས་ཐ་སྙད་བྱེད་པའོ། །ཡུལ་ཅན་ཡེ་ཤེས་ཀྱི་རྣམ་པ་ནི་བསྒོམ་བྱའི་རྣམ་པ་ཞེས་བྱ་སྟེ། གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་པ་གཉིས་ཐོག་མར་ཐོས་བསམ་གྱིས་རྣམ་པར་རྟོགས་པར་བྱས་ནས། ཐོས་བསམ་གྱི་བློའི་རིགས་རྒྱུན་ཉིད་གོམས་པར་བྱེད་པ་ལ་སྒོམ་པ་ཞེས་བྱ་བའི་ཐ་སྙད་བྱེད་པའི་ཕྱིར་རོ། །སྔོན་གྱི་མཁས་པ་དག་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པའི་གནས་སྐབས་ནི་གཉིས་ཏེ། སྙིང་པོའི་དོན་ཡིད་ལ་བྱེད་པ་དང༌། མངོན་པར་རྟོགས་པའི་རིམ་པ་ཡིད་ལ་བྱེད་པའོ། །སྙིང་པོའི་དོན་ཡིད་ལ་བྱེད་པ་ནི། བདག་མེད་པའི་དོན་བསྒོམ་པ་ཡིན་ལ། མངོན་པར་རྟོགས་པའི་རིམ་པ་ཡིད་ལ་བྱེད་པ་ནི་འདིར་མཁྱེན་གསུམ་བསྒོམ་པར་བཤད་པ་ལྟ་བུའོ་ཞེས་གསུངས་སོ། །ཡུལ་སྐྱེ་མེད་གསུམ་ནི་རྟོགས་བྱ་ཡིན་ལ། སྐྱེ་མེད་གསུམ་རྟོགས་པའི་ཡུལ་ཅན་མཁྱེན་པ་གསུམ་གྱི་བློའི་རིགས་རྒྱུན་གོམས་པར་བྱེད་པ་ལ་མཁྱེན་གསུམ་བསྒོམ་ཞེས་བསྟན་དགོས་ཏེ། བདག་མེད་གཉིས་བསྒོམ་པའི་དོན་ཡང་བདག་མེད་རྟོགས་པའི་བློའི་རིགས་རྒྱུན་གོམས་པ་ལ་བཤད་པར་བྱ་བ་ཡིན་པས་ན་བར་གྱི་ཚིག་མི་མངོན་པར་བྱས་པ་སྟེ། མར་གྱིས་གང་བའི་བུམ་པ་ལ་མར་གྱི་བུམ་པ་ཞེས་བརྗོད་པ་བཞིན་ནོ། །འགའ་ཞིག་མདོར་བསྟན་དུ་ཤེས་རྣམ་དང་རྒྱས་བཤད་དུ་དོན་རྣམ་བསྟན་ཞེས་འཆད་པ་ཡང་མི་འཐད་དོ། །མདོར་བསྟན་གྱིས་བསྟན་པ་དག་རྒྱས་བཤད་ཀྱིས་དེ་ཉིད་བསྟན་པའི་ཕྱིར་རོ། །འོ་ན་རྒྱས་བཤད་དུ་མེད་པ་དང་མི་སྐྱེ་བ་སོགས་རྨི་ལམ་སྒྲ་བརྙན་སོགས་ཀྱི་རྣམ་པ་རྣམས་སུ་དངོས་སུ་བཤད་པ་མ་ཡིན་ནམ་ཞེ་ན། འདིར་མི་སྐྱེ་བའི་རྣམ་པ་ནི་མི་སྐྱེ་བ་རྟོགས་པའི་བློའི་འཛིན་སྟངས་ཀྱི་བྱེ་བྲག་ཉིད་ལ་ངོས་གཟུང་དགོས་ཏེ། བརྒྱད་སྟོང་འགྲེལ་པ་ལས། རྣམ་པ་ནི་བློའི་འཛིན་སྟངས་ཀྱི་བྱེ་བྲག་ཉིད་ལ་བྱ་སྟེ་ཞེས་པ་དང༌། དབྱིག་གཉེན་གྱིས་ཀྱང༌། རྣམ་པ་ནི་སེམས་སེམས་བྱུང་རྣམས་ཀྱིས་དམིགས་པ་འཛིན་པའི་འཛིན་སྟངས་ཀྱི་བྱེ་བྲག་ཞིག་སྟེ་ཞེས་གསུངས་པ་ལྟར་རོ། །འདིར་བསྟན་པའི་རྣམ་པ་ནི་བསྒོམ་བྱའི་རྣམ་པ་ཡིན་པས་ཚུལ་དེ་ལྟར་བཤད་དགོས་སོ། །རྨི་ལམ་གྱི་རྣམ་པ་ཞེས་བཤད་པ་ཡང་ཕྱི་རོལ་གྱི་དོན་དུ་སྣང་བ་རྨི་ལམ་ལྟར་ངོ་བོ་ཉིད་མེད་པར་རྟོགས་པའི་བློའི་འཛིན་སྟངས་ཀྱི་བྱེ་བྲག་གོ །ལྷག་མ་རྣམས་ཀྱང་འདི་བཞིན་ནོ། །བསྒོམ་བྱའི་རྣམ་པ་བསྟན་ཟིན་ཏོ། །གཉིས་པ་ཇི་ལྟར་སྒོམ་པའི་ཚུལ་ནི། ཐོག་མར་བདེན་པ་བཞི་དམིགས་ཡུལ་དུ་བྱས་ནས་བདེན་པ་བཞི་ལ་སྒྲོ་འདོགས་གཅོད་པའི་བྱེ་བྲག་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་དང་བདག་གིར་འཛིན་པ་སོགས་ཀྱི་གཉེན་པོར་བདེན་བཞི་ལ་དམིགས་ཏེ། མི་རྟག་སྡུག་བསྔལ་སོགས་སུ་ཐོས་བསམ་གྱིས་རྟོགས་པར་བྱས་ནས། རྟོགས་པའི་བློའི་རིགས་རྒྱུན་ཡང་དང་ཡང་དུ་གོམས་པར་བྱེད་པ་ལ་སྒོམ་ཞེས་ཐ་སྙད་བྱེད་དོ། །འོ་ན་ཚོགས་ལམ་དུ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཇི་ལྟར་བསྒོམ་ཞེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་རྒྱུ་དང་རྒྱུ་མ་ཡིན་པའི་རབ་དབྱེ་མ་ལུས་པ་མཁྱེན་པ་ལ་གཞན་གྱིས་ཀླན་ཀས་བརྫི་བར་མི་ནུས་པ་མཐར་ཐུག་ཐོབ་པ་ལ་བརྗོད་པ་ཡིན་པས་ཚོགས་ལམ་ན་སྟོབས་ཀྱི་ངོ་བོ་ཉིད་མེད་ཀྱང་རྒྱུ་དང་རྒྱུ་མ་ཡིན་པའི་རབ་དབྱེའི་ཆ་ཤས་ཐོས་བསམ་གྱིས་ཅུང་ཟད་རྟོགས་པ་ཡོད་ལ། རྟོགས་པ་དེའི་རིགས་རྒྱུན་གོམས་པར་བྱེད་ཅིང༌། དེ་མཐར་ཕྱིན་པ་ན་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱི་ངོ་བོར་གནས་འགྱུར་བ་ཡིན་ནོ། །ཡང་ཚོགས་ལམ་དུ་བདེན་པ་བཞི་ཐོས་བསམ་གྱིས་ཡོངས་སུ་ཤེས་ཤིང་དེ་ཉིད་ཀྱི་བློའི་རིགས་རྒྱུན་གོམས་པར་བྱེད་པ་ཡོད་ལ། དེ་མཐར་ཕྱིན་པ་ན་མི་འཇིགས་པ་བཞིའི་ངོ་བོར་གནས་འགྱུར་བ་ཡིན་ནོ། །འདིར་མི་འཇིགས་པའི་དམ་བཅའ་ནི་བདེན་པ་བཞི་ཤེས་པ་མཐར་ཕྱིན་པ་ལ་བཤད་དོ། །ཡང་ཚོགས་ལམ་དུ་ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་དང༌། ཆོས་རྣམས་ཀྱི་ངེས་པའི་ཚིག་གི་ཆ་ཤས་ཤེས་པ་དང༌། དེ་གཞན་ལ་འཆད་པའི་སྤོབས་པ་ཆ་མཐུན་ཡང་ཡོད་པས་དེ་སྒོམ་པར་བྱེད་པ་ཡོད་དོ། །དེ་མཐར་ཕྱིན་པ་ནི་སོ་སོ་ཡང་དག་པ་རིག་པ་བཞི་ཐོབ་པ་ཡིན་ནོ། །དེ་བཞིན་ཉིད་ཀྱི་རྣམ་པ་དང་རང་བྱུང་གི་རྣམ་པ་དང༌། སངས་རྒྱས་ཉིད་ཀྱི་རྣམ་པའི་ཆ་མཐུན་ཡང་དེ་ནས་ཡོད་དོ། །གཞུང་གི་དོན་ནི། སྡུག་བསྔལ་གྱི་བདེན་པ་ལ་དམིགས་ནས་དེའི་ཁྱད་པར་བྱེད་ཆོས་མི་རྟག་པ་ལ་དམིགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ནི་སྡུག་བསྔལ་གྱི་བདེན་པ་ལ་རྟག་པར་འཛིན་པའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཆོས་ཀྱི་ངོ་བོ་ཉིད་དོ། །སྡུག་བསྔལ་ལ་དམིགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ནི་བདེ་བ་དང་གཙང་བར་འཛིན་པའི་མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཆོས་ཀྱི་ངོ་བོ་ཉིད་དོ། །སྟོང་པ་དང་བདག་མེད་ལ་དམིགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ནི་བདག་དང་བདག་གིར་འཛིན་པའི་མི་མཐུན་མན་འདྲ། རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་གྱི་རྣམ་པ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ནི། ལས་དང་ཉོན་མོངས་པ་གཉིས་སྡུག་བསྔལ་གྱི་རྒྱུ་མིན་པ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་སོགས་ཀུན་མི་འབྱུང་བ་དང༌། སྡུག་བསྔལ་དྲག་ཏུ་རབ་ཏུ་མི་བསྐྱེད་པ་དང༌། སྡུག་བསྔལ་ཡང་དང་ཡང་དུ་འབྱུང་བའི་རྐྱེན་མིན་པར་འཛིན་པའི་མི་མཐུན་མན་འདྲ། འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ནི། བདག་མེད་ཀྱི་ལམ་གྱིས་ཐོབ་པའི་འབྲས་བུ་ནི་སྡུག་བསྔལ་འགོག་པ་མིན་པ་དང༌། ལས་ཉོན་མ་ཞི་བ་དང༌། གྱ་ནོམ་མིན་པ་དང༌། གཏན་དུ་ངེས་པར་འབྱུང་བ་མིན་པར་འཛིན་པའི་མི་མཐུན་མན་འདྲ། ལམ་རིགས་པ་སྒྲུབ་པ་ངེས་འབྱིན་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ནི། བདག་མེད་རྟོགས་པའི་ལམ་གྱིས་ཐར་པ་བགྲོད་པར་མི་བྱེད་པ་དང༌། བདག་མེད་རྟོགས་པས་ལམ་དུ་མི་རིགས་པ་དང༌། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་བྱེད་མིན་པ་དང༌། གཏན་དུ་བའི་གནས་སུ་ངེས་པར་འབྱིན་བྱེད་མིན་པར་འཛིན་པའི་མི་མཐུན་མན་འདྲ། ཡེ་ཤེས་འདི་དག་ནི་མི་མཐུན་ཕྱོགས་རྟག་འཛིན་སོགས་ཀྱི་གཉེན་པོར་བསྒོམ་པར་བྱ་བའི་ཤེས་རྣམ་གྱི་མཚན་ཉིད་དོ། །མཁྱེན་པ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་གསུམ་དུ་ཕྱེ་བར་མ་ཟད་ཤེས་རྣམ་དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་ཁོ་ནར་བཤད་དོ། །ཁོ་ན་ཞེས་པའི་སྒྲའི་དོན་ནི་མཁྱེན་པ་གསུམ་དུ་མ་འདུས་པའི་གཉེན་པོའི་ཤེས་རྣམ་མེད་ཅེས་པའི་དོན་ནོ། །ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཞེས་སོགས་ཀྱི་དོན་ལ། ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པས་ན་སྒྲིབ་པ་ཞེས་བྱ་ལ། དབྱེ་བ་ལ་གཉིས་སུ་དབྱེ་བ་དང༌། གསུམ་དུ་དབྱེ་བ་དང༌། ལྔར་དབྱེ་བའོ། །དང་པོ་ནི། ལྷག་མཐོང་གི་མི་མཐུན་ཕྱོགས་ཀྱི་དབང་དུ་བྱས་ནས་གཉིས་ཏེ། གང་ཟག་གི་བདག་མེད་རྟོགས་པས་སྤང་བར་བྱ་བ་དང༌། ཆོས་ཀྱི་བདག་མེད་རྟོགས་པས་སྤང་བར་བྱ་བ་གཉིས་སུ་ངེས་པའི་ཕྱིར་རོ། །དེ་ལ་ཉོན་སྒྲིབ་ནི་གང་ཟག་གི་བདག་མེད་རྟོགས་པས་སྤང་བར་བྱ་བ་ཡིན་ལ། ཤེས་སྒྲིབ་ནི་ཆོས་ཀྱི་བདག་མེད་རྟོགས་པས་སྤང་བར་བྱ་བ་ཡིན་ནོ། །གསུམ་དུ་དབྱེ་བའི་ཚུལ་ནི་གསུམ་སྟེ། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། སྙོམས་འཇུག་གི་སྒྲིབ་པ་དང་གསུམ་མོ། །རྒྱུད་བླ་མ་ལས། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །ཞེས་གསུངས་པ་ལྟར་རོ། །འདིར་སྙོམས་འཇུག་གི་སྒྲིབ་པ་ལོགས་སུ་བསྟན་པ་ནི་ཞི་གནས་དང་ལྷག་མཐོང་གཉིས་ལས་ལྷག་མཐོང་གི་མི་མཐུན་ཕྱོགས་ཀྱི་དབང་དུ་བྱས་ནས་ཉོན་སྒྲིབ་ཤེས་སྒྲིབ་གཉིས་དང༌། ཞི་གནས་ཀྱི་མི་མཐུན་ཕྱོགས་ཀྱི་དབང་དུ་བྱས་ནས་སྙོམས་འཇུག་གི་སྒྲིབ་པ་ལོགས་སུ་བཞག་གོ །ཡང་ཉོན་མོངས་པའི་སྒྲིབ་པ་དང༌། ལས་ཀྱི་སྒྲིབ་པ་དང༌། རྣམ་སྨིན་གྱི་སྒྲིབ་པ་གསུམ་མོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་ཉོན་མོངས་ཙམ་ལ་བརྗོད་པ་མ་ཡིན་གྱི། གཉེན་པོའི་གོ་སྐབས་མི་འབྱེད་པའི་ཉོན་མོངས་པ་ཤིན་ཏུ་ནུས་ལྡན་ལ་བརྗོད་དོ། །ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལྔའི་ལས་སོ། །རྣམ་སྨིན་གྱི་སྒྲིབ་པ་ནི་བདེན་པ་མཐོང་བ་དང་འགལ་བའི་རྣམ་སྨིན་ཏེ། ངན་སོང་གསུམ་དང་སྒྲ་མི་སྙན་པའི་རྣམ་སྨིན་གྱི་ཕུང་པོའོ། །མཛོད་ལས། མཚམས་མེད་པ་ཡི་ལས་རྣམས་དང༌། །ཉོན་མོངས་ཤས་ཆེ་ངན་འགྲོ་དང༌། །སྒྲ་མི་སྙན་པའི་སྒྲིབ་གསུམ་འདོད། །ཅེས་པ་ལྟར་རོ། །སྒྲིབ་པ་ལྔར་དབྱེ་བ་ནི་འདིར། སྒྲིབ་པ་ནི། རྣམ་པ་ལྔ་དང་མི་འགྲོགས་དང༌། །ཞེས་པ་ལྟར་ཏེ་འོག་ནས་གཞུང་གི་སྐབས་སུ་བསྟན་ནོ། །འདིར་རང་སངས་རྒྱས་ཀྱི་ལམ་ལ་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་དམིགས་སུ་མེད་པར་རྟོགས་པ་སོགས་རྣམ་པ་དྲུག་གསུངས་བའི་དོན་ནི། རྣམ་པ་དྲུག་པོ་འདིས་ཀྱང་རང་སངས་རྒྱས་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བསྟན་པ་མ་ཡིན་ནམ་ཞེ་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སོགས་རང་གི་ཡུལ་ཅན་ཤེས་པ་ལས་ཐ་དད་དུ་སྣང་བ་ལྟརཾ་ཡུལ་ཅན་ཤེས་པ་ལས་ལོགས་ཤིག་ཏུ་འཆད་པར་སྣང་བ་ལྟརཾ་བདེན་པར་འཛིན་པའི་གཉེན་པོ་བྱེད་ཅིང་ཡུལ་ཅན་ཤེས་པ་ལས་ཐ་དད་དུ་བདེན་པར་དམིགས་སུ་མེད་པར་རྟོགས་པའི་ལྡོག་པ་ནས་བསྟན་པ་ཡིན་གྱི། ཀུན་ནས་ཉོན་མོངས་སོགས་ཀྱི་རང་གི་ངོ་བོའི་ལྡོག་པ་ནས་རང་བཞིན་མེད་པར་རྟོགས་པ་ནི་མ་ཡིན་ནོ། །དེ་ཡང་དཔེར་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སོགས་ཡུལ་ཅན་ཤེས་པ་ལས་ཐ་དད་དུ་བདེན་པར་དམིགས་སུ་མེད་པ་ཉིད་དུ་རྟོགས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སོགས་ཡུལ་ཅན་ཤེས་པ་ལས་ཐ་དད་དུ་བདེན་པར་རྟོགས་པའི་གཉེན་པོར་གྱུར་པ་དག་ཡིན་ནོ་ཞེས་བཤད་དགོས་པ་ལྟ་བུའོ། །གཞན་དག་ནི་ཐེ་ཚོམ་ཙམ་ཡང་མ་ཞུགས་ན་དོན་ཤེས་པ་ལྟ་ག་ལ་ཞིག རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །ཞེས་སོགས་ལ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་གསུངས་པའི་བདེན་བཞིའི་རྣམ་པར་ཁོ་ནར་གསུང་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་ཆོས་མངོན་པ་དང་རེ་རེ་ནས་སྦྱོར་བར་མཛད་ཅེ་ན། ཆོས་མངོན་པ་ནས་གསུངས་པའི་རྣམ་པ་དང་སྦྱར་ནས་དོན་གཅིག་ཏུ་བསྟན་པ་ན་ཐེག་ཆེན་བཀར་སྒྲུབ་བྱེད་དགོས་པའི་ཉན་ཐོས་རྣམས་ཀྱི་ཐེ་ཚོམ་སེལ་བར་བྱ་བ་ལ་དགོངས་ནས་གསུངས་སོ། །ལམ་བདེན་གྱི་རྣམ་པ་བདུན་ལས་ངེས་འབྱིན་གྱི་རྣམ་པ་ལ་འཐད་པ་མ་བཀོད་པའི་དོན་ནི་སྔ་མ་རྣམས་ལ་འཐད་པ་བཀོད་པ་ཉིད་ཀྱིས་ཕྱི་མ་ལ་ཡང་སྒྲོ་འདོགས་གཅོད་ནུས་པར་དགོངས་ནས་མ་བཀོད་དོ། །སྡུག་བསྔལ་གྱི་བདེན་པའི་རྣམ་པ་ལྔ་ལ་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་པོ་ལ་རང་གི་མཚན་ཉིད་ཀྱི་རྣམ་པ་ཞེས་བརྗོད་ནས་ལྔ་པ་སྤྲོས་པའི་མཚན་མ་གང་ཡང་མེད་པའི་ངོ་བོ་ཉིད་ལ་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ཞེས་བརྗོད་པའི་དོན་ནི་སྔ་མ་བཞི་ནི་གང་ཟག་གི་བདག་མེད་ཀྱི་རྣམ་པ་ཡིན་པས་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཁོ་ན་ལ་དམིགས་ནས་སྒྲོ་འདོགས་གཅོད་པའི་རྣམ་པ་ཡིན་ལ། ལྔ་པ་ནི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་དང་མ་བསྡུས་པ་ཐམས་ཅད་ལ་ཁྱབ་པར་སྒྲོ་འདོགས་གཅོད་པའི་རྣམ་པ་ཡིན་པའི་ཕྱིར་རིམ་པ་བཞིན་དུ་རང་གི་མཚན་ཉིད་ཀྱི་རྣམ་པ་དང་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ཞེས་བརྗོད་དོ། །གང་ཟག་གི་བདག་མེད་ཀྱི་རྣམ་པ་ལ་ཡང་སྟོང་བདག་མེད་གཉིས་ནི་སྤྱིའི་རྣམ་པ་ཡིན་ཏེ། བདེན་པ་བཞི་ཀ་ལ་ཁྱབ་པའི་རྣམ་པ་ཡིན་པའི་ཕྱིར། མི་རྟག་སྡུག་བསྔལ་གཉིས་ནི་བདེན་པ་བཞི་ཀ་ལ་ཁྱབ་པ་མ་ཡིན་པས་གཞན་གཉིས་ལ་ལྟོས་ནས་རང་གི་མཚན་ཉིད་ཀྱི་རྣམ་པ་ཞེས་བརྗོད་དོ། །རྣམ་པ་གཉིས་པོ་ལ་ཡང་མི་རྟག་པ་ནི་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་བདེན་གསུམ་ཀ་ལ་ཁྱབ་པ་ཡིན་པས་སྡུག་བསྔལ་གྱི་རྣམ་པ་ལ་ལྟོས་ཏེ་སྤྱིའི་མཚན་ཉིད་ཡིན་ལ། སྡུག་བསྔལ་བ་ནི་ལམ་བདེན་ལ་མ་ཁྱབ་པའི་ཕྱིར་དེ་ལྟར་མིན་ནོ། །བཏགས་པའི་སྣོད་ཀྱི་འཇིག་རྟེན་དང་ཞེས་སོགས་ཀྱི་དོན་ནི་དབུ་མ་པས་ཆོས་ཐམས་ཅད་བཏགས་པ་ཙམ་དུ་འདོད་པ་ཡིན་གྱི། ངོ་བོ་ཉིད་ཀྱིས་གྲུབ་པ་ཅུང་ཟད་ཀྱང་མི་འདོད་དོ་ཞེས་པའི་དོན་དུ་སྨྲོས་པ་ཡིན་ལ། འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །ངེས་པར་འབྱུང་བའི་རྣམ་པ་ཁོ་ན་ངོ་བོ་ཉིད་དགག་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་སྟེ་ཞེས་པའི་དོན་ནི་གང་ངེས་པར་འབྱུང་བའི་རྣམ་པ་ཁོ་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཞེན་པ་དགག་པས་རབ་ཏུ་ཕྱེ་བ་ཡིན་ནོ། །འཕགས་སེང་གཉིས་ཀྱིས་ནི་སྟོང་ཉིད་ཐ་མ་བཞི་པོ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདི་ལ་བསྡུས་པར་འདོད་ཅིང༌། ཤཱནྟི་པས་ནི་དངོས་པོ་སྟོང་པ་ཉིད་དང་དངོས་པོ་མེད་པ་སྟོང་པ་ཉིད་གཉིས་ནི་འདུས་བྱས་དང་འདུས་མ་བྱས་སྟོང་པ་ཉིད་གཉིས་སུ་སྡུད་ལ། རང་གི་ངོ་བོ་དང་གཞན་གྱི་ངོ་བོ་སྟོང་པ་ཉིད་གཉིས་ནི་རང་བཞིན་སྟོང་པ་ཉིད་ཀྱི་ནང་དུ་འདུས་པར་བཞེད་པ་ཉིད་ལེགས་སོ། །དྲན་པ་ཉེར་གཞག་ཅེས་སོགས་ཀྱི་དོན་ནི། བཞེད་དོ་ཞེས་བཤད་པའི་གཞིའོ། །གང་ན་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ཀྱི་དྲན་པ་ཉེར་གཞག་ནས་བཟུང་སྟེ། འཕགས་ལམ་ཡན་ལག་བརྒྱད་ཀྱི་བར་ནི་གྲངས་བཞིན་དུ་ཉན་ཐོས་རྣམས་ལ་ཡོད་པའི་རྣམ་པ་སུམ་ཅུ་རྩ་བདུན་དང་རྗེས་སུ་མཐུན་པ་དང༌། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་རྣམ་ཐར་སྒོ་གསུམ་ནས་སངས་རྒྱས་ཉིད་ཀྱི་རྣམ་པའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པའི་སུམ་ཅུ་རྩ་བཞི་དང་རྗེས་སུ་མཐུན་པ་དང༌། སངས་རྒྱས་ཁོ་ནའི་ཐུགས་རྒྱུད་ལ་ཡོད་པའི་སྟོབས་བཅུ་ནས་སངས་རྒྱས་ཉིད་ཀྱི་རྣམ་པའི་མཐར་ཐུག་པའི་བར་སུམ་ཅུ་སོ་དགུ་རྣམས་ནི་ཐུན་མོང་མ་ཡིན་པར་བཞེད་དོ་ཞེས་བྱ་བ་ཡིན་ནོ། །འདིར་ཡུམ་རྒྱས་པ་ལས། སྙིང་རྗེ་ཆེན་པོ་ཞེས་ལྷག་པོ་སྣང་བས་བཞི་བཅུ་དག་ཏུ་བཞེད་པ་ཡིན་ཞེས་པའི་གཞུང་སྦྱར་དགོས་སོ། །ཅིའི་ཕྱིར་རྣམ་མཁྱེན་གྱི་རྣམ་པ་སྟོན་པའི་སྐབས་འདིར་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་རྗེས་སུ་མཐུན་པ་ཡང་རྣམ་པར་བཞག་ཅེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་གསུམ་པོ་ཐམས་ཅད་ཀྱི་རྟོགས་རིགས་ཡོན་ཏན་ཡར་ལྡན་དུ་བསྡུས་པའི་ཕྱིར་རོ། །གང་གི་སྒོ་ནས་ཡོན་ཏན་ཡར་ལྡན་དུ་བསྡུས་ཤེ་ན། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་རྣམ་པ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ལམ་ཡིན་པའི་སྒོ་ནས་བསྡུས་སོ། །སངས་རྒྱས་ལ་མཁྱེན་གསུམ་མེད་པར་འདོད་པ་དག་ནི་གཞུང་འདི་ཉིད་ཀྱིས་རྣམ་པར་བསལ་བ་ཡིན་ནོ། །གང་དག་རྣམ་མཁྱེན་གྱི་ཡུལ་གྱི་རྣམ་པ་ལ་རྣམ་མཁྱེན་གྱི་རྣམ་པ་ཞེས་བརྟན་པར་འདོད་པ་དག་གིས་ནི་མ་རྟོགས་ཏེ། དེ་ལྟར་ཡིན་ན་རྣམ་མཁྱེན་གྱི་རྣམ་པ་ལ་གསུམ་དུ་འབྱེད་པའི་རྟགས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་བསྡུས་པའི་ཕྱིར་རོ་ཞེས་སྨྲོས་པ་དོན་མེད་པར་འགྱུར་རོ། །འདིར་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པའི་སུམ་ཅུ་སོ་བདུན་དང་རྗེས་སུ་མཐུན་ཞེས་བཤད་ན། གང་དུ་རྗེས་སུ་མཐུན་པའི་ཡུལ་སོ་བདུན་པོ་གང་ཞེ་ན། དེ་ལ་དང་པོ་དྲན་པ་ཉེ་བར་གཞག་པ་སྟོན་པ་ལ་ལྔ་སྟེ། གང་ལ་དམིགས་པའི་ཡུལ། ཡུལ་ཅན་དྲན་པ་ཉེར་གཞག་གི་ངོ་བོ། མཚུངས་ལྡན་གྱི་གྲོགས། ཇི་ལྟར་བསྒོམ་པའི་ཚུལ། བསྒོམས་པའི་འབྲས་བུའོ། །དེ་ལ་དང་པོ་གང་ལ་དམིགས་པའི་ཡུལ་ནི། ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་སོ། །ཅིའི་ཕྱིར་བཞི་པོ་འདི་དམིགས་པའི་རྣམ་པར་བཞག་ཅེ་ན། སོ་སོ་སྐྱེ་བོ་རྣམས་ལུས་ལ་བདག་གི་རྟེན་གྱི་དངོས་པོ་དང༌། ཚོར་བ་ལ་བདག་གི་ལོངས་སྤྱོད་ཀྱི་གཞི་དང༌། སེམས་ལ་བདག་གི་དངོས་པོ་དང༌། ཆོས་ལ་བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོར་སྒྲོ་འདོགས་པ་ན། ཕྱིན་ཅི་ལོག་བཞི་པོ་ལྡོག་པའི་དོན་དུ་ལུས་ལ་སོགས་པའི་དངོས་པོ་བཞི་དྲན་པ་ཉེ་བར་གཞག་པའི་དམིགས་ཡུལ་དུ་བསྟན་ཏོ། །ཅིའི་ཕྱིར་བཞི་པོ་འདི་དག་དམིགས་པར་བཞག་པས་ཕྱིན་ཅི་ལོག་བཞི་ལྡོག་ཅེ་ན། ལུས་ལ་སོགས་པ་འདི་དག་ལ་རང་སྤྱིའི་མཚན་ཉིད་གཉིས་གཉིས་ཀྱིས་བརྟགས་ནས་སྒོམ་པ་ན་བདག་མེད་པར་ཁོང་དུ་ཆུད་ལ། བདག་མེད་དུ་ཁོང་དུ་ཆུད་པས། གང་ཟག་གི་རྟེན་གྱི་དངོས་པོ་སོགས་སུ་ཞེན་པའི་གོ་སྐབས་མེད་པའི་ཕྱིར་ཏེ། བདག་མེད་པར་རྟོགས་ན་བདག་གི་རྟེན་གྱི་དངོས་པོ་རྟོགས་པ་མི་འབྱུང་བའི་ཕྱིར། ཁྱད་གཞི་མེད་པར་རྟོགས་པས་ཁྱད་ཆོས་སུ་རྟོགས་པ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ཡུལ་ཅན་དྲན་པ་ཉེར་གཞག་གི་ངོ་བོ་ནི། ལུས་ལ་སོགས་པའི་དམིགས་པ་དེ་ལ་རྗེས་སུ་ལྟ་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །དེ་ལ་ཏིང་ངེ་འཛིན་གྱིས་ནི་དམིགས་པ་ལ་སེམས་འཛིན་པར་བྱེད་ལ། ཤེས་རབ་ཀྱིས་ནི་ཏིང་ངེ་འཛིན་གྱིས་ཡོངས་སུ་འཛིན་པའི་དམིགས་པ་དེ་ཉིད་ཀྱི་གནས་ཚུལ་རྟོགས་པར་བྱེད་དོ། །གསུམ་པ་གྲོགས་ནི། ཏིང་ངེ་འཛིན་དང་ཤེས་རབ་དེ་གཉིས་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་རྣམས་སོ། །བཞི་པ་ཇི་ལྟར་སྒོམ་པའི་ཚུལ་ནི། དམཾིགཾས་པཾ་མེདཾ་པཾར་བསྒོཾམ་མོཾ། །དེ་ལ་ལུས་ནི་རང་གི་མཚན་ཉིད་ཀྱི་སྒོ་ནས་མི་གཙང་བར་སྒོམ་ཞིང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བདག་མེད་པར་སྒོམ་མོ། །ཚོར་བ་ནི་རང་གི་མཚན་ཉིད་ཀྱིས་སྡུག་བསྔལ་བ་དང་སྤྱིའི་མཚན་ཉིད་ཀྱིས་བདག་མེད་པ་དང༌། སེམས་རང་གི་མཚན་ཉིད་ཀྱིས་མི་རྟག་པ་དང་སྤྱིའི་མཚན་ཉིད་ཀྱིས་བདག་མེད་པ་དང༌། ཆོས་རང་གི་མཚན་ཉིད་ཀུན་ནས་ཉོན་མོངས་པར་བྱེད་པ་དང་རྣམ་པར་བྱང་བར་བྱེད་པ་དང་སྤྱིའི་མཚན་ཉིད་ཀྱིས་བདག་མེད་པ་སྟེ། དམིགས་པ་བཞི་པོ་འདི་དག་ལ་ཤེས་རབ་ཀྱིས་རང་དང་སྤྱིའི་མཚན་ཉིད་གཉིས་ཀྱིས་བརྟགས་ནས་བརྟགས་པའི་དོན་ལ་ཏིང་ངེ་འཛིན་གྱི་སྒོ་ནས་གོམས་པར་བྱེད་དོ། །ལྔ་པ་བསྒོམས་པའི་འབྲས་བུ་ལ་གནས་སྐབས་ཀྱི་འབྲས་བུ་ནི། ལུས་ལ་སོགས་པའི་དམིགས་ཡུལ་བཞི་པོ་ལ་ཕྱིན་ཅི་ལོག་ཏུ་རྟོག་པ་བཞི་སྤོང་བ་དང༌། མཐར་ཐུག་གི་འབྲས་བུ་ཟག་བཅས་ཀྱི་ཡུལ་ལ་སོགས་པ་དང་བྲལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དྲན་པ་ཉེ་བར་གཞག་པའི་སྒོམ་ཚུལ་ནི། སྔ་མ་ཉན་ཐོས་ཀྱི་སྐབས་སུ་བཤད་པ་བཞིན་དུ་ལུས་ལ་སོགས་པ་ལ་དམིགས་ནས་མི་གཙང་བ་དང་སྡུག་བསྔལ་དང་མི་རྟག་པ་དང་བདག་མེད་པར་འདུ་ཤེས་པ་རྣམས་ཀྱང་རང་བཞིན་མེད་པར་ཤེས་པར་བྱེད་ཅིང༌། རང་ཉིད་ཀྱང་བདེན་པ་བཞི་ལ་འཇུག་ཅིང་གཞན་དག་ཀྱང་དེ་ལ་དགོད་པར་མཛད་དོ། །ཉན་ཐོས་ཀྱིས་ནི་རང་གི་ལུས་ལ་སོགས་པ་ཁོ་ན་ལ་དམིགས་ལ། བྱང་ཆུབ་སེམས་དཔས་ནི་རང་གཞན་གྱི་ལུས་ལ་སོགས་པ་ལ་བྱེ་བྲག་མེད་པར་དམིགས་པར་བྱེད་དོ། །ཇི་ལྟར་ཤེས་པའི་ཚུལ་ནི། ལུས་ནི་སྒྱུ་མ་ལྟ་བུ་དང༌། ཚོར་བ་ནི་རྨི་ལམ་ལྟ་བུ་དང༌། སེམས་ནི་འོད་གསལ་བ་དང༌། དྲི་མའི་ཆོས་རྣམས་ནི་གློ་བུར་བ་ཤེས་ཤིང༌། གཉེན་པོ་རྣམ་པར་བྱང་བ་རྣམས་ཀྱང་རང་བཞིན་མེད་པར་ཡོངས་སུ་ཤེས་སོ། །ཡང་དག་སྤོང་བ་བཞི་ལ་ངོ་བོ་ནི། མི་དགེ་བ་མ་སྐྱེས་པ་མི་བསྐྱེད་ཅིང་སྐྱེས་པ་སྤང་བ་དང༌། དགེ་བ་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་སྤེལ་བའི་བརྩོན་འགྲུས་དང་ཏིང་ངེ་འཛིན་མཚུངས་ལྡན་ནོ། །དབྱེ་བ་ནི་བླང་བྱ་ལ་འཇུག་པ་གཉིས་དང༌། དོར་བྱ་ལ་དགག་པ་གཉིས་ཀྱི་དབྱེ་བས་བཞིའོ། །སྒོམ་ཚུལ་ནི་མི་དགེ་བ་སྐྱེས་པ་སྤོང་བ་ལ་བདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ་ལ་བདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །དགེ་བའི་ཆོས་སྐྱེས་པ་སྤེལ་བ་དང༌། མ་སྐྱེས་པ་བསྐྱེད་པ་ལ་ཡང་ཚུལ་དེ་བཞིན་ནོ། །འདི་དག་གི་དོན་ཡང་འདུན་པ་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འབད་དོ། །བསྒོམ་པའི་ཚུལ་ནི་ཞི་གནས་དང་རབ་ཏུ་འཛིན་པ་དང༌། བྱིང་རྒོད་དང་བྲལ་བའི་བཏང་སྙོམས་དང་བཅས་ཏེ་བསྒོམ་མོ། །དེ་ལ་ཞི་གནས་དང་རབ་ཏུ་འཛིན་པའི་མི་མཐུན་ཕྱོགས་ཞུམ་པ་དང༌། རྒོད་པའི་གཉེན་པོར་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་ཇི་ལྟར་རྩོམ་ཞེ་ན། སེམས་རབ་ཏུ་འཛིན་པ་དང༌། ཡང་དག་པར་འཇོག་པའི་ཚུལ་གྱིས་སོ། །དེ་ལ་རབ་ཏུ་འཛིན་པ་ནི་ཤེས་རབ་ཀྱིས་སོ། །རབ་ཏུ་འཇོག་པ་ནི་ཞི་གནས་ཀྱིས་སོ། །བྱིང་རྒོད་དང་བྲལ་བའི་མཉམ་པ་ཉིད་ཐོབ་ནས་ནི་བཏང་སྙོམས་སུ་འཇོག་གོ །འབྲས་བུ་ནི་མི་མཐུན་ཕྱོགས་ཉམས་པ་དང་གཉེན་པོ་འཕེལ་བའོ། །རྫུ་འཕྲུལ་གྱི་རྐང་པ་ལ་ངོ་བོ་ནི་སེམས་གནས་པའི་ཐབས་དགུ་ལ་བརྟེན་ནས་རྩེ་གཅིག་ཏུ་གནས་པའོ། །ཅིའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་བཞི་ཞེས་བྱ་ཞེ་ན། འདིས་རྫུ་འཕྲུལ་ཡང་དག་པར་འབྱོར་བར་བྱེད་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དབྱེ་བ་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །སྒོམ་པའི་ཚུལ་ནི་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་སྒོམ་པའོ། །ཉེས་པ་ལྔ་ནི། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པར་ལྔར་འདོད་དོ། །ཞེས་སོ། །དེ་ལ་ལེ་ལོ་དང་གདམས་ངག་བརྗེད་པ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་སྒྲིབ་པར་བྱེད་དོ། །བྱིང་རྒོད་གཉིས་ཀྱིས་ནི་དངོས་གཞིའི་གནས་སྐབས་ལ་སྒྲིབ་པར་བྱེད་དོ། །གཉེན་པོ་འདུ་མི་བྱེད་པ་དང་འདུ་བྱེད་པ་གཉིས་ཀྱིས་ནི་ཏིང་ངེ་འཛིན་ཁྱད་པར་དུ་འགྲོ་བ་ལ་སྒྲིབ་པར་བྱེད་དོ། །འོ་ན་ཉེས་པ་གང་གི་གཉེན་པོར་གང་བསྒོམ་ཞེ་ན། གཉེན་པོ་ནི་བརྒྱད་ཡོད་པ་ལས་ལེ་ལོའི་གཉེན་པོ་ནི་བཞི་སྟེ། འདུན་པ་དང་རྩོལ་བ་དང་དད་པ་དང་ཤིན་ཏུ་སྦྱངས་པའོ། །དེ་ལ་གཉེན་པོ་དངོས་ནི་རྩོལ་བའོ། །དེའི་གནས་ནི་འདུན་པའོ། །རྒྱུ་ནི་དད་པའོ། །འབྲས་བུ་ནི་ཤིན་ཏུ་སྦྱངས་བ་སྟེ། དད་ཅིང་དོན་དུ་གཉེར་ན་འབད་པའི་ཕྱིར་དང༌། འབད་པ་ལས་ཤིན་ཏུ་སྦྱངས་པ་ཐོབ་པས་ལུས་སེམས་ལ་ཕན་འདོགས་པའི་ཕྱིར་རོ། །དྲན་པ་ནི་གདམས་ངག་བརྗེད་པའི་གཉེན་པོ་ཡིན་ཏེ། དམིགས་པ་ལ་སེམས་ཉེ་བར་གཏོད་པའི་སྒོ་ནས་མི་འཕྲོ་བར་བྱེད་པའི་ཕྱིར་རོ། །ཤེས་བཞིན་ནི་བྱིང་རྒོད་ཀྱི་གཉེན་པོ་ཡིན་ཏེ། སེམས་བྱིང་བ་དང་འཕྲོ་བ་རབ་ཏུ་ཤེས་པའི་ཕྱིར་རོ། །སེམས་པ་དང་བཏང་སྙོམས་ནི་གཉེན་པོ་ཡོངས་སུ་རྫོགས་པའི་ཐབས་ཡིན་ཏེ། ཉེ་བའི་ཉོན་མོངས་པ་བྱིང་རྒོད་ཀྱི་གཉེན་པོ་བྱེད་པའི་ཕྱིར་རོ། །འབྲས་བུ་ནི་རྫུ་འཕྲུལ་ཇི་ལྟར་འདོད་པ་བཞིན་དུ་མངོན་དུ་འགྱུར་བ་ཡིན་ནོ། །རྣམ་བྱང་གི་དབང་པོའི་ངོ་བོ་ནི། རྣམ་པར་བྱང་བ་ལ་དབང་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་ལྔའོ། །འདི་དད་པའི་དབང་པོ་ནི་ཡིད་ཆེས་པའོ། །བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བའོ། །དྲན་པ་ནི་དམིགས་རྣམ་མི་བརྗེད་པའོ། །ཏིང་ངེ་འཛིན་ནི་དམིགས་པ་ལ་སེམས་རྩེ་གཅིག་པའོ། །ཤེས་རབ་ནི་དམིགས་པ་རྣམ་པར་འབྱེད་པའོ། །དེ་ལ་དད་པས་ནི་ལམ་གྱི་རྟེན་བྱེད་ལ། བརྩོན་འགྲུས་ཀྱིས་ནི་ལམ་གྱི་རྒྱུན་མི་གཅོད་པའོ། །དྲན་པས་ནི་ལམ་རྒྱུན་མཐར་ཕྱིན་པར་བྱེད་དོ། །ཏིང་ངེ་འཛིན་གྱིས་ནི་དམིགས་པ་ལ་མཉམ་པར་འཇོག་ལ། ཤེས་རབ་ཀྱིས་ནི་གང་ལ་མཉམ་པར་གཞག་པའི་ཡུལ་ཡོངས་སུ་ཤེས་པར་བྱེད་དོ། །འདི་ནི་ཇི་ལྟར་སྒོམ་པའི་ཚུལ་ལོ། །འབྲས་བུ་ནི་རྣམ་པར་བྱང་བའི་ཕྱོགས་ཡོངས་སུ་རྫོགས་པའོ། །སྟོབས་ལ་ངོ་བོ་ནི། བདེན་བཞིའི་རྣམ་པ་རྟོགས་པ་ལ་མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཅིའི་ཕྱིར་སྟོབས་ཞེས་བྱ་ཞེ་ན། མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པའི་ཕྱིར་སྟོབས་ཞེས་བྱའོ། །དབྱེ་བ་ནི་དད་པ་ལ་སོགས་པ་ལྔའོ། །སྒོམ་ཚུལ་སོགས་སྔར་བཞིན་ནོ། །བྱང་ཆུབ་ཡན་ལག་ལ་སོ་སོའི་ངོ་བོ་ངོས་གཟུང་བ་དང༌། ཡན་ལག་ཏུ་འགྱུར་ཚུལ་དང༌། ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ལ་དྲན་པ་ཡང་དག་ནི་མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པ་ཡིན་ཏེ། ཤེས་བྱ་མ་རྟོགས་པ་རྟོགས་པར་བྱེད་པའི་ཕྱིར། ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་མི་མཐུན་ཕྱོགས་འཇོམས་པར་བྱེད་པ་ཡིན་ཏེ། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་རྟོག་པ་འཇོམས་པའི་ཕྱིར། བརྩོན་འགྲུས་ནི་ཡོན་ཏན་མྱུར་དུ་སྒྲུབ་པར་བྱེད་དེ། མངོན་པར་ཤེས་པ་ལ་སོགས་པ་བདེ་བླག་ཏུ་ཐོབ་པར་བྱེད་པའི་ཕྱིར། དགའ་བ་ནི་ཡིད་བདེ་བར་བྱེད་པ་ཡིན་ཏེ། ཆོས་ཀྱི་སྣང་བས་ལུས་སེམས་ཚིམ་པར་བྱེད་པའི་ཕྱིར། ཤིན་ཏུ་སྦྱངས་པ་ནི་དགའ་བ་མྱོང་བར་བྱེད་པ་ཡིན་ཏེ། གནས་ངན་ལེན་ཡང་དག་པར་འཇོམས་པར་བྱེད་པའི་སྒོ་ནས་སེམས་ལས་སུ་རུང་བར་བྱེད་པའི་ཕྱིར། ཏིང་ངེ་འཛིན་ནི་འདོད་པའི་དོན་ཐོབ་པར་བྱེད་པ་ཡིན་ཏེ། ཇི་ལྟར་བསམ་པའི་དོན་ཐམས་ཅད་འབྱོར་བར་བྱེད་པའི་ཕྱིར། བཏང་སྙོམས་ནི་ཇི་ལྟར་འདོད་པ་བཞིན་དུ་གནས་པར་བྱེད་པ་ཡིན་ཏེ། མཉམ་གཞག་དང་རྗེས་ཐོབ་གཉིས་ཀྱི་མི་མཐུན་ཕྱོགས་འདོར་བ་དང་གཉེན་པོ་གནས་པར་བྱེད་པའི་ཕྱིར། གཉིས་པ་ཡན་ལག་ཏུ་འགྱུར་ཚུལ་ལ། དྲན་པ་ནི་གནས་ཀྱི་ཡན་ལག་ཡིན་ཏེ། དྲན་པས་དགེ་བའི་ཆོས་མི་ཉམས་པར་བྱེད་པའི་ཕྱིར། ཆོས་རབ་ཏུ་རྣམ་འབྱེད་ནི་ངོ་བོ་ཉིད་ཀྱི་ཡན་ལག་ཡིན་ཏེ། མཐོང་ལམ་བྱང་ཆུབ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར། བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་ཡིན་ཏེ། བགྲོད་བྱ་ཇི་སྲིད་པར་བགྲོད་པར་བྱེད་པའི་ཕྱིར། དགའ་བ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། སེམས་རྒྱུད་ཚིམ་པར་བྱེད་པའི་ཕྱིར། ཤིན་ཏུ་སྦྱངས་པ་ནི་གང་གིས་ཉོན་མོངས་པ་མི་འགྱུར་བར་བྱེད་པའི་ཡན་ལག་ཡིན་ཏེ། ཉོན་མོངས་ཀྱི་རྒྱུ་གནས་ངན་ལེན་འཇིག་པར་བྱེད་པའི་ཕྱིར། ཏིང་ངེ་འཛིན་ནི་གང་དུ་ཀུན་ནས་ཉོན་མོངས་པར་མི་འགྱུར་བར་བྱེད་པའི་ཡན་ལག་ཡིན་ཏེ། ཏིང་ངེ་འཛིན་ལ་གནས་པས་གནས་འགྱུར་བའི་ཕྱིར། བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོའི་ཡན་ལག་ཡིན་ཏེ། བྱིང་རྒོད་དང་བྲལ་བས་ཉོན་མོངས་པ་མ་ཡིན་པའི་གནས་སྐབས་ཀྱི་ངོ་བོ་ཡིན་པའི་ཕྱིར། གསུམ་པ་ཇི་ལྟར་སྒོམ་པའི་ཚུལ་ནི། སྡུག་བསྔལ་གྱི་བདེན་པ་ལ་དམིགས་ནས་སྡུག་བསྔལ་གྱི་བདེན་པས་དབེན་པ་ཚོལ་བ་ལ་གནས། ཀུན་འབྱུང་གི་བདེན་པ་ལ་དམིགས་ནས་དེ་དང་བྲལ་བར་འདོད། འགོག་པ་ལ་དམིགས་ནས་མངོན་སུམ་དུ་བྱེད་པར་འདོད། ལམ་བདེན་ལ་དམིགས་ནས་ཉོན་མོངས་པ་སྤོང་བར་འདོད། འབྲས་བུ་ནི་སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པར་འདོད་པའོ། །འཕགས་ལམ་ཡན་ལག་བརྒྱད་ལ་ངོ་བོ་ནི། བདག་མེད་མངོན་སུམ་མཐོང་ཟིན་གོམས་པར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དབྱེ་བ་ནི་ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་ནི་མཉམ་གཞག་ཏུ་རྟོགས་པའི་དེ་ཁོ་ན་ཉིད་འཛིན་པའོ། །རྟོགས་པ་ནི་ལྟ་བ་རྟོགས་པའི་དོན་སྟོན་པའི་ངག་ཀུན་ནས་སློང་བའོ། །ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི་ལུས་ངག་གི་ལས་རྣམ་པར་དག་པ་དང་འཚོ་བ་རྣམ་པར་དག་པའི་ངོ་བོའོ། །རྩོལ་བ་ནི་ཀུན་སྦྱོར་ལྷག་མ་རྣམས་སྤོང་བར་བྱེད་པའི་བརྩོན་འགྲུས་སོ། །དྲན་པ་ནི་ཞི་གནས་ཀྱི་མཚོན་མ་མི་བརྗེད་པས་བྱིང་རྒོད་ཀྱི་གོ་སྐབས་མི་འབྱེད་པའོ། །ཏིང་ངེ་འཛིན་ནི་མངོན་ཤེས་ལ་སོགས་པའི་ཡོན་ཏན་སྒྲུབ་པར་བྱེད་པའོ། །ཡན་ལག་ཏུ་འགྱུར་ཚུལ་ནི། ཡང་དག་པའི་ལྟ་བ་ནི་མཉམ་གཞག་ཏུ་རྟོགས་པའི་དོན་ཡོངས་སུ་གཅོད་པའི་ཡན་ལག་གོ །རྟོགས་པ་ནི་གཞན་ལ་གོ་བར་བྱེད་པའི་ཡན་ལག་ཡིན་ཏེ། ལྟ་བས་རྟོགས་པའི་དོན་གཞན་ལ་སྟོན་པའི་ངག་ཀུན་ནས་སློང་བར་བྱེད་པའི་ཕྱིར། ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ངག་གིས་ནི་གཞན་ལ་དྲི་བ་ལུང་སྟོན་པས་ལྟ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པའི་ཕྱིར་དང༌། ལས་ཀྱི་མཐས་ནི་ཚུལ་ཁྲིམས་རྣམ་དག་དང༌། འཚོ་བས་ནི་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པའི་ཕྱིར། རྩོལ་བ་ནི་སྒྲིབ་པ་སྤོང་བའི་ཡན་ལག་ཡིན་ཏེ། ཀུན་སྦྱོར་ལྷག་མ་རྣམས་སྤོང་བའི་ཕྱིར། དྲན་པ་ནི་ཉེ་བའི་ཉོན་མོངས་པ་རྣམ་པར་སྦྱོང་བའི་ཡན་ལག་ཡིན་ཏེ། བྱིང་རྒོད་ཀྱི་གོ་སྐབས་མི་འབྱེད་པའི་ཕྱིར། ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་སྦྱོང་བའི་ཡན་ལག་ཡིན་ཏེ། མངོན་ཤེས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་ཕྱིར། བྱང་ཕྱོགས་སོ་བདུན་བསྟན་ཟིན་ཏོ། །གཉེན་པོའི་ལམ་ལ་རྣམ་པར་ཐར་པའི་སྒོ་དང་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་སྡུག་བསྔལ་བདེན་པའི་རྣམ་པ་སྟོང་པ་དང་བདག་མེད་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ནོ། །ཅིའི་ཕྱིར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བརྗོད་ཅེ་ན། སྟོང་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ཡིན་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། མི་སྡུག་པ་ལ་དམིགས་པའི་ཏིང་ངེ་འཛིན་ལ་མི་སྡུག་པའི་ཏིང་ངེ་འཛིན་ཞེས་བརྗོད་པ་བཞིན་ནོ། །འགོག་པའི་རྣམ་པ་བཞི། ལམ་གྱི་བདེན་པའི་རྣམ་པ་བཞི་སྟེ། རྣམ་པ་བརྒྱད་ཀྱི་རྣམ་པ་ཅན་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ནོ། །ཅིའི་ཕྱིར་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། མཚན་མ་མེད་པ་ལ་དམིགས་པའི་ཕྱིར་རོ། །འགོག་པ་ནི་མཚན་མ་མེད་པའི་ངོ་བོ་དང༌། ལམ་བདེན་ནི་མཚན་མའི་རྣམ་པར་རྟོག་པ་སེལ་བའི་ཐབས་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་སྡུག་བསྔལ་བདེན་པའི་མི་རྟག་པ་དང་སྡུག་བསྔལ་བ་གཉིས་དང༌། ཀུན་འབྱུང་བདེན་པའི་རྣམ་པ་བཞི་སྟེ་དྲུག་གི་རྣམ་པ་ཅན་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡིན་ནོ། །ཅིའི་ཕྱིར་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། སྨོན་པའི་ཡུལ་མ་ཡིན་པའི་སྡུག་ཀུན་གྱི་ཆོས་ལ་དམིགས་པའི་ཕྱིར་ཏེ། གཏན་ལ་དབབ་པ་བསྡུ་བ་ལས། མདོ་གང་ལས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཞེས་འབྱུང་བ་ལ་ནི། སྟོང་པ་དང་བདག་མེད་པ་སོགས་ཐོས་པ་དང་བསམ་པ་དང་སྒོམ་པ་གསུམ་ཀ་ཡོངས་སུ་གཟུང་བར་བྱ་བ་ཡིན་ལ། མདོ་གང་ལས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་དང་མཚན་མ་མེད་པའི་ཏིང་ངེ་འཛིན་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་དང་ཞེས་འབྱུང་བ་ལ་ནི་སྟོང་པ་དང་བདག་མེད་སོགས་རྟོགས་པའི་སྒོམ་འབྱུང་ཁོ་ན་གཟུང་ངོ༌། །སྒོམ་བྱུང་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གཉིས་ཡོད་པ་ལས་གང་གཟུང་ཞེ་ན། འཇིག་རྟེན་ལས་འདས་མ་འདས་ཐུན་མོང་དུ་གཟུང་བར་བྱ་བ་ཡིན་ནོ། །མདོ་གང་ལས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་དང་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་འབྱུང་བ་ལ་ནི་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་ཁོ་ན་གཟུང་ངོ་ཞེས་གསུངས་སོ། །སྤྲུལ་པའི་ལམ་ལ་གསུམ་སྟེ། སྒོམ་པ་པོའི་གང་ཟག ས་གང་ལ་བརྟེན་པ། རང་བཞིན་ངོས་གཟུང་བའོ། །དང་པོ་ནི། མཛོད་ལས་མིའི་རྟེན་ཅན་ཏེ། ལུང་གི་མཐུས་བསྐྱེད་པའི་ཕྱིར་ཞེས་བཤད་ལ། སའི་དངོས་གཞི་ལས་འདོད་པའི་རྟེན་ཅན་ཞེས་གསུངས་སོ། །མཛོད་ཀྱི་དོན་ནི་གཙོ་ཆེ་བ་ལ་དགོངས་ཀྱི་མི་ཁོ་ནའི་རྟེན་ཅན་དུ་ནི་མ་ངེས་ཏེ། འདོད་ལྷས་ཀྱང་ལུང་གི་མཐུས་བསྐྱེད་ནུས་པའི་ཕྱིར། གཉིས་པས་གང་ལ་བརྟེན་པ་ནི། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ནི་བསམ་གཏན་དང་པོའི་དངོས་གཞི་ལ་བརྟེན་ཏེ། འདོད་ཁམས་ཀྱི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་པར་ཐར་པ་ནི་བསམ་གཏན་གཉིས་པ་ལ་བརྟེན་ཏེ། བསམ་གཏན་དང་པོའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །བསམ་གཏན་དང་པོ་ལ་རང་སས་བསྡུས་པའི་མིག་གི་རྣམ་པར་ཤེས་པ་ཡོད་པས་དེའི་རྗེས་སུ་འབྲང་བའི་ཁ་དོག་གི་འདོད་ཆགས་ཡོད་པས་དེའི་གཉེན་པོ་ལ་དགོངས་སོ། །བསམ་གཏན་གཉིས་པ་ཡན་ཆད་ལ་ནི་རང་སས་བསྡུས་པའི་མིག་གི་རྣམ་ཤེས་མེད་དེ་རང་སས་བསྡུས་པའི་རྟོག་དཔྱོད་གཉིས་ཀ་མེད་པའི་ཕྱིར་རོ། །ཇི་སྲིད་སྒོ་ལྔའི་རྣམ་ཤེས་ཡོད་པ་དེ་སྲིད་དུ་རྟོག་དཔྱོད་གཉིས་ཀ་ཡོད་དགོས་ཏེ། བསམ་གཏན་དང་པོའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་གཟུགས་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་པར་ཐར་པ་སྒོམ་པའི་ཚེ་གཟུགས་མེད་ཀྱི་སེམས་ཐོབ་བམ་མ་ཐོབ། མ་ཐོབ་ན་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་མི་ནུས་ལ། གཟུགས་མེད་ཀྱི་སེམས་ཐོབ་ན་ཕྱི་རོལ་གྱི་གཟུགས་ལ་ལྟ་བར་འགལ་ལོ་ཞེ་ན། གཟུགས་མེད་ཀྱི་སེམས་མ་ཐོབ་པ་དག་གིས་བསྒོམ་ན་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་མི་ནུས་པས་གཟུགས་མེད་པའི་འདུ་ཤེས་བཞག་པ་ཙམ་གྱི་སྒོ་ནས་བསྒོམ་པར་བྱ་བ་ཡིན་ཏེ། ཀུན་ལས་བཏུས་ལས། གཟུགས་མེད་པའི་འདུ་ཤེས་བཞག་པས་ཀྱང་རུང་སྟེ་ཞེས་གསུངས་པ་ལྟར་རོ། །གཟུགས་མེད་ཀྱི་སེམས་ཐོབ་པ་རྣམས་ནི་ཐོག་མར་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་ཅིང་ཕྱིས་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལས་ལངས་ནས་བསམ་གཏན་གཉིས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་སྟེ་གཟུགས་ལ་ལྟ་བར་བྱེད་པ་ཡིན་ནོ། །སའི་དངོས་གཞི་ལས་གཟུགས་མེད་ཀྱི་སེམས་ཐོབ་ལ་མངོན་དུ་མི་བྱེད་པར་བཤད་པའི་དོན་ཡང་འདི་ཉིད་དོ། །ཀུན་ལས་བཏུས་ལས་བསམ་གཏན་ལ་བརྟེན་པར་གསུངས་ཀྱི་བསམ་གཏན་དང་པོ་དང་གཉིས་པ་ལ་བརྟེན་པའི་དམིགས་བསལ་མ་བྱས་པས་བསམ་གཏན་བཞི་ཀ་ལ་བརྟེན་པར་འདོད་པར་མངོན་ནོ། །འགོག་པའི་སྙོམས་འཇུག་རྣམས་ནི་རྣམ་བཤད་དུ་རྒྱས་པར་བསྟན་ཟིན་པས་དེར་ལྟ་བར་བྱའོ། །འདིར་སྤོང་བའི་ལམ་བཞི་དང༌། སངས་རྒྱས་ཉིད་ཀྱི་ལམ་ལ་ཕ་རོལ་ཏུ་ཕྱིན་པ་བཅུར་བཤད་པ་ནི་འབུམ་དང་ཉི་ཁྲི་དང་ཤེས་རབ་ཁྲི་བ་དང་ཁྲི་བརྒྱད་སྟོང་པ་གང་ནའང་མེད་དོ། །འོ་ན་རྩ་བར་སུམ་ཅུ་རྩ་བཞི་ཞེས་གསུངས་པའི་དོན་མ་ཚང་བར་འགྱུར་རོ་ཞེ་ན། བརྒྱད་སྟོང་པ་ལས། འཕགས་པའི་བདེན་པ་བཞི་དམིགས་སུ་མེད་པའི་ཕྱིར་ཞེས་གསུངས་པ་དང༌། བྱང་ཆུབ་སེམས་དཔའ་ས་བཅུ་དམིགས་སུ་མེད་པའི་ཕྱིར་ཞེས་གསུངས་པའི་དོན་བཀོད་པར་མངོན་ནོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གིས་གོ་རིམ་བཞིན་དུ་ཟག་པ་མེད་པ་དང་ཟག་པ་དང་བཅས་པ་དག་ཀྱང་ཡིན་ནོ་ཞེས་སོགས་ཀྱི་དོན་ནི། འདིར་ཤེས་སྒྲིབ་ཀྱི་ཟག་པ་དང་བཅས་མ་བཅས་ལ་འདོད་དམ། ཉོན་སྒྲིབ་ཀྱི་ཟག་པ་དང་བཅས་མ་བཅས་ལ་འདོད། དང་པོ་ལྟར་ན་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ་ཡང་ཟག་བཅས་སུ་འཆད་པར་རིགས་ཏེ། ཤེས་སྒྲིབ་ཀྱི་ཟག་པ་དང་བཅས་པའི་ཕྱིར་རོ། །གཉིས་པ་ལྟར་ན་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ཡང་ཟག་མེད་དུ་འཆད་པར་ཡང་རིགས་སོ་ཞེ་ན། ཉན་ཐོས་ཀྱི་འདི་དག་མཉམ་གཞག་ཏུ་བསྒོམ་པས་ཟག་མེད་དུ་བཤད་ལ། བྱང་ཆུབ་སེམས་དཔས་གཞན་དོན་དུ་ཤེས་པར་བྱ་བའི་ཡན་ལག་ཏུ་རྗེས་ཐོབ་ཀྱི་གནས་སྐབས་སུ་རྟོག་བཅས་ཀྱི་བློས་ཡིད་ལ་བྱེད་པའི་ལྡོག་པ་ནས་ཟག་བཅས་སུ་བཞག་གོ །ཡང་གཞི་ཤེས་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་བཤད་པ་དེ་དག་ལ་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པར་བཤད་པ་ནི་གང་ཟག་གི་བདག་མེད་རྟོགས་པའི་མཉམ་བཞག་གི་ཆ་ཡིན་ལ། བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པར་བཤད་པ་ལ་གཉིས་ཏེ། གང་ཟག་གི་བདག་མེད་རྟོགས་པའི་ཆ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ཆའོ། །བྱང་ཆུབ་སེམས་དཔའ་གཞི་ཤེས་ཀྱི་རྣམ་པ་མཉམ་གཞག་ཏུ་སྒོམ་པ་ཡང་ཡོད་མོད་ཀྱི་ཟག་བཅས་སུ་བཤད་པ་ནི་རྗེས་ཐོབ་ཀྱི་ལྡོག་པ་ནས་བཤད་དོ། །འདིར་ཉན་རང་གི་རྟོགས་རིགས་གཞི་ཤེས་ཀྱི་རྣམ་པ་ནི་རྗེས་ཐོབ་གཙོ་བོར་གཟུང་ངོ༌། །སྦྱོར་བའི་མཚན་ཉིད་ལ་གཉིས་ཏེ། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་འདིར་ཤེས་པ་ཞེས་སྨྲོས་པ་ནི་སངས་རྒྱས་སའི་མཁྱེན་གསུམ་གྱི་རྟོགས་པ་ཡིན་ལ། མཚན་ཉིད་དུ་བཟུང་བ་ནི་སྦྱོར་བ་ཉིད་ཀྱིས་ཤེས་པ་བསྐྱེད་པའི་ནུས་པའོ། །ཤེས་པ་ཉིད་མཚན་ཉིད་དུ་བཤད་པ་མ་ཡིན་ནམ་ཞེ་ན། སྦྱོར་བའི་ནུས་པ་ལ་འབྲས་བུ་ཤེས་པའི་མིང་གིས་བཏགས་ནས་བསྟན་ཏོ། །དགོས་པ་ནི་སངས་རྒྱས་སའི་མཁྱེན་གསུམ་སྐྱེད་པར་བྱེད་པ་རྒྱུའི་བྱེ་བྲག་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །ཁྱད་པར་བྱེད་ཆོས་ལ་མཚན་ཉིད་དུ་བཤད་པ་ནི། བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཆོས་ཀྱི་བདག་མེད་རྟོགས་པ་སོགས་སྦྱོར་པའི་ཁྱད་པར་བྱེད་ཆོས་སོ། །བྱེད་པ་ལ་མཚན་ཉིད་དུ་བརྗོད་པ་ནི་སྦྱོར་བས་རང་དང་རྗེས་སུ་མཐུན་པའི་རྟོགས་པ་ལ་གཞན་འགོད་པར་མཛད་པའི་བྱེད་པའོ། །ངོ་བོ་ཉིད་ལ་མཚན་ཉིད་དུ་བརྗོད་པ་ནི་སངས་རྒྱས་སའི་མཁྱེན་གསུམ་བསྐྱེད་པའི་ནུས་པ་དང་ལྡན་པའི་སྦྱོར་བའི་ངོ་བོ་ཉིད་དོ། །མཚོན་པའི་ཚུལ་ནི་ཤེས་པ་ལ་མཚན་ཉིད་དུ་བརྗོད་པས་ནི་མཁྱེན་གསུམ་གྱི་སྦྱོར་བ་སངས་རྒྱས་སྐྱེད་བྱེད་དུ་མཚོན་ཅིང༌། མཚོན་པའི་ཚུལ་དེ་ཡང་མི་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་མཚོན་ནོ། །ཁྱད་པར་ལ་མཚན་ཉིད་དུ་བརྗོད་པ་ནི་སྦྱོར་བ་འདི་ཁོ་ན་ལ་སངས་རྒྱས་བསྐྱེད་པའི་ནུས་པ་ཡོད་ཅེས་གཞན་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་མཚོན་ནོ། །བྱེད་པ་ལ་མཚན་ཉིད་དུ་བརྗོད་པ་ནི་མཁྱེན་གསུམ་གྱི་སྦྱོར་བས་སངས་རྒྱས་སའི་གཞན་དོན་འཕྲིན་ལས་བསྐྱེད་པའི་ནུས་ལྡན་དུ་མཚོན་ནོ། །མཁྱེན་གསུམ་གྱི་སྦྱོར་བ་སངས་རྒྱས་སྐྱེད་བྱེད་དུ་ཇི་ལྟར་ཤེས་ཤེ་ན། གཅིག་དང་དུ་བྲལ་གྱི་རྟགས་ལས་གཞི་ལམ་རྣམ་གསུམ་བདེན་པའི་སྐྱེད་མེད་དུ་རྟོགས་པའི་ལྡོག་པའི་དབྱེ་བས་མཁྱེན་གསུམ་གྱི་སྦྱོར་བར་བྱེད་པ་ལ་བག་ཆགས་བཞག་པ་གོམས་པར་བྱེད་པ་ལ་ནི་འབྲས་བུ་རབ་ཀྱི་མཐར་ཐུག་པ་འབྱུང་དུ་རུང་སྟེ། རྟེན་བརྟན་པ་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། འདོད་འཇིགས་གོམས་པའི་བློ་བཞིན་ཞེས་པ་ནི་མཁྱེན་གསུམ་གྱི་སྦྱོར་བ་སངས་རྒྱས་སྐྱེད་བྱེད་དུ་འགྲུབ་པར་བྱེད་པའི་རིགས་པའོ། །སྦྱོར་བའི་མཚན་ཉིད་གསུངས་པའི་དགོས་པ་ནི། སངས་རྒྱས་ཐོབ་པའི་ཆེད་དུ་སྦྱོར་བ་བསྒོམ་པ་ལ་འཇུག་པ་ཡིན་ལ། དེ་ཡང་སྦྱོར་བ་ལས་སངས་རྒྱས་བསྐྱེད་པའི་ནུས་པ་མ་མཐོང་བར་སྦྱོར་བ་བསྒོམ་པ་ལ་མི་འཇུག་པས་སྦྱོར་བ་བསྒོམ་པ་ལ་གཞུག་པའི་དོན་དུ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། ཤེས་པ་ལ་མཚན་ཉིད་དུ་བརྗོད་པས་ནི་མཁྱེན་གསུམ་གྱི་སྦྱོར་བ་སངས་རྒྱས་སྐྱེད་བྱེད་དུ་བསྟན་པས་སངས་རྒྱས་སྐྱེད་བྱེད་གོ་བར་བྱེད་ཅིང༌། སྦྱོར་བའི་ཁྱད་པར་བྱེད་ཆོས་ལ་མཚན་ཉིད་དུ་བརྗོད་པས་ནི་དངོས་སུ་ཁྱད་པར་བྱེད་ཆོས་དང་ལྡན་པར་བསྟན་ནས་དམན་པའི་ལམ་ལས་ཁྱད་པར་དུ་འཕགས་པར་གོ་བར་བྱེད་དོ། །འདིའི་དགོས་པ་ནི་ཐེག་དམན་གྱི་ལམ་སྤང་ནས་ཐེག་ཆེན་གྱི་ལམ་ཁོ་ན་ལ་འཇུག་པའི་དོན་ནོ། །བྱེད་པ་ལ་མཚན་ཉིད་དུ་བརྗོད་པ་ནི་མཁྱེན་གསུམ་གྱི་སྦྱོར་བ་གཞན་དོན་ཕུན་ཚོགས་སྒྲུབ་བྱེད་དུ་དངོས་སུ་བསྟན་པས་སངས་རྒྱས་སའི་ཕྲིན་ལས་ཕུན་སུམ་ཚོགས་པ་སྒྲུབ་བྱེད་དུ་གོ་བར་བྱེད་པའི་དོན་ནོ། །མཚན་ཉིད་ཤེས་པ་སྔོན་དུ་འགྲོ་དགོས་པའི་དོན་ཡང་འདི་ཉིད་ཡིན་ཏེ། མཁྱེན་གསུམ་གྱི་སྦྱོར་བ་ལ་མངོན་པར་འདོད་པའི་དོན་གཉིས་ཕུན་ཚོགས་སྒྲུབ་པའི་ནུས་པ་ཡོད་པར་མཐོང་ནས་སྦྱོར་བ་བསྒོམ་པ་ལ་བདེ་བླག་ཏུ་འཇུག་པར་འགྱུར་པའི་ཕྱིར་རོ་ཞེས་པ་ནི་གཞན་གྱི་འདོད་པ་བརྗོད་པའོ། །སྦྱོར་བའི་ནུས་པ་ལ་འབྲས་བུ་ཤེས་པའི་མིང་གིས་བཏགས་པ་ལ་ལུང་རིགས་གང་གི་ཡང་ཤེས་བྱེད་མེད་པའི་ཕྱིར་དང༌། སྦྱོར་བའི་མཚན་ཉིད་བཤད་པ་ཡིན་གྱི་སྐྱེད་བྱེད་ཀྱི་མཚན་ཉིད་བཤད་པ་མ་ཡིན་པའི་ཕྱིར་སངས་རྒྱས་སྐྱེད་བྱེད་མཚོན་པར་འདོད་པ་ནི་སྐབས་ཀྱི་དོན་མ་ཡིན་ནོ། །ཡང་མཁས་པ་དུ་མས་འདིར་མཚན་ཉིད་དུ་བརྗོད་པའི་ཤེས་པ་ནི། མདོ་ལས་ཐུབ་པའི་མངོན་རྟོགས་སུ་གསུངས་ལ། བསྟན་བཅོས་ལས་སྦྱོར་བའི་མཚན་ཉིད་དུ་བཤད་པའི་ཕྱིར་དང༌། མདོ་དང་བསྟན་བཅོས་གཉིས་ཀྱང་དགོངས་པ་གཅིག་ཏུ་བཤད་པར་བྱ་བ་ཡིན་པའི་ཕྱིར་འབྲས་བུ་ཐུབ་པའི་མཁྱེན་པས་མཁྱེན་གསུམ་གྱི་སྦྱོར་བ་རང་སྐྱེད་བྱེད་དུ་མཚོན་པ་ཉིད་དུ་དགོངས་པའོ་ཞེས་འདོད་དོ། །མཁྱེན་གསུམ་གྱི་སྦྱོར་བ་མཚོན་བྱེད་དུ་བཤད་པ་སྦྱོར་བ་ལས་དོན་གཞན་ཡིན་ན་སྦྱོར་བའི་མཚན་ཉིད་ཅེས་པའི་སྒྲ་དོན་དང་འགལ་ཞིང༌། སྐྱེད་བྱེད་མཚོན་བྱེད་དུ་མ་བཤད་པས་སྐབས་ཀྱི་དོན་མ་ཡིན་པས་སྔར་བཤད་པ་བཞིན་ནོ། །མདོ་ལས་ཐུབ་པའི་མཁྱེན་པར་བཤད་པས་འབྲས་བུ་སངས་རྒྱས་ཀྱི་མཁྱེན་པར་ཡང་མི་འགྲུབ་ཅིང༌། ཐུབ་པའི་སྐད་ཅིག་གཅིག་པ་ཡི། །ཞེས་གསུངས་པ་ལྟར་རོ་ཞེས་བྱང་ཆུབ་སེམས་དཔའ་ཡང་ཐུབ་པའི་སྒྲས་གསུངས་པའི་ཕྱིར་དང༌། མདོ་ལས་དེ་བཞིན་གཤེགས་པའི་སྒྲས་ཀྱང་གསུངས་པའི་ཕྱིར་ཏེ། སྡུད་པ་ལས། བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་འདི་རྗེས་སུ་རྟོགས། །དེ་ཕྱིར་དེ་བཞིན་གཤེགས་ཞེས་སངས་རྒྱས་མཚན་གསོལ་ཏོ། །ཞེས་གསུངས་པ་ལྟར་རོ། །གཞན་ལུགས་དགག་པ་བསྟན་ཟིན་ཏོ། །གཉིས་པ་རང་ཕྱོགས་བཞག་པ་ལ། མཚན་ཉིད་སོ་སོའི་ངོ་བོ། མཚན་ཉིད་གསུངས་པའི་དགོས་པ། སྔོན་དུ་འགྲོ་བའི་དོན་ནོ། །དང་པོ་ལ་གཞི་ཤེས་སྦྱོར་བའི་གཞིའི་ཆོས་ཤེས་པ་ལ་གཞི་ཤེས་སྦྱོར་བའི་མཚན་ཉིད་དུ་བཤད་པ་ནི་གཞི་ཤེས་སྦྱོར་བ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་གཞིའི་ཆོས་བཅུ་དྲུག་རྟོག་པའི་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གོ །ལམ་གྱི་ཆོས་རྟོགས་པའི་ཤེས་རྣམ་ལ་ལམ་ཤེས་སྦྱོར་བའི་མཚན་ཉིད་དུ་བཤད་པ་ནི་ལམ་ཤེས་སྦྱོར་བ་ལ་བརྟེན་ནས་བྱང་ཆུབ་སེམས་དཔས་ལམ་གྱི་ཆོས་ཉིད་ཀྱི་རབ་དབྱེ་སོགས་རྟོགས་པའི་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གོ །མཐོང་ཆོས་ལ་བདེ་བར་གནས་པ་སོགས་འབྲས་བུའི་ཆོས་ཤེས་པ་ལ་རྣམ་མཁྱེན་སྦྱོར་བའི་མཚན་ཉིད་དུ་བཤད་པ་ནི་རྣམ་མཁྱེན་གྱི་སྦྱོར་བ་ལ་བརྟེན་ནས་བྱང་ཆུབ་སེམས་དཔས་འབྲས་བུའི་ཆོས་རྟོགས་པའི་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གོ །ཁྱད་པར་བྱེད་ཆོས་ལ་མཚན་ཉིད་དུ་བརྗོད་པ་ནི། འཕགས་པ་ལྟར་ན་ཐེག་ཆེན་སྦྱོར་བ་ཉིད་ལ་ལྡོག་པའི་དབྱེ་བས་མཁྱེན་གསུམ་གྱི་སྦྱོར་བར་རྣམ་པར་ཕྱེ་བའི་ཁྱད་པར་བྱེད་ཆོས་ཏེ། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་སོགས་ཁྱད་པར་བྱེད་ཆོས་བཅུ་དྲུག་གོ །བྱེད་པ་ལ་མཚན་ཉིད་དུ་བརྗོད་པ་ནི་མཁྱེན་གསུམ་གྱི་སྦྱོར་བ་ལ་བརྟེན་ནས་བྱང་ཆུབ་སེམས་དཔས་གདུལ་བྱ་ལ་ཕན་པ་སྒྲུབ་པ་སོགས་ཕྲིན་ལས་ཀྱི་བྱེད་པ་བཅུ་གཅིག་གོ །སྦྱོར་བའི་ངོ་བོ་ཉིད་ལ་མཚན་ཉིད་དུ་བརྗོད་པ་ནི་མཚོན་པར་བྱ་བའི་མཁྱེན་གསུམ་སྦྱོར་བ་སོ་སོའི་ངོ་བོ་སྟེ་བཅུ་དྲུག་གོ །འདི་ནི་མཚན་ཉིད་ཀྱི་སྒྲ་ལས་ལས་སྒྲུབ་པས་མཚོན་པར་བྱ་བ་ལ་མཚན་ཉིད་དུ་བཤད་པ་ཡིན་ནོ། །གལ་ཏེ་མཚོན་བྱ་ཡིན་ན་མཚན་ཉིད་དུ་འགལ་ལོ་ཞེ་ན། མཚན་ཉིད་ཀྱི་སྒྲ་ནི་བྱ་བྱེད་གཉིས་ཀ་དང་འབྲེལ་བས་བྱེད་པ་ལ་མཚན་ཉིད་ཀྱི་སྒྲས་སྒྲུབ་པའི་ཚེ་མཚོན་པར་བྱེད་པས་ན་མཚན་ཉིད་ཅེས་བརྗོད་དོ། །མཚན་ཉིད་ཀྱི་སྒྲ་ལ་ལས་སྒྲུབ་པའི་ཚེ་ན་མཚོན་པར་བྱ་བས་ན་མཚན་ཉིད་ཅེས་བརྗོད་པ་ཡིན་པས་ན་ཇི་ལྟར་འགལ། འདིར་ཡང་ལས་སུ་སྒྲུབ་པས་དེ་རྣམས་མཚོན་པར་བྱ་བ་ཡིན་པས་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་གསུངས་པ་དང༌། རྩ་བར་ཡང༌། ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །ཞེས་གསུངས་པ་དང༌། དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མངོན་པར་མཚོན་པའི་གནས་ཉིད་ཡིན་པས་ན་མཚན་ཉིད་དོ་ཞེས་གསུངས་པ་ལྟར་རོ། །ཚིག་གསལ་དུ་རྟོག་གེ་པ་དགག་པའི་སྐབས་སུ། གཞལ་བྱ་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་གཉིས་སུ་གྲངས་ངེས་པར་བརྗོད་ན། རང་གི་མཚན་ཉིད་ཅེས་བཤད་པ་ལས་མཚན་ཉིད་དེ་ལས་སྒྲུབ་ཏུ་བྱས་ནས་མཚོན་བྱ་ལ་མཚན་ཉིད་དུ་བརྗོད་པའམ་བྱེད་སྒྲུབ་ཏུ་བྱས་ནས་མཚོན་བྱེད་དེ་ལ་མཚན་ཉིད་དུ་བྱེད་པའམ་ཞེས་བརྟགས་པ་མཛད་པས་ཀྱང་མཚོན་བྱ་ལ་མཚན་ཉིད་དུ་བརྗོད་པའི་རྣམ་རྟོག་ཡོད་པར་མངོན་ནོ། །གལ་ཏེ་དེ་ལྟར་ངོ་བོ་ཉིད་བཅུ་དྲུག་གིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚན་ཉིད་དང་ལྡན་པ་བཞིན་དུ་མཚོན་པས་ན་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བཞེད་དོ་ཞེས་གསུངས་པས། ངོ་བོ་ཉིད་མཚན་ཡང་མཚོན་བྱེད་ལ་མཚན་ཉིད་དུ་གསུངས་པ་ཡིན་ནོ་ཞེ་ན། འདི་ནི་འགྱུར་མ་དག་པ་སྟེ། འགྱུར་རྙིང་ལས། དེ་ལྟར་ངོ་བོ་ཉིད་བཅུ་དྲུག་གི་བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚན་ཉིད་དང་ལྡན་པ་བཞིན་དུ་མཚོན་པས་ན་ཞེས་འབྱུང་བས་སོ། །རྩ་བའི་དོན་ཡང་འདི་ཡིན་ཏེ། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །ཅེས་འབྱུང་ལ། བདག་ཉིད་འདིས་ཞེས་བྱ་བའི་ཚིག་མི་འབྱུང་བའི་ཕྱིར་རོ། །མཚོན་བྱེད་དང་མཚོན་བྱ་འགལ་བ་ཡིན་གྱི། མཚན་ཉིད་དང་མཚོན་བྱ་འགལ་བ་མ་ཡིན་ཏེ། མཚན་ཉིད་ཀྱི་སྒྲ་ལ་ལས་སྒྲུབ་པའི་ཚེ་མཚོན་བྱ་ལ་མཚན་ཉིད་དུ་བརྗོད་པའི་ཕྱིར་རོ། །ངོ་བོ་ཉིད་བཅུ་དྲུག་ཏུ་མཛད་པའི་དོན་ནི། མཁྱེན་གསུམ་གྱི་སྦྱོར་བ་མཚོན་བྱར་བསྟན་པ་ཙམ་གྱིས་མཚོན་པར་བྱ་བ་སོ་སོའི་ངོ་བོ་མི་རྟོགས་པས་མཚོན་པར་བྱ་བ་སོ་སོའི་ངོ་བོ་ངོས་གཟུང་བའི་དོན་དུ་ཡིན་ནོ། །དགོས་པ་གང་གི་དོན་དུ་ཤེས་པ་ལ་མཚན་ཉིད་དུ་གསུངས་ཤེ་ན། མཁྱེན་གསུམ་གྱི་སྦྱོར་བ་གཞི་ལམ་རྣམ་གསུམ་རྟོགས་པའི་ཤེས་པའི་བྱེ་བྲག་དང་ལྡན་པར་དངོས་སུ་བསྟན་ནས་ཤུགས་ལ་སངས་རྒྱས་སའི་མཁྱེན་གསུམ་སྒྲུབ་བྱེད་དུ་ངེས་པར་འགྱུར་བ་ཡིན་ནོ། །ཁྱད་པར་ལ་མཚན་ཉིད་དུ་གསུངས་པའི་དགོས་པ་ནི་ཐེག་ཆེན་གྱི་སྦྱོར་བ་ཁྱད་པར་བྱེད་ཆོས་བཅུ་དྲུག་དང་ལྡན་པར་དངོས་སུ་བསྟན་ནས་ཤུགས་ལ་ཐེག་དམན་གྱི་ལམ་ལས་ཁྱད་པར་དུ་འཕགས་པར་རྟོགས་པས་ཐེག་དམན་གྱི་ལམ་སྤངས་ནས་ཐེག་ཆེན་ལ་འཇུག་པའི་དོན་ཡིན་ནོ། །བྱེད་པ་ལ་མཚན་ཉིད་དུ་གསུངས་པའི་དགོས་པ་ནི་མཁྱེན་གསུམ་གྱི་སྦྱོར་བ་གཞན་དོན་སྒྲུབ་པའི་བྱེད་པ་དང་ལྡན་པར་དངོས་སུ་བསྟན་ནས། སངས་རྒྱས་ཀྱི་སའི་གཞན་དོན་ཕྲིན་ལས་སྒྲུབ་བྱེད་དུ་ཤུགས་ལ་ངེས་པའི་དོན་ཡིན་ནོ། །ངོ་བོ་ཉིད་ལ་མཚན་ཉིད་དུ་གསུངས་པའི་དགོས་པ་ནི་མཁྱེན་གསུམ་གྱི་སྦྱོར་བ་ཞེས་མིང་སྨྲོས་པ་ཙམ་གྱིས་མཚོན་པར་བྱ་བ་སོ་སོའི་ངོ་བོ་མི་རྟོགས་པས་མཚོན་བྱ་སོ་སོའི་ངོ་བོ་ཞིབ་ཏུ་རྟོགས་པའི་དོན་དུ་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །ཅིའི་ཕྱིར་རང་གཞན་གྱི་དོན་གཉིས་ཀྱི་སྒོ་ནས་སྦྱོར་བའི་མཚན་ཉིད་སྟོན་པར་མཛད་ཅེ་ན། དང་པོར་སེམས་བསྐྱེད་པའི་དུས་སུ་གཞན་གྱི་དོན་གྱི་ཕྱིར་དུ་བྱང་ཆུབ་ཐོབ་པ་དོན་དུ་གཉེར་བས་ན་གང་དོན་དུ་གཉེར་བའི་རང་གཞན་གྱི་དོན་གཉིས་ཐོབ་པའི་དོན་དུ་སྦྱོར་བ་བསྒོམ་པ་ལ་འཇུག་པས་ན་ཐོག་མར་སྦྱོར་བ་ལ་རང་དོན་དང་གཞན་དོན་ཕུན་སུམ་ཚོགས་པ་སྒྲུབ་པའི་ནུས་པ་ཡོད་པར་མཐོང་དགོས་སོ། །སྦྱོར་བ་མངོན་པར་འདོད་པའི་དོན་སྒྲུབ་བྱེད་དུ་མ་ངེས་པར་དེ་ལ་འཇུག་པ་ཡང་མ་ཡིན་ནོ། །སྦྱོར་བ་བསྒོམ་པ་ལ་མཚན་ཉིད་ཤེས་པ་སྔོན་དུ་འགྲོ་དགོས་པའི་དོན་ཡང་འདི་ཉིད་དོ། །མཁྱེན་པ་ནི་རྣམ་པ་གཉིས་ཏེ། འབྲས་བུ་ཐུབ་པའི་མཁྱེན་པ་དང༌། རྒྱུ་བྱང་ཆུབ་སེམས་དཔའི་མཁྱེན་པའོ། །མདོ་ལས་ཐུབ་པའི་མཁྱེན་པ་དངོས་སུ་བསྟན་ནས་བྱང་ཆུབ་སེམས་དཔའི་མཁྱེན་པ་སྦས་དོན་དུ་གསུངས་སོ། །བསྟན་བཅོས་ལས་མདོའི་སྦས་དོན་བྱང་ཆུབ་སེམས་དཔའི་མཁྱེན་པ་དངོས་སུ་གསུངས་ནས་སྦྱོར་བའི་མཚན་ཉིད་དུ་བསྟན་པར་མངོན་ཏེ། ཉི་ཁྲི་སྣང་བ་ལས། ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་དེ་བཞིན་གཤེགས་པ་བསྐྱེད་པའི་དབང་དུ་མཛད་ནས་ཞེས་གསུངས་པས་ཤེས་པའི་རྣམ་པ་རྣམས་སྦྱོར་བའི་རང་བཞིན་དུ་བཞེད་པར་མངོན་པའི་ཕྱིར། གཞན་གྱི་བཤད་པ་རྣམས་ཁོ་བོའི་ལེགས་བཤད་ལ་རྐུ་འཕྲོག་སློང་གསུམ་བྱེད་པར་ཟད་དོ། །མཚན་ཉིད་བསྟན་ཟིན་ཏོ། །གཞི་དང་ལམ་དང་རྣམ་པ་ཐམས་ཅད་རྣམ་པར་སྒོམ་པའི་དབྱེ་བས་ཞེས་སོགས་ཀྱི་དོན་ལ་དགོས་པ་ཅིའི་ཕྱིར་སྐབས་རེ་རེ་ཞིང་མངོན་པར་རྟོགས་པ་ལན་དུ་མར་བསྟན་ཅེ་ན། སྐབས་དང་པོ་གསུམ་དུ་ལམ་གསུམ་གསུངས་པའི་དགོས་པ་ནི་འདི་ཡིན་ཏེ། སྐབས་དང་པོར་རྣམ་པ་སྐྱེ་མེད་དུ་རྟོགས་པའི་སྦྱོར་ལམ་དང༌། རྣམ་པ་སྐྱེ་མེད་དུ་མངོན་སུམ་གསར་དུ་རྟོགས་པའི་མཐོང་ལམ་དང༌། རྣམ་པ་སྐྱེ་མེད་ཀྱི་དོན་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པའི་སྒོམ་ལམ་གྱི་ལྡོག་པ་ནས་ལམ་གསུམ་བསྟན་པ་ཡིན་ལ། སྐབས་གཉིས་པར་ནི་ལམ་སྐྱེ་མེད་དུ་རྟོགས་པའི་སྦྱོར་ལམ་དང༌། དེ་མངོན་སུམ་དུ་གསར་དུ་མཐོང་བའི་མཐོང་ལམ་དང༌། དེ་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པའི་སྒོམ་ལམ་གྱི་ལྡོག་པ་ནས་ལམ་གསུམ་བསྟན་ཏོ། །སྐབས་གསུམ་པར་ནི་གཞི་སྐྱེ་མེད་དུ་མངོན་སུམ་གསར་དུ་མཐོང་བའི་ལྡོག་པ་ནས་མཐོང་ལམ་བསྟན་ལ། ངེས་འབྱེད་ཆ་མཐུན་ནི་སྔ་མ་རྣམ་པ་དང་ལམ་སྐྱེ་མེད་དུ་རྟོགས་པའི་སྦྱོར་ལམ་དངོས་སུ་བསྟན་པས་གཞི་སྐྱེ་མེད་དུ་རྟོགས་པའི་སྦྱོར་ལམ་ཡང་གོ་སླ་བ་ལ་དགོངས་ནས་དངོས་སུ་ཐ་སྙད་མ་གསུངས་ལ། སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ནི་གཞུང་དོན་གྱི་སྐབས་སུ་བསྟན་ཟིན་ཏོ། །འདིར་སྐབས་དང་པོ་གསུམ་དུ་ལམ་གསུམ་བསྟན་ནས་ཞེས་བརྗོད་ཀྱི། སྐབས་རེ་རེ་བཞིན་དུ་ལམ་གསུམ་བསྟན་ཞེས་བརྗོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་སྐབས་འོག་མར་མངོན་པར་རྟོགས་པ་ལན་དུ་མར་བསྟན་ཅེ་ན། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བྱེད་སྔོན་གྱི་སློབ་དཔོན་འགའ་ཞིག་གི་དགོངས་པ་འགོད་པ་ནི། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་ནི། རྣམ་པ་ཐམས་ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་ལ་ནི་ངེས་འབྱེད་ཆ་མཐུན་དང༌། འབྲིང་ལ་མཐོང་ལམ་དང༌། ཆེན་པོ་ལ་སྒོམ་ལམ་གྱི་ཐ་སྙད་དུ་གསུངས་པ་ཡིན་པར་ཤེས་པར་བྱའོ། །རྩེ་མོའི་མངོན་པར་རྟོགས་པ་ལ་ནི། རྣམ་པ་ཐམས་ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་ས་དགུ་པའི་ཡེ་ཤེས་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང༌། ས་བཅུ་པའི་སྔ་མའི་ཆ་ལ་གཉིས་སུ་རྣམ་པར་ཕྱེ་བ་ལ་འབྲིང་དང་ཆེན་པོ་གཉིས་སུ་བྱས་པ་ལ་རིམ་པ་བཞིན་དུ་མཐོང་ལམ་དང་སྒོམ་ལམ་གྱི་ཐ་སྙད་གསུངས་པ་ཡིན་པར་ཤེས་པར་བྱའོ། །མཐར་གྱིས་པའི་མངོན་པར་རྟོགས་པ་ལ་ནི། ས་བཅུ་རྒྱུན་མཐའ་མ་གཏོགས་པ་ཕྱི་མའི་ཆ་ལ་ཆུང་ངུ་འབྲིང་ཆེན་པོ་གསུམ་དུ་ཕྱེ་བ་ལ་རིམ་པ་བཞིན་དུ་ངེས་འབྱེད་ཆ་མཐུན་དང་མཐོང་ལམ་དང་སྒོམ་ལམ་གྱི་ཐ་སྙད་ཀྱིས་གསུངས་པ་ཡིན་པར་ཤེས་པར་བྱའོ། །དངོས་ཀྱི་དགོས་པ་ནི་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་དབྱེ་བ་དང༌། ས་དགུ་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་དབྱེ་བ་དང༌། ས་བཅུ་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་དབྱེ་བ་རྟོགས་པའི་ཕྱིར་ཡིན་ནོ། །དེ་ཡང་དགོས་པ་ཅིའི་ཕྱིར་ཞེ་ན། དག་པ་ས་ཐོབ་པའི་དུས་སུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པས་གཅིག་ཆར་སྐྱེའམ་སྙམ་པའི་དོགས་པ་དགག་པར་བྱ་བའི་ཕྱིར་ཡིན་ནོ། །ངེས་འབྱེད་ཆ་མཐུན་སོགས་ལམ་གསུམ་གྱི་ཐ་སྙད་ཀྱིས་གསུངས་པའི་རྒྱུ་མཚན་ནི། ལམ་གསུམ་དང་རིམ་གྱིས་སྐྱེད་པའི་ཆོས་སུ་མཐུན་པའི་ཕྱིར་སྒོམ་པ་གོང་ནས་གོང་དུ་ཕུལ་དུ་བྱུང་བར་འགྲོ་བའི་གནས་སྐབས་ཀྱི་ཁྱད་པར་གྱིས་བསྡུས་པས་སོ། །འདི་ནི་སྔོན་གྱི་སློབ་དཔོན་གཞན་གྱི་འདོད་པ་བཀོད་པ་ཡིན་པས་འགྲེལ་ཆེན་ལས་ཁ་ཅིག་ཅེས་གསུངས་པ་ཡིན་ནོ། །ཚུལ་འདི་ནི་ལུང་དང་རིགས་པའི་སྒོ་ནས་མི་འཐད་པས་དགག་པར་བརྗོད་པར་བྱ་སྟེ། ཅིའི་ཕྱིར་སྐབས་འོག་མ་གསུམ་གྱི་ལམ་གསུམ་བཏགས་པ་བར་གསུངས། གལ་ཏེ་སྐབས་འོག་མ་གསུམ་གྱི་ལམ་གསུམ་སྒྲ་ཇི་བཞིན་པ་ཡིན་ན་སྐབས་འོག་མ་གསུམ་གྱི་ལམ་གསུམ་སྟོན་པའི་གཞུང་དང་སྐབས་དང་པོ་གསུམ་གྱི་ལམ་གསུམ་སྟོན་པའི་གཞུང་ལ་ཟློས་པའི་སྐྱོན་ཡོད་པའི་ཕྱིར་རོ་ཞེས་ཟེར་ན། འོ་ན་སྐབས་དང་པོ་གསུམ་གྱི་ལམ་གསུམ་སྟོན་པའི་གཞུང་ལ་ཡང་ཟློས་པའི་སྐྱོན་ཡོད་པར་འགྱུར་རོ། །ལན་གསུམ་བསྟན་པས་ཟློས་པའི་སྐྱོན་མེད་ན་ལན་དྲུག་བསྟན་ཀྱང་ཟློས་པའི་སྐྱོན་མི་འབྱུང་ངོ༌། །ཡང་ཁོ་བོས་གོ་ཟློག་སྟེ་སྐབས་དང་པོ་གསུམ་གྱི་ལམ་གསུམ་བཏགས་པ་བ་སྐབས་འོག་མ་གསུམ་གྱི་ལམ་གསུམ་མཚན་ཉིད་པར་བཤད་དགོས་ཏེ། གོང་འོག་གཉིས་ཀའི་ལམ་གསུམ་མཚན་ཉིད་པར་བཤད་ན་གཞུང་ལ་ཟློས་པའི་སྐྱོན་ཡོད་དོ་ཞེས་བརྗོད་ན་མཚུངས་སོ། །ཡང་སྐབས་འོག་མ་གསུམ་གྱི་ལམ་གསུམ་བསྟན་པའི་གཞུང་ཡང་ཟློས་པར་འགྱུར་ཏེ། ལམ་གསུམ་བཏགས་པ་བ་ལན་གསུམ་བསྟན་པའི་ཕྱིར་རོ། །གལ་ཏེ་སྐབས་འོག་མ་གསུམ་གྱི་ལམ་གསུམ་མཚན་ཉིད་པར་བཤད་ན། བག་ལ་ཉལ་ཀུན་འཇོམས་པ་དང༌། །ཞེས་པས་གནོད་བྱེད། སྦྱོར་ལམ་གྱི་སྐབས་སུ་བག་ལ་ཉལ་ཀུན་འཇོམས་པ་མེད་པའི་ཕྱིར་རོ་ཞེ་ན། འོ་ན་འདིའི་སྐབས་སུ་སྦྱོར་ལམ་ཞེས་བཤད་པའི་དོན་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་ལ་སྦྱོར་བ་ཡང་མི་རིགས་ཏེ། ས་བརྒྱད་པའི་སྐབས་སུ་བག་ལ་ཉལ་ཀུན་འཇོམས་པ་མེད་པའི་ཕྱིར་རོ། །སྐབས་དང་པོ་ནས་བསྟན་པའི་སྦྱོར་ལམ་ཡང་རྟོགས་པར་འགྱུར་རོ། །ཆོས་མཆོག་གི་དམིགས་རྣམ་གྱི་སྐབས་སུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་ཞེས་གསུངས་ལ། སྦྱོར་ལམ་གྱི་སྐབས་སུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མེད་པའི་ཕྱིར་ཞེས་མཚུངས་པ་བརྗོད་པར་བྱའོ། །མཐར་གྱིས་པའི་སྐབས་སུ་ལམ་གསུམ་གྱི་ཐ་སྙད་གསུངས་པ་ཅུང་ཟད་ཀྱང་མེད་པས་རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་གསུམ་ལ་ནི་ཞེས་གསུངས་པ་ཡང་དོན་མེད་དོ། །རྣམ་རྫོགས་སྦྱོར་བའི་ལམ་གསུམ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་ལ་འདོད་ན། རྣམ་རྫོགས་སྦྱོར་བ་ཡང་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་ཁོ་ན་ལ་འཇོག་དགོས་ཏེ། རྣམ་པ་སྒོམ་པའི་ཐར་པ་ཆ་མཐུན་དང་ལམ་གསུམ་ལས་མ་གཏོགས་པའི་རྣམ་རྫོགས་སྦྱོར་བ་མེད་པའི་ཕྱིར་རོ། །གལ་ཏེ་རྣམ་རྫོགས་སྦྱོར་བའི་སྐབས་སུ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་ངེས་འབྱེད་ཆ་མཐུན་སོགས་ལམ་གསུམ་གྱི་ཐ་སྙད་ཀྱི་དོན་གྱི་ཁོངས་སུ་འདུ་བ་ཡིན་གྱི། ངེས་འབྱེད་ཆ་མཐུན་སོགས་གསུམ་པོ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་དུ་སྨྲ་བ་ནི་མ་ཡིན་ནོ་ཞེས་ཟེར་ན། རྣམ་རྫོགས་སྦྱོར་བའི་སྐབས་སུ་ལམ་གསུམ་གསུངས་པའི་དོན་གྱི་ཁོངས་སུ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་འདུ་བ་ལ་ལུང་དང་རིགས་པ་གང་གིས་ཀྱང་ཤེས་བྱེད་མེད་ཅིང༌། ངེས་འབྱེད་ཆ་མཐུན་དང་མཐོང་ལམ་གྱི་ཐ་སྙད་གསུངས་པས་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་ཐ་སྙད་དེ་ཉིད་ཀྱི་ཁོངས་སུ་འདུ་བར་རྟོགས་པར་ཡང་མི་འགྱུར་རོ། །གལ་ཏེ་ངེས་འབྱེད་ཆ་མཐུན་དང་མཐོང་ལམ་གྱི་ཐ་སྙད་གསུངས་པའི་དོན་གྱི་ཆ་ཤས་སུ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་རྟོགས་པར་འགྱུར་ན། འོ་ན་ངེས་འབྱེད་ཆ་མཐུན་གྱི་སྐབས་སུ་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་ཡིན་ཞེས་གསུངས་པའི་ཐ་སྙད་ཀྱི་སྒྲས་ས་བདུན་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་ཡང་གསུངས་པ་ཡིན་ནོ་ཞེས་བརྗོད་ན་མཚུངས་སོ། །ལམ་གསུམ་གྱི་ཐ་སྙད་ཀྱི་དོན་དུ་དག་པ་སའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་ཁོ་ན་འཛིན་པར་གཞུང་གི་དོན་དུ་སུས་ཀྱང་རྟོགས་པར་མི་འགྱུར་རོ། །ཡང་འགའ་ཞིག་སློབ་དཔོན་གྱི་དགོངས་པ་རྣམ་རྫོགས་སྦྱོར་བ་ས་བརྒྱད་པ། རྩེ་སྦྱོར་དགུ་པ། མཐར་གྱིས་པའི་སྦྱོར་བ་ས་བཅུ་པ་སྐད་ཅིག་མའི་སྦྱོར་བ་རྒྱུན་མཐའ། ལམ་ཤེས་ས་དང་པོ། གཞི་ཤེས་ས་གཉིས་པ་ནས་བདུན་པའི་བར། རྣམ་མཁྱེན་ཚོགས་སྦྱོར་གཉིས་ཀ་ནས་འཇོག་ལ། ཆོས་སྐུ་མི་སློབ་ལམ་ལ་འཇོག་པས་ན་ལམ་ལྔ་ལ་མངོན་པར་རྟོགས་པ་བརྒྱད་བཞག་པས་མངོན་པར་རྟོགས་པ་རྐྱང་པའི་བཤད་པ་ཡིན་ནོ་ཞེས་འདོད་དོ། །འོ་ན་རྣམ་རྫོགས་སྦྱོར་བ་དབང་ཐོབ་པའི་ཕྱིར་དུ་སྒོམ་པ་དོན་མེད་པར་འགྱུར་ཏེ། དག་པ་སར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་ཟིན་པའི་ཕྱིར་རོ། །བརྟན་པ་ཐོབ་པའི་དོན་དུ་མཐར་གྱིས་པ་སྒོམ་པ་ཡང་མི་འཐད་པར་ཐལ། ས་བཅུ་པའི་དུས་སུ་བརྟན་པ་ཐོབ་ཟིན་པའི་ཕྱིར་རོ། །འདོད་ན། རང་གི་རྣམ་རྫོགས་སྦྱོར་བ་དང་མཐར་གྱིས་པའི་སྦྱོར་བ་དེ་དང་དེ་དག་ཏུ་འདོད་པ་དང་འགལ་ལོ། །མདོར་ན་མཐར་གྱིས་པའི་སྐབས་སུ་ལམ་གྱི་ཐ་སྙད་གསུངས་པ་མེད་ལ། རྣམ་རྫོགས་སྦྱོར་བའི་སྐབས་སུ་ལམ་དང་པོ་གཉིས་ཀྱི་ཐ་སྙད་གསུངས་པས་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་འདིའི་ཐ་སྙད་ཀྱི་དོན་ཡིན་ནོ་ཞེས་ཅུང་ཟད་ཀྱང་གོ་བར་མི་འགྱུར་རོ། །དངོས་ལ་གནོད་བྱེད་ཀྱང་མི་འཐད་དེ། ས་བརྒྱད་པའི་ཡེ་ཤེས་ཆེན་པོ་སྒོམ་ལམ་དངོས་ཡིན་པའི་ཕྱིར་རོ། །སྒོམ་ལམ་དགུའི་དབྱེ་གཞིར་འགྱུར་བའི་སྒོམ་ལམ་དངོས་མ་ཡིན་ཞེས་སྦྱོར་བ་ཡང་ནོར་པ་ཁོ་ན་སྟེ། སྒོམ་ལམ་དགུའི་དབྱེ་གཞིར་གྱུར་པའི་སྒོམ་ལམ་ཞེས་ཐ་སྙད་བཏགས་པ་མེད་པའི་ཕྱིར་རོ། །སྐྱོན་གཞན་ཡང་སྦྱོར་ལམ་པ་དང་མཐོང་ལམ་པ་དང་སྒོམ་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་བཤད་པ་ཡང་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་ཁོ་ན་ལ་གནས་པའི་རྟགས་སུ་ཐལ་བར་འགྱུར་རོ། །དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཞེས་གསུངས་པ་ཡང་ས་བརྒྱད་པའི་ཡེ་ཤེས་ཆེན་པོ་ཁོ་ནའི་དབྱེ་བའི་དབང་དུ་བྱས་པ་ཐལ་བ་དང༌། འབྲས་བུ་གྲངས་མེད་སོགས་འབྱུང་བའི་སྒོམ་ལམ་དང༌། བཞེད་དོན་སྒྲུབ་བྱེད་ཀྱི་སྒོམ་ལམ་ཡང་ས་བརྒྱད་པའི་ཡེ་ཤེས་ཆེན་པོ་ཁོ་ནའི་དབང་དུ་བྱས་པར་འགྱུར་བས་འདི་ནི་གཞུང་གི་དོན་ལ་མ་བརྟགས་པ་ཁོ་ནའི་རྣམ་གཞག་གོ །གཞན་ཡང་ཁྱོད་ལྟར་ན། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་གསུངས་པ་རྣམ་རྫོགས་སྦྱོར་བའི་སྐབས་ཀྱི་སྒོམ་ལམ་གྱི་དབྱེ་བ་ཡིན་པས་དག་པ་སའི་ཡེ་ཤེས་ཀྱི་དབྱེ་བར་འདོད་དགོས་པས་འདི་ཉིད་ཀྱིས་གཅིག་ཆར་སྐྱེའམ་སྙམ་པའི་དོགས་པ་ཁེགས་པའི་ཕྱིར་དང་ཅིག་ཅར་སྐྱེ་བ་དགག་པའི་དོན་དུ་ལམ་གསུམ་བཏགས་པ་པར་གསུངས་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་ལ་གནས་པ་ལམ་གསུམ་ལ་གནས་པའི་ཕྱིར་མི་ལྡོག་གི་དགེ་འདུན་གྱི་ཁོངས་སུ་འདུ་བར་འདོད་ཀྱི། ལམ་གསུམ་ལ་གནས་པ་དེ་དག་ཏུ་འདོད་པ་མ་ཡིན་ནོ་ཞེ་ན། འོ་ན་ལམ་གསུམ་གྱི་སྒྲའི་དོན་དུ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་འཛིན་པར་བྱེད་པའི་ས་དགུ་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་དང༌། ས་བཅུ་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་ཡང་འདིའི་དོན་དུ་ཅིའི་ཕྱིར་འཛིན་པར་མི་བྱེད་རྩེ་སྦྱོར་གྱི་སྐབས་ཀྱི་མཐོང་ལམ་དང་སྒོམ་ལམ་གྱི་ཐ་སྙད་ཀྱི་དོན་དུ་ས་བརྒྱད་པའི་ཡེ་ཤེས་འབྲིང་དང་ཆེན་པོ་གཟུང་བར་བྱ་བ་ཡིན་ཞེས་བརྗོད་ན་འགོག་བྱེད་ཀྱི་ལུང་རིགས་ཅི་ཞིག་ཡོད། འོན་ཀྱང་འདི་ནི་སྔོན་གྱི་སློབ་དཔོན་དག་གི་བཞེད་ཚུལ་ནི་འདི་ལྟ་བུ་ཡོད་དོ་ཞེས་བཀོད་པ་ཙམ་ཡིན་གྱི། རང་ལུགས་དོན་དམ་པ་ནི་མ་ཡིན་ཏེ། ཕྱིར་མི་ལྡོག་པའི་དགེ་འདུན་ལ་སློབ་པའི་དགེ་འདུན་དང་མི་སློབ་པའི་དགེ་འདུན་གཉིས་སུ་བྱས་ནས། ས་བདུན་པ་མན་ཆད་ལ་གནས་པ་ལ་སློབ་པའི་དགེ་འདུན་དང༌། དག་པ་ས་གསུམ་ལ་གནས་པ་མི་སློབ་པའི་དགེ་འདུན་དུ་བྱས་ནས་ཕྱིར་མི་ལྡོག་པའི་རྟགས་རྣམས་སློབ་པའི་དགེ་འདུན་གྱི་རྟགས་སུ་བྱས་པའི་ཕྱིར། འདི་ཉིད་རིགས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རང་ཉིད་ཀྱིས་ཕྱིར་མི་ལྡོག་གི་ས་ཐོབ་མ་ཐོབ་ཐེ་ཚོམ་ཟ་བ་ནི། བཅོམ་ལྡན་འདས་ཀྱིས་ཕྱིར་མི་ལྡོག་གི་རྟགས་སུ་གསུངས་པ་དེ་ཉིད་རང་ཉིད་ལ་ཡོད་པར་མཐོང་བ་ན་རང་ཉིད་ཕྱིར་མི་ལྡོག་པར་ཡིད་ཆེས་པར་འགྱུར་བས་ན་ཚུལ་དེ་ལྟར་རྟོགས་པའི་དོན་དུ་ཕྱིར་མི་ལྡོག་གི་རྟགས་གསུངས་པ་ཡིན་པས་གཙོ་བོ་རང་ཉིད་ཕྱིར་མི་ལྡོག་པར་ཡིད་ཆེས་པར་བྱ་བའི་ཕྱིར་དུ་ཕྱིར་མི་ལྡོག་གི་རྟགས་གསུངས་པའི་ཕྱིར་དང༌། དག་པ་ས་ཐོབ་ནས་རང་ཉིད་ཕྱིར་མི་ལྡོག་གི་ས་ཐོབ་མ་ཐོབ་ཐེ་ཚོམ་མེད་པའི་ཕྱིར་རོ། །དོན་འདི་ལ་དགོངས་ནས་བརྒྱད་སྟོང་འགྲེལ་ཆེན་ལས། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་མཚན་ཉིད་དང་བཅས་པ་བཤད་ཟིན་ཏོ། །ད་ནི་མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་བསྟན་པའི་ཕྱིར་ཞེས་གསུངས་སོ། །འོ་ན་ཕྱོགས་སྔ་མར་བཀོད་ནས་དེ་ལ་དགག་པ་བྱེད་པར་རིགས་སོ་ཞེ་ན། འདི་ནི་སྐུ་བཞིའི་རྣམ་གཞག་དང་ཚུལ་མཚུངས་ཏེ། སྐུ་བཞིའི་རྣམ་གཞག་གཞན་ངོར་རང་ལུགས་ཀྱི་ཚུལ་དུ་བསྟན་གྱི་རང་ལུགས་དོན་དམ་པ་མ་ཡིན་ཏེ། བརྒྱད་སྟོང་འགྲེལ་པ་ལས། རྣམ་པ་ཀུན་གྱི་མཆོག་ལྡན་སྐུ་ནི་གསུམ་པོ་ངེས་པར་ཐོབ་པར་ཤོག །ཅེས་གསུངས་པས་རང་ལུགས་ཐུན་མོང་མ་ཡིན་པ་སྐུ་གསུམ་འདོད་པར་མངོན་པའི་ཕྱིར་རོ། །དེས་ན་གཞན་གྱི་བཤད་ཚུལ་གྱི་རྣམ་གྲངས་བཀོད་པ་ཡིན་གྱི། ཕྱོགས་སྔར་བཀོད་ནས་དགག་པ་དངོས་སུ་མ་མཛད་མོད། འོན་ཀྱང་གཞུང་གི་སྒྲ་ཇི་ལྟ་བ་བཞིན་བཤད་པས་དགག་པ་ཡང་དོན་གྱིས་འགྲུབ་པར་དགོངས་སོ། །བོད་དག་གིས་གཞན་གྱིས་འདོད་ཚུལ་གྱི་རྣམ་གྲངས་བཀོད་པ་ཙམ་དུ་མ་རྟོགས་ནས་སློབ་དཔོན་གྱི་བཞེད་པ་ལམ་གསུམ་བཏགས་པ་བར་བཤད་པས་ཕུང་ངོ༌། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་སྐུ་བཞིར་བཤད་པ་ནི་སློབ་དཔོན་གྱི་བཀའི་དབང་གིས་ཡིན་གྱི་རང་ལུགས་སྐུ་གསུམ་དུ་བཞེད་པ་མི་འགལ་ཞེས་གསུངས་པ་ལྟར་རོ། །ཆོས་ཀྱི་བཤེས་གཉེན་གྱི་ཚིག་འདི་ལྟར་ན་ལམ་གསུམ་བཏགས་པ་བའི་གཞུང་ཚིག་བཀོད་པ་འདི་སློབ་དཔོན་གྱི་བཀའི་དབང་གིས་ཡིན་གྱི་རང་ལུགས་གཞུང་གི་སྒྲ་ཇི་ལྟ་བ་བཞིན་དུ་བཤད་པས་གཞན་གྱི་དགག་པ་ཡང་དོན་གྱིས་འགྲུབ་པར་དགོངས་སོ། །གཞན་གྱི་ངོར་མཛད་ནས་ཕྱོགས་སྔར་བཀོད་ནས་དགག་པ་མ་གསུངས་པའི་དོན་ཡང་དེ་ཡིན་ནོ། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཞེས་པ་དང༌། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་སོགས་ཀྱི་སྐབས་དུ་མར་འདི་ཞེས་པའི་སྒྲ་འབྱུང་བའི་དོན། མཁྱེན་གསུམ་གྱི་སྐབས་ཀྱི་ལམ་གསུམ་སྟོན་པའི་སྐབས་སུ་འདིར་ཞེས་པའི་སྒྲ་མ་སྨྲོས་པར་སྦྱོར་བའི་སྐབས་ཀྱི་ལམ་གསུམ་སྟོན་པའི་སྐབས་འདིར་ཞེས་པའི་སྒྲ་འབྱུང་བའི་དོན་ནི། མཁྱེན་གསུམ་གྱི་སྐབས་སུ་ནི་བསྒོམ་བྱའི་ལམ་གསུམ་ནི་འདི་དང་འདི་ལྟ་བུ་ཡིན་ནོ་ཞེས་འཇུག་ཡུལ་གྱི་ལྡོག་པ་ནས་བསྟན་པ་ཡིན་ལ། སྦྱོར་བའི་སྐབས་སུ་ནི་ཡུལ་དེ་དག་ལ་འཇུག་པའི་ཡུལ་ཅན་སྦྱོར་བའི་ལྡོག་པ་ནས་བསྟན་པས་ཡུལ་དང་ཡུལ་ཅན་གྱི་ཁྱད་པར་ཡོད་པ་ཤེས་པའི་དོན་ནོ། །སྦྱོར་བ་སོ་སོའི་སྐབས་སུ་འདིར་ཞེས་པའི་སྒྲ་སོ་སོར་བྱུང་བའི་དོན་ནི་སྦྱོར་བ་སོ་སོས་བསྡུས་པའི་ལམ་གྱི་ཁྱད་པར་རྟོགས་པའི་དོན་ནོ། །གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་དབང་པོ་དང་རྟེན་གྲོང་ཁྱེར་ལ་སོགས་པའི་ཞེས་སོགས་ཀྱི་དོན་ལ། འགའ་ཞིག་དབང་པོ་དང་དབང་རྟེན་སོགས་འགོག་པར་འདོད་ལ། གཞན་དག་ནི་དབང་པོ་དང་དབང་རྟེན་སོགས་ལ་ཞེན་པ་འགོག་པ་ཡིན་ནོ་ཞེས་སྨྲའོ། །ཡང་འགའ་ཞིག་དབང་པོ་དང་དབང་རྟེན་སོགས་ལ་ཞེན་པ་དང༌། དེའི་གཉེན་པོ་གཉིས་གཡུལ་འགྱེད་པ་ལ་མངོན་པར་ཞེན་པ་འགོག་པ་ཡིན་ཞེས་འདོད་དོ། །འདི་དག་གིས་ནི་བརྒྱད་སྟོང་འགྲེལ་ཆེན་དང་ཉི་ཁྲི་སྣང་བ་གཉིས་ཀ་ལས། གཏམ་ཞེས་སྨྲོས་པ་ནི་དངོས་པོའི་རྣམ་རྟོག་སྡུག་ཀུན་ཤེས་པའི་དུས་སུ་བཅོམ་པས་འདིར་མིང་ཙམ་གྱི་གཉེན་པོར་ཤེས་པའི་དོན་ནོ་ཞེས་པའི་དོན་མ་རྟོགས་པ་ཁོ་ནའོ། །འདིའི་དོན་ཡུལ་གྱི་དངོས་པོ་ལ་མངོན་པར་ཞེན་པ་ནི་སྡུག་ཀུན་ཤེས་པའི་དུས་སུ་བཅོམ་པས་འགོག་པ་ཤེས་པའི་གནས་སྐབས་འདིར་ནི་མིང་ཙམ་ལ་མངོན་པར་ཞེན་པ་སྤངས་སོ་ཞེས་པའི་དོན་ནོ། །འགོག་པ་ཤེས་པའི་སྐབས་འདིར་འགོག་པ་བཞི་ཐོབ་པར་འགྱུར་ཏེ། དབང་པོ་འགོག་པ་ནི་དང་པོའོ། །དབང་རྟེན་འགོག་པ་ནི་གཉིས་པའོ། །དབང་ཡུལ་འགོག་པ་ནི་གསུམ་པའོ། །བདག་འགོག་པ་ནི་བཞི་པའོ། །སློབ་དཔོན་ཤཱནྟི་པས། གཏམ་གྱི་ཡུལ་ཡིན་པའི་ཕྱིར་གཏམ་ཞེས་སྨྲོས་པ་ཡིན་ཞེས་གསུངས་པ་ཉིད་ལེགས་པར་མངོན་ནོ། །གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་ཞེས་པའི་གཏན་ཚིགས་ཀྱི་དོན་ནི། དབང་པོ་དང་དབང་རྟེན་སོགས་ནི་གཟུང་བ་ཡིན་ལ། དེ་དག་ལ་ཞེན་པ་ནི་འཛིན་པ་ཡིན་པས་འདི་གཉིས་སྤང་བར་བྱ་བ་ཡིན་པའི་ཕྱིར་གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་ཞེས་གསུངས་སོ། །འོ་ན་སྔར་དབང་པོ་དང་དབང་རྟེན་སོགས་ནི་འགོག་པར་བྱ་བ་མ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། གཟུང་འཛིན་གཉིས་པོ་སྤང་བར་བྱ་བ་ཡིན་པས་དེ་ཉིད་སྔར་སྤངས་ཟིན་པས་འདིར་མིང་ལ་མངོན་པར་ཞེན་པ་ཡང་སྤང་ངོ་ཞེས་པའི་དོན་ནོ། །དེ་ལྟར་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པ་འདི་རྣམས་ཐོབ་པས་ན་ཞེས་སོགས་ཀྱི་དོན་ནི། མཐོང་ལམ་པ་ཕྱིར་མི་ལྡོག་གི་རྟགས་རྣམས་རྗེས་ཐོབ་ཁོ་ནའོ་ཞེས་འདོད་པ་ནི་མི་འཐད་དེ། འོ་ན་མཐོང་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་རྣམས་མཐོང་ལམ་ལ་གནས་པ་ལ་ལྡན་མི་སྲིད་པར་ཐལ། མཐོང་ལམ་ལ་གནས་པའི་དུས་སུ་མཐོང་ལམ་རྗེས་ཐོབ་ཡོད་མི་སྲིད་པའི་ཕྱིར་ཏེ། མཐོང་ལམ་ནི་མཉམ་གཞག་ཁོ་ན་ཡིན་པའི་ཕྱིར་རོ། །འོ་ན་རང་ལུགས་ཇི་ལྟ་བུ་ཞེ་ན། མཐོང་ལམ་རྗེས་ཐོབ་ཀྱིས་རང་འདྲེན་བྱེད་ཀྱི་མཉམ་གཞག་སྔ་རོལ་དུ་སོང་བ་རྟོགས་པར་བྱས་ནས་མཉམ་གཞག་གི་རྟོགས་པ་ལས་ཕྱིར་མི་ལྡོག་པར་ཁོང་དུ་ཆུད་པར་བྱ་བ་ཡིན་པས་མཉམ་གཞག་ཀྱང་རྟགས་སོ། །གཞན་ངོར་ནི་རྗེས་ཐོབ་ལ་མ་ལྟོས་པར་མཉམ་གཞག་ཁོ་ན་རྟགས་སུ་འགྲོ་བ་ནི་མིན་ནོ། །གྲངས་མེད་ལ་སོགས་བསྟན་པ་རྣམས། །ཞེས་སོགས་ཀྱི་དོན་ལ། དང་པོ་ལ་རྩོད་པ་ནི་ཇི་ལྟར་སྒོམ་ལམ་རྣམ་པ་དགུར་གྲངས་ངེས་པ་ཞེས་སོགས་ཇི་ལྟར་བྱ་སྟེ་མི་འཐད་པར་ཐལ། བྱེ་བྲག་དགུ་ལས་རྣམ་པ་མང་བ་མ་ཡིན་ནམ་སྟེ་རྣམ་པ་མང་བ་ཡིན་པའི་ཕྱིར་ཏེ། འབྲས་བུ་དགུ་ལས་མང་བའི་ཕྱིར། འདི་ཇི་ལྟར་ཤེས་ཤེ་ན། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་དེ་དང་དེ་ལས་སྒོམ་ལམ་གྱི་རྣམ་པ་རེ་རེའི་དབང་དུ་མཛད་དེ། འབྲས་བུ་བསོད་ནམས་གྲངས་མེད་པ་དང༌། གཞལ་དུ་མེད་པ་དང༌། ཚད་མེད་པ་སྐྱེ་བར་གསུངས་པའི་ཕྱིར་ཞེ་ན། དོན་དམ་པ་ལ་འབྲས་བུ་གྲངས་མེད་སོགས་སྐྱེ་བར་འདོད་དམ་ཀུན་རྫོབ་ཏུ་སྐྱེ་བར་གསུངས་ཞེས་འདོད། དང་པོ་ལྟར་ན་ཟབ་མོ་རྟོགས་པའི་མཚན་ཉིད་ཅན་གྱི་སྒོམ་པའི་ལམ་ཆོས་ཅན། དོན་དམ་པར་འབྲས་བུ་གྲངས་མེད་པ་དང༌། གཞལ་དུ་མེད་པ་དང༌། ཚད་མེད་པ་གསུམ་གསུམ་སྐྱེ་བར་བསྟན་པ་ཚིག་ཏུ་བརྗོད་པའི་ངོ་བོ་རྣམས་ཀྱི་སྒོ་ནས་དོན་དམ་པར་དགུ་ལས་མང་བ་ཉིད་དུ་ཐལ་བར་མི་འགྱུར་རོ། །དོན་དམ་པར་འབྲས་བུ་གྲངས་མེད་པ་སོགས་ཐ་དད་པ་གསུམ་གསུམ་གྱི་ངོ་བོ་དབྱེ་བར་བྱ་བ་བཟོད་པ་མ་ཡིན་ཏེ། དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར། མདོ་ལས། སྟོང་པ་ཉིད་ལ་ཟད་པ་མི་དམིགས་ཞེས་པ་ནས། ཚད་ཀྱང་མི་དམིགས་ཏེ། དེ་བས་ཆོས་དེ་དག་ལ་དོན་དམ་པར་ཡི་གེ་ཐ་དད་དུ་བགྱི་བ་མི་དམིགས་ཞེས་གསུངས་པའི་དོན་ནོ། །གཉིས་པ་ལྟར་ན་མ་ངེས་ཏེ། སྒོམ་པའི་ལམ་ཆོས་ཅན། ཀུན་རྫོབ་ཏུ་འབྲས་བུ་གྲངས་མེད་གཞལ་མེད་སོགས་གསུམ་གསུམ་སྐྱེ་བར་སྟོན་པའི་སྒོ་ནས་དགུ་བས་མང་བ་ཉིད་དུ་ཐལ་བར་མི་འགྱུར་ཏེ། ཀུན་རྫོབ་ཏུ་སྒོམ་ལམ་གྱི་བསྐྱེད་པའི་འབྲས་བུ་གྲངས་མེད་སོགས་གསུམ་གསུམ་དུ་ལྡོག་པ་ལ་ལྟོས་ནས་བཞག་པ་ཡིན་གྱི། ཡོངས་གཅོད་དུ་དོན་རྫས་གཅིག་ལ་རབ་ཏུ་སྦྱོར་བའི་ཕྱིར་རོ། །དགོས་པ་ཅིའི་ཕྱིར་ལྡོག་པ་ལ་ལྟོས་ནས་གསུམ་གསུམ་དུ་བཞག་ཅེ་ན། ལྡོག་པ་ལ་ལྟོས་ནས་ཀུན་རྫོབ་ཏུ་གྲངས་མེད་ལ་སོགས་བཤད་པའི་ཆོས་ཀྱི་ངོ་བོ་ཉིད་ཇི་སྐད་བཤད་ཅིང་བསྟན་པ་དེ་དག་ཆོས་ཅན། སྒོམ་ལམ་རེ་རེ་ཡང་སྐྱེ་བར་བསྟེན་པ་ལ་དགོས་པ་ཡོད་དེ། བྱིས་པའི་སྐྱེ་བོ་རྣམས་རྒྱུ་སྒོམ་ལམ་ལ་སྤྲོ་བ་བསྐྱེད་དེ་འཇུག་པའི་ཆེད་དུ་འབྲས་བུ་ཆེན་པོ་སྐྱེ་བ་རབ་ཏུ་བསྟན་པ་ཉིད་ཀྱིས་སོ། །འབྲས་བུ་གྲངས་མེད་སོགས་དེ་དག་ཆོས་ཅན། ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་ཏེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་གྱིས་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་འགྱུར་བར་བཞེད་པས་སོ། །འཕགས་པ་ལྟར་ན། སྒོམ་ལམ་གྱི་རྣམ་པ་རེ་རེ་ལ་བསོད་ནམས་གྲངས་མེད་སོགས་སྐྱེ་བར་བསྟན་པ་རྣམས་ཆོས་ཅན། དམ་པའི་དོན་དུ་བཟོད་པ་མ་ཡིན་ཏེ། མངོན་པར་བརྗོད་པས་ཀྱང་ཐ་མི་དད་པའི་ཕྱིར་ཏེ། དོན་དམ་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེ་ན། དོན་དམ་པར་བསོད་ནམས་གྲངས་མེད་སོགས་དེ་དག་མེད་ཀྱང་ཀུན་རྫོབ་ཏུ་ཐུགས་བརྩེ་བའི་རང་བཞིན་ཅན་གྱི་ཐུབ་པས་ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་དུ་བཞེད་དོ། །སྒོམ་ལམ་པ་ཕྱིར་མི་ལྡོག་གི་རྟགས་ཟབ་མོ་བརྒྱད་པོ་དོན་གསུམ་དུ་འདུས་ཏེ། ཡུལ་བདེན་གཉིས་ཟབ། ལམ་ཐབས་ཤེས་ཟབ། ཉམས་ལེན་སྤྱོད་པ་ཟབ་པའོ། །ཡུལ་བདེན་གཉིས་ཟབ་པ་ལ་གཉིས་ཏེ། ཀུན་རྫོབ་ཟབ་པ་དང༌། དོན་དམ་ཟབ་པའོ། །ཀུན་རྫོབ་ཟབ་པ་ལ་ཡང་གཉིས་ཏེ། སྐྱེ་བ་ཟབ་པ་དང༌། འགགས་པ་ཟབ་པའོ། །གཉིས་པོ་རིམ་པ་བཞིན་དུ། སྐྱེ་བ་དང་ནི་འགག་པ་དང༌། །ཞེས་པས་བསྟན་ཏོ། །དོན་དམ་ཟབ་པ་ནི། དེ་བཞིན་ཉིད་ཅེས་པས་སོ། །གཉིས་པ་ལམ་ཐབས་ཤེས་ཟབ་པ་ནི། ཤེས་བྱ་དང་ཤེས་པ་གཉིས་ཀྱིས་རིམ་པ་བཞིན་དུ་བསྟན་ཏོ། །གསུམ་པ་ཉམས་ལེན་སྤྱོད་པ་ཟབ་པ་ལ་སྤྱོད་པའི་ངོ་བོ་ཟབ་པ་དང༌། རྣམ་པ་ཟབ་པ་དང༌། ཁྱད་པར་བྱེད་ཆོས་ཟབ་པ་དང་གསུམ་པོ་རིམ་པ་བཞིན་དུ་སྤྱོད་ཅེས་པ་དང༌། གཉིས་མེད་ཅེས་པ་དང༌། ཐབས་མཁས་ཞེས་པས་བསྟན་ཏོ། །ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ལུགས་ལ་ཞེས་སོགས་ཀྱི་དོན་ལ། དོན་དམ་སྐད་ཅིག་ཆ་མེད་ལ་སུས་ཀྱང་སུའི་ནོར་མ་བྱིན་པར་བླངས་པའི་ལས་ལམ་གྱི་དངོས་གཞིའི་མི་དགེ་བ་ཡང་མེད་དེ། དེ་མེད་པས་མ་བླངས་པའི་ལས་ལམ་གྱི་དངོས་གཞིའི་དགེ་བ་ཡང་མེད། དོན་དམ་སྐད་ཅིག་ཆ་མེད་ལ་གང་ཟག་གཞན་གྱིས་གཞན་བསད་པའི་ལས་ལམ་གྱི་དངོས་གཞིའི་མི་དགེ་བ་ཡང་མེད་དེ། དེ་མེད་པས་མ་གསད་པའི་ལས་ལམ་གྱི་དངོས་གཞིའི་དགེ་བ་ཡང་མེད་དེ། སྲོག་ནི་གསོད་བྱེད་ཀྱི་རྒྱུ་གཞན་ལ་ལྟོས་པ་མེད་པར་འཇིག་པའི་ཕྱིར་དང༌། ནོར་ཡང་ཕྲོག་བྱེད་ཀྱི་རྒྱུ་གཞན་ལ་ལྟོས་པ་མེད་པར་འཇིག་པའི་ཕྱིར་ཏེ། སྐད་ཅིག་མ་ཡིན་པས་སོ། །སྲོག་འགག་པ་གསོད་བྱེད་ཀྱི་རྒྱུ་གཞན་ལ་མི་ལྟོས་པ་དང༌། ནོར་གཞན་གྱི་ལག་ཏུ་སོང་བ་ཡང་གཞན་གྱི་མཐུས་མ་ཡིན་གྱི་རང་གི་ལས་ཀྱི་དབང་གིས་ཡིན་ཏེ། རང་གི་གྲུབ་མཐའ་སྟོན་པའི་གཞུང་ལས་ཀྱང༌། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་འབྱུང་བའི་ཕྱིར། དེ་ལ་སྒྲུབ་བྱེད་སྔ་མ་ནི་དོན་དམ་སྐད་ཅིག་ཆ་མེད་པ་ལས་ལམ་གྱི་དངོས་གཞི་བཞག་ཏུ་མེད་པའི་སྒྲུབ་བྱེད་ཡིན་ལ། ཕྱི་མ་ནི་གང་ཟག་གཞན་གྱི་དབང་གིས་བྱུང་བ་མ་ཡིན་པའི་སྒྲུབ་བྱེད་ཡིན་གྱི། དོན་དམ་སྐད་ཅིག་ཆ་མེད་ལ་དགེ་སྡིག་གི་ལས་མེད་པའི་སྒྲུབ་བྱེད་དུ་མ་འབྲེལ་ལོ། །དེ་ནས་སྒྲུབ་བྱེད་སྔ་ཕྱི་གཉིས་ཀ་བསྒྲུབ་བྱ་གང་གི་སྒྲུབ་བྱེད་དུ་འགྲོ་བའི་ཁྱད་པར་ཤེས་པར་བྱ་དགོས་སོ། །ཡུལ་དང་སྦྱོར་བ་ཞེས་སོགས་ཀྱི་དོན་ལ། ཐབས་ལ་མཁས་པ་བཅུ་པོ་ནི་སངས་རྒྱས་ཀྱི་སས་བསྡུས་པ་ཡིན་ལ། དེ་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པ་ཤེས་པའི་སྦྱོར་བ་ནི་སློབ་ལམ་གྱིས་བསྡུས་པ་ཡིན་པས། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ལྷའི་བུ་ལ་སོགས་པའི་བདུད་བཞི་ལས་འདས་པ་ཡིན་ཏེ། འཆི་བ་མེད་པའི་གོ་འཕང་ཐོབ་པ་ལ་བར་ཆད་བྱེད་པའི་ཆོས་ཡང་དག་པར་བརྒལ་བས་སོ། །འདི་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པ་ཤེས་པའི་སྦྱོར་བ་ནི་དགྲ་རྣམས་ལས་འདས་པའི་ཐབས་ལ་མཁས་པའི་སྦྱོར་བའོ་ཞེས་བཤད་པར་བྱའོ། །ཕྱི་མ་རྣམས་ལ་ཡང་ཡུལ་སངས་རྒྱས་ཀྱི་ཡེ་ཤེས་དང་ཡུལ་ཅན་སློབ་ལམ་གྱི་གནས་སྐབས་ལ་སྦྱར་རོ། །སྐབས་བཞི་པའི་དཀའ་བའི་གནས་རྣམ་པར་བཤད་ཟིན་ཏོ།། །།རྩེ་སྦྱོར་གཏན་ལ་དབབ་པ་ལ། རྣམ་པ་ཀུན་མངོན་པར་རྫོགས་པ་ཞེས་སོགས་ཀྱི་དོན་ནི། སློབ་དཔོན་འདིས་རྣམ་རྫོགས་སྦྱོར་བ་དབང་ཐོབ་པའི་དོན་དུ་སྒོམ་པ་དང༌། རྩེ་སྦྱོར་དབང་ཐོབ་པའི་ཚུལ་གྱིས་སྒོམ་པ་དང༌། མཐར་གྱིས་པ་བརྟན་པ་ཐོབ་པའི་དོན་དུ་སྒོམ་པ་དང༌། སྐད་ཅིག་མ་བརྟན་པ་ཐོབ་པའི་ཚུལ་གྱིས་སྒོམ་ཞེས་འདོད་པ་ཡིན་ཞེས་འཆད་པ་དང༌། འདིར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ལས་རབ་ཀྱི་མཐར་ཕྱིན་པའི་རྟོགས་པ་འབྱུང་ཞེས་སོགས་གསུངས་པའི་དོན་ལ་དོགས་པ་བཅད་པ་ནི་ས་བརྒྱད་པ་ཐོབ་ནས་རྣམ་རྫོགས་སྦྱོར་བ་སྒོམ་པ་དོན་མེད་པར་འགྱུར་ཏེ། ས་བརྒྱད་པ་ཐོབ་ནས་དབང་ཐོབ་པའི་དོན་དུ་སྒོམ་པ་དོན་མེད་པའི་ཕྱིར་ཏེ། དབང་ཐོབ་ཟིན་པའི་ཕྱིར་རོ། །ས་བཅུ་པ་ཐོབ་ནས་མཐར་གྱིས་པའི་སྦྱོར་བ་དོན་མེད་པར་འགྱུར་ཏེ། བརྟན་པ་ཐོབ་པའི་དོན་དུ་སྒོམ་པ་དོན་མེད་པའི་ཕྱིར་ཏེ། བརྟན་པ་ཐོབ་ཟིན་པའི་ཕྱིར་རོ། །ཡང་རྣམ་རྫོགས་སྦྱོར་བ་ལས་རྩེ་སྦྱོར་འབྱུང་བ་ཡང་མི་འཐད་དེ། རྣམ་རྫོགས་སྦྱོར་བ་དང་རྩེ་སྦྱོར་རྒྱུ་འབྲས་སུ་མི་འཐད་པའི་ཕྱིར་ཏེ། རྩེ་སྦྱོར་ཉིད་རྣམ་རྫོགས་སྦྱོར་བའི་ཆ་ཤས་ཡིན་པའི་ཕྱིར་རོ། །དེས་ན་སློབ་དཔོན་གྱི་དགོངས་པའི་དོན་ནི། རྣམ་རྫོགས་སྦྱོར་བ་ལ་དང་པོར་འཇུག་པའི་དུས་སུ་དབང་ཐོབ་པའི་ཕྱིར་དུ་འཇུག་པ་དང༌། མཐར་གྱིས་པ་དང་པོར་སྒོམ་པ་ལ་འཇུག་པའི་དུས་སུ་བརྟན་པ་ཐོབ་པའི་དོན་དུ་འཇུག་པ་དང༌། དང་པོར་རྣམ་རྫོགས་སྦྱོར་བ་སྒོམ་པ་ལ་ཞུགས་ནས་རྩེ་སྦྱོར་ཕྱིས་ཐོབ་པ་ལ་དགོངས་སོ། །འདི་ནི་སློབ་དཔོན་གྱི་བཞེད་པ་ཡིན་ལ། འཕགས་པ་ནི་མི་མཐུན་ཕྱོགས་སྤོང་བའི་དོན་དུ་རྣམ་རྫོགས་སྦྱོར་བ་དང་རྩེ་མོའི་སྦྱོར་བ་སྒོམ་ཞིང་དེ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྣལ་འབྱོར་རོ། །མཐར་གྱིས་པའི་སྦྱོར་བ་ནི་ཡོན་ཏན་མངོན་དུ་བྱེད་པའི་སྦྱོར་བ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ། །སྐད་ཅིག་མའི་སྦྱོར་བ་ནི་སྦྱོར་བ་ཐམས་ཅད་ཀྱི་ནུས་པ་མཐར་ཕྱིན་པའི་གནས་སྐབས་སོ་ཞེས་བཞེད་ཅིང༌། སློབ་དཔོན་ལྟར་ན་རྣམ་རྫོགས་སྦྱོར་བ་དང་མཐར་གྱིས་པའི་རྣམ་པ་ཉམས་སུ་བླང་བྱ་དོན་གཅིག་པར་ཡང་བཞེད་དོ། །ཡང་སློབ་དཔོན་གྱིས་རྩེ་སྦྱོར་གྱི་རྟགས་དྲོད་ཀྱིས་བསྡུས་པ་དང༌། རྣམ་འཕེལ་རྩེ་མོས་བསྡུས་པ་དང༌། བརྟན་པ་བཟོད་པ་དང༌། སེམས་ཀུན་ཏུ་གནས་པ་ཆོས་མཆོག་གིས་བསྡུས་པ་ནི་སློབ་དཔོན་གྱི་འགྲེལ་པའི་དགོངས་པ་ཡིན་ལ། རྩ་བའི་དགོངས་པ་ནི་རྩེ་སྦྱོར་སྤྱིར་ཐོབ་པ་ཙམ་གྱི་རྟགས་དང༌། སྤྱིར་རྩེ་སྦྱོར་གྱི་བསོད་ནམས་རྣམ་པར་འཕེལ་བའི་རིམ་པ་དང༌། རྩེ་སྦྱོར་གྱི་བརྟན་པ་ཐོབ་པའི་གནས་སྐབས་དང༌། རྩེ་སྦྱོར་ཐོབ་པ་ནི་སེམས་ཀུན་ཏུ་གནས་པའི་ཡོན་ཏན་ཐོབ་པར་བརྟན་པ་ཡིན་གྱི། དྲོད་སོགས་བཞིར་སོ་སོར་སྦྱར་བ་ནི་དགོངས་པ་མ་ཡིན་པར་མངོན་ཏེ། བཞི་པོ་འདི་དག་དང་པོར་ཐོབ་པའི་གནས་སྐབས་ནི་སྦྱོར་ལམ་རྩེ་སྦྱོར་གྱི་གནས་སྐབས་སོ་ཞེས་སྤྱིར་བསྟན་པ་ཙམ་ཡིན་ནོ། །ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཞེས་སོགས་ཀྱི་དོན་ལ་རྩ་བར་ཐོག་མར་རང་དོན་རྟོགས་པ་བརྟན་པ་བསྟན་ནས་གཞན་དོན་ཕྲིན་ལས་བརྟན་པ་རྗེས་ཐོག་ཏུ་བཤད་ལ། འགྲེལ་བས་དེ་ལས་བཟློག་སྟེ་བསྟན་པའི་དོན་ནི་རང་དོན་ལས་ཀྱང་གཞན་དོན་འབྱུང་ལ་གཞན་དོན་ལས་ཀྱང་རང་དོན་འབྱུང་བར་མཚོན་པའི་དོན་ནོ། །སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་སོགས་ཀྱི་དཀའ་བའི་དོན་བཤད་པ་ནི། སོ་སོ་སྐྱེ་བོ་དང་འཕགས་པའི་གང་ཟག་གཉིས་ཡོད་པའི་དབྱེ་བས་སེམས་ཅན་རྫས་ཡོད་ཀྱི་རྟེན་ཅན་གྱི་འཛིན་པ་སོ་སོ་སྐྱེ་བོ་ཁོ་ན་ལ་ཡོད་ལ། སྐྱེས་བུ་བཏགས་ཡོད་ཀྱི་རྟེན་ཅན་གྱི་འཛིན་པ་འཕགས་པ་ཁོ་ན་ལ་ཡོད་ཅེས་གསུངས་པའི་དགོངས་པ་དཔྱད་ན། སྐྱེས་བུ་རྫས་འཛིན་སོ་སྐྱེ་ཁོ་ན་ལ་འཇོག་པ་མི་འཐད་དེ། འཕགས་པ་ལ་ཡང་སྐྱེས་བུ་རྫས་འཛིན་ཡོད་པའི་ཕྱིར་ཏེ། ངར་འཛིན་ཡོད་པའི་ཕྱིར། ང་དེའི་ཚེ་དེའི་དུས་ན་སེང་གེ་ཡན་ལག་མ་སྨད་པར་གྱུར་ཏོ་ཞེས་འབྱུང་བ་ལྟར་རོ་ཞེ་ན། འཕགས་པ་ལ་ངར་འཛིན་ཡོད་པར་བཤད་པ་ནི་དྲང་བའི་དོན་ཡིན་གྱི་ངེས་པའི་དོན་མ་ཡིན་པས་འཕགས་པ་ལ་རྫས་འཛིན་ཡོད་པར་ཐལ་བའི་ཉེས་པ་མེད་དོ། །སྐྱེས་བུ་བཏགས་འཛིན་འཕགས་པ་ཁོ་ན་ལ་ཡོད་པ་མི་འཐད་དེ། སོ་སྐྱེ་ལ་ཡང་སྐྱེས་བུ་བཏགས་འཛིན་ཡོད་པའི་ཕྱིར། བདག་མེད་པའོ་སྙམ་དུ་ཡིད་ལ་བྱེད་པ་ཡོད་པའི་ཕྱིར་རོ་ཞེ་ན། སོ་སོ་སྐྱེ་བོའི་སྐྱེས་བུ་བཏགས་འཛིན་མོས་པ་ཡིད་བྱེད་ཙམ་ཡིན་ལ། འདིར་སྐྱེས་བུ་བཏགས་འཛིན་འཕགས་པ་ཁོ་ན་ལ་ཡོད་པར་བཤད་པ་ནི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་དབང་དུ་བྱས་པ་ཡིན་པས་འདིའི་སྐྱེས་བུ་བཏགས་འཛིན་སོ་སྐྱེ་ལ་ཡོད་པར་ཐལ་བའི་ཉེས་པ་མེད་དོ། །གལ་ཏེ་འདིའི་སྐྱེས་བུ་བཏགས་འཛིན་ནི་མཐོང་སྤང་གི་བཏགས་འཛིན་རྟོག་པ་ཡིན་པས་མཐོང་སྤང་མངོན་གྱུར་བ་ཡིན་པའི་ཕྱིར་ཇི་ལྟར་འཕགས་པ་ལ་ཡོད་པར་འགྱུར་ཏེ། མཐོང་ལམ་མཉམ་བཞག་ལ་གནས་པ་དེ་ཉིད་དུ་མཐོང་སྤང་རྟོག་པ་མེད་ལ། མཐོང་ལམ་ཐོབ་ནས་མཐོང་སྤང་རྟོག་པ་ཡང་ཡོད་མི་སྲིད་པའི་ཕྱིར་རོ་ཞེ་ན། འདིར་གང་ཟག་བཏགས་ཡོད་དུ་འཛིན་པ་འཕགས་པ་ཁོ་ན་ལ་ཡོད་ཅེས་བཤད་པ་ནི་ཉན་རང་འཕགས་པ་ལ་དགོངས་པ་ཡིན་ཏེ། ཉན་རང་འཕགས་པས་གང་ཟག་གི་བདག་མེད་པ་མངོན་སུམ་དུ་རྟོགས་པས་གང་ཟག་བཏགས་ཡོད་དུ་འཛིན་པ་ཙམ་ཡོད་ཀྱི་རྫས་ཡོད་དུ་འཛིན་པ་མེད་དོ་སྙམ་དུ་དགོངས་སོ། །ཐེག་ཆེན་འཕགས་པ་ལ་ཡོད་ཅེས་པའི་དོན་ནི་མ་ཡིན་ཏེ། འདིར་བཤད་པའི་བཏགས་འཛིན་ནི་ཐེག་ཆེན་གྱི་མཐོང་བའི་ལམ་གྱི་སྤང་བྱ་ཡིན་པའི་ཕྱིར། འདིའི་གང་ཟག་རྫས་འཛིན་དང་བཏགས་འཛིན་གཉིས་ནི་གང་ཟག་གི་བདག་འཛིན་ཡིན་པས་ཉོན་སྒྲིབ་ཡིན་ནོ། །གལ་ཏེ་ཉོན་སྒྲིབ་ཡིན་ན་འོག་ནས་བཤད་པའི་ཤེས་སྒྲིབ་རྣམས་ཀྱི་མདོར་བསྟན་དུ་མི་རིགས་སོ་ཞེ་ན། བདག་འཛིན་ཕུང་པོ་ལ་དམིགས་ནས་བདག་ཏུ་འཛིན་པ་ཡིན་ལ། འདིར་བཤད་པའི་གང་ཟག་རྫས་ཡོད་དུ་འཛིན་པ་དང་སྐྱེས་བུ་བཏགས་ཡོད་དུ་འཛིན་པ་ནི་གང་ཟག་ལ་དམིགས་ནས་འཛིན་པར་ཞེན་པ་ཡིན་པས་དོན་ཐ་དད་པ་ཁོ་ནའོ། །འདིར་གང་ཟག་རྫས་ཡོད་ལ་འཛིན་པར་ཞེན་པ་དངོས་སུ་བསྟན་ནས་ཤུགས་ལ་གང་ཟག་གི་གདགས་གཞི་ཕུང་པོ་ལ་བདེན་པར་འཛིན་པ་ཡང་གསལ་བར་བྱས་པས་ཆོས་དང་གང་ཟག་གཉིས་ཀ་ལ་བདེན་པར་ཞེན་པའི་རྫས་འཛིན་རྟོག་པའི་མདོར་བསྟན་དུ་རིགས་སོ། །གང་ཟག་ལ་བདེན་པར་ཞེན་པ་ཁོ་ན་མདོར་བསྟན་དུ་གཟུང་ནས་རྒྱས་བཤད་དུ་དོན་དམ་པའི་དངོས་པོ་མངོན་པར་ཞེན་པས་ཞེས་བཤད་པའི་ཆོས་ལ་བདེན་པར་མངོན་པར་ཞེན་པ་ཡང་གཟུང་བ་དང་འགལ་ལོ། །འདི་ནི་འཕགས་པའི་དགོངས་པའོ། །སློབ་དཔོན་ལྟར་ན་གང་ཟག་ལ་རྫས་སུ་འཛིན་པ་དང༌། སྐྱེས་བུ་བཏགས་ཡོད་དུ་འཛིན་པ་གཉིས་ཡུལ་དུ་བྱས་ནས་དེ་ལ་འཛིན་པ་པོར་ཞེན་པ་ཉིད་ཡུལ་ཅན་ཤེས་སྒྲིབ་ཏུ་འཆད་དོ། །གཞན་དག་སྐབས་འོག་མ་གསུམ་གྱི་ལམ་གསུམ་བཏགས་པ་བར་འཆད་པ་ལྟར་ན་འདི་ཡང་སྒོམ་སྤང་དུ་འདོད་དགོས་པས་མངོན་པར་རྟོགས་པའི་རྒྱན་གྱི་རྩ་ཚིག་གིས་མཐོང་སྤང་དངོས་སུ་བསྟན་པ་མེད་པར་འགྱུར་བ་དང༌། འདིར་མཐོང་སྤང་དུ་བཤད་པ་ཡང་མཐོང་སྤང་བཏགས་པ་བ་ཉིད་དུ་འདོད་པར་བྱ་དགོས་སོ། །དེ་བས་ན་ལམ་གསུམ་བཏགས་པར་བཤད་པ་ནི་སྔོན་གྱི་སློབ་དཔོན་གྱི་བཞེད་པའི་རྣམ་གྲངས་བཀོད་པར་མངོན་ཏེ། འདིར་བཤད་པའི་མཐོང་སྤང་རྟོག་པའི་ས་བོན་ས་བཅུ་པ་ལ་སྤང་ཞེས་སྔོན་གྱི་སློབ་དཔོན་དག་འཆད་དོ་ཞེས་གསུངས་པའི་ཕྱིར་ཏེ། འགྲེལ་ཆེན་ལས། རྣམ་པ་དེ་ལྟ་བུའི་རྣམ་པར་རྟོག་པ་རྣམས་ནི་སྔོན་ཉིད་དུ་སྤངས་པས་ཇི་ལྟར་རབ་ཀྱི་མཐར་ཐུག་པའི་གནས་སྐབས་འདི་ལ་སྤོང་ཞེ་ན། སྐྱོན་མེད་དེ། དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པའི་མདོ་ལས། གསང་བ་ཕྲ་མོའི་གནས་ལ་རྗེས་སུ་འཇུག་པ་དང༌། མངོན་པར་ཤེས་པ་ཆེན་པོ་ལ་གེགས་བྱེད་པའི་ཀུན་ཏུ་རྨོངས་པ་གང་དག་དང༌། དེའི་ས་བོན་ས་བཅུ་པ་ལ་སྤང་ཞེས་བྱ་བ་དེ་བས་ན་ཞེས་གསུངས་ནས་མཇུག་ཐོག་ཏུ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་འཆད་དོ་ཞེས་སྨྲོས་པ་ཡིན་ནོ་ཞེས་གསུངས་པས་ན་གཞན་གྱི་བཞེད་ཚུལ་བཀོད་པར་མངོན་ནོ། །སློབ་དཔོན་གྱི་དགོངས་པ་ནི་མཐོང་སྤང་དུ་བཤད་པ་མཐོང་སྤང་མངོན་འགྱུར་བར་འདོད་པར་མངོན་ཏེ། སྐབས་དང་པོར་མཐོང་བ་དང་སྒོམ་པའི་ལམ་གྱིས་སྤང་བར་བྱ་བ་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་བར་འབྱུང་བ་ནི་ཞེས་འབྱུང་ཞིང༌། འཆད་པར་འགྱུར་བ་ཡང་སྐབས་འདི་ཉིད་ལ་ངོས་གཟུང་དགོས་པའི་ཕྱིར་རོ། །རྟོག་པའི་དབྱེ་བ་ལ་སློབ་དཔོན་ལྟར་ན། གཟུང་རྟོག་ལ་འཇུག་པ་གཟུང་རྟོག་དང་ལྡོག་པ་གཟུང་རྟོག་གཉིས་སོ། །འཛིན་རྟོག་ལ་རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་གཉིས་སོ། །འཕགས་པ་ལྟར་ན། མཐོང་སྤང་གི་དབྱེ་བ་སློབ་དཔོན་དང་མཚུངས་ལ། སྒོམ་སྤང་དུ་གྱུར་པའི་བཏགས་འཛིན་རྟོག་པ་ལ་གཉིས་ཏེ། སེམས་ཅན་དུ་གདགས་པ་དང༌། གདགས་པའི་རྒྱུ་མཚན་ལ་བརྟེན་པའོ་ཞེས་གསུངས་ཏེ། མངོན་རྟོགས་རྒྱན་ལས། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པ། །ཞེས་གསུངས་པའི་དོན་ནོ། །མཐོང་སྤང་དུ་བཤད་པ་འདི་དག་གཉེན་པོ་གང་གི་སྤང་བྱ་ཡིན་ཞེ་ན། འཇུག་པ་གཟུང་རྟོག་དང་རྫས་འཛིན་རྟོག་པ་གཉིས་མཐོང་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱིས་སྤང་བར་བྱ་བ་ཡིན་ལ། ལྡོག་པ་གཟུང་རྟོག་དང་བཏགས་འཛིན་རྟོག་པ་གཉིས་འཇུག་པའི་གནས་སྐབས་ཀྱིས་སྤང་བར་བྱ་བ་ཡིན་ནོ་ཞེས་སློབ་དཔོན་གྱིས་གསུངས་ཏེ། སྒོམ་སྤང་རྟོག་པའི་སྐབས་སུ། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་པ་དང༌། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས་གསུངས་པ་ལ་བརྟེན་ནས་མཐོང་སྤང་གི་སྐབས་སུ་ཡང་སྦྱོར་བ་དང་འཇུག་པ་གཉིས་གཉེན་པོར་བྱས་ནས་རྟོག་པ་བཞི་ལ་དེའི་གནས་སྐབས་ཀྱི་ཡུལ་ཅན་ཞེས་བཤད་དོ། །འཕགས་པས་ནི། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་འབྱུང་བ་ལ་སྦྱོར་བའི་རྣམ་པ་ཞེས་པས་ནི་རྟོག་པའི་ཡུལ་ངོས་གཟུང་ལ། སྤྱོད་ཡུལ་ཞེས་པས་ནི་ཡུལ་ཅན་རྟོག་པ་ཉིད་བསྟན་ཏོ། །གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས་གསུངས་པ་ལ། འཇུག་པ་ཞེས་པས་ནི་རྟོག་པའི་ཡུལ་བསྟན་ལ། ཡུལ་ཅན་ཡིན་བཞེད་དེ་ཞེས་པས་ནི་ཡུལ་ཅན་རྟོག་པ་བསྟན་ཏོ་ཞེས་གསུངས་པ་ཉིད་གཞུང་གི་དགོངས་པའོ། །སྦྱོར་བའི་གནས་སྐབས་ཀྱི་སྤང་བྱར་བཞེད་ཅེས་པ་འདི་ལ་མཐོང་ལམ་གྱི་སྦྱོར་བ་གང་ཞེ་ན། གལ་ཏེ་སྡུག་བསྔལ་ཆོས་བཟོད་ཀྱི་སྐད་ཅིག་མ་སྔ་མ་ཡི་ཆ་ལ་འདོད་དོ་ཞེ་ན། སྡུག་བསྔལ་ཆོས་བཟོད་ཀྱི་སྐད་ཅིག་མ་དང་པོ་ནི་མཐོང་ལམ་དངོས་ཡིན་པའི་ཕྱིར་དང༌། སྡུག་བསྔལ་ཆོས་བཟོད་དངོས་ཡིན་པའི་ཕྱིར་སྡུག་བསྔལ་ཆོས་བཟོད་མཐོང་ལམ་གང་གི་ཡང་སྦྱོར་བ་མི་རིགས་སོ། །གལ་ཏེ་འཇིག་རྟེན་ཆོས་མཆོག་གོ་ཞེ་ན། རྒྱལ་པོ་སྲས་དང་གང་སྤེལ་གཉིས་ཀྱིས་མཐོང་ལམ་གྱི་སྦྱོར་བ་ཆོས་མཆོག་ལ་བཤད་པས་ན་དེ་མཐོང་ལམ་གྱི་སྦྱོར་བར་རིགས་མོད་ཀྱི། འཇུག་པ་གཟུང་རྟོག་དང་རྫས་འཛིན་རྟོག་པ་གཉིས་འདིའི་སྤང་བྱ་ལ་སྦྱར་བ་ནི་མི་རིགས་ཏེ། མཐོང་ལམ་གྱི་གནས་སྐབས་སུ་སྤོང་བར་བཤད་པའི་ཕྱིར་ཏེ། མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་འབྱུང་བས་སོ། །ཇི་ལྟར་ན་གཉེན་པོ་རྣམ་པ་བཞིར་དབྱེ་ཞེ་ན། གཟུང་རྟོག་གཉིས་ཀྱི་གཉེན་པོ་ལ་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་གཉིས། འཛིན་རྟོག་གཉིས་ཀྱི་གཉེན་པོ་ཡང་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་གཉིས་ཏེ་བཞིའོ། །བར་ཆད་མེད་ལམ་གཉིས་ནི་སྤང་བྱ་གཟུང་རྟོག་དང་འཛིན་རྟོག་གཉིས་ཀྱི་དབྱེ་བས་གཉིས་སུ་ཕྱེ་བ་ཡིན་གྱི་རྫས་ཐ་དད་པ་གཉིས་ནི་མ་ཡིན་ནོ། །རྣམ་གྲོལ་ལམ་གཉིས་ཀྱང་སྤང་བྱའི་དབྱེ་བས་གཉིས་སུ་སྨྲོས་ཀྱི་རྫས་ཐ་དད་པ་གཉིས་ནི་མ་ཡིན་ནོ། །རྩ་བའི་དགོངས་པ་ནི་འདི་ཉིད་དུ་ཤེས་པར་བྱའོ། །གཞན་དག་གིས་ནི་ཁོ་བོའི་ལེགས་བཤད་ལ་རྐུ་འཕྲོག་སློང་གསུམ་བྱེད་པར་ཟད་དོ། །དྲི་མ་ཟད་དང་མི་སྐྱེ་བའི། །ཞེས་སོགས་ཀྱི་དོན་ལ། ཆོས་ཀྱི་སྐུ་ཆོས་ཅན། བྱང་ཆུབ་ཆེན་པོ་ཡིན་ཞེས་བརྗོད་དེ། དྲི་མ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་བརྙེས་པའི་ཕྱིར། ཇི་ལྟར་ན་དྲི་མ་ཟད་པ་དང་སྐྱེ་བ་མེད་ཅེ་ན། གཉིས་པོ་དེ་དག་གི་གཏན་ཚིགས་རིམ་བཞིན་དུ། ཟད་མེད་སྐྱེ་མེད་ཕྱིར་ཞེས་པ་ནི་རིམ་པ་བཞིན་དུ་ཤེས་པར་བྱའོ། །གལ་ཏེ་དྲི་མ་ཟད་པའི་སྒྲུབ་བྱེད་དུ་ཟད་པ་མེད་པའི་ཕྱིར་ཞེས་རྟགས་སུ་བཀོད་པ་ནི་འགལ་བ་ཁོ་ནའོ་ཞེ་ན། འདིར་ཟད་ཅེས་པ་ནི་གདོད་མ་ནས་ཟད་ཅེས་པའི་དོན་ཡིན་པས་གདོད་མ་ནས་ཟད་པ་དང་ཟད་པ་མེད་པ་གཉིས་དོན་གཅིག་པའི་ཕྱིར་མི་འགལ་ལོ། །འགོག་པ་མེད་པའི་རང་བཞིན་ལ། །ཞེས་སོགས་ཀྱི་དོན་ལ། མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་གསུངས་པ་ལྟར། ངེས་འབྱེད་ཆ་མཐུན་ལམ་གྱིས་ནི། །ཞེས་པ་དང༌། སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །ཅེས་སོགས་ཀྱང་ཐོབ་ལ། འདིར་མཐོང་ལམ་ལ་སྦྱོར་བ་ནི་མཐོང་ལམ་རྩེ་སྦྱོར་སྟོན་པའི་སྐབས་ཡིན་པས་དེའི་དབང་དུ་བྱས་སོ། །རྣལ་འབྱོར་གྱི་ས་བཞི་ལ་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་དང༌། གཟུང་བ་རང་བཞིན་མེད་པར་རྟོགས་པའི་རྣལ་འབྱོར་གྱི་ས་དང༌། འཛིན་པ་རང་བཞིན་མེད་པར་རྟོགས་པའི་རྣལ་འབྱོར་གྱི་ས་དང༌། གཟུང་འཛིན་གཉིས་མེད་རྟོགས་པའི་རྣལ་འབྱོར་གྱི་སའོ། །ཅིའི་ཕྱིར་བཞིར་བཞག་ཅེ་ན། ལམ་གྱི་མི་མཐུན་ཕྱོགས་ལ་སྤང་བྱ་དང་སྤང་བྱའི་ས་བོན་གཉིས་སུ་རྣམ་པར་ཕྱེ་བས་སྤང་བྱ་མངོན་འགྱུར་གྱི་གཉེན་པོར་རྣལ་འབྱོར་གྱི་ས་དང་པོ་གསུམ་དང༌། ས་བོན་གྱི་གཉེན་པོར་རྣལ་འབྱོར་གྱི་ས་ཐ་མ་བཞག་གོ །མངོན་འགྱུར་ལ་ཡང་གཉིས་ཏེ། ཉོན་སྒྲིབ་དང་ཤེས་སྒྲིབ་བོ། །ཉོན་སྒྲིབ་ཀྱི་གཉེན་པོར་ནི་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་སའོ། །ཤེས་སྒྲིབ་ལ་ཡང་གཉིས་ཏེ། ཤེས་སྒྲིབ་གཟུང་རྟོག་དང་འཛིན་རྟོག་གོ །གཟུང་རྟོག་གི་གཉེན་པོར་གཟུང་བ་རང་བཞིན་མེད་པར་རྟོགས་པའི་རྣལ་འབྱོར་གྱི་ས་དང༌། འཛིན་རྟོག་གི་གཉེན་པོར་འཛིན་པ་རང་བཞིན་མེད་པར་རྟོགས་པའི་རྣལ་འབྱོར་གྱི་སའོ། །ས་བཞི་པོ་ཡི་རིམ་པ་ཡང་ཉོན་མོངས་པའི་གཉེན་པོར་ཐོག་མར་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་བསྒོམ་ལ། དེ་ནས་རགས་པ་དང་ཕྲ་བའི་རབ་ཏུ་དབྱེ་བས་ངེས་པ་འདྲེན་ཚུལ་ལ་ལྟོས་ནས་གཟུང་བ་རང་བཞིན་མེད་པ་དང་འཛིན་པ་རང་བཞིན་མེད་པར་རྟོགས་པའི་རྣལ་འབྱོར་གྱི་ས་རིམ་པ་བཞིན་དུ་བསྒོམ་མོ། །དེ་དག་གིས་སྤང་བྱ་མངོན་འགྱུར་བ་སྤངས་ནས་ས་བོན་གྱི་གཉེན་པོར་རྣལ་འབྱོར་གྱི་ས་ཐ་མ་བསྒོམ་མོ། །གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ཡང་གཉིས་ཏེ། རང་རྒྱུད་ཁོ་ན་ལ་དམིགས་ནས་གང་ཟག་གི་བདག་མེད་པར་བསྒོམ་པ་དང༌། རང་གཞན་གཉིས་ཀའི་རྒྱུད་ལ་དམིགས་ནས་གང་ཟག་གི་བདག་མེད་པར་མཉམ་པ་ཉིད་དུ་བསྒོམ་པའོ། །དང་པོ་ནི་ཉན་ཐོས་ཀྱི་སྒོམ་ཚུལ་ཡིན་ལ། ཐ་མ་ནི་བྱང་ཆུབ་སེམས་དཔས་གང་ཟག་གི་བདག་མེད་སྒོམ་ཚུལ་ལོ། །འདིར་གང་ཟག་ནི་ལྷན་སྐྱེས་ཀྱི་ངར་འཛིན་གྱིས་བློས་ཕུང་པོ་ལ་བརྟེན་ནས་བཏགས་པའོ། །དེ་ཉིད་བཏགས་པ་ཙམ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་མེད་པ་ནི་གང་ཟག་གི་བདག་མེད་པའོ། །གལ་ཏེ་གང་ཟག་ངོ་བོ་ཉིད་ཀྱིས་ཡོད་པར་ལྟ་ན་ནི་བདག་འཛིན་གྱི་འཆིང་བས་ཡོངས་སུ་འཆིང་བར་འགྱུར་ལ། བཏགས་པ་ཙམ་ཡང་མེད་ན་གང་ཟག་འདི་ནི་སྐྱོན་དང་ལྡན་ནོ། །གང་ཟག་འདི་ནི་ཡོན་ཏན་དང་ལྡན་ནོ་ཞེས་སོ་སོར་བཞག་ཏུ་མེད་པར་འགྱུར་རོ། །སློབ་དཔོན་དབྱིག་གཉེན་གྱིས། བདག་ཡོད་ཉིད་དུ་ཁས་བླངས་ན། །ལྟ་བའི་མཆེ་བས་སྨྲས་པར་འགྱུར། །བཏགས་པའང་མེད་པར་འགྱུར་འོང་བས། །མེད་ཉིད་ཅེས་ཀྱང་མ་གསུངས་སོ། །ཞེས་གསུངས་པ་ལྟར་རོ། །གཟུགས་སོགས་ཀྱི་ཆོས་རང་བཞིན་མེད་པ་ནི་ཆོས་ཀྱི་བདག་མེད་པའི་དོན་ནོ། །རང་བཞིན་གྱི་སྒྲ་འཇུག་པ་ཡང་རྣམ་པ་གཉིས་ཏེ། སྟོང་པ་ཉིད་ལ་རང་བཞིན་དུ་བརྗོད་པ་དང༌། ཡུལ་གྱི་གནས་ཚུལ་ལ་ཡོད་པ་ལ་རང་བཞིན་གྱི་སྒྲ་བརྗོད་པའོ། །གང་མེད་པ་བརྗོད་པའི་རང་བཞིན་ནི་ཕྱི་མ་ཉིད་དོ། །གལ་ཏེ་གཟུང་འཛིན་གཉིས་ཀ་གཅིག་ཆར་དུ་རང་བཞིན་མེད་པར་བསྒོམ་པ་མིན་ནམ། ཅིའི་ཕྱིར་ཐོག་མར་གཟུང་བ་རང་བཞིན་མེད་པ་ལ་ངེས་པ་དྲངས་ནས་ཕྱིས་འཛིན་པ་རང་བཞིན་མེད་པ་ལ་ངེས་པ་འདྲེན་ཞེ་ན། གཉིས་ཀ་རང་བཞིན་མེད་པར་གཅིག་ཆར་དུ་བསྒོམ་ཡང༌། གཟུང་བ་རང་བཞིན་མེད་པ་དང༌། འཛིན་པ་རང་བཞིན་མེད་པར་རྟོགས་པ་གཉིས་ལས་དང་པོ་ལ་ངེས་པར་འདྲེན་པ་སླ་ལ། འཛིན་པ་རང་བཞིན་མེད་པ་ལ་ངེས་པ་འདྲེན་པ་དཀའ་བ་སྟེ། གཟུང་བ་ནི་རགས་ལ་འཛིན་པ་ནི་ཕྲ་བའི་ཕྱིར་རོ། །ས་བཞི་པོ་འདི་དག་ཇི་ལྟར་ཡོངས་སུ་བསྒོམ་ཞེ་ན། ཐོག་མར་ཐོས་བསམ་གྱིས་ཡོངས་སུ་གཟུང་བའི་དོན་ལ་བསམ་བྱུང་གི་རིགས་པས་སྒྲོ་འདོགས་ཡོངས་སུ་བཅད་ནས་སྒོམ་བྱུང་གི་ཤེས་རབ་དང་ཏིང་ངེ་འཛིན་ཟུང་འབྲེལ་དུ་བསྒོམ་པའི་སྒོ་ནས་གོམས་པར་བྱེད་པ་ཡིན་ནོ། །དེ་ལ་ཏིང་ངེ་འཛིན་གྱིས་ནི་དམིགས་པ་ལ་སེམས་འཛིན་པར་བྱེད་པ་ཡིན་ལ། ཤེས་རབ་ཀྱིས་ནི་ཏིང་ངེ་འཛིན་གྱིས་ཡོངས་སུ་གཟུང་བའི་དོན་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱེད་པའོ། །དེ་ལ་ཐོས་བསམ་གྱི་བློ་ནི་རྟའི་དཀྱུས་ས་བསྟན་པ་ལྟར་ཡིན་ལ། སྒོམ་བྱུང་ནི་དཀྱུས་ས་བསྟན་ནས་དེ་ལ་ཐོགས་མེད་དུ་རྒྱུག་པ་བཞིན་ནོ། །རྣལ་འབྱོར་གྱིས་སྒོམ་པའི་ཚེ་སྟོང་པ་ཉིད་ཀྱི་དམིགས་རྣམ་ཡོངས་འཛིན་དགོས་ཏེ། སྟོང་པ་ཉིད་ཀྱི་དམིགས་རྣམ་གསལ་བ་མེད་པར་ཡིད་ལ་མི་བྱེད་པ་ཙམ་གྱིས་སྒྲིབ་གཉིས་ཀྱི་ས་བོན་འཇོམས་མི་ནུས་པའི་ཕྱིར་ཏེ། སྟོང་ཉིད་རྟོགས་པའི་ལྷག་མཐོང་དང་བྲལ་བའི་ཕྱིར་ཏེ། ཇི་སྐད་དུ། སྟོང་པ་ཉིད་དང་བྲལ་བའི་སེམས། །འགག་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་སོ། །སློབ་དཔོན་འདིས་ནི་ལྟ་བས་ཀྱང་སྣང་བ་ལ་དམིགས་ནས་སྒྲོ་འདོགས་གཅོད་དགོས་ལ། སྒོམ་པས་ཀྱང་སྣང་བ་ལ་དམིགས་ནས་བསལ་བཞག་སྤངས་ཏེ་སྒོམ་པར་བྱེད་པས་ན་མཉམ་གཞག་སྣང་བཅས་སུ་བཞེད་དོ། །སྦྱིན་པ་ལ་སོགས་རེ་རེ་ནི། །ཞེས་སོགས་ཀྱི་དོན་ལ། མཐོང་ལམ་རྩེ་སྦྱོར་གྱི་ངོ་བོ་ནི། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །ཞེས་པས་བསྟན་ལ། སྦྱིན་པ་ལ་སོགས་རེ་རེ་ནི། །དེ་དག་ཕན་ཚུན་བསྡུས་པ་གང༌། །ཞེས་པས་ནི་མཉམ་གཞག་གིས་དྲངས་པའི་རྗེས་ཐོབ་ཀྱི་སྤྱོད་པ་སྦྱིན་སོགས་རེ་རེར་དྲུག་ཚན་དྲུག་གི་རྣམ་པ་སོ་དྲུག་ཏུ་ཕྱེ་བ་ཉིད་བསྟན་ཏོ། །ཇི་ལྟར་ན་དྲུག་ཚན་དྲུག་ཏུ་འགྱུར་ཞེ་ན། སྦྱིན་སོགས་རེ་རེ་ལ་བསྡུ་བྱ་ལྔ་ལྔ་དང༌། བསྡུ་བྱེད་རེ་རེ་དང་དྲུག་དྲུག་ཏུ་འབུམ་ལས་བཤད་དོ། །བསྡུ་བྱེད་རེ་རེ་ལ་བསྡུ་བྱ་དྲུག་དྲུག་ཏུ་འཆད་པ་ནི་མདོའི་དོན་མ་ཡིན་ནོ། །མདོ་ལས་ཤེས་རབ་ཀྱི་ཕར་ཕྱིན་གྱིས་བསྡུས་པའི་བསམ་གཏན་གྱི་ཕར་ཕྱིན་ལ་སེང་གེ་རྣམ་བསྒྱིངས་དང་ཐོད་རྒལ་གྱི་ཏིང་ངེ་འཛིན་གཉིས་སུ་བཤད་དོ། །དེ་ལ་སེང་གེ་རྣམ་བསྒྱིངས་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཞེས་པས་བསྟན་ཏོ། །འདིར། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་པའི་ཚིག་རྐང་པ་གཉིས་གསུངས་པ་ནི་འཕགས་པ་གྲོལ་སྡེའི་གཞུང་དང་ཉི་ཁྲི་ལེ་བརྒྱད་གཉིས་ལས་འབྱུང་བ་ལྟར་སློབ་དཔོན་གྱིས་ཀྱང་བཀོད་པ་ཡིན་ལ། འབུམ་དང་ད་ལྟར་གྱི་ཉི་ཁྲི་སོགས་ཤེར་ཕྱིན་གྱི་མདོ་གཞན་ལ་ནི་གཏན་ནས་མེད་དོ། །འདིའི་སེང་གེ་རྣམ་བསྒྱིངས་སློབ་དཔོན་གྱིས་ཀྱང་སྒོམ་ལམ་དུ་བཞེད་དེ། འདིའི་མཚམས་སྦྱར་དུ་དེ་ལ་དབང་དུ་བྱ་བའི་ཕྱིར་ཏེ། དེ་ཉིད་ཡང་དང་ཡང་དུ་སྒོམ་པར་བྱེད་དོ་ཞེས་གསུངས་པས་སོ། །ཡང་དང་ཡང་དུ་ཞེས་ཟློས་པའི་སྒྲ་གསུངས་པས་ནི་སྒོམ་པའི་ལམ་དུ་གསལ་བར་བྱས་སོ། །འོ་ན་ཐོད་རྒལ་གྱི་མཚམས་སྦྱར་དུ་དེ་ལྟར་མཐོང་བའི་ལམ་བརྗོད་ནས་ཞེས་གསུངས་པས་རྟེན་འབྲེལ་ལ་རྟོག་པ་ཡན་ཆད་མཐོང་ལམ་དུ་གཏོགས་པར་བཤད་པ་མིན་ནམ་ཞེ་ན། དེ་ལྟར་མཐོང་བའི་ལམ་གྱི་ཁྱད་པར་གྱི་ལམ་དང་བཅས་པ་བརྗོད་ཟིན་ནས་ཞེས་པའི་དོན་དུ་བཤད་པར་བྱ་བ་ཡིན་པས་ན་སྐྱོན་མེད་དོ། །མངོན་པ་ཀུན་ལས་བཏུས་ལས། ལམ་འོག་མ་འོག་མའི་ཁྱད་པར་གྱི་ལམ་གོང་མ་གོང་མ་རྣམས་སུ་བཤད་པ་ལྟར་རོ། །དེས་ན་སྒོམ་པའི་རིམ་པ་ནི། །དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་སོགས་ཀྱི་ཚིག་རྐང་གཉིས་ཀྱིས་ནི་མཉམ་གཞག་སེང་གེ་རྣམ་བསྒྱིངས་བསྟན་ལ། རྟེན་ཅིང་འབྲེལ་འབྱུང་ཞེས་སོགས་ཀྱི་ཚིག་རྐང་པ་གཉིས་ཀྱི་དོན་དེའི་རྗེས་ཐོབ་བསྟན་ཏོ། །དེ་ནས། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་སོགས་ཀྱིས་ནི་ཐོད་རྒལ་གྱི་ངོ་བོ་མཉམ་གཞག་དང་རྗེས་ཐོབ་སྤེལ་ནས་བསྒོམ་པ་བསྟན་ཏོ། །རྟེན་འབྲེལ་གྱི་དོན་གཏན་ལ་དབབ་པ་ལ་རྟེན་འབྲེལ་ནི་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དང༌། རྣམ་བྱང་གི་རྟེན་འབྲེལ་ལོ། །དང་པོ་ལ་བཞི་སྟེ། ཡན་ལག་སོ་སོའི་ངོ་བོ་ངོས་གཟུང༌། སྔ་མ་ལས་ཕྱི་མ་འབྱུང་བའི་ཚུལ། ཡན་ལག་གི་ས་མཚུངས་དཔྱད་པ། སྐྱེ་བ་དུ་ཞིག་གིས་རྫོགས་པའི་ཚུལ། དང་པོ་ལ་མ་རིག་པའི་ངོ་བོ་ནི་ཡུལ་ལ་མི་གསལ་བའི་རྣམ་པས་འཇུག་པའི་སེམས་བྱུང་ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་འཇུག་པའོ། །ཡན་ལག་བཅུ་གཉིས་ཀྱི་ཡ་གྱལ་དུ་སྨྲོས་པའི་མ་རིག་པ་ནི་མཐོང་སྤང་གི་མ་རིག་པ་ཡིན་ནམ། སྒོམ་སྤང་གི་མ་རིག་པ་ཡིན་ཞེ་ན། དོན་གསང་རྣམ་པར་བཤད་པ་ལས། མཐོང་སྤང་ཁོ་ནར་འདོད་དེ། ཡང་སྲིད་འཕེན་བྱེད་ཡིན་པའི་ཕྱིར་དང༌། འཕགས་པ་ལ་ཡང་སྲིད་འཕེན་བྱེད་མེད་པའི་ཕྱིར་ཏེ། རྟེན་འབྲེལ་གྱི་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་བྱེད་མེད། །ཅེས་གསུངས་པའི་ཕྱིར་ཞེས་འདོད་དོ། །ཡང་འགའ་ཞིག་གིས་རྣམ་སྨིན་གྱི་ཕུང་པོ་ཐམས་ཅད་ཀྱི་སྤྱིའི་རྐྱེན་ཡིན་པའི་ཕྱིར་དང༌། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་དུ་འབྱུང་བའི་མ་རིག་པ་ཡིན་པའི་ཕྱིར་སྒོམ་སྤང་ཁོ་ནའོ་ཞེས་སོ། །ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་ཡང་ཡན་ལག་བཅུ་གཉིས་ཀྱི་མ་རིག་པས་བསྡུས་པའི་ཕྱིར་དང༌། ལས་འབྲས་ལ་རྨོངས་པའི་མ་རིག་པས་ངན་སོང་དུ་འཕེན་པར་བྱེད་པ་ཡིན་པའི་ཕྱིར་སྒོམ་སྤང་ཁོ་ནར་འདོད་པ་ཡང་མི་རིགས་ལ། མཐོང་སྤང་ཁོ་ནར་འདོད་པ་ཡང་མི་རིགས་ཏེ། ལྷན་སྐྱེས་ཀྱི་མ་རིག་པའི་ཆར་གྱུར་པའི་ཡང་སྲིད་འཕེན་བྱེད་ཡང་ཡོད་པ་ཡིན་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་སྤངས་ཤེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ། གང་ཡང་རིལ་གྱིས་སྤངས་པ་ནི་མ་ཡིན་ནོ་ཞེས་གསུངས་པ་ལྟར་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་ཡོད་པར་རིགས་སོ། །ལུང་གི་དོན་ནི་ཡན་ལག་བཅུ་གཉིས་ལ་མཐོང་སྤང་གི་ཆ་དང་སྒོམ་སྤང་གི་ཆ་གཉིས་གཉིས་ཡོད་པས་རྒྱུན་དུ་ཞུགས་པས་མཐོང་སྤང་གི་ཆ་དེ་སྤངས་ཀྱི་སྒོམ་སྤང་གི་ཆ་ནི་སྤངས་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །འདུ་བྱེད་ནི་ཡང་སྲིད་འཕེན་པར་བྱེད་པའི་ཟག་པ་དང་བཅས་པའི་ལས་སོ། །རྣམ་པར་ཤེས་པའི་རྟེན་འབྲེལ་ནི་རྟེན་འབྲེལ་ལ་རྒྱུའི་ཆ་དང་འབྲས་བུའི་ཆ་གཉིས་སུ་རྣམ་པར་གཞག་པ་ལས། རྣམ་པར་ཤེས་པ་ཚོགས་དྲུག་ཏུ་སྨྲ་བ་ལྟར་ན་འབྲས་བུའི་ཁོངས་སུ་གཏོགས་པར་བཞེད་པས་སྐྱེ་གནས་སུ་འཇུག་པ་ན་དང་པོར་མའི་མངལ་དུ་གྲུབ་པའི་རྣམ་པར་ཤེས་པ་ལ་འདོད་དོ། །རྣམ་པར་ཤེས་པ་ཚོགས་བརྒྱད་དུ་སྨྲ་བ་ལྟར་ན་རྣམ་པར་ཤེས་པའི་རྟེན་འབྲེལ་རྒྱུ་འབྲས་གཉིས་ལས་རྒྱུའི་ཆར་གཏོགས་པར་བཞེད་པས་འདུ་བྱེད་ཀྱི་རྟེན་འབྲེལ་གྱིས་བསྒོས་པའི་ལས་ཀྱི་བག་ཆགས་ཡོངས་སུ་འཛིན་པར་བྱེད་པ་ཀུན་གཞིའི་རྣམ་ཤེས་སོ། །མིང་གཟུགས་ཀྱི་རྟེན་འབྲེལ་ནི་ཚོགས་དྲུག་ཏུ་སྨྲ་བ་ལྟར་ན་མིང་གཟུགས་ཀྱི་རྟེན་འབྲེལ་ནི་ཉིང་མཚམས་སྦྱོར་བའི་སྐད་ཅིག་གཉིས་པར་ཕུང་པོ་ལྔ་གྲུབ་པའོ། །ཚོགས་བརྒྱད་དུ་སྨྲ་བ་ལྟར་ན་མིང་གཟུགས་ཀྱི་རྟེན་འབྲེལ་གཉིས་ཉིང་མཚམས་སྦྱོར་བའི་དང་པོར་འདོད་དོ། །སྐྱེ་མཆེད་ཀྱི་རྟེན་འབྲེལ་ནི་མིང་གཟུགས་ཀྱི་རྟེན་འབྲེལ་ཡོངས་སུ་སྨིན་པ་ལས་མིག་ལ་སོགས་པའི་དབང་པོ་རྣམས་ཚང་བར་འདོད་པས་སོ། །རེག་པའི་རྟེན་འབྲེལ་ནི་སྐྱེ་མཆེད་དྲུག་ཡུལ་དང་ཡུལ་ཅན་ཕྲད་པ་ལས་ཡུལ་ཡོངས་སུ་གཅོད་པར་བྱེད་པའོ། །ཚོར་བ་ནི་རག་པས་ཡོངས་སུ་གཅོད་པ་བཞིན་རྣམ་སྨིན་ཉམས་སུ་མྱོང་བའོ། །སྲེད་པ་ནི་ཚོར་བ་བདེ་སྡུག་ལ་བླང་དོར་དུ་ཆགས་པའོ། །ལེན་པ་ནི་ཚོར་བ་བདེ་སྡུག་གི་རྒྱུ་ཡོངས་སུ་ཚོལ་བར་འདུན་པའི་འདོད་ཆགས་སོ། །སྲེད་པ་དང་ལེན་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། བཤད་སྦྱར་ལས། སྤྱིར་ཡང་སྲིད་མངོན་པར་འདོད་པ་ནི་སྲེད་པ་ཡིན་ལ། ཡང་སྲིད་བྱེ་བྲག་ཅན་མངོན་པར་འདོད་པ་ནི་ལེན་པའོ་ཞེས་བཤད་དོ། །འཇུག་པའི་རང་འགྲེལ་ལས། ཡང་སྲིད་མངོན་པར་འདོད་པ་ནི་སྲེད་པ་ཡིན་ལ། དེ་ཉིད་འཕེལ་བ་ནི་ལེན་པའོ་ཞེས་གསུངས་སོ། །སྲིད་པའི་རྟེན་འབྲེལ་ནི་རྣམ་ཤེས་ཚོགས་བརྒྱད་དུ་སྨྲ་བ་ལྟར་ན་སྔར་གྱི་ཀུན་གཞི་ལ་བསྒོས་པའི་བག་ཆགས་སྲེད་པས་གསོས་བཏབ་ནས་ལས་ཀྱི་བག་ཆགས་འབྲས་བུ་མྱུར་དུ་འབྱིན་པའི་ནུས་པ་མཐུ་ལྡན་དུ་གྱུར་པས་སོ། །རྣམ་ཤེས་ཚོགས་དྲུག་ཏུ་སྨྲ་བ་ལྟར་ན་ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་དུ་བསག་པའོ། །སྐྱེ་བ་ནི་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་ནས་ཕུང་པོ་རིམ་གྱིས་གྲུབ་པའོ། །རྒ་ཤི་ནི་ན་ཚོད་ཡོངས་སུ་གྱུར་པའོ། །རྒ་བ་ཤི་བ་ཡན་ལག་གཅིག་ཏུ་བྱས་པ་ནི་མ་རྒས་པར་ཤི་བ་ཡང་ཡོད་པའི་ཕྱིར་གཉིས་པོ་ཡན་ལག་གཅིག་ཏུ་བསྡུས་ནས་བསྟན་ནོ། །མིང་གཟུགས་ཀྱི་རྟེན་འབྲེལ་དང་སྐྱེ་མཆེད་དྲུག་གི་སྔ་ཕྱི་རིམ་ཅན་དུ་བཞག་ནས་ཡན་ལག་སོ་སོར་བཞག་པ་མི་རིགས་ཏེ། རྫུས་སྐྱེས་ལ་མིང་གཟུགས་ཀྱི་རྟེན་འབྲེལ་དང་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་ལྷན་ཅིག་ཏུ་འབྱུང་བའི་ཕྱིར་ཞེ་ན། མིང་གཟུགས་དང་སྐྱེ་མཆེད་དྲུག་སྔ་ཕྱི་རིམ་ཅན་དུ་བྱས་པ་ནི་མངལ་སྐྱེས་ཀྱི་དབང་དུ་བྱས་པ་ཡིན་ནོ། །ཡན་ལག་སོ་སོའི་ངོས་འཛིན་ཚུལ་བསྟན་ཟིན་ཏོ། །གཉིས་པ་ཡན་ལག་སྔ་མ་ལས་ཕྱི་མ་འབྱུང་བའི་ཚུལ་ལ། མ་རིག་པས་ཀུན་ནས་བསླངས་ནས་ཡང་སྲིད་འཕེན་བྱེད་ཀྱི་ལས་གསོག་པར་བྱེད་པའོ། །ལས་ནི་ཉོན་མོངས་པ་དུག་གསུམ་ཆར་གྱིས་ཀུན་ནས་སློང་ཡང་མ་རིག་པ་ཁོ་ན་ཀུན་སློང་དུ་བཞག་པའི་དོན་ནི་རྟེན་འབྲེལ་གྱི་ཡན་ལག་ཕྱི་མ་ཐམས་ཅད་དྲི་མ་ཅན་དུ་བྱེད་པ་ནི་མ་རིག་པ་ཁོ་ནའི་བྱེད་པ་ཡིན་པའི་ཕྱིར་དང༌། ཁོང་ཁྲོ་ནི་བསོད་ནམས་དང་མི་གཡོ་བའི་ལས་ཀྱི་ཀུན་སློང་དུ་མེད་པའི་ཕྱིར་དང༌། འདོད་པའི་ཡོན་ཏན་ལ་མངོན་པར་ཞེན་པའི་སྲེད་པ་ཡང་ལས་དེ་གཉིས་ཀྱི་ཀུན་སློང་དུ་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །འདུ་བྱེད་ཀྱི་རྟེན་འབྲེལ་ལས་རྣམ་པར་ཤེས་པའི་རྟེན་འབྲེལ་འབྱུང་སྟེ། རྟེན་འབྲེལ་ལ་རྒྱུ་དང་འབྲས་བུའི་ཆ་གཉིས་སུ་རྣམ་པར་གཞག་པ་ལས་འབྲས་བུའི་ཆ་བཟུང་ན་འདུ་བྱེད་ནི་རྣམ་ཤེས་སྐྱེ་གནས་སུ་འཕེན་པར་བྱེད་པའི་ཕྱིར་རོ། །རྒྱུའི་ཆ་གཟུང་ན་ཡང་སྲིད་ཀྱི་བག་ཆགས་དང་ལྡན་པར་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་རྟེན་འབྲེལ་ལས་ནི་མིང་གཟུགས་ཀྱི་རྟེན་འབྲེལ་འབྱུང་སྟེ། རྣམ་པར་ཤེས་པ་འབྲས་བུའི་ཆ་བཟུང་ན་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པ་ལས་མིང་གཟུགས་རིམ་གྱིས་གྲུབ་པ་ཡིན་ལ། རྣམ་པར་ཤེས་པ་རྒྱུའི་ཆ་ལ་བཟུང་ན་ཀུན་གཞི་ལས་བག་ཆགས་ཅན་གྱི་མིང་གཟུགས་འབྱུང་བ་ཡིན་ནོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་སྟེ། མིང་གཟུགས་འཕེལ་བ་ལས་མིག་སོགས་སྐྱེ་མཆེད་དྲུག་ཏུ་ཚང་བར་འགྲུབ་པའི་ཕྱིར་རོ། །ལུས་དང་ཡིད་ཀྱི་སྐྱེ་མཆེད་གཉིས་སྔར་རྣམ་ཤེས་ཀྱི་རྟེན་འབྲེལ་དང༌། མིང་གཟུགས་ཀྱི་རྟེན་འབྲེལ་གྱི་དུས་སུ་ཡོད་ཀྱང༌། འདིར་སྐྱེ་མཆེད་དྲུག་ཚང་བར་གྲུབ་པའི་སྐབས་འདིར་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་དུ་བསྟན་ཏོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པར་འབྱུང་སྟེ། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལས་ཡུལ་ཡོངས་སུ་གཅོད་པའི་རེག་པ་འབྱུང་བའི་ཕྱིར། དེའི་རྐྱེན་གྱིས་ཚོར་བ་འབྱུང་སྟེ། རེག་པས་གཅོད་པ་ལྟར་བདེ་སྡུག་བར་མ་ཉམས་སུ་མྱོང་བའི་ཚོར་བ་འབྱུང་བའི་ཕྱིར། ཚོར་བ་ལས་ནི་སྲེད་པ་འབྱུང་སྟེ། ཚོར་བའི་རྐྱེན་གྱིས་ཚོར་བ་གསུམ་ལ་བླང་དོར་དུ་ཆགས་པ་འབྱུང་བའི་ཕྱིར། དེ་ལས་ལེན་པ་འབྱུང་སྟེ། ཚོར་བའི་རྒྱུ་ཚོལ་བ་ལ་འདུན་ཅིང་ཆགས་པ་འབྱུང་བས་སོ། །ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་སྟེ། རྣམ་པར་ཤེས་པ་ཚོགས་དྲུག་ཏུ་སྨྲ་བ་ལྟར་ན་ཡང་སྲིད་དུ་འཕེན་བྱེད་ཀྱི་ལས་གསོག་པའི་ཕྱིར་དང༌། ཚོགས་བརྒྱད་དུ་སྨྲ་བ་ལྟར་ན་ལས་ཀྱི་ནུས་པ་མཐུ་ཅན་དུ་བྱེད་པའི་ཕྱིར། སྲིད་པ་ལས་ནི་སྐྱེ་བ་འབྱུང་སྟེ། སྲིད་པས་ཡང་སྲིད་ཀྱི་འགྲོ་བ་གཞན་འདྲེན་པར་བྱེད་པའི་ཕྱིར་རོ། །སྐྱེ་བ་ལས་ནི་རྒ་ཤི་འབྱུང་སྟེ། སྐྱེ་བ་ལས་ནི་ཕུང་པོའི་གནས་སྐབས་གཞན་དང་གཞན་དུ་འགྱུར་བའི་ཕྱིར་རོ། །ཡན་ལག་སྔ་མ་ལས་ཕྱི་མ་འབྱུང་བའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་ཡན་ལག་གི་ས་མཚུངས་དཔྱད་པ་ལ་སྤྱིར་སྐྱེ་གནས་གཅིག་ནས་གཅིག་ཏུ་སྐྱེ་བའི་ཚུལ་ལ་གསུམ་སྟེ། རང་ས་ནས་རང་སར་སྐྱེ་བ་དང༌། འོག་ས་ནས་གོང་སར་སྐྱེ་བ་དང༌། གོང་ས་ནས་འོག་མར་སྐྱེ་བའོ། །དང་པོ་ལ། འདོད་པ་ནས་ཚེ་འཕོས་ནས་འདོད་པར་སྐྱེ་བའི་ཚུལ་ལ་མ་རིག་པ་དང་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་ས་མཚུངས་པ་ཁོ་ན་སྟེ། འདོད་པར་སྐྱེ་བ་ནི་འདོད་པའི་ལས་ཀྱི་རྒྱུ་ལས་སྐྱེ་བ་ཡིན་ཞིང༌། ལས་དང་རྣམ་པར་སྨིན་པ་ཡང་ས་གཅིག་དགོས་པའི་ཕྱིར་ཏེ། ས་ཐ་དད་ཀྱི་ལས་ཀྱིས་ས་གཞན་གྱི་རྣམ་པར་སྨིན་པ་མི་འགྲུབ་པའི་ཕྱིར་དང༌། གོང་མའི་མ་རིག་པས་འོག་མའི་ལས་སོག་པར་མི་བྱེད་པ་ཡིན་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཤེ་ན། གོང་མའི་མ་རིག་པ་ཐོབ་ན་གོང་མའི་སེམས་ཐོབ་དགོས་པ་ལ། གོང་མའི་སེམས་ཐོབ་པ་ནི་འོག་མ་ལ་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་རོ། །བསམ་གཏན་དང་པོ་ནས་ཤི་འཕོས་ནས་བསམ་གཏན་དང་པོའི་སྐྱེ་བ་ལ་ཡང་མ་རིག་པ་འོག་མར་གཏོགས་ཏེ། བསམ་གཏན་དང་པོར་སྐྱེ་བའི་རྒྱུ་ནི་རྒྱུ་སྙོམས་འཇུག་གི་བསམ་གཏན་ཡིན་ལ། སྙོམས་འཇུག་གི་བསམ་གཏན་དང་པོར་འཇུག་པ་ནི་དེ་མ་ཐོབ་པ་འཐོབ་པར་བྱ་བའི་ཕྱིར་དུ་འཇུག་ཅིང་མ་རིག་པ་དེའི་ཀུན་སློང་དུ་འགྲོ་དགོས་པའི་ཕྱིར་རོ། །འདིས་བསམ་གཏན་ལྷག་མ་གསུམ་དང་གཟུགས་མེད་བཞིར་རང་ས་ནས་རང་ས་སྐྱེ་བ་ཐམས་ཅད་རིག་པར་བྱའོ། །གལ་ཏེ་བསམ་གཏན་གཉིས་པར་སྐྱེ་བའི་ཚེ་འདོད་པའི་སྒོམ་སྤང་གི་མ་རིག་པས་བསམ་གཏན་གཉིས་པར་སྐྱེ་བའི་ལས་ཀྱི་ཀུན་སློང་མི་བྱེད་དེ། བསམ་གཏན་དང་པོ་ཐོབ་པའི་དུས་ནས་སྤངས་ཟིན་པའི་ཕྱིར། གལ་ཏེ་མཐོང་སྤང་གི་མ་རིག་པས་ལས་ཀྱི་ཀུན་སློང་བྱེད་ན་ནི་འདོད་པའི་སར་གཏོགས་པའི་མ་རིག་པས་བསམ་གཏན་གཉིས་པའི་ལས་ཀྱི་ཀུན་སློང་བྱེད་པ་ཡང་སྲིད་དེ། བྱིས་པ་རྣམས་ཀྱིས་མཐོང་སྤང་ཅུང་ཟད་ཀྱང་མ་སྤངས་པའི་ཕྱིར་ཞེ་ན། འདོད་པ་ལ་འདོད་ཆགས་དང་བྲལ་ཟིན་པའི་དུས་སུ་འདོད་པའི་མཐོང་སྤང་མངོན་གྱུར་གྱི་ནུས་པའང་བཅོམ་ཟིན་པའི་ཕྱིར་རོ། །གོང་མའི་ས་ལས་མ་ཉམས་པ་དེ་སྲིད་དུ་མངོན་འགྱུར་བ་མི་ལྡང་བ་ཡིན་པའི་ཕྱིར་འདོད་པའི་མ་རིག་པས་བསམ་གཏན་གཉིས་པར་སྐྱེ་བ་ཀུན་སློང་མི་བྱེད་པ་ཁོ་ནའོ། །འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བ་སོགས་འོག་ས་ནས་གོང་སར་སྐྱེ་བ་ཐམས་ཅད་དུ་ཡང་གང་དུ་སྐྱེ་བའི་ས་དེ་ཉིད་ཀྱི་འོག་ས་དེ་ཉིད་དུ་གཏོགས་ཏེ། རྒྱུ་མཚན་སྔར་བཀོད་པ་ལྟར་རོ། །སྲིད་རྩེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་དུ་སྐྱེ་བ་ལྟ་བུ་གོང་ས་ནས་འོག་སར་སྐྱེ་བ་ཐམས་ཅད་ལ་ཡང་གང་དུ་སྐྱེ་བའི་ས་དེ་ཉིད་ཀྱི་འོག་སར་གཏོགས་ཏེ། སྲིད་རྩེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་སྐྱེ་བའི་ཚེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་སྐྱེ་བའི་རྒྱུ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་ཡིན་ལ། དེ་ལ་དང་པོར་འཇུག་པའི་དུས་སུ་སྙོམས་འཇུག་དེ་མ་ཐོབ་པ་འཐོབ་པར་བྱ་བའི་ཆེད་དུ་འཇུག་ཅིང་མ་རིག་པ་ནི་དེའི་ཀུན་སློང་དུ་འགྲོ་དགོས་པའི་ཕྱིར་རོ། །དེས་ན་འདོད་པའི་ས་མ་གཏོགས་པ་བསམ་གཏན་དང་པོ་ལ་སོགས་པ་ལྷག་མ་རྣམས་སུ་རང་ས་དང་གོང་ས་འོག་ས་གང་དུ་སྐྱེ་ཡང་མ་རིག་པ་གང་དུ་སྐྱེ་བའི་ས་དེ་ཉིད་ཀྱི་འོག་སར་གཏོགས་པར་ངེས་སོ། །ཁྱད་པར་ནི་འདི་ཡོད་དེ། གོང་ས་ནས་འོག་སར་སྐྱེ་བ་དང༌། རང་ས་ནས་རང་སར་སྐྱེ་བ་ཐམས་ཅད་དུ་མ་རིག་པ་འཆི་ས་ལ་མི་གཏོགས་པར་སྐྱེ་བ་དེ་ཉིད་ཀྱི་འོག་སར་གཏོགས་པ་སྔར་བཤད་པ་ལྟར་ཡིན་ལ། འོག་ས་ནས་གོང་སར་སྐྱེ་བའི་དུས་སུ་མ་རིག་པ་འཆི་སར་གཏོགས་པ་ཡང་ཡོད་དེ། འདོད་པ་ནས་ཚེ་འཕོས་ནས་བསམ་གཏན་དང་པོར་སྐྱེ་བའི་དུས་སུ་མ་རིག་པ་འཆི་སར་གཏོགས་པ་བཞིན་ནོ། །འཆི་སར་མི་གཏོགས་པ་ཡང་ཡོད་དེ། འདོད་པ་ནས་ཚེ་འཕོས་ནས་བསམ་གཏན་གཉིས་པར་སྐྱེ་བའི་དུས་སུ་འཆི་ས་འདོད་པའི་ཁམས་ཡིན་ཡང་མ་རིག་པ་བསམ་གཏན་དང་པོར་གཏོགས་པ་ཡིན་ཏེ། རྒྱུ་མཚན་སྔར་བཀོད་པ་བཞིན་ནོ། །གལ་ཏེ་གོང་མ་ནས་འོག་སར་སྐྱེ་བའི་ཚེ་འོག་མའི་སྲེད་ལེན་སྲིད་པ་གསུམ་མངོན་དུ་འགྱུར་རམ་མི་འགྱུར། གལ་ཏེ་མངོན་དུ་འགྱུར་ན་གོང་མའི་རྟེན་ལ་འོག་མའི་ཉོན་མོངས་མངོན་གྱུར་དུ་ཡོད་པར་འགྱུར་བས་གོང་མའི་རྟེན་ཅན་གྱིས་འོག་མའི་ཉོན་མོངས་པ་མ་སྤངས་པར་ཐལ་བར་འགྱུར་རོ། །གལ་ཏེ་མངོན་དུ་མི་འགྱུར་ན་ས་གོང་མ་ནས་འོག་མར་སྐྱེ་བའི་འགྲུབ་བྱེད་ཀྱི་རྒྱུ་མངོན་དུ་མ་གྱུར་པས་ས་འོག་མར་སྐྱེ་བ་མི་འཐད་དོ་ཞེ་ན། གོང་མའི་སེམས་ལས་མ་ཉམས་པ་དེ་སྲིད་དུ་མངོན་དུ་མི་འགྱུར་ལ། གོང་མའི་སེམས་ལས་ཉམས་ནས་མངོན་དུ་འགྱུར་བས་ན་ཉེས་པ་མེད་དོ། །དཔེར་ན་བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་དགྲ་བཅོམ་པ་མ་ཐོབ་ཀྱང་དགྲ་བཅོམ་པ་ཐོབ་པར་རློམ་པ་ཞིག་ཚེ་འཕོས་ནས་བསམ་གཏན་བཞི་པའི་བར་དོར་ཉིང་མཚམས་སྦྱར་བས་ན་འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་སྐུར་འདེབས་ཀྱི་ལོག་ལྟ་སྐྱེས་པས་བསམ་གཏན་བཞི་པའི་བར་དོ་ནས་དམྱལ་བའི་བར་དོ་གྲུབ་པ་ལྟ་བུའོ། །འདི་ཡང་ལོག་ལྟའི་དངོས་རྒྱུའི་གོང་མའི་སེམས་ལས་ཉམས་ནས་རྗེས་ཐོག་ཏུ་ལོག་ལྟ་སྐྱེས་པ་ཡིན་གྱི་གོང་མའི་སེམས་ལས་མ་ཉམས་པར་ལོག་ལྟ་སྐྱེས་པ་ནི་མ་ཡིན་ནོ། །གལ་ཏེ་གོང་མའི་མ་རིག་པ་ནི་ལུང་མ་བསྟན་ཡིན་པས་རྣམ་སྨིན་གྱི་ཕུང་པོ་འཕེན་བྱེད་དུ་མི་འཐད་དེ། ལུང་མ་བསྟན་ནི་སྟོབས་ཞན་པས་རྣམ་སྨིན་གྱི་ཕུང་པོ་འཕེན་མི་ནུས་པའི་ཕྱིར་དང༌། རྣམ་སྨིན་གྱི་རྒྱུ་ནི་མི་དགེ་བའམ་དགེ་བ་ཟག་བཅས་གཅིག་ངེས་པར་དགོས་པའི་ཕྱིར་རོ། །ཇི་སྐད་དུ། རྣམ་སྨིན་རྒྱུ་ནི་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་གསུངས་པ་ལྟར་རོ། །འཕེན་བྱེད་དངོས་ནི་ལས་ཡིན་ལ། མ་རིག་པ་ནི་འཕེན་བྱེད་ཀྱི་ལས་ཀྱི་རྟེན་ཡིན་པའི་ཕྱིར་འཕེན་བྱེད་ཀྱི་སས་བསྡུས་པ་ཙམ་མོ། །མ་རིག་པའི་ས་མཚུངས་དཔྱད་པ་འདི་ནི་ལས་ཀྱི་ཀུན་སློང་ཡིད་ཤེས་ཀྱི་འཁོར་དུ་འབྱུང་བའི་མ་རིག་པ་ལ་འདོད་པའི་དབང་དུ་བྱས་སོ། །ཉོན་ཡིད་ཀྱི་འཁོར་དུ་འབྱུང་བའི་མ་རིག་པ་ནི་རྟེན་གང་དུ་སྐྱེས་པ་དེའི་ས་པར་གཏོགས་ཏེ། སུམ་ཅུ་པ་ལས། གང་དུ་སྐྱེས་པ་དེའོ་ཞེས་སོ། །རྣམ་པར་ཤེས་པའི་རྟེན་འབྲེལ་ཀུན་གཞི་ལ་འདོད་ན་ཡང་ཚུལ་དེ་བཞིན་ནོ། །ཡན་ལག་ལྷག་མ་རྣམས་ནི་ལས་དང་ལས་ཀྱི་རྣམ་སྨིན་གཉིས་ཀྱིས་བསྡུས་པས་ན་གང་དུ་སྐྱེ་ཡང་ས་གཅིག་པ་ཁོ་ན་སྟེ། ས་གཞན་གྱི་འཕེན་བྱེད་དང་འགྲུབ་བྱེད་ཀྱི་ལས་ཀྱིས་ཐ་དད་པའི་རྣམ་པར་སྨིན་པ་མི་འགྲུབ་པའི་ཕྱིར་རོ། །བཞི་པ་སྐྱེ་བ་དུ་ཞིག་གིས་རྫོགས་ཚུལ་དཔྱད་པ་ལ། མངོན་པ་འོག་མ་ལྟར་ན་རྒྱུ་འབྲས་ཆ་གཉིས་སུ་རྣམ་པར་གཞག་སྟེ། རྒྱུ་འབྲས་ཆ་སྔ་མ་ལ་མ་རིག་པ་དང་འདུ་བྱེད་གཉིས་སུ་རྒྱུར་བཞག་ཅིང་ཚེ་སྔ་མའི་གནས་སྐབས་ལ་བཞག་གོ །རྣམ་པར་ཤེས་པ་ནས་ཚོར་བའི་བར་ལྔ་འབྲས་བུས་བསྡུས་ཏེ་ད་ལྟར་གྱི་གནས་སྐབས་སོ། །རྒྱུ་འབྲས་ཆ་ཕྱི་མ་ལ་སྲེད་ལེན་སྲིད་པ་གསུམ་རྒྱུ་སྟེ་ད་ལྟར་གྱི་གནས་སྐབས་སོ། །སྐྱེ་བ་དང་རྒ་ཤི་ནི་འབྲས་བུ་སྟེ་ཚེ་ཕྱི་མའི་གནས་སྐབས་ལ་བཞག་གོ །དེ་ལ་ཚེ་སྔ་མའི་གནས་སྐབས་ལ་ཡང་སྲེད་ལེན་གཉིས་དང་སྲིད་པ་གསུམ་ཡོད་ཀྱང་མ་རིག་པ་དང་འདུ་བྱེད་ཀྱི་ཐ་སྙད་ཀྱིས་གསུང་ནས་གཉིས་སུ་བསྡུས་སོ། །ཚེ་ཕྱི་མ་ལ་རྣམ་པར་ཤེས་པ་ནས་ཚོར་བའི་བར་ལྔ་ཡོད་ཀྱང་སྐྱེ་བ་དང་རྒ་ཤིའི་ཐ་སྙད་ཀྱིས་གསུངས་ནས་གཉིས་སུ་བསྡུས་སོ། །འོ་ན་ཚེ་སྔ་མ་དང་ཕྱི་མའི་ཆ་གཉིས་ཀྱི་གནས་སྐབས་སུ་ཡན་ལག་བསྡུས་ནས་གསུངས་པས་ན་ཡན་ལག་སོ་སོའི་ངོ་བོ་མི་རྟོགས་སོ་ཞེ་ན། བར་གྱི་གནས་སྐབས་སུ་རྒྱས་པར་ཕྱེ་བས་དེ་ལས་དཔག་ནས་རྟོགས་པར་འགྱུར་ཏེ། ཇི་སྐད་དུ། བར་མའི་རྗེས་སུ་དཔག་པ་ལས། །ཞེས་གསུངས་པ་ལྟར་རོ། །དགོས་པ་ཅིའི་ཕྱིར་ཡན་ལག་བཅུ་གཉིས་ཚེ་སྔ་ཕྱི་གཉིས་དང་དབུས་ཀྱི་གནས་སྐབས་རྣམས་ལ་སོ་སོར་རྣམ་པར་གཞག་ཅེ་ན། ཚེ་སྔ་མ་ཇི་ལྟར་བྱུང་བའི་ཚུལ་དང༌། ད་ལྟར་ཇི་ལྟར་གནས་པའི་ཚུལ་དང༌། མ་འོངས་པ་ལ་ཇི་ལྟར་འབྱུང་བའི་ཚུལ་ལ་རྨོངས་པ་ལྡོག་པའི་ཕྱིར་ཏེ། ཇི་སྐད་དུ། སྔོན་དང་ཕྱི་མཐའ་ད་ལྟར་ལ། །རྨོངས་པ་རྣམ་པར་ལྡོག་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །མངོན་པ་གོང་མ་ལྟར་ན་རྒྱུ་འབྲས་ཆ་གཉིས་སུ་རྣམ་པར་གཞག་པ་ལས་རྒྱུ་འབྲས་སྔ་མ་ལ་འཕེན་བྱེད་ཀྱི་རྒྱུ་དང་འཕངས་པའི་འབྲས་བུའོ། །ཕྱི་མ་ལ་འགྲུབ་བྱེད་ཀྱི་རྒྱུ་དང་གྲུབ་པའི་འབྲས་བུ་སྟེ་ཆ་གཉིས་སུ་བཞག་གོ །དེ་ལ་འཕེན་བྱེད་ལ་གསུམ་སྟེ། མ་རིག་པ་དང་འདུ་ཤེས་རྣམ་པར་ཤེས་པའོ། །འཕངས་པའི་འབྲས་བུ་བཞི་སྟེ། མིང་གཟུགས་ནས་ཚོར་བའི་བར་རོ། །འགྲུབ་བྱེད་ཀྱི་རྒྱུ་ལ་གསུམ་སྟེ། སྲེད་པ་དང་ལེན་པ་དང་སྲིད་པའོ། །གྲུབ་པའི་འབྲས་བུ་གཉིས་ཏེ། སྐྱེ་བ་དང་རྒ་ཤིའོ། །དེ་ལྟར་ན་རྒྱུ་དྲུག་དང་འབྲས་བུ་དྲུག་སྟེ་ཡན་ལག་བཅུ་གཉིས་སོ། །ཇི་ལྟར་ཞེ་ན། རྒྱུ་ལ་འཕེན་བྱེད་ཀྱི་རྒྱུ་གསུམ་དང་གྲུབ་བྱེད་ཀྱི་རྒྱུ་གསུམ་ཡོད་ཅིང༌། འབྲས་བུ་ལ་འཕངས་པའི་འབྲས་བུ་བཞི་དང༌། གྲུབ་པའི་འབྲས་བུ་གཉིས་ཡོད་པས་སོ། །རྒྱུ་འབྲས་ཇི་ལྟར་འགྲུབ་པའི་རིམ་པ་ནི། མ་རིག་པ་ལ་བརྟེན་ཏེ་ལས་བསགས་ནས་ཀུན་གཞི་རྣམ་ཤེས་ལ་མིང་གཟུགས་སོགས་འགྲུབ་པའི་བག་ཆགས་འཇོག་པའི་ཕྱིར་མ་རིག་པ་སོགས་གསུམ་ལ་འཕེན་བྱེད་ཅེས་བྱའོ། །མིང་གཟུགས་སོགས་བཞི་ལ་ནི་འཕངས་པའི་ཡན་ལག་ཅེས་བྱ་སྟེ། ལས་ཀྱི་ཀུན་གཞིའི་རྣམ་ཤེས་ལ་མ་འོངས་པ་ནས་འགྲུབ་རུང་གི་བག་ཆགས་བཞག་པའི་ཕྱིར། སྲེད་ལེན་སྲིད་པ་གསུམ་ལ་འགྲུབ་བྱེད་ཀྱི་རྒྱུ་ཞེས་བྱ་སྟེ། སྲེད་ལེན་གཉིས་ཀྱིས་སྔར་གྱི་བག་ཆགས་གསོས་བཏབ་ནས་ལས་ནུས་པ་མཐུ་ལྡན་དུ་གྱུར་པ་ལ་སྲིད་པ་ཞེས་བརྗོད་པ་དག་གིས་རྣམ་པར་སྨིན་པ་ཚེ་ཕྱི་མ་དེ་ཉིད་ལ་འབྱིན་པའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་གཉིས་ལ་གྲུབ་པའི་འབྲས་བུ་ཞེས་བརྗོད་དེ། རྣམ་པར་སྨིན་པས་ཡོངས་སུ་གྲུབ་པའི་གནས་སྐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །འཕེན་བྱེད་ཀྱི་འབྲས་བུ་ནི་ཚེ་ཕྱི་མ་དེ་ཉིད་དུ་འབྱུང་བའི་ངེས་པ་མེད་དེ། ད་ལྟ་འཁོར་ལོས་སྒྱུར་རྒྱལ་ཐོབ་པའི་ལས་བསགས་ནས་ལས་ཀྱི་བག་ཆགས་ཀུན་གཞིའི་རྣམ་ཤེས་ལ་བསྒོས་ཀྱང་རྣམ་པར་སྨིན་པ་ཚེ་ལོ་བརྒྱད་ཁྲིའི་བར་དུ་མི་འབྱུང་བའི་ཕྱིར་ཏེ། ཚེ་ལོ་བརྒྱད་ཁྲི་པ་མན་ཆད་དུ་འཁོར་ལོས་སྒྱུར་རྒྱལ་མི་འབྱུང་བའི་ཕྱིར་ཏེ། འཁོར་ལོས་སྒྱུར་རྒྱལ་འབྱུང་བས་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །ཞེས་གསུངས་པ་ལྟར་རོ། །འགྲུབ་བྱེད་ཀྱི་རྒྱུའི་འབྲས་བུ་ནི་ཚེ་ཕྱི་མ་དེ་ཉིད་དུ་འབྱུང་སྟེ། ལས་ནུས་པ་མཐུ་ཅན་དུ་གྱུར་པའི་གནས་སུ་གྱུར་པས་འབྲས་བུ་མྱུར་དུ་འབྱིན་པའི་ཕྱིར་རོ། །གལ་ཏེ་སྲེད་ལེན་སྲིད་པ་གསུམ་ནི་མིང་གཟུགས་སོགས་ཀྱི་རྟེན་འབྲེལ་གྱི་སྔ་རོལ་དུ་འབྱུང་བར་རིགས་ཏེ། མིང་གཟུགས་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་གསོས་འདེབས་པར་བྱེད་པའི་ཕྱིར་དང༌། སྲེད་ལེན་གྱིས་གསོས་བཏབ་པ་ལས་མིང་གཟུགས་ཕྱིས་འབྱུང་དགོས་པའི་ཕྱིར་རོ། །དེ་ལྟར་ན་མདོ་ལས། ཚོར་བའི་རྐྱེན་གྱིས་སྲེད་པ། སྲིད་པའི་རྐྱེན་གྱིས་ལེན་པ་ཞེས་སོགས་རྟེན་འབྲེལ་གྱི་ཡན་ལག་གི་གོ་རིམ་གསུངས་པ་དང་མི་མཐུན་པར་འགྱུར་ཏེ། ཚོར་བ་སོགས་ཀྱི་རྟེན་འབྲེལ་གྱི་ཡན་ལག་གི་སྔ་རོལ་དུ་སྲེད་ལེན་སྲིད་པ་གསུམ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ་ཞེ་ན། འཕེན་བྱེད་ཀྱི་རྒྱུ་གསུམ་འཕངས་པའི་འབྲས་བུ་བཞི་ནི་དང་པོར་རྣམ་སྨིན་འཕེན་པའི་གནས་སྐབས་ཀྱི་རྒྱུ་འབྲས་ཡིན་ལ། འགྲུབ་བྱེད་ཀྱི་རྒྱུ་གསུམ་གྲུབ་པའི་འབྲས་བུ་གཉིས་ནི་འབྲས་བུ་མྱུར་དུ་འགྲུབ་པའི་གནས་སྐབས་ཀྱི་རྒྱུ་འབྲས་ཡིན་པའི་ཕྱིར་དང༌། རྒྱུ་འབྲས་ཀྱི་གནས་སྐབས་མི་འདྲ་བ་གཉིས་ཀྱི་དབང་དུ་བྱས་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གོ་རིམ་རྣམ་པར་གཞག་པ་ཡིན་ཏེ། དེ་ལ་རྒྱུ་འབྲས་ཀྱི་ཆ་སྔ་མ་ལ་ཡང་རྣམ་སྨིན་འགྲུབ་པ་ལ་སྲེད་ལེན་སྲིད་པ་གསུམ་དགོས་ཀྱང༌། འཕེན་བྱེད་ཀྱི་རྒྱུ་སྟོན་པའི་སྐབས་ཡིན་པས་དངོས་སུ་མ་སྨྲོས་ལ། རྒྱུ་འབྲས་ཆ་ཕྱི་མ་ལ་ཡང་འཕེན་བྱེད་ཀྱི་རྒྱུ་གསུམ་དགོས་ཀྱང་འགྲུབ་བྱེད་ཀྱི་རྒྱུ་སྟོན་པའི་སྐབས་ཡིན་པས་དངོས་སུ་མ་སྨྲོས་སོ། །འོན་ཀྱང་སྔ་མའི་རྒྱུ་འབྲས་ལ་ཡང་སྲེད་ལེན་སྲིད་པ་གསུམ་དངོས་སུ་མ་སྨྲོས་ཀྱང་རྒྱུ་འབྲས་ཕྱི་མ་ལ་སྨྲོས་པས་དེ་ལ་དཔག་ནས་ཤེས་ལ། རྒྱུ་འབྲས་ཕྱི་མ་ལ་ཡང་འཕེན་བྱེད་ཀྱི་རྒྱུ་གསུམ་དངོས་སུ་མ་སྨྲོས་ཀྱང་རྒྱུ་འབྲས་སྔ་མའི་ཆ་ལ་སྨྲོས་པས་དེ་ལ་དཔག་ནས་ཁོང་དུ་ཆུད་པར་འགྱུར་རོ། །མདོར་ན་འཕེན་བྱེད་ཀྱི་རྒྱུ་འབྲས་ཀྱི་ཆ་དང་འགྲུབ་བྱེད་ཀྱི་རྒྱུ་འབྲས་ཀྱི་ཆ་གཉིས་ཡོད་པ་ལས། འཕེན་བྱེད་ཀྱི་རྒྱུ་འབྲས་གཉིས་སྔར་སྨྲོས་ནས་འགྲུབ་བྱེད་ཀྱི་རྒྱུ་འབྲས་གཉིས་མཇུག་ཐོག་ཏུ་སྨྲོས་པའི་གོ་རིམ་གྱི་དབང་དུ་བྱས་ནས་ཡན་ལག་བཅུ་གཉིས་ཀྱི་གོ་རིམ་རྣམ་པར་གཞག་གོ །རིང་དུ་བརྟགས་ཀྱང་རྟོགས་པར་དཀའ་བའི་དོན། །ཆོས་མངོན་ཤེས་བྱའི་ཆུ་གཏེར་བསྲུབས་པ་ལ། །གཙུག་ལག་ཆུ་ཀླུང་རིགས་གཏེར་རྣམ་འབྱེད་ཅིང༌། །རྨད་བྱུང་ལེགས་བཤད་སྔོན་མེད་གསལ་བར་བཀོད། །ཅིའི་ཕྱིར་སྲེད་ལེན་སྲིད་པ་གསུམ་འཕེན་བྱེད་མིན་ཞེ་ན། དང་པོར་ལས་གསོག་པའི་དུས་སུ་ནི་མ་སྐྱེས་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་བ་དང་རྒ་ཤི་འཕངས་པའི་འབྲས་བུ་མིན་ཞེ་ན། མིང་གཟུགས་སོགས་ཀྱི་གནས་སྐབས་ཙམ་ཡིན་པས་མིང་གཟུགས་སོགས་ལས་ལོགས་སུ་ཀུན་གཞི་ལ་ས་བོན་བཞག་ཏུ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་མ་རིག་པ་སོགས་འཕེན་བྱེད་ཡིན་གྱི་འགྲུབ་བྱེད་མ་ཡིན་ཞེ་ན། འབྲས་བུ་འགྲུབ་བྱེད་དུ་ཉེ་བའི་དུས་སུ་འགགས་ཟིན་པའི་ཕྱིར་རོ། །ཅིའི་ཕྱིར་མིང་གཟུགས་སོགས་འཕངས་པའི་འབྲས་བུར་བརྗོད་ཀྱི་གྲུབ་པའི་འབྲས་བུ་མ་ཡིན་ཞེ་ན། གྲུབ་པའི་འབྲས་བུ་ནི་འཁོར་བའི་ཉེས་དམིགས་ཀྱི་ངོ་བོའི་ཆ་ལ་བརྗོད་ཀྱི། མིང་གཟུགས་སོགས་ནི་ཉེས་དམིགས་དང་ལྡན་པ་ཡིན་གྱི་ཉེས་དམིགས་ཀྱི་ངོ་བོ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་གྲུབ་པའི་འབྲས་བུ་ཉེས་དམིགས་ཀྱི་སྒོ་ནས་བསྟན་ཞེ་ན། འཁོར་བ་ལ་ཡིད་འབྱུང་ནས་ཐར་འདོད་ཀྱི་བློ་སྐྱེད་པའི་དོན་ནོ། །ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་བསྟན་ཟིན་ཏོ། །རྣམ་བྱང་གི་རྟེན་འབྲེལ་ནི་རྒྱུ་རིགས་དང་ལྷན་ཅིག་བྱེད་པའི་རྐྱེན་བདག་མེད་རྟོགས་པའི་ཤེས་རབ་ལས་མ་རིག་པ་སོགས་ཡན་ལག་བཅུ་གཉིས་རིམ་གྱིས་ལྡོག་པར་བྱེད་པའི་རྒྱུ་ལམ་ལྔ་སྔ་མ་ལས་ཕྱི་མ་རིམ་གྱིས་འབྱུང་བ་དག་གོ །ཐོད་རྒལ་གྱི་དོན་བསྟན་པ་ལ་གཉིས་ཏེ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ་དང༌། བསྟན་བཅོས་སུ་ཇི་ལྟར་བསྡུས་པའི་ཚུལ་ལོ། །དང་པོ་ལ་ཐོད་རྒལ་ཆུང་ངུ་ནི་མདོ་ལས་བསམ་གཏན་དང་པོ་ནས་འགོག་པའི་བར་དུ་རིམ་གྱིས་སྙོམས་པར་འཇུག་པར་གསུངས་བས་བསྟན་ཏོ། །ཐོད་རྒལ་འབྲིང་པོ་ནི་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་དུ་འགོག་པ་དེ་སྤེལ་ནས་སྙོམས་པར་འཇུག་པར་གསུངས་པས་བསྟན་ཏོ། །སྲིད་རྩེའི་མཇུག་ཐོག་ཏུ་འགོག་པ་ལ་སྙོམས་པར་འཇུག་པ་དེ་ཉིད་ཀྱིས་ཐོད་རྒལ་འབྲིང་པོ་ཡོངས་སུ་རྫོགས་སོ། །འགའ་ཞིག་འགོག་པ་ལ་ཡང་འགོག་པ་སྤེལ་བར་འདོད་པ་ནི་དོན་མ་རྟོགས་པ་ཁོ་ན་སྟེ། འགོག་པ་ལ་སྙོམས་པར་འཇུག་པ་དེ་ཉིད་གནས་ཀྱི་འགོག་པ་ལ་སྙོམས་པར་འཇུག་པ་ཡིན་གྱི། དེ་དང་མི་འདྲ་བའི་གནས་ཀྱི་འགོག་པ་ཞེས་བྱ་བའི་ལོགས་པ་ཅུང་ཟད་མེད་དོ། །འགོག་པ་དང་འདོད་སེམས་སྤེལ་བ་ཐོད་རྒལ་འབྲིང་པོ་ལ་སྦྱོར་ན། མཉམ་གཞག་མིན་པའི་མཚམས་གཟུགས་སྟེ། །ཞེས་པས་ཐོད་རྒལ་འབྲིང་པོ་དང་ཆེན་པོའི་བར་གྱི་མཚམས་འཛིན་དུ་བཤད་པ་དང་འགལ་ལོ། །འོ་ན། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་གསུངས་པས་མཐར་གནས་ཀྱི་སྙོམས་འཇུག་དགུར་སྤེལ་བའི་གནས་སུ་བཤད་པ་དང་འགལ་ལོ་ཞེ་ན། བསམ་གཏན་བཞི་དང༌། གཟུགས་མེད་བཞི་དང་བར་དུ་འགོག་པ་ལ་སྙོམས་པར་ཞུགས་པ་དང་སྤེལ་བས་མཐར་གནས་ཀྱི་སྙོམས་འཇུག་དགུ་ཀ་ལ་སྙོམས་པར་ཞུགས་པའི་དོན་གྲུབ་པས་གནས་ཀྱི་འགོག་པ་ཞེས་བྱ་བ་ལོགས་པ་ཅི་ཞིག་དགོས། ཐོད་རྒལ་ཆེན་པོ་འགོག་པ་ནས་བཟུང་ནས་བསམ་གཏན་དང་པོའི་བར་དུ་ལུགས་མི་མཐུན་དུ་སྙོམས་པར་འཇུག་པར་གསུངས་པས་བསྟན་ཏོ། །འདི་དག་ནི་འབུམ་དང་ཉི་ཁྲི་ལས་གསུངས་ཚུལ་ལོ། །ཁྲི་བརྒྱད་སྟོང་པ་ལས། སྲིད་རྩེ་ལ་མཉམ་པར་བཞག་ནས་དེའི་རྗེས་ཐོག་ཏུ་འགོག་པ་ལ་སྙོམས་པར་ཞུགས་ནས་ཡང་སྲིད་རྩེ་ལ་སྙོམས་པར་ཞུགས་པའི་ནུད་ཆུང་ཞིག་ཀྱང་ལྷག་པོ་གསུངས་སོ། །འདི་ལྟར་ན་ཐོད་རྒལ་འབྲིང་པོ་ལ་ཏིང་ངེ་འཛིན་གྱི་གནས་སྐབས་བཅུ་བདུན་ཡོད་དོ། །མཇུག་ཐོག་གི་འདོད་སེམས་ནི་སྔ་ཕྱིའི་མཚམས་འཛིན་ཙམ་ཡིན་པས་སྙོམས་འཇུག་གི་གནས་སྐབས་སུ་མི་བགྲངས་སོ། །ནུད་ཆུང་བྱེད་དགོས་པའི་འདོད་ཚུལ་ནི་གཉིས་ཏེ། འགའ་ཞིག་འགོག་པ་ནས་གནས་ཀྱི་འགོག་པར་འགྲོ་བའི་དོན་ཏེ། འགོག་པ་ནས་དེ་མ་ཐག་ཏུ་གནས་ཀྱི་འགོག་པར་འགྲོ་མི་ནུས་པས་སོ་ཞེས་ཟེར་རོ། །གཞན་དག་ནི་སྲིད་རྩེའི་མཇུག་ཐོག་གི་འགོག་པ་ནི་ཤིན་ཏུ་ཞི་བས་དེ་མ་ཐག་ཏུ་ཤིན་ཏུ་མ་ཞི་བའི་འདོད་སེམས་མངོན་དུ་བྱེད་མི་ནུས་པའི་ཕྱིར་སྲིད་རྩེ་ལ་ཕྱིར་ཅུང་ཟད་ནུར་བ་ནི་འདོད་སེམས་མངོན་དུ་བྱེད་པའི་དོན་ནོ་ཞེས་འདོད་དོ། །འདོད་ཚུལ་སྔ་མ་ནི་བཀག་ཟིན་ལ། ཕྱི་མ་ཡང་མི་འཐད་དེ། འབུམ་དང་ཉི་ཁྲི་སོགས་ཀྱི་དོན་མི་འཐད་པར་ཐལ་བར་འགྱུར་བས་སོ། །དེ་བས་ནུད་ཆུང་བྱེད་དགོས་པ་ནི་དབང་པོ་རྟུལ་པོས་སྲིད་རྩེའི་མཇུག་ཐོག་གི་འགོག་པ་དེ་མ་ཐག་ཏུ་འདོད་སེམས་མངོན་དུ་བྱེད་མི་ནུས་པ་ལ་དགོངས་ལ། འབུམ་དང་ཉི་ཁྲི་སོགས་ལས་ནི་དབང་པོ་རྣོན་པོའི་དབང་དུ་བྱས་ནས་དེ་མ་ཐག་ཏུ་འདོད་སེམས་མངོན་དུ་བྱེད་ནུས་པ་ལ་དགོངས་སོ། །གཉིས་པ་བསྟན་བཅོས་སུ་བསྡུས་པའི་ཚུལ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་ཞེས་པས་ནི་ཐོད་རྒལ་ཆུང་དང་འབྲིང་བསྟན་ལ། འོང་ནས་ཞེས་པ་ནི་ཁྲི་བརྒྱད་སྟོང་པ་ནས་བཤད་པའི་སྲིད་རྩེ་ལ་ནུད་ཆུང་བྱས་པ་ཉིད་བསྟན་ཏོ། །ནས་ཞེས་པའི་སྒྲ་ནི་རིམ་པ་སྟོན་པའི་ཚིག་གོ །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཞེས་པའི་རྐང་པ་གཉིས་ཀྱིས་ནི་ནུད་ཆུང་གི་རྗེས་ཐོག་གི་ཐོད་རྒལ་འབྲིང་པོ་དང་ཆེན་པོའི་བར་གྱི་ཐུན་མཚམས་བཟུང་བ་ཡིན་ནོ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །ཞེས་པའི་ཚིག་རྐང་པ་གཉིས་ཀྱིས་ནི་ཐོད་རྒལ་ཆེན་པོ་བསྟན་པ་ཡིན་ནོ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པས་ནི་ཐོད་རྒལ་ཞེས་པའི་མིང་གི་ཐ་སྙད་དང་ཐོད་རྒལ་གྱི་དོན་བསྟན་པ་ཡིན་ནོ། །ཚིག་རྐང་པ་ཐ་མའི་དོན་ནི་བསམ་གཏན་དང་པོ་ནས་འགོག་པའི་བར་དུ་མི་འདྲ་བར་འགྲོ་བ་དང་འོང་བ་ནི་ཐོད་རྒལ་གྱི་དོན་ཞེས་བསྟན་ཏོ། །སློབ་དཔོན་སེང་གེ་བཟང་པོའི་དགོངས་པ་ནི་རྣམ་བཤད་དུ་བསྟན་ཟིན་ལ། འོན་ཀྱང་མདོའི་དགོངས་པ་ནི་མ་ཡིན་ནོ། །སྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་ཞེས་གསུངས་ན། སྒོམ་པའི་ལམ་གྱི་སྦྱོར་བ་གང་ཞེ་ན། མཐོང་ལམ་གྱི་རྗེས་ཀྱིས་བསྡུས་པ་དང༌། སྒོམ་སྤང་ཆེན་པོའི་ས་བོན་རྣམ་པར་གནོན་པའི་གནས་སྐབས་ཀྱི་ཆ་གཉིས་ལ་བཟུང་ངོ༌། །འོན་ཀྱང་རྟོག་པའི་གཉེན་པོར་བཤད་པ་ནི་གནས་སྐབས་ཕྱི་མ་ལ་ངོས་བཟུང་ངོ༌། །སྒོམ་པའི་ལམ་གྱི་རྗེས་ལ་བར་ཆད་མེད་ལམ་ཡིན་པས་ཞེས་པའི་དོན་ལ། བར་ཆད་མེད་པའི་རྩེ་སྦྱོར་ཡང་སྒོམ་ལམ་མ་ཡིན་ནམ། ཅིའི་ཕྱིར་སྒོམ་པའི་ལམ་གྱི་རྗེས་ཐོག་ཏུ་འབྱུང་བར་བརྗོད་ཅེ་ན། སྒོམ་ལམ་རྩེ་སྦྱོར་དང་བར་ཆད་མེད་པའི་རྩེ་སྦྱོར་གཉིས་སུ་ཕྱེ་བའི་ཡ་གྱལ་དུ་བགྲངས་པའི་སྒོམ་ལམ་རྩེ་སྦྱོར་གྱི་རྗེས་ཐོག་ཏུ་འབྱུང་ངོ་ཞེས་པའི་དོན་ནོ། །དེ་བས་ན་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ཞེས་སོགས་ཀྱི་དོན་ལ། གཞུང་ནས་དངོས་སུ་བསྟན་པ་ནི་དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་པས་དཔེར་བརྗོད་ན། དོན་དམ་པར་ཡུམ་བསྒོམ་པ་མི་འཐད་པར་ཐལ། བསྒོམ་བྱ་རང་སྤྱིའི་མཚན་ཉིད་མི་འཐད་པའི་ཕྱིར་རོ་ཞེས་སྒོམ་པ་ལ་ལོག་པར་རྟོག་པ་ལ་ལན་འདེབས་ཚུལ་ནི། དོན་དམ་པར་ཡུམ་བསྒོམ་པར་མི་འཐད་པར་ཐལ་ཞེ་ན། འདོད་པ་སྟེ། དམ་པའི་དོན་དུ་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །ཀུན་རྫོབ་ཏུ་སྒོམ་བྱ་རང་སྤྱིའི་མཚན་ཉིད་མི་འཐད་པའི་ཕྱིར་ཞེས་བརྗོད་ན་རྟགས་མ་གྲུབ་སྟེ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །ཅེས་གསུངས་པ་ལྟར་རོ། །གལ་ཏེ་ཀུན་རྫོབ་ཏུ་ཡུམ་བསྒོམ་པ་མི་འཐད་པར་ཐལ། དོན་དམ་པར་བསྒོམ་བྱ་རང་སྤྱིའི་མཚན་ཉིད་མི་འཐད་པས་སོ་ཞེས་བརྗོད་པ་འདི་ནི་དོན་དམ་གཏན་ཚིགས་སུ་བཟུང་ནས་ཀུན་རྫོབ་སུན་འབྱིན་པར་བྱེད་པའི་དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་པས་ཁྱབ་པ་མ་ངེས་ཏེ། དེས་ན་དངོས་པོ་གཅིག་ཉིད་ལ། །ཡོད་དང་མེད་པ་ཇི་ལྟར་འགལ། །ཞེས་གསུངས་པ་ལྟར་རོ། །རང་རྒྱུད་ལ་ལོག་རྟོག་བསལ་བ་ན་རྒྱུ་མཚན་དེ་དག་ལ་བརྟེན་ནས་དོན་དམ་དུ་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པ་མི་འགལ་བར་རྟོགས་པའི་ཤེས་རབ་བསྐྱེད་ནས་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ལོག་པར་རྟོག་པ་ཡང་དང་ཡང་དུ་བསལ་བ་སྔོན་དུ་འགྲོ་བའི་ངེས་པར་ཐོབ་པར་བྱས་ནས། སློབ་དཔོན་ལྟར་ན། བར་ཆད་མེད་པའི་ཏིང་ངེ་འཛིན། །འཕགས་པ་ལྟར་ན། རྣམ་མཁྱེན་བསྐྱེད་པར་བྱའོ་ཞེས་ལོག་རྟོག་བཅུ་དྲུག་པོ་རེ་རེའི་མཇུག་ཐོག་ཏུ་སྦྱར་རོ། །རིགས་པ་འདིས་ལོག་རྟོག་བསལ་བ་སྔོན་དུ་འགྲོ་བའི་སྒོ་ནས་ཐར་པ་ཆ་མཐུན་བསྐྱེད་པར་བྱའོ་ཞེས་པ་དང༌། ངེས་འབྱེད་ཆ་མཐུན་བསྐྱེད་པར་བྱའོ་ཞེས་པ་དང༌། མཐོང་ལམ་བསྐྱེད་པར་བྱའོ་ཞེས་པ་དང༌། སྒོམ་ལམ་བསྐྱེད་པར་བྱའོ་ཞེས་ཀྱང་སྦྱར་རོ། །སྐབས་ལྔ་པའི་དོན་གཏན་ལ་ཕབས་ཟིན་ཏོ།། །།སྐབས་དྲུག་པའི་དོན་ལ། སློབ་དཔོན་གྱིས་སྔར་རྣམ་ཀུན་རྩེ་སྦྱོར་དུ་རྟོགས་པའི་དོན་རྣམས་གོ་རིམ་དུ་ཀླག་ནས་བརྟན་པར་བྱ་བའི་ཕྱིར་སྒོམ་པར་བྱེད་ཅེས་གསུངས་ལ། མངོན་པར་རྟོགས་པའི་རྒྱན་གྱིས་མཐར་གྱིས་པའི་སྦྱོར་བ་ཉམས་སུ་བླང་བྱ་ཕར་ཕྱིན་དྲུག་དང་རྗེས་དྲན་དྲུག་དང་དངོས་མེད་ངོ་བོ་ཉིད་ལ་བཤད་ཀྱི། རྣམ་ཀུན་རྩེ་སྦྱོར་གྱིས་བསྒོམ་བྱའི་རྣམ་པ་རྣམས་གོ་རིམ་བཞིན་དུ་ཀླག་ནས་བསྒོམ་པའི་དོན་ཅན་དུ་མ་བསྟན་ཏོ། །འཕགས་པ་རྣམ་གྲོལ་སྡེའི་དགོངས་པ་ནི་གཏོང་བ་དང་ཚུལ་ཁྲིམས་ཀྱིས་གཞི་བཟུང་སྟེ་ལྷ་དཔང་པོར་བཞག་ནས་བསམ་པ་ཕུན་སུམ་ཚོགས་པ་རྗེས་དྲན་དྲུག་གི་སྒོ་ནས་སྦྱོར་བ་ཕུན་སུམ་ཚོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་ཅིང༌། དེ་ཐམས་ཅད་དུ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་རྒྱས་འདེབས་པའི་ཚུལ་གྱིས་མཐར་གྱིས་པ་ཉམས་སུ་བླངས་བར་བཞེད་པ་ལེགས་སོ། །སྐབས་དྲུག་པའི་དོན་བསྟན་ཟིན་ཏོ།། །།སྐད་ཅིག་མའི་སྦྱོར་བ་ལ། རྟོགས་བྱ་རྣམ་པར་སྨིན་པ་མ་ཡིན་པ་དང་རྣམ་པར་སྨིན་པ་གཉིས་ཀྱི་དབྱེ་བས་རྣམ་པར་སྨིན་པ་མིན་པ་དང་རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་གཉིས་དང༌། རྟོགས་བྱའི་ཡུལ་མཚན་ཉིད་མེད་པ་དང་གཟུང་འཛིན་གཉིས་སུ་མེད་པའི་དབྱེ་བས་མཚན་ཉིད་མེད་པ་དང་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་གཉིས་ཏེ་བཞིའོ། །དེ་ལ་རྣམ་པར་སྨིན་པ་མ་ཡིན་པའི་རྟོགས་རིགས་ཀྱི་ཆོས་ནི་ས་བདུན་པ་ཡན་ཆད་ཀྱི་རྟོགས་རིགས་ཏེ། རྣམ་པར་སྨིན་པ་མིན་པ་དང་མཐུན་པར་འབད་རྩོལ་གྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པ་ནི་ས་བརྒྱད་པ་ཡན་ཆད་ཀྱི་ཟག་མེད་ཀྱི་རྟོགས་རིགས་ཏེ། རྣམ་སྨིན་གྱི་འབྲས་བུ་ལྟར་འབད་རྩོལ་ལ་མི་ལྟོས་པར་རང་གི་ངང་གིས་འཇུག་པའོ། །རྒྱུད་བླ་མ་ལས། རྣམ་སྨིན་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ཞེས་གསུངས་པ་ལྟར་རོ། །དེ་ལ་མཚན་ཉིད་མེད་པ་ནི་ཆོས་རྣམས་རང་གི་ངོ་བོ་ཉིད་ཀྱིས་སྟོང་པའོ། །གཉིས་སུ་མེད་པ་ནི་གཟུང་འཛིན་ཐ་དད་པ་གཉིས་ཀྱིས་སྟོང་པའོ། །དེ་ལ་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བའི་དོན་ནི། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་པར་བྱང་ཆུབ་པ་ན། དེའི་བསྡུ་བྱ་སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་མངོན་སུམ་དུ་བྱེད་དེ། རྒྱུན་མཐར་ཐོབ་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་གིས་རང་གི་བསྡུ་བྱ་སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཆོས་རྣམས་བསྡུས་པའི་ཕྱིར་རོ། །འདིས་ནི་དངོས་རྒྱུས་དངོས་འབྲས་བསྡུས་པ་སྟེ། དངོས་རྒྱུ་མངོན་སུམ་དུ་བྱས་པ་ན་དངོས་འབྲས་མངོན་སུམ་དུ་བྱེད་པའི་ནུས་པ་ཐོབ་པའི་དོན་ནོ། །ཇི་སྐད་དུ། ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་ན་དེ་དང་རིགས་མཐུན་པ་ཐམས་ཅད་མངོན་སུམ་དུ་བྱེད་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །འདིར་མངོན་སུམ་དུ་བྱེད་ཅེས་འབྱུང་གི་ཟག་མེད་ཀྱི་ཡེ་ཤེས་གཅིག་དམིགས་ན་ཐམས་ཅད་མངོན་སུམ་དུ་བྱས་སོ་ཞེས་པ་མིན་ནོ། །ཡང་རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་ནི་རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་གཅིག་དམིགས་པ་ན་བསྡུ་བྱ་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་རྣམས་མངོན་སུམ་དུ་བྱེད་པའོ། །འདི་ཇི་ལྟར་ཤེས་ཤེ་ན། བསྡུ་བྱེད་མངོན་སུམ་དུ་བྱས་པ་ན་དེའི་བསྡུ་བྱ་ཡང་མངོན་སུམ་དུ་བྱེད་པར་འགྱུར་བར་འཐད་པས་སོ། །མཐུན་པའི་དཔེ་ནི། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་གཅིག་ཆར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་པ་ལྟར་རོ། །མཚན་ཉིད་མེད་པ་དང་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་གཉིས་ནི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་འཁོར་འདས་ཀྱི་ཆོས་རྣམས་མཚན་ཉིད་མེད་པ་དང་གཟུང་འཛིན་གཉིས་སུ་མེད་པའི་ཚུལ་གྱིས་རྟོགས་པ་ལ་བཤད་དོ། །འདི་དག་གི་ཁྱད་པར་ནི་རྣམ་པར་སྨིན་པ་དང་སྨིན་པ་མིན་པའི་སྐད་ཅིག་སྦྱོར་གཉིས་ནི་རྟོགས་བྱའི་རྣམ་པར་སྨིན་པ་དང་སྨིན་པ་མ་ཡིན་པ་གཉིས་སྐད་ཅིག་མ་གཅིག་ལ་རྟོགས་པའི་ལྡོག་པ་ནས་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་སྒྲ་དོན་བཤད་ལ། མཚན་ཉིད་མེད་པ་དང་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་གཉིས་ནི་ཡུལ་ཅན་ཡེ་ཤེས་སྐད་ཅིག་མ་གཅིག་གིས་མཚན་ཉིད་མེད་པ་དང་གཉིས་སུ་མེད་པར་རྟོགས་པའི་ལྡོག་པ་ནས་སྒྲ་དོན་བཤད་པ་ཡིན་ནོ། །ཇི་སྐད་དུ་སྦྱིན་པ་ལ་སོགས་ངོ་བོ་ཉིད་ངེས་པར་རྟོགས་པའི་རྣམ་པ་ཅན་སྐད་ཅིག་མ་གཅིག་ཁོ་ནས་ཞེས་པ་དང༌། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པར་སྐད་ཅིག་མ་གཅིག་ཁོ་ནས་རྟོགས་པས་ན་ཞེས་གསུངས་པ་ལྟར་རོ། །སྦྱོར་བ་སྔ་མ་གཉིས་ཀྱིས་ནི་ཡུལ་སྐད་ཅིག་མ་གཅིག་ཁོ་ན་ལ་རྟོགས་ཞེས་བཤད་ལ། སྦྱོར་བ་ཕྱི་མ་གཉིས་ཀྱིས་ནི་ཡུལ་ཅན་ཡེ་ཤེས་སྐད་ཅིག་མ་གཅིག་གིས་རྟོགས་ཞེས་གསུངས་པ་ཡིན་ནོ། །གཞན་དག་གིས་ཐེ་ཚོམ་ཡང་མ་ཞུགས་ན་རྟོགས་པ་ལྟ་ཅི་སྨྲོས་སོ། །ལུགས་ལས་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོར་ཞེས་པ་ནས། འབྱུང་བའི་ཕྱིར་ཞེས་པའི་བར་གྱིས་ནི་མང་པོས་གཅིག་བསྡུས་པའི་སྒྲུབ་བྱེད་བསྟན་པ་ཡིན་ལ། འོན་ཀྱང་སྦྱིན་པ་ལ་སོགས་པའི་ཡེ་ཤེས་དམིགས་པར་བྱ་བ་སྐད་ཅིག་མ་གཅིག་པོ་ཞེས་པ་ནས། མཚན་ཉིད་ཀྱིས་ཆོས་རྣམས་བསྡུས་པའི་ཕྱིར་ཞེས་པའི་བར་གྱིས་ནི་གཅིག་གིས་མང་པོ་བསྡུས་པའི་སྒྲུབ་བྱེད་བསྟན་པས་ན་གཏན་ཚིགས་གཉིས་ཀྱི་བསྒྲུབ་བྱའི་ཁྱད་པར་མི་འདྲ་བས་ན་བསྒྲུབ་བྱ་གཅིག་ལ་སྔ་མ་ལུང་གི་སྒྲུབ་བྱེད་ཕྱི་མ་རིགས་པའི་སྒྲུབ་བྱེད་དུ་འདོད་པ་ཡང་མི་འཐད་དོ། །དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་སོགས་ཀྱི་ལུང་གི་དོན་ལ། བློ་གང་གིས་ཆོས་ཅན་གཅིག་གི་དེ་བཞིན་ཉིད་མཐོང་བ་དེ་ཡིས་ཆོས་ཅན་ཀུན་གྱི་ཆོས་ཉིད་དེ་བཞིན་ཉིད་མཐོང་ཞེས་སྒྲ་ཇི་བཞིན་དུ་བཤད་ནས། ཡང་རང་སངས་རྒྱས་ཀྱིས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་ལ་འཛིན་པ་ཆོས་ཀྱི་བདག་མེད་མ་རྟོགས་ཞེས་འཆད་པ་ཡང་ནང་འགལ་བ་ཡིན་ཞིང༌། བྱང་སེམས་མཐོང་ལམ་པས་ཆོས་ཅན་གཅིག་གི་ཆོས་ཉིད་དེ་བཞིན་ཉིད་དེ་མངོན་སུམ་དུ་མཐོང་བས་ན་དྲི་མ་མཐའ་དག་གིས་དག་པའི་དེ་བཞིན་ཉིད་ཀྱང་མངོན་སུམ་དུ་མཐོང་བར་འགྱུར། དེ་ལྟར་ན། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །ཞེས་གསུངས་པའི་དོན་དང་ཡང་འགལ་ལོ། །དེས་ན་ལུང་གི་དོན་ནི་ཆོས་ཅན་གཅིག་སྟོང་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་བྱེད་པ་ལ་བརྟེན་ནས་ཆོས་ཅན་ཀུན་ཀྱང་སྟོང་པ་ཉིད་དུ་རྟོགས་པའི་རྟོགས་པ་འདྲེན་ནུས་པའི་དོན་ནོ། །རྒྱས་པར་སྐབས་གསུམ་པར་བཤད་ཟིན་ཏོ། །སྐབས་བདུན་པའི་དོན་གཏན་ལ་ཕབས་ཟིན་ཏོ།། །།སྐབས་བརྒྱད་པའི་དོན་བསྟན་པ་ལ། མཚམས་སྦྱར་གྱི་སྐབས་སུ་སྐད་ཅིག་མ་གཅིག་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་སོགས་ཀྱི་དོན་ལ། ཆོས་ཀྱི་སྐུ་དབྱེ་གཞིར་གཟུང་ནས་སྐུ་བཞིའི་དབྱེ་བར་བཤད་པ་ནི་རང་གི་གྲུབ་པའི་མཐའ་ཆོས་སྐུ་སྐུ་བཞིའི་དབྱེ་བར་སྨྲོས་པ་དང་འགལ་བར་འགྱུར་ལ། ཆོས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པས་དབྱེ་བའི་རྣམ་པ་བཞི་ཡིན་པས་ཞེས་འབྱུང་བ་ལྟར་ན། ཆོས་སྐུ་སྐུ་བཞིའི་དབྱེ་བར་འདོད་པ་མི་འཐད་པར་འགྱུར་རོ། །སྤངས་རྟོགས་གང་དག་ཡིན་པ་དེ་དག་གི་རང་བཞིན་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་ངོ་བོ་ཉིད་ཆོས་ཅན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་སྐུ་ཡིན་ཏེ། དྲི་མ་རང་བཞིན་གྱིས་དབེན་པའི་མཚན་ཉིད་དུ་གྱུར་པ་ལ་གཉེན་པོ་ཡོངས་སུ་རྫོགས་པས། དྲི་མ་རྣམས་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའི་དག་པ་གཉིས་ལྡན་གྱིས་རབ་ཏུ་ཕྱེ་བའི་ཆོས་སྐུ་ཡིན་པའི་ཕྱིར། ཇི་ལྟར་དྲི་མ་ཐམས་ཅད་རྣམ་པར་དག་ཏུ་རུང་ཞེ་ན། གློ་བུར་བ་ཉིད་ཀྱི་གཉེན་པོ་ཡོངས་སུ་རྫོགས་པས་དག་ཏུ་རུང་བར་ལྟའོ། །འདིས་ངོ་བོ་ཉིད་ཀྱི་སྐུ་ངོས་གཟུང་ནས་དེ་ཟག་མེད་དུ་བསྟན་པ་ནི། ངོ་བོ་ཉིད་ཀྱི་སྐུ་ཆོས་ཅན། ཟག་པ་མེད་པ་ཡིན་ཏེ། འཇིག་རྟེན་ལས་འདས་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པ་ཉིད་ཀྱིས་སོ། །འཕགས་པ་ལྟར་ན། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བཤད་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པའི་ངོ་བོ་ཉིད་ཀྱི་སྐུ་གང་ཞེ་ན། ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་བརྗོད་དོ། །ཟག་པ་མེད་པའི་ཆོས་གང་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་སོགས་ཀྱིས་སྟོན་པར་བཞེད་དོ། །དེས་ན་ཐུབ་པའི་ངོ་བོ་ཉིད་སྐུ་ཞེས་སོགས་ཀྱི་ཚིགས་བཅད་གཅིག་གིས་ནི་ངོ་བོ་ཉིད་སྐུའི་དོན་བསྟན་ལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་ཅེས་སོགས་ཀྱིས་ནི་ངོ་བོ་ཉིད་སྐུའི་ཡོན་ཏན་རྒྱས་པར་བཤད་དོ། །མཚན་ནི་སུམ་ཅུ་རྩ་གཉིས་ཞེས་སོགས་ཀྱི་ཚིགས་བཅད་གཅིག་གིས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་བསྟན་ལ། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཞེས་སོགས་ཀྱིས་ནི་དེའི་ཡོན་ཏན་རྒྱས་པར་བཤད་དོ། །གང་གིས་སྲིད་པ་ཇི་སྲིད་པར། །ཞེས་སོགས་ཀྱི་ཚིགས་བཅད་གཅིག་གིས་ནི་སྤྲུལ་པའི་སྐུའི་ངོ་བོ་བསྟན་ལ། དེ་བཞིན་འཁོར་བ་ཇི་སྲིད་འདིར། །ཞེས་སོགས་ཀྱིས་ནི་སྤྲུལ་པའི་སྐུའི་ཡོན་ཏན་རྒྱས་པར་བཤད་དོ། །རྩ་བའི་དགོངས་པ་འདི་ཁོ་ནའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་གནས་ཡོངས་སུ་གྱུར་པས་གྱུར་པ་ཐམས་ཅད་ཀྱང་ཆོས་སྐུར་མངོན་པར་བརྗོད་དོ་ཞེས་པ་ལ། གནས་གྱུར་ནི་རྣམ་པ་གསུམ་སྟེ། སྤངས་པའི་གནས་གྱུར། ཡེ་ཤེས་ཀྱི་གནས་གྱུར། ལམ་གྱི་གནས་གྱུར་རོ། །དང་པོ་ནི། གནས་ནི་སྒྲིབ་པའི་ས་བོན་ཡིན་ལ། དེ་མ་ལུས་པ་སྤངས་པས་སྤངས་པའི་གནས་གྱུར་ཞེས་ཤཱནྟི་པས་བཤད་དོ། །ཡེ་ཤེས་ཀྱི་གནས་གྱུར་ནི། སྒྲིབ་པ་དེ་དག་ལས་གྲོལ་བའི་ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། འདི་གཉིས་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་དོ། །ལམ་གྱི་གནས་གྱུར་ནི་ས་དང་པོ་ནས་ཐོབ་སྟེ། ས་དང་པོ་ནས་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པའི་ཕྱིར། ཉོན་མོངས་པ་མེད་པ་དང་སྨོན་ནས་མཁྱེན་པའི་དོན་བཤད་པ་ལ། བསམ་གཏན་བཞི་པ་ལ་བརྟེན་ཅིང་གང་ཟག་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཡན་ཆད་ལ་ཡོད་ཅིང་མིའི་རྟེན་ཅན་དུ་བཤད་དོ། །ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་གཉིས་ལས། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་ཉན་ཐོས་རང་རྒྱུད་ཀྱི་ཉོན་མོངས་པ་སྐྱེ་འགྱུར་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་ཏིང་ངེ་འཛིན་ཏོ། །སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་རང་རྒྱུད་ལ་ཉོན་མོངས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པར་མ་ཟད་གང་ཟག་ཕ་རོལ་པོ་རྣམས་ཀྱི་ཉོན་མོངས་རྣམས་ཀྱང་དྲུང་ནས་འབྱིན་པར་བྱེད་པའོ། །སྨོན་ནས་མཁྱེན་པ་ལ་ཡང་ཉན་ཐོས་དང་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པའི་བྱེ་བྲག་གིས་གཉིས་ཡོད་ལ། གཉིས་ཀ་ཡང་ཐོག་མར་འདི་དང་འདི་ཤེས་པར་བྱའོ་ཞེས་བྱ་བའི་སྨོན་པ་སྔོན་དུ་བཏང་ནས་མཉམ་པར་བཞག་པས་དེ་དག་ཡོངས་སུ་མཁྱེན་པས་ན་སྨོན་ནས་མཁྱེན་པ་ཞེས་བསྟན་ཏོ། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང༌། །ཞེས་པ་ལ་སྐུ་ཆེ་བའི་དོན་ནི། འཛམ་བུའི་གླིང་པ་རྣམས་ཀྱི་ལུས་ཚད་ལ་ཞེང་དུ་རང་ཁྲུ་བཞི་མཐོ་དམན་ལ་རང་ཁྲུ་ཕྱེད་དང་བཞི་ཡོད་དེ། མཛོད་ལས། འཛམ་བུ་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་མཐོ་དམན་དུ་ཡང་ཁྲུ་བཞི་དགོས་པ་མ་ཡིན་ནམ་ཞེ་ན། ལུས་ངོ་བོ་དང་རྐང་པ་ཕྲལ་ནས་མཐུད་པའི་དབང་དུ་བྱས་ནས་ཁྲུ་བཞི་ཡིན་ལ། མ་ཕྲལ་བར་ལུས་དང་རྐང་པའི་དཔྱི་འགོ་བསྣོལ་བའི་ཆ་ལ་མཐོ་གང་གབ་པས་ན་འདུག་ཚུལ་ལ་ཕྱེད་དང་བཞིའོ། །སྟོན་པ་རང་གི་ཁྲུ་གང་ལ་འཛམ་བུ་གླིང་པའི་ཁྲུ་གསུམ་ཡོད་པས་སྟོན་པའི་ཁྲུ་གསུམ་ལ་འཛམ་བུ་གླིང་པའི་ཁྲུ་དགུའོ། །སྟོན་པའི་ཁྲུ་ཕྱེད་ལ་འཛམ་བུ་གླིང་པའི་ཁྲུ་ཕྱེད་དང་གཉིས་ཡོད་པས་ན་ཐམས་ཅད་བསྡོམས་པས་འཛམ་བུ་གླིང་པའི་ཁྲུ་ཕྱེད་དང་བཅུ་གཅིག་གོ །དེས་ན་འཛམ་བུ་གླིང་པའི་ལུས་ཚད་ཁྲུ་ཕྱེད་དང་བཞི་བཅད་པའི་ལྷག་མ་ཁྲུ་བདུན་ལྷག་པར་མངའ་བས་ན་སྐུ་ཆེ་ཞེས་བྱའོ། །ཅིའི་ཕྱིར་སྟོན་པའི་ཁྲུ་རེ་ལ་འཛམ་བུ་གླིང་པའི་ཁྲུ་གསུམ་གསུམ་དུ་རྩི་ཞེ་ན། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། བདེ་བར་གཤེགས་པའི་མཐོ་ཡི་ཚད། །འཇལ་བྱེད་མི་ཡི་ཁྲུ་དག་ནི། །ཕྱེད་དང་གཉིས་ནི་ཡོད་པ་ཡིན། །ཞེས་འབྱུང་བ་ལྟར་སྟོན་པའི་ཁྲུ་གང་ལ་རང་གི་མཐོ་དོ་ཡོད་ཅིང༌། མཐོ་རེ་རེ་ལ་འཛམ་བུ་གླིང་པའི་ཁྲུ་ཕྱེད་དང་གཉིས་གཉིས་ཡོད་པའི་ཕྱིར་རོ། །གལ་ཏེ་སྟོན་པའི་སྐུའི་ཞེང་གི་ཚད་ལ་རང་ཁྲུ་བཞི་ཡོད་ལ། མཐོ་དམན་ལ་ཁྲུ་ཕྱེད་དང་བཞི་ལས་མེད་པའི་ཕྱིར་ཆུ་ཞེང་གབ་པར་བཤད་པ་མི་འཐད་པར་འགྱུར་རོ་ཞེ་ན། ལུས་དང་རྐང་པ་བསྣོལ་ཆ་སོ་སོར་ཕྲལ་ནས་གཉིས་མཐུད་བྱས་པའི་ཚད་ཀྱི་དབང་དུ་བྱས་ནས་བཞིར་ཡོད་པར་འཐད་དོ། །འདི་སྐུ་གསུམ་གྱི་ངོ་བོ་མདོ་ནས་ཇི་ལྟར་བསྟན་ཞེ་ན། ངོ་བོ་ཉིད་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དངོས་སུ་བསྟན་ཟིན་པར་སྟོན་པའི་མདོ་ནི་འབུམ་དང་ཉི་ཁྲི་སོགས་གཞན་ལ་ནི་མེད་ལ། སློབ་དཔོན་སེང་གེ་བཟང་པོས་དག་པར་བཅོས་པའི་ཉི་ཁྲི་ལེའུ་བརྒྱད་པ་ལས་ནི་སྐུ་གཉིས་པོ་ལ་ཡང་མདོ་ཚིག་རེ་རེ་སྣང་མོད་ཀྱི་དག་མི་དག་དཔྱད་པར་བྱའོ། །མདོ་ལས་ནི། བྱང་ཆུབ་ཕྱོགས་མཐུན་སོགས་དང༌། མཚན་དང་དཔེ་བྱད་སོགས་སྐུ་གསུམ་གྱི་ཡོན་ཏན་དངོས་སུ་བསྟན་ནས། ཡོན་ཏན་དེ་དང་ལྡན་པའི་སྐུ་གཉིས་པོ་སྦས་དོན་དུ་ཡོད་པ་བྱམས་པས་དངོས་སུ་གསུངས་ནས་ཡོན་ཏན་དང་ཡོན་ཏན་ཅན་དུ་སྦྱོར་ཞེས་བཤད་ན་ལེགས་སོ། །དེའི་འོག་ཏུ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ས་བཅུ་པ་ལ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམ་པར་དག་པ་ལ་བཀོད་ཅེས་པའི་དོན་ནི། ཞིང་དག་པའི་སྦྱོར་བ་ཙམ་ཞིག་སྦྱོར་ལམ་ནས་ཀྱང་ཡོད་ལ། ཁྱད་པར་ཅན་ས་བརྒྱད་པ་ནས་ཡོད་ཅིང༌། འདིར་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམ་པར་དག་པ་ཞེས་བཤད་པ་ནི་ཞིང་སྔར་བས་ཆེས་ཡོངས་སུ་དག་པའི་དབང་དུ་བྱས་ནས་གསུངས་སོ། །ཕྲིན་ལས་སྟོན་པ་ལ། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ་ནི། ཆོས་ཀྱི་སྐུ་ཆོས་ཅན། གདུལ་བྱ་ལམ་གྱི་རྟེན་ལ་བཀོད་པར་མཛད་དེ། འགྲོ་བ་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་རབ་ཏུ་ཞི་བའི་ཕྲིན་ལས་མཛད་པས་སོ། །སྡུག་བསྔལ་རབ་ཏུ་ཞི་བ་གང་ཞེ་ན། འགྲོ་བ་བཟང་པོ་ལྷ་མི་དང་བཟང་པོ་མ་ཡིན་པ་ངན་སོང་གསུམ་ལ་བླང་དོར་དུ་མངོན་པར་ཞེན་པ་མེད་པར་གནས་པའི་མཚན་ཉིད་དོ། །དེ་ནས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ས་བརྒྱད་པ་ལ་ཞེས་སོགས་ལ། སེམས་བསྐྱེད་ཀྱི་གནས་སྐབས་སུ་སྨོན་ལམ་ས་བརྒྱད་པ་དང་སྟོབས་ས་དགུ་པར་སྦྱར་ཞིང༌། ཕ་རོལ་ཏུ་ཕྱིན་པ་སྤྱིའི་གོ་རིམ་ལ་ཡང་དང་པོར་སྨོན་ལམ། དེ་ནས་སྟོབས་བཤད་པའི་གོ་རིམ་དང༌། འདིར་སྟོབས་སྔར་བཤད་ནས་རྗེས་སུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་བཤད་པས་གོ་རིམ་མི་མཐུན་པས་འདིར་བསྟན་པའི་གོ་རིམ་མི་འཐད་དོ་ཞེ་ན། འདིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ས་དགུ་པར་སྦྱར་བ་ནི་སྔར་ས་དགུ་པའི་ཡོངས་སྦྱོང་གི་སྐབས་སུ། སྨོན་ལམ་དག་ནི་མཐའ་ཡས་དང༌། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་བཤད་པ་ཡིན་ལ། ས་དགུ་པར་སྨོན་ལམ་སྦྱར་བའི་སྟོབས་ཀྱིས་སྟོབས་ས་བརྒྱད་པ་ལ་སྦྱར་བ་ཡིན་ཏེ། གཞན་དུ་ན་ས་བརྒྱད་པའི་ངོས་སྐལ་གྱི་ཕར་ཕྱིན་མེད་པར་ཐལ་བར་འགྱུར་བས་སོ། །ས་དགུ་པར་བྱང་ཆུབ་ཐོབ་པ་ལ་འགོད་ཅེས་པའི་དོན་ནི་ས་དགུ་པའི་ཡོངས་སྦྱོང་གི་སྐབས་སུ། འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི། །ཞེས་སོགས་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའི་ཡོངས་སུ་སྦྱོང་བ་རྣམས་ས་དགུའི་ཡོངས་སྦྱོང་ལ་བཤད་པའི་རྗེས་སུ་འབྲངས་ནས་བྱས་པས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སོ་སོར་ངེས་ཞེས་པའི་དོན། སྐྱེ་བ་གཅིག་གིས་ཐོགས་པའི་དུས་སུ་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དང༌། ཞིང་ཁམས་འདི་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་སོ་སོར་ངེས་པའི་ཚུལ་གྱིས་ཡོད་པས་བྱང་ཆུབ་ཏུ་སོ་སོར་ངེས་པ་ཞེས་གསུངས་སོ། །བྱང་ཆུབ་མཐའ་དག་འདྲེན་པ་ཞེས་སོགས་ཀྱི་དོན་ནི། ས་བཅུ་པའི་ཁྱད་པར་གྱི་ལམ་ཐོབ་པའི་དུས་སུ་ཐེག་པ་གསུམ་གྱི་བྱང་ཆུབ་ཀྱི་རྒྱུའི་ཡན་ལག་ཉན་ཐོས་ཀྱི་རིགས་ཅན་རྣམས་ལ་རང་རང་གི་བྱང་ཆུབ་ཐོབ་པ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པ་དང༌། བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ལ་ཐེག་པ་ཆེན་པོའི་ཆོས་སྟོན་པའི་སྒོ་ནས་རིགས་ཅན་གསུམ་རང་རང་གི་བྱང་ཆུབ་ལ་འགོད་པར་མཛད་པས་ན་ཐེག་པ་གསུམ་གྱི་བྱང་ཆུབ་མཐའ་དག་འདྲེན་པར་བྱེད་པའི་ཆོས་ཅན་གྱི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་གི་ཕྲིན་ལས་མཛད་ཅེས་བྱའོ། །རྒྱུ་བསགས་པ་དང་མཐུན་པར་འབྲས་བུ་མ་ཐོབ་ན་ལས་དང་འབྲས་བུའི་འབྲེལ་པ་མེད་པས་ལས་འབྲས་ཆུད་ཟ་བ་ཞེས་བྱ་ལ། འདིར་ཚོགས་གཉིས་ཀྱི་ལས་བསགས་པ་དང་མཐུན་པར་འབྲས་བུ་བྱང་ཆུབ་ཐོབ་པས་ལས་དང་འབྲས་བུའི་འབྲེལ་པ་གྲུབ་པས་ལས་དང་འབྲས་བུའི་འབྲེལ་པ་ཆུད་མི་ཟ་ཞེས་བརྗོད་དེ། བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་གི་བཟློག་ཕྱོགས་ཀྱི་སྒྲོ་འདོགས་བཅུ་དྲུག་འཛིན་པ་ལ་ཕྱིན་ཅི་ལོག་ཅེས་བརྗོད་ལ། དེ་དག་མ་ལུས་པར་སྤངས་པས་ཕྱིན་ཅི་ལོག་ཐམས་ཅད་སྤངས་པ་ཞེས་བྱ་ལ། ཚུལ་ཇི་ལྟར་སྤངས་ཤེ་ན། ཕྱིན་ཅི་ལོག་གི་གཞི་ནི་ཕྱིན་ཅི་ལོག་གི་ས་བོན་ཏེ། ས་བོན་ཙམ་ཡང་མེད་པར་བྱས་པའི་ཚུལ་གྱིས་སྤངས་ཞེས་པའོ། །ཡེ་ཤེས་ཞེས་པའི་དོན་ནི་བདེན་བཞིའི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ཡེ་ཤེས་ཀྱིས་བདེན་བཞི་ལ་རྟག་སོགས་སུ་འཛིན་པ་ཐམས་ཅད་ཀྱི་ས་བོན་ཙམ་ཡང་མེད་པར་སྤངས་ཞེས་པའི་དོན་ནོ། །དེ་ལྟར་ན་ཆོས་ཀྱི་སྐུ་བཞིན་དུ་ཞེས་སོགས་ཀྱི་དོན་ནི། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་པའི་དོན་སྟོན་པ་ཡིན་ནོ། །འདི་ལ་བཞེད་ཚུལ་གཉིས་ཏེ། འཕགས་པས་ནི་དེ་བཞིན་ཞེས་པའི་དོན་སྤྲུལ་པའི་སྐུ་རྒྱུན་མི་ཆད་པར་དེ་བཞིན་དུ་སྤྲུལ་པའི་སྐུ་འདིའི་ཕྲིན་ལས་ཀྱང་འཁོར་བ་ཇི་སྲིད་པར་འཇུག་པས་རྒྱུན་མི་ཆད་པར་འདོད་དོ་ཞེས་བཤད་དོ། །འདིས་ནི་འཁོར་བ་མཐའ་མེད་པར་ཡང་བསྟན་ཏོ། །སློབ་དཔོན་འདིས་ནི། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །ཞེས་པའི་རྩ་ཚིག་ལ་བརྟེན་ནས་དེ་བཞིན་ཞེས་པའི་དོན་ཆོས་ཀྱི་སྐུ་ཞེས་པ་སྦྱར་ནས་བཤད་དོ། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་པའི་དེ་མ་ཐག་པར། དེ་བཞིན་འཁོར་བ་ཇི་སྲིད་འདི། །ཞེས་འབྱུང་བས་འཕགས་པའི་ལུགས་ལྟར་ལེགས་སོ། །འདིར་ཆོས་སྐུ་གསུངས་པ་ནི་སྐུ་གསུམ་གྱི་དབྱེ་གཞིའི་ཆོས་སྐུ་ཡིན་པས་སྤྱིར་སངས་རྒྱས་ཞེས་སྨྲོས་པ་དང་དོན་གཅིག་པའི་ཕྱིར་སངས་རྒྱས་ཀྱི་མཛད་པ་ཞེས་པའི་དོན་ནོ། །སེམས་བསྐྱེད་པ་དང་ཞེས་སོགས་ཀྱི་དོན་ནི། ལས་དང་པོ་པའི་སེམས་བསྐྱེད་པ་ལ་སེམས་བསྐྱེད་པ་དང་པོ་གསུམ་ནི་ཆུང་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་ལས་དང་པོ་པའི་སས་བསྡུས་སོ། །ཞེས་སོགས་ཀྱིས་ལས་དང་པོ་པའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་དུ་ལས་དང་པོ་པའི་གནས་སྐབས་གང་ན་ཡོད་པའི་ཚུལ་རིམ་པ་བཞིན་དུ་བསྟན་ཞིང༌། ཐ་མ་ཆོས་ཀྱི་སྐུའི་ཕྲིན་ལས་ཀྱི་གནས་སྐབས་གང་ན་ཡོད་པའི་ཚུལ་ཡང་དང་པོར་འགྲོ་བ་བཟང་པོ་དང༌། བཟང་པོ་མ་ཡིན་པ་ཞེས་སོགས་ཀྱིས་ལས་དང་པོའི་ས་ནས། སངས་རྒྱས་ཀྱི་སའི་བར་དུ་གནས་སྐབས་གང་ན་ཡོད་པའི་རིམ་པ་དངོས་སུ་བསྟན་པས་ལྷག་མ་གདམས་ངག་ནས་སྤྲུལ་སྐུའི་བར་གནས་སྐབས་གང་ན་ཡོད་པའི་རིམ་པ་རྣམས་ཀྱང་ཤུགས་ལ་ཁོང་དུ་ཆུད་པར་བྱའོ། །འདིར་དངོས་སུ་མ་བཀོད་པ་ནི་ཚིག་མང་དུ་དོགས་པས་སོ་ཞེས་བཤད་དོ། །ཐ་མ་ཞེས་པའི་སྒྲས་ཕྲིན་ལས་ལ་སྦྱོར་བ་ནི་གཞུང་ལ་དྲུག་པའི་སྒྲ་ཡོད་པ་ཁོང་དུ་མ་ཆུད་པར་ཟད་དོ། །རྒྱས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པས་དེ་ལྟར་ཞེས་སོགས་ཀྱི་བཤད་པ་ལ་སྤྱིར་རྒྱས་འབྲིང་བསྡུས་གསུམ་ལ་ཚུལ་གཉིས་ཏེ། ཚིག་གི་རྒྱས་འབྲིང་བསྡུས་གསུམ་དང༌། དོན་གྱི་རྒྱས་འབྲིང་བསྡུས་གསུམ་མོ། །དང་པོ་ལ་ཡང་ཚིག་རྒྱས་པ་ལ་གསུམ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེ་བ་ཕྲག་བརྒྱ་པ་ནི་དྲི་ཟའི་གནས་ན་བཞུགས་པར་གྲགས་པ་དང༌། འབུམ་ཕྲག་བརྒྱ་པ་ལྷའི་དབང་པོའི་གནས་ན་བཞུགས་པར་གྲགས་པ་དང༌། སྟོང་ཕྲག་བརྒྱ་པ་འོག་ཀླུའི་ཡུལ་ན་བཞུགས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མི་ཡུལ་དུ་གདན་དྲངས་པ་དང་གསུམ་ཡོད་པ་ལས་འདིར་ཁུངས་སུ་མཛད་པའི་རྒྱས་པ་ནི་སྟོང་ཕྲག་བརྒྱ་པ་དང༌། འབྲིང་ནི་ཉི་ཁྲི་དང༌། བསྡུས་པ་བརྒྱད་སྟོང་པ་ལ་བཤད་དོ། །དོན་རྒྱས་འབྲིང་བསྡུས་གསུམ་ལ། དོན་རྒྱས་པ་ནི་མངོན་པར་རྟོགས་པ་བརྒྱད་དང༌། འབྲིང་མངོན་པར་རྟོགས་པ་དྲུག་དང༌། བསྡུས་པ་ལ་མངོན་པར་རྟོགས་པ་གསུམ་མོ། །དེ་ལ་རྒྱས་པ་སྟོང་ཕྲག་བརྒྱ་པ་ཁོ་ན་ལ་ཡང་དོན་རྒྱས་འབྲིང་བསྡུས་པ་གསུམ་ཆར་དང༌། འབྲིང་ཉི་ཁྲི་ལ་ཡང་དོན་རྒྱས་འབྲིང་བསྡུས་པ་གསུམ་ཆར་དང༌། བརྒྱད་སྟོང་པ་ལ་ཡང་དོན་རྒྱས་འབྲིང་བསྡུས་པ་གསུམ་ཆར་ཡོད་པས་རེ་རེ་ཡང་དོན་རྒྱས་འབྲིང་བསྡུས་པ་གསུམ་གསུམ་གྱི་སྒོ་ནས་རྒྱས་པར་བཤད་པར་བྱའོ། །དོན་རྒྱས་པ་ལ་དགའ་བ་དང༌། དོན་འབྲིང་ལ་དགའ་བ་དང༌། དོན་བསྡུས་པ་ལ་དགའ་བའི་དོན་དུའོ། །འདི་ཇི་ལྟར་ཤེས་ཤེ་ན། ཡུམ་ཐམས་ཅད་ཀྱི་དོན་བསྡུས་པ་གཞན་རྣམ་པ་དྲུག་ཅེས་པ་དང༌། རྒྱལ་བའི་ཡུམ་རྣམ་པ་གསུམ་གྱི་དོན་བསྡུས་པ་གཞན་རྣམ་པ་གསུམ་སྟེ་ཞེས་པ་དང༌། རྒྱས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་དེ་ལྟར་ཞེས་སོགས་གསུངས་པས་སོ། །དོན་དྲུག་ཏུ་བཤད་པའི་ཚིག་དོན་ནི། སློབ་དཔོན་ལྟར་ན། མཚན་ཉིད་དེའི་སྦྱོར་བ་དང༌། མཚན་ཉིད་དེའི་རབ་ཏུ་གྱུར་བ་དང༌། མཚན་ཉིད་དེའི་གོ་རིམ་དང༌། མཚན་ཉིད་དེའི་མཐའ་དང༌། མཚན་ཉིད་དེའི་རྣམ་པར་སྨིན་པ་ཞེས་འཆད་དོ། །འཕགས་པ་ནི། མཚན་ཉིད་དེའི་སྦྱོར་བ་དང༌། སྦྱོར་བ་དེའི་རབ་ཏུ་གྱུར་པ་དང༌། སྦྱོར་བ་དེའི་གོ་རིམ་དང༌། སྦྱོར་བ་དེའི་མཐའ་དང༌། སྦྱོར་བ་དེའི་རྣམ་པར་སྨིན་པ་ཞེས་འཆད་པ་ཉིད་ལེགས་སོ། །སྦྱོར་བ་ནི་རྣམ་པ་བཞི་ལས། རྣམ་རྫོགས་སྦྱོར་བ་དང་རྩེ་སྦྱོར་གཉིས་ནི་མི་མཐུན་ཕྱོགས་སྤང་བའི་སྦྱོར་བ་ཡིན་ལ། མཐར་གྱིས་པའི་སྦྱོར་བ་ནི་ཡོན་ཏན་མངོན་དུ་བྱེད་པའི་སྦྱོར་བ་ཡིན་ནོ། །སྐད་ཅིག་མའི་སྦྱོར་བ་ནི་སྦྱོར་བ་གསུམ་པོ་མཐར་ཐུག་པའི་གནས་སྐབས་སོ། །དེའི་གོ་རིམ་ཞེས་པའི་སྦྱོར་བ་སྔ་མ་གཉིས་ཀྱི་བསྒོམ་པའི་དོན་རིམ་གྱིས་བསྒོམ་ཞེས་པའི་དོན་ནི་མ་ཡིན་གྱི། སྦྱོར་བ་ཞེས་པའི་སྒྲ་སྤྱི་ལ་བྱས་ནས་དེའི་དབྱེ་བ་མཐར་གྱིས་པའི་སྦྱོར་བས་ཆོས་བཅུ་གསུམ་རིམ་གྱིས་བསྒོམ་ཞེས་པའི་དོན་ནོ། །མངོན་པར་རྟོགས་པ་གསུམ་དུ་བཤད་པའི་ཚིག་དོན་ནི། འཇུག་ཡུལ་ནི་མཁྱེན་པ་རྣམ་པ་གསུམ་པོ་ཡིན་ལ། ཐོབ་པར་བྱ་བའི་འབྲས་བུའི་རྒྱུ་ནི་སྦྱོར་བ་འདི་ཉིད་དོ། །འབྲས་བུ་ནི་ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པའོ་ཞེས་སྦྱར་ཏེ་འཕགས་པའི་དགོངས་པའོ། །སློབ་དཔོན་གྱིས་རྒྱུ་ཞེས་པ་མཇུག་ལ་སྦྱོར་བ་ནི་རྩ་བའི་དགོངས་པ་མ་ཡིན་ནོ། །གོ་བ་སླ་ཕྱིར་ཞེས་སོགས་ཀྱི་དོན་ནི། འཕགས་པ་རྣམ་གྲོལ་སྡེའི། མཐུ་ཡིས་དོན་མཐོང་སྒོ་ནས་ནི། །ཞེས་གསུངས་ནས། འཕགས་པས་མདོའི་ཚིག་དང་བསྟན་བཅོས་ཀྱི་ཚིག་རེ་རེ་སྦྱར་བའི་འགྲེལ་པ་བྱེད་པ་ལྟར་འདིར་ཡང་ཚུལ་དེ་ལྟར་བྱེད་དམ་ཞེ་ན། འདིར་ནི་མདོའི་ཚིག་དང་བསྟན་བཅོས་ཀྱི་ངག་རེ་རེ་ནས་སྦྱོར་བ་སོགས་མ་བྱས་པར་དོན་བླངས་ནས་བྱས་སོ། །དགོས་པ་ནི་གོ་སླ་བའི་ཕྱིར་རོ། །སོགས་པའི་སྒྲས་ནི་ལུང་སྣ་ཚོགས་དང་སྦྱར་བ་མ་བྱས་ཞེས་པའི་དོན་ནོ། །ཚིག་ལེའུར་བྱས་པ་ཞེས་པའི་དོན་ནི། ཚིག་ལེའུར་བྱས་པ་ནི་མངོན་པར་རྟོགས་པའི་རྒྱན་ཡིན་ལ། དེའི་འགྲེལ་པ་དོན་གསལ་བ་འདི་ནི་སློབ་དཔོན་སེང་གེ་བཟང་པོས་བྱས་སོ་ཞེས་སྦྱར་རོ། །མངོན་པར་རྟོགས་པའི་རྒྱན་གྱི་དཀའ་བའི་གནས་རྣམ་པར་འབྱེད་པ་བསྟན་ཟིན་ཏོ།། །།རྒྱལ་བའི་གསུང་རབ་རྣམ་དཔྱོད་རླུང་གིས་བསྐྱོད་པའི་རྦ་རླབས་ཆེར་གཡོ་ཞིང༌། །མཁས་པའི་ལེགས་བཤད་རྣམ་མང་སྤྲིན་སྔོན་གཡོ་བའི་དཔལ་གྱིས་རབ་མཛེས་པ། །ཟབ་སྙན་བདུད་རྩིའི་གསུང་གི་བདུད་རྩིའི་ཟླ་ཟེར་རྣམ་པར་རོལ་པའི་མཚོ། །རྣམ་མང་གཞུང་བཟང་ནོར་བུའི་འོད་ཟེར་འབར་བའི་ལེགས་བཤད་དགའ་སྟོན་འགྱེད། །སྙན་ཚིག་དྲི་མེད་འདབ་སྟོང་དོན་གྱི་སྙིང་པོའི་གེ་སར་མཆོག་ཐོབ་ཅིང༌། །གཙུག་ལག་ཆུ་ཀླུང་རིགས་སྲོལ་རྣམ་འབྱེད་ལུང་རིགས་ཉིན་མོའི་འོད་སྟོང་ལྡན། །རྨད་བྱུང་ལེགས་བཤད་མཁས་པའི་མགུལ་རྒྱན་རྣམ་མང་དོན་གྱི་ཚོན་རིས་བཀྲ། །བྱམས་པའི་གསུང་རབ་འབྱོར་པའི་སྤྲིན་དཀར་ལེགས་འོང་བློ་གསལ་གཙུག་ན་མཛེས། །བློ་གྲོས་རྣམ་འགྱུར་རྣམ་པར་བཀྲ་བའི་རྨད་བྱུང་ལེགས་བཤད་སྔོན་མེད་ལྡན། །སྐྱོན་བྲལ་འོད་དཀར་རྒྱས་པའི་རྒྱུ་སྐར་འགྲེལ་བརྒྱུས་དག་པ་དབང་པོ་འདི་མཐོང་ནས། །རྣམ་མང་མཁས་པའི་བཞིན་གྱི་ཀུནྡཱའི་འཛུམ་ཟེར་རྣམ་པར་འབྱེད་པར་ངེས། །མཁས་རློམ་དུ་མ་འཆད་པར་བཞེད་ཀྱང་རྩོམ་པའི་ཚུལ་ལ་ཀུན་ཏུ་རྨོངས། །འགའ་ཞིག་རྩོམ་པར་སྤྲོ་ཡང་སྡེབ་སྦྱོར་མི་ལྡན་དགོངས་པའི་དོན་མ་རྙེད། །ལ་ལ་རྩོད་པའི་ཚུལ་ལ་སྤོབས་པ་གློག་འོད་འཁྱུག་པའི་ཚུལ་དང་རྣམ་བྲལ་ཏེ། །འཆད་རྩོད་རྩོམ་པས་ཕུལ་བྱུང་སྨྲ་བའི་དབང་པོ་འགྲན་པའི་ཟླ་མེད་པ། །མཁྱེན་རབ་མཚམས་སྤྲིན་གསར་པས་ཁེབས་པའི་བློ་གྲོས་ནམ་མཁའི་ཁྱོན་ཡངས་ཤིང༌། །ལེགས་བཤད་ཉིན་བྱེད་འཆར་ཀའི་འོད་ལྡན་གཞུང་ལུགས་བྱེ་བའི་འདབ་སྟོང་རྒྱས། །ས་གསུམ་མཁྱེན་གནས་སྣང་བའི་བདུད་རྩི་ལེགས་བཤད་འོད་ཀྱི་འབྱོར་པའི་གཏེར། །གླིང་བཞིའི་དཔལ་ལྡན་གྲགས་པའི་འོད་རིས་གཡོ་བའི་རོང་སྟོན་ཆེན་པོ་ཡིས། །དོན་ཟབ་ཕུལ་ཕྱུང་བློ་གྲོས་མཐུ་ཡིས་བསྒྲུབས་པའི་རབ་དཀར་དགེ་བའི་ཚོགས། །གང་ཞིག་ཐོབ་པས་མ་ལུས་འགྲོ་བ་ཀུན་མཁྱེན་ས་ལ་གནས་གྱུར་ཅིག། །།མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་འབྱེད་པ་ཟབ་དོན་གནད་ཀྱི་ཟླ་འོད་ཅེས་བྱ་བ་འདི་ནི། དགེ་བཤེས་རྒྱལ་མཚན་བཟང་པོ་ལ་སོགས་པས་ཡང་དང་ཡང་དུ་བསྐུལ་བའི་ངོར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་བློ་གྲོས་ཀྱི་སྣང་བ་རབ་ཏུ་རྒྱས་ཤིང་སྒྲ་ཚད་གཉིས་ཀྱིསཾ་བློ་གྲོས་ཀྱི་སྣང་བ་འདབ་གཤོག་རབ་ཏུ་རྒྱས་པས་གསུང་རབ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་རོང་སྟོན་ཆེན་པོས་མཛད་པའི་དཀའ་འགྲེལ་ས་ཕོ་སྤྲེའུའི་ལོ་ཡི་ཟླ་བ་གསུམ་པའི་ཚེས་བཅུ་ལ་མཁས་མང་རྒྱ་མཚོ་ལྟ་བུས་ཡུན་རིང་དུ་བརྟེན་པའི་གནས་གཙང་གི་ག་བ་གདོང་གི་གཙུག་ལག་ཁང་དུ་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།