ལམ་ཉམས་སུ་ལེན་པའི་རིམ་པ་མུན་སེལ་སྒྲོན་མེ།

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཉམས་སུ་ལེན་པའི་རིམ་པ་མུན་སེལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀའ་རྒྱས་འབྲིང་བསྡུས་གསུམ་གྱི་དོན་མ་ལུས་པ་ཉམས་སུ་ལེན་པའི་མན་ངག ཀུན་ལ་མ་གྲགས་པའི་ཁྱད་ཆོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པ་ཞེས་བྱ་བ། ལྷག་པའི་ལྷ་གངས་རིའི་མདོག་ཅན་ལ་ཕྱག་འཚལ་ལོ། །མཐོ་རིས་མགོན་པོའི་གཙུག་གི་ནོར་བུ་ཡིས། །ཞབས་ཀྱི་པདྨོ་གུས་པས་རབ་མཆོད་ཅིང༌། །མ་ལུས་འགྲོ་ལ་བརྩེ་བའི་ཐུགས་མངའ་བ། །ཐུབ་དབང་སྐྱོབ་པའི་དབང་པོ་ལ་ཕྱག་འཚལ། །ཆོས་དབྱིངས་དག་པའི་མཁའ་ལ་རབ་འཕགས་ཞིང༌། །ཐབས་ཤེས་ཟུང་གི་འདབ་གཤོག་ཕུན་ཚོགས་ལྡན། །ནང་ཕྱོགས་ལག་འགྲོའི་ཚོགས་རྣམས་འཇོམས་མཛད་པ། །མི་ཕམ་མཁའ་ལྡིང་དབང་པོའི་ཞབས་ལ་འདུད། །མི་རྟོག་རྡོ་རྗེའི་ཐུགས་ནི་ནམ་མཁའི་ངང༌། །ཕུལ་བྱུང་ཚངས་པའི་དབྱངས་ནི་བྲག་ཅའི་སྒྲ། །གང་ལ་གང་འདུལ་དེ་ལ་དེར་སྣང་སྟོན། །ངོ་བོ་ཉིད་མཐོང་དོན་ལ་གུས་ཕྱག་འཚལ། །རྒྱལ་བ་ཀུན་གྱི་ཡུམ་མཆོག་ཕ་རོལ་ཕྱིན། །ཐུབ་པའི་གསུང་རབ་རྣམས་ཀྱི་རྒྱལ་མཚན་ཏོག །རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་ལམ་མཆོག་རྩེ། །གང་ཟག་དབང་པོའི་རིམ་བཞིན་གང་མོས་སྟོན། །བཀའ་བརྒྱུད་ནོར་བུའི་ཕྲེང་བ་རེ་འདོད་བསྐོང༌། །རིམ་བཞིན་ངོ་མཚར་བཀའ་བབས་བརྒྱུད་པ་དྲུག །རྣལ་འབྱོར་དབང་ཕྱུག་པདྨའི་ངང་ཚུལ་ལ། །མན་ངག་མ་ལུས་ལེགས་བཤད་བདུད་རྩིའི་རྒྱུན། །བློ་ཡི་ཆུ་གཏེར་མ་ལུས་ཡོངས་སུ་རྫོགས། །ཐུགས་རྗེའི་སྤྲུལ་པ་རྒྱལ་སྲས་མི་ཡི་གཟུགས། །སྟོན་ཀའི་ཟླ་བ་ཡོངས་སུ་རྫོགས་པ་བཞིན། །ཚད་མེད་ཐུགས་རྗེའི་འོད་དཀར་རབ་རྒྱས་ཤིང༌། །ཐུགས་ཀྱི་ཆར་སྤྲིན་བྱམས་པའི་ཆར་ཆེན་འབེབས། །དུག་སེལ་གདམས་པའི་བདུད་རྩི་སྦྱིན་མཛད་ཅིང༌། །འགྲོ་བའི་སྡུག་བསྔལ་ནད་རྣམས་སེལ་མཛད་པ། །རྗེ་བཙུན་རྒྱ་གར་ཐུགས་ཀྱི་མན་ངག་བྲི། །དེ་ལ་རྗེ་དམ་པ་རྒྱ་གར་ཆེན་པོ། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ། བློ་གྲོས་དམ་པ་འགྲོ་བ་རྣམས་ཀྱི་དྲི་བའི་ཡུལ། སྙིགས་མའི་དུས་སུ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་བྱོན་པ། རྒྱལ་སྲས་མིའི་གཟུགས་ཅན། མ་འོངས་པའི་གདུལ་བྱ་ཡིད་ཆེས་པར་བྱ་བའི་དོན་དུ། རིག་པའི་གནས་ལྔ་ལ་མཁས་ཤིང༌། སྒྲུབ་པའི་སྲང་དུ་འཇུག་པ། རྒོལ་བ་ངན་པ་ཚར་གཅོད་པའི་ཕྱིར། ཐུགས་དམ་གྱི་ལྷ་དང༌། མཁའ་སྤྱོད་ཀྱི་བླ་མ་དང༌། མཁའ་འགྲོ་མ་དང༌། མིའི་བླ་མ་དུ་མའི་བརྒྱུད་པ་འཛིན་པ་མཁྱེན་པ་གཉིས་ཀྱིས་གདུལ་བྱའི་དོན་ཕྱོགས་མེད་དུ་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྒྱུད་པའི་བཀའ་བབས་དྲུག་ཕྱག་ཏུ་བབས་ཏེ། བདེ་བའི་འབྱུང་གནས་སྟེང་དགའ་ལྡན་ལྷའི་ཡུལ་ནས་བརྒྱུད་པ་དང༌། ལོངས་སྤྱོད་ཀྱི་འབྱུང་གནས་འོག་ཀླུའི་ཡུལ་ནས་བརྒྱུད་པ་དང༌། བྱིན་རླབས་ཀྱི་འབྱུང་གནས་ནུབ་ཕྱོགས་ཨུ་རྒྱན་མཁའ་འགྲོ་མའི་གླིང་ནས་བརྒྱུད་པ་དང༌། རིག་པའི་འབྱུང་གནས་རྒྱ་གར་ཤར་ཕྱོགས་བྷ་ག་ལ་ནས་བརྒྱུད་པ་དང༌། ཡོན་ཏན་གྱི་འབྱུང་གནས་ལྷོ་ཕྱོགས་བྷ་ཏ་ལ་ནས་བརྒྱུད་པ་དང༌། ངོ་མཚར་གྱི་འབྱུང་གནས་ལྷོ་བྷི་ཤོ་ཀོ་ཏ་ཙནྡན་གྱི་གླིང་ནས་བརྒྱུད་པའོ། །བཀའ་བབས་དྲུག་པོའི་སྙིང་པོའི་དོན་ཐམས་ཅད་ཀྱི་བཅུད་བསྡུས་ནས་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་འདི་ལ་གཉིས་ཏེ། བླ་མ་བརྒྱུད་པའི་དོན་བསྟན་པ་དང༌། མན་ངག་དངོས་ཀྱི་དོན་བསྟན་པའོ། །དང་པོ་ནི། སྔོན་གྱི་སངས་རྒྱས་མར་མེ་མཛད་ཀྱིས། ཤཱཀྱ་ཐུབ་པ་ལ་བཤད་ལ། ངས་ཀུན་དགའ་བོ་ལ་བཤད་ནས། དགེ་སློང་སེང་གེའི་བར་བརྒྱུད་པ། སུམ་ཅུ་སོ་དྲུག་སོང་བའི་དུས་སུ། རྒྱལ་པོ་གདུག་པ་ཅན་གྱིས་རབས་བཅད་དོ། །དེ་ནས་འཕགས་པ་ཐོགས་མེད་ཀྱིས་ཤཱཀྱ་ཐུབ་པ་ལ་དངོས་སུ་གསན་པ། བྱམས་པ་ཡིན་པར་དགོངས་ནས། བྱམས་པ་བསྒྲུབས་པས་ཞལ་གཟིགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་སུ་གསན་ནས་གཅུང་དབྱིག་གཉེན་ལ་བཤད། དེས་དམ་པའི་ཞང་པོ་ཨཱརྻ་དེ་བ་ལ་བཤད། དེས་ཉི་མ་དང་ཟླ་བ་ལྟར་གྲགས་པའི་རྗེ་དམ་པ་རྒྱ་གར་ལ་གདམས་སོ། །གཉིས་པ་གདམས་པ་དངོས་ལ་གཉིས་ཏེ། གང་ལ་གདམས་པའི་སྣོད་བསྟན་པ་དང༌། གདམས་བྱའི་གདམས་ངག་དངོས་བསྟན་པའོ། །དང་པོ་ནི། ཆོས་ལ་འཇུག་པ་ལ་དད་པ་གལ་ཆེ་སྟེ། ཐར་པའི་རྟེན་དུ་དད་པ་དགོས། ཡོན་ཏན་གྱི་གཞི་ཡང་དད་པས་བྱེད། བརྩོན་འགྲུས་ཀྱི་གྲོགས་ཀྱང་དད་པས་བྱེད། ཤེས་རབ་ཀྱི་མཛོད་ཀྱང་དད་པས་བྱེད། མན་ངག་གི་སྣོད་ཀྱང་དད་པས་བྱེད། དད་པ་མེད་ན་དཀར་པོའི་ཕྱོགས་ཀྱི་ཡོན་ཏན་གང་ཡང་མི་འཆར། ཆོས་དང་ཕྲད་ནས་དད་པ་མེད་ན། གཟུགས་ཆོས་པར་འདུག་པས་མི་ཕན། ཞིང་མེད་པའི་སོ་ནམ་དང་འདྲ། གྲུ་མེད་པའི་འགྲུལ་པོ་དང་འདྲ། ས་བོན་ཚིག་པའི་མྱུ་གུ་དང་འདྲ། ལག་རྡུམ་གསེར་གླིང་དུ་ཕྱིན་པ་དང་འདྲ། སྲོག་མ་ཆད་པའི་རོ་ཡིན། འདྲེས་མ་ཁྱེར་བའི་སྨྱོན་པ་ཡིན། སུག་བཞི་ས་ལ་མི་འཛུགས་པའི་བྱོལ་སོང་ཡིན། མིག་ཅེ་རེ་ལྟ་བའི་ལོང་བ་ཡིན། རྣ་བ་ཀྲོང་ངེ་ཉན་པའི་འོན་པ་ཡིན། སྐྱེས་པ་དད་པ་མེད་ན་གླང་ལ་རལ་པ་སྐྱེས་པ་ཡིན། བུད་མེད་དད་པ་མེད་ན། བ་ལ་ནོར་བུ་བརྟགས་པ་ཡིན། གཞོན་པ་དད་པ་མེད་ན། དུག་གི་མེ་ཏོག་ཡིན། རྒན་པ་དད་པ་མེད་ན། མུན་གྱི་པྲ་མཁན་ཡིན། སྤྱིར་དད་པ་འདི་རྒྱུ་ཚོགས་བསགས་པ་ལས་འབྱུང་བས་ཀུན་ལ་སྐྱེ་བར་དཀའ། རྐྱེན་གྱིས་མ་བསྐུལ་བའི་དད་པ་འདི། གང་ཟག་སྐལ་ལྡན་འགའི་སྤྱོད་ཡུལ་ཡིན། སྙིང་ནས་དད་པ་ཡོད་པའི་གང་ཟག་དེ། ཚད་མེད་ཀྱི་འགྲོ་བ་ལ་སྙིང་རྗེ་སྐྱེ། འབྲེལ་མེད་ཀྱི་ཆོས་པ་ལ་མོས་གུས་བྱེད། གྱི་ནའི་གདམ་པ་ལ་ཡིད་ཆེས་གཏོད། མི་ལུས་དད་པས་བརྒྱན་པ་དེ་མཆོད་སྡོང་གི་རྩེ་ལ་ཕྱར་བའི་རྒྱལ་མཚན་དང་འདྲ་སྟེ། ལྷ་དང་མིའི་ནང་ན་མཛེས། དད་པ་ཡོད་པའི་རྟགས་སུ་བླ་མ་རྟག་ཏུ་ངུ་བཞིན་དུ་འཚོལ། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་རྒྱལ་བུ་དོན་གྲུབ་བཞིན་དུ་མ་ཆགས། ཆོས་ཕྱིར་དཀའ་བ་རྒྱལ་པོ་བཞིན་དུ་སྤྱོད་ནུས། དེས་ན་ཆོས་ཐམས་ཅད་ཀྱི་རྩ་བ་དད་པ་ཡིན་པས་ཐོག་མར་དད་པ་དགོས་པར་བསྟན་ནོ། །བྱང་ཆུབ་ཐོབ་པ་ལ་འཁོར་བ་ལས་ངེས་པར་འབྱུང་བའི་བསམ་པ་བརྟན་པོས་ངེས་པར་ཟིན་པར་བྱ་དགོས་པས། འཁོར་བ་ལས་ངེས་པར་འབྱུང་བའི་བློ་བསྐྱེད་པའི་དོན་དུ་འཁོར་བའི་ཉེས་དམིགས་བསྟན་པ་ནི། འཁོར་བའི་ཉེས་དམིགས་བསམ་གྱི་མི་ཁྱབ་སྟེ། ལུས་ངག་ཡིད་གསུམ་འདོད་པའི་ནད་ཀྱིས་གདུངས། སྐྱེ་རྒ་ན་འཆིའི་ཆུ་བོ་བཞིས་གཡེངས། བདག་ཏུ་འཛིན་པའི་ལྕགས་སྒྲོག་གིས་བཅིངས། སྡུག་བསྔལ་སྣ་ཚོགས་ཀྱི་དྲྭ་བར་ཚུད། འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་བདེ་བའི་གོ་སྐབས་མེད། དམྱལ་བ་ན་ཚ་གྲང་གི་སྡུག་བསྔལ། བྱོལ་སོང་གི་གནས་ན་གླེན་ལྐུགས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ། བདེ་འགྲོ་ཐོབ་ཀྱང་སྡུག་བསྔལ་གྱི་མཐའ་ལས་མ་འདས་ཏེ། འཁོར་བ་ནི་བཙོན་དོང་དང་འདྲ། ཉོན་མོངས་པ་ནི་དུག་སྦྲུལ་དང་འདྲ། སྡིག་པའི་ལས་ནི་བཙན་དུག་དང་འདྲ། སྙེད་པ་དང་བཀུར་སྟི་ནི་རྒྱ་དང་འདྲ། རྫས་དང་ཡོ་བྱད་ནི་ས་རྡོ་དང་འདྲ། དགྲ་སྡང་བ་ནི་ནད་དང་འདྲ། གཉེན་བྱམས་པ་ནི་སྒྲོག་དང་འདྲ། ལུས་ནི་སྒྱུ་མ་དང་འདྲ། ཚེ་ནི་ཆུའི་ཆུ་བུར་དང་འདྲ། དབུགས་ནི་ན་བུན་དང་འདྲ་བས་ནམ་འཆི་ཆ་མེད། ནམ་ཕུགས་ཀྱི་མདུན་མ་མ་བྱེད། འཆི་བའི་ནངས་པར་ཅིས་ཀྱང་མི་སྟོངས་པས། ཚེ་འདིའི་བྱ་བ་ཆེད་དུ་མ་གཉེར། འཆི་བ་ལ་ཆོས་མ་ཡིན་པས་ཅིས་ཀྱང་མི་སྟོངས་པས། གལ་ཆེ་བ་རྒྱང་དུ་མ་བཞག ཆུ་བོ་སྒྲོལ་བའི་གྲུ་སྐམ་སར་མ་བཞག ཞུན་མེ་ཐོགས་པའི་མི་ཕུགས་སུ་མ་སྦ། ལོང་ཁྲིད་བྱེད་པའི་མིག་བུ་ལ་ལས་མ་བཀོལ། སྒྱུ་རྩལ་འབྱོངས་པའི་མི་ཉལ་དུ་མ་གཞུག ཚེ་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་དགོས་མེད་ཡིན་པས། འཁྲུལ་པ་དྭང་དུ་མ་ལེན། གཞན་འཆི་བ་མཐོང་བཞིན་དུ་རང་ལ་རྟག་པར་མ་འཛིན། ཉེ་དུ་ཚོང་འདུས་ཀྱི་མགྲོན་པོ་ལ་ཨ་འཐས་ཀྱི་ཆགས་ཞེན་མ་བྱེད། ཡོ་བྱད་བུང་བའི་སྦྲང་རྩི་ལ་སེར་སྣའི་སྡུག་སོག་མ་བྱེད། ཕ་ཡུལ་ལམ་རིང་གི་ངལ་ས་ལ་བདག་འཛིན་གྱི་མཁར་མ་བརྩིག སྐྱེ་འཆིའི་སྡུག་བསྔལ་ལ་འཇིགས་ན། ཉིན་མཚན་རྩེ་གཅིག་ཏུ་ཆོས་ལ་འབད་དགོས་སོ། །འོན་ཀྱང་སྙིང་རུས་མེད་པའི་མིས་དཀའ་ཐུབ་མི་ནུས། བླ་མ་དང་ཕྲད་པར་དཀའ་མོ་ཡིན་ཏེ། བླ་མ་ལ་གཤེད་སྐུར་འདེབས། ཉམས་ལེན་གྱི་རྩ་བ་མོས་གུས་ཡིན་ཏེ། སྙིང་མེད་པོས་བླ་མ་ལ་ཅིར་ཡང་མི་མཐོང༌། སངས་རྒྱས་རང་སེམས་དག་པ་ལ་ཟེར་ཡང༌། བཅོལ་ཆུང་པོས་སངས་རྒྱས་ལོགས་ནས་འཚོལ། གཏིང་ནས་བསམ་པ་ཕྱིན་ཅི་ལོག་ཏུ་སོང་བའི་མི་དེ། དང་པོར་ཆོས་དྲན་དུ་མི་བཏུབ། ཉན་ཀྱང་གོར་མི་བཏུབ། རང་དབང་རང་གིས་མི་ཐོབ། ལས་དག་པ་ལ་འབྱོལ། ལམ་ལོག་པ་ལ་གོམས། ཆོས་ལ་ཚུད་ཀྱང་མཐར་མི་ཕྱིན། མི་འདི་སྡུག་པ་ལ་སྲན་ཆེ། སྐྱིད་པ་ལ་སྲན་ཆུང༌། ཁེ་གྲགས་ལ་རང་སྲོག་གཏོང་བར་ནུས་ཀྱང༌། ཆོས་ཕྱིར་དཀའ་བ་ཅུང་ཟད་ཀྱང་བྱེད་མི་ནུས། ནོར་རྫས་ཀྱི་ཕྱིར་རྒྱ་བོད་བསྐོར་ནུས་ཀྱང༌། དམ་པའི་ཆོས་ཉན་མི་ནུས། ཉིན་གཅིག་གི་སྐྱེལ་མ་ལ་རྔན་པ་སྟེར་ནུས་ཀྱང༌། བླ་མ་ལ་ཞབས་ཐོག་བྱེད་མི་ནུས། ཚེ་འདིའི་ན་ཚ་བྱུང་གིས་དོགས་ནས་རིམ་འགྲོ་ལ་འབད་ཀྱང་ཕྱི་མ་ངན་སོང་དུ་མི་ལྟུང་བའི་ཆོས་བྱེད་མི་ནུས། ཀུན་རྫོབ་འཁྲུལ་པའི་བྱ་བ་འདི་རྩེད་མོ་དང་འདྲ་བ་ཡིན་ཏེ། རྩེད་མོ་ལ་ཡེངས། སྐྱབས་ཀྱི་སྐྱེལ་མ་དཀོན་མཆོག་གསུམ་དང་བྲལ། གྲོང་ཁྱེར་ཆེན་པོ་གསུམ་གྱི་སྒོ་ལ་འཇུག་ཉེན་ཡོད། ནམ་ཡང་མཐུན་པའི་གཉེན་དང་འགྲོགས་ཡུན་མེད། བརྩིགས་པའི་ཁྱིམ་དུ་བསྡད་ཡུན་མེད། བསགས་པའི་ནོར་ལ་སྤྱད་ཡུན་མེད། སྙིང་ནས་ཆོས་བྱེད་ན་ཕ་ཡུལ་བཙོན་དོང་དུ་ལྟ་དགོས། ཕ་ཡུལ་མ་སྤངས་ན་དུག་ལྔའི་རོ་ལྡང༌། ཉེ་འབྲེལ་ལ་དགྲར་ལྟ་དགོས། ཉེ་འབྲེལ་སྡུག་བསྔལ་གྱི་གཉའ་ཟླ་ཡིན། ནོར་རྫས་ནི་སྒྲོག་དུ་ལྟ་དགོས། ནོར་རྫས་མ་སྤངས་ན་འཛིན་པའི་གཏོད་ཕུར་མི་ཐོན། འཕྱོར་དང་རང་མཐོང་འཇིག་དགོས། ལུས་ཀྱི་སྒེག་མ་ཤོར་ན་དམན་པའི་ས་མི་ཟིན། འདོད་ཡོན་གྱི་ཞེན་པ་གཅོད་དགོས། ལུས་ཀྱི་ཁ་འཛིན་མ་བཏང་ན་ཡོ་བྱད་ཀྱི་ཞེན་པ་མི་ཐེངས། མི་ཆོས་ཀྱི་ཁེ་གྲགས་འབོར་དགོས། གྲགས་པའི་འགྲོས་མ་བཤིག་ན་ཆོས་བརྒྱད་ཀྱི་ཡུལ་མི་ཐོན། ཆོས་གཤའ་མ་ཅིག་བྱེད་ན་ང་རྒྱལ་མགོའི་རྭ་འབོག་འཚལ། ཆགས་ཞེན་རྐང་གི་ལྷྭམ་འབུད་འཚལ། འགྲོ་འདུག་བསྐྱུངས། སྨྲ་བ་སྤང༌། འཁོར་བའི་བསམ་བློ་སྤང་འཚལ། དད་པའི་ཞིང་ས་ལ་བརྩོན་འགྲུས་ཀྱི་ཆུ་ཐོང༌། ཚོགས་གསོག་གིས་ལྷན་ཅིག་བྱེད་པའི་རྐྱེན་གྱིས། གདམས་པའི་ས་བོན་གཏོར། ངེས་ཤེས་ཀྱི་མྱུ་གུ་བསྐྱེད། སྤྱོད་པའི་ཡུར་ཁུགས་ལ་མཁས་པར་གྱིས། མི་དགེ་བ་སུན་ཕྱུང༌། དགེ་བའི་འཕྲོ་ཚུགས། མ་རིག་པ་ཡུལ་ཕྱུང༌། ཉམས་ཀྱི་སྒྲོན་མེ་སྤོར། ཐེ་ཚོམ་གྱི་འཕྲང་སོལ། བརྩོན་འགྲུས་ཀྱི་གྲོགས་བསྟེན། བརྩོན་འགྲུས་མེད་ན་དད་པ་ཡོད་ཀྱང་སྐྱེས་པ་རྒྱུད་ངན་གྱི་ཞིང་དང་འདྲ། བུད་མེད་རྒྱུད་ངན་གྱི་བལ་དང་འདྲ། གསོལ་བ་མ་ཐེབས་པའི་ནོར་བུ་དང་འདྲ། དཔའ་བོ་གོ་མཚོན་མེད་པ་དང་འདྲ། དད་པ་ལ་བརྩོན་འགྲུས་ཀྱིས་བརྒྱན་པ་དེ། ཞིང་བཟང་མོ་ལ་སོ་ནམ་བྱེད་པ་དང་འདྲ། ནོར་བུ་ལ་གསོལ་བ་འདེབས་པ་དང་འདྲ། གཟིངས་ལ་བ་དན་འཕྱར་བ་དང་འདྲ། མཚོན་ལ་ངར་བླུད་པ་དང་འདྲ། རྟ་ལ་ལྕག་གིས་བྲབས་པ་དང་འདྲ། ཟོ་ཆུན་རྡོག་པས་བསྐྱོད་པ་དང་འདྲ་བ་ཡིན་པས། མི་དགེ་བ་མྱུར་དུ་བསྡམ། དགེ་བ་མྱུར་དུ་སྤེལ། དགོས་མེད་ཁོང་དུ་གཞུག ལོང་མེད་རྒྱུད་ལ་བསྟེན། ལུས་ངག་ཡིད་གསུམ་ཐ་མལ་དུ་མ་ལུས་པ་གལ་ཆེ། དགེ་བ་ཐམས་ཅད་ཀྱི་གཞི་རྣམ་པར་དག་པའི་སེམས་ཡིན། རྐྱེན་བླ་མ་དགེ་བའི་བཤེས་གཉེན་ཡིན། ངོ་བོ་ལུས་ངག་ཡིད་གསུམ་ཐར་པ་སྒྲུབ་བྱེད་ཀྱི་ལས་ཡིན། ཐབས་ཐེག་པ་གསུམ་གྱི་བསླབ་བྱ་ཡིན། ལུས་ཀྱི་ལས་དགེ་བ་ལ་ཁྱིམ་བདག་སོ་ནམ་བྱེད་པ་ལྟར་སློབ་དགོས། ངག་གི་ལས་དགེ་བ་ལ་དྲང་སྲོང་གི་རིག་སྔགས་ལྟར་སློབ་དགོས། ཡིད་ཀྱི་ལས་དགེ་བ་ལ། དཔའ་པོ་གཡུལ་བཤོམ་པ་ལྟར་སློབ་དགོས། ཕྲ་མོའི་དགེ་བ་ཁྱད་དུ་མ་གསོད། རླབས་པོ་ཆེའི་དགེ་བ་ལ་དཔའ་མ་ཞུམ། ལས་དགེ་བ་བཅུ་ལ་ལུས་ངག་ཡིད་གསུམ་བར་མཚམས་མེད་པར་མགལ་མེའི་འཁོར་ལོ་ལྟ་བུར་སློབ་དགོས། ཆོས་སྤྱོད་རྐྱེན་བཟློག ཚོགས་གསོག་ཁེ་གྲགས། ཉམས་ལེན་ཐུན་སྒོམ། གང་ཟག་གིས་ཆོས་བློས་མ་བཏང་བ་ཙམ་གྱིས་ཐར་པ་མི་ཐོབ། སྤྱིར་ཐོས་བསམ་སྒོམ་གསུམ་ལ་མ་བརྟེན་པའི་འཕགས་ལམ་མེད། དེ་ཡང་སྔོན་དུ་ཐོས་པ་འགྲོ་དགོས་པ་ཡིན། ཐོས་པས་མ་རིག་པའི་མིག་འབྱེད། ཡེ་ཤེས་ཀྱི་སྣང་བ་བསྐྱེད། བྱ་བ་དང་བྱ་བ་མ་ཡིན་པའི་འཇུག་ལྡོག་ཤེས། རང་གཞན་གྱི་རྒྱུད་ཚོད་ཟིན། ཉོན་མོངས་པ་དང་གཉེན་པོ་སྡེབ་ཤེས། ཐོས་པ་བྱས་ནས་སྒྲུབ་པ་ལ་འཇུག་པ་དེ། གླང་པོ་ཆེའི་ཕྲུ་གུ་སེང་གེའི་འོ་མས་གསོས་པ་དང་འདྲ། མི་ལུས་འདི། གཏན་དུ་ཡང་ཡང་མི་ཐོབ་པས། དུས་ད་རེས་དོན་དང་ལྡན་པར་མཛད་འཚལ། ངན་འགྲོའི་གཡང་སར་མི་ལྷུང་བའི་མདུན་མ་བྱེད་འཚལ། བླ་མ་དང་གཏན་དུ་མི་འགྲོགས་པས། ད་རེས་སྒྲོ་འདོགས་བཅད་འཚལ། ཆོས་དང་ཡང་གཏན་དུ་མི་འཕྲད་པས། རང་དབང་ཡོད་པའི་དུས་སུ་ཉན་འཚལ། ཡོ་བྱད་བསགས་པའི་དོན་དགེ་ཕྱོགས་སུ་གཏོང་བ་ཡིན་པས། ཕྱི་མའི་རྒྱགས་ཕྱེ་འཐག་དགོས། མི་ཆོས་དགོས་མེད་ཡིན་པས་དཀའ་ལ་དོན་ཆུང་བ་མ་བྱེད། རང་སེམས་རྟོགས་ན་སངས་རྒྱས་ཡིན་པས་དུས་ད་རེས་ལ་ངོ་ཤེས་འཚལ། བྱུར་གྱི་གདོས་ཐག་བཅད་འཚལ། འཁོར་བའི་གཏོད་ཕུར་འདོན་འཚལ། ཞེན་པའི་ལྕགས་སྒྲོག་འགྲོལ་འཚལ། ལོང་མེད་རྒྱུད་ལ་བསྟེན་འཚལ། མི་རུང་བ་རྒྱབ་ཏུ་བསྐྱུར་འཚལ། འཁོར་བར་བསྐྱུར་མཁན་ཞེན་ཆགས་ཡིན་པས་འདི་མ་ཆོད་ན་ཕན་མེད། སྣང་བ་འབྲིད་མཁས། རིག་པ་བཅོལ་ཆུང༌། མ་བརྟགས་ན་ཉམས་དགའ། སྡུག་བསྔལ་འཕྲོ་གཤིན། ལས་སྙེགས་རིང༌། ཉོན་མོངས་པ་སྟོབས་ཆེ། གཟུང་འཛིན་འཕྲང་དམ། ཞེན་པ་འབྲལ་དཀའ། འཁོར་བ་གཏིང་རིང༌། ཆོས་བྱ་བར་འདོད་པ་རྣམས་ཀྱང་ཡེངས་མ་ལམ་དུ་ལུས་ན། ཆོས་དགོས་པར་ཀུན་ལ་ཆ་ཡོད་དེ་བྱེད་མི་ནུས། ཆོས་སྒོར་ཞུགས་པ་རྣམས་ཀྱང་ཚེ་འདི་དང་འདྲེས་ནས་བྱ་བ་མ་ཐེངས། ཆོས་སྙིང་ནས་མི་བྱ་སྙམ་པ་དང་མེད་དེ་དེ་ལྟར་དེ་ལྟར་ལ་མི་ཚེ་འཕྱིད་པར་གདའ། སྐྱེ་འཆིའི་སྡུག་བསྔལ་ལས་སྒྲོལ་བར་འདོད་ན། སེམས་བསྐྱེད་དང་གསོལ་འདེབས་ཀྱིས་སྔོན་འགྲོའི་རྒྱུད་སྦྱོངས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་ཉམས་ལེན་གྱི་གཞི་ལོང༌། མཉམ་རྗེས་ཟུང་འཇུག་གིས་རིག་པའི་རྩལ་སྦྱོངས། ཐུན་མཚམས་ཆོས་སྤྱོད་ཀྱིས་ལུས་ངག་གི་སྒྲིབ་པ་སྦྱོངས། བསྔོ་བ་དང་སྨོན་ལམ་གྱིས་མཇུག་བསྡུས། ལྟ་བ་ཐུག་སར་གཏུགས་ཤིག སྒོམ་པ་འཕྲང་སར་ཆོད་ཅིག སྤྱོད་པ་དོག་སར་ཤིག་ཅིག ཉམས་མྱོང་དགོས་སར་སྤོར་ཅིག གདམས་པ་རྒྱུད་ཐོག་ཏུ་ཁོལ་ཅིག ཉམས་ལེན་མཐའ་རུ་ཕྱུང་ཅིག དངོས་འཛིན་གྱི་རྡོ་འཇོང་ཁོང་ནས་ཐོན་ཅིག རྟོག་པའི་བྱ་ར་བ་རྦབ་ཏུ་སྐྱུར་ཅིག ཡིད་ཕྲ་མ་མཁན་རྩ་བ་ཆོད་ཅིག ཀུན་གཞི་རྒྱལ་པོ་ཡུལ་ནས་ཐོན་ཅིག ཉོན་ཡིད་ཀྱི་བློན་པོའི་གདན་ས་ཕྲོགས་ཤིག ཉོན་མོངས་པའི་ནགས་ཚལ་མེ་ཡིས་སྲེགས་ཤིག བག་ཆགས་ཀྱི་རི་ལུང་ཆུས་ཤོལ་ཞིག ལས་ངན་གྱི་རྒྱ་མཚོ་ཞབས་ནས་ཕུག་ཅིག མ་རིག་པའི་རི་བོ་རྨང་ནས་བསྒྱེལ་ཞིག ངར་འཛིན་མ་སྟོར་ན་ཕན་མེད། ངར་འཛིན་དང་བྲལ་ན། ཆོས་མི་དགོས་པ་ཡིན་ནོ། །འདོད་པའི་མི་དང་ཕྲད་ཙ་ན་གྲོས་ཐག་ཆོད་པར་གྱིས། ཚོང་པ་གཞི་ནས་འགྱོགས་ཙ་ན། སྐྱེས་གཞུག་ཕྱིར་མ་བཞག ཉོན་མོངས་པའི་དགྲ་དང་ཕྲད་ཙ་ན། གཉེན་པོའི་མཚོན་ཤུབས་སུ་མ་གཞུག བྱམས་པའི་གཉེན་དང་འགྲོགས་ཙ་ན། སེམས་ཀྱི་འཁྲེན་མ་ཆེ། རྣལ་འབྱོར་པ་དགེ་བའི་ལས་ཀྱི་བསོད་ནམས་བྱེད་པའི་ཚེ། ལས་ལ་ཕྱི་བཤོལ་མ་བྱེད། ཡང་དག་པའི་ལྟ་བའི་རི་བོ་མཐོན་པོ་ནས། ཆོས་རྣམས་ཀྱི་དོན་ལ་བྱ་ར་རྒྱང་མིག་ལྟོས། ཡང་དག་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་ཚེ། ཡིད་ཀྱི་རྒྱ་མཚོར་རྣམ་པར་རྟོག་པས་མི་འགུལ་བའི་ལྕགས་ཀྱི་ཕ་བོང་བསྐྱུར། གཉེན་པོའི་མེ་དཔུང་འབར་བའི་དབུས་སུ། ཉོན་མོངས་པའི་ཚང་ཚིང་བསྲེག རྒས་ཁའི་བྱ་སྐད་གཏོང་ཙ་ན། འཆི་བ་ལ་ཉེ་བའི་ནམ་ལངས་ཁ་མ་ཡིན། ཕུང་པོའི་ཚོང་འདུས་འཇིག་པའི་ཚེ། ཕ་ཡུལ་དུ་འགྲོ་དགོས་པར་མཆི། ལོག་པའི་བླ་མས་ངན་འགྲོར་བསྐྱུར། མ་དག་པའི་ཆོས་ཀྱིས་རྟོག་ངན་སྤེལ། ཆོས་སྡུག་བསྔལ་དུ་སོང་བས་ཉམས་ལེན་མཐར་མི་ཕྱིན། དད་པ་གསར་སྔས་ཆེས་ན་བཟློག་སྐྱེན། བརྩོན་འགྲུས་རྩོམ་སྔས་ན་སུན་སྐྱེན། ཤེས་རབ་རྩལ་དྲགས་ན་ཐེ་ཚོམ་སློང༌། མི་ཐུབ་པའི་ཁས་བླང་གིས་སྡིག་པ་ལེན། མ་གོ་བའི་གོ་རྫུས་བློ་མཐའ་མི་ཆོད། མ་རྟོགས་པའི་རྟོགས་རྫུས་ལམ་མི་ཁྲོལ། ཆོས་གཞན་གྱི་སྣང་ངོ་དང་བསྟུན་པའི་ཚུལ་ཆོས་འདི། འཕྲལ་མཛེས་པར་གདའ་སྟེ། ཕུགས་མཐར་མི་ཕྱིན། གདམས་པའི་གནད་རྟོགས་ན། གཞན་ལ་འགྲམ་ཆུ་མི་ལྡང༌། ངེས་ཤེས་ཀྱི་གདེང་ཐོབ་ན། དོན་ལ་ཐེ་ཚོམ་མི་ཟ། ཉམས་ལེན་ལ་རང་བྱན་ཚུད་ན་ལམ་མི་འཁོར། དོན་ལ་འཇལ་ཁ་ཚུགས་ན། རྒོལ་བས་མི་འཇིགས། སྡུག་པ་ལ་སྲན་ཚུགས་ན་སྒྲུབ་པ་མཐར་ཕྱིན། གནད་ཀྱི་གདམས་པ་ཡོད་ན། གང་ཡང་ལམ་དུ་འགྲོ། གཏན་གྱི་མདུན་མ་སྒྲུབ་པའི་ཕྱིར་དུ། དལ་འབྱོར་སྟོང་ལོག་མ་བཏང་ཞིག དགེ་སྡིག་གི་འབྲས་བུ་མི་བསླུ་བས། རང་ཕུང་རང་གིས་མ་སྒྲུབ་ཅིག ཚེ་མི་རྟག་པ་མྱུར་དུ་འཇིག་པས། ཆོས་ཕྱི་ཤོལ་དུ་མ་བཞག བསམ་ཚད་ཀྱང་ཐོག་ཏུ་མི་ཁེལ་བས། ནམ་ཕུགས་ཀྱི་རྩིས་མ་བྱེད། དད་པ་ནམ་སྐྱེས་ཡིན་པས་ཆོས་ཕྱི་ཤོལ་དུ་མ་བཞག ཉེ་འབྲེལ་སྡིག་གྲོགས་ཡིན་པས། མར་འདྲེན་གྱི་ཁར་མ་བཏང༌། དུས་བརྒྱ་ལ་ཟ་མ་ལན་ཅིག་ཡིན་པས། གཞེན་བསྐུལ་རང་ལ་ཐོབ། ཆོས་འདི་རང་ཁོ་ན་ལ་དགོས་པ་ཡིན་གྱི། གཞན་ལ་ངོ་སོ་མ་ཆེ། འོ་ན་ཆོས་སྙིང་ནས་བྱེད་པའི་གང་ཟག་གིས་ཇི་ལྟར་བྱ་སྙམ་ན། འཆི་བ་མི་རྟག་པ་གོ་བས། སྒོ་གསུམ་ཐ་མལ་དུ་སྐད་ཅིག་ཀྱང་སྡོད་མི་ཁོམ། འཁོར་བའི་མཚན་ཉིད་ཤེས་པས་འཁོར་བ་ལས་ཡིད་འབྱུང༌། ཡོན་བདག་གི་ངོ་སྲུང་གི་གཡེང་བ་དང་བྲལ་ནས་གཅིག་པུ་རི་ཁྲོད་དགོན་པ་འགྲིམ། ཚེ་ལ་ལོང་མེད་པར་གོ་བས་ཉིན་མཚན་དགེ་སྦྱོར་གྱིས་འདེད། སྣང་བ་འཁྲུལ་པར་གོ་བས་བློ་འཁྲུལ་ཕྱིར་མི་འབྲང་བ་གལ་ཆེའོ། །སྟོང་ཉིད་ཀྱི་དོན་ལ་དངོས་པོར་བཟུང་བས་འཁོར་བའི་ཆོས་བྱུང༌། འཁོར་བ་ལ་མཐའ་མེད། རིག་པ་གང་གིས་སྟོང་པར་རྟོགས་པ་དེ་གྲོལ་བར་འགྱུར། མྱ་ངན་འདས་པ་ལ་རྟེན་མེད། རིག་པ་གཏན་ལ་འབེབས་པའི་ཐབས་ལ་གྲངས་མེད། འཁོར་བ་ནི་ལམ་ཡངས་ལ་རྒྱ་ཆེ། ཐར་པ་ནི་འཕྲང་དོག་ལ་འཛེག་དཀའ། གང་ཟག་ནི་བློ་རྟུལ་ལ་སྙིང་རུས་ཆུང༌། སེམས་ཅན་ནི་རྒྱ་ཆེ་ལ་དཔངས་འཐུག ཆོས་བྱེད་ནི་ཉིན་མོའི་སྐར་མ་བས་ཀྱང་ཉུང༌། འཁྲུལ་པའི་ཐོག་ཏུ་ཡང་འཁྲུལ་ཉིང་འཁྲུལ་བསྣན་པས་སྡུག་བསྔལ་ལས་ཐར་བར་དཀའ་བས། ཀུན་གཞིའི་གྱང་འགྱེལ་ན་ལས་ཀྱི་གཟུགས་བརྙན་རང་ཞི་ལ་འགྲོ་བའི་ཐབས་ལ་འབད་འཚལ། ལས་བྱ་བ་རང་རྒྱུད་པ་གྲུབ་པ་མེད། ཀུན་གཞི་སྟོང་པ་ལ་དངོས་པོའི་བདག་ཏུ་བཟུང༌། སྣང་བ་རང་སྣང་ལ་ཕྱི་རོལ་གྱི་དོན་བདེན་པར་བཟུང༌། ཡིད་ཕྲ་མ་མཁན་གྱིས་ཕྱི་ནང་གཉིས་ཀྱི་ཐན་ཕྲིན་བྱས་པས། དེའི་བག་ཆགས་མཐུ་བརྟས་པ་ལ་ལས་ཀྱི་མིང་བཏགས་པ་ཡིན། དངོས་པོ་རང་རྒྱུད་པ་གྲུབ་པ་མེད། ཀུན་གཞིའི་ཞབས་རྡོལ་ན་ལས་སོག་པའི་སྣོད་མེད། ཡུལ་ལྔ་རང་གྲོལ་ན། ལས་གསོག་པའི་ཡུལ་མེད། ཡིད་རྩ་བ་དང་བྲལ་ན་ལས་གསོག་པའི་མཁན་པོ་མེད། རྩ་བ་དང་བྲལ་བའི་སྡོང་པ་ལ་ལོ་འདབ་མི་སྐྱེ། འཁོར་ལོའི་སྲོག་ཤིང་ཆག་ན་ཟོ་བས་ཆུ་མི་འདྲོངས། སྐྱེས་བུ་དོན་སྙིང་བཏོན་པས་ལག་པ་གཡོབ་མི་ནུས། རང་སེམས་རྒྱལ་པོ་བཙོན་དུ་ཟིན་ན། ལས་ཀྱི་འབངས་ཆམ་ལ་ཕེབས། རྟོགས་པའི་ཉི་མའི་འོད་ཟེར་གྱིས་ལས་ཀྱི་སྐར་ཕྲན་ཐམས་ཅད་ཟིལ་གྱིས་གནོན་པར་མི་འགྱུར་རམ། གོ་ཆ་རྗེས་ལ་བསྐྱལ་ན་སྒྲུབ་པའི་མགོ་ནོན། ལུས་ངག་ཡིད་གསུམ་དག་ཚང་ནས་བཏོན་ན། ཉམས་ལེན་པོ་ཟགས་སུ་མི་འགྲོ། སྒྲུབ་པ་རི་ཁྲོད་དུ་བསྐྱལ་ན་ལྷ་དང་མཁའ་འགྲོ་མཉེས། ཐམས་ཅད་དགོས་མེད་དུ་བསྐྱུར་ན་ཏིང་ངེ་འཛིན་ལས་སུ་རུང༌། སྒྲུབ་པ་པོ་ལམ་རྟགས་དང་རྡོ་རུས་འཕྲོད་པ་གལ་ཆེ། སྔོན་འགྲོའི་ཆོས་བསྟན་ཟིན་ཏོ།།  ༈ །གཉིས་པ་གདམས་ངག་དངོས་ལ། རྣམ་མཁྱེན་གྱི་ཆོས་བཅུ་སྟེ། ཇི་སྐད་དུ། སེམས་བསྐྱེད་པ་དང་གདམས་ངག་དང༌། །དེས་འབྱེད་ཡན་ལག་རྣམ་བཞི་དང༌། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང༌། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་སོ། །དེ་ལ་དང་པོ་སེམས་བསྐྱེད་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློའོ། །འདི་ནི་ཐེག་པ་ཆེན་པོའི་རྨང་རྡོ་ཡིན། རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཡིན། འགྲོ་བ་བཤེས་མེད་ཀྱི་ཕ་མ་ཡིན། ཆུ་བོ་སྒྲོལ་བའི་གྲུ་ཡིན། མུན་པ་སེལ་བའི་སྒྲོན་མེ་ཡིན། བདུད་ཀྱི་གཡུལ་རྣམ་པ་སེལ་བ་ཡིན་པས། དཀར་པོའི་ཕྱོགས་ཀྱི་དགེ་བ་གང་ལ་འཇུག་ཀྱང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་ཟིན་པ་གལ་ཆེ། འདི་མེད་ན་ཡོན་ཏན་དུ་མས་བརྒྱན་ཀྱང༌། ཐེག་པ་ཆུང་ངུ་ལས་མ་འདས། འདི་ཇི་ལྟར་བསྐྱེད་པར་བྱ་སྙམ་ན། ཐོག་མར་སྙིང་རྗེ་མངོན་དུ་བྱས་པ་ལ་བརྟེན་ནས་སྐྱེ་སྟེ། སྙིང་རྗེའི་རྩ་བ་ཅན་ཡིན་པའི་ཕྱིར། ཇི་ལྟར་སྙིང་རྗེའི་རྩ་བ་ཅན་ཡིན་ཞེ་ན། སྐྱབས་འགྲོ་ལ་བརྟེན་ཏེ་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་སད་པ་ལས། གཞན་སྡུག་བསྔལ་བ་མཐོང་བ་ན། གཞན་གྱི་སྡུག་བསྔལ་མི་བཟོད་པའི་བློ་སྐྱེའོ། །དེ་ལས་གཞན་སྡུག་བསྔལ་ལས་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །དེ་ལས་གཞན་གྱི་སྡུག་བསྔལ་བསལ་འདོད་ཀྱི་གཞན་དོན་དོན་གཉེར་གྱི་བློ་སྐྱེས་ནས། གཞན་གྱི་སྡུག་བསྔལ་སེལ་བར་འདོད་པའི་ཐབས་ལ་རྟོག་པར་མཛད་དོ། །དེའི་ཚེ་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་སྡུག་བསྔལ་སེལ་བའི་ཐབས་སུ་རྟོགས་སོ། །དེ་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་རྣམ་མཁྱེན་ཐོབ་དགོས་པར་གོ །དེ་ནས་གཞན་གྱི་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་བློ་སྐྱེ་བར་འགྱུར་བས་ན་ཐེག་པ་ཆེན་པོའི་སེམས་བསྐྱེད་སྙིང་རྗེའི་རྩ་བ་ཅན་དུ་བསྟན་ནོ། །མདོ་སྡེ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་གསུངས་སོ། །སེམས་བསྐྱེད་ལ་གཉིས་ཏེ། སྨོན་པ་སེམས་བསྐྱེད་དང༌། འཇུག་པ་སེམས་བསྐྱེད་དོ། །དང་པོ་ནི། ཐོག་མར་གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་བློ་སྐྱེས་པ་གང་ཡིན་པའོ། །དེ་སྐྱེས་པ་ཙམ་གྱིས་བྱང་ཆུབ་མི་ཐོབ་པས་དེའི་བསླབ་བྱ་ལ་སློབ་དགོས་སོ། །བསླབ་བྱ་ལ་བསླབས་ནས། བྱང་ཆུབ་སེམས་དཔའི་སྡོམ་པའི་གྲོགས་ཀྱིས་ཟིན་པ་ན། སྔར་གྱི་བློ་ཡི་རྒྱུན་འཇུག་པ་སེམས་བསྐྱེད་དུ་གནས་འཕོ་བ་ཡིན་ནོ། །བསླབ་བྱ་ལ་ངེས་པར་བྱ་བའི་ཆོས་གསུམ་ནི། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ལ་གུས་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པ། སེམས་ཅན་བློས་མི་སྤང་བའོ། །ཤེས་པར་བྱ་བའི་ཆོས་བཞི་ནི། ལྟུང་བ་དང་ལྟུང་བའི་གཟུགས་བརྙན་གཉིས། ལྟུང་མེད་དང་ལྟུང་མེད་ཀྱི་གཟུགས་བརྙན་གཉིས། སྤང་བར་བྱ་བའི་ཆོས་གསུམ་ནི། ཞུམ་པ་དང༌། སྒྱིད་ལུག་པ་དང༌། འཁོར་བའི་ཉེས་དམིགས་ཀྱིས་སྐྲག་པའོ། །སྤང་བར་བྱ་བའི་འགལ་རྐྱེན་དྲུག་ནི། ནག་པོའི་ཕྱོགས་བཞི། མི་དགེ་བའི་གྲོགས་པོ་བསྟེན་པ། བསམ་པ་ཕྲག་དོག་པ། རྒྱུད་ལ་མཁོན་དུ་འཛིན་པ། གཞན་ཡིད་གསོད་པ། ཐམས་ཅད་དུ་དམན་པ་ལ་མོས་པ། མཐུན་པའི་རྐྱེན་ལ། སྐྱེས་བུ་དམ་པའི་སྨོན་པ་བཞི་ནི། འབྲས་བུ་བྱང་ཆུབ་ལ་སྨོན་པ། ཐབས་ལམ་ལ་སློབ་པར་སྨོན་པ་དང༌། སེམས་ཅན་གྱི་རེ་བ་བསྐང་བར་སྨོན་པ་དང༌། གཞན་དོན་ཕྲིན་ལས་ལ་སྨོན་པའོ། །རང་དོན་ཤེས་རབ་ཀྱི་གེགས་གསུམ་ནི། ཐོས་པ་ལ་ནི་མི་མོས། བསམ་པ་ལ་གཡེལ། སྒོམ་པ་ལ་ལྷོད་པའོ། །གཞན་དོན་ཉམས་པའི་རྒྱུ་ལྔ་ནི། སྦྱོར་བ་ལེ་ལོ་ཆེ། སྤྱོད་པ་ལ་གཞན་མ་དད། དངོས་གཞིའི་དུས་སུ་ཕན་མི་འདོགས། ཆོས་མ་ཡིན་པ་ལ་འདོགས། རྗེས་ལམ་གོལ་ས་ལ་སྦྱོར། མི་ཉམས་པའི་རྒྱུ་ལ། ཚེ་འདིར་མི་ཉམས་པའི་རྒྱུ་དྲན་པ་གསུམ། ཕྱི་མར་མི་ཉམས་པའི་རྒྱུ་ཐབས་གསུམ། གཉིས་ཀར་མི་ཉམས་པའི་རྒྱུ་འདུན་པ་ལྔ། དང་པོ་ནི། སྐྱེས་པའི་ཕན་ཡོན། ཉམས་པའི་ཉེས་དམིགས། རྙེད་པར་དཀའ་བ་དྲན་པའོ། གཉིས་པ་ནི། ཡན་ལག་བདུན་པ་དུས་གསུམ་དུ་བྱེད་པ། རྒྱལ་བ་སྲས་དང་བཅས་པ་ལ་གསོལ་བ་འདེབས་པ། བདུད་ལས་སྤོང་བ། གསུམ་པ་ནི། སེམས་ཅན་ལ་འདུན་པ་དང༌། ཆོས་ལ་འདུན་པ། བྱང་ཆུབ་ཀྱི་སེམས་ལ་འདུན་པ། དགེ་བའི་བཤེས་གཉེན་ལ་འདུན་པ། སངས་རྒྱས་ལ་འདུན་པའོ། །འཕེལ་བའི་རྐྱེན་ནི་དཀར་པོའི་ཆོས་བཞི་ལ་བསླབ་པ། ཚད་མེད་པ་བཞི་ལ་བསླབ་པའོ། །དང་པོ་ནི། རྫུན་མི་སྨྲ་བ། གཞན་ཐེག་ཆེན་ལ་སྦྱོར་བ། བྱང་སེམས་ལ་སྟོན་པའི་འདུ་ཤེས། སེམས་ཅན་ལ་ལྷག་པའི་བསམ་པའོ། སེམས་བསྐྱེད་བསླབ་བྱ་དང་བཅས་པ་བསྟན་ཟིན་ཏོ། །དབང་པོ་རྟུལ་པོ་ལ་སེམས་བསྐྱེད་ཉི་ཤུ་རྩ་གཉིས་བསྟན་པ་ནི། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་སོ། །འདི་ལ་དོན་གསུམ་སྟེ། གོ་ཆའི་སེམས་བསྐྱེད་དང༌། འཇུག་པའི་སེམས་བསྐྱེད་དང༌། རྗེས་ཀྱི་སེམས་བསྐྱེད་དོ། །དང་པོ་ནི་འདུན་པ་དང༌། བསམ་པ་དང༌། ལྷག་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་དོ། །གཉིས་པ་ནི་སྦྱོར་བ་མེ་ལྟ་བུ་ནས། གླུ་དབྱངས་སྙན་པ་ཡན་ཆད་དོ། །གསུམ་པ་ནི་རྒྱལ་པོ་ལྟ་བུ་ནས་སྤྲིན་ལྟ་བུའི་བར་གྱི་སེམས་བསྐྱེད་དོ། །དང་པོ་ལ་གཉིས་ཏེ། གང་ཟག་ལ་སྦྱར་བ་དང༌། ཆོས་ལ་སྦྱར་བའོ། །དང་པོ་ལ་འདུན་པ་ནི། དགེ་བའི་བཤེས་གཉེན་ལ་འདུན་པ་སྟེ། དགེ་བའི་བཤེས་གཉེན་ལ་འདུན་པ་དང་མོས་པ་དང་དད་པ་བྱས་ན་ཡོན་ཏན་ཐམས་ཅད་དེ་ལ་བརྟེན་ནས་འབྱུང་སྟེ། མདོ་སྡུད་པ་ལས། ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་དག་ལ་བརྟེན་ནས་འབྱུང༌། ཞེས་སོ། །དེ་འཐད་པ་སྒྲུབ་པའི་རིགས་པས་བསྟན་པ་ནི། དགེ་བའི་བཤེས་གཉེན་ནི་མིག་དང་འདྲ་སྟེ། སློབ་མའི་རྒྱུད་ཀྱི་ཉོན་མོངས་པ་དང་རྟོག་པ་ཐམས་ཅད་ལ་བལྟས་ནས་གཉེན་པོ་གང་ལ་གང་འབྱོར་བལྟ། དེ་ནས་སློབ་མས་ཆོས་ལེན་ནམ་མི་ལེན་བལྟ། དེ་ནས་ཆོས་འབྱོར་རམ་མི་འབྱོར་བལྟ། དེ་ནས་ལྡོག་གམ་མི་སྡོག་བལྟ། དེ་ནས་ས་སྦྱོང་ངམ་མི་སྦྱོང་བལྟའོ། །དགེ་བའི་བཤེས་གཉེན་ནི་གོ་ཆ་དང་འདྲ་སྟེ། གོ་ཆ་ལུས་ལ་གྱོན་ན་མཚོན་ཆས་མི་ཚུགས་པ་བཞིན་དུ། དགེ་བའི་བཤེས་གཉེན་ལ་མོས་པ་དང་འདུན་པ་ཡོད་ན་ཉོན་མོངས་པས་མི་ཚུགས་པའོ། །དགེ་བའི་བཤེས་གཉེན་ནི་ལམ་རྒྱུས་མེད་པའི་ས་མཁན་དང་འདྲ་སྟེ། ལམ་རྒྱུས་མེད་པའི་བྱང་སྟོང་ཐག་རིང་པོར་འགྲོ་བའི་དུས་སུ། ལམ་སྟོན་མཁན་མེད་ན། སྔར་གྱི་སར་འཁོར་བའམ། ཡང་ན་གར་སོང་ཆ་མེད་དུ་འགྲོ་བའི་ཉེན་ཡོད་པས། ས་མཁན་གྱིས་སྟོན་དགོས་པ་བཞིན་དུ། དགེ་བའི་བཤེས་གཉེན་མེད་ན། ངན་སོང་དུ་འགྲོ་པའམ་ལམ་གོལ་བར་ལྟུང་བ་ཡིན་པས། དགེ་བའི་བཤེས་གཉེན་གྱིས་དེ་ལས་བཟློག་ནས་རྣམ་མཁྱེན་གྱི་སར་འགྲོ་བའི་ལམ་རྒྱུས་བྱེད་དོ། །དགེ་བའི་བཤེས་གཉེན་ནི་འཇིགས་པ་ལས་སྐྱོབ་པའི་སྐྱེལ་མ་དང་འདྲ་སྟེ། སྐྱེལ་མས་དགྲའི་འཇིགས་པ་ལས་སྐྱོབ་པ་བཞིན་དུ། རྣམ་མཁྱེན་གྱི་སར་འགྲོ་བ་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པའི་དགྲ་འོང་བས། དགེ་བའི་བཤེས་གཉེན་གྱིས་དེ་ལས་སྐྱོབ་པའི་སྐྱེལ་མ་བྱེད་དོ། །དགེ་བའི་བཤེས་གཉེན་ནི་རྣོ་བའི་རལ་གྲི་དང་འདྲ་སྟེ། རལ་གྲི་དེས་དངོས་པོ་ཐམས་ཅད་ཕར་ལ་གཅོད་པ་བཞིན་དུ། དགེ་བའི་བཤེས་གཉེན་དེས་ཀྱང་སློབ་མའི་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་གཅོད་དོ། དགེ་བའི་བཤེས་གཉེན་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཡིད་བཞིན་གྱི་ནོར་བུ་ལས་དགོས་འདོད་ཐམས་ཅད་འབྱུང་བ་བཞིན་དུ། དགེ་བའི་བཤེས་གཉེན་དེ་ལ་བརྟེན་ནས་དཀར་པོའི་ཆོས་ཐམས་ཅད་འབྱུང་ངོ༌། །དགེ་བའི་བཤེས་གཉེན་ནི་དབྱར་ཀའི་ས་གཞི་དང་འདྲ་སྟེ། དབྱར་ཀའི་ས་གཞི་ལ་བརྟེན་ནས་སྐྱེ་ཤིང་ནགས་ཚལ་དང་ལོ་ཐོག་ལ་སོགས་པ་ཐམས་ཅད་སྐྱེ་བ་བཞིན་དུ། དགེ་བའི་བཤེས་གཉེན་ལ་བརྟེན་ཏེ་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཐམས་ཅད་འབྱུང་ངོ༌། །དགེ་བའི་བཤེས་གཉེན་ལ་འདུན་པ་སྐྱེས་པའི་འོག་ཏུ། བསམ་པ་དང་ལྡན་པའི་སེམས་བསྐྱེད་མི་འགྱུར་བ་གསེར་བཟང་པོ་ལྟ་བུ་དགོས་ཏེ། གསེར་དེ་བདར་བ་དང་བཙོ་བསྲེགས་གང་བྱས་ཀྱང་སེར་པོ་ལས་མི་འགྱུར་བ་བཞིན་དུ། དགེ་བའི་བཤེས་གཉེན་ལ་མོས་པ་དང་འདུན་པ་མི་འགྱུར་བ་བརྟན་པོ་བྱེད་པ་གལ་ཆེའོ། །དེ་སྐྱེས་ན། ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་དགོས་ཏེ། དཔེར་ན་ཟླ་བ་ཚེས་གཅིག་ནས་ཉའི་བར་དུ་ཇེ་འཕེལ་དུ་འགྲོ་བ་བཞིན་དུ། དགེ་བའི་བཤེས་གཉེན་ལ་འདུན་པ་གོང་ནས་གོང་དུ་ཇེ་འཕེལ་དུ་འགྲོ་བར་བྱ་དགོས་སོ། །གཉིས་པ་ཆོས་ལ་སྦྱར་བ་ནི། ཐོག་མར་དགེ་བའི་ཆོས་ལ་འདུན་པ་འདི་གལ་ཆེ་སྟེ། ཆོས་ལ་འདུན་པ་ལ་བརྟེན་ནས་ཆོས་ལ་འཇུག་པ་འབྱུང་ལ་དེ་ལས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་འབྱུང་བའི་ཕྱིར་ཆོས་ལ་འདུན་པ་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་ནོ། །ཐོག་མར་ཆོས་ལ་འདུན་པ་སྐྱེས་པ་ཙམ་གྱིས་ཆོག་གམ་སྙམ་ན་མི་ཆོག་སྟེ། རེས་ཆོས་བྱ་སྙམ། རེས་ཆོས་མི་བྱ་སྙམ་ན། མི་འགྱུར་བ་གསེར་བཟང་པོ་ལྟ་བུའི་སེམས་བསྐྱེད་ལྡོག་པས་ན་རྟག་ཏུ་ཆོས་བྱེད་པའི་བསམ་པ་ལས་མི་འགྱུར་བ་གསེར་བཟང་པོ་ལྟ་བུ་དགོས་ཏེ། སྐྱིད་ཀྱང་ཆོས་བྱེད། སྡུག་ཀྱང་ཆོས་བྱེད། ན་ཡང་ཆོས་བྱེད། མི་ན་ཡང་ཆོས་བྱེད། འདྲེས་གནོད་ཀྱང་ཆོས་བྱེད། མི་གནོད་ཀྱང་ཆོས་བྱེད། བསོད་ནམས་ཆེ་ཡང་ཆོས་བྱེད། བསོད་ནམས་ཆུང་ཡང་ཆོས་བྱེད། མི་རྩིས་ཆེ་ཡང་ཆོས་བྱེད། མི་རྩིས་ཆུང་ཡང་ཆོས་བྱེད་དེ། རྐྱེན་གང་གིས་ཀྱང་མི་འགྱུར་བར་བསམ་པ་ཆོས་བྱེད་པ་ལ་ཉེ་བར་གནས་སོ། །དེ་ལྟར་གྱུར་པའི་ཚེ་ཟླ་བ་ཚེས་གཅིག་ནས་ཉའི་བར་དུ་འཕེལ་བ་བཞིན་དུ་ཆོས་ལ་འཇུག་པའི་ལྷག་པའི་བསམ་པ་ཡང་གོང་ནས་གོང་དུ་ཇེ་འཕེལ་དུ་འགྲོ་བར་བྱ་དགོས་སོ། །གཉིས་པ་འཇུག་པ་སེམས་བསྐྱེད་ལ། སྦྱོར་བ་མེ་ལྟ་བུ་ནི། དཔེར་ན་མེ་བུད་ཤིང་ལ་སྦྱར་བས་བུད་ཤིང་བསྲེགས་པར་བྱེད་པ་དེ་བཞིན་དུ་དགེ་བའི་ཆོས་ལ་དངོས་སུ་སྦྱོར་བས་མི་དགེ་བ་བུད་ཤིང་དག་འདྲ་བ་སྲེག་པར་བྱེད་པ་ཡིན་ནོ། །སྦྱིན་སོགས་ཕར་ཕྱིན་དྲུག་ལ་ཞུགས་པས་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་བུད་ཤིང་བསྲེགས་པར་བྱེད་པ་ལྟ་བུའོ། སྦྱིན་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ཉམས་སུ་ལེན་པའི་ཚུལ་ལ། ཐོག་མར་བསམ་པའི་གོ་བགོ་བ་དང༌། ཇི་ལྟར་འཇུག་པའི་ཚུལ་ལོ། །དང་པོ་ལ། ཐོག་མར་སྦྱིན་པ་ལ་འདུན་པ་ས་ལྟ་བུ་དང༌། དེ་ནས་སྦྱིན་པ་གཏོང་བའི་བསམ་པ་མི་འགྱུར་བ་གསེར་བཟང་པོ་ལྟ་བུ་དང༌། དེ་ནས་སྦྱིན་པ་གཏོང་བའི་བསམ་པ་གོང་ནས་གོང་དུ་ཇེ་འཕེལ་དུ་འགྲོ་བ་ཟླ་བ་ཚེས་པ་ལྟ་བུ་དང༌། དེ་ནས་སྦྱིན་པ་གཏོང་བ་ལ་ཞུགས་པས་སེར་སྣ་བུད་ཤིང་དང་འདྲ་བ་སྲེག་པར་བྱེད་པ་ལ་བསླབ་པར་བྱའོ། །གཉིས་པ་ཇི་ལྟར་འཇུག་པའི་ཚུལ་ལ། བདེན་པ་བཞི་ལ་གཞི་བཅའ་བ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང༌། ཐབས་ཤེས་རབ་གཉིས་ལ་སློབ་པའི་ཚུལ་དང༌། སྒྲུབ་པ་བཞི་ལ་སློབ་པའི་ཚུལ་ལོ། །དང་པོ་ནི། སེར་སྣ་ནི་ཀུན་འབྱུང་གི་བདེན་པ་སྟེ། དེ་ཡང་སྐྱེ་བ་སྔ་མར་སེར་སྣའི་སྟོབས་ཀྱིས་སྦྱིན་པ་མ་བཏང༌། ཚེ་འདིར་ཡང་མི་གཏོང༌། གཏོང་ཡང་མ་དག་སྟེ། དངོས་པོ་མ་དག་པ་དུག་དང་མཚོན་ལ་སོགས་པ་དང༌། བསམ་པ་མ་དག་པ་འཁོར་གསུམ་དུ་བརྟགས། བསྔོ་བ་མ་དག་པ་འཁོར་བའི་བདེ་འབྲས་སམ། རྒྱ་ཆུང་བ་ཉན་ཐོས་དང༌། རང་སངས་རྒྱས་སུ་བསྔོས་པའོ། །བསྔོ་བ་མ་དག་པས་མ་ཐོབ་པའི་ལོངས་སྤྱོད་དང་ཕྲད་དེ། ལུས་ངག་ཡིད་གསུམ་ཚེགས་དང་བཅས་པ་ལས་འབྱུང་པའམ། དགྲ་བགེགས་ཀྱི་གནོད་པ་མང་བ་དང༌། གཞན་ལ་སྟེར་ཡང་མི་ནུས། རང་གིས་ཀྱང་ལོངས་སྤྱོད་མི་ནུས། ནོར་འདི་བདག་གི་རང་སྟོབས་ལས་བྱུང་བ་ཡིན། ད་ཚེ་གཞུག་ཏུ་ཟད་ན་མི་འོང་སྙམ་ནས། རང་གིས་རང་ལ་བསྲིས་ནས། ལྟོ་རྒྱབ་ལ་གྱོང་བསྐུར་ཞིང༌། སེར་སྣས་ལོངས་སྤྱད་དབང་མེད། བཟའ་ཡིས་མི་ཟད་པའི་བཟའ་ཡོད་ཀྱང་ཟ་མི་ནུས། བགོ་ཡིས་མི་ཟད་པའི་གོས་ཡོད་ཀྱང་གོན་མི་ནུས་པར་ཆང་གི་ཐིམ་བུ་ལྟར་བསྲི་བ་སྟེ། མདོ་ལས། སྐྱེ་བོ་ངན་བ་སེར་སྣ་ཅན། །དེ་ནི་ཁྱི་ཡི་ལྕེ་དང་འདྲ། །ཞེས་སོ། །ཁྱི་དེ་སྐོམ་ནས་རྒྱ་མཚོ་དང་ཕྲད་ཀྱང་ནར་གྱིས་འཐུང་མི་ཤེས་པར་ལྕེས་བལྡག་པ་ལྟར། སེར་སྣ་ཅན་ཡང་དེ་བཞིན་ནོ། དེ་ལྟར་ནོར་ལ་ཆགས་པས་གཞུག་ཏུ་རྟོག་པ་མཐའ་རྒྱས་པར་འགྱུར་ཏེ། ཟས་ནོར་གྱི་དངོས་པོ་ལ་ཆགས། དེ་གཞན་གྱིས་ཁྱེར་བ་ལ་ཞེ་སྡང་ཞིང་གཞན་གྱིས་ཁྱེར་གྱིས་དོགས་ནས་འཆིང༌། གཞན་ལ་སྦྱིན་པ་བཏང་ན་ཕུན་སུམ་ཚོགས་པ་ཡིན་པ་ལ། གཞན་ལ་གཏོང་མ་ཤེས་པས་གཏི་མུག དུག་གསུམ་ལ་བརྟེན་ནས་ཟས་དུག་ཅན་བཞིན་དུ་འཆིང་བར་འགྱུར་རོ། །སྔོན་དང་ཕྱི་མཐའ་ལ་ལེགས་པར་བརྟགས་ན། ལོངས་སྤྱོད་དེ་དག་ཀྱང་ཐོབ་པའི་ལོངས་སྤྱོད་དུ་མི་འདུག ལས་ཀྱི་མཐའ་མ་ལོག་པར་མི་འདུག མ་ཐོབ་པའི་ལོངས་སྤྱོད་དང་ཕྲད། ལོངས་སྤྱོད་བསླུ་བྱེད་སྙིང་པོ་མེད་པར་འབད་རྩོལ་བྱས་པ་དོན་མེད་པ། དོན་ཕྱིན་ཅི་ལོག་བསླུ་བྱེད་དུ་འདུག་པ་ལ་དེ་ལྟར་མ་རྟོགས་པར་ལོངས་སྤྱོད་དེ་གཡོ་སྒྱུ་དང་ཟོལ་ཟོག་གིས་འབྱུང་སྙམ་ནས། ཡ་ང་བའི་ལོངས་སྤྱོད་གསོག སྡིག་པ་རང་ལ་སྨིན། ལོངས་སྤྱོད་དེ་གཞན་གྱི་སྦྱིན་པའི་འབྲས་བུ་སད་པར་བྱས་པའི་ཚེ་འཆི་ཁར་བུ་ཚ་ལ་སོགས་པ་ལ་སྟེར་བའི་དུས་སུ་ངས་དཀའ་ལས་འདི་སྙེད་ཅིག་བྱས་པ་ཡིན་ཏེ། ངས་ཁྱེད་ལ་སྦྱིན་པས་དྲིན་ཆེ་བ་ཡིན་ཟེར་ཡང་ཁྱོད་ཁོང་ལ་དྲིན་ཆེ་བ་མ་ཡིན། སྦྱིན་པ་བཏང་བ་སྔོན་དུ་མ་སོང་བར་ལོངས་སྤྱོད་ཐོབ་པ་སངས་རྒྱས་ཀྱིས་མ་གསུངས། ཁོས་ཁྱོད་ཀྱི་ལོངས་སྤྱོད་ཐོབ་པ་ནི་སྐྱེ་བ་སྔ་མར་སྦྱིན་པ་བཏང་བས་ཁོའི་སྦྱིན་པའི་རྐྱེན་དེ་ཁྱོད་ཀྱིས་སད་པར་བྱས་པ་ཙམ་ཡིན། ཁྱོད་རང་གིས་མི་ཚེ་སྡུག་བསགས་བྱས་པའི་ལོངས་སྤྱོད་དེ་ནི་དཔེར་ན། གླ་ཁོལ་གྱིས་འབད་རྩོལ་བྱས་པའི་ལོངས་སྤྱོད་ཁྱིམ་བདག་གིས་ཁྱེར་བའམ། སྦྲང་མས་བསགས་པའི་སྦྲང་རྩི་སྲོག་ཆགས་གཞན་གྱིས་ཁྱེར་བ་བཞིན་ནོ། །དེ་ལྟ་བུའི་ཆོས་ཅན་ཡིན་ཡང་ལས་རྒྱུ་འབྲས་ལ་རྨོངས་པ་དང༌། འཇིག་རྟེན་གྱི་རྟོག་པས་བློ་གཡེངས་པས་མ་ཚོར། འཆི་ཁར་རང་གིས་བསགས་པ་ལ་རང་དབང་མེད། རྣམ་སྨིན་ནི་རང་ལ་འབྱུང༌། ལོངས་སྤྱོད་ནི་རབས་ཆད་ལྟ་བུ་ཡིན། གཞན་གྱིས་ཁྱེར་ཙ་ན། རང་གིས་རང་ལ་འགྱོད་དེ། དཔེར་ན་གསེར་རྡུགས་པ་ལྟ་བུའོ། །དེ་ཡང་གྲོགས་པོ་ཀུན་གྱིས་གསེར་མང་པོ་རྙེད་ནས་ཡུལ་དུ་འགྲོ་ཙ་ན། བསོད་ཆུང་འགའ་ཞིག་གིས། ཇི་སྙེད་ཀྱི་ས་བརྐོས་ནས་སའི་ཕུང་པོ་རི་རབ་ཙམ་སྤུངས། ཁུང་བུ་གཏིང་རིང་པོ་མིག་གིས་མི་མཐོང་བ་ནི་མར་ལ་བྲུས། ས་རྡིབ། དེ་ཤི་དེ་ཆད་མང་པོ་བྱས། བརྒྱགས་ཐམས་ཅད་ནི་ཟད། གོས་ཐམས་ཅད་ནི་སྣལ་མར་སྤུངས་ཀྱིས་སོང༌། ལུས་ངལ་ཞིང་དུབ་པའི་མཐར་ལྷུང༌། ལུས་ཤ་ཤུས་ཁྲག་ལོང་དུ་སོང༌། ལག་པ་ཐམས་ཅད་སེར་གར་སོང་སོང་དུ་བྱས་ཀྱང༌། ཡུལ་དུ་འགྲོ་ཁར་གསེར་སེ་བ་གཅིག་གམ། ནས་ཙམ་མམ། སྲན་མ་ཙམ་གཅིག་ཀྱང་འཁྱེར་རྒྱུ་མེད་པས། རང་གི་རང་ལ་ཡི་མུག་ཅིང་འགྱོད་དེ། ང་འདྲ་བ་བསོད་ཟད་གཅིག་འོང་བ། ཁོང་འདི་ཙམ་ཁྱེར་ཙ་ན། ང་ལ་ཅི་ཡང་མེད་པ། ངས་བྱས་པ་དོན་མེད་འདི་ཙམ་ཞིག་བྱེད་པ་སྙམ་ནས་སྐྱུག་ལོག་འདུག་སྐད། དཔེ་དེ་བཞིན་དུ་རང་འཆི་ངོ་ཤེས་པའི་དུས་ཤིག་བྱུང་བའི་དུས་སུ། སྔར་གྱི་བསྡད་ཚོད་ཐམས་ཅད་ནི་ཐལ། འདི་ནས་ཕ་རོལ་དུ་འགྲོ་བའི་ཚེ། ཁོ་གང་ཟག་ཕ་རོལ་པོ་བྱ་བ་བྱས་པ་འགའ་ཞིག མི་ཚེ་ཆོས་དང་མ་བྲལ་བར་བདེ་བ་ནས་བདེ་བར་འགྲོ་བའི་སྤྱོད་པ་མཐོང་བས་རང་གིས་མི་ཚེ་དོན་མེད་དུ་ཟད་པ་ད་གཟོད་མཐོང་བས་རང་གིས་རང་ལ་འགྱོད་དེ། ང་འདྲ་བའི་སྤྱང་ལ་མདོ་ཆུང་བ་ཞིག་འོང་བ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་དུས་སུ། ངས་དགེ་བའི་ལས་ནི་ཅི་ཡང་མ་བྱས། དེ་སྔ་མི་ཚེ་ཡུན་རིང་ཅིག་བསྡད་ཡུན་བྱུང་བ་ལ། དོན་མེད་ཕྱིན་ཅི་ལོག་ཅིག་ལ་ཚེ་ཟད་ལུས་ཟད་དུ་སོང༌། ང་ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་འགྲོ་ཙ་ན། སྔར་གྱི་དགྲ་བཏུལ་བས་ཕན་ནམ། གཉེན་བསྐྱངས་པས་ཕན་ནམ། ནོར་བསགས་པས་ཕན་ནམ་སྙམ་ནས་ཤིན་ཏུ་འགྱོད་པ་འབྱུང༌། དེ་རྩ་ན་འགྱོད་པས་མི་ཕན། འགྱོད་ཟིན་ཙ་ན་ཐལ་ཟིན་ཡིན་པས་དེས་ན་མི་ཚེ་དོན་མེད་ལ་ཟད་པར་བྱས་པ་ནི་དུད་འགྲོ་དང་ཁྱད་མེད་དོ། །ཆོས་མ་ཐོས་པ་ཀུན་རེ་བདེན། འོ་སྐོལ་ཆོས་སྒོར་ཞུགས་པས་འདི་ཤེས་བཞིན་དུ་མི་ཚེ་དོན་མེད་ལ་ཚེ་ཟད་ལུས་ཟད་དུ་བྱེད་ན། བླ་མ་དང་སངས་རྒྱས་བསླུས་པ་ཡིན། ཁྲེལ་བོར་བ་ཡིན་པས། ཆོས་ཕྱི་སར་མི་བཞག་པར་རང་གི་རྒྱུད་ལ་ཅི་ཁེལ་བྱའོ། །ཁྱད་པར་དུ་ལོངས་སྤྱོད་གཡོ་བ་སྙིང་པོ་མེད་པར་ཁོང་དུ་ཆུད་བར་བྱས་ནས། སྦྱིན་པ་ལ་འཇུག་པར་བྱའོ། །སྦྱིན་པའི་མི་མཐུན་ཕྱོགས་ཉེས་དམིགས་དང་བཅས་པ་བསྟན་ཟིན་ཏོ། །སེར་སྣ་ལ་བརྟེན་ནས་མ་འོངས་པ་ན་དབུལ་བའི་སྡུག་བསྔལ་འབྱུང་བ་ནི། སྡུག་བསྔལ་གྱི་བདེན་པ་སྟེ། དེ་ཡང་མེད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ། རེ་བ་འབྲས་བུ་མེད་པའི་སྡུག་བསྔལ་དང༌། ལོངས་སྤྱོད་ཀྱིས་ཕོངས་ནས་ཡི་དྭགས་ཀྱི་འགྲོ་བ་དང་ཁྱད་མེད་པ་ཉིད་དུ་འགྲོ་བའམ། ཡི་དྭགས་སུ་སྐྱེས་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བའོ། །སྦྱིན་པ་ནི་ལམ་གྱི་བདེན་པའོ། །དབུལ་བའི་སྡུག་བསྔལ་འབྱུང་བ་གཅོད་པར་བྱེད་ཅིང༌། གཏེར་ཆེན་པོ་ལ་ཟད་པ་མེད་པ་བཞིན། སྦྱིན་པ་བཏང་ན་རྣམ་པར་སྨིན་པ་དངོས་སམ་བརྒྱུད་ནས་ཟད་མི་ཤེས་པ་འབྱུང་བས་ན་གཏེར་ཆེན་པོ་ལྟ་བུའོ། །དེ་ཡང་ཟང་ཟིང་གི་སྦྱིན་པས་ཕ་རོལ་པོ་དབུལ་བའི་སྡུག་བསྔལ་ལས་སྐྱོབ་ཅིང༌། སྐྱབས་ཀྱི་སྦྱིན་པས་ཕ་རོལ་པོ་ཁ་ཉན་པའི་སྐྱབས་བྱེད། ཆོས་ཀྱི་སྦྱིན་པས་ནི་ཉན་པ་པོའི་མ་རིག་པའི་མུན་པ་སེལ་བར་བྱེད་ཅིང༌། ཡང་དག་པའི་སྣང་བ་བསྐྱེད་པར་བྱེད་པ་ཉིད་དོ། །མདོ་ལས། སྦྱིན་པའི་ཕ་རོལ་ཕྱིན་པས་ཡི་དྭགས་འགྲོ་བ་གཅོད། །ཅེས་གསུངས་པ་ལྟར། གཅོད་བསྐྱེད་གཉིས་སུ་མེད་པའི་ཚུལ་གྱིས་ཉམས་སུ་ལེན་ཏེ། གཅོད་པ་ནི་སེར་སྣ་གཅོད་ཅིང༌། བསྐྱེད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བསྐྱེད་པའོ། །འདིའི་དུས་སུ་དང་པོར་འཇུག་པའི་གེགས་ཞུམ་པའི་སེམས་དང༌། བར་དུ་སྒྲུབ་པའི་གེགས་སྦྱིན་པ་ལ་སེམས་རྣམ་པར་རྟོག་པ་དང༌། ཐ་མར་མཐར་ཕྱིན་པའི་གེགས་འཁོར་གསུམ་དུ་རྟོགས་པ་སྤོང་བའོ། །སྦྱིན་པ་ལ་བརྟེན་ནས་མ་འོངས་པ་ན་དབུལ་པའི་སྡུག་བསྔལ་སྤངས་པ་ནི། འགོག་པའི་བདེན་པའོ། །བདེན་པ་བཞི་ལ་གཞི་བཅའ་བ་བསྟན་ཟིན་ཏོ། །དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཚུལ་ལ། སྤྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལ་དགེ་བའི་བཤེས་གཉེན་ལ་བརྟེན་དགོས་ཏེ། དགེ་བའི་བཤེས་གཉེན་ལ་མ་བརྟེན་པར་ཉམས་སུ་ལེན་མི་ནུས་པའི་ཕྱིར་རོ། །དགེ་བའི་བཤེས་གཉེན་ལ་གསུམ་ལས། འཕགས་པའི་དགེ་བའི་བཤེས་གཉེན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཡང༌། ད་ལྟ་དངོས་སུ་མི་མཐོང་ཞིང༌། གསུང་དངོས་སུ་མི་ཐོས་པས། དེས་གསུངས་པའི་བཀའ་ལུང་ལ་རྟེན་དགོས་ཏེ། ལུང་ནས་སྦྱིན་པ་བཏང་བའི་ཐབས་མང་དུ་གསུངས་པའི་རྗེས་སུ་འབྲངས་ནས་སློབ་དགོས་པའོ། །གང་ཟག་གི་དགེ་བའི་བཤེས་གཉེན་ནི། སངས་རྒྱས་ཀྱིས་གསུངས་པའི་བཀའ་ལུང་ཕྱིན་ཅི་མ་ལོག་པར་གོ་ཞིང་གཞན་ལ་སྟོན་ནུས་པའོ། །ད་ལྟ་དེའི་རྗེས་སུ་འབྲངས་ནས་སྦྱིན་པ་ལ་སློབ་དགོས་སོ། །རང་རིག་པའི་དགེ་བའི་བཤེས་གཉེན་ནི། སངས་རྒྱས་ཀྱིས་གསུངས་ཤིང༌། གང་ཟག་གིས་བཤད་པའི་དོན་ཕྱིན་ཅི་མ་ལོག་པར་གོ་ཞིང་རིག་པའོ། །འདི་ནི་ཕྱིའི་ཡོངས་འཛིན་དགེ་བཤེས་དང༌། ནང་གི་ཡོངས་འཛིན་ཐབས་མཁས་གཉིས་ཀྱི་དོན་ནོ། །ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་སློབ་པའི་ཚུལ་ནི། ཤེས་རབ་ཀྱི་འཁོར་གསུམ་མི་དམིགས་པར་རྟོགས་པའི་སྒོ་ནས་སྦྱིན་པ་གཏོང་བ་ནི། སྲིད་པ་འཁོར་བ་ལ་མི་གནས་པའི་སྦྱིན་པའོ། །སྙིང་རྗེས་གཞན་དོན་དུ་སྦྱིན་པ་གཏོང་ན། ཞི་བ་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་སྦྱིན་པའོ། །ཇི་སྐད་དུ། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཞེས་གསུངས་སོ། །སྒྲུབ་པ་བཞིའི་སྒོ་ནས་སློབ་ཚུལ་ནི། སྦྱིན་པ་གཏོང་བའི་འདུན་པ་དང༌། བསམ་པ་དང༌། ལྷག་པའི་བསམ་པ་ནི་གོ་ཆའི་སྒྲུབ་པའོ། །སྦྱོར་བ་མེ་ལྟ་བུ་ནི་འཇུག་པའི་བསྒྲུབ་པའོ། །སྦྱིན་པ་གཏོང་བ་ལ་ཞུགས་ནས་ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་བསླབས་པས་ཚོགས་གསོག་པ་ནི་ཚོགས་ཀྱི་བསྒྲུབ་པའོ། །དེ་ནས་སྦྱིན་པའི་མི་མཐུན་ཕྱོགས་ཀྱི་རྟོག་པ་བཞི་ལས་རྒྱལ་བ་ནི། ངེས་པར་འབྱུང་བའི་བསྒྲུབ་པའོ། །རྟོག་པ་བཞི་ནི། སེར་སྣ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རྟོག་པའོ། །སེར་སྣའི་གཉེན་པོ་སྦྱིན་སོགས་ལ་ཞེན་པ་ནི། གཉེན་པོའི་རྟེན་ཅན་གྱི་རྟོག་པའོ། །སྤང་གཉེན་གཉིས་ལ་བདེན་པར་འཛིན་པ་ནི་རྫས་འཛིན་རྟོག་པའོ། །དེ་དག་བཏགས་པ་ཙམ་དུ་འཛིན་པ་ནི་བཏགས་འཛིན་རྟོག་པའོ། །ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཉམས་སུ་ལེན་པའི་ཚུལ་ལ། ཐོག་མར་བསམ་པས་གོ་བགོ་བ། སྦྱོར་བས་ཇི་ལྟར་འཇུག་པའི་ཚུལ། དང་པོ་ལ། ཚུལ་ཁྲིམས་བསྲུང་བ་ལ་འདུན་པའི་བློ་ནི་ས་ལྟ་བུ། རྟག་ཏུ་ཚུལ་ཁྲིམས་བསྲུང་བ་ལ་བསམ་པ་མི་འགྱུར་བ་གསེར་བཟང་པོ་ལྟ་བུ། དེ་ནས་ཚུལ་ཁྲིམས་བསྲུང་བའི་བསམ་པ་གོང་ནས་གོང་དུ་ཇེ་འཕེལ་དུ་འགྲོ་བ་ཟླ་བ་ཚེས་པ་ལྟ་བུའོ། །གཉིས་པ་ལ་དངོས་སུ་ཞུགས་པའི་བྱ་བ་དང༌། བདེན་པ་བཞི་ལ་གཞི་བཅའ་བ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང༌། ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་སློབ་ཚུལ་དང༌། སྒྲུབ་པ་བཞིའི་སྒོ་ནས་སློབ་ཚུལ་ལོ། །དང་པོ་ལ་ཚུལ་ཁྲིམས་བསྲུང་བ་ལ་དངོས་སུ་ཞུགས་པས། ཚུལ་ཁྲིམས་འཆལ་བ་བུད་ཤིང་འདྲ་བ་སྲེག་པར་བྱེད་པ་ལ་སློབ་བོ། །གཉིས་པ་ནི། ཚུལ་ཁྲིམས་འཆལ་བའི་བློ་ནི་ཀུན་འབྱུང་གི་བདེན་པ་སྟེ། མི་དགེ་བ་ཐམས་ཅད་འབྱུང་བ་དང༌། ངན་སོང་དུ་འཕེན་པར་བྱེད་པ་དང༌། རང་གཞན་ཐམས་ཅད་ལ་གནོད་པ་འབྱུང་བའི་ཕྱིར་རོ། །དེ་ལ་བརྟེན་ནས་མ་འོངས་པ་ན་སྡུག་བསྔལ་གསུམ་ཅི་རིགས་པ་འབྱུང་བ་ནི། སྡུག་བསྔལ་གྱི་བདེན་པའོ། །ཚུལ་ཁྲིམས་ནི་ལམ་གྱི་བདེན་པ་སྟེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དང་པོ་ནི། མི་དགེ་བ་མཐའ་དག་སྤོང་བར་བྱེད་པའི་སེམས་པའོ། །གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་རྒྱུད་ལ་སྐྱེད་པར་བྱེད་པའོ། །གསུམ་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སེམས་པ་ས་བོན་དང་བཅས་པའོ། །ཚུལ་ཁྲིམས་བསྲུངས་པ་ལ་བརྟེན་ནས་མ་འོངས་པ་ན། སྡུག་བསྔལ་དང་བྲལ་བ་ནི་འགོག་པའི་བདེན་པའོ། །དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཚུལ་ལ། འཕགས་པའི་དགེ་བའི་བཤེས་གཉེན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། འོན་ཀྱང་ད་ལྟ་དངོས་སུ་མི་མཐོང་བས། དེས་གསུངས་པའི་བཀའ་ལུང་ལ་བརྟེན་དགོས་སོ། །གང་ཟག་གི་དགེ་བའི་བཤེས་གཉེན་ནི། སངས་རྒྱས་ཀྱིས་གསུངས་པའི་ལུང་གི་དགོངས་པ་རང་གིས་རྟོགས་ཤིང་གཞན་ལ་སྟོན་པའོ། །ད་ལྟ་དེའི་རྗེས་སུ་འབྲང་དགོས་སོ། །རང་རིག་པའི་དགེ་བའི་བཤེས་གཉེན་ནི། དེས་བསྟན་པའི་དོན་གོ་ཞིང་རིག་པའོ། །འདི་ནི་ཕྱིའི་ཡོངས་འཛིན་དང༌། ནང་གི་ཡོངས་འཛིན་གཉིས་ཀྱི་དོན་ནོ། །ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་སློབ་ཚུལ་ནི། ཤེས་རབ་ཀྱིས་འཁོར་གསུམ་ཡོངས་སུ་དག་པའི་སྒོ་ནས་ཚུལ་ཁྲིམས་བསྲུངས་ན། སྲིད་པ་འཁོར་བའི་མཐའ་ལ་མི་གནས་པའི་ཚུལ་ཁྲིམས་སོ། །སྙིང་རྗེས་གཞན་དོན་གྱི་སྒོ་ནས་བསྲུངས་ན་ཞི་བ་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་ཚུལ་ཁྲིམས་སོ། །སྒྲུབ་པ་བཞིའི་སྒོ་ནས་ཉམས་སུ་ལེན་ཚུལ་ལ། ཚུལ་ཁྲིམས་བསྲུང་བ་ལ་འདུན་པ་དང༌། བསམ་པ་དང༌། ལྷག་པའི་བསམ་པ་དང་ལྡན་པ་ནི་གོ་ཆའི་བསྒྲུབ་པའོ། །ཚུལ་ཁྲིམས་བསྲུང་བ་ལ་དངོས་སུ་སྦྱར་བས་མི་མཐུན་ཕྱོགས་བུད་ཤིང་དང་འདྲ་བ་སྲེག་པར་བྱེད་པ་ནི་འཇུག་པའི་བསྒྲུབ་པའོ། །ཚུལ་ཁྲིམས་ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་བསྲུངས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་ནི་ཚོགས་ཀྱི་བསྒྲུབ་པའོ། །མི་མཐུན་ཕྱོགས་རྟོག་པ་བཞི་ལས་རྒྱལ་བ་ཐོབ་པ་ནི། ངེས་པར་འབྱུང་བའི་བསྒྲུབ་པའོ། །མི་མཐུན་ཕྱོགས་རྟོག་པ་བཞི་ནི་སྔར་བཤད་པ་བཞིན་ནོ། །ཚུལ་ཁྲིམས་གསུམ་པོ་བསྲུངས་ན། རིན་པོ་ཆེའི་འབྱུང་གནས་ལས་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་བཞིན་དུ། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རིན་པོ་ཆེ་འབྱུང་བས་རིན་པོ་ཆེའི་འབྱུང་གནས་ལྟ་བུ་ཞེས་གསུངས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་ཚུལ་ནི། བསམ་པས་གོ་བགོ་བ། སྦྱོར་བས་ཇི་ལྟར་འཇུག་པའི་ཚུལ། བདེན་པ་བཞི་ལ་རྟེན་བཅའ་བ། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཚུལ། སྒྲུབ་པ་བཞི་ལ་སློབ་ཚུལ་ལོ། །དང་པོ་ནི། བཟོད་པ་སྒོམ་པ་ལ་འདུན་པ་ས་ལྟ་བུ་དང༌། བཟོད་པ་སྒོམ་པའི་བློ་རྟག་ཏུ་མི་འགྱུར་བ་གསེར་བཟང་པོ་ལྟ་བུ་དང༌། བཟོད་པ་སྒོམ་པའི་བློ་གོང་ནས་གོང་དུ་འཕེལ་བ་ཟླ་བ་ཚེས་པ་ལྟ་བུའོ། །གཉིས་པ་ལ། སྦྱོར་བས་དངོས་སུ་ཞུགས་པ་ནི། མེ་བུད་ཤིང་ལ་སྦྱར་བས་བུད་ཤིང་སྲེག་པར་བྱེད་པ་བཞིན་དུ། བཟོད་པ་ལ་དངོས་སུ་སྦྱར་བས་ཁོང་ཁྲོ་བུད་ཤིང་དང་འདྲ་བ་སྲེག་པར་བྱེད་པའོ། །བདེན་བཞི་ལ་རྟེན་བཅའ་བ་ལ། ཁོང་ཁྲོ་ནི་ཀུན་འབྱུང་གི་བདེན་པའོ། །ཁོང་ཁྲོ་ལ་བརྟེན་ནས་མ་འོངས་པ་ན་སྡུག་བསྔལ་འབྱུང་བ་ནི་སྡུག་བསྔལ་གྱི་བདེན་པའོ། །བཟོད་པ་ནི་ལམ་གྱི་བདེན་པའོ། །བཟོད་པ་ལ་བརྟེན་ནས་སྡུག་བསྔལ་དང་བྲལ་བ་ནི་འགོག་པའི་བདེན་པའོ། །བཟོད་པ་ཉམས་སུ་ལེན་པའི་ཚུལ་ནི། བཟོད་པ་ལ་གསུམ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ། གནོད་པ་ལ་ཅི་མི་སྙམ་པའི་བཟོད་པ། ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ། །དང་པོ་ལ་བཞི་སྟེ། རང་གི་སྡུག་བསྔལ་ལ་བརྟེན་ཏེ་སེམས་སྦྱང༌། གཞན་གྱི་སྡུག་བསྔལ་ལ་བརྟེན་ཏེ་སེམས་སྦྱང༌། རང་གི་སྡུག་བསྔལ་ལ་བརྟེན་ཏེ་ཤེས་རབ་ཀྱི་རྩལ་སྦྱང༌། གཞན་གྱིས་སྡུག་བསྔལ་ལ་བརྟེན་ཏེ་ཤེས་རབ་ཀྱི་རྩལ་སྦྱང༌། དང་པོ་ནི། རང་རྒྱུད་ལ་ནད་ལ་སོགས་པའི་སྡུག་བསྔལ་བྱུང་བའི་ཚེ། མི་འདོད་པའི་བསམ་པ་མེད་པར་ངེས་འབྱུང་གི་བསམ་པ་བསྐྱེད་པར་བྱེད་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་སྡིག་སྒྲིབ་ཀྱི་ཕྱགས་ཤིང་ཡིན་པར་ཤེས་པར་བྱས་ནས། བྱུང་བ་དགའ་བར་འདོད་པ་དང༌། མི་འབྲལ་བར་འདོད་པ་དང༌། ཡུན་རིང་དུ་གནས་པར་འདོད་པ་དང༌། ཉམས་པ་མེད་པ་དང༌། ཟིལ་གྱིས་གནོན་པར་མི་འདོད་པ་དང༌། བཟོད་པའི་ཡུལ་དུ་ཁྱེར་ནས། སྡུག་བསྔལ་རིས་ནོན་ཡང་སྤང་བའི་བློ་མེད་པའོ། །གཉིས་པ་ནི། འགྲོ་བ་གཞན་ལ་ཡོད་པའི་ནད་དང༌། སྡུག་བསྔལ་ཐམས་ཅད་བདག་ལ་ཤོག་ཅིག་ཅེས་པའི་ཚུལ་དུ་བློ་སྦྱོང་ངོ༌། །གནོད་པ་ལ་ཅི་མི་སྙམ་པའི་བཟོད་པ་ནི། ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་ཞུམ་ཞིང་སྐྲག་པ་མེད་པར་ཁྱད་དུ་བསད་ནས། མེ་འབར་བ་ལ་བུད་ཤིང་བསྣན་པ་བཞིན་དུ། བཟོད་པ་ལྷག་པར་འཕེལ་བར་བྱེད་དོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཟུགས་ཅན་རྣམས་ཕྱོགས་ཆས་སོ་སོར་བློས་ཕྱེ་ནས། རྡུལ་ཕྲ་རབ་ལ་ཐུག་པའི་བར་རྣམ་པར་དཔྱོད་ཅིང༌། མཐར་རྡུལ་ཕྲ་རབ་ཀྱང་མི་དམིགས་པར་བྱའོ། །སེམས་རྣམས་སྐད་ཅིག་གི་ཆ་ཤས་ཀྱིས་རྣམ་པར་དབྱེ་ནས། དུས་མཐའི་སྐད་ཅིག་མའི་མཐར་ཐུག་པའི་བར་དུ་དཔྱོད་ཅིང༌། མཐར་དུས་མཐའི་སྐད་ཅིག་ཀྱང་མི་དམིགས་པར་བྱས་ནས་མཉམ་གཞག་ཏུ་བཟོད་པའི་ཡུལ་དང༌། བཟོད་པ་སྒོམ་པ་པོ་དང་བསྒོམ་བྱའི་བཟོད་པ་གང་ཡང་མི་དམིགས་པར་ནམ་མཁའ་ལྟ་བུར་མཉམ་པར་གཞག་པར་བྱའོ། །རྗེས་ཐོབ་ཏུ་ཉམས་སུ་ལེན་པའི་ཚུལ་བསྟན་པ་ནི། སྡུག་བསྔལ་བྱུང་ན་སངས་རྒྱས་ཀྱི་ཕྲིན་ལས། ན་ཚ་ཐར་པའི་ལམ་འདྲེན། ངེས་འབྱུང་བསམ་པའི་སྐུལ་བྱེད། ནད་དད་པའི་གསལ་འདེབས། ནད་བྱང་ཆུབ་ཀྱི་བརྗེད་རྡོ། དགེ་བའི་བསྐུལ་ཤིང༌། ནད་སྡིག་སྒྲིབ་ཀྱི་ཕྱགས་ཤིང་དུ་ཤེས་པར་བྱས་ནས་བཟོད་པ་སྒོམ་པར་བྱེད་དོ། །ཡང་བཟོད་པ་ཉམས་སུ་ལེན་པའི་ཚུལ་གསུམ་སྟེ། དཔེར་ན་ཆུའི་ཕ་རོལ་འགྲོ་བ་ལ། ཆུའི་ཡ་མཐའ་བསྐོར་ནས་ཕ་རོལ་དུ་འགྲོ་བ་དང༌། མ་མཐའ་བསྐོར་ནས་ཕ་རོལ་དུ་འགྲོ་བ་དང༌། ཆུ་དེ་ཉིད་ལ་ལམ་དུ་བྱས་ཏེ། གྲུའམ། རྐྱལ་པ་ལ་བརྟེན་ཏེ་ཕ་རོལ་ཏུ་འགྲོ་བ་གསུམ་ལས། གཞན་གཉིས་ལམ་རིང་ཞིང༌། ཕ་རོལ་ཏུ་མྱུར་དུ་ཕྱིན་པར་མི་འགྱུར་རོ། །ཐ་མ་ནི་སླ་ཞིང་མྱུར་དུ་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །དཔེ་དེ་བཞིན་དུ་བཟོད་པ་བསྒོམ་པར་བྱ་བའི་དགྲ་འདྲེ་གཉིས་ཀྱིས་གནོད་པ་བྱས་པའི་དུས་སུ། སྡིག་མི་གསོག་ཟེར་ནས་དགྲ་ལ་བྱོལ་ནས་བཟོད་པ་སྒོམ་པ་དང༌། དགྲ་དེ་ཉིད་མཐུའམ་ནུས་པས་བཏུལ་ནས་ད་གཟོད་ཆོས་བྱེད་པར་འདོད་པ་དང༌། དགྲ་ཉིད་ལ་ལམ་དུ་བྱས་ནས་བཟོད་པ་བསྒོམ་པ་དང་ལུགས་གསུམ་ཡོད་པ་ལས་དང་པོ་གཉིས་ལམ་ཡུན་རིང་འགོར་བས་ཐབས་མཁས་པ་མ་ཡིན་ལ། གསུམ་པ་ནི་བསོད་ནམས་ཆེ་ཞིང་མྱུར་དུ་ཚོགས་རྫོགས་ནས་མྱུར་དུ་སངས་རྒྱའོ། །དེ་ཡང་འདས་པ་ལ་བཟོད་པ་བསྒོམ་པ་ནི། བྱི་ལ་ཤོར་ནས་སྐར་ཁུང་འགེབས་པ་དང་འདྲ་བས་མི་ཕན། མ་འོངས་པ་ལ་བཟོད་པ་བསྒོམ་པ་ནི། ཡུལ་མེད་པའི་སར་དོན་གཉེར་བ་དང་འདྲ་བས་ནོར། འོ་ན་ཇི་ལྟ་བུ་བྱ་སྙམ་ན། དགྲ་འདྲེ་གཉིས་ཀྱིས་གནོད་པ་ནམ་བྱས་པའི་དུས་དེ་ཉིད་དུ་བཟོད་པ་བསྒོམ་དགོས་པ་ཡིན་ཏེ། དགྲ་བྱུང་དུས་སུ་འདུལ། གཉེན་བྱུང་དུས་སུ་བསྐྱང༌། རྟོག་པ་བྱུང་དུས་སུ་གཅད། ཉོན་མོངས་པ་སྐྱེས་དུས་སུ་གཞོམ་བྱ་བ་ཡིན། ཇི་སྐད་དུ། ཉོན་མོངས་སྐྱེས་དུས་གཉེན་པོས་མ་སླེབ་ན། །ཆོས་ཀྱི་དགོས་པ་སྟོར་རོ་དིང་རི་བ། །ཞེས་སོ། །དེ་ཡང་བཟོད་པ་བསྒོམ་པའི་དམིགས་པའི་རྐྱེན་ནི། དཔེར་ན་ལྷ་སྦྱིན་ལྟ་བུ་གཅིག་གིས་གནོད་པ་བྱས་པའི་དུས་སུ། ལྷ་སྦྱིན་ལྟ་བུ་གནོད་པ་བྱས་པ་ལ་བསྒོམ་གྱི། གནོད་པ་མ་བྱས་པ་ལ་མི་སྒོམ་མོ། །ནད་དང་གདོན་དང་སྡུག་བསྔལ་གང་བྱུང་བ་ལ་བསྒོམ་གྱི་མ་བྱུང་བ་ལ་མ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བསྟེན་པའི་ཚུལ་ལ། འཕགས་པའི་དགེ་བའི་བཤེས་གཉེན་ནི། རྫོགས་པའི་སངས་རྒྱས་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། །འོན་ཀྱང་དེའི་ཞལ་དངོས་སུ་མི་མཐོང༌། གསུང་དངོས་སུ་མི་ཐོས་པས། དེས་གསུངས་པའི་བཀའ་ལུང་གི་རྗེས་སུ་འབྲང་དགོས་པ་ཡིན་ནོ། །དེ་ལ་གང་ཟག་གི་དགེ་བའི་བཤེས་གཉེན་བླ་མ་ལ་བརྟེན་དགོས་པ་ཡིན་ཏེ། དེས་སངས་རྒྱས་ཀྱིས་གསུངས་པའི་དགོངས་པ་བཤད་ནས། དེའི་རྗེས་སུ་འབྲང་དགོས་པའི་ཕྱིར་རོ། །འདིས་ཐབས་མ་ཡིན་པ་ལས་བཟློག་ནས་ཐབས་ཐམས་ཅད་དངོས་སུ་སྟོན་པ་ཡིན་ནོ། །དང་པོར་སློབ་མ་དེའི་སྤྱོད་པ་བཟང་ངན་ལ་བརྟགས་ནས། སྤྱོད་པ་ངན་པ་ལ་སྨོད། བཟང་པོ་ལ་བསྟོད། ཡ་ང་བའི་གནས་ལས་བཟློག ལེགས་པའི་ལམ་དུ་འཇུག དགོས་པའི་གྲོགས་སུ་འགྲོ་བར་བྱེད་དོ། །འདི་ནི་འཇིག་རྟེན་པའི་གཉེན་བཟང་པོ་དང་མཚུངས་པའི་བཤེས་གཉེན་ནོ། །གཉེན་བཟང་པོ་ནི། ཕ་མས་བུ་ཚ་སྐྱོང་བ་ལ་བྱ་སྟེ། ཕ་མས་བུ་ཚ་དེ་དག་གི་སྤྱོད་པ་ཚུལ་དང་མཐུན་པར་འདུག་གམ་མི་འདུག་བལྟས་ནས། མི་འདུག་ན་རྒོལ་བ་དང་བརྡེག་པ་སོགས་ཀྱི་སྒོ་ནས་དྲག་ཏུ་ཚར་གཅོད་པ་དང༌། གཅམ་བུའི་སྒོ་ནས་འཆོས་པ་ལྟར། དགེ་བའི་བཤེས་གཉེན་དེས་ཀྱང་སློབ་མའི་སྤྱོད་པ་བཟང་ངན་ལ་བརྟགས་ནས། མི་དགེ་བ་ལ་འཇུག་ན་ཚར་གཅད། དགེ་བ་ལ་འཇུག་པར་འདུག་ན་བསྟོད་པའི་སྒོ་ནས་སློབ་མའི་སྤྱོད་པ་འཆོས་པར་བྱེད་དོ། །ཕ་མས་བུ་ཚའི་ཡོན་ཏན་ཅི་ཡོད་པ་བསྟོད་ཅིང་སྒྲོགས་ཏེ། བརྟན་པ། མཛངས་པ། ཁྲེལ་དང་ངོ་ཚ་ཆེ་བ། གཏོང་ཕོད་ཆེ་བ་ཡིན་ནོ་ཞེས་བརྗོད་པ་བཞིན་དུ། བླ་མ་དེས་ཀྱང༌། སློབ་མའི་སྤྲོ་བ་བསྐྱེད་དེ། གཟེངས་བསྟོད། འདི་ནི་དད་པ་ཆེ། ཤེས་རབ་ཆེ། མོས་གུས་ཆེ། ཞེས་སོགས་ཡོན་ཏན་བརྗོད་པའི་སྒོ་ནས་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་མཛད་དོ། །ཡ་ང་བའི་གནས་ལས་བཟློག་པ་ནི། ཕ་མས་བུ་ཚ་བྱ་བ་མ་ཡིན་པ་ལུས་སྲོག་གི་བར་དུ་འགྲོ་བའི་བྱ་བ་ལ་འཇུག་ན། ལག་པ་ནས་བཟུང་སྟེ། བྱེད་དུ་མི་འཇུག་པ་ལྟར། བླ་མ་དེས་ཀྱང་སློབ་མ་དེ་ལམ་ནོར་བའི་བྱ་བ་ལ་འཇུག་ན། ལག་པ་ནས་བཟུང་ནས་མི་གཏོང་བའོ། །བཞི་པ་ལེགས་པའི་ལམ་དུ་འཇུག་པ་ནི། ཕ་མས་བུ་ཚ་དག་རྙེད་པ་དང༌། བཀུར་སྟི་དང་གྲགས་པ་འཐོབ་པའི་ཆོས་ལ་ལག་པ་ནས་ཁྲིད་དེ་སྦྱོར་བ་ལྟར། བླ་མ་དེས་ཀྱང་ལམ་གྱི་ཡོན་ཏན་ཐམས་ཅད་འབྱུང་བར་བྱེད་པའི་ཐོས་བསམ་བསྒོམ་གསུམ་ལ་སོགས་པ་ལ་སྦྱོར་རོ། །དགོས་པའི་གྲོགས་སུ་འགྲོ་བར་བྱེད་པ་ནི། ཕ་མས་བུ་ཚའི་སྤྱོད་པ་ངན་པ་ཚར་གཅོད། བཟང་པོ་ལ་བསྟོད། ལེགས་པའི་ལམ་དུ་བཅུག་ནས་ནོར་རྫས་བཟང་པོ་སྟེར་བ་ལྟར། བླ་མས་ཀྱང་ཐོས་བསམ་བསྒོམ་གསུམ་ལ་སོགས་པའི་གྲོགས་བྱེད། བར་ཆད་སེར་བར་བྱིན་གྱིས་རློབ། མ་གོ་བ་གོ་བར་བྱེད། མ་རྟོགས་པ་རྟོགས་པར་བྱེད་པའི་སྒོ་ནས། དགོས་པའི་གྲོགས་སུ་འགྲོ་བར་བྱེད་པས་གང་ཟག་གི་དགེ་བའི་བཤེས་གཉེན་ནི་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་ནི། དགྲ་དང་གདོན་དང་ནད་ལ་སོགས་པ་ཡིན་ཏེ། དེ་ལ་བརྟེན་ནས་བཟོད་པ་བསྒོམས་ན་སྡིག་སྒྲིབ་ཐམས་ཅད་ཟད་པར་བྱེད། བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པར་བྱེད། བཟོད་པ་ཅན་གྱི་རྟེན་གྱི་གང་ཟག་གིས་གཞན་གྱིས་གནོད་པ་བྱས་པ་དང༌། ཚིག་ངན་ཐོས་པ་དང༌། ལེགས་པའི་འབྲས་བུ་ཐོབ་པ་དུས་མཉམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཟོད་པ་ལས་བྱུང༌། བཟོད་པ་སྒོམ་པའི་རྟེན། དགྲ་བགེགས་དང་ནད་ལས་ལྷག་པ་གཞན་མེད་པས་བྱང་ཆུབ་བསྐྱེད་པའི་གྲོགས་སུ་འདི་བསྟེན་དགོས་སོ། །སངས་རྒྱ་བར་བྱེད་པའི་རྒྱུ་ཐུན་མོང་མ་ཡིན་པ་བཟོད་པ་ཡིན་ལ། དགྲ་འདྲེ་དང་ནད་ལ་སོགས་པ་མེད་ན་བཟོད་པ་བསྒོམ་པའི་ཐབས་མེད་པས་བཟོད་པ་ནི་དགྲ་འདྲེ་ལ་སོགས་པ་ལ་བརྟེན་ནས་འབྱུང་བས། དགྲ་འདྲེ་སོགས་ནི་བཟོད་པ་བསྒོམ་པའི་ཐབས་ལ་མཁས་པའི་དགེ་པའི་བཤེས་གཉེན་དུ་རིག་པར་བྱའོ། །ཡང་དགྲ་འདྲེ་གཉིས་ཀྱི་ལུས་ནི་བརྡ་སྟོན་པར་བྱེད་པ་སྟེ། དེ་ལ་བརྟེན་ནས་བཟོད་པ་བསྒོམས་ནས་སངས་རྒྱས་ཐོབ་པར་བྱེད་དམ། འོན་ཏེ་ཞེ་སྡང་བསྐྱེད་ནས་དམྱལ་བར་འགྲོ་བར་བྱེད། འདི་གཉིས་ཁྱེད་རང་འདོམས་ཞེས་པའི་བརྡ་སྟོན་པ་ཡིན་ནོ། །གཞན་གྱིས་སྨྲས་པའི་ཚིག་ངན་ལ་བཟོད་པ་བསྒོམས་ན། བླ་མའི་གདམས་ངག་ལས་དེ་ཟབ་པ་ཡིན། གདམས་ངག་ལ་དང་པོ་ཐོས་པ་བྱེད་དགོས། བར་དུ་བསམ་པ་བྱེད་དགོས། ཐ་མར་བསྒོམ་པ་བྱེད་དགོས་པས་རྩོལ་སྒྲུབ་ཆེན་པོ་དགོས་ལ། དེ་ལྟར་བྱས་ཀྱང་གང་ཟག་འགའ་ཞིག་ལ་གདམས་ངག་ལམ་དུ་འགྲོ་མི་འགྲོ་མི་ཤེས་ལ། གཞན་གྱི་ཚིག་ངན་དེ་ལ་ཐོས་བསམ་སྒོམ་གསུམ་གྱི་བརྩོན་འགྲུས་ཆེན་པོ་བྱེད་མི་དགོས་པར་བཟོད་པ་བསྒོམས་པས་ཆོག་པ་ཡིན། ཡང་དགྲ་འདྲེ་མཐོང་བ་དེ་ལ་བཟོད་པ་བསྒོམས་ན་ཡི་དམ་གྱི་ལྷ་ཞལ་མཐོང་བ་ལས་བསོད་ནམས་ཆེ་སྟེ། ཡི་དམ་གྱི་ལྷ་ཞལ་མཐོང་ཡང་སྒྲིབ་པ་སྲབ་ཏུ་འགྲོ་བ་ཙམ་ཡིན། དགྲ་འདྲེ་ལ་བཟོད་པ་བསྒོམས་ན། སྔོན་བསགས་ཀྱི་སྡིག་པ་ཐམས་ཅད་ཟད་པར་བྱེད། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་བྱེད། དེ་ལྟར་བཟོད་པ་བསྒོམས་ན། སྔར་ཡུལ་བཟང་ངན་དུ་འབྱེད་པའམ། སྤང་བླང་གཉིས་སུ་འབྱེད་པའམ། ཆགས་སྡང་ཐམས་ཅད་ལས་གྲོལ་ནས་ལམ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བས་ན། ལུས་ཡི་དམ་གྱི་ལྷ་ལས་ལྷག གཞན་གྱི་ཚིག་ངན་གདམས་ངག་ལས་ལྷག་པར་འདུག་སྙམ་དུ་དྲན་པར་བྱ་ཞིང༌། གཞན་གྱིས་སྨྲས་པའི་ངག་ཐམས་ཅད་ཚིག་ཏུ་འདུག ཚིག་སྒྲ་རུ་འདུག སྒྲ་བྲག་ཅར་འདུག བྲག་ཅ་ལ་རང་བཞིན་མེད་པར་འདུག་སྙམ་དུ་ནང་དུ་རྟོགས་པ་ཁྱད་པར་ཅན་བསྐྱེད་པར་བྱའོ། །ཡང་སྐབས་བརྒྱད་དང་སྦྱར་ན། གང་ལ་བཟོད་པར་བྱ་བའི་ཡུལ་དང༌། བཟོད་པ་དང་བཟོད་པ་སྒོམ་པའི་ཐབས་མ་ལུས་པ་ཤེས་པ་ནི་རྣམ་མཁྱེན་ནོ། །དེ་ལྟར་ཡོངས་སུ་ཤེས་པའི་བློའི་རྒྱུན་གོམས་པར་བྱེད་པ་ནི་ལམ་ཤེས་སོ། །བཟོད་པ་སྒོམ་པ་པོའི་གང་ཟག་བདག་མེད་པར་ཤེས་པ་ནི་གཞི་ཤེས་སོ། །བཟོད་ཡུལ་གྱི་རྣམ་པ་ཇི་སྙེད་སྣང་བ་ཐམས་ཅད་ལ་བཟོད་པ་སྒོམ་པ་ནི་རྣམ་རྫོགས་སྦྱོར་བའོ། །དེ་ཉིད་རྟོགས་པ་ཕུལ་དུ་བྱུང་བ་ནི་རྩེ་མོའོ། །དེ་དག་ལ་རིམ་གྱིས་བསླབ་པ་ནི་མཐར་གྱིས་པའོ། །བཟོད་པ་བསྒོམས་པའི་ནུས་པ་མཐར་ཐུག་པ་ནི་སྐད་ཅིག་མའི་སྦྱོར་བའོ། །དེ་ལས་འབྲས་བུ་ཐོབ་པ་ནི་འབྲས་བུ་ཆོས་ཀྱི་སྐུའོ། །ལམ་ལྔ་དང་སྦྱར་ན། དགྲ་འདྲེ་གཉིས་ལ་བརྟེན་ནས་བཟོད་པ་བསྒོམས་ན། ཚོགས་རྫོགས་པས་ན་ཚོགས་ལམ་དང་རྗེས་སུ་མཐུན། བཟོད་པ་བསྒོམས་པས་ལམ་ལ་སྦྱོར་བས་ན་སྦྱོར་ལམ་དང་རྗེས་སུ་མཐུན། དགྲ་འདྲེ་གཉིས་པོ་ལས་ལྷག་པའི་བཟོད་པ་བསྒོམ་ཡུལ་མེད་པར་མཐོང་བས་ན་མཐོང་ལམ་དང་རྗེས་སུ་མཐུན། དེ་ལ་བཟོད་པ་མ་ཡེངས་པར་བསྒོམས་པས་སྒོམ་ལམ། དེ་མཐར་ཕྱིན་པ་མཐར་ཕྱིན་པའི་ལམ་མོ། །དེ་ལྟར་ཤེས་ན་འཕགས་པའི་དགེ་བའི་བཤེས་གཉེན་གྱིས་སྐུ་སྟོན་པ་རྒྱུན་མི་ཆད་པ་འབྱུང༌། གང་ཟག་གི་དགེ་བའི་བཤེས་གཉེན་གྱིས་ཆོས་སྟོན་པ་རྒྱུན་མི་ཆད་པ་འབྱུང༌། རང་རིག་པའི་དགེ་བའི་བཤེས་གཉེན་གྱིས་སེམས་ལ་རྟོགས་པ་རྒྱུན་མི་ཆད་པ་འབྱུང་ངོ༌། །དགེ་བའི་བཤེས་གཉེན་ལ་བརྟེན་ཚུལ་བསྟན་ཟིན་ཏོ། །ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་ཚུལ་ནི། འཁོར་གསུམ་མི་དམིགས་པའི་སྒོ་ནས་བཟོད་པ་བསྒོམས་ན། སྲིད་པ་འཁོར་བའི་མཐའ་ལ་མི་གནས་པའི་བཟོད་པར་འགྱུར་རོ། །སྙིང་རྗེས་གཞན་དོན་དུ་བཟོད་པ་བསྒོམས་ན། ཞི་བ་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་བཟོད་པར་འགྱུར་རོ། སྒྲུབ་པ་བཞིའི་སྒོ་ནས་ཉམས་སུ་ལེན་ཚུལ་ནི། བཟོད་པ་བསྒོམ་པ་ལ་འདུན་པ་ས་ལྟ་བུ་དང༌། རེས་བཟོད་པ་བསྒོམ་བསམ་པ་དང༌། རེས་འགའ་མི་བསྒོམ་བསམ་པ་མིན་པར་རྟག་ཏུ་བཟོད་པ་སྒོམ་པའི་བསམ་པ་ལས་མི་འགྱུར་བ་གསེར་བཟང་པོ་ལྟ་བུ་དང༌། བཟོད་པ་བསྒོམ་པའི་བློ་ཟླ་བ་ཚེས་གཅིག་ནས་ཉའི་བར་དུ་འཕེལ་བ་བཞིན་དུ། གོང་ནས་གོང་དུ་ཇེ་འཕེལ་དུ་འགྲོ་བ་ཟླ་བ་ཚེས་པ་ལྟ་བུ་ནི། གོ་ཆའི་སྒྲུབ་པའོ། །བཟོད་པ་སྒོམ་པ་ལ་དངོས་སུ་སྦྱར་བས་མེས་བུད་ཤིང་སྲེག་པར་བྱེད་པ་བཞིན་དུ་བཟོད་པ་བསྒོམས་པས་ཁོང་ཁྲོ་བུད་ཤིང་འདྲ་བ་སྲེག་པར་བྱེད་པ་ནི། སྦྱོར་བ་མེ་ལྟ་བུ་སྟེ་འཇུག་པའི་བསྒྲུབ་པའོ། །ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་བཟོད་པ་ཉམས་སུ་བླངས་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་ནི་ཚོགས་ཀྱི་བསྒྲུབ་པའོ། །དེ་ལྟར་བཟོད་པ་ཉམས་སུ་བླངས་པ་ལ་བརྟེན་ནས་མི་མཐུན་ཕྱོགས་རྟོག་པ་བཞི་ལས་རྒྱལ་བ་ཐོབ་པ་ནི། ངེས་པར་འབྱུང་བའི་བསྒྲུབ་པའོ། །རྟོག་པ་བཞི་ནི། ཁོང་ཁྲོ་ནི་ཀུན་ནས་ཉོན་མོངས་པའི་རྟོག་པ། གཉེན་པོ་བཟོད་པ་ལ་ཞེན་པ་ནི་གཉེན་པོའི་རྟེན་ཅན་གྱི་རྟོག་པ། སྤང་གཉེན་གཉིས་ལ་བདེན་པར་འཛིན་པ་ནི་རྫས་འཛིན་གྱི་རྟོག་པ། དེ་དག་བཏགས་པ་ཙམ་དུ་ཞེན་པ་ནི་བཏགས་འཛིན་གྱི་རྟོག་པའོ། །དེ་ལྟར་དགྲ་འདྲེ་གཉིས་ལ་བཟོད་པ་བསྒོམས་ན་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཐམས་ཅད་ལམ་དུ་སློང་བ་ལ་ཁྱད་པར་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་ལྟ་བུ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་འདོམ་དགུའམ་དྲུག་མན་ཆད་གཡོ་བ་མེད་པ་བཞིན་དུ། བཟོད་པའི་ཕར་ཕྱིན་དང་ལྡན་པའི་རྣལ་འབྱོར་བ་དེ་དགྲ་དང་གདོན་དང་ནད་ལ་སོགས་པའི་རྐྱེན་གང་གིས་ཀྱང་མི་གཡོ་ཞིང༌། མི་འཁྲུགས་པས། མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པས་མི་འཁྲུགས་པའོ་ཞེས་གསུངས་སོ། །བརྩོན་འགྲུས་ཀྱི་ཕར་ཕྱིན་ཉམས་སུ་ལེན་པའི་ཚུལ་ལའང་གཉིས་ཏེ། བསམ་པས་གོ་བགོ་བ། སྦྱོར་བས་འཇུག་པའི་ཚུལ་ལོ། །དང་པོ་ནི། བརྩོན་འགྲུས་རྩོམ་པ་ལ་འདུན་པ་ས་ལྟ་བུ་དང༌། བརྩོན་འགྲུས་རྩོམ་པའི་བསམ་པ་མི་འགྱུར་བ་གསེར་བཟང་པོ་ལྟ་བུ་དང༌། བརྩོན་འགྲུས་རྩོམ་པའི་བསམ་པ་གོང་ནས་གོང་དུ་འཕེལ་བ་ཟླ་བ་ཚེས་པ་ལྟ་བུའོ། །གཉིས་པ་སྦྱོར་བས་འཇུག་པའི་ཚུལ་ནི། བརྩོན་འགྲུས་བརྩམས་པ་ལ་དངོས་སུ་ཞུགས་པས་མེས་བུད་ཤིང་བསྲེག་པ་བཞིན་དུ་མི་མཐུན་ཕྱོགས་ལེ་ལོ་བུད་ཤིང་དང་འདྲ་བ་སྲེག་པར་བྱེད་པ་ཡིན་ནོ། །བདེན་པ་བཞི་ལ་གཞི་བཅའ་བ་ནི། ལེ་ལོ་ནི་ཀུན་འབྱུང་གི་བདེན་པ་ཡིན་ལ། དེ་ལ་བརྟེན་ནས་སྡུག་བསྔལ་འབྱུང་བ་ནི་སྡུག་བསྔལ་གྱི་བདེན་པའོ། །བརྩོན་འགྲུས་ནི་ལམ་གྱི་བདེན་པའོ། །དེ་ལ་བརྟེན་ནས་མི་མཐུན་ཕྱོགས་ལེ་ལོ་དང་བྲལ་བ་ནི། འགོག་པའི་བདེན་པའོ། །བརྩོན་འགྲུས་ནི་གསུམ་སྟེ། གོ་ཆའི་བརྩོན་འགྲུས་ཀྱིས་བསམ་པའི་སྒོ་ནས་གོ་བགོ །འཇུག་པའི་བརྩོན་འགྲུས་ཀྱིས་ལག་ལེན་ལ་དངོས་སུ་འཇུག ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱིས་གོང་ནས་གོང་དུ་འཕེལ་བར་བྱེད། བརྩོན་འགྲུས་གསུམ་པོ་ཡོད་ན། དགེ་བའི་ཆོས་ཐམས་ཅད་རྒྱས་ཤིང་མཐར་ཕྱིན་པར་འགྱུར་ལ། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡང་ཡིན་ཏེ། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ངལ་ཞིང་དུབ་པའི་མཐར་མ་ལྷུང་བར་གླང་པོ་ཆེའི་འགྲོས་ལྟ་བུ་ཞིག་དགོས་སོ། །འདི་ནི་རྫས་རྡོ་རྗེ་ཕ་ལམ་དང་འདྲ་སྟེ། རྡོ་རྗེ་ཕ་ལམ་གྱིས་ཕར་ལ་གཞན་ཐམས་ཅད་འཇོམས་ཤིང༌། ཚུར་ལ་གནོད་བྱེད་གང་གིས་ཀྱང་མི་ཚུགས་པ་བཞིན་དུ། བརྩོན་འགྲུས་ཀྱི་ཕར་ཕྱིན་དང་ལྡན་པའི་རྣལ་འབྱོར་པ་དེ་ལ་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང༌། ཕར་ལ་མི་མཐུན་ཕྱོགས་ཐམས་ཅད་འཇོམས་པར་བྱེད་ནུས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བརྟེན་ཚུལ་ནི། འཕགས་པའི་དགེ་བའི་བཤེས་གཉེན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཡང༌། དངོས་སུ་མི་མཐོང་བས་ད་ལྟ་དེའི་བཀའ་ལུང་གི་རྗེས་སུ་འབྲངས་ནས་བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་སློབ་དགོས། གང་ཟག་གི་དགེ་བའི་བཤེས་གཉེན་ནི། སངས་རྒྱས་ཀྱིས་གསུངས་པའི་དོན་རྟོགས་ནས་གཞན་ལ་སྟོན་པའོ། །རང་རིག་པའི་དགེ་བའི་བཤེས་གཉེན་ནི། གང་ཟག་གི་དགེ་བའི་བཤེས་གཉེན་གྱིས་བསྟན་པའི་དོན་གོ་ཞིང་རིག་ནས་ཉམས་སུ་ལེན་པའོ། །ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་སློབ་ཚུལ་ནི། འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་བརྩོན་འགྲུས་རྩོམ་ན་སྲིད་པ་འཁོར་བའི་མཐའ་ལ་མིག་གནས། སྙིང་རྗེས་བརྩོན་འགྲུས་རྩོམ་ན། མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་བརྩོན་འགྲུས་སུ་འགྲོ། སྒྲུབ་པ་བཞིའི་སྒོ་ནས་ཉམས་སུ་ལེན་ཚུལ་ནི། བརྩོན་འགྲུས་རྩོམ་པ་ལ་འདུན་པ་ས་ལྟ་བུ་དང༌། བརྩོན་འགྲུས་རྩོམ་པའི་བསམ་པ་མི་འགྱུར་བ་གསེར་བཟང་པོ་ལྟ་བུ་དང༌། བརྩོན་འགྲུས་རྩོམ་པའི་བསམ་པ་གོང་ནས་གོང་དུ་འཕེལ་བ་ཟླ་བ་ཚེས་པ་ལྟ་བུ་ནི་གོ་ཆའི་བསྒྲུབ་པའོ། །བརྩོན་འགྲུས་རྩོམ་པ་ལ་དངོས་སུ་ཞུགས་པས་ལེ་ལོ་བུད་ཤིང་དང་འདྲ་བ་སྲེག་པར་བྱེད་པ་ནི་འཇུག་པའི་བསྒྲུབ་པའོ། །ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་བརྩོན་འགྲུས་བརྩམས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་ནི་ཚོགས་ཀྱི་བསྒྲུབ་པའོ། །བརྩོན་འགྲུས་བརྩམས་པས་མི་མཐུན་ཕྱོགས་རྟོག་པ་བཞི་ལས་རྒྱལ་བ་ཐོབ་པ་ནི། ངེས་པར་འབྱུང་བའི་བསྒྲུབ་པའོ། །རྟོག་པ་བཞི་ནི། ལེ་ལོ་ནི་ཀུན་ནས་ཉོན་མོངས་ཀྱི་རྟོག་པ། གཉེན་པོ་བརྩོན་འགྲུས་ལ་མངོན་པར་ཞེན་པ་ནི། གཉེན་པོའི་རྟེན་ཅན་གྱི་རྟོག་པ། སྤང་གཉེན་ལ་བདེན་པར་འཛིན་པ་ནི། རྫས་འཛིན་རྟོག་པ། བཏགས་པ་ཙམ་དུ་མངོན་པར་ཞེན་པ་ནི་བཏགས་འཛིན་རྟོག་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་ཚུལ་ལ་ཡང་གཉིས་ཏེ། བསམ་པས་གོ་བགོ་བ་དང༌། སྦྱོར་བས་འཇུག་ཚུལ་ལོ། །དང་པོ་ལ་བསམ་གཏན་སྒོམ་པ་ལ་འདུན་པ་ས་ལྟ་བུ་དང༌། བསམ་གཏན་སྒོམ་པ་ལས་བསམ་པ་མི་འགྱུར་བ་གསེར་བཟང་པོ་ལྟ་བུ་དང༌། བསམ་གཏན་སྒོམ་པའི་བློ་གོང་ནས་གོང་དུ་ཇེ་འཕེལ་དུ་འགྲོ་བ་ཟླ་བ་ཚེས་པ་ལྟ་བུའོ། །གཉིས་པ་ནི། མེས་བུད་ཤིང་བསྲེག་པ་བཞིན་དུ་བསམ་གཏན་བསྒོམ་པ་ལ་དངོས་སུ་ཞུགས་པས་རྣམ་པར་གཡེང་བ་བུད་ཤིང་དང་འདྲ་བ་སྲེག་པར་བྱེད་པའོ། །བདེན་པ་བཞི་ལ་གཞི་བཅའ་བ་ནི། རྣམ་པར་གཡེང་བ་ནི་ཀུན་འབྱུང་གི་བདེན་པ་ཡིན་ལ། དེ་ལ་བརྟེན་ནས་སྡུག་བསྔལ་འབྱུང་བ་ནི་སྡུག་བསྔལ་གྱི་བདེན་པའོ། །བསམ་གཏན་ནི་ལམ་གྱི་བདེན་པའོ། །བསམ་གཏན་ལ་བརྟེན་ནས་ཉོན་མོངས་པ་དང་བྲལ་བ་ཐོབ་པ་ནི་འགོག་པའི་བདེན་པའོ། །བསམ་གཏན་ལ་གསུམ་སྟེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །དང་པོ་ནི། དཔེར་ན་སྐྱེས་བུ་དཔའ་བོས་ཕས་ཀྱི་རྒོལ་བ་འཇོམས་པ་བཞིན་དུ། ཏིང་ངེ་འཛིན་གང་ལ་མཉམ་པར་བཞག་པས་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པ་སྟེ། རང་གི་རྒྱུད་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པ་གང་སྐྱེས་པའི་ངོ་བོ་རིག་པར་བྱས་ནས། དེའི་གཉེན་པོ་ལ་མཉམ་པར་འཇོག་པའོ། །དེ་ཡང་ཀུན་རྫོབ་ཐབས་ཀྱི་ཆ་བསྒོམ་པ་དང༌། དོན་དམ་རྟོགས་པའི་ཤེས་རབ་བསྒོམ་པའོ། །དང་པོ་ལ་ཡང་གསུམ་སྟེ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམ་པ་དང༌། ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ་དང༌། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པའོ། །དང་པོ་ནི། འདོད་ཆགས་དུས་གསུམ་གྱི་རྟོག་པ་བཅད་པ་ལ། མིག་བཙུམ་ནས་ཐུན་དུ་བཅད་ལ་བསྒོམ་དུ་མེད་པ་ཡིན་གྱི་རྟོག་པ་ནམ་སྐྱེས་ཀྱི་ཚེ་ན་བཅད། རྐུན་མ་ནམ་བྱུང་གི་ཚེ་ན་བརྡ་བྱ་བ་ཡིན་པས། གང་ལ་ཆགས་པའི་ལུས་ཉིད་མི་གཙང་བའི་ཕུང་པོ་དུར་ཁྲོད་ཀྱི་རོ་ལྟ་བུར་ལྟ་སྟེ། རྒྱུ་མི་གཙང་བ་ཕ་ཡི་ཁུ་བ། རྐྱེན་མི་གཙང་བ་མའི་ཁྲག འབྲས་བུ་མི་གཙང་བ་རྫས་སུམ་ཅུ་རྩ་དྲུག་གིས་གང་བ། འབུ་སྲིན་གྱི་གྲོང་ཁྱེར། རྣག་ཁྲག་གི་རྐྱལ་པ། རུས་པ་མཐུད་པའི་དུམ་བུ། རྩ་རྒྱུས་འབྲེལ་བའི་དྲྭ་བ། ཡིད་བརྟེན་དུ་མི་རུང་བའི་ཆོས་ཅན་དུ་བསྒོམ་པར་བྱའོ། །ཡང་ཡུམ་ལས་ཤྭ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེར་ཕྱིན་ལ་གནས་ཏེ། འདུ་ཤེས་དགུ་བསྒོམ་པར་བྱའོ། །ཞེས་གསུངས་པ་ལྟར་བསྒོམ་སྟེ། རྣམ་པར་བམ་པའི་འདུ་ཤེས། སྦུ་བ་ཅན་གྱི་འདུ་ཤེས། རྣམ་པར་གནག་པའི་འདུ་ཤེས། རྣམ་པར་དམར་པའི་འདུ་ཤེས། རྣམ་པར་སྔོས་པའི་འདུ་ཤེས། རྣམ་པར་ཟོས་པའི་འདུ་ཤེས། རྣམ་པར་འཐོར་བའི་འདུ་ཤེས། རུས་པའི་འདུ་ཤེས། རྣམ་པར་ཚིག་པའི་འདུ་ཤེས་བསྒོམ་པར་བྱའོ། །གཞན་ཡང་མི་གཙང་ཞིང་ཡིད་དུ་མི་འོང་བ། མི་སྡུག་པ་ཡིད་བརྟེན་དུ་མི་རུང་བ། འཇིག་པའི་ཆོས་ཅན། རང་དབང་མ་ཐོབ་པ་ཁོ་ན་སྟེ། རང་གི་ངང་གིས་བུ་ཆུང་ལས་བྱིས་པ། དེ་ལས་ལང་ཚོ་དར་ལ་བབ་པ། དེ་ལས་རྒས་ནས་ཡིད་དུ་མི་འོང་བར་འགྱུར་བར་འགྲོ་ཞིང༌། ཡང་ན་རྐྱེན་གློ་བུར་བ་མཛེ་དང་འབྲུམ་བུ་དང་འབྲས་ལ་སོགས་པས་ཀྱང༌། འཕྲལ་དུ་ཡིད་དུ་མི་འོང་བར་ཤེས་པར་བྱའོ། །ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ་ནི། དགྲ་བྱུང་དུས་སུ་དགྲ་དེ་ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་དུ་ཤེས་པར་བྱའོ། །འདྲེས་གནོད་པའི་དུས་སུ་སངས་རྒྱས་ཀྱིས་ཞི་བས་འདུལ་བ་ལ་ཞི་བའི་ཐབས་སྟོན། དྲག་པོས་འདུལ་བ་ལ་དྲག་པོའི་ཐབས་སྟོན། ཞི་དྲག་གང་གིས་ཀྱང་མི་འདུལ་བ་ལ་གདོན་དུ་སྤྲུལ་ནས་ལུས་ལ་ན་ཚ་གཏོང་ཞིང༌། ངེས་འབྱུང་གི་བསམ་པ་བསྐྱེད་ནས་གཉེན་པོ་ལ་ཐབས་ཀྱིས་སྦྱོར་ཏེ། ལུས་ཡི་དམ་གྱི་ལྷ་དང་སྦྱོར། ངག་གསང་སྔགས་ཀྱི་བཟླས་བརྗོད་དང་སྦྱོར། ཡིད་ཆོས་ཉིད་སྟོང་པ་ཉིད་དང་སྦྱོར་བས་ཐབས་ལ་མཁས་པའི་བཤེས་གཉེན་དུ་རིག་པས། དེ་ལ་ཞེ་སྡང་སྐྱེ་པ་བཅད་ནས་བྱམས་པ་བསྒོམས་ཏེ་ཕ་རོལ་པོ་བདག་ལ་གཤེ་བ་དང༌། རྒོལ་བ་དང་བརྡེག་ཀྱང་བདེན་པ་ཡིན། ཁོང་ཉོན་མོངས་པའི་དུག་གིས་ཟིན་པ་ཡིན། བློ་འཁྲུལ་པ་ཡིན་སྙམ་དུ་ཤེས་པར་བྱས་ནས་བྱམས་པ་བསྒོམ། བདག་གིས་ནི་ལས་རྒྱུ་འབྲས་དང་དཀར་ནག་གི་ཆོས་ཀྱི་བླང་དོར་ཤེས། ཆོས་ཀྱི་གདུལ་བྱར་གྱུར། ལམ་ཉམས་སུ་ལེན་པའི་ཚུལ་ཤེས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པས། མཉམ་པོར་འཐབ་པ་ནི་ཤིན་ཏུ་མི་རིགས་སྙམ་དུ་རང་ལ་རང་གིས་ཁྲེལ་གདའ། དཔེར་ན་རླུང་ནད་ཀྱིས་སྨྱོ་ན། སྨན་པ་ལ་རྒོལ་ཞིང་བརྡེག་ཀྱང༌། སྨན་པས་ལན་མི་བྱེད་པར་འཁྲུལ་པ་ཡིན་ཟེར་ནས་ནད་གསོ་བ་ཡིན། དེ་ལྟར་ན་བདག་ཞེ་སྡང་སྐྱེ་བ་མ་ལེགས་ཀྱི་སྙམ་དུ་བསམས་ནས། ཞེ་སྡང་བཟློག་སྟེ་བྱམས་པ་བསྒོམ། དེ་ཡང་ཆོས་ཀྱིས། བཟོད་པ་བསྒོམ་ཞེས་བསྐུལ་བྱེད་ཀྱི་དགེ་བའི་བཤེས་གཉེན་དུ་བསྒོམ་མོ། །དེས་ཀྱང་གཉེན་པོ་ལེན་དུ་མ་འདོད་ན། ཁྱེད་ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་གྱིས་ཟིན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། གཞན་དོན་གྱི་བྱ་བ་བྱེད་དགོས་པ་མ་ཡིན་ནམ། ཞེས་སོགས་ཀྱིས་འགལ་བསྐུར་རོ། །གཏི་མུག་གི་གཉེན་པོར་སོ་སོར་རྟོག་པའི་ཤེས་རབ་བསྒོམ་པ་ནི། རྗེས་ཐོབ་ཏུ་ཕྱག་དང་སྐོར་བ་ལ་སོགས་པས་ལུས་ཀྱི་སྒྲིབ་པ་སྦྱོང༌། མདོ་འདོན་པ་དང་སྔགས་བཟླ་བ་སོགས་ཀྱིས་ངག་གི་སྒྲིབ་པ་སྦྱོང༌། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་བསྒོམས་པས་ཡིད་ཀྱི་སྒྲིབ་པ་སྦྱོང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་བསྟན་ཟིན་ཏོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གང་ལ་གནས་པས་མི་མཐུན་ཕྱོགས་འཇོམས་ཤིང༌། ཚུལ་ལ་བར་དུ་གཅོད་པ་གང་གིས་ཀྱང་མི་ཚུགས་པའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་ལྡང་འཇུག་ཐམས་ཅད་དུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ནས་བསྒོམ་པའི་ཏིང་ངེ་འཛིན་ནོ། །བསམ་གཏན་གྱིས་ཕར་ཕྱིན་རི་བོ་ལྟ་བུ་ཞེས་པའི་དོན་ནི། བསམ་གཏན་དེ་གསུམ་དང་ལྡན་ན། དབུས་ཀྱི་རི་བོ་མཆོག་རབ་ལ་རླུང་ལ་སོགས་པའི་རྐྱེན་གང་གིས་ཀྱང་མི་འགུལ་ཞིང་མི་གཡོ། བསྐྱོད་པར་མི་ནུས་པ་བཞིན་དུ། ཉོན་མོངས་པ་དང་རྣམ་པར་རྟོག་པ་གང་གིས་ཀྱང་མི་འགུལ་ཞིང་མི་བསྐྱོད། གཡོ་བར་མི་ནུས་པའོ། །དགེ་བའི་བཤེས་གཉེན་ལ་བརྟེན་ཚུལ་སྔར་བཞིན་སྦྱར་རོ། །ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་ཚུལ་ནི། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་འཁོར་བའི་མཐའ་ལ་མི་གནས་ཤིང༌། སྙིང་རྗེ་ཆེན་པོས་ཟིན་པས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའོ། །སྒྲུབ་པ་བཞིའི་སྒོ་ནས་ཉམས་སུ་ལེན་ཚུལ་ནི། འདུན་པ་སོགས་གསུམ་ནི་གོ་སྒྲུབ། སྦྱོར་བ་མེ་ལྟ་བུ་ནི་འཇུག་སྒྲུབ། ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་ཟིན་པས་ཚོགས་གསོག་པ་ནི་ཚོགས་སྒྲུབ། རྟོག་པ་བཞི་ལས་རྒྱལ་བ་ཐོབ་པ་ནི་ངེས་འབྱུང་བསྒྲུབ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་ཚུལ་ནི། ཐོས་པས་ཚིག་ཤེས། བསམས་པས་དོན་གོ །བསྒོམས་པས་དོན་ཉམས་སུ་མྱོང་བར་བྱེད། ཐོས་པས་ངེས་ཤེས་བསྐྱེད། བསམས་པས་སྒྲོ་འདོགས་ཆོད། བསྒོམས་པས་དོན་མངོན་དུ་འགྱུར། ཡང་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་དོན་ཤེས། རང་བཞིན་སྟོང་པ་ཉིད་གང་ཞེ་ན། འདི་ནི་ཆུ་ཟླའི་དཔེས་ཤེས་པར་བྱ་སྟེ། ཆུ་ཟླ་ལ་བརྡ་ཆོས་རྣམ་པ་བཞི་སྟེ། ཆུ་ནང་དུ་ཟླ་བར་སྣང་ཙམ་མ་འགགས་པར་ཡོད་པ་དང༌། ཟླ་བར་སྣང་ཡང་ཟླ་བར་ཡོད་མ་མྱོང་བ་དང༌། ཟླ་བར་སྣང་བ་དང་ཟླ་བར་ཡོད་མ་མྱོང་བ་གཉིས་ཐ་དད་མེད་པ་དང༌། ཟླ་བའི་མཚན་ཉིད་ཤེས་ན། ཟླ་བར་རང་སར་གྲོལ་བའོ། །དང་པོ་ནི། མཁས་པ་ནས་བྱིས་པའི་བར་གང་གིས་ཀྱང་བསྙོན་དུ་མེད་པར་ཟླ་བར་སྣང་བའོ། །གཉིས་པ་ནི། ཆུ་ནང་དུ་ཟླ་བ་གདོད་མ་ནས་ཡོད་མ་མྱོང་བའོ། །གསུམ་པ་ནི། ཟླ་བར་སྣང་བ་ཉིད་ཟླ་བའི་ངོ་བོར་ཡོད་མ་མྱོང་བས་དེ་གཉིས་སོ་སོ་ཐ་མི་དད་པའོ། །བཞི་པ་ནི། ཟླ་བ་ལ་དཔག་ཚད་ལྔ་བཅུ་དང༌། བསིལ་བའི་འོད་ཟེར་འཕྲོ་བ་དང༌། མུན་པ་སེལ་བའི་ཁྱད་པར་གསུམ་དང་ལྡན་ལ། ཆུ་ནང་གི་ཟླ་བར་སྣང་བ་ལ། མཚན་ཉིད་དེ་གསུམ་གང་ཡང་མེད་པའི་ཕྱིར། ཟླ་བའི་རང་གི་ངོ་བོས་སྟོང་པར་ཤེས་སོ། །མདོར་ན་ཟླ་བར་སྣང་ཡང༌། ཟླ་བའི་ངོ་བོར་མེད་པས་ཟླ་བའི་ངོ་བོས་སྟོང་ཞེས་བྱའོ། །མེ་ལོང་ནང་གི་གཟུགས་བརྙན་གྱིས་ཀྱང་ཤེས་པར་བྱ་སྟེ། མེ་ལོང་གི་ནང་དུ་བཞིན་སྣང་ཙམ་ཡོད་པར་མ་འགགས་པ་དང༌། བྱད་བཞིན་དུ་སྣང་བའི་དུས་ཉིད་ནས་བྱད་བཞིན་དུ་ཡོད་མ་མྱོང་བ་དང༌། བྱད་བཞིན་དུ་སྣང་བ་ཉིད་བྱད་བཞིན་གྱི་ངོ་བོར་ཡོད་མ་མྱོང་བས་སྣང་སྟོང་སོ་སོ་མ་ཡིན་པ་དང༌། བཞིན་གྱི་རང་བཞིན་གྱི་མཚན་ཉིད་ཤེས་པས་མེ་ལོང་བཞིན་དུ་མེད་པར་ཁོང་དུ་ཆུད་པའོ། །འཇའ་ཚོན་གྱི་དཔེས་ཀྱང་ཤེས་པར་བྱ་སྟེ། འཇའ་ཚོན་ནི་ཁ་དོག་སྣ་ཚོགས་བཀྲ་བར་སྣང་ཙམ་མ་འགགས་པར་སྣང་བ་དང༌། སྣང་བའི་དུས་ཉིད་ནས། གང་ལ་ཤར་བའི་ཡུལ་དེར་གདོད་མ་ནས་ཡོད་མ་མྱོང་བ་དང༌། སྣང་སྟོང་ཐ་དད་མེད་པ་དང༌། ཁ་དོག་རང་གི་མཚན་ཉིད་ཤེས་ན་ཁ་དོག་རང་གི་མཚན་ཉིད་དུ་མ་གྲུབ་པར་ཤེས་པའོ། །དཔེ་དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བློ་ལ་སྣང་ཙམ་མ་འགགས་པར་ཡོད་པ་དང༌། བློ་ལ་སྣང་བའི་དུས་ཉིད་ན་གནས་ཚུལ་ལམ་འཇུག་ཚུལ་ལམ། སྡོད་ཚུལ་ལ་གདོད་མ་ནས་ཡོད་མ་མྱོང་བ་ཡིན་གྱི། བློས་སྔར་ཡོད་ཀྱི་རང་བཞིན་བཤིགས་པའི་ཚུལ་གྱིས་སྟོང་པ་མ་ཡིན་པར་དང་པོ་ནས་རང་བཞིན་གྱིས་སྟོང་པའོ། །གལ་ཏེ་སྔར་རང་བཞིན་གྱིས་ཡོད་པ། བློས་སྟོང་པར་བསྒོམས་པས། སྟོང་པ་ཉིད་དུ་གསར་དུ་སོང་བ་ཡིན་ན། སྟོང་པ་ཉིད་ལ་བློས་གསར་དུ་བཅོས་པ་ཉིད་དུ་འགྱུར་བ་དང༌། སྟོང་ཉིད་སྒོམ་པའི་བློས་དངོས་པོའི་རང་བཞིན་ལ་སྐུར་བ་བཏབ་པར་འགྱུར་བས། སྟོང་ཉིད་བསྒོམ་པའི་བློ་ལོག་ལྟ་ཉིད་དུ་འགྱུར་བའི་ཕྱིར། ཐར་པ་ཐོབ་བྱེད་དུ་མི་འགྱུར་ཏེ། ཨཱརྻ་དེ་བས། ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུངས། །ཞེས་སོ། །སྟོང་པ་ཉིད་བློས་བྱས་པ་ཉིད་དུ་འགྱུར་བས་བཅོས་མ་མ་ཡིན་པའི་དོན་མ་ཡིན་པར་འགྱུར་ཞིང༌། ཤེར་ཕྱིན་ལས་ཆོས་ཉིད་ལྷ་དང་མི་རྣམས་ཀྱིས་བསྒྲུབ་པར་མི་ནུས་སོ། །ཞེས་པ་དང༌། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་དེ་ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །སྣང་བའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དང༌། སོ་སོ་ཐ་མི་དད་དེ། སྣང་བ་ཉིད་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །དེས་ན་སྣང་བ་སྤངས་པའི་ཕ་རོལ་ན་སྟོང་པ་ཉིད་ལོགས་སུ་བཙལ་བར་བྱ་བ་མ་ཡིན་ནོ། །སྣང་བ་འདི་དག་གི་མཚན་ཉིད་ཁོང་དུ་ཆུད་པ་ན། དང་པོ་ནས་སྟོང་པ་ཉིད་ཡིན་པར་ཁོང་དུ་ཆུད་པར་འགྱུར་རོ། །དེས་ན་ཆོས་ཐམས་ཅད་སྣང་བའི་དུས་ཉིད་ནས་རང་བཞིན་མེད་པར་ཁོང་དུ་ཆུད་པའི་ཤེས་རབ་ཉིད་ལ་སྨན་གྱི་དཔེས་བསྟན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ནད་དང་འདྲ་བ་ཞི་བར་བྱེད་པའི་ཕྱིར་རོ། །ཤེས་རབ་ཀྱི་སྨན་བདུད་རྩི་རེག་འབྱོར་དང་འདྲ་སྟེ། བདུད་རྩི་རེག་འབྱོར་གང་ལ་རེག་ཀྱང་ནད་སོས་པར་བྱེད་པ་བཞིན་དུ། ཤེས་རབ་ཀྱང་གང་གི་རྒྱུད་ལ་སྐྱེས་པ་དེའི་ནད་དང་གདོན་ལ་སོགས་པ་ཞི་བར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག་འདི་རྩི་སྨན་དང་འདྲ་སྟེ། རྩི་སྨན་དེ་གང་ལ་བསྐུས་པ་དེ་སྨན་དུ་འགྲོ་སྐད། དེ་བཞིན་དུ་ཤེར་ཕྱིན་གྱི་གདམས་ངག་འདི་ཤེས་པ་ཙམ་གྱིས་སངས་རྒྱས་སུ་འགྲོ། སྨན་མཆོག་མ་གི་ཏ་དང་འདྲ་སྟེ། འདི་སྨན་གཞན་དང་མི་འདྲ་བར་ནད་གང་ལ་བཏང་ཡང་སོས་པར་འགྱུར་རོ། །དེ་བཞིན་དུ་ཤེར་ཕྱིན་གྱི་གདམས་ངག་འདི་གདམས་ངག་གི་མཆོག་ཏུ་གྱུར་པ་ཡིན་པས། གང་གིས་ཐོས་པ་དེ་སངས་རྒྱ་བ་ཡིན། གསེར་འགྱུར་གྱི་རྩི་དེ་རྫས་གང་ལ་བསྐུས་ཀྱང་གསེར་དུ་འགྲོ་སྐད། དེ་བཞིན་དུ་ཤེར་ཕྱིན་གྱི་གདམས་ངག་འདི། གང་གིས་ཐོས་པ་དེ་སངས་རྒྱས་ཐོབ་པར་འགྱུར་བ་ཡིན་ནོ། །འདི་ཉམས་སུ་བླངས་པའི་དུས་སུ་ཐེ་ཚོམ་ཟ་ན། དཔྱད་པ་གསུམ་བྱ་བ་ཡིན་པས། འཕགས་པའི་དགེ་བའི་བཤེས་གཉེན་བཀའ་རྒྱས་འབྲིང་བསྡུས་གསུམ་ལ་ལྟ་རྟོག་གྱིས། གང་ཟག་གི་དགེ་བའི་བཤེས་གཉེན་བླ་མའི་དྲུང་དུ་སྒྲོ་འདོགས་ཆོད། རང་རིག་པའི་དགེ་བའི་བཤེས་གཉེན་གྱིས་རང་གི་སེམས་ལ་སྐོར་ལྡོག་ཚད་དུ་ཕྱིན་པར་བྱས་ནས་རྟོག་པ་གཉེན་པོ་དང་ངོ་སྤྲོད། ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་ལྔས། སེམས་ཅན་ལ་ཕན་པ་ཅི་ནུས་སུ་གྱིས། དེ་དག་ལ་མ་དམིགས་པའི་ཡེ་ཤེས་ཀྱིས་རྒྱས་ཐོབ། བདེན་པ་གཉིས་དབྱེར་མེད་དུ་ཉམས་སུ་ལོང༌། སྦྱོར་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རྗེས་དགེ་བ་བླ་མེད་བྱང་ཆུབ་ཏུ་བསྔོས་ཤིག དེ་ལྟར་བྱས་ན་ཚེ་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མངོན་དུ་གྱུར་ནས། ལེ་ལོ་ཆེ་ཡང་སྐྱེ་བ་གསུམ་ལས་ལྷག་པ་འཁོར་བར་མི་ལྡོང་ཅེས་དམ་པས་གསུངས་སོ། །བསམ་པས་གོ་བགོ་བ་ནི། ཤེར་ཕྱིན་ལ་འདུན་པ་དང༌། ཤེར་ཕྱིན་བསྒོམ་པ་ལས་བསམ་པ་མི་འགྱུར་བ་དང༌། ཤེར་ཕྱིན་སྒོམ་པའི་བློ་གོང་ནས་གོང་དུ་འཕེལ་བའོ། །སྦྱོར་བས་འཇུག་ཚུལ་ལ། ཤེར་ཕྱིན་བསྒོམ་པ་ལ་དངོས་སུ་སྦྱོར་བ་ནི་མེ་ལྟ་བུའོ། །བདེན་པ་བཞི་ལ་གཞི་བཅའ་བ་ནི། ཤེས་རབ་འཆལ་པ་ནི་ཀུན་འབྱུང་གི་བདེན་པ། དེ་ལས་སྡུག་བསྔལ་འབྱུང་བ་ནི་སྡུག་བསྔལ་གྱི་བདེན་པ། ཤེས་རབ་ནི་ལམ་གྱི་བདེན་པའོ། །དེ་ལས་སྡུག་བསྔལ་དང་བྲལ་བ་ཐོབ་པ་ནི་འགོག་པའི་བདེན་པའོ། །དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཚུལ་བསྟན་ཟིན་ཏོ། །ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་པའི་ཚུལ་ནི། འཁོར་གསུམ་མི་དམིགས་པར་རྟོགས་པས་འཁོར་བའི་མཐའ་ལ་མི་གནས། སྙིང་རྗེས་ཟིན་པས་མྱ་ངན་ལས་འདའ་བའི་མཐའ་ལ་མི་གནས་སོ། །སྒྲུབ་པ་བཞིའི་སྒོ་ནས་ཉམས་སུ་ལེན་ཚུལ་ནི། འདུན་པ་སོགས་གསུམ་ནི་གོ་ཆའི་བསྒྲུབ་པའོ། །སྦྱོར་བ་མེ་ལྟ་བུ་ནི་འཇུག་པའི་བསྒྲུབ་པའོ། །ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་ཉམས་སུ་བླངས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་ནི་ཚོགས་ཀྱི་བསྒྲུབ་པའོ། །མི་མཐུན་ཕྱོགས་རྟོག་པ་བཞི་ལས་རྒྱལ་བ་ནི་ངེས་པར་འབྱུང་བའི་བསྒྲུབ་པའོ། །གཉིས་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་གཉིས་ཏེ། བསམ་པས་གོ་བགོ་བ་དང༌། སྦྱོར་བས་འཇུག་ཚུལ་ལོ། །དང་པོ་ནི། ཐབས་ལ་འདུན་པ་དང༌། བསམ་པ་གསེར་བཟང་པོ་དང༌། ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུའོ། །གཉིས་པ་སྦྱོར་བས་འཇུག་ཚུལ་ལ། ཐབས་མཁས་ཀྱི་བྱ་བ་ལ་ཞུགས་པ་སྦྱོར་བ་མེ་ལྟ་བུའོ། །བདེན་པ་བཞི་ལ་གཞི་བཅའ་བ་ནི། ཐབས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ནི་ཀུན་འབྱུང་གི་བདེན་པ། དེ་ལས་སྡུག་བསྔལ་འབྱུང་བ་ནི་སྡུག་བསྔལ་གྱི་བདེན་པའོ། །ཐབས་ལ་མཁས་པ་ནི་ལམ་གྱི་བདེན་པའོ། །དེ་ལས་མི་མཐུན་ཕྱོགས་དང་བྲལ་བ་ནི་འགོག་པའི་བདེན་པའོ། །ཐབས་ལ་མཁས་པ་ཡང་གསུམ་སྟེ། དགེ་བའི་ཕྱོགས་རྫོགས་པའི་ཐབས་ལ་མཁས་པ། རང་གི་སྐྱོན་སྤོང་བའི་ཐབས་ལ་མཁས་པ། གཞན་དགེ་བ་ལ་འཇུག་པའི་ཐབས་ལ་མཁས་པའོ། །དང་པོ་ལ་དོན་དྲུག་སྟེ། རྒྱུའི་རྐྱེན་གྱིས་དད་པ་གསོས་འདེབས་ནུས་པ། བདག་པོའི་རྐྱེན་གྱིས་ཉེ་བར་རྒྱུད་ལ་འཆང་བ། དམིགས་པའི་རྐྱེན་གྱིས་མ་འཁྲུལ་བར་སྒྲུབ་པ། དེ་མ་ཐག་པའི་རྐྱེན་གྱིས་གོ་འབྱེད་པ། ཐབས་ལ་མཁས་པས་མི་དམིགས་པར་བསྒྲུབ་པའོ། །དང་པོ་ནི། དད་པ་སྔར་བས་ཆེ་བ། བརྩོན་འགྲུས་སྔར་བས་ཆེ་བ། ཏིང་ངེ་འཛིན་སྔར་བས་གསལ་བ། ཤེས་རབ་སྔར་བས་ཕུལ་དུ་བྱུང་བ་སྟེ། དགེ་བའི་ཆོས་ཐམས་ཅད་ཀྱི་ས་བོན་གསོས་འདེབས་ནུས་པའོ། །བདག་པོའི་རྐྱེན་གྱིས་རྒྱུད་ལ་འཆང་བ་ནི། གང་ཟག་གི་རྒྱུད་ལ་ཆོས་ཉེ་བར་སྦྱོར་བ་སྟེ། ཆོས་དང་གང་ཟག་སོ་སོར་སོང་ན། གཉེན་པོ་བསྐྱེད་པའི་ཐབས་ལ་མ་མཁས་པས་དད་པ་འཁོར་བའི་ཕྱོགས་སུ་ཤོར་བ་སྟེ། དགྲ་འདུལ་བ་དང་གཉེན་སྐྱོང་བ་སོགས་སུ་སོང་ན་དད་པ་ཕྱི་རུ་ཤོར་ཞིང༌། རྣམ་རྟོག་གི་རྐུན་མ་སེམས་ལ་ཞུགས། གཉེན་པོ་ཁ་ཞབས་སུ་ཤོར། ཡི་དམ་ཕྱི་དུས་སུ་སོང༌། ཆོས་སྤྱོད་བསྲུང་བྱ་རུ་ཤོར། ཆོས་ཕྱི་དུས་དང་རྒན་སྐྱེད་ལ་རེ། ཐབས་གཟུགས་བརྙན་དུ་ཤོར། སྤང་བྱ་མ་ཆོད། སྦྱོར་བ་ལོག་པའི་ནད་པ་བཅོས་པར་དཀའ། བརྩོན་འགྲུས་དུབ་པ་མེད་པ་ལ་ལས་བཀུར་དུ་ཤོར། དེ་རིང་འདི་བྱ་སང་ཉིན་འདི་བྱ། གནངས་ཉིན་འདི་བྱ་སོགས་སུ་སོང་བས་ཆོས་དང་གང་ཟག་འདྲེར་མ་བཏུབ། ཐབས་ལ་མཁས་པ་ལོག་པས། དེ་ལྟར་མ་སོང་བར་རང་རྒྱུད་ལ་དགེ་བ་བསྐྱེད་པའི་ཐབས་ལ་མཁས་པར་བྱའོ། །རྣམ་རྟོག་རྐུན་མ་སེམས་ཞུགས་པའི་དོན་ནི། རྐུན་མ་ཞེས་བྱ་བ་མ་ཚོར་བར་ཕུང་བར་བྱེད་པ་ལྟར། རང་ཆོས་བྱེད་པ་ལྟར་སྣང་ཡང༌། རྫོགས་པའི་བྱང་ཆུབ་ཐོབ་འདོད་དམ། ངེས་འབྱུང་གི་བློ་མེད་པར་འཇིག་རྟེན་འདིའི་བདེ་སྐྱིད་དང་སྙན་གྲགས་དོན་དུ་གཉེར་བས། ཐོས་བསམ་སྒོམ་གསུམ་བྱས་ཀྱང་མྱང་འདས་ཀྱི་རྒྱུར་མི་འགྲོ་བ་མ་ཚོར་བར་དགེ་པ་ལ་གནས་པར་རློམ་ཡང༌། ཁོ་རང་འདོད་པའི་བདེ་འགྲོ་ཙམ་ཡང་མི་འབྱུང་སྟེ། ཚེ་འདི་ལས་བློ་མ་ལོག་པའི་ཕྱིར་རོ། །རང་འཁྲུལ་པར་རང་གིས་མ་ཚོར་བས་གཉེན་པོ་ཁ་ཞབས་སུ་ཤོར། རང་གིས་ཆོས་པར་ཁས་ལེན་ཅིང༌། མིང་ཡང་ཆོས་པར་བཏགས། མིས་ཀྱང་ཆོས་པར་འཛིན་པས་ལུས་ངག་ཕྱིར་ལ་འཆོས་ཏེ། ཞི་ཞི་དུལ་དུལ་དགེ་དགེ་བཙུན་བཙུན་ལྟར་བྱེད། དེ་ལྟར་མ་བྱས་ན་འདི་ཀུན་མི་དད། མ་དད་ན། འབུལ་བ་དང་བསོད་སྙོམས་སོགས་མི་ཡོང་སྙམ་ནས། ཕྱིའི་ཆ་ལུགས་འཆོས་ཤིང༌། རྟོག་པ་ཕྱིན་ཅི་ལོག་ཐམས་ཅད་སྐྱེར་བཅུག་ནས་ཕྱི་རོལ་ཏུ་བཟང་བ་ལྟར་སྟོན་པ་ནི། རྨ་ཁ་ཚིལ་བུས་གཏུམས་ནས་མདའི་དུམ་བུ་ཁོང་དུ་བཅུག་པ་ལྟར། འདི་ནི་དོན་གྱི་ཆོས་པར་མི་འགྲོ། གཞན་བསླུ་བའི་ཟོག་པོ་ཡིན། ཀུན་སློང་མི་དགེ་བ་འབའ་ཞིག་གིས་ཀུན་ནས་བསླངས་པས་ཀུན་འབྱུང་ལས་མ་འདས། ཡི་དམ་ཕྱི་དུས་སུ་སོང་བ་ནི། ད་ལྟ་ཆོས་མི་བྱེད་པར། ད་བཟོད་ཆོས་ཅིག་བྱ་དགོས་ཟེར་ནས། རང་གི་སྐྱོན་མ་ཚོར་བས་གཉེན་པོས་མ་བཟློག་པའོ། །ཆོས་སྤྱོད་བསྲུང་བྱར་ཤོར་བ་ནི། ལུག་ངག་གི་དགེ་སྦྱོར་རེམ་པར་འདུག་ཀྱང༌། བདེ་བ་བསྒྲུབ་པར་འདོད། སྡུག་བསྔལ་སྤང་པར་འདོད་པས་བླང་དོར་གྱི་སྒོ་ནས་བསྒྲུབས་ཏེ། སྦྱོང་བའི་ཚེ་རེ་བ་མ་ཆོད། དངོས་གཞིའི་དུས་སུ་ཞེན་པ་མ་ཆོད། རྗེས་ལ་དོགས་པ་མ་ཆོད་པ་འདི་ཅིས་ལེན་ན། བདེ་འདོད་ཀྱི་རྟོག་པ་འཁྲུལ་པར་མ་ཤེས་པས་བླང་བྱར་བྱས། སྡུག་བསྔལ་བདེ་བའི་སྣ་འདྲེན་དུ་མ་ཤེས་པས་དོར་བྱར་བྱས། བདེ་སྡུག་སྟོང་པ་ཉིད་དུ་རོ་གཅིག་པར་མ་ཤེས་པས་བླང་དོར་རམ་ཆགས་སྡང་གི་རྟོག་པ་རྒྱུད་ལ་སྐྱེས་པ་གཉེན་པོས་བཟློག་པར་འདོད་ནས་གཉེན་པོ་རྒྱུད་ལ་བརྟེན་ཀྱང༌། འགོག་པ་ཆ་མཐུན་ཙམ་ཡང་རྒྱུད་ལ་མ་ཐོབ། བླང་དོར་དུ་ཞེན་པས་གཟུང་འཛིན་གྱི་དགྲ་མ་ཆོམས། ཆོས་ཕྱི་དུས་དང་རྒན་སྐྱེད་ལ་རེ་བ་ནི། ད་ལྟ་ཆོས་མི་བྱེད་པར་མ་འོངས་པ་ན་བྱེད་པར་འདོད། ད་ལྟ་གཉེན་པོས་སྤང་བྱ་མ་བཟློག་ཀྱང༌། མ་འོངས་པ་ན་བཟློག་ཏུ་རེ། ཐབས་གཟུགས་བརྙན་དུ་ཤོར་བ་ནི། རང་གིས་རང་འཁྲུལ་པར་མ་ཤེས་པས། བླང་དོར་གྱི་རྟོག་པ་མ་ཆོད། ཡང་ན་མ་བཅད་བཅད་པར་འདོད་ཀྱང་རེ་བས་བསྒྲུབས། དམིགས་ཤིང་ཞེན་པས་སྦྱར་བས་ཐབས་གཟུགས་བརྙན་དུ་ཤོར་བས་སྤང་བྱ་མ་ཆོད། མ་ཆོད་པས་སྒོམ་ཐོག་ཏུ་མ་སློངས། ན་ཐོག་ཏུ་མ་ཕེབས། ནད་བཟློག་པའི་ཐབས་མོ་དང་སྨད་ལ་སོགས་པའི་རྗེས་སུ་འཇུག གཉེན་པོ་མཐུ་མེད་ལ་ར་མདའ་བཟློག་དགོས། མཚལ་རང་ལ་ཡོད་ཀྱང་བཙག་མི་ལ་འཚོལ་དགོས་པས། མདོ་རྒྱུད་ཀྱི་དགོངས་པ་བཞིན་རང་རྒྱུད་ལ་མ་ཁེལ། བླ་མ་སངས་རྒྱས་ཀྱི་གསུང་ལ་ཡིད་མ་ཆེས་པས། ཁྱད་དུ་བསད་པས་མཁས་པའི་སྐྱེ་བོ་རྣམས་ཀྱིས་སྨད་པའི་གནས་སུ་འགྱུར་རོ། །ཚུལ་དེ་ལྟར་དུ་སྦྱར་བས་སྦྱོར་བ་ལོག་པ་དང༌། ལྟ་བ་ལོག་པ་དང༌། བསྒོམ་ལོག་དང་སྤྱོད་ལོག་ལ་ཞུགས་པས། སྦྱོར་ཉེས་ལྟ་ཉེས་བསྒོམ་ཉེས་སྤྱོད་ཉེས་བསྒྲུབ་ཉེས་རྩོལ་ཉེས་པས་སྐྱོན་བཅོས་པར་དཀའོ། །གང་ཟག་ཚན་གཅིག་གར་ལ་སོགས་པའི་ལྟད་མོ་སྟོན་པ་དང༌། སྟོན་མོ་སོགས་བྱེད་ཚུལ་གྱིས་ཡོད་བདག་གི་ངོ་བསྲུངས་ནས་གྲགས་པ་ཕུགས་སུ་ཞུགས་པ་ཆོས་པས་མ་ཚོར། དབང་བསྐུར་དང་རབ་གནས་དང་སྡོམ་པ་འབོགས་པ་དང་རིམ་འགྲོ་བྱེད་པ་སོགས་ཀྱི་སྒོ་ནས། འདོད་པ་ཕུགས་སུ་ཞུགས་པ་ཆོས་པས་མ་ཚོར་ཡང་ང་མཁས་དང༌། ང་བཙུན་དང་གཞན་གྱི་བཀུར་བ་སོགས་ཀྱི་སྟོབས་ཀྱིས་ང་རྒྱལ་དང་རློམ་པར་ཤོར་ཏེ། སྐྱོན་ཕུགས་སུ་ཞུགས་པ་ཆོས་པས་མ་ཚོར། འདི་དག་གིས་རང་གི་སྐྱོན་ངོས་བཟུང་ནས། སྤོང་ཐབས་ནི། སྐྱོན་འདི་འཆོས་ན་དང་པོ་རང་ལ་བལྟ་དགོས་ཏེ། བལྟ་ལུགས་ཇི་ལྟར་བལྟ་ན། བདག་ཆོས་སྒོར་ཞུགས། མིས་ཆོས་པར་བཏགས། རང་གིས་ཆོས་པར་ཁས་བླངས་ནས་ཐོས་བསམ་བྱེད་པ་འདི། ངེས་པར་རྒྱུ་གང་གིས་ཀུན་ནས་བསླངས། དེ་སྔ་ཡན་ཆད་ཇི་ལྟར་བྱས་ནས་འདུག ད་ཇི་ལྟར་བྱེད་ཅིང་འདུག ཚེའི་ལྷག་མ་འདི་འོང་ངོ་ཤེས་ན། བློ་སྣ་ཇི་ལྟ་བུ་ཞིག་ལ་གཏད་ནས་འདུག་བལྟས་པས། བློ་མུ་གཉིས་སུ་གནས་ཏེ། རང་ཆོས་པ་ངན་པ་གཅིག་ཡིན་ན། སྔར་བྱས་པ་དང་ད་ལྟ་བྱེད་བཞིན་པ་དང༌། ཕྱིས་བྱེད་པ་ཐམས་ཅད་འཇིག་རྟེན་འདིའི་བདེ་སྐྱིད་དང༌། སྙན་གྲགས་དོན་དུ་གཉེར་བས་ཐོས་བསམ་བྱས་པ་དོན་མེད་དུ་འགྱུར་རོ། །ཚུལ་འདི་ལྟ་བུའི་བསམ་པས། ཆོས་བྱས་པས་ནི་སངས་རྒྱས་མི་ཐོབ་ཅིང༌། ཉན་རང་ཡང་མི་ཐོབ་བོ། །དེ་བས་ལྷ་མིའི་བདེ་བ་ཡང་མི་ཐོབ་ཅིང༌། དེ་བས་ཀྱང་ཚེ་སྨད་ཀྱི་བདེ་སྐྱིད་འོང་བའི་ངེས་པ་ཡང་མེད་ཅིང་ཕལ་ཆེར་མི་འོང༌། གཉེན་པོ་ཁ་ཞབས་སུ་སོང་བ་མ་ཚོར་བས། ཀུན་འབྱུང་མི་བཟློག་གོ །ཀུན་འབྱུང་མ་སྤངས་ན་འབྲས་བུ་སྡུག་བསྔལ་ཀྱང་མི་བཟློགས་སོ། །འདི་ནི་དགྲ་ལ་མི་གནོད་པའི་སྲིད་དམ། སྲིད་དེ་དགྲ་ལ་ལོག་པ་ལྟར་མི་མཐུན་ཕྱོགས་ཀྱི་སྟོབས་ཀྱི་གྲོགས་བྱེད། སྨན་དུག་ཏུ་སོང་བས་ཕན་མ་བཏགས་པའི་སྟེང་དུ་གནོད་པ་སྐྱེལ་དུ་འོང་བ་དེ་བཞིན་དུ། ཆོས་ཉོན་མོངས་པའི་གཉེན་པོར་བཏང་ཡང་གཉེན་པོར་མ་སོང་སྟེ། སླར་ཉོན་མོངས་པར་ཤོར་བ་དེ་ནི། མིང་ཙམ་གྱི་ཆོས་པ་ཡིན་གྱི། དོན་གྱི་ཆོས་པར་མ་སོང་སྟེ། ཤེར་ཕྱིན་ལས། ལམ་བོར་ལམ་གོལ་འགྲོ་བ་འདི་ནི་བདུད་ཀྱི་ལས། །ཞེས་གསུངས་སོ། །སྐྱོན་འདི་དག་གི་རྩ་བ་གང་ལས་བྱུང་ན། ཚེ་སྨད་ཀྱི་བདེ་བ་དང༌། སྙན་གྲགས་འདོད་པ་ལས་བྱུང༌། དེ་གང་ལས་བྱུང་ན་བདག་ལ་གཅེས་འཛིན་ལས་བྱུང་བ་ཡིན་པས་བདག་འཛིན་སུན་ཕྱུང་བའི་དོན་དུ་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་དགོས་སོ། །རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློས་ཀུན་ནས་བསླངས་ནས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་དུ་རྟོགས་པའི་བློས། མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཐམས་ཅད་ལམ་གྱི་གྲོགས་སུ་ཤེས་པར་བྱའོ། །སྟོང་ཞིང་བདག་མེད་པའི་དོན་ལ་མཉམ་པར་གཞག་ཅིང་རྗེས་ཐོབ་ཏུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ཚུལ་དུ་བསླབ་པར་བྱའོ། །གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་སྣང་ཆ་ནས་ཀུན་རྫོབ་དང་སྟོང་ཆ་ནས་དོན་དམ་དུ་སྨོས་ཀྱི་ངོ་བོ་བདེན་པ་གཉིས་སུ་མེད་པའི་ཚུལ་དུ་གནས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་འདི་སྤྱད་ཅིང་ཐུགས་སུ་ཆུད་པས་སྤང་བྱ་མཐའ་དག་སྤངས་ཤིང༌། རྟོགས་པའི་ཡེ་ཤེས་མངོན་སུམ་དུ་མཛད་དོ། །བདེན་པ་གཉིས་སུ་མེད་པའི་དོན་འདི་སངས་རྒྱས་ཁོ་ནའི་ཡིན་རྒྱུ་མེད། འོ་སྐོལ་གྱི་མིན་རྒྱུ་མེད། ཆོས་ཐམས་ཅད་གཉིས་སུ་མེད་པར་མཚུངས་པ་ཡིན། སངས་རྒྱས་ཀྱིས་ཀྱང་གཞན་ནས་མ་བཙལ། འདི་ལྟ་བུའི་དོན་ཁོང་དུ་ཆུད་ནས། མ་ཡེངས་པར་བསྒོམས་པས། ཡི་དམ་ཕྱི་དུས་སུ་མི་འཆོར། སྙན་གྲགས་སྟོང་པ་ཉིད་དུ་རྟོགས་པས་སྙན་གྲགས་ཀྱི་འདོད་པ་ཞིག མི་མཐུན་ཕྱོགས་རྟོག་པའི་རྐྱེན་གྱིས་མི་གཡོ་ཞིང་མི་བསྐྱོད་པས། རྣམ་རྟོག་གི་རྐུན་མ་སེམས་ལ་འཇུག་པར་མི་འགྱུར། ཡོན་ཏན་གྱི་རྩ་བ་འདི་ནས་འཕེལ་བས། གཉེན་པོ་ཁ་ཞབས་ཀྱི་སྐྱོན་མི་འབྱུང༌། འདི་ཉིད་ཀྱིས་དགེ་བའི་ནུས་པ་རྫོགས་པས། ཆོས་སྤྱོད་བསྲུང་བྱར་མི་འཆོར། མཐུན་ཕྱོགས་མི་མཐུན་ཕྱོགས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པས། བླང་དོར་ཐ་དད་དུ་མི་འབྱེད་དོ། །ཆོས་ཕྱིས་དུས་དང་རྒན་སྐྱེད་ལ་རེ་མི་དགོས་ཏེ། ཡང་དག་པའི་དོན་ད་ལྟ་ནས་ཉམས་སུ་མྱོང་ཞིང་ལོངས་སྤྱོད་པའི་ཕྱིར། དེས་ན་སྦྱོར་དངོས་རྗེས་གསུམ་ལ་ཞེན་པ་ཆོད་པས་སྡུག་བསྔལ་ཐམས་ཅད་ལམ་དུ་སློང་བར་འགྱུར་རོ། །དེ་ལྟར་བྱས་ཀྱང་གཉེན་པོ་རྒྱུད་ལ་འབྱོར་དུ་མ་བཏུབ་ན། ཞེ་བཅད་དེ་སངས་རྒྱས་དང་བླ་མས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་གསུངས་ཀྱང༌། དེ་རྟོགས་པའི་བློ་རྒྱུད་ལ་མ་སྐྱེས། ཕུང་པོ་དང་སྒྱུ་མ་གཞན་དུ་མི་བྱ་ཞེས་པའི་དོན་ཁོང་དུ་མ་ཆུད། ཆོས་ཅི་བྱེད་ཐམས་ཅད་ཚེ་འདིའི་ལག་ཆར་སོང༌། འདི་ལྟ་བུའི་ཆོས་ཀྱིས་ངེས་ལེགས་ལྟ་ཞོག མངོན་མཐོ་ཡང་མི་ཐོབ། ཁྱོད་ཀྱིས་ཆོས་མི་འོང་བས་གཟུགས་བརྙན་གྱི་ཆོས་དེ་ཞོག་ལ་ཐོང༌། ཆོས་མ་ནུས་པ་ལ་འདི་ཕྱི་གཉིས་ཀར་སྡུག་བསྔལ་བ་ལས་མི་འོང་བས་སྡུག་ན་ཡང་སྙིང་ཚིམ་པ་ཡིན། ངན་སོང་གསུམ་གྱི་སྡུག་བསྔལ་ཙམ་ཡང་ཡོད་པ་ལ། ནད་ཟུག་འདི་ལས་ཆེ་བ་ཡོད་ན་ཡང་ཤོག བགེགས་འདི་ལས་མང་བས་གནོད་པ་བྱེད་ན་ཡང་གྱིས། ནམ་ཡང་ལས་ངན་བསགས་པའི་སྟེང་དུ་དམྱལ་བའི་མེ་ཚོགས་ཀྱང་ཡོད་པ་ལ། ཆགས་ས་མེད་པ་ལ་ཆགས། ཞེན་ས་མེད་པ་ལ་ཞེན། གནས་ས་མེད་པ་ལ་གནས། འཁོར་ས་མེད་པ་ལ་འཁོར། གལ་ཆེ་བའི་ཆོས་ནི་མི་སེམས་པར་འདུག སྡིག་ལུས་མི་གཙང་བའི་ཕུང་པོའི་གཅེས་འཛིན་འབའ་ཞིག་བྱེད། བཟའ་བ་ཟས་སུ་སྤུངས་པའི་ཕུང་པོ། གོན་པ་གོས་སུ་སྤུངས་པའི་ཕུང་པོ། གཙང་བ་ནོར་སྤུངས་པའི་ཕུང་པོ། རྣམ་སྨིན་སྡིག་གི་ཕུང་པོ། མི་གཙང་བའི་ཕུང་པོ། ཁྱོད་ཀྱིས་ཉ་ར་བྱས་པས་ངན་སོང་དུ་བསྐྱུར་བར་འདུག ཁྱོད་དང་ས་རྡོ་ལ་ཁྱད་མེད། ཁྱོད་ཤི་ཡང་བྱུར་དང་བྲལ་བ་ཡིན། ཁྱོད་བྱས་འཐོག་གམ། ཁྱིས་འབྲད་དམ། ཅི་དགའ་བ་གྱིས། ལུས་མི་གཙང་བ་ཁྱོད་ཀྱི་ཞལ་ལྟ་ངས་མི་ཡོང༌། ཁྱོད་ཀྱི་ཞབས་ཐོག་ཇི་སྙེད་ཅིག་བྱས་ཀྱང་བཟང་དུ་མི་འགྲོ། ཁྱོད་ཀྱི་མཐའ་བརྟགས་ན། ཚེའི་མཐའ་མར་རྒས་ཤིང་ཁོགས་པས་རང་གཞན་གྱིས་ཡིད་དུ་མི་འོང་བར་འགྲོ། རང་ལས་ངན་པས་ཀྱང་བལྟས་ཤིང་འཕྱ། རང་གི་ཡན་ལག་རང་གིས་མི་ཐེག་པར་འཕུལ་ཞིང་འདེགས་དགོས་པར་ཅི་ནས་ཀྱང་འགྲོ། དེ་ལྟར་མ་གྱུར་པ་ད་ལྟ་ཤི་ཡང་མེར་བསྲེགས་ན་ཐལ་བ་སྤར་གང༌། རི་ལ་བསྐྱལ་ན་བྱ་གཅན་གྱི་ཟས། ཆུ་ལ་བསྐྱལ་ན་ཉ་སྲམ་གྱི་ཟས། ས་ལ་སྦས་ན་འབུ་དོང་གང༌། དེ་ལས་འགྲོ་ས་མེད། ནམ་ཡང་དེ་ལྟར་འགྱུར་བས་ལུས་མི་གཙང་བ་ཁྱོད་ཀྱི་ཞལ་ལྟ་ངས་མི་ཡོང༌། སེམས་འཁྲུལ་པ་ཁྱོད་ཀྱི་རྗེས་ངས་མི་ཆོད། ཕུང་པོ་ལ་བདེན་པར་ཞེན་པའི་བླང་དོར་གྱི་རྟོག་པ་ལ་དགོས་པ་མེད། ཕྱིན་ཅི་ལོག་སྣ་ཚོགས་ཀྱི་རྗེས་ངས་མི་ཆོད་པས་ཅི་དགའ་བ་གྱིས། ཁྱོད་ན་བ་དང་ཤི་ཡིས་དོགས་པ་སུ་ལ་ཡུས་དང་གཅེས་རེ་ཆེ། ཁྱོད་ན་བ་དང་ཤི་བས་སུ་ཕངས། སྤྱི་སྒོས་གཉིས་ཀར་གཅེས་པའི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལྟ་བུ་ཡང་གཤེགས་པ་ལ། སུ་ལ་ཡང་མི་ཡོང་བའི་འཆི་བ་དང་ན་བ་ཁྱོད་ཁོ་ན་ལ་འབྱུང་བ་ཡིན་ནམ། ཁྱོད་ཁོ་ན་རེ་གཅེས། ད་ལྟ་རང་ཤི་ཡང་སྙིང་ཚིམ་པ་ཡིན་ཞེས་པས་ཞེ་བཅད། ང་རྒྱལ་གྱི་རྭ་བཅག དམའ་དབབ། ས་རྡོ་དང་མཉམ་པར་བལྟས་ཏེ། ཕན་གནོད་ཀྱི་འབྲེལ་བ་བཅད་དོ། །དེ་ལྟར་བྱས་ན་འབྲས་བུ་ལོག་སྒྲུབ་ཀྱི་ཚུལ་གྱིས་འགོག་པ་ཆ་མཐུན་རྒྱུད་ལ་ཐོབ་བོ། །འདི་དག་ངག་ཏུ་བརྗོད་པ་ཙམ་གྱིས་སྡུག་བསྔལ་མི་བཟློག་པས། སྡུག་བསྔལ་ཆད་པ་ལ་རྒྱུ་ཆོད་དགོས་སོ། །དེ་ལྟར་རྟོགས་པས་ཕུང་པོ་དགོས་མེད་དུ་ཁོང་དུ་ཆུད་པས། དེ་ཕྱིན་ཆད་རེ་བའི་རྟོག་པ་ཆོད་པས་ལྷ་དང་ཆོས་སྐྱོང་མི་དགའ་བ་མི་འབྱུང༌། རེ་དོགས་ཀྱི་རྟོག་པ་ཆོད་པས། བགེགས་ཀྱིས་གནོད་པ་བྱེད་མི་སྲིད། རྒྱུ་མེད་པའི་འབྲས་བུ་མི་འབྱུང༌། ཡང་བདག་ཆོས་པ་བཟང་ཕྱོགས་སུ་གཏོགས་པ་ཡིན་ན། མི་མཐུན་ཕྱོགས་ཟིལ་གྱིས་གནོན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ན། གཉེན་པོ་ལ་མཆོག་ཏུ་བཟུང་ནས་བདག་པས་ལྷག་པའི་ཆོས་པ་མེད། འདི་ལས་ལྷག་པའི་ཆོས་མེད་ཅེས་རློམ་སེམས་སྐྱེས་ན། གཉེན་པོའི་རྟེན་ཅན་གྱི་རྟོགས་པས་ཡོངས་སུ་བཅིངས་ནས་མི་གནས་པའི་མྱ་ངན་ལས་འདས་པ་མི་ཐོབ་པས། གཉེན་པོ་ཉིད་ཀྱང་མཉམ་གཞག་ཏུ་གདོད་མ་ནས་ངོ་བོ་ཉིད་ཀྱིས་སྟོང་པ་དང༌། རྗེས་ཐོབ་ཏུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ཚུལ་དུ་གོམས་ཤིང་ཡང་དང་ཡང་དུ་འདྲིས་པར་བྱས་བའི་སྒོ་ནས་བརྟན་པ་ཐོབ་པར་བྱའོ། །དེ་ལྟར་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་མངོན་དུ་གྱུར་ནས་བདག་ལ་དད་པ་དང་མོས་པ་ཙམ་གྱིས་གཞན་གྱི་ནད་གདོན་ལ་སོགས་པ་ཞི་བ་དང༌། སེམས་ཀྱི་རྩལ་འབྱོངས་པ་དང་སེམས་འཆིང་བ་ལས་རྣམ་པར་གྲོལ་བས། མེ་དང་ཆུ་དང་དུག་ལ་སོགས་པའི་རྐྱེན་གྱིས་མི་ཚུགས་པའོ། །རང་གི་སྐྱོན་སྤོང་བའི་ཐབས་ལ་མཁས་པ་བསྟན་ཟིན་ཏོ། །གཞན་རྗེས་སུ་འཛིན་པའི་ཐབས་ལ་མཁས་པ་ནི། གཞན་འབྲིད་པ་དང་དགོངས་ལྡེམ་དགོས་ཀྱི་སྒོ་ནས་གདུལ་བྱའི་བློ་དང་མཐུན་པའི་གང་ལ་གང་འདུལ་གྱི་ཆོས་བསྟན་ནས་རིམ་གྱིས་ཡང་དག་པའི་ལམ་ལ་སྦྱོར་བར་བྱེད་པའོ། །ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་བསྟེན་པས་ཆ་མཐུན་གྱི་འབྲས་བུ་གསུམ་འབྱུང་སྟེ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དང་པོ་ལ་གསུམ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་སྨོན་ལམ། མུ་གེའི་དགོན་པ་ལ་སོགས་པར་གཞན་གྱི་དོན་ལ་འཇུག་པའི་སྨོན་ལམ། གདུལ་བྱ་ཡོངས་སུ་སྨིན་པའི་སྨོན་ལམ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་བཞིན་དུ། སྨོན་ལམ་གསུམ་པོས་ཀྱང༌། སྨོན་ལམ་ཇི་ལྟར་བཏབ་པ་བཞིན། འདོད་པའི་དོན་འགྲུབ་པར་བྱེད་དོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ་སྟེ། མི་མཐུན་ཕྱོགས་ཟིལ་གྱིས་གནོན་པའི་སྟོབས། ལོག་ལྟ་ཟིལ་གྱིས་གནོན་པའི་སྟོབས། བདུད་བཞི་ཟིལ་གྱིས་གནོན་པའི་སྟོབས་སོ། །དང་པོ་ནི། སྦྱིན་པས་སེར་སྣ་ཟིལ་གྱིས་གནོན་པ་དང༌། ཚུལ་ཁྲིམས་ཀྱིས་ཚུལ་ཁྲིམས་འཆལ་པ་ཟིལ་གྱིས་གནོན། བཟོད་པས་ཁོང་ཁྲོ་ཟིལ་གྱིས་གནོན། བརྩོན་འགྲུས་ཀྱིས་ལེ་ལོ་ཟིལ་གྱིས་གནོན། བསམ་གཏན་གྱིས་རྣམ་པར་གཡེང་བ་ཟིལ་གྱིས་གནོན། ཤེས་རབ་ཀྱིས་ཤེས་རབ་འཆལ་པ་ཟིལ་གྱིས་གནོན་ཏེ། མཁོ་མི་མཁོ་གཉིས་སུ་བཟུང་ན་ལྟ་བ་གོལ། དགག་སྒྲུབ་གཉིས་སུ་བཟུང་ན་སྒོམ་པ་གོལ། རེ་དོགས་གཉིས་སུ་བཟུང་ན་འབྲས་བུ་གོལ། སྤང་བླང་གཉིས་སུ་བཟུང་ན་སྤྱོད་པ་གོལ་བས། འདི་ལྟ་བུའི་ལོག་ལྟ་རྣམས་ལོག་ལྟ་ཟིལ་གྱིས་གནོན་པའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནོ། །བདུད་བཞི་ཟིལ་གྱིས་གནོན་པའི་སྟོབས་ནི། ཆགས་སྡང་གཉིས་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པས་ཆགས་སྡང་གཉིས་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཏེ། ཉོན་མོངས་པའི་བདུད་བཅོམ། ལྟ་བའི་གོ་ཆ་བགོས་པའི་སྟོབས་ཀྱིས། ལྷ་འདྲེ་གཉིས་གོ་བཟློག་ནས་བསྒོམས་པས། ལྷ་འདྲེ་གཉིས་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཏེ། ལྷའི་བུའི་བདུད་བཅོམ། ནད་དང་སྡུག་བསྔལ་བྱུང་བའི་དུས་སུ། ཀུན་རྫོབ་ཏུ་ནད་སྡིག་སྒྲིབ་ཀྱི་ཕྱགས་ཤིང་དུ་ཤེས་ཤིང༌། དོན་དམ་པར་རང་བཞིན་མེད་པར་ཤེས་པས། བདེ་སྡུག་གཉིས་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཏེ། ཕུང་པོའི་བདུད་བཅོམ། འཁོར་འདས་རང་བཞིན་མེད་པར་ཤེས་པས་སངས་རྒྱས་ལ་རེ་བ་མེད། འཁོར་བ་ལ་དོགས་པ་མེད་པས་སྐྱེ་འཆི་གཉིས་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཏེ། འཆི་བདག་གི་བདུད་བཅོམ་མོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉི་མ་ལྟ་བུ་སྟེ། ཉི་མས་རྩི་ཤིང་ལོ་ཏོག་ཐམས་ཅད་སྨིན་པར་བྱེད་པ་བཞིན་དུ། སྟོབས་རྣམ་པ་གསུམ་གྱིས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་དོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ་སྟེ། ཀུན་རྫོབ་ཤེས་པ་དང༌། དོན་དམ་ཤེས་པ་དང༌། དེ་གཉིས་དབྱེར་མེད་དུ་ཤེས་པའོ། །དང་པོ་ནི། སྣང་གྲགས་ཀྱི་དངོས་པོ་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པར་ཤེས་པའོ། །གཉིས་པ་ནི། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་རྟོགས་པའོ། །གསུམ་པ་ནི། སྣང་སྟོང་ཐ་དད་མེད་པའི་ཚུལ་དུ་རྟོགས་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གླུ་དབྱངས་ལྟ་བུ་སྟེ། གླུ་དེ་རྣ་བར་སྙན་ཅིང་གཞན་འདུན་པར་བྱེད་པ་བཞིན་དུ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པ་ཡིན་ནོ། །འཇུག་པ་སེམས་བསྐྱེད་བསྟན་ཟིན་ཏོ། །རྗེས་ཀྱི་སེམས་བསྐྱེད་བརྒྱད་བསྟན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆ་མཐུན་གྱི་འབྲས་བུ་ནི་རྒྱལ་པོ་ལྟ་བུ་སྟེ། རྒྱལ་པོ་དགྲ་ལ་སོགས་པའི་གཡུལ་ལས་རྒྱལ་བ་བཞིན་དུ། སྦྱིན་པས་ཀྱང་སེར་སྣའི་དགྲ་ལས་རྒྱལ་བས་སོ། །ཚུལ་ཁྲིམས་ཀྱི་ཆ་མཐུན་གྱི་འབྲས་བུ་བང་མཛོད་ལྟ་བུ་སྟེ། བང་མཛོད་ནས་ནོར་གྱི་རིགས་མང་པོ་འབྱུང་བ་བཞིན་དུ། ཚུལ་ཁྲིམས་གསུམ་གྱི་ནང་ནས་ཉོན་མོངས་པའི་གཉེན་པོ་མང་པོ་འབྱུང་བས་མཛོད་དང་འདྲའོ། །བཟོད་པའི་ཆ་མཐུན་གྱི་འབྲས་བུ་ལམ་པོ་ཆེ་ལྟ་བུ་སྟེ། ལམ་པོ་ཆེས་མི་བཟང་ངན་འབྲིང་གསུམ་ཐེག་པ་བཞིན་དུ། བཟོད་པ་གསུམ་གྱིས་ཀྱང་ནད་དང་གདོན་ལ་སོགས་པ་ཐམས་ཅད་ཀྱི་ཁུར་ཡོངས་སུ་བཟོད་པའོ། །བརྩོན་འགྲུས་ཀྱི་ཆ་མཐུན་གྱི་འབྲས་བུ་རྟ་ཅང་ཤེས་ལྟ་བུ་སྟེ། རྟ་ཅང་ཤེས་ཀྱིས་གང་འདོད་པའི་གནས་སུ་བདེ་བླག་ཏུ་ཕྱིན་པ་བཞིན་དུ། བརྩོན་འགྲུས་གསུམ་གྱིས་གང་འདོད་པའི་གནས་སུ་བདེ་བླག་ཏུ་ཕྱིན་པར་བྱེད་དོ། །བསམ་གཏན་ཆ་མཐུན་གྱི་འབྲས་བུ་ནི་བཀོད་མའི་ཆུ་ལྟ་བུ་སྟེ། བཀོད་མའི་ཆུ་ལས་ཆུ་མི་ཟད་པ་འབྱུང་བ་བཞིན་དུ། བསམ་གཏན་གསུམ་ལས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མི་ཟད་པ་འབྱུང་བས་བཀོད་མའི་ཆུ་ལྟ་བུའོ། །ཤེས་རབ་ཆ་མཐུན་གྱི་འབྲས་བུ་རྔ་བོ་ཆེ་ལྟ་བུ་སྟེ། དཔེར་ན་རྔ་བོ་ཆེ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་ལས། སྒྲ་སྙན་པ་ཕྱོགས་བཅུ་ཐམས་ཅད་དུ་འབྱུང་ཡང༌། རྔ་རང་ཡང་བརྡུངས་མཁན་མེད། ལྷ་རྣམས་ཀྱི་ཤུགས་ཀྱིས་སྒྲ་ཡིད་འོང་བ་འབྱུང་བ་བཞིན་དུ། ཤེས་རབ་རྣམ་པ་གསུམ་ལས་ཆོས་ཀྱི་སྡོམ་བཞིའི་སྒྲ་སྙན་པ་འབྱུང་ངོ༌། །ཐབས་དང་སྨོན་ལམ་ཆ་མཐུན་གྱི་འབྲས་བུ་ཆུ་བོ་ལྟ་བུ་སྟེ། ཆུ་བོ་ལས་ཆུ་མི་ཟད་པ་འབྱུང་བ་བཞིན་དུ་ཆོས་མི་ཟད་པ་འབྱུང་བའི་ཕྱིར། སྟོབས་དང་ཡེ་ཤེས་ཀྱི་ཆ་མཐུན་གྱི་འབྲས་བུ་ནི། སྤྲིན་ལྟ་བུ་སྟེ་སྤྲིན་ལས་ཆར་བབས་ནས་ལོ་ཏོག་རྒྱས་པར་བྱེད་པ་བཞིན་དུ། སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་དམ་པའི་ཆོས་ཀྱི་ཆར་བབས་ཏེ། གདུལ་བྱའི་རྒྱུད་ཀྱི་རྟོགས་པའི་ལོ་ཏོག་རྒྱས་པར་བྱེད་དོ། །སེམས་བསྐྱེད་བསྟན་ཟིན་ཏོ། །གདམས་ངག་ཉམས་སུ་ལེན་པའི་ཚུལ་བསྟན་པ་ལ། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང༌། །ལམ་ནི་ཡོངས་སུ་འཛིན་པ་དང༌། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང༌། །སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་གསུངས་སོ། །དང་པོ། སྒྲུབ་པ་རང་གི་ངོ་བོ་ཉམས་སུ་ལེན་པའི་ཚུལ་ལ། སྦྱོར་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དངོས་གཞིའི་དུས་སུ་ཆོས་ཐམས་ཅད་སྣང་སྟོང་ནམ་མཁའ་ལྟ་བུ་ལ་མཉམ་པར་གཞག་ཅིང༌། རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱས་ནས། རྗེས་དགེ་བ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །དངོས་གཞི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་དོན་ནི། བདེན་པ་གཉིས་ཀྱི་གནས་ལུགས་སྒྲོ་བཀུར་ཐམས་ཅད་དང་བྲལ་བ་ལ་སྤྲོས་པ་གཅོད་པར་བྱེད་དགོས་པ་ཡིན་པས། དེ་གཅོད་པར་བྱེད་པ་ལ་རྣམ་པར་ཐར་པའི་སྒོ་གསུམ་འབྱེད་དགོས་སོ། །རྣམ་པར་ཐར་པའི་སྒོ་གསུམ་ཕྱེ་ན་ཆོས་ཐམས་ཅད་ཀྱི་སྒོ་ཕྱེད་དོ། །སྒོ་གསུམ་ནི་སྟོང་པ་ཉིད་ཀྱི་སྒོ་དང༌། མཚན་མ་མེད་པའི་སྒོ་དང༌། སྨོན་པ་མེད་པའི་སྒོ་དང་གསུམ་མོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེམས་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་མཛོད། སྒོ་རིམ་པ་གསུམ་གྱིས་བསྡམས་པ་རྣམ་པར་ཐར་པའི་ལྡེ་མིག་གསུམ་གྱིས་འབྱེད་དགོས་སོ། །དེའི་དོན་གདམས་ངག་ཏུ་བྱས་ན། སྤྱིར་འཁོར་བ་ཐམས་ཅད་སྐྱེད་པར་བྱེད་པ་རང་གི་རྣམ་རྟོག་ཡིན། ཇི་ལྟར་བསྐྱེད་ན། བདག་ཏུ་འཛིན་པའི་རྟོག་པས། རང་སྣང་དང་གཞན་སྣང་གཉིས་འབྱུང༌། དེ་ལས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་འབྱུང༌། དེས་ལས་བསགས་པས་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བ་ཡིན། དེ་ཅིས་ལེན་ན་གཟུང་འཛིན་གྱིས་དགྲ་མ་ཆོམས་པས་ལེན་པ་ཡིན། དེ་འཇོམས་པ་ལ་རྣམ་ཐར་སྒོ་གསུམ་གྱི་གདམས་ངག་སྐྱོན་མེད་དུ་ཤེས་དགོས་པས། དེ་བསྟན་པ་ལ་ཐོག་མར་སྒོ་འགེགས་བྱེད་ཀྱི་རྟོག་པ་ངོས་བཟུང་བ་ནི་འཁོར་འདས་ཀྱི་ངོ་བོ་སྟོང་ཉིད་ཡིན་པ་ལ། དེ་མ་རྟོགས་པར་དངོས་པོར་བཟུང་བས། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་བཀག་གོ །གཞི་སྟོང་པ་ཉིད་དུ་གཏན་ལ་ཕབ་ཀྱང༌། ལམ་མཚན་མར་བཟུང་ཞིང་ཞེན་པས། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་བཀག་གོ །འབྲས་བུ་རང་གི་སེམས་དྲི་མ་མཐའ་དག་གིས་དག་པ་ལ་ཟེར་ཡང༌། མ་འོངས་པ་ན་འབྲས་བུ་གཞན་ནས་འབྱུང་བའི་ཚུལ་དུ་སྨོན་པས་སྨོན་པ་མེད་པའི་སྒོ་བཀག་གོ །དེ་འབྱེད་པའི་གདམས་ངག་ལ། གཞི་དང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་སྤྲད། ལས་དང་མཚན་མ་མེད་པ་སྤྲད། འབྲས་བུ་དང་སྨོན་པ་མེད་པ་སྤྲད། དེ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་ན། བདེན་འཛིན་གྱི་ཆོས་ཐམས་ཅད་རང་སར་གྲོལ་བས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་སྒོ་ཕྱེད་སྤྲད། ལམ་རང་གི་ངོ་བོ་ལ་མངོན་པར་ཞེན་པ་ཆོད་པས། མཚན་མ་མེད་པའི་སྒོ་ཕྱེད། འབྲས་བུ་སྟོང་པ་ཉིད་དུ་རྟོགས་པས་སྨོན་པ་མེད་པའི་སྒོ་ཕྱེད་དོ། །དེ་ལ་དང་པོ་ནི། གོ་ཆ་རྣམ་པ་བཞི་ཉམས་སུ་ལེན་པའི་སྒོ་ནས་དབྱེ་བར་བྱ་སྟེ། འཇུག་པའི་གོ་ཆས་སྟོང་པ་ཉིད་དུ་འཇུག་པར་བྱས་ཏེ། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྣང་བའི་དུས་ནས་སྟོང་པ་ཉིད་དུ་གནས་ཤིང༌། སྟོང་པ་ཉིད་དུ་གནས་བཞིན་དུ། མ་དཔྱད་པའི་ངོ་ན་སྣ་ཚོགས་སུ་སྣང་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་གཉིས་སུ་མེད་པའི་ཚུལ་དུ་རྟོགས་པར་བྱས་ནས། ཏིང་ངེ་འཛིན་གྱིས་སྣང་བ་ལ་དམིགས་ཏེ་གནས་ཚུལ་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ་སྟེ། སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །ཞེས་འབྱུང་བའི་ཚུལ་དུ་སྤྱོད་ལམ་རྣམ་པ་བཞིར་འབད་པར་བྱའོ། །སྡོག་པའི་གོ་ཆས་དངོས་འཛིན་ལས་ལྡོག་པར་བྱ་སྟེ། སྟོང་པ་ཉིད་ཀྱི་དོན་རྟོགས་པས་གཞི་ལ་བདེན་པར་འཛིན་པ་མཐའ་དག་ཡོངས་སུ་ཆོད་པ་ཡིན་ནོ། །ལྟ་བའི་གོ་ཆས་བསམ་བྱུང་གི་ཤེས་རབ་ཀྱིས་དངོས་པོའི་གནས་ཚུལ་རྟོགས་པར་བྱའོ། །ཤེས་རབ་ཀྱི་གོ་ཆས་ལྟ་བས་རྟོགས་པའི་དོན་ལ་སྒྲོ་འདོགས་བཅད་ནས་དོན་ཉམས་སུ་མྱོང་བར་བྱའོ། །ཤེས་རབ་དེ་ཡང་དོན་གཉིས་དང་ལྡན་པར་བྱས་ཏེ། བརྟན་པའི་ཤེས་རབ་བདུད་བཞིས་མི་བསྐྱོད་པ་རི་བོ་ལྟ་བུ། ཟབ་པའི་ཤེས་རབ་བདུད་བཞིས་གཏིང་མི་རྙེད་པ་རྒྱ་མཚོ་ལྟ་བུར་བྱའོ། །གཉིས་པ་ལམ་མཚན་མ་མེད་པ་ནི། གཉེན་པོས་སྤང་བྱ་ཆོས་པའི་ཚེ། ལམ་ལ་དམིགས་པ་དང༌། མཚན་མར་ཤོར་ན་ལམ་ལ་ཞེན་པས་འཆིང་བས་གཉེན་པོ་ཉིད་ཀྱང་བདེན་པར་མི་དམིགས་པར་ཤེས་པར་བྱས་ནས། སྤང་བྱ་དང་གཉེན་པོ་གཉིས་ཀ་མི་དམིགས་པ་ནམ་མཁའི་དཀྱིལ་ལྟར་དུ་ཤེས་པར་བྱ་སྟེ། ཐོག་མར་རང་གི་སེམས་གང་ནས་བྱུང་ཞེས་རྒྱུད་ལ་བརྟགས་པས། གང་ནས་འབྱུང་བའི་རྒྱུ་མ་རྙེད་ད་ལྟ་གང་ན་གནས། དབྱིབས་དང་ཁ་དོག་ཇི་ལྟ་བུ་ཞིག་འདུག་ཅེས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སེམས་ཀྱི་རང་གི་ངོ་བོ་གར་སྐྱེས་ལ་རྣམ་པར་དཔྱད་པས་ཅིར་ཡང་མི་རྙེད་པ་ནམ་མཁའ་ལྟ་བུའི་དོན་ལ་མཉམ་པར་གཞག་པར་བྱའོ། །ཡང་སྒོམ་བྱེད་ཀྱི་བློ་དེ་ཉིད་ལ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་བརྟགས་པས་ཅིར་ཡང་མ་རྙེད་པ་ནམ་མཁའ་ལྟ་བུའི་དོན་ལ་མཉམ་པར་བཞག་པས་ལམ་དང་མཚན་མར་འཛིན་པ་ཆོད་པར་བྱའོ། །རྗེས་ལ་གཉེན་པོ་ལ་ཞེན་ན། སངས་རྒྱས་ཀྱི་ཐུགས་མི་མཐོང་བས་འཁྲུལ་པ་ཆོད་པའི་རྗེས་ལ་རོ་མ་མྱོང༌། རྗེས་མི་བཤུ། དམ་པས་གསུངས་པ། སྒྲོན་མེས་ནོར་བུ་བཙལ་ནས་རྙེད་པའི་ཚེ་སྒྲོན་མེ་ལ་མ་ཆགས་གསུངས། ཡུལ་མི་དམིགས་པར་སྒོམ་པ་དང༌། ཡུལ་ཅན་གཉེན་པོ་ཡང་མི་དམིགས་པར་སྒོམ་པ་གཉིས་པོ་ལ། མི་གནས་པའི་སྦྱོར་བ་དང༌། མི་སྦྱོར་བའི་སྦྱོར་བ་གཉིས་སུ་གསུངས་ཤིང་མཉམ་པ་ཉིད་བཞི་བཞི་གསུངས་པ་ལས་གཉེན་པོ་མི་དམིགས་པར་སྒོམ་པ་ནི། ཡུལ་ཅན་མཉམ་པ་ཉིད་དུ་རྟོགས་པའི་སྦྱོར་བར་བསྟན་ཏོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི། རང་གི་སེམས་ཀྱི་རང་བཞིན་མངོན་དུ་གྱུར་ནས། དྲི་མས་རྣམ་པར་དག་པ་ལ་འབྲས་བུ་ཐོབ་བོ་ཞེས་འཇོག་པས་ན་འབྲས་བུ་ལོག་ནས་ཐོབ་རྒྱུ་མེད་པར་རྟོགས་པས་འབྲས་བུ་ལ་སྨོན་པ་མེད་པའི་དོན་རྟོགས་པ་ཡིན་པས་སྨོན་པ་མེད་པའི་སྒོ་ཕྱེད་དོ། །སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་བསྟན་ཟིན་ཏོ། །བདེན་པ་བཞི་ལ་འདོམས་པའི་གདམས་ངག་གི་དོན་ཉམས་སུ་ལེན་པའི་ཚུལ་ལ། སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་བཞིར་འདུས། ཐར་པ་དོན་གཉེར་གྱི་རྟོག་ལྡན་གྱི་འཇུག་ལྡོག་གི་ཡུལ། བདེན་པ་བཞིར་མ་འདུས་པ་མེད། དེ་ལ་ཀུན་འབྱུང་གི་བདེན་པ་ནི། ཉོན་མོངས་པ་དང་དེས་ཀུན་ནས་བསླངས་པའི་ལས་སོ། །ཀུན་འབྱུང་རྒྱུད་ལ་ཇི་ལྟར་སྐྱེ་བའི་ཚུལ་ནི། གཞི་སྨྲ་བསམ་བརྗོད་མེད་སྟོང་པ་ཉིད་ཀྱི་དོན་ལ་དངོས་པོར་བཟུང་ཞིང༌། ལྷན་ཅིག་སྐྱེས་པའི་མ་རིག་པས་སྟོང་པ་ཉིད་ངོ་མ་ཤེས་པ་ལས་འཁྲུལ་ལོ། །དུས་ཇི་ཙམ་ནས་འཁྲུལ་ཞེ་ན། འཁོར་བའི་ཐོག་མ་སངས་རྒྱས་ཀྱིས་ཀྱང་མ་རྙེད་བྱ་བ་ཡིན། བྱེ་བྲག་ཏུ་ཕུང་པོ་ལ་བདག་ཏུ་བཟུང་བ་ལས་འཁྲུལ་ལོ། །ཕུང་པོ་ལ་བདག་ཏུ་འཛིན་པ་ཞུགས་པས། ཡུལ་མཐུན་པ་ལ་བརྟེན་ནས་འདོད་ཆགས་སྐྱེ། མི་མཐུན་པ་ལ་བརྟེན་ནས་ཞེ་སྡང་སྐྱེ། ཡུལ་བར་མ་ལ་བརྟེན་ནས་གཏི་མུག་སྐྱེ། དུག་གསུམ་ལ་བརྟེན་ནས་དུག་ལྔ་སྐྱེ། དེ་ལ་ཀུན་ནས་ཉོན་མོངས་པའི་རྟེན་ཅན་གྱི་རྟོག་པ་ཞེས་བྱ། དཔེར་ན་དབྱར་ཀའི་ས་གཞི་དང་འདྲ་སྟེ། སྣ་ཚོགས་སྐྱེའོ། །དེ་རྒྱུར་འགྲོ་ཚུལ་ནི། ས་སེར་ཅན་དང་འདྲ་སྟེ། དུག་ལྔའི་ནང་ནས་འདོད་ཆགས། འབྱུང་བ་ལྔའི་ནང་ནས་ཆུ། ནད་ལྔ་ལས་གྲང་བའི་ནད་འབྱུང༌། ན་ལུགས་ལྔ་ལས་ལྡང་དུབ། གདོན་ལྔ་ལས་མོ་གདོན་གནོད། དེ་དག་ལ་གཉེན་པོ་མ་ཐེངས་ན་ཡི་དྭགས་སུ་སྐྱེ། ཞེ་སྡང་ནི་ཆུ་རྦ་ཀློང་འཁྲུག་པ་དང་འདྲ་སྟེ། དུག་ལྔ་ལས་ཞེ་སྡང༌། འབྱུང་བ་ལྔ་ལས་མེ། ནད་ལྔ་ལས་མཁྲིས་ནད། ན་ལུགས་ལྔ་ལས་ཟུག་ཆེ་བ། གདོན་ལྔ་ལས་ཕོ་གདོན། དེ་ལ་གཉེན་པོ་མ་ཐེགས་ན་དམྱལ་བར་སྐྱེ། མ་རིག་པ་ནི་མུན་ཁུང་དང་འདྲ་སྟེ། དུག་ལྔ་ལས་གཏི་མུག འབྱུང་བ་ལྔ་ལས་ས། ནད་ལྔ་ལས་བད་ཀན། ན་ལུགས་བྱིང་པོ་ཆེ། གདོན་ས་བདག དེ་ལ་གཉེན་པོ་མ་ཐེངས་ན་བྱོལ་སོང་དུ་སྐྱེ། དཔེ་བྲག་རི་དང་འདྲ། དུག་ལྔ་ལས་ང་རྒྱལ། འབྱུང་བ་ལྔ་ལས་རླུང༌། ན་ལུགས་མཇིང་པ་ན་བ་སོགས་ཤེས་པ་ཕྱོ་ཕྱོ་སེང་སེང་དུ་སོང་བའོ། །གདོན་ལྷའི་རིགས་སུ་གཏོགས་པའོ། །དེ་ལ་གཉེན་པོ་མ་ཐེངས་ན་ལྷར་སྐྱེ། དཔེ་རླུང་དང་འདྲ། དུག་ལྔ་ལས་ཕྲག་དོག འབྱུང་བ་ནམ་མཁའ། ནད་འདུས་པ། ན་ལུགས་ཡར་ཕྲེང་མར་ཕྲེང༌། རྩ་ཆུའི་སྒོ་སྡོམ་པ་སོགས་འབྱུང་ངོ༌། །གདོན་མི་མ་ཡིན་དུ་གཏོགས་པའོ། །དེ་ལ་གཉེན་པོ་མ་ཐེངས་ན་ལྷ་མ་ཡིན་དུ་སྐྱེ། ཡང་དུག་གསུམ་པོ་ལ་བརྟེན་ནས། རྩ་བའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འབྱུང་ངོ༌། ནད་ལྔ་ལ་བརྟེན་ནས་ནད་བཞི་བརྒྱ་རྩ་བཞི་འབྱུང་ངོ༌། །གདོན་ལྔ་ལ་བརྟེན་ནས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འབྱུང༌། དེའི་ཞོར་ལ་རྐྱེན་ཉི་ཁྲི་ཆིག་སྟོང་འབྱུང༌། ན་ལུགས་ལྔ་ལ་བརྟེན་ནས། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་འབྱུང༌། ཀུན་འབྱུང་གི་བདེན་པ་བསྟན་ཟིན་ཏོ། །སྡུག་བསྔལ་གྱི་བདེན་པ་ལ། གོང་གི་དུག་གསུམ་དང་དུག་ལྔ་ལས་འགྲོ་བ་རིགས་དྲུག་བྱུང༌། དེ་ལས་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་ཞིང༌། སྡུག་བསྔལ་གྱི་གཙོ་བོ་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞིའོ། །སྐྱེ་བའི་སྡུག་བསྔལ་གྱི་དཔེ། ཆུ་ལས་ཆུ་བུར་རྡོལ་བ་དང་འདྲ། རིགས་དྲུག་ཏུ་སྐྱེ་བ་ཟད་མི་ཤེས། རྒས་པའི་དཔེ་སྡོང་པོ་ཁོང་རུལ་དང་འདྲ་སྟེ། དེ་ཡང་ས་རྒས་པའི་རྟགས་སུ། ལུས་ཀྱི་ཤ་ཤོར་ནས་ཤིང་སྐམས་པ་བཞིན་དུ་འགྲོ། ཆུ་རྒས་པའི་རྟགས་སུ་མདོག་སྔོ་སེང་གིས་སོང་ནས་ལུས་ཀྱི་མདངས་ཤོར། མེ་རྒས་པའི་རྟགས་སུ་དྲོད་ཤོར་ཏེ་དགུན་ཁའི་ཕ་བོང་དང་འདྲ། རླུང་རྒས་པའི་རྟགས་སུ་དབུགས་ཐུང་ཞིང་ཚད་པས་ཉེན་པ་དང་འདྲ། ན་བའི་དཔེ་མེ་ཏོག་ལ་སད་རྒྱབ་པ་དང་འདྲ། འཆི་བའི་དཔེ་ནི་རི་གཟར་པོའི་ཁ་ནས་རྦབ་ལ་ཤོར་བ་དང་འདྲ། སྐྱེ་བའི་སྡུག་བསྔལ་སྤང་ལས་ཆུ་རྡོལ་པ་དང་འདྲ། རི་བྲག་གི་བར་དུ་བཅར་སྙམ་པ་འབྱུང་ཞིང༌། སྟན་ཐོག་ཏུ་ལྷུང་བའི་ཚེ། སྒྲེན་མོ་ཚེར་ཁུང་དུ་བསྐྱུར་བ་དང་ཁྱད་མེད། མས་བླངས་པའི་ཚེ་བྱེའུ་ཕྲུག་ཁྲས་ཁྱེར་བ་དང་འདྲ། རྒས་པའི་སྡུག་བསྔལ་ར་རྫུད་ལུག་རྫུད་བཞིན་དུ་འགྲོ། འཆི་བའི་སྡུག་བསྔལ་གཡང་ཆེན་པོ་ལ་ལྷུང་བ་དང་འདྲ། དགྲ་སྡང་བ་དང་ཕྲད་ཀྱིས་དོགས་པའི་སྡུག་བསྔལ། བྱེའུ་ཕྲུག་ཁྲས་ཉེན་པ་དང་འདྲ། གཉེན་བྱམས་པ་དང་བྲལ་གྱི་དོགས་པའི་སྡུག་བསྔལ་བུ་གཅིག་པོ་སྟོར་བའམ་སྲིན་མོ་བུ་སྟོར་བ་ལྟ་བུའོ། །ཡོད་པ་བསྐྱང་གིས་མ་སྐྱོང་བའི་སྡུག་བསྔལ་རྒན་རྒོན་ལུག་འཚོ་བ་ལྟ་བུ། འདོད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ། རི་དྭགས་སྨིག་རྒྱུ་སྙེགས་པ་ལྟ་བུའོ། །ཡང་དགྲ་སྡང་བ་དང་ཕྲད་ཀྱིས་དོགས་པའི་སྡུག་བསྔལ། ངན་སོང་གསུམ་གྱི་སྡུག་བསྔལ་དང་ཕྲད་ཀྱིས་དོགས་པའི་སྡུག་བསྔལ་ལྟ་བུའོ། །གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ། རང་འདོད་པའི་གདམས་པ་མ་ཚར་བར་བླ་མ་འདས་ཀྱིས་དོགས་པ་ལྟ་བུའོ། །ཡོད་པ་བསྐྱང་གིས་མི་སྐྱོང་བའི་སྡུག་བསྔལ་ནི། བསྐྱང་དཀའ་བ་བླ་མའི་གདམས་ངག་གོ །འདོད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ། བཙལ་དཀའ་བ་བླ་ན་མེད་པའི་བྱང་ཆུབ་བོ། །དུག་གསུམ་གྱི་ནུས་པ་ཕྱིར་རྡོལ་བའི་རྟགས་ནི། འདོད་ཆགས་རྒྱས་པའི་རྟགས་སུ་ཟས་དགྲ་ལྟར་སྤངས། ཞེ་སྡང་རྒྱས་པའི་རྟགས་སུ་འཁོན་གཡག་ལྟར་འཁོན། གཏི་མུག་རྒྱས་པའི་རྟགས་སུ་གཉིད་བྱ་ལྟར་ཡར། ང་རྒྱལ་རྒྱས་པའི་རྟགས་སུ་ཟུག་རྭ་ལྟར་སྐྱོར། ཕྲག་དོག་རྒྱས་པའི་རྟགས་སུ་དབུགས་ཁབ་ལྟར་ཐུང༌། དེའི་དུས་སུ་སྟན་དུ་བཏིང་ཚད་ཚེར་མ་བས་རྩུབ། སྟེང་དུ་གོན་ཚད་རི་བས་ལྕི། སྔས་སུ་བཅུག་ཚད་རྡོ་བས་མཁྲང༌། ཟས་ཅི་ཟོས་ཏིག་ཏའི་ཐང་ལས་ཁ། དེའི་དུས་སུ་ལུས་ཀྱི་སྡུག་བསྔལ་ཉ་བྱེ་ཚན་ལ་སྒྲེས་པ་ལྟ་བུ་འབྱུང༌། ལུས་ཙོག་ཙོག་བྱས་ཀྱང་འཆི་བདག་གི་བདུད་ལ་སྙིང་རྗེ་མེད། ངག་གི་སྡུག་བསྔལ་རྔ་མོ་བུ་སྟོར་བ་དང་འདྲ་སྟེ། ལྷང་ལྷང་ཙེར་ཙེར་སྐད་ངན་བཏོན་ཡང་ཟུག་ལ་ཆོགས་དུས་མེད། སེམས་ཀྱི་སྡུག་བསྔལ་རི་དྭགས་རྒྱ་ལ་ཚུད་པ་དང་འདྲ་སྟེ། མིག་རྩ་རིག་རིག་བལྟ། ད་ཇི་ལྟར་བྱ་སྙམ་ན་རང་ཐར་པའི་ཐབས་མེད། འཆི་བར་ཤེས་པའི་དུས་སུ་འདི་ནས་གར་འགྲོ་ཆ་མེད་པའི་སྡུག་བསྔལ། གཤིན་རྗེའི་ཕོ་ཉ་བྱུང་བའི་ཚེ། གནད་གཅོད་ཀྱི་སྡུག་བསྔལ་ལ་བསྲན་གླགས་མེད། དེའི་དུས་སུ་གཉེན་བཤེས་མང་པོས་མཐའ་བསྐོར་ཡང་མ་ཕན། འོ་དོད་བོས་ཀྱང་མ་ཕན། རྐང་པས་འཕྲས་ཀྱང་མ་ཕན། ལག་པས་གཡབ་ཀྱང་མ་ཕན། གོས་སྐྱུར་ཡང་མ་ཕན་པར་རང་ཉིད་གཅིག་པུས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལྟ་བུའི་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་ཆེན་པོ་འཁོར་བ་ཐོག་མ་མེད་པ་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ། ལོགས་སྤྱོད་པས་ང་སྐྱོ་དགོས་སམ་མི་དགོས་ལྟའོ། །རྒྱུ་ཀུན་འབྱུང་ལས། འབྲས་བུ་སྡུག་བསྔལ་འབྱུང་བ་ཅིས་ལན་ན། ནོར་བ་ལྔས་ལན་ཏེ། དེ་ཡང་ཡིན་མིན་གོ་ནོར། བདེན་བརྫུན་གོ་ནོར། གཅེས་མི་གཅེས་གོ་ནོར། གལ་ཆེ་ཆུང་གོ་ནོར། སྐྱོན་དང་ཡོན་ཏན་གོ་ནོར་བའོ། །དང་པོ་ནི། ཁམས་གསུམ་འཁོར་བའི་གནས་ལུགས་སྟོང་པ་ཉིད་དང་བདག་མེད་ཡིན་པ་ལ། དངོས་པོ་དང་བདག་ཏུ་བཟུང་བས་དངོས་པོའི་གནས་ཚུལ་ལ་ལོག་པར་སོང་བ་སྟེ། སྐྱེས་བུ་ལམ་ལོག་པ་དགྲ་ཡུལ་དུ་སོང་བ་ལྟ་བུའོ། །ཡིན་མིན་གོ་ནོར་བས་བདེན་བརྫུན་གོ་ནོར་ཏེ། མྱ་ངན་ལས་འདས་པ་ལ་རྫུན་དུ་བཟུང༌། འཁོར་བ་རྫུན་པ་ལ་བདེན་པར་བཟུང་བས་བསླུས་ཏེ། དཔེར་ན་སྒྱུ་མས་བསླུས་པའི་སྐྱེས་བུ་ལྟ་བུའོ། །དེ་ལྟར་བདེན་རྫུན་གོ་ནོར་བས། གལ་ཆེ་ཆུང་གོ་ནོར་ཏེ། མྱ་ངན་ལས་འདས་པའི་ཐབས་གལ་ཆེ་བ་བཞག་ནས། འཁོར་བའི་ཐབས་ལ་ཆེས་ཆེར་འཛིན། དཔེར་ན་དེ་རིང་གཅིག་པོ་བདེ་བ་དང༌། སང་ཕན་ཆད་མི་བདེ་བའི་གདམས་ངག་ལ་གོ་ལོག་པ་ལྟ་བུའོ། །དེའི་སྟོབས་ཀྱིས་སྐྱོན་ཡོན་གོ་ནོར་ཏེ། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལ་ཡོན་ཏན་དུ་བཟུང༌། མྱ་ངན་ལས་འདས་པ་ལ་གཡང་སར་འདུ་ཤེས་ནས་སྤང་ངོ༌། །དེ་ལྟར་ནོར་བ་ལྔ་ལ་བརྟེན་ནས་ཕན་མ་བཏགས་པ་ལྔ་ཤུགས་ཀྱིས་འབྱུང་སྟེ། ཡིན་པས་ཕན་མ་བཏགས། ལྕགས་རྡོ་ལྕགས་ཀྱི་རྒྱུ་ཡིན་ཏེ། མ་བཞུ་ན་ལྕགས་མི་ཡོང་བ་ལྟར། གནས་ཚུལ་ལ་སྟོང་པ་ཉིད་དམ་བདག་མེད་ཡིན་ཡང༌། ཐོས་བསམ་གྱིས་གཏན་ལ་མ་ཕབ་ན། མི་རྟོགས་པས་སངས་རྒྱས་མི་ཐོབ། ཁྱབ་པས་ཕན་མ་བཏགས། འོ་མ་ལ་མར་གྱིས་ཁྱབ་ཀྱང་མ་དཀྲོགས་ན་མར་མི་འབྱུང༌། དཔེ་དེ་བཞིན་དུ་བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་ཀྱང༌། ཉམས་སུ་མ་བླངས་ན་བདེ་གཤེགས་སུ་མི་འགྲོ། ཡོད་པས་ཕན་མ་བཏགས། དབུལ་མོའི་གཏེར་ལྟ་བུ་སྟེ། འོག་ན་གཏེར་ཡོད་ཀྱང་བུ་མོ་རྒྱུས་མེད་པས། འཚོ་བ་ཕྱགས་ཤིང་བཙོངས་ནས་བྱེད་དགོས་པ་ཡིན་པ་ལ། དགེ་སློང་མངོན་ཤེས་ཅན་གཅིག་གིས་ཟས་བསླངས་པས། འོག་གི་གཏེར་རྙེད་ནས་དབུལ་བོར་སྐད། དཔེ་དེ་བཞིན་དུ་ཆོས་ཉིད་རང་ལ་ཡོད་པས་མི་ཕན། ངོ་སྤྲོད་མཁན་གྱི་བླ་མ་དམ་པ་དགོས་སོ། །མཐོང་བས་ཕན་མ་བཏགས། ཁྲོན་པའི་ཆུ་ལྟ་བུ་ཡིན་ཏེ་གོམས་པར་བྱེད་དགོས། ཤེས་པས་ཕན་མ་བཏགས། ནེ་ཙོའི་འདོན་པ་ལྟ་བུ་སྟེ་ཉམས་སུ་ལེན་དགོས་སོ། །དོར་བྱ་སྡུག་བསྔལ་བསྟན་ཟིན་ཏོ། །གསུམ་པ་ལམ་གྱི་བདེན་པ་ལ་རྒྱུའི་རྐྱེན་ནི་རིགས་ཡིན་ལ། བདག་པོའི་རྐྱེན་ནི་བླ་མ་དམ་པ་སྟེ། བླ་མས་གདམས་ངག་བསྟན་པའི་དོན་ཉམས་སུ་བླངས་པ་ལས་འབྱུང་དགོས་པའི་ཕྱིར། གཞི་ཇི་ལྟ་བ་བཞིན་རྟོགས་པ་བླ་མ་ལ་རག་ལས། ལམ་ཉམས་སུ་ལེན་པ་གང་ཟག་ལ་རག་ལས། འབྲས་བུ་ལག་ཏུ་འོང་བ་ནི་ཤུགས་ལས་འབྱུང་ངོ༌། །དེ་ལ་སྡུག་བསྔལ་གྱི་གཙོ་བོ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡིན་པས། སྐྱེ་བ་གཅོད་པ་ལ་ལས་གཅོད་དགོས། ལས་གཅོད་པ་ལ་ཉོན་མོངས་པ་གཅོད་དགོས། ཉོན་མོངས་པ་གཅོད་པ་ལ་བདག་ཏུ་འཛིན་པ་གཅོད་དགོས། བདག་འཛིན་གཅོད་པ་ལ་འཁྲུལ་ས་ནས་བཟློག་དགོས་པས། གཞི་བདག་ཏུ་བཟུང་བའི་གཉེན་པོར་གཞི་བདག་མེད་དུ་གཏན་ལ་དབབ་སྟེ། བདག་མཐའ་ནས་གཞིག་པ་དང༌། བདག་དབུས་ནས་གཞིག་པའི་ཚུལ་གཉིས་སོ། །དང་པོ་ནི་སྤྱི་གཙུག་ནས་རྐང་པ་ཡན་ཆད་གང་ལ་འདུག་ཅེས་སོ་སོར་བརྟགས་པས། སྔར་བདག་ཏུ་བཟུང་བ་ལ་ཕྱིན་ཅི་ལོག་ཏུ་སོང་བས་འགྱོད་པ་བསྐྱེད། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལུས་འདི་ཕུང་པོ་ལྔར་སོ་སོར་བསིལ། གཟུགས་ཀྱི་ཕུང་པོ་རྡུལ་ཕྲ་རབ་ཀྱི་བར་དུ་བསིལ། མཐར་རྡུལ་ཕྲ་རབ་ཉིད་ཀྱང་མི་དམིགས་པར་གཏན་ལ་ཕབ། ཤེས་པའི་དངོས་པོ་རྣམས་ལ། ཚོར་བ་ལྔ་དང༌། འདུ་ཤེས་གསུམ་དང༌། འདུ་བྱེད་ཀྱི་ཕུང་པོ་ལྔ་ཅུ་རྩ་གཅིག་དང༌། རྣམ་པར་ཤེས་པ་བརྒྱད་དུ་སོ་སོར་ཕྱེ་ཞིང༌། དེ་དག་ཐམས་ཅད་ཀྱང་སྐད་ཅིག་ངང་སྐྱེ་འགག་གནས་གསུམ་དུ་རྣམ་པར་ཕྱེ། དེ་དག་ཀྱང་སྐད་ཅིག་ཆ་མེད་ཀྱི་མཐར་ཐུག་པའི་བར་དུ་རྣམ་པར་ཕྱེ། མཐར་དུས་མཐའི་སྐད་ཅིག་མ་ཉིད་ཀྱང་མི་དམིགས་པར་རྟོགས་པར་བྱས་ནས། བདག་ཏུ་འཛིན་པའི་ཡུལ་མེད་པར་གཏན་ལ་ཕབ་བོ། །ཡང་ན་ལུས་འདི་བར་སྣང་གི་འཇའ་ཚོན་ལྟར་དུ་ཤེས་པར་བྱས་ནས། མཐར་ལུས་འཇའ་ཚོན་ལྟ་བུར་བསྒོམ་པ་དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་སོང་ནས་སེམས་ཉིད་ཀྱང༌། ནམ་མཁའ་སྟོང་པ་དང་དབྱེར་མེད་དུ་ཡིད་ལ་བྱའོ། །འདི་ཡིས་བདག་ཏུ་འཛིན་པའི་ཡུལ་བདག་མེད་པ་གཏན་ལ་ཕབ་ནས་བསྒོམས་པས་བདག་ཏུ་འཛིན་པ་ལྡོག་པར་འགྱུར་རོ། །ཡང་ཕྱིའི་ཡུལ་རྣམས་རང་བཞིན་སྐྱེ་མེད་དུ་གཏན་ལ་ཕབ་སྟེ། འདི་ལྟར་གཟུགས་སོགས་སུ་སྣང་བ་འདི་དག་ཐམས་ཅད་བདག་ལས་སྐྱེའམ། གཞན་ལས་སྐྱེའམ། གཉི་ག་ལས་སྐྱེའམ། རྒྱུ་མེད་པར་སྐྱེ་བར་བརྟགས། གལ་ཏེ་བདག་ལས་སྐྱེ་ན། བདག་གྲུབ་པ་ལས་སྐྱེའམ། མ་གྲུབ་པ་ལས་སྐྱེ། གལ་ཏེ་གྲུབ་པ་ལས་སྐྱེ་སྙམ་ན། འོ་ན་གྲུབ་ཟིན་པས་སྐྱེ་མི་དགོས་སོ། །གྲུབ་ཟིན་ནས་ཀྱང་སྐྱེ་ན་ཐུག་མེད་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མ་གྲུབ་པ་ལས་སྐྱེ་བར་འདོད་ན། རྒྱུ་མ་གྲུབ་པས་སྐྱེད་བྱེད་དུ་མི་འཐད་ཅིང༌། འབྲས་བུ་མ་གྲུབ་པས་བསྐྱེད་བྱར་མི་འཐད་དོ། །གལ་ཏེ་གཞན་ལས་སྐྱེའོ་ཞེ་ན། གཞན་རྟག་པ་ལས་སྐྱེའམ། མི་རྟག་པ་ལས་སྐྱེ། རྟག་པ་ལས་སྐྱེ་བ་མི་འཐད་དེ། རྟག་པ་སྐྱེད་བྱེད་ཀྱི་རྒྱུར་མི་འཐད་པའི་ཕྱིར་རོ། །གལ་ཏེ་གཞན་མི་རྟག་པ་ལས་སྐྱེ་ན། འབྲས་བུ་རང་དང་དུས་མཉམ་པ་ལས་སྐྱེའམ། དུས་མི་མཉམ་པ་ལས་སྐྱེ། དུས་མཉམ་པ་བསྐྱེད་བྱ་སྐྱེད་བྱེད་དུ་མི་འཐད་དོ། །དུས་མི་མཉམ་ན་འབྲས་བུ་གྲུབ་པའི་དུས་སུ་རྒྱུ་འགགས་ནས་མེད་ལ། རྒྱུ་གྲུབ་པའི་དུས་སུ་འབྲས་བུ་མ་སྐྱེས་པས། རྫས་གཞན་དུ་མ་གྲུབ་པས། རྒྱུ་རྫས་གཞན་ལས་འབྲས་བུ་རྫས་གཞན་སྐྱེ་བ་མི་འཐད་དོ། །གཉིས་ཀ་ལས་སྐྱེ་བ་ཡང་མི་འཐད་དེ། རྒྱུ་འབྲས་བདག་ཉིད་གཅིག་ན་རྫས་གཞན་ཡིན་པར་འགལ་ལ། རྫས་གཞན་ཡིན་ན་བདག་ཉིད་གཅིག་ཡིན་པར་འགལ་བ་དང༌། བདག་ལས་སྐྱེ་བ་དང་གཞན་ལས་སྐྱེ་བ་ཁེགས་པས་གཉིས་ཀ་ལས་སྐྱེ་བ་མི་འཐད་དོ། །རྒྱུ་མེད་པར་སྐྱེ་བ་ཡང་མི་འཐད་དེ། རྒྱུ་མེད་ལས་སྐྱེ་བ་ནི། ཡུལ་དུས་གང་དུ་ཡང་ཚད་མས་མཐོང་བ་མེད་པའི་ཕྱིར་རོ། །དེས་ན་རྒྱུ་ལས་སྐྱེ་བར་མཐོང་ཞིང༌། བདག་དང་གཞན་ལས་སྐྱེ་བ་ཁེགས་པའི་ཕྱིར། སྐྱེ་བར་སྣང་ཡང་སྐྱེ་བ་བདེན་པར་གྲུབ་པ་མེད་དོ། །དེས་ན་ནང་གི་སེམས་རྣམས་སྣང་སྟོང་ནམ་མཁའ་ལྟ་བུ་དང༌། ཕྱི་རོལ་གྱི་དངོས་པོ་རྣམས་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་སྒོ་ནས་ཉམས་སུ་བླང་བར་བྱའོ། །གལ་ཏེ་སེམས་རང་བཞིན་གྱིས་སྟོང་ན། དགེ་སྡིག་དང་ལུང་མ་བསྟན་གྱི་རྟོག་པ་མཐའ་ཡས་པ་འབྱུང་བ་ཅི་ཞེ་ན། དཔེར་ན་ནམ་མཁའ་ལ་སྤྲིན་དང་ཁུ་རླངས་དང་འབྲུག་དང་གློག་དང་ཆར་ལ་སོགས་པ་སྣ་ཚོགས་པ་འབྱུང་བ་བཞིན་དུ། སེམས་རང་བཞིན་གྱིས་སྟོང་ཡང་སྣ་ཚོགས་འབྱུང་བ་ཡིན་ནོ། །སྤྲིན་ལ་སོགས་པ་ནམ་མཁའ་ལས་བྱུང་ཡང༌། སླར་ཡང་ནམ་མཁའ་ལ་ཐིམ་པ་བཞིན་དུ། སེམས་ལ་རྣམ་པར་རྟོག་པ་ཇི་སྙེད་ཅིག་བྱུང་ཡང་སེམས་ཉིད་ཀྱི་ངང་དུ་ཐིམ་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་ཀྱིས་ནི་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་པ་དང༌། ཆོས་རྣམས་རང་བཞིན་དག་ཅིང་ཡང་དག་པར། །བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་ལྟ་ན། །བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མ་དམིགས་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོ། །དེ་ལྟར་ན་བདག་ཏུ་འཛིན་པའི་རྟོག་པ་དང༌། སྣང་བ་བདེན་པར་འཛིན་པའི་རྟོག་པ་རྣམས་གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རྟོག་པ་ཡོངས་སུ་ཆོད་པའི་རྗེས་སུ། མི་རྟོག་པའི་ཤེས་པ་གཏན་མེད་པ་ནམ་མཁའ་ལྟ་བུའི་ཉམས་སུ་ཤར་ཏེ། གཉིས་སུ་མེད་པའི་ཉམས་མྱོང་གཏིང་ནས་འཆར་རོ། །འདིར་ན་བ་བྱེ་བྲག་ཏུ་བཅད་པ་ལ་དོན་བཅུ་བཞི་སྟེ། སྐྱེ་མེད་ཀྱི་ལྟ་བ་ལ་བརྟེན་ནས་གདོན་ཆོས་ཉིད་དུ་ཁྱེར་བ་དང་གཅིག བདག་གཞན་དག་པ་ལ་བརྟེན་ནས་གདོན་ཆོས་སྐུར་ལྟ་བ་དང་གཉིས། ལམ་སྣ་འདྲེན་པ་ལ་བརྟེན་ནས་གདོན་བླ་མར་ཁྱེར་བ་དང་གསུམ། བྱམས་སྙིང་རྗེ་ལ་བརྟེན་ནས་འདྲེ་ཕ་མ་དྲིན་ཅན་དུ་ལྟ་བ་དང་བཞི། ལས་རྒྱུ་འབྲས་ལ་བརྟེན་ནས་ལན་ཆགས་དང་ཟླ་རོགས་སུ་ལྟ་བ་དང་ལྔ། ཤེས་རབ་འདྲེན་པ་ལ་བརྟེན་ནས་སྔོན་བསགས་ཀྱི་སྡིག་སྦྱོང་དུ་ལྟ་བ་དང་དྲུག སྨོན་ལམ་དག་པ་ལ་བརྟེན་ནས་སངས་རྒྱས་ཀྱི་ཕྲིན་ལས་སུ་ལྟ་བ་དང་བདུན། ངེས་འབྱུང་སྐྱེ་བ་ལ་བརྟེན་ནས་བདུད་ཀྱི་སྟོབས་ཡོན་ཏན་དུ་ལྟ་བ་དང་བརྒྱད། བདག་འཛིན་བློས་གཏོང་བ་ལ་བརྟེན་ནས་སྦྱིན་པའི་ཞིང་དུ་ལྟ་བ་དང་དགུ། རྒྱུ་འབྲས་བཟང་ངན་ལ་བརྟེན་ནས་འདྲེ་གདོན་མི་འཇིགས་པར་ལྟ་བ་དང་བཅུ། སྒྱུ་མར་རྟོགས་པ་ལ་བརྟེན་ནས་གདོན་འཇིགས་པའི་ཡུལ་དུ་མ་གྲུབ་པར་ལྟ་བ་དང་བཅུ་གཅིག འཁྲུལ་སྣང་བདེན་འཛིན་ལ་བརྟེན་ནས་གདོན་རྣམ་པར་རྟོག་པར་ལྟ་བ་དང་བཅུ་གཉིས། ཡང་དག་པའི་སྤྱོད་པ་ལ་བརྟེན་ནས་འདྲེ་ལམ་གྱི་བོགས་འདོན་དུ་ལྟ་བ་དང་བཅུ་གསུམ། སྐྱེ་མེད་གཅིག་ཆོད་ཀྱི་གདམས་ངག་གིས་བདུད་རང་བཞིན་སྐྱེ་མེད་དུ་འཁྱེར་བ་དང་བཅུ་བཞིའོ། །དང་པོ་ནི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བར་བྱས་ནས། འདྲེ་འཛིན་གྱི་རྟོག་པ་ནམ་སྐྱེས་པའི་དུས་སུ་སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པས་ན། བདག་དང་བགེགས་གཉིས་ཀྱང་ཆོས་ཉིད་དུ་རོ་གཅིག་པས་གནོད་བྱ་གནོད་བྱེད་གཉིས་སུ་མ་གྲུབ། དེ་ལ་བརྟེན་པའི་བདེ་སྡུག་བླང་དོར་དུ་མ་གྲུབ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར། ཇི་སྐད་དུ། ནམ་མཁས་ནམ་མཁའ་འཁྲུག་པར་མི་ནུས་ལྟར། །ཞེས་སོ། །གཉིས་པ་བདག་གཞན་དག་པ་ལ་བརྟེན་ནས་གདོན་ཆོས་སྐུར་ལྟ་བ་ནི། རྟོག་པའི་ཡེ་ཤེས་ཀྱི་ངོས་ནས་གཞལ་ན་གདོན་ཆོས་ཀྱི་སྐུ་སྟེ། གདོན་སྤྲོས་བྲལ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དམིགས་མེད་ཆོས་ཀྱི་སྐུའོ། །ཞེས་སོ། །གདོན་དུ་སྣང་བ་འདི་ལ་ཤེས་རབ་ཀྱིས་བརྟགས་ན། དམིགས་པར་བྱར་མེད། དངོས་པོར་མི་འདུག རང་བཞིན་མི་འདུག་པས་གདོད་མ་ནས་སྤྲོས་བྲལ་དུ་གནས་པས་ཆོས་ཀྱི་སྐུའོ། །གསུམ་པ་ལམ་སྣ་འདྲེན་པ་ལ་བརྟེན་ནས་གདོན་བླ་མར་འཁྱེར་བ་ནི། གདོན་རྩ་བའི་བླ་མ་དང་ཁྱད་པར་མི་འདུག རྩ་བའི་བླ་མས་ཀྱང་ཆོས་ལ་སྦྱོར་ཞིང་ལམ་ལ་འཛུད་པ་ལས་ལྷག་པ་མེད་ལ། གདོན་གྱིས་ཀྱང་ལུས་ཡི་དམ་གྱི་ལྷ་དང་སྦྱོར། ངག་གསང་སྔགས་ཀྱི་བཟླས་བརྗོད་དང་སྦྱོར། ཡིད་ཆོས་ཉིད་སྟོང་པ་ཉིད་སྒོམ་པ་དང་སྦྱོར་ཏེ། འདི་དག་ཐམས་ཅད་གདོན་གྱིས་བསྐུལ་ནས་སྦྱོར་བས་སོ། །བཞི་པ་བྱམས་སྙིང་རྗེ་ལ་བརྟེན་ནས་འདྲེ་ཕ་མ་དྲིན་ཅན་དུ་ལྟ་བ་ནི། འཁོར་བ་ཐོག་མ་མེད་པས་སེམས་ཅན་གཅིག་གིས་ཀྱང་ཕ་དང་མ་བྱས་པའི་གྲངས་མི་ཆོད། འོན་ཀྱང་སྐྱེ་བས་བར་དུ་ཆོད་པས་ངོ་མ་ཤེས་པ་ཡིན། ད་འདྲེ་འདི་དག་ཀྱང་ཕ་མ་ལས་མ་འདས་པར་ཤེས་པར་བྱས་ནས་དེ་ལ་བྱམས་པ་དང་སྙིང་རྗེ་བསྒོམས་ཏེ། བདག་པའི་གནས་ལུགས་ཀྱི་དོན་ལ་མི་སེམས་པར་ལྷ་འདྲེའི་ཕན་གནོད་ལ་བླང་དོར་དུ་ཞེན་པ་བདག་རེ་ངན་སྙམ་དུ་ཡིད་ལ་བྱས་ནས་གཞན་འཁྲུལ་པ་ལ་བྱམས་པ་དང་སྙིང་རྗེ་བྱའོ། །རང་འཁྲུལ་པ་ལ་འགྱོད་པ་བསྐྱེད་པར་བྱའོ། །ད་དྲིན་ལན་བསབ་དགོས་པས་འདིར་བཞུགས་ཤིག བདག་གིས་ཁྱེད་ལ་ཕན་པ་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། དགེ་སྦྱོར་ཅི་བྱེད་དེའི་དོན་དུ་བསྔོས་པས་ཐེག་པ་ཆེན་པོའི་ལམ་དུ་འགྱུར་རོ། །བདག་ལ་གནོད་པའི་ཡི་དྭགས་ལ་བརྡུང་བཏགས་ལ་སོགས་པ་བྱས་ནས་བསྐྲད་ན་རྣམ་སྨིན་ཤིན་ཏུ་ལྕི། ང་རང་སྣང་བ་མ་དག་པའི་སྟོབས་ཀྱིས་གནོད་པ་བྱེད་པར་མཐོང་ནས་འདུག་པར་བསམས་ནས། བསམ་པ་ངན་པ་བཟློག་སྟེ་དགེ་སྦྱོར་ཅི་བྱེད་དེའི་དོན་དུ་བསྔོ་བར་བྱའོ། །ལྔ་པ་ལས་རྒྱུ་འབྲས་ལ་བརྟེན་ནས་ལན་ཆགས་དང་ཟླ་རོགས་སུ་ལྟ་བ་ནི། སྐྱེ་པ་སྔ་མ་ལ་འོ་སྐོལ་གྱིས་སེམས་ཅན་རྣམས་ལ་བརྡུང་བ་དང་ནོར་འཕྲོག་པ་སོགས་གནོད་པ་དཔག་ཏུ་མེད་པ་བྱས་པས། གདོན་འདིས་ཀྱང་ལན་ཆགས་ད་ལྟ་སྙག་པ་ཡིན་པས། ཇི་ཙམ་དུ་གནོད་ཚབས་ཆེ་བ་དེ་ཙམ་དུ་བསོད་ནམས་བསགས་ཤིང་ལན་ཆགས་འཁོར་སྙམ་དུ་དགའ་བར་བྱའོ། །དྲུག་པ་ཤེས་རབ་འདྲེན་པ་ལ་བརྟེན་ནས་སྔོན་བསགས་ཀྱི་སྡིག་སྦྱོང་དུ་ལྟ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་བླངས་པས་སྐྱེ་བ་ཕྱི་མ་དང་ཡང་ཕྱི་སོགས་སུ། སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དགེ་བའི་སྟོབས་ཀྱིས་ཚེ་འདིར་འདྲོངས་ཏེ་གདམས་པ་ཉམས་སུ་བླངས་པས་སྒྲིབ་པ་དག་པའི་རྟགས་བྱུང་སྙམ་དུ་དགའ་བར་བྱས་ཏེ། སྤང་བློ་མི་བྱ་བར་འདི་བྱུང་བས་སྒྲིབ་པ་དག་པར་གྱུར་ཅིག་སྙམ་དུ་གསོལ་བ་གདབ་བོ། །བདུན་པ་སྨོན་ལམ་དག་པ་ལ་བརྟེན་ནས་སངས་རྒྱས་ཀྱི་ཕྲིན་ལས་སུ་ལྟ་བ་ནི། འོ་སྐོལ་སྔར་གྱི་དྲི་མས་བསྒྲིབས་པས་མ་ཚོར། འོན་ཀྱང་ཡང་དག་པའི་སངས་རྒྱས་ཀྱིས་གདུལ་བྱ་མཁྱེན་ནས། ནད་དང་གདོན་དུ་སྤྲུལ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱོར་རོ། །བརྒྱད་པ་ངེས་འབྱུང་སྐྱེ་བ་ལ་བརྟེན་ནས་བདུད་ཀྱི་སྟོབས་ཡོན་ཏན་དུ་ལྟ་བ་ནི། ད་ལྟ་རང་གི་རྒྱུད་ལ་སྦྱར་ན། དེ་སྔ་ཡན་ཆད་ན་ཚ་སྡུག་བསྔལ་ནི་མེད། རྐྱེན་དགྲ་གེགས་ཀྱང་མེད་དར་ཞིང་རྒྱགས་པར་གྱུར་པའི་ཚེ། འཇིག་རྟེན་གྱི་སྲེད་པ་ལ་ཆགས་ནས་བློ་ཡེངས་ནས་འདུག་པ་ལ་རྐྱེན་ནད་དང་གདོན་གྱིས་བསྐུལ་ཏེ། ལུས་ལ་ན་ཚ་སྡུག་བསྔལ་གཏོང་བ་དེའི་ཚེ། མོ་དང་སྨན་ལ་སོགས་པ་བྱས་ཀྱང༌། རྒྱུ་སྟོབས་མེད་ཀྱིས་ཕན་པར་དཀའ་སྟེ། ཐབས་ལ་སོགས་པ་ཀུན་ལ་ཡི་ཆད་ནས་འདི་ལྟར་སེམས་ཏེ། རང་ལ་ན་ཚ་དང་སྡུག་བསྔལ་འདི་ལྟ་བུ་ཞིག་བྱུང་བའི་དུས་ན་གང་གིས་ཀྱང་མི་ཕན་པར་འདུག་པས། ད་ནི་གཉེན་བསྐྱངས་ནས་ཅི་བྱ། དགྲ་བཏུལ་ནས་ཅི་བྱ། སྡུག་བསྔལ་འབའ་ཞིག་ལས་མི་འབག་པར་འདུག་པས། ད་ནི་ཆོས་ཁོ་ན་བྱ་དགོས་སྙམ་པ་ཞིག་ཅི་ནས་ཀྱང་ཡོང༌། དེ་ཙ་ན་བླ་མ་དགེ་བའི་བཤེས་གཉེན་དང༌། ཆོས་འཚོལ་བའི་བློ་འབྱུང༌། ཆོས་བཙལ་ནས་ཉམས་སུ་བླངས་པས། སྡུག་བསྔལ་དག་ནས་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཐོབ་ནས་ཡོང་ངོ༌། །དེ་སུ་ཡིས་བྱས་ན་བགེགས་ཀྱིས་བྱས་པས་འདིས་གནོད་པ་བྱས་པར་མི་འདུག ཕན་བཏགས་ནས་འདུག དེ་ཡང་དགེ་བ་གྱིས། འཇིག་རྟེན་གྱི་བྱ་བ་ཐོང༌། བླ་མ་ཚོལ་ཞེས་པའི་བརྡ་ཆོས་བཤད་ནས་འདུག ཇི་ལྟར་བཤད་ན། ཁྱོད་ད་ལྟ་བདེ་འགྲོར་སྐྱེས་པའི་དུས་འདིར་སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་བཟོད་པར་ངན་འགྲོའི་བཀྲེས་སྐོམ་དང་བཙོ་བསྲེག་གི་སྡུག་བསྔལ་ཇི་ལྟར་བཟོད། དེས་ན་ད་ལྟ་དལ་འབྱོར་ཐོབ་པའི་དུས་འདིར། ཚེ་འདི་ལ་ཆོས་ལམ་དུ་འགྲོ་བ་དང༌། ཕྱི་མ་ལ་ཕན་པ་གྱིས་ཞེས་པའི་ཚུལ་དུ་བཤད་དོ། །དགུ་པ་བདག་འཛིན་བློས་གཏོང་བ་ལ་བརྟེན་ནས་སྦྱིན་པའི་ཞིང་དུ་ལྟ་བ་ནི། བགེགས་འདིས་ཅི་ཁྱེར་གྱིས་དོགས་ནས་འཇིགས། ལུས་ཁྱེར་གྱིས་དོགས་སོ་ཞེ་ན། བདག་བྱང་ཆུབ་སེམས་དཔའ་ཡིན་པས་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཞིང་དུ། གནོད་བྱེད་ལས་བཟང་བ་མེད་པས་ལུས་མི་གཙང་བའི་ཕུང་པོ་འདི་ལྟོས་མེད་དུ་སྦྱིན་ནོ། །དེ་ཡང་ཇི་ལྟར་སྦྱིན་ན། ནམ་ཁྱེར་གྱིས་དོགས་པའི་རྟོག་པ་སྐྱེས་པའི་ཚེ། གནོད་བྱེད་མདུན་དུ་དམིགས་ནས་སྙིང་རྗེ་ཚད་མེད་པ་བསྐྱེད་དེ། སྔར་ཡང་གཞན་ལ་གནོད་པ་བྱས་པས་ཡི་དྭགས་སུ་སྐྱེས། ད་རུང་ཡང་སྐྱེ་བ་ཇེ་དམའ་ལ་འགྲོ་སྙམ་དུ་ཡིད་ལ་བྱས་ནས་ལུས་རིལ་པོ་དང་དུམ་བུ་སོགས་གང་མོས་སྦྱིན་ནས། ཁོང་གི་འདོད་པ་ཚིམ་ཞིང༌། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས། བྱང་ཆུབ་ཐོབ་པར་བསམ་མོ། །གལ་ཏེ་སེམས་ཁྱེར་གྱིས་དོགས་སོ་ཞེ་ན། སེམས་ལ་རྟོག་བཅས་རྟོག་མེད་གཉིས་སུ་ཕྱེ་བས་བརྟགས་པས་མི་རྙེད་ན། འཁྱེར་དུ་ག་ལ་ཡོད། གལ་ཏེ་ལོངས་སྤྱོད་ཁྱེར་གྱིས་དོགས་སོ་ཞེ་ན། བདག་ཐེག་པ་ཆེན་པོའི་སྒོར་ཞུགས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས། གཞན་དོན་གྱི་བྱ་བ་བྱེད་དགོས། བྱ་བ་གང་ཡིན་ན་གཞན་འདོད་པའི་ཡོན་ཏན་འདོད་པ་ལ་ལོངས་སྤྱོད་སྦྱིན་པར་བྱ་བ་ཡིན་པས། ལོངས་སྤྱོད་གཏོང་བ་ཕུན་སུམ་ཚོགས་པ་ཡིན་ནོ། །བཅུ་པ་རྒྱུ་འབྲས་བཟང་ངན་ལ་བརྟེན་ནས་འདྲེ་གདོན་མི་འཇིགས་པར་ལྟ་བ་ནི། དང་པོར་རང་གིས་ཡི་དྭགས་གནོད་པར་བཟུང་ངམ། གཞན་ལ་གནོད་ཅེས་ཟེར་བ་ནི། རང་གི་རྟོག་པས་གནོད་པ་ཆེར་བསྒྲུབས་པ་སྟེ། རང་སྟོབས་ཆུང་ངུ་བྱེད། ཡི་དྭགས་སྟོབས་ཆེན་དུ་བྱས་པས། རང་ན་བས་ལུས་ལ་བར་དུ་བཅད་ཀྱིས་དོགས། འཆི་བས་སྲོག་ལ་བར་དུ་གཅད་ཀྱིས་དོགས་པའི་འཇིག་པ་དང༌། ཞུམ་པའི་སེམས་སྐྱེའོ། །འཇིགས་པ་དང་ཞུམ་པའི་རྟོག་པ་འདི་མ་བསལ་ན་ཕྱིའི་གདོན་མི་བཟློག་པའི་སྟེང་དུ་སྟོབས་ཆེར་འགྲོ། ལན་གཅིག་བཟློག་ཀྱང་གནོད་དུ་འོང༌། དཔེར་ན་ནང་རྐུན་མེད་ན་ཕྱི་རྐུན་མི་ཚུད་ལ། ནང་རྐུན་ལ་བརྟེན་ནས་ཕྱི་རྐུན་ལྡང༌། ནང་རྐུན་ངོས་ཟིན་ན་ཕྱི་རྐུན་རང་ཐུལ་ལ་འགྲོ་བ་བཞིན། དང་པོར་ནང་གི་འཇིགས་ཤིང་ཞུམ་པའི་རྟོག་པ་འདི་བསལ་དགོས་སོ། །ཇི་ལྟར་བསལ་ན། འགྲོ་བ་རིགས་ལྔ་ལས། ངན་སོང་གསུམ་རྒྱུ་འབྲས་ངན་པས་ངན་འགྲོ་ཡིན། དེའི་ནང་ནས་རང་ལ་གནོད་པ་དེ། ཀླུ་དང་ས་བདག་དང་གཉན་ཡིན་ན། དུད་འགྲོ་ཡིན། གཞན་གང་གནོད་ཀྱང་ཡི་དྭགས་ཡིན་བས་བགེགས་ནི་རྒྱུ་ངན་ཏེ་སྡིག་པ་མི་དགེ་བས་བསྐྱེད། འབྲས་བུ་ངན་ཏེ། དུད་འགྲོ་དང་ཡི་དྭགས་སུ་སྐྱེས། རྐྱེན་ངན་ཏེ་མཐུ་དང་སྡོང་ཟླ་མེད། སྔགས་དང་ཏིང་ངེ་འཛིན་མེད། དཀོན་མཆོག་དང་ཆོས་སྐྱོང་གིས་གྲོགས་མི་བྱེད། རྣམ་པར་དཀར་བའི་ཡོན་ཏན་གྱི་རྒྱུ་འབྲས་ཐམས་ཅད་མེད། བདག་ནི་རྒྱུ་བཟང་སྟེ། བསོད་ནམས་ཀྱི་ཚོགས་ལས་བསྐྱེད། རྣམ་པར་དཀར་བའི་ལས་ཡོད། འབྲས་བུ་བཟང་སྟེ་དལ་འབྱོར་གྱི་མི་ལུས་ཐོབ། རྐྱེན་བཟང་སྟེ་བསྟན་པ་བསྲུང་བར་ཁས་བླངས་པའི་ཆོས་སྐྱོང་བའི་སྲུང་མ་ཡོད། སྔགས་དང་ཏིང་ངེ་འཛིན་གྱི་ནུས་པ་ཡོད། བླ་མ་དང་དཀོན་མཆོག་དང་ཡི་དམ་ལ་སོགས་པས་གྲོགས་བྱེད། རྣམ་པར་དཀར་བའི་ཡོན་ཏན་གྱི་ཆོས་ཐམས་ཅད་བདག་ལ་ཡོད་པས་བདག་མཐུ་དང་ལྡན་པའི་ཕྱིར། ཡི་དྭགས་རྣམས་ལ་འཇིགས་པའི་དོན་ཅི་ཡོད། ཡི་དྭགས་ནི་སྙིང་རྗེའི་གནས་ཡིན་སྙམ་དུ་བསྒོམ་མོ། །བཅུ་གཅིག་པ་སྒྱུ་མར་རྟོགས་པ་ལ་བརྟེན་ནས་གདོན་འཇིགས་པའི་ཡུལ་དུ་མ་གྲུབ་པར་ལྟ་བ་ནི། གདོན་གྱི་རྟོག་པ་ནམ་སྐྱེས་པའི་དུས་སུ་གདོན་དུ་སྣང་བ་ཐམས་ཅད་སྒྱུ་མ་བཞིན་དུ་སྣང་བའི་དུས་ཉིད་ནས་གནས་ཚུལ་ལ་མེད་པར་ཤེས་པར་བྱ་སྟེ། སྡུད་པ་ལས། འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །ཅེས་པ་ལྟར་རོ། །བཅུ་གཉིས་པ་འཁྲུལ་སྣང་ལ་བརྟེན་ནས་གདོན་རྣམ་པར་རྟོག་པར་ལྟ་བ་ནི་བགེགས་ལ་སོགས་པ་བློ་ལ་སྣང་བའི་དུས་སུ། རང་གི་སེམས་ཀྱི་གཟུགས་བརྙན་ཤར་བ་ཙམ་ཡིན་གྱི་སེམས་ལས་ལོགས་སུ་གྲུབ་པ་མེད། རང་གི་རྣམ་པར་རྟོག་པས་བཟོས་པ་ཁོ་ན་ཡིན་ལ། རྣམ་རྟོག་སེམས་སུ་འདུག སེམས་རང་བཞིན་མེད་པར་འདུག་སྙམ་དུ་ཡིད་ལ་བྱའོ། །བཅུ་གསུམ་པ་ཡང་དག་པའི་སྤྱོད་པ་ལ་བརྟེན་ནས། འདྲེ་ལམ་གྱི་བོགས་འདོན་དུ་ལྟ་བ་ནི། འདྲེ་ལ་སོགས་པར་སྣང་བའི་དུས་ཉིད་དུ་འདྲེ་ལ་སྐྱོན་དུ་མི་ལྟ་བར་ཡོན་ཏན་དུ་ཤེས་པར་བྱ་སྟེ། དཔེར་ན་ལྕགས་ལ་ཚ་ངར་བླུད་པ་དང་འདྲ། གདོན་གྱི་རྟོག་པ་ནམ་སྐྱེས་པའི་དུས་སུ། གནོད་བྱེད་མདུན་དུ་དམིགས་ནས་དགའ་བའི་སེམས་ཀྱིས་འགལ་བ་ལམ་དུ་སློང་ཞིང༌། མི་མཐུན་པ་གྲོགས་སུ་ཁྱེར། སྐྱོན་ཡོན་ཏན་དུ་བྱེད། ལྟས་ངན་གཡང་དུ་བླང་བའི་དུས་འདིར། མེ་འབར་བ་ལ་ཤིང་བསྣན་པ་བཞིན་དུ། བདག་ལམ་དང་ལྡན་པར་བྱས་པས་རྗེས་སུ་ཡི་རང༌། འདི་ནས་གཞན་དུ་མ་འགྲོ་བར་ངའི་དགེ་བའི་བསྐུལ་མ་གྱིས་ཤིག དེ་ལྟར་མ་བྱས་ན་འཁོར་བ་ཉམས་དགའ། སྣང་བ་འབྲིད་མཁས། རིག་པ་བཅོལ་ཆུང་བའི་སྟོབས་ཀྱིས་དར་ཞིང་རྒྱགས་པས། ཆོས་ཅུང་ཟད་ཀྱང་མི་དྲན་ཞིང༌། གཟུང་འཛིན་གྱི་རྟོག་པ་བློ་ཡེངས་སུ་འགྲོ་བས་བརྡ་ཆོས་སྟོན་ཅིག ངས་ཀྱང་ཁྱེད་ཀྱི་དྲིན་མ་བརྗེད་པར་བྱས་ལ། དགེ་བ་ནུས་ཚད་དུ་བསྒྲུབས་ལ། ཁྱེད་ཡི་དྭགས་ནས་ཅི་ཐོན་དུ་བྱ། འོ་སྐོལ་གཉིས་གཅིག་ལ་གཅིག་དྲིན་ཆེ་སྙམ་དུ་བློ་སྦྱོངས། ངེས་པ་ཁོ་ནར་ལམ་གྱི་བོགས་འདོན་དུ་འགྲོ། སྐྱེ་མེད་གཅིག་ཆོད་ཀྱི་གདམས་ངག་གིས་བདུད་རང་བཞིན་སྐྱེ་མེད་དུ་འཁྱེར་བ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་རམ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དང༌། སྤྲོས་བྲལ་ལས་མ་འདས་པས་རྒྱུ་ཡང་རང་བཞིན་གྱིས་སྟོང༌། རྐྱེན་ཡང་རང་བཞིན་གྱིས་སྟོང༌། རང་གི་ངོ་བོ་ཡང་རང་བཞིན་གྱིས་སྟོང༌། འབྲས་བུ་ཡང་རང་བཞིན་གྱིས་སྟོང་པ་ཡིན་པས། གདོན་གྱི་རྟོག་པ་ནམ་སྐྱེས་པའི་དུས་སུ། གནོད་བྱ་དང་གནོད་བྱེད་དང༌། གནོད་པ་ཐམས་ཅད་ཀྱང་རང་བཞིན་སྟོང་པ་ཉིད་དུ་ཤེས་པར་བྱས་ནས། སྤྱོད་ལམ་ཐམས་ཅད་དུ་དེའི་སྟེང་དུ་མཉམ་པར་བཞག་ན། གདོན་རང་བཞིན་གྱིས་ཞི་བ་རྟེན་འབྲེལ་གྱི་ཆོས་ཉིད་དོ། །ནད་འདོན་པའི་ཐབས་ཀྱི་གདམས་ངག་བཅུ་བཞི་བསྟན་ཟིན་ཏོ། །ལམ་ཉམས་སུ་ལེན་པའི་གདམས་ངག་ཐུན་མོང་མ་ཡིན་པ་བསྟན་ཟིན་ཏོ། །འགོག་པའི་བདེན་པ་ནི། ལམ་ཉམས་སུ་བླངས་པས་ཀུན་འབྱུང་གི་བདེན་པ་དུག་གསུམ་དང་དུག་ལྔ་དང་དེས་ཀུན་ནས་བསླངས་པའི་ལས་ཐམས་ཅད་ཡོངས་སུ་ཆོད་པས། འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་དང་དེ་ལ་བརྟེན་པའི་ནད་དང་གདོན་དང་སྡུག་བསྔལ་གྱི་གཙོ་བོ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཉེ་བར་ཞི་བ་ནི་འགོག་པའི་བདེན་པ་སྟེ། དེ་ཐོབ་པ་ན་ཐར་པ་དང་མྱ་ངན་ལས་འདས་པ་ཐོབ་ཅེས་བརྗོད་དོ། །དཔེར་ན་མགྲོན་པོ་རང་ཁྱིམ་དུ་སླེབ་པ་ལྟ་བུའོ། །བདེན་པ་བཞི་ལ་འདོམས་པའི་གདམས་ངག་བསྟན་ཟིན་ཏོ། །དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་ཉམས་སུ་ལེན་པའི་ཚུལ་ལ། སངས་རྒྱས་དཀོན་མཆོག་ནི་སྒྲིབ་པ་མ་ལུས་པ་སྤངས་ཤིང་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་མ་ལུས་པ་མཁྱེན་པའོ། །ཆོས་དཀོན་མཆོག་ནི་གཟུང་འཛིན་གཉིས་པོ་ཉེ་བར་ཞི་བའི་འགོག་ལམ་མོ། །དགེ་འདུན་དཀོན་མཆོག་ནི་སྤངས་པ་དང་མཁྱེན་པའི་ཡོན་ཏན་གཉིས་དང་ལྡན་པས། གདུལ་བྱ་མྱ་ངན་ལས་འདས་པའི་སར་འཁྲིད་པར་བྱེད་པའི་ཐབས་ལ་མཁས་པའི་གང་ཟག་གོ །ལམ་ཉམས་སུ་ལེན་པའི་སྐབས་སུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་གལ་ཆེ་ཞིང༌། ཁྱད་པར་དུ་ཆོས་སྒོར་ཞུགས་པ་རྣམས་ལ། ཐོག་མའི་བྱ་བ་སྐྱབས་སུ་འགྲོ་བ་འདི་གལ་ཆེ་སྟེ། འདི་མེད་ན་ལུས་ངག་ཡིད་གསུམ་གྱི་འབད་རྩོལ་ཇི་ཙམ་བྱས་ཀྱང་ཡང་དག་པའི་ལམ་དུ་འགྲོ་བའི་རྒྱུ་མེད་པས། བསླབ་པ་ཐམས་ཅད་ཀྱི་གནས་ཡང་སྐྱབས་འགྲོ་ཡིན། སྡོམ་པ་ཐམས་ཅད་ཀྱི་རྟེན་ཡང་སྐྱབས་འགྲོ་ཡིན། ལེགས་སྤྱད་ཐམས་ཅད་ཀྱི་གཞི་ཡང་སྐྱབས་འགྲོ་ཡིན། དགེ་བ་སྤེལ་བ་དང་སྡིག་པ་སེལ་བ་དང༌། ངན་འགྲོ་ལས་སྐྱོབ་པ་ལ་སྐྱབས་འགྲོ་མེད་ཐབས་མེད་པས། དང་པོར་ཆོས་སྒོར་ཞུགས་པའི་ཚེ་ཡང་སྐྱབས་འགྲོ་བྱ། དེ་བྱས་པས་ནང་པའི་གྲལ་དུ་ཚུད། བསླབ་པ་ལེན་པའི་གནས་སྐབས་སུ་ཡང་སྐྱབས་འགྲོ་བྱ། དེས་སྡོམ་པའི་གཞི་འཛིན། སེམས་བསྐྱེད་པའི་དུས་སུ་ཡང་སྐྱབས་འགྲོ་བྱ། དེས་ཐེག་ཆེན་གྱི་ལམ་སྦྱོང༌། དབང་བསྐུར་བའི་དུས་སུ་ཡང་སྐྱབས་འགྲོ་བྱ། དེས་ཐ་མལ་གྱི་རྒྱུད་སྨིན། དགེ་སྦྱོར་ལ་ཞུགས་པའི་དུས་སུ་ཡང་སྐྱབས་འགྲོ་བྱ། དེས་ལམ་གྱི་བར་ཆད་སེལ། དུས་རྟག་ཏུ་ཡང་སྐྱབས་འགྲོ་གྲུབ་ཚད་བྱ། དེ་ལ་ཕན་ཡོན་དཔག་ཏུ་མེད་དོ། །དེ་ལྟར་བྱས་པས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་དེ། སྒྲིབ་གཉིས་སངས་ནས་གཉེན་པོའི་ཡེ་ཤེས་རྒྱས་པས་སངས་རྒྱས་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་དོ། །ཉོན་མོངས་པ་དང་གཟུང་འཛིན་ཞི་བས་ཆོས་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་དོ། །སྙིང་རྗེའི་དབང་གིས་ཡང་དག་པའི་དོན་མ་རྟོགས་པ་རྣམས་ལ། ཐབས་དུ་མའི་སྒོ་ནས་ཕན་འདོགས་ཤིང་དམ་ཆོས་ཀྱི་འོད་ཟེར་འགྱེད་པས་འདྲེན་པ་བླ་མེད་དགེ་འདུན་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་པ་ཡིན་ནོ། །འདི་དག་ནི་ཀུན་རྫོབ་ཏུ་སྐྱབས་འགྲོ་ཉམས་སུ་ལེན་པའི་ཚུལ་ཡིན་ལ། དོན་དམ་པར་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་རྒྱས་གདབ་བོ། །མ་ཞེན་པ་དང་མི་ངལ་བའི་བརྩོན་འགྲུས་ཉམས་སུ་ལེན་པའི་ཚུལ་ནི། སྤྱིར་ཉེས་པ་ཐམས་ཅད་དང་བྱེ་བྲག་ཏུ་ལུས་ཀྱི་ན་ཚ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་སོགས་རྒྱུ་མངོན་པར་ཞེན་པ་ལས་བྱུང༌། དེ་ཡང་འཇིག་རྟེན་ཐ་མལ་པ་རྣམས་ནི། ཕུང་པོ་ལ་ཞེན། ཁམས་ལ་ཞེན། ཆགས་སྡང་ལ་ཞེན། དགྲ་གཉེན་ལ་ཞེན། གཉིས་འཛིན་གྱི་ཤེས་པ་ལ་ཞེན་ནོ། །ཆོས་ལ་ཞུགས་པ་རྣམས་ནི་ཡུལ་དཀོན་མཆོག་གསུམ་ལ་ཞེན། ཡི་དམ་གྱི་ལྷ་ལ་ཞེན། ཚུལ་ཁྲིམས་ལ་ཞེན། ལྟ་བ་སྤྱིའི་རྣམ་པ་ལ་ཞེན། སྤང་བྱ་རྟོག་པ་ལ་ཞེན། སྤོང་བྱེད་གཉེན་པོ་ལ་ཞེན། དམིགས་པའི་ལྷ་སྐུ་ལ་ཞེན། རྩ་རླུང་གི་བདེ་བ་ལ་ཞེན། ཕན་སེམས་ཀྱི་སྙིང་རྗེ་ལ་ཞེན། སྙན་བརྒྱུད་ཀྱི་གདམས་པ་ལ་ཞེན། རང་གི་གྲུབ་མཐའ་ལ་ཞེན། ཐོས་པའི་ན་ཡམས་ལ་ཞེན་ནོ། །དེ་ལྟར་ཞེན་པས། ལུས་ངག་ཡིད་གསུམ་གྱི་སྐྱོན་ངལ་བ་འབྱུང་ཞིང༌། དེ་ལས་ལུས་ཀྱི་ནད་དང་སྡུག་བསྔལ་ལ་སོགས་པ་འབྱུང་ངོ༌། །ཞེན་པའི་རྒྱུ་ལས་ལུས་ངལ་ཏེ། ལུས་ཀྱི་བྱ་བ་དགེ་བ་ལ་བཀོལ་མི་བཏུབ། ངག་ངལ་ཏེ་སྐྱབས་འགྲོ་ལ་སོགས་པ་མི་བྱེད། ཡིད་ངལ་ཏེ་ཕྱིན་ཅི་ལོག་འབའ་ཞིག་གི་རྗེས་སུ་འབྲང་ངོ༌། །དེ་ལ་བརྟེན་ནས་ཁ་ན་མ་ཐོ་བ་གསུམ་འབྱུང་སྟེ། ལུས་ཀྱི་ཁ་ན་མ་ཐོ་བ་སྤྱོད་པ་མི་ལེགས་པ་སྟོན། ངག་གི་ཁ་ན་མ་ཐོ་བ་ཁ་སྨྲས་དང་གླེང་གཞི་ལ་ཤོར། ཡིད་ཀྱི་ཁ་ན་མ་ཐོ་བ་ཉོན་མོངས་པའི་དབང་དུ་སོང༌། ནད་ལ་ཕན་པའི་གཉེན་པོ་མ་ཤེས། སྐྱབས་འགྲོའི་བསླབ་བྱ་རྣམས་ཤོར། འཇིག་རྟེན་གྱི་ཁ་ན་མ་ཐོ་བ་ཕན་ཚུན་འཐབ་ཅིང༌། སངས་རྒྱས་ཀྱི་བསླབ་བྱ་ལས་ཉམས། འཇིག་རྟེན་པའི་ལྷ་ལ་ཕྱག་འཚལ། ཆོས་ཀྱི་བསླབ་བྱ་ལས་ཉམས། སེམས་ཅན་ལ་གནོད་འཚེ་བྱེད། དགེ་འདུན་གྱི་བསླབ་བྱ་ལས་ཉམས། ཕྱིན་ཅི་ལོག་གི་གྲོགས་དང་འགྲོགས། དེ་ལྟར་གྱུར་པས། འཇིག་རྟེན་གྱི་ཁ་ན་མ་ཐོ་བ་མིས་འཕྱར་འོང༌། ལྷ་འདྲེ་གོ་བ་ཅན་རྣམས་ཀྱིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད། ཆོས་པ་རང་ཡང་སྲོག་ལ་བབ་ཙ་ན། མོ་འདེབས་པ་དང་སྨན་ལ་རེ་དགོས་སོ། །དེ་ལྟར་གྱུར་པས་མི་ནག་པ་དང་ཁྱད་མི་འདུག་ཟེར་ནས་སྐུར་འདེབས་སུ་འོང༌། ཡང་ཇི་སྐད་བཤད་པའི་མངོན་པར་ཞེན་པའི་རྒྱུ་ལས། ཆགས་སྡང་གི་རྟོག་པ་མ་ཆོད་པས་སླར་ཆོས་པའི་གཟུགས་བྱས་ནས་ཚེ་འདི་འབའ་ཞིག་དོན་དུ་གཉེར། སྟོན་པ་རྣམས་ཀྱིས་མི་ཆོས་གཙོ་བོ་བྱས་ནས་ཤགས་ངན་འདེབས། སྒོམ་ཆེན་པ་ཀུན་གྱིས་དམག་དཔོན་བྱེད། མི་ཆོས་ཀྱི་གཙོ་བོ་བྱས་ནས་ནམ་ཕུགས་ཀྱི་གྲོས་བྱེད། དེ་ལྟ་བུའི་ཆོས་པ་དེ་ལ་མི་ཆོས་པ་རྣམས་ཀྱིས་ཀྱང་ཞེ་ཁྲེལ། ངོར་མི་སྨྲ་ཡང་ལྐོག་ཏུ་སྨྲ། མཆོད་གནས་ཀྱང་གཞན་ནས་འཚོལ། མཐར་བོང་བའི་རྦབ་བཞིན་དུ་ཇེ་ཆུང་ཇེ་ཆུང་ལ་འགྲོ། མཁས་པའི་སྐྱེ་བོས་སྨད་པའི་གནས་སུ་འགྱུར་རོ། །གནས་སྐབས་སུ་ནད་བྱུང་བའི་ཚེ། ནད་ཀྱི་རྒྱུ་ངོ་མ་ཤེས་པས་ང་ལ་འདི་ལྟ་བུའི་ནད་བྱུང་བས་ཆོས་མི་བདེན་ཟེར་ནས་ཆོས་སྤོང་བར་འགྱུར་རོ། །དེ་ཙ་ན་བདུད་ལས་མི་ཐར་རོ། །ཡང་ཆོས་པ་འགའ་ཞིག་གཞན་ངོར་ཆོས་པ་བཟང་པོ་ལྟར་སྣང་སྟེ། བཙུན་བཙུན་གྲོལ་གྲོལ་ལྟར་བྱས་ཏེ། དེ་ལྟར་མ་བྱས་ན་འདི་ཀུན་མི་དད། མ་དད་ན་བསྙེན་བཀུར་དང་འབུལ་བ་སོགས་མི་ཡོང་སྙམ་པས་ཐོས་བསམ་སོགས་བྱེད་པ་དེ་ནི་གཉེན་པོ་སྤང་བྱའི་ཁ་ཞབས་སུ་སོང་བས། རང་གི་སྲིད་སྡེས་དགྲ་ལ་མི་གནོད་པ་དང༌། སྲིད་སྡེ་དགྲ་ལ་ལོག་པ་དང༌། སྐྱེལ་མ་དགྲ་རུ་སོང་བ་དང༌། སྐྱབས་དགྲ་རུ་ལངས་པ་དང༌། གཉེན་དང་གྲོགས་དགྲར་ཁུགས་པ་དང་འདྲ། མདོར་ན་སྐྱབས་ཀྱི་ནང་ནས་ཉེས་བྱུང༌། གསེར་ལ་ར་གན་ཤོར། སྨན་དུག་ཏུ་སོང༌། གཉེན་པོ་བདུད་དུ་སོང༌། སྐྱུག་སྨན་མ་ཞུ་བ་དུག་ཏུ་སོང༌། ཆོས་ཀྱི་ནང་ནས་རྫུན་བྱུང༌། ཅི་ཡང་བྱ་ཐབས་མེད། གཞན་ངོར་ཆོས་བྱེད་པ་ལྟར་སྟོན་པ་དེ་སྨན་པ་ངན་པས་ནད་ངོས་མ་ཟིན་པའམ། མདའི་དུམ་བུ་རྨ་ནང་དུ་བཅུག་ནས་རྨ་ཁ་སྨན་གྱིས་གསོ་བ་དང་འདྲ་སྟེ། ཕྱིས་རྨ་ལོག་ནས་ཡོང་ངོ༌། །དེ་བཞིན་དུ་ཕྱིན་ཅི་ལོག་དུ་མས་བཅིང་ཤིང༌། ཆོས་གཞན་ངོ་དང་བསྟུན་བའི་ཆོས་པ་དེ་དོན་གྱི་ཆོས་པར་མི་འགྲོ། གཞན་བསླུ་བའི་ཟོག་པོ་ཞེས་བྱའོ། །ཡང་འགའ་ཞིག་ཐོས་པ་དང༌། དད་པ་ལ་སོགས་པ་རབ་ཏུ་གྱུར་ཀྱང་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པར་དམིགས་ཤིང་ཞེན་ན་མཐར་ཀུན་འབྱུང་དུ་ལྷུང་ནས་ནད་བསྐྱེད་པར་འགྱུར་ཏེ། དད་པ་ལ་སྐྱོན་ཞུགས་ན་གདུང་བ་ནད་དུ་སོང་བའི་ནད། ཐོས་པ་ལ་སྐྱོན་ཞུགས་ན་མཁས་པ་དུག་ཏུ་སོང་བའི་ནད། ཕན་སེམས་ལ་སྐྱོན་ཞུགས་ན་གཞན་དོན་དུག་ཏུ་སོང་བའི་ནད། ལྟ་བ་ལ་སྐྱོན་ཞུགས་ན་ཤེས་རབ་དུག་ཏུ་སོང་བའི་ནད། སྒོམ་པ་ལ་སྐྱོན་ཞུགས་ན་དམིགས་པ་དུག་ཏུ་སོང་བའི་ནད། སྤྱོད་པ་ལ་སྐྱོན་ཞུགས་ན་བརྟུལ་ཞུགས་དུག་ཏུ་སོང་བའི་ནད། དཀའ་ཐུབ་ལ་སྐྱོན་ཞུགས་ན་ཚུལ་ཁྲིམས་དུག་ཏུ་སོང་བའི་ནད། སྒྲུབ་བྱེད་ལ་སྐྱོན་དུ་ཞུགས་ན་བསྒྲུབ་བྱ་དུག་ཏུ་སོང་བའི་ནད། དང་པོ་དད་པ་ལ་སྐྱོན་ཞུགས་ན་ཆགས་པའི་ཡུལ་བཟུང་ནས་ཞེན་མེད་ཀྱི་ཡུལ་ཕུད། ཐོས་པ་ལ་སྐྱོན་ཞུགས་ན་ང་རྒྱལ་གྱི་ཡུལ་བཟུང་ནས། ཞི་ངེས་ཀྱི་ཡུལ་ཕུད། ཕན་སེམས་ལ་སྐྱོན་ཞུགས་ན་རང་འདོད་ཀྱི་ཡུལ་བཟུང་ནས་ཐུགས་རྗེའི་ཡུལ་ཕུད། ལྟ་བ་ལ་སྐྱོན་ཞུགས་ན་གཉིས་འཛིན་གྱི་ཡུལ་བཟུང་ནས་གཉིས་མེད་ཀྱི་ཡུལ་ཕུད། སྒོམ་པ་ལ་སྐྱོན་ཞུགས་ན་དམིགས་པའི་ཡུལ་བཟུང་ནས་དམིགས་མེད་ཀྱི་ཡུལ་ཕུད། སྤྱོད་པ་ལ་སྐྱོན་ཞུགས་ན་ཐོ་ཅོའི་ཡུལ་བཟུང་ནས་རྣལ་མའི་ཡུལ་ཕུད། དཀའ་ཐུབ་ལ་སྐྱོན་ཞུགས་ན་སྡུག་བསྔལ་གྱི་ཡུལ་བཟུང་ནས་བདེ་བའི་ཡུལ་ཕུད། སྒྲུབ་བྱེད་ལ་སྐྱོན་ཞུགས་ན་གོལ་སའི་ཡུལ་བཟུང་ནས་མ་ནོར་བ་ཡུལ་ཕུད་ནས་ནད་བསྐྱེད་དོ། །ཡང་དད་པ་རྒས་པ་གདུང་བ། གདུང་བ་རྒས་པ་ཆགས་པ། ཆགས་པ་རྒས་པ་ནད། ནད་རྒས་པས་འཆི། ཐོས་པ་རྒས་པ་མཁས་འདོད། མཁས་འདོད་རྒས་པ་ང་རྒྱལ། ང་རྒྱལ་རྒས་པ་ནད། ནད་རྒས་པས་འཆི། ཤེས་རབ་རྒས་པ་བསོད་ནམས། བསོད་ནམས་རྒས་པ་ང་རྒྱལ། ང་རྒྱལ་རྒས་པ་ནད། ནད་རྒས་པས་འཆི། སྒོམ་རྒས་པ་བདག་འཛིན། བདག་འཛིན་རྒས་པ་འདོད་པ། འདོད་པ་རྒས་པ་ནད། ནད་རྒས་པས་འཆི། སྤྱོད་པ་རྒས་པ་མངོན་ཤེས། མངོན་ཤེས་རྒས་པ་མིག་མཐོང༌། མིག་མཐོང་རྒས་པ་ནད། ནད་རྒས་པས་འཆི། དཀའ་ཐུབ་རྒས་པ་བཟང་འདོད། བཟང་འདོད་རྒས་པ་ཚུལ་འཆོས། ཚུལ་འཆོས་རྒས་པ་ནད། ནད་རྒས་པས་འཆི། སྒྲུབ་བྱེད་རྒས་པས་བདེ་འདོད། བདེ་འདོད་རྒས་པས་གཟུང་འཛིན། གཟུང་འཛིན་རྒས་པ་ནད། ནད་རྒས་པས་འཆི། འདི་དག་གི་རྒྱུ་ཅི་ལན་ན། ཞེན་པའི་རྒྱུ་ལས་ངལ་བ་འབྱུང་བས་ལན་ཏེ། ལུས་ངག་ཡིད་གསུམ་ལམ་ཉམས་སུ་ལེན་པའི་ཐབས་ལ་ངལ་ཞིང་དུབ་པས། ཤེས་རབ་དོན་ཐོག་ཏུ་མ་ཕེབས་པས་ནད་འབྱུང་བར་འགྱུར་ཏེ། ཟུག་རེས་འཇོག་བྱེད་པ་དང༌། སྙིང་མི་དགའ་བ་དང༌། ཤེས་པ་གཉེན་པོ་ལ་བཀོལ་དུ་མི་བཏུབ་པ་དང༌། སྟན་ལ་སྡོད་སྙིང་མི་འདོད་པ་དང༌། མགོ་བོ་ན། སྒལ་པ་གཟེར། ལུས་ཀྱི་ཆ་སྟོད་ཆ་སྨད་མི་བདེ། དོན་སྙིང་འཁྲུག ཚིག་པ་ཟ། ཐ་མ་དྲི་ཆུ་སྡོམ་པ་ལ་སོགས་པ་འབྱུང་ངོ༌། །དེའི་དུས་སུ་འགལ་བ་གསུམ་འབྱུང་སྟེ། རྒྱུས་འགལ་ཏེ། འཁོར་བ་ལ་ཞེན་པའི་སྟོབས་ཀྱིས་རང་ན་ཚས་གདུངས་ཀྱང་ནོར་རྫས་ལ་སོགས་པ་ཅི་ཡང་གཏོང་མི་ཕོད། རང་བཞིན་གྱིས་འགལ་ཏེ། དགེ་སྦྱོར་ལ་སོགས་པའི་བྱ་བ་ཅི་བྱེད་པ་ཐམས་ཅད་ལ་དམིགས་པ་དང༌། ཞེན་ཅིང་ཆགས་པའི་སྒོ་ནས་བསྒྲུབས་པས་ཞེན་པས་བཅིངས། དངོས་པོས་འགལ་ཏེ། ནད་གདོན་སེལ་བའི་ཐབས་མ་ཤེས་ཤིང་རྡུགས་པས། མཚལ་རང་ལ་ཡོད་ཀྱང་བཙག་མི་ལ་འཚོལ་དགོས་ཏེ། ནད་གདོན་སེལ་བའི་གཉེན་པོ་རང་གིས་མ་ཤེས་པས། མོ་དང་སྨན་ལ་སོགས་པའི་དྲིན་འཇོག་དགོས། ཞེན་པ་དང་ངལ་བ་ལུས་ལ་འཚོགས་པས་སྟོད་ན་ཚད་པ། སྨད་ན་གྲང་བ། བར་ན་ཕོ་མཆིན་ན་ཞིང༌། སྟོད་བཅོས་ན་སྨད་མི་བདེ། སྨད་བཅོས་ན་སྟོད་མི་བདེ། གཞུ་མཁན་ངན་པའི་གཞུ་དང་འདྲ་བ་ཡོང༌། འཇིག་རྟེན་གྱི་ཁ་བྲ་ངན་པ་ལུས་ལ་བརྗོད་དེ། ངས་མི་ཚེ་ཆོས་བྱས་པ་ལ་འདི་ལྟ་བུའི་ནད་འོང་བས་ཆོས་མི་བདེན། ད་མོ་ཐོབ་སྨན་དཔྱད་ལ་སོགས་པ་གྱིས་ཟེར་བ་དང༌། ལྟས་ངན་གྱི་ལུས་པོ་འདིས་ང་སྦྱངས་ཟེར་ནས་བརྔན་བརྗོད་དོ། །ཡིད་ལ་ཞེན་པ་དང་ངལ་བ་དང་དུབ་པའི་སྐྱོན་ཞུགས་པས་འདི་ལ་ཅི་ཕན་སྙམ་ནས་རེ་དོགས་ཀྱི་རྟོག་པ་མང་པོ་འབྱུང༌། རེ་བའི་སྣང་བ་མ་ཆོད་པས་འདྲེ་གནོད། འཁྲུལ་པའི་སྣང་བ་མ་ཆོད་པས་ལོག་པར་རྟོག་པའི་འཕྲོ་འདུ་མང་པོ་འབྱུང༌། ད་ནི་ལྷ་མ་དགའ་བ་ཡིན་ནམ། འདྲེ་གནོད་དམ། ཆོས་སྐྱོང་མ་དགྱེས་པ་ཡིན་ནམ། གཏོར་མ་བཏང་ན་ཕན་ནམ་སྙམ་པ་འབྱུང་ངོ༌། །ནད་གསོ་བའི་ཐབས་ཇི་ལྟ་བུ་སྙམ་ན། མོ་དང་སྨན་ལ་སོགས་པ་གང་གིས་ཀྱང་གསོ་བར་མི་ནུས་སོ། །འོ་ན་གང་གིས་གསོ་ན། སྟོང་ཉིད་རྟོགས་པའི་ལྟ་བ་ཕྱིན་ཅི་མ་ལོག་པས་གསོ་དགོས་ཏེ། ནད་ཀྱི་རྒྱུ་ངལ་བ་ཡིན་ལ། ངལ་བ་ནི་ཞེན་པས་བསྐྱེད་ཅིང༌། བདེན་པར་ཞེན་པའི་གཉེན་པོ་སྟོང་ཉིད་རྟོགས་པའི་ཤེས་རབ་དགོས་པའི་ཕྱིར་རོ། །དེ་ཡང་མི་མཐུན་ཕྱོགས་ལ་དོར་བྱར་ཞེན། གཉེན་པོ་ལ་བླང་བྱར་ཞེན་ན་ལྟ་བ་ངན་པའི་མཐར་ལྷུང༌། དགག་སྒྲུབ་གཉིས་སུ་ཞེན་པས་སྤྱོད་ན། སྤྱོད་པ་ངན་པའི་མཐར་ལྷུང༌། རེ་དོགས་གཉིས་ཀྱི་སྒོ་ནས་བསྒོམས་ན་བསྒོམས་པ་ངན་པའི་མཐར་ལྷུང་བས། སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་ལྟ་བ་དངོས་པོ་དང་མཚན་མའི་རྒྱབ་ཤ་བཅད། སྟོང་ཉིད་རྟོགས་པའི་ཏིང་ངེ་འཛིན་གྱིས་སྒོམ་པ་རྟོག་པའི་ཁོང་གཟེར་དབྱུང༌། དགེ་བ་ལ་སོགས་པའི་བྱ་བ་ཅི་བྱེད་ཀྱང་མི་དམིགས་པ་དང་མི་གནས་པར་རྟོགས་པས་སྤྱོད་པ་བྱ་བྱེད་དུ་ཞེན་པའི་མདུད་པ་གྲོལ། ཞེན་པ་ཕྱི་ནས་གཞོམ་པའི་གདམས་ངག འཁོར་བའི་ལམ་རིང་པོ་ལས་མྱུར་དུ་འདའ་བར་བྱེད་པ། འགྲོ་བ་རིགས་དྲུག་དབང་པོ་གཅིག་གིས་གཅད་པའི་གདམས་ངག ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་མཉམ་པར་གཞག་པར་བྱའོ། །དེ་ཡང་ལམ་སྒོམ་ལ། དམིགས་གནས་ཆ་གསུམ་དུ་མ་སོང་བར་དམིགས་པ་མེད་པའི་ཚུལ་དུ་སློབ་དགོས་སོ། །ཇི་སྐད་དུ་ཤེར་ཕྱིན་ལས། དཔེར་ན་ལ་ལ་རྫ་སོ་མ་བཏང་ཆུ་བསྐྱེད་ན། །ཉམ་ཆུང་ཕྱིར་ནི་མྱུར་དུ་འཇིག་པར་འགྱུར། །སོ་བཏང་བུམ་པར་ཆུ་བསྐྱེད་འཇིག་པ་ཡི། །འཇིགས་པ་མེད་ཅིང་བདེ་བར་ཁྱིམ་དུ་ཕྱིན་པར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་དད་པ་མང་གྱུར་ཀྱང༌། །ཤེས་རབ་རྣམ་པར་ཉམས་ན་མྱུར་དུ་མ་རུངས་འགྱུར། །དད་པས་ཤེས་རབ་དེ་ནི་ཡོངས་སུ་ཟད་གྱུར་ན། །ས་གཉིས་ཤིན་ཏུ་འདས་ཏེ་བྱང་ཆུབ་མཆོག་ཐོབ་འགྱུར། །དཔེར་ན་བཅོས་ལེགས་མ་བྱས་གྲུ་ནི་རྒྱ་མཚོའི་ནང༌། །ནོར་དང་བཅས་ཤིང་ཚོང་པར་བཅས་ཏེ་འཇིག་པར་འགྱུར། །གྲུ་དེ་ལེགས་པར་བཅོས་ལེགས་བྱས་དང་ལྡན་གྱུར་ན། །མི་འཇིགས་ནོར་དང་བཅས་ཏེ་ངོགས་སུ་ཕྱིན་པར་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་དད་པ་ཡོངས་བགོས་ཀྱང༌། །ཤེས་རབ་མེད་ན་བྱང་ཆུབ་ལས་ནི་མྱུར་ཉམས་འགྱུར། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལྡན་ན། །མ་རྨས་མ་ཉམས་རྒྱལ་བའི་བྱང་ཆུབ་རེག་པར་འགྱུར། །ཞེས་སོ། །མ་ཞེན་པ་དང་མི་ངལ་བའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་བསྟན་ཟིན་ཏོ། །ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་ནི། ལམ་ནི་ཐེག་པ་ཆེན་པོའི་ལམ་སྟེ། ཐེག་པ་ཆེན་པོའི་ལམ་ཉམས་སུ་བླངས་པས། ཐེག་དམན་དུ་མི་ལྷུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པས་ཏེ། ཐོག་མར་མཐའ་ཡས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བསྐྱེད་ནས། སེམས་ཅན་སྡུག་བསྔལ་གྱི་རྒྱ་མཚོར་ནུབ་པ་ལ་བལྟས་ནས་དེ་འདོན་པར་འདོད་པའི་བསམ་པས་སྟོང་པ་ཉིད་ཀྱི་དོན་ལ་མཉམ་པར་བཞག་ཅིང་སེམས་ཅན་གྱི་དོན་དུ་རྗེས་དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱེད་པ་སྟེ། འདིར་ནི་ཐེག་པ་ཆེན་པོའི་དོན་མཐའ་དག་འདུས་སོ། །སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་ལ་འདོམས་པའི་གདམས་ངག་ནི། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་ཉམས་སུ་བླངས་པས། སྤྱན་དང་མངོན་པར་ཤེས་པའི་ཡོན་ཏན་རྒྱུད་ལ་ཐོབ་པའི་དུས་སུ། སྤྱན་དང་མངོན་ཤེས་ཀྱི་ཡོན་ཏན་ཐོབ་པ་ལ། རློམ་སེམས་སྐྱེས་ན་གཉེན་པོའི་རྟེན་ཅན་གྱི་རྟོག་པས་འཆིང་བས། འཆིང་བ་གཅོད་པའི་དོན་དུ་ཡོན་ཏན་ལ་རློམ་པ་ཡང༌། སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་བཅད་ཅིང༌། ཡོན་ཏན་ཐམས་ཅད་ཟླ་བ་ཉ་གང་བ་བཞིན་དུ་ཡོངས་སུ་རྫོགས་ལ་ཉེས་པ་ཐམས་ཅད་རྩད་ནས་ཕྱུང་བའི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ལྟ་བུ་ལ་ཡང་ང་རྒྱལ་མི་མངའ་ན་ཁྱོད་ཅི་ལ་ང་རྒྱལ། སྦྱིན་པའི་དབང་དུ་བྱས་ན། དགེ་སློང་བཞི་ལ་འབྲས་ཕུལ་གང་ཕུལ་བའི་རྣམ་སྨིན་གྱི་ལོངས་སྤྱོད་ཙམ་ཡང་མེད་ན་ཅི་ལ་ང་རྒྱལ་ཞེས་སོགས་ཀྱི་སྒོ་ནས་ང་རྒྱལ་སྤང་ངོ༌། །དམིགས་ན་གང་ལ་དམིགས་ཀྱང་སྐྱོན་ཡིན་ཏེ་སྐྱོན་ཐོག་ནས་སངས་མི་རྒྱ། སྟོང་པ་ཉིད་ཞེན་པ་ཡང་གཅོད་དགོས་ན་གཞན་ལ་ཞེན་པ་ལྟ་ཅི་སྨོས། ཐག་པ་དཀར་པོས་བཅིངས་པ་དང་ནག་པོས་བཅིངས་པ་གཉིས་འཆིང་བའི་ཕྱོགས་སུ་གཅིག དཀར་ནག་གི་ལས་གང་ཡང་དམིགས་མེད་དུ་ཤེས་པར་བྱ་དགོས་སོ། །མཐོང་བ་དང་སྒོམ་པའི་ལམ་ལ་འདོམས་པའི་གདམས་ངག་ནི། སྤྱན་དང་མངོན་པར་ཤེས་པའི་ཡོན་ཏན་ཐོབ་པ་ན། དྲི་མ་རགས་པ་སྤངས་ཀྱང༌། དྲི་མའི་ས་བོན་སྤོང་བ་ལ་མཐོང་བ་དང་སྒོམ་པའི་ལམ་རྒྱུད་ལ་བསྐྱེད་དགོས་ཏེ། མཐོང་ལམ་གྱི་སྒྲིབ་པ་ཀུན་བཏགས་ཀྱི་ས་བོན་སྤོང༌། སྒོམ་ལམ་གྱི་སྒྲིབ་པ་ལྷན་སྐྱེས་སྤང་དགོས་པའི་ཕྱིར་རོ། །སྒྲིབ་གཉིས་ཀྱི་ས་བོན་རྩད་ནས་ཕྱུང་བ་ན། སྒྲིབ་པ་མི་སྐྱེ་བའི་ཆོས་ཅན་གྱི་འགོག་པ་ལ་སངས་རྒྱས་ཐོབ་ཞེས་བརྗོད་དོ། །གདམས་ངག་བཅུ་ཉམས་སུ་ལེན་པའི་ཚུལ་བསྟན་ཟིན་ཏོ། །ངེས་འབྱེད་ཆ་བཞི་ཉམས་སུ་ལེན་པའི་ཚུལ་ནི། དམིགས་པའི་རྐྱེན་བདེན་པ་བཞི། རྒྱུའི་རྐྱེན་ཐེག་པ་ཆེན་པོའི་རིགས་སད་པའོ། །དེ་མ་ཐག་པའི་རྐྱེན། དགེ་བ་གོང་ནས་གོང་དུ་འཕེལ་བའི་གོ་འབྱེད་པ། བདག་པོའི་རྐྱེན་ལ་གཉིས་ཏེ། མི་མཐུན་པའི་བདག་པོའི་རྐྱེན་དང༌། མཐུན་པའི་བདག་པོའི་རྐྱེན་ནོ། །དང་པོ་ནི་སྤང་བྱ་ཡིན་ལ། གཉིས་པ་ནི་བརྟེན་པར་བྱ་བའི་བདག་རྐྱེན་ནོ། །དང་པོ་ནི་གྲོགས་པོ་ལྟ་བུ་གཅིག་དང་འཕྲད་པའི་དུས་སུ། ཁྱོད་ནོར་རྫས་ཀྱི་དངོས་པོ་གཞན་ལ་གཏོང་བ་ཡང་དགའ་སྟེ། རྒས་པ་དང་ན་ཚ་ལ་སོགས་པ་བྱུང་བའི་དུས་སུ་ནོར་རྫས་ཀྱི་དངོས་པོ་དགོས་པ་ཡིན། འདོད་པ་མེད་པ་སུ་ཡང་མེད། ཇོ་བོ་བཟང་པོ་ཀུན་ཀྱང་ཕྱི་ཆོས་བྱེད་པར་འདུག གཡས་ཆུང་མ་བྱེད་ཅིག འཚོ་བ་རང་འཚོ་ཙམ་ཞིག་མེད་ན། ཉེ་འབྲེལ་གྱིས་བརྙས་པ་བྱེད་དུ་འོང་བས། རང་མདོ་ཆེར་བགྱི་ན། མི་ཆོས་པ་ཀུན་ཀྱང་གནས་སྐབས་ཀྱི་འབྲེལ་བ་ཅན་ཡིན་པས། བསྐྱངས་ཀྱང་འགལ་བ་མེད། རང་ཡང་ལུས་ངག་བསྡམ་མི་དགོས། ལུས་ཆུད་ཟ་བ་ཡིན་པས། ཁམས་གསོ་ཅུང་ཟད་རེ་བྱེད་དགོས། དགོང་ལྟོ་ཟ་བ་དང་ཆང་ཧུབ་ཧུབ་འཐུངས་པས་ཅང་མི་ཉེས། སྤྱིར་ཆོས་པ་བཟང་དུ་བྱས་པས་ཆོག རྒྱུ་འབོལ་གྱིས་གཏོང་དགོས། སྒྲིམས་པས་སངས་མི་རྒྱ་ཟེར་བ་དང༌། བྱེ་བྲག་ཏུ་ནད་པའི་རྩར་ཕྱིན་པའི་དུས་སུ་ཤ་འུབས་ཀྱིས་སོང་ནས་འདུག་པས། འདི་ལྟར་བཞག་པས་མི་འོང༌། ཁྱེད་གཅེས་པར་ཡོད་ཅེས། གཅེས་ཡུས་སྟེར་བ་སོགས་ཀྱི་སྒོ་ནས། ལམ་གྱི་མི་མཐུན་པའི་རྐྱེན་བསྒྲུབ་པའོ། །མཐུན་པའི་བདག་པོའི་རྐྱེན་ནི། གྲོགས་པོ་ཞིག་དང་ཕྲད་པའི་དུས་སུ། སྤྱིར་ཆོས་བྱེད་དགོས། ཁྱད་པར་ཐེག་པ་ཆེན་པོའི་ཆོས་བྱེད་དགོས། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་བདེན་འཛིན་གྱི་སྒྲོ་འདོགས་གཅོད་དགོས། ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་དགོས། ཆོས་གཤའ་མ་བྱས་ན་འདི་ཕྱི་གཉིས་ཀྱི་དོན་གྲུབ་པ་ཡིན་ཞེས་པ་དང༌། བྱེ་བྲག་ཏུ་ནད་པ་ལྟ་བུ་ཞིག་ལ་ཆོས་དཀའ་ས་ནས་བྱེད་དགོས། འཕྲང་དོག་ས་ནས་སེལ་དགོས་སོ། །ན་བ་ཁོ་ན་ལ་ཆོས་དགོས་པ་ཡིན། ནད་བློས་མ་སྤོང༌། ནད་སྡིག་སྒྲིབ་ཀྱི་ཕྱགས་ཤིང༌། སེར་སྣའི་མདུད་པ་འགྲོལ་བྱེད། ངེས་འབྱུང་གི་བསམ་པ་སྐུལ་བྱེད། ཆོས་སྟོན་པའི་བླ་མ་དྲན་པར་གྱིས་ཤིག ཅེས་དགེ་བ་འཕེལ་བའི་རྐྱེན་བསྒྲུབ་པའོ། །འབྲས་བུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་བཞི་སྟེ། དྲོད་དང་རྩེ་མོ་དང་བཟོད་པ་དང༌། ཆོས་མཆོག་གོ །དང་པོ་དྲོད་ཀྱི་ཡེ་ཤེས་ཀྱིས་ནི་ཀུན་འབྱུང་གི་བདེན་པ་རང་བཞིན་མེད་པར་རྟོགས་པས་ཉོན་མོངས་པའི་བདུད་འཇོམས། ཀུན་འབྱུང་གི་བདེན་པ་ལ། སྐྱེད་བྱེད་ཀྱི་རྒྱུ་ང་བདག་ཏུ་འཛིན་པས་བྱས། རྐྱེན་དངོས་པོ་དང་མཚན་མར་འཛིན་པས་བྱས། ངོ་བོ་དུག་གསུམ་པོ་ཡིན་ནོ། །དེ་ལས་རྩ་ཉོན་དང༌། ཉེ་བའི་ཉོན་མོངས་པའི་ཡལ་ག་རྒྱས་ནས། ལས་བསགས་ཤིང༌། རླུང་མཁྲིས་བད་ཀན་གྱི་ནད་བསྐྱེད་དོ། །དེ་ལས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཉམས་སུ་མྱོང་བས་ཀུན་འབྱུང་གི་བདེན་པ་སྡུག་བསྔལ་གྱི་རྩ་བར་བསྟན་ནོ། །ཤེར་ཕྱིན་ལས། རྐྱེན་རྣམས་འཚོགས་ན་ལས་ཀྱི་འཁྲུལ་པ་རབ་ཏུ་འབྱུང༌། །ཞེས་སོ། །དྲོད་ཀྱི་ཡེ་ཤེས་ཀྱིས་གང་ཟག་གི་བདག་མེད་པ་བསྒོམས་པས། ང་བདག་ཏུ་འཛིན་པ་བཅོམ། ཆོས་ཀྱི་བདག་མེད་པ་རྟོགས་པས། རྐྱེན་དངོས་པོ་དང་མཚན་མར་འཛིན་པ་བཅོམ་པས། ཉོན་མོངས་པ་སྐྱེ་བའི་རྒྱུ་མེད་པས། ཉོན་མོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པས། ཉོན་མོངས་པའི་བདུད་བཅོམ་ཞེས་བྱའོ། །དེ་ཉིད་ལ་གཞི་ཀུན་ནས་ཉོན་མོངས་པའི་རྟེན་ཅན་གྱི་རྟོག་པ་སྤོང་ངོ་ཞེས་ཀྱང་བྱའོ། །རྩེ་མོའི་ཡེ་ཤེས་ཀྱིས་ལམ་གྱི་བདེན་པ་རྟོགས་པས་ལྷའི་བུའི་བདུད་བཅོམ། དེ་ལ་གཉེན་པོ་ནི་ལམ་གྱི་བདེན་པ་ཡིན་ལ། དེ་ལ་མངོན་པར་ཞེན་པ་ནི་གཉེན་པོའི་རྟེན་ཅན་གྱི་རྟོག་པ་ཡིན་ལ། གཉེན་པོ་རང་བཞིན་མེད་པར་རྟོགས་པས། གཉེན་པོ་ལ་བདེན་པར་ཞེན་པ་གཅོད་པའི་ཕྱིར། ལྷའི་བུའི་བདུད་བཅོམ་ཞེས་བྱ་སྟེ། གཉེན་པོ་ལ་མངོན་པར་ཞེན་པ་ཉིད་ལྷའི་བུའི་བདུད་ཡིན་པའི་ཕྱིར་རོ། །དེ་ལ་གཉེན་པོ་ལ་ཞེན་པ་ནི། ལྟ་བ་སྤྱིའི་རྣམ་པ་ལ་ཞེན་པ་དང༌། སྒོམ་པ་ཡིད་འཛིན་གྱི་ཞི་གནས་ལ་ཞེན་པ་དང༌། སྤྱོད་པ་བླང་དོར་དུ་ཞེན་པ་དང༌། འབྲས་བུ་རེ་དོགས་ལ་ཞེན་པ་དང༌། རྩ་རླུང་གི་བདེ་བ་ལ་ཞེན་པ་དང༌། ང་མཁས་ང་བཙུན་གྱིས་ང་རྒྱལ་བའོ། །འདི་དག་བཅོམ་ན་ལྷའི་བུའི་བདུད་བཅོམ་སྟེ། ལྷའི་བུའི་བདུད་ཀྱིས་མི་ཚུགས་པའི་ཕྱིར་རོ། །བཟོད་པའི་ཡེ་ཤེས་ཀྱིས་སྡུག་བསྔལ་གྱི་བདེན་པ་རྟོགས་པས་ཕུང་པོའི་བདུད་བཅོམ་སྟེ། སྡུག་བསྔལ་གྱི་བདེན་པ་བཟོད་ཡུལ་དུ་ཁྱེར་ནས། སྡུག་བསྔལ་ལ་སྐྱོན་དུ་མི་ལྟ་བར་དེ་ཉིད་བཟོད་པའི་རྐྱེན་མཆོག་ཏུ་གྱུར་པར་རྟོགས་ནས། བཟོད་པ་བསྒོམས་པས་ལུས་ཀྱི་ན་ཚ་དང་སྡུག་བསྔལ་ཞི་བ་ཐོབ་པས་བཟོད་པའི་ཡེ་ཤེས་ཀྱི་ཕུང་པོའི་བདུད་བཅོམ་ཞེས་བྱའོ། །ཆོས་མཆོག་གིས་འགོག་པའི་བདེན་པ་རྟོགས་པས་འཆི་བདག་གི་བདུད་བཅོམ་སྟེ། ཆོས་ཐམས་ཅད་བཏགས་པ་ཙམ་དུ་ཞེན་པའང་སྤངས་པས། ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་འཆི་དང་བྲལ་བའི་ཕྱིར་ཏེ། ལས་དང་ཉོན་མོས་པ་ནི་རྒྱུ་མངོན་པར་ཞེན་པ་ལས་བྱུང་ལ། མངོན་པར་ཞེན་པའམ་བདེན་པར་འཛིན་པ་ནི། བཟོད་པའི་དུས་སུ་བཅོམ་ལ། འདིར་བཏགས་པར་འཛིན་པའང་བཅོམ་པའི་ཕྱིར་རོ། །རྟོག་པའི་དབང་དུ་བྱས་ན་དྲོད་ཀྱི་ཡེ་ཤེས་ཀྱིས་ཀུན་ནས་ཉོན་མོངས་ཀྱི་རྟོག་པ་འཇོམས། རྩེ་མོའི་ཡེ་ཤེས་ཀྱིས་གཉེན་པོའི་རྟེན་ཅན་གྱི་རྟོག་པ་འཇོམས། བཟོད་པའི་ཡེ་ཤེས་ཀྱིས་རྫས་ཡོད་དུ་འཛིན་པའི་རྟོག་པ་འཇོམས། ཆོས་མཆོག་གི་ཡེ་ཤེས་ཀྱིས་རྟག་ཡོད་དུ་འཛིན་པའི་རྟོག་པ་འཇོམས་སོ། །བདུད་བཞི་ཇི་ལྟར་འབྱུང་བའི་ཚུལ་ནི། སྤྱིའི་རྒྱུ་ནི་བདག་འཛིན་དང་བདེན་པར་འཛིན་པ་གཉིས་ཡིན་ལ། དེ་གཉིས་ལས་ཉོན་མོངས་པའི་བདུད་འབྱུང༌། ཉོན་མོངས་པའི་གཉེན་པོ་སྒོམ་པའི་དུས་སུ་ལྷའི་བུའི་བདུད་འབྱུང༌། ཕུང་པོ་ལ་བདེན་པར་འཛིན་པ་ལས་ཕུང་པོའི་བདུད་འབྱུང༌། དེ་ལས་རེ་དོགས་འཆི་བདག་གི་བདུད་འབྱུང་ངོ༌། །བདུད་ཀྱི་རྒྱུ་རྣམ་པ་བཞི་སྟེ། སྣང་བའི་འཁོར་དུ་རྒྱུག དགེ་སྦྱོར་དང་ལམ་གྱི་བར་ཆད་དུ་འགྱུར། བདུད་ཤེས་རབ་ཀྱི་འཁོར་དུ་རྒྱུག འཇིག་རྟེན་གྱི་མདུན་མ་ལ་སོགས་ལ་འཕྱོ། བདུད་ཏིང་ངེ་འཛིན་གྱི་འཁོར་དུ་རྒྱུག བྱིང་རྒོད་བསྐྱེད་པས་ཏིང་ངེ་འཛིན་མི་གསལ། བདུད་ཕུང་པོའི་འཁོར་དུ་རྒྱུག ན་ཚ་རབ་འབྲིང་གསུམ་འབྱུང༌། དེའི་དུས་སུ་བདུད་ཀྱི་གཉེན་བཞི་འབྱུང་སྟེ། བདུད་ཀྱི་རྒྱལ་པོ་ཡམ་ཤོད། བདུད་ཀྱི་རྒྱལ་པོ་ཉ་བརྩོན། བདུད་ཀྱི་རྒྱལ་པོ་རེ་ཆེ་འགོང་ཡག བདུད་ཀྱི་རྒྱལ་པོ་ག་ར་དབང་ཕྱུག་གོ །བདུད་དང་པོ་ཡམ་ཤོད། སྤྱི་གཙུག་ཏུ་ཞུགས་ནས་བྱིང་དུ་འཇུག བྱིང་བ་གསེང་བའི་དུས་སུ། ག་ར་དབང་ཕྱུག་སྙིང་ཁར་ཞུགས་ནས་རྒོད་དུ་འཇུག རྒོད་པ་ནང་དུ་བཀུག་པ་ན། ཉ་བརྩོན་ཁ་སྒོར་ཞུགས་ནས་ཐམས་ཅད་ལ་ཁྲོ་ཞིང་ཚིག་ངན་སྨྲ། རེ་ཆེ་འགོང་ཡག་ནི་ཐམས་ཅད་ལ་རེ་བ་ཆེ་སྟེ། སློབ་དཔོན་གྱིས་ཀྱང་འདི་བས་དྲག་པ། ཐུགས་ལ་འདོགས་པར་གཤའ་བ་ལ། ཞེས་ཟེར་རོ། །བདུད་འདི་དག་ཡོད་ན། ལུས་ཀྱི་ན་ཚ་དང་སྡུག་བསྔལ་འབྱུང་བར་འགྱུར་རོ། །འདི་དག་འཇོམས་པར་བྱེད་པའི་ངེས་འབྱེད་ཆ་མཐུན་བཞི་པོ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་གཉིས་ཏེ། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ནི། འཆི་བ་མི་རྟག་པ་ནས་བཟུང་ནས་རིམ་གྱིས་སློབ་དགོས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་བན་གྱིས་མཆོངས་པ་མེད། ཡས་བབས་ཆོས་ལོག་ཡིན། རྒྱུད་ཚོད་དང་མི་མཐུན་པ་ཐམས་ཅད་ཆོས་ལོག་ཡིན། ཉོན་མོངས་པའི་མཉེན་པོར་མ་སོང་བ་ཐམས་ཅད་ཆོས་ལོག་ཡིན། ཆོས་གྲུ་བཞིན་མ་སོང་བ་ཐམས་ཅད་ཆོས་ལོག་ཡིན། ཆོས་སྐྱེས་ཀྱང་མས་རིམ་ནས་སྐྱེ་དགོས། ཉམས་སུ་ལེན་ཡང་མས་རིམ་ནས་ཉམས་སུ་ལེན་དགོས་ཏེ། ཉོན་མོངས་པ་ཐོག་མ་ནས་ཕྲ་བ་སྤངས་མི་ནུས། རགས་པའི་རིམ་པ་ནས་སྤངས་དགོས་སོ། །ཕུགས་སུ་འགྲོ་བ་ལ་ཐོག་མར་མདོ་གཅོད་དགོས། འོ་ན་ཐོག་མར་སྤང་བར་བྱ་བའི་རགས་པ་གང་ཡིན་ཞེ་ན། མི་འཆི་བའི་རྟོག་པ་འདི་ཁོ་ན་རགས་པ་ཡིན་ལ། ལམ་ཉམས་སུ་ལེན་པ་ལ་འདི་ཁོ་ན་གནད་པ་ཡིན། མི་འཆི་བའི་རྣམ་པར་རྟོག་པ་ལ་བརྟེན་ནས་འཁོར་བ་བྱུང་བ་ཡིན། བླ་མས་སློབ་མ་ཁྲིད་པའི་དུས་སུ། མ་མཛངས་མས་བུ་ཆུང་གསོ་བ་ལྟར། ཐོག་མར་འཆི་བ་རྗེས་སུ་དྲན་པ་ནས་སློབ་དགོས་པ་ཡིན། མ་དེས་བུ་ཆུང་གི་ཕོ་བའི་ཉམས་དང་སྦྱར་ནས་རིམ་གྱིས་ཟན་ཇེ་ཆེ་ཇེ་ཆེ་ལ་གཏོང༌། ཐོག་མ་ནས་ཆེས་ན་ཕོ་བ་ལོག་ནས་འཆི་བ་བཞིན་དུ། བླ་མས་ཀྱང་སློབ་མ་ལ་རིམ་གྱིས་ཆོས་སྟོན་དགོས། དང་པོ་ནས་ཟབ་པ་དང་རྒྱ་ཆེ་བ་བསྟན་ན། ལོག་ལྟ་སྐྱེས་ནས་ལམ་གོལ་བར་སྐྱེ་བར་འགྱུར་རོ། །ཐོག་མར་འཆི་བ་མི་རྟག་པ་བསྒོམས་ཏེ། འདི་གཤའ་མ་རྒྱུད་ལ་སྐྱེས་ན། སྟོང་པ་ཉིད་ཀྱི་སྒྲ་རང་རྡོལ་བ་ཡིན་པས་ཐོག་མར་འདི་གལ་ཆེ། མདོ་སྡེ་ལས་ཀྱང༌། འདུ་ཤེས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་མི་རྟག་པ། རྗེས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་བ་ལང་གི་རྗེས། རོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་འོ་མ། སོ་ནམ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སྟོན་ལོག ཅེས་གསུངས་སོ། །སློབ་དཔོན་ཆེན་པོ་ཤཱནྟི་པས་ཀྱང༌། སྦྱོར་བའི་ལམ་ངེས་འབྱེད་ཆ་བཞི་སྐྱེས་ནས། མི་རྟག་པ་བསྒོམས་པར་གསུངས། འཆི་བ་མི་རྟག་པ་སྒོམ་པའི་དབང་དུ་བྱེད་ན། རྒྱ་གར་བ་ཐམས་ཅད་ལྷོ་སྒོ་ན་བསྒོམ། དུར་ཁྲོད་ན་བསྒོམ་སྐད། ལྷོ་སྒོར་བསྒོམ་པའི་དོན་ནི། རྒྱ་གར་ན་གྲོང་ཁྱེར་སྟོང་ཕྲག་སུམ་ཅུ་སོ་དྲུག་ཙམ་ཡོད། དེ་ན་གནས་པའི་མི་ཤི་ཚད། ལྷོ་སྒོ་ལ་འབྱིན་པའི་དུས་སུ། ཤིང་བཞིའི་ཁ་ལ་བཞག མི་བཞིའི་ཕྲག་པ་ལ་བཀལ་ནས། རྔ་བརྡུང་གིན་སྲང་ཁ་ན་སྐྱེལ་བའི་དུས་སུ་མི་རྟག་པ་བསྒོམ་མོ། །མི་རྟག་པ་བསྒོམས་པས་འཁོར་བ་ལ་ཡིད་འབྱུང༌། བདག་ཀྱང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས། ང་ཡང་འཆི་བའི་ཆོས་ཅན། འཆི་བའི་མཚན་ཉིད་ཅན། འཆི་བའི་ཆོས་ཉིད་ལས་མ་འདས། ངེས་པ་ཁོ་ནར་འདི་བཞིན་དུ་འཆི་སྙམ་དུ་བསམས་ཏེ། ཆགས་སྡང་བསལ་ནས་བསྒོམ་པ་ཡིན་ནོ། །ཡང་རོ་དེ་རྣམས་ལ་རྟོག་དཔྱོད་བཏང་ནས། བདག་ཀྱང་ངེས་པར་འདི་བཞིན་དུ་འཆི། འདིའི་རོ་དང་བདག་གི་ལུས་ལ་ཁྱད་མེད། ཅེས་མགོ་བསྒྲེས་ལ་བསྒོམ། རོའི་རིགས་ལ་ཡང༌། དུར་ཁྲོད་དུ་བསྐྱལ་མ་ཐག་གི་སོ་མ་ཚན་གཅིག་ཡོད། ཞག་གཅིག་དང་གཉིས་ཙམ་ལོན་པའི་བམ་པ་ཚན་གཅིག་ཡོད། བྱ་དང་ཁྱི་ལ་སོགས་པས་རྒྱུ་ལྟོ་བྲུས་པ་ཚན་གཅིག་ཡོད། རུས་པ་དང་རྒྱུས་པ་བྲང་བྲེང་དུ་འབྲེལ་བ་ཚན་གཅིག་ཡོད། རུས་པ་ཕྱོགས་སུ་འཐོར་བ་ཚན་གཅིག་ཡོད། ལོ་མང་པོ་ལོན་པའི་དུང་གི་མདོག་ལྟར་སོང་བ་ཡང་ཡོད། ཡང་ཚན་གཅིག་བྱ་ཐི་བའི་མདོག་ལྟར་སྔོ་སིང་ངེ་ཡོད། ཡང་ཚན་གཅིག་འབུ་ཤིག་གེ་བ་དང་རྣ་བ་ཅེ་རེ་བ་ཡོད། ས་ཕྱོགས་ཐམས་ཅད་ཀྱང་རྣག་ཁྲག་དང་རྒྱུ་མ་ལ་སོགས་པས་ཁྱབ་པར་བྱས་ནས་མཐོང་བ་ཙམ་གྱིས་ཡིད་འབྱུང་བ་ཡོད། སྒྲ་ཀུན་ཡང་ཤིང་གི་ཡལ་ག་ལ་ནག་ཡེང་ཡེང་དང༌། འུག་པ་དང་ཅེ་སྤྱང་ལ་སོགས་པ་རྣམས་སྒྲ་མི་སྙན་པ་འབྱིན་པས་མོད་ལ་ཡིད་འབྱུང་བ་ཡིན། དེ་རྣམས་དང་རང་གི་ལུས་མགོ་སྙོམས་ནས། བདག་ཀྱང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་མཚན་ཉིད་ཅན། ངེས་པར་ཁོ་ནར་འདི་བཞིན་དུ་འཆི་སྙམ་དུ་བསྒོམས་ནས་ཆགས་སྡང་བསལ་བར་བྱའོ། །མི་རྟག་པ་བསྒོམ་པའི་དགོས་པ། ང་ཡང་འདི་བཞིན་དུ་འགྲོ་སྙམ་པའི་བློ་སྣ་ཐུང་བུད་པ་གཅིག་མ་བྱུང་ན། ལྕེ་སྤྱང་དུར་ཁྲོད་དུ་ཕྱིན་པ་དང་ཁྱད་མེད། ལྕེ་སྤྱང་དུར་ཁྲོད་དུ་ཕྱིན་པ་ན། ཟ་རྒྱུ་ཅི་ཡོད་སྙམ་པ་མ་གཏོགས་པ། ང་ཡང་འདི་བཞིན་དུ་འགྲོ་སྙམ་པ་མི་ཡོང་སྐད་དོ། །དེ་ལྟར་བསྒོམས་པས་ཀྱང་བློ་ལ་འབབ་མ་ཉན་ན་རང་གི་སེམས་འདི་སྐད་ཅིག་གིས་མི་རྟག་སྟེ། ད་ཅི་འདིར་འོངས་ནས་ད་ལྟ་ཕན་ཆད་དུ་འཆི་བའི་ཕྱོགས་སུ་ཕྲི་ལི་ལི་ཉེ་བར་སོང་གི སྐད་ཅིག་མ་གཅིག་ཀྱང་བསྡད་པ་མེད། རྣམ་པར་ཤེས་པ་འདི་དང་པོ་མའི་མངལ་དུ་ཞུགས་པ་ཙམ་ནས་འཆི་བའི་ཕྱོགས་སུ་ཉེ་བ་ཡིན། མགྱོགས་བུལ་གྱི་དབང་དུ་བྱས་ན། སྐྱེས་བུ་བཞིས་རྒྱབ་སྤྲད་ནས་མདའ་འཕངས་པ་དེ་ནུས་པ་དང་ལྡན་པ་ཞིག་གིས་དེ་རྣམས་ས་ལ་མ་ལྷུང་བར་ཟིན་ན་མགྱོགས་མི་མགྱོགས་ཇི་ལྟར་ཡིན། དེ་བས་ཀྱང་ས་ལ་རྒྱུ་བའི་ཡི་དྭགས་མགྱོགས། དེ་བས་ཀྱང་ནམ་མཁའ་ལ་རྒྱུ་བའི་ཡི་དྭགས་མགྱོགས། དེ་བས་ཀྱང་ཉི་མ་དང་ཟླ་བའི་ལྷ་མགྱོགས། དེ་བས་ཀྱང་ཚེ་མགྱོགས་སོ། །དེས་ཀྱང་བློ་ལ་འབབ་ཏུ་མ་ཉན་ན། སྐྱེས་བུ་རྩལ་པོ་ཆེས་མདའ་འཕངས་པ་ཙམ་དུ་མི་རྟག རི་རབ་ཀྱི་རྩེ་ནས་ཕྱག་ན་རྡོ་རྗེས་རྒྱ་མཚོའི་གཏིང་སྙེག་བ་ཙམ་དུ་མི་རྟག རི་གཟར་པོའི་ཁ་ནས་ཆུ་འབབ་པ་ཙམ་དུ་མི་རྟག ནམ་མཁའ་ལ་ཆར་གྱི་རྒྱུན་བབས་པ་ཙམ་དུ་མི་རྟག དབྱུག་པ་ནམ་མཁའ་ལ་ཕྱར་བ་ས་ལ་ལྷུང་བ་ཙམ་དུ་མི་རྟག ཆུ་བཅད་ནས་རྫིང་བརྟོལ་བ་ཙམ་དུ་མི་རྟག གུད་ནས་བསྣོན་མཁན་མེད་ཅིང༌། ཞག་གཅིག་ཞག་གཉིས་ལོན་པ་ཙམ་གྱིས་འཆི་བ་ལ་ཇེ་ཉེ་ཇེ་ཉེར་སོང་བ་ཡིན། གློ་བུར་གྱིས་མི་རྟག་སྟེ། རྦབ་རྒྱབ་པའམ། ཆུས་ཁྱེར་བའམ། ཐིབས་འོག་ཏུ་ཚུད་པའམ། མཚོན་གྱིས་རྒྱབ་པ་ཙམ་དུ་མི་རྟག་ཅིང་སྨུག་ཧྲལ་ལེ་འདུག་འཕྲོ་ལ་ཧམ་པ་སྐྱ་ཧྲི་ལེ་འགྲོ་བ་དང༌། སྐྲ་དཀར་པོ་ཅོལ་གྱིས་འགྲོ་བ་ཙམ་དུ་མི་རྟག མདོར་ན་འཆི་བའི་རྐྱེན་དུ་མ་གྱུར་པ་གང་ཡང་མེད། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང༌། དུས་དང་གནས་སྐབས་ཐམས་ཅད་དུ་ལུས་དང་སྲོག་ལ་རྒོལ། ནད་བཞི་བརྒྱ་རྩ་བཞིས་ཀྱང་འཚེ། ཕྱི་ཡི་འབྱུང་བ་ཆེན་པོ་བཞི་ཡང་འཆི་བའི་རྐྱེན་དུ་འགྱུར། གཡང་ལ་ལྷུང་ནས་འཆི། ཆུས་ཁྱེར་ནས་འཆི། མེས་འཆི། ཟས་འཚོ་བའི་རྐྱེན་ཡིན་ཡང་ཟས་ཀྱི་རྩོལ་སྒྲུབ་ཀྱི་ཆེད་དུ་འཆི། ཚོང་པ་ཚོང་ལམ་དུ་འཆི། ཇག་པ་ཇག་ལམ་དུ་འཆི། རྐུན་མ་རྐུན་ལམ་དུ་འཆི། འབྱམས་ནས་འཆི། ལྐུགས་ནས་འཆི། གོས་འཚོ་བའི་རྐྱེན་ཡིན་ཡང༌། གོས་ཀྱི་རྩོལ་སྒྲུབ་ཀྱི་ཆེད་དུ་འཆི། འཐོགས་ནས་འཆི། འཚུབས་ནས་འཆི། རང་འཚོ་བའི་རྐྱེན་ཡིན་ཏེ། རང་ཡང་འཆི་བའི་རྐྱེན་དུ་འགྱུར། ཐི་གུས་མགུལ་པ་འགག་ནས་འཆི། མཚོན་རྒྱབ་ནས་འཆི། དུག་ཟོས་པ་སོགས་ཀྱིས་འཆི། ལྕེབས་ནས་འཆི། དེ་ལྟར་འཆི་བའི་རྐྱེན་དུ་མ་གྱུར་པ་གང་ཡང་མེད། མ་ཤི་བའི་སེམས་ཅན་མེད། མི་འཆི་བའི་སེམས་ཅན་མེད། མི་འཆི་བའི་ཐབས་མེད། སྐྱེས་པ་འདི་རྒྱུར་སོང༌། འཆི་བ་འབྲས་བུར་སོང་བ་ཡིན། དྲང་སྲོང་མངོན་ཤེས་དང་ལྡན་པ་རྣམས་ཀྱིས། འཆི་བས་མི་ཚུགས་པའི་ས་ཕྱོགས་དེ་ནི་གང་ན་ཡང་མེད་པར་གཟིགས། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཉེ་འབྲེལ་དུ་སོང་ནས་ཐ་མ་བསྐོར་ཡང༌། སྐད་ཅིག་གཅིག་ཀྱང་བསྲིང་བའི་ཐབས་མེད། མགྱོགས་པས་བཟློག་ཐབས་མེད། ཚེ་ཟད་པ་ལ་སྨན་གྱིས་བཟློག་ཐབས་མེད། སྔགས་ཀྱིས་བཟློག་པའི་ཐབས་མེད་དོ། །དེ་ལྟར་འཆི་བ་བསྒོམས་པས། འཇིག་རྟེན་འདིའི་བྱ་བ་གང་ལ་ཡང་དགོས་པ་མེད་པར་རྟོགས་ནས། བློ་སྣ་ཐུང་བུད་ཀྱིས་སོང་ན་ཅུང་ཟད་སྐྱེས་པ་ཡིན། འདི་ངེས་འབྱུང་གི་བསམ་པ་བསྐུལ་བ་ལ་ངེས་པར་དགོས་པས། མཉམ་གཞག་ཐུན་རེ་རེ་སྔོན་དུ་བསྒོམ་པར་བྱའོ། །ངེས་འབྱེད་ཆ་མཐུན་བསྒོམ་པ་ལ་བཞི་ལས། དང་པོ་དྲོད་བསྒོམ་པའི་གདམས་ངག་ནི། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། དེ་ནས་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་སེམས་བསྐྱེད་བསྒོམ། ལུས་སྐྱིལ་ཀྲུང་བཅའ། ལག་པ་མཉམ་གཞག་བྱ། ལུས་གང་ལ་ཡང་མི་བརྟེན་པར་བྱས་ནས་སྔར་ཆོས་ཐམས་ཅད་ཆུ་ཟླའི་དཔེ། རྨི་ལམ་གྱི་དཔེ། སྒྱུ་མའི་དཔེ། གཟུགས་བརྙན་གྱི་དཔེ། སྤྲུལ་པའི་དཔེ། དྲི་ཟའི་གྲོང་ཁྱེར་གྱི་དཔེ། འཇའ་ཚོན་གྱི་དཔེས་སྣང་བའི་དུས་ཉིད་ནས་རང་བཞིན་མེད་པར་གཏན་ལ་ཕབ་པའི་ཐོས་བསམ་གྱི་ཤེས་རབ་ཀྱིས་རྟོགས་པའི་དོན་ལ། ཏིང་ངེ་འཛིན་གྱིས་དམིགས་པ་ལ་སེམས་མ་ཡེངས་པར་གཏོད་པའི་ཡུལ་དེ་ཉིད་ལ་ཤེས་རབ་ཀྱིས་རང་བཞིན་མེད་པར་རྟོགས་པར་བྱས་ནས། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཚུལ་གྱིས་བསྒོམ་པར་བྱའོ། །གལ་ཏེ་མཉམ་པར་འཇོག་པའི་དུས་སུ་སེམས་བྱིང་བའི་དབང་དུ་སོང་བས་དམིགས་པ་མི་གསལ་ན། བྱིང་བ་ཞི་བའི་ཐབས་བྱའོ། ཐབས་ནི་བདུན་ཏེ། རྟེན་བསྒྱུར་བ། ཕྱིའི་ཡུལ་བསྟན་པ། མཐོངས་དབྱེ་བ། རྗེས་སུ་དྲན་པ་བསྐྱེད་པ། ཡིད་ཀྱི་རྒྱལ་སྲིད་བཟུང༌། ཐ་མལ་གྱི་གནས་བཙལ་བ། འཇུག་པ་བསྟན་པའོ། །དང་པོ་ནི། ཏིང་ངེ་འཛིན་བསྒོམ་པའི་དུས་སུ་བྱིང་ན། ཏིང་ངེ་འཛིན་བསྒོམ་པའི་རྟེན་ལུས་ངག་ཡིད་གསུམ་སྔར་ལས་བཅོས་ནས་གཞན་དུ་བསྒྱུར་རོ། །ཡུལ་བསྟན་པ་ནི། བྱིང་བའི་དུས་སུ་མིག་ཕྱེ་ནས། ཡུལ་གཟུགས་ལ་སོགས་པ་ལ་བལྟ་སྟེ། གསལ་བ་དྲན་པའི་སྒོ་ནས་རྗེས་སུ་ལྟ། བྱིང་བ་འཆོས་པའི་བློ་སྔོན་དུ་བཏང་ནས་རྗེས་སུ་ལྟ། བྱིང་བ་མ་ཞི་བའི་བར་དུ་རྒྱུན་ཆགས་སུ་ལྟ། གསུམ་པ། མཐོངས་དབྱེ་བ་ནི། ཏིང་ངེ་འཛིན་སྒོམ་པའི་གནས་ཀྱི་མཐོངས་དབྱེ་བའི་སྒོ་ནས་སེམས་གསལ་བའི་ཐབས་བྱའོ། །སེམས་ཀྱི་མཐོངས་དབྱེ་བ་ནི། སེམས་ལ་ཡུལ་གྱི་རྣམ་པ་ཤིན་ཏུ་གསལ་བར་བྱའོ། །ལུས་ཀྱི་མཐོངས་དབྱེ་བ་ནི། ལུས་གནད་འཆོས་པའོ། །རྗེས་སུ་དྲན་པ་བསྐྱེད་པ་ནི། བྱིང་བའི་དུས་སུ་དྲན་པ་བློ་ལ་གནས་པར་བྱ་སྟེ། ཡུལ་དྲན་པས་ནི་གསལ་བའི་གྲོགས་བྱེད། གདམས་ངག་དྲན་པས་ནི་གཉེན་པོ་སྐྱེ་བའི་གྲོགས་བྱེད། རྣམ་པ་རྗེས་སུ་དྲན་པས་ནི་མི་མཐུན་ཕྱོགས་སེལ་བའི་གྲོགས་བྱེད། ཡིད་ཀྱི་རྣམ་པ་བཟུང་བ་ནི། རྣམ་པ་མི་འདྲ་བ་དུ་མ་ཡིད་ལ་བྱེད་པ་སྟེ། རེས་འགའ་ཡིད་དུ་འོང་བའི་རྣམ་པ་ཡིད་ལ་བྱེད། རེས་འགའ་ཡིད་དུ་མི་འོང་བའི་རྣམ་པ་ཡིད་ལ་བྱེད། རེས་འགའ་ཡུལ་བར་མ་ཡིད་ལ་བྱེད་པའོ། །ཐ་མལ་གྱི་གནས་བཙལ་བ་ནི། ཤེས་པ་བྱིང་ན་རེ་ཞིག་བསྒོམ་བྱའི་དམིགས་པ་བོར་ནས་སེམས་ཐ་མལ་དུ་གཞག་གོ །འཇུག་པ་དྲན་པ་ནི། སེམས་བྱིང་བའི་དུས་སུ་འཕྲོ་བ་རྣམ་པ་གསུམ་བྱ་སྟེ། ལུས་འཕྲོ་བ་ཡན་ལག་གི་འདུག་སྟངས་བཅོས། ངག་འཕྲོ་བ་དོན་ཟབ་མོའི་ཚིགས་སུ་བཅད་པ་ངག་ཏུ་འདོན། སེམས་འཕྲོ་བ་ནི། དབང་པོའི་སྒོ་ནས་སེམས་ཕྱི་རོལ་ཏུ་འཕྲོ་བར་བྱའོ། །དེ་ལྟར་ན་གནད་བདུན་གྱིས་བྱིང་བ་གཞོམ་པར་བྱའོ། །རྒོད་པ་ཞི་བའི་ཐབས་ལ། རྗེས་བཅད་པ་དང༌། ཡུལ་གྱི་མཐའ་བཙལ་བ་དང༌། ལྕག་གིས་བསྐུལ་བ་དང༌། ལམ་དུ་སློང་བ་དང༌། བྱེད་པ་པོ་དགག་པ་དང༌། རང་བཞིན་ངོས་གཟུང་བ་དང༌། དམིགས་པ་བསྒྱུར་བའོ། །དང་པོ་རྗེས་བཅད་པ་ལ་གསུམ་སྟེ། གྲངས་ཀྱི་རྗེས་བཅད། ཡུལ་གྱི་རྗེས་བཅད། དུས་ཀྱི་རྗེས་བཅད། དང་པོ་ནི། སེམས་འཕྲོ་བའི་གྲངས་བློ་ཡིས་ངེས་པར་གཟུང་བའོ། །གཉིས་པ་ནི་གང་ལ་འཕྲོ་བའི་བློའི་ཡུལ་ངེས་པར་གཟུང་བའོ། །གསུམ་པ་ནི། དུས་གསུམ་དུ་བརྟག་ནས་དུས་གང་ལ་འཕྲོས་པ་བློ་ཡིས་ངེས་པར་གཟུང་བའོ། །གཉིས་པ་མཐའ་བཙལ་བ་ལ་གསུམ་སྟེ། ཡུལ་གྱི་མཐའ་བཙལ་བ། རྟོག་པའི་མཐའ་བཙལ་བ། གཉེན་པོའི་མཐའ་བཙལ་བའོ། །དང་པོ་ནི་ཡུལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡུལ་མ་རྙེད་པས། ཡུལ་ཅན་དེ་ལ་འཕྲོ་བ་རང་ཞིའོ། །གཉིས་པ་ནི། འཕྲོ་མཁན་གྱི་རྟོག་པ་བཙལ་བས་མ་རྙེད་པས་རྒོད་པ་རང་ཞིའོ། །གཉེན་པོའི་མཐའ་བཙལ་བ་ནི། གཉེན་པོ་རང་ཉིད་ལ་དཔྱད་པས་རྒོད་པ་ཞི་བའོ། །དེ་ལྟར་འཕྲོས་པའི་ཡུལ་དང༌། འཕྲོ་བྱེད་ཀྱི་རྟོག་པ་དང༌། གཉེན་པོ་ལ་དཔྱོད་པའི་གཉེན་པོ་མ་རྙེད་པས་རྒོད་པ་ཞི་བའོ། །ལྕག་གིས་བསྐུལ་བ་ནི། གང་ལ་འཕྲོས་པའི་ཡུལ་ལ་ཤེས་པ་སྔ་མས་ཕྱི་མ་བསྐྱོད་དེ་འཕྲོར་འཇུག་པའོ། །དེ་ལ་གསུམ་སྟེ། ལུས་ཀྱི་ལྕག་གིས་བསྐུལ་བ་དང༌། ངག་གི་ལྕག་གིས་བསྐུལ་བ་དང༌། ཡིད་ཀྱི་ལྕག་གིས་བསྐུལ་བའོ། །དང་པོ་ནི། ལུས་ཀྱི་ཡན་ལག་བསྐྱོད་པ་ལ་སོགས་པས་རྒོད་པའི་ཤུགས་ཟད་པར་བྱེད་པའོ། །ངག་གི་ལྕག་གིས་བསྐུལ་བ་ནི། དེ་བཞིན་གཤེགས་པས་གསུངས་པའི་ཚིགས་སུ་བཅད་པ་ལ་སོགས་པ་བརྗོད་པའི་སྒོ་ནས་རྒོད་པའི་ཤུགས་ཟད་པར་བྱེད་པའོ། །སེམས་ཀྱི་ལྕག་གིས་བསྐུལ་བ་ནི། གང་ལ་འཕྲོས་པའི་ཡུལ་ལས་དམིགས་པ་གཞན་དུ་འཕྲོ་བར་བྱེད་པས་རྒོད་པའི་ཤུགས་ཟད་པར་བྱེད་པའོ། །ལམ་དུ་བླང་བ་ནི། རྒོད་པ་ཏིང་ངེ་འཛིན་གྱི་རྒྱུན་དུ་བསྒྱུར་བའོ། །དེ་ལ་གསུམ་སྟེ། དམིགས་པ་ཤིན་ཏུ་གསལ་བ་ལ་འཇུག་པས་ལམ་དུ་བླང༌། རྟོག་པ་རང་ག་བ་ལ་སོ་སོར་བརྟགས་པས་ལམ་དུ་བླང༌། གཉེན་པོའི་ངོ་བོ་ལ་བརྟགས་པས་ལམ་དུ་བླང༌། བྱེད་པ་པོ་དགག་པ་ནི། གཉེན་པོའི་ཤེས་པ་ཕྱི་མས་སེམས་འཕྲོ་བར་བྱེད་པའི་རྟོག་པ་དགག་པའོ། །དེ་ལ་གསུམ་སྟེ། སྣང་བ་ཡུལ་གྱི་སྟེང་དུ་དགག ཡུལ་ཅན་བློའི་སྟེང་དུ་དགག གཉིས་ཀའི་སྟེང་དུ་དགག་པའོ། །རང་བཞིན་ངོས་གཟུང་བ་ནི། གང་འཕྲོ་བའི་བློའི་རང་བཞིན་བསྟན་པའོ། །དེ་ལ་གསུམ་སྟེ། སྣང་བའི་ངོ་བོ་མི་རྟག་པར་བསྟན་པ། དོན་གྱི་ངོ་བོ་སྤྲོས་མེད་དུ་བསྟན་པ་དང༌། བག་ཆགས་ཀྱི་བློ་འཇུག་པར་བསྟན་པའོ། །དམིགས་པ་བསྒྱུར་བ་ནི། སྔར་གང་འཕྲོས་པའི་དམིགས་པ་གཞན་གྱི་སྟེང་དུ་སེམས་བསྒྱུར་བའོ། །དེ་ལ་གསུམ་སྟེ། མི་གསལ་ན། ཕྱིའི་དངོས་པོ་ལ་བསྒྱུར། གསལ་ན་ནང་གི་དངོས་པོ་ལ་བསྒྱུར། སེམས་གནས་ན་ཐུན་ཚད་ལས་མི་འདའ་བར་བསྒྱུར་རོ། །མཉམ་གཞག་དངོས་གཏན་ལ་དབབ་པ་ལ་གཉིས་ཏེ། སྤྱིའི་བསྒོམ་ཚུལ་དང༌། གང་ཟག་སོ་སོའི་བསྒོམ་ཚུལ་ལོ། །དང་པོ་ལ་གསུམ་སྟེ། སྣང་བ་སྒྱུ་མ་ལྟ་བུར་བསྒོམ་པ་དང༌། སྟོང་པ་རང་བཞིན་དག་པར་བསྒོམ་པ་དང༌། སྣང་སྟོང་ཟུང་འཇུག་དུ་བསྒོམ་པའོ། །དང་པོ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་ལ་རང་བཞིན་མེད་པར་བསྒོམ་པ་དང༌། གཉིས་པ་ནི། སྟོང་པ་ཉིད་ཀྱང་རང་བཞིན་གྱིས་སྟོང་པར་བསྒོམ་པ་སྟེ། སྟོང་པ་ཉིད་མཐའ་གཅིག་ཏུ་གནས་པ་མེད་དེ། མ་དཔྱད་ན་སྣ་ཚོགས་སུ་སྣང་བ་དང༌། རྟེན་ཆོས་ཅན་མེད་ན། དེ་ལ་བརྟེན་པའི་སྟོང་པ་ཉིད་ཀྱང་ཡོད་པར་མི་འགྱུར་རོ། །གསུམ་པ་ནི། སྣང་བ་དང་སྟོང་པ་གཉིས་ཀ་ཡང་རང་བཞིན་གྱིས་སྟོང་པར་རོ་གཅིག་པར་བསྒོམ་པའོ། །གཉིས་པ་གང་ཟག་སོ་སོའི་སྒོམ་ཚུལ་ལ་གསུམ་སྟེ། དབང་པོ་ཐ་མའི་སྒོམ་ཚུལ་དང༌། དབང་པོ་འབྲིང་གི་སྒོམ་ཚུལ་དང༌། དབང་པོ་རྣོན་པོའི་སྒོམ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། རྟོག་པ་ངོས་གཟུང་བ་དང༌། ཡུལ་གྱི་སྟེང་དུ་སློབ་ཚུལ་ལོ། །དང་པོ་ནི། རྣམ་པར་རྟོག་པ་སྐྱེས་ནས་ཡུལ་གང་ཡང་རུང་བའི་རྣམ་པ་སྣང་བ་ནི། ཡུལ་གང་ཡིན་པའི་སྟེང་དུ་གསལ་གདབ། དེ་ཡང་གཟུགས་ལྟ་བུ་ལ་གསལ་གདབ། དབྱིབས་དང་ཁ་དོག་གི་སྣང་བ་ཇི་ལྟར་མྱོང་བ་བཞིན་དུ་གསལ་གདབ། དེ་ནས་བློ་ལ་གསལ་བ་དེ་ཉིད་སྣང་ལ་རང་བཞིན་མེད་པའི་ཚུལ་དུ་གསལ་གདབ་སྟེ། གཟུགས་བརྙན་བཞིན་དུ་སྣང་ལ་རང་བཞིན་མི་དམིགས་པར་བསྒོམ་མོ། །དེ་ནས་སྣང་བའི་དམིགས་པ་དེ་ཡང༌། བློས་ཇེ་ཕྲ་ཇེ་ཕྲ་རུ་བསིལ་ནས་སྐྲའི་རྩེ་མོའི་ཚད་ཙམ་དུ་བསྒོམ་མོ། །དེ་ནས་ཐ་མ་འཇའ་ཚོན་ཡལ་བ་བཞིན་མཐར་མི་དམིགས་པར་བསྒོམ་མོ། །ཡུལ་རྟོག་པའི་བློ་གང་བྱུང་ལ་ཚུལ་དེ་བཞིན་དུ་བསྒོམ་མོ། །དངོས་པོའི་སྟེང་དུ་གསལ་གདབ་པ་ནི། འཁོར་བ་ཐོག་མ་མེད་པ་ནས་འདྲིས་ཤིང་གོམས་པས་དམིགས་པ་བཟུང་སླ་བའོ། །སྣང་ལ་རང་བཞིན་མེད་པར་བསྒོམས་པས་གསལ་གདབ་པས་ནི། དངོས་པོ་ལ་མངོན་པར་ཞེན་པ་དགག་སླ་བའོ། །དེ་ནས་སྣང་བ་ཡང་མི་དམིགས་པར་བསྒོམ་པ་ནི། མཉམ་གཞག་གི་དངོས་གཞིའོ། །གང་ཟག་དབང་པོ་འབྲིང་གི་བསྒོམ་ཚུལ་ནི། དམིགས་པ་གསལ་གདབ་པ་ལ། ལྟོས་མི་དགོས་པར་སྣང་ལ་རང་བཞིན་མེད་པ་དང༌། སྣང་བ་ཡང་མི་དམིགས་པར་བསྒོམ་པ་གཉིས་ཀྱིས་བསྒོམ་མོ། །གང་ཟག་དབང་པོ་རབ་ཀྱི་སྒོམ་ཚུལ་ནི། དམིགས་པ་གསལ་གདབ་པ་དང༌། སྣང་ལ་རང་བཞིན་མེད་པར་བསྒོམ་པ་གཉིས་ཀ་ལ་མི་ལྟོས་པར་རང་གི་ཤེས་པ་ལ་རྟོག་པ་གང་ཡང་རུང་བ་ཞིག་སྐྱེས་པ་དེའི་ཚེ། རྟོག་པའི་རང་བཞིན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་མི་དམིགས་པར་བསྒོམ་པའོ། །དཔེར་ན་རྒྱ་མཚོ་ལས་རླབས་བྱུང་ནས་སླར་ཡང་དེ་ཉིད་ལ་ཐིམ་པ་བཞིན་དུ་རྟོག་པ་དེ་ཡང་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་བྱུང་ཞིང་སླར་ཡང་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་ཐིམ་པའོ། །གང་ཟག་དབང་པོ་ཐ་མའི་བསྒོམ་ཚུལ་ལ་འབྱོངས་ནས་འབྲིང་གི་བསྒོམ་ཚུལ་ལ་སློབ་བོ། །འབྲིང་ལ་འབྱོངས་ནས་རབ་ཀྱི་བསྒོམ་ཚུལ་ལ་སློབ་བོ། །སྦྱངས་པ་ཆུང་ངུ་དང་འབྲིང་དང་རབ་ཀྱི་རིམ་པ་ལས། རིམ་པ་གསུམ་དུ་བཞག་པ་ཡིན་ནོ། །བསྒོམ་ཚུལ་གྱི་རིམ་པ་གསུམ་ཡང༌། ཡན་ལག་བཞི་ལྡན་དུ་བསྒོམས་པར་བྱས་ཏེ། རྟོག་པ་གང་སྐྱེས་པ་ན། དམིགས་པའི་ཡན་ལག་གོ །དེ་མི་དམིགས་པར་རྟོགས་པ་ནི་གཉེན་པོའི་ཡན་ལག་གོ །རྟོག་པ་ཞི་ནས་སྤྲོས་པ་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་པ་ནི་དོན་དངོས་ཀྱི་ཡན་ལག་གོ །ཕྱིས་རྟོག་པ་འབྱུང་མི་འབྱུང་རྗེས་ཀྱི་དྲན་པས་རྟོག་པ་ནི་དྲན་པའི་ཡན་ལག་གོ །དེ་ཡང་ཡན་ལག་བཞི་ལྡན་དུ་བསྒོམ་པའི་ཚེ། བྱིང་ན་ཡུལ་ལྔའི་སྟེང་དུ་བསླབ་ལ་བསྒོམ། རྒོད་པར་གྱུར་ན། དྲུག་པ་ཡིད་ཀྱི་སྟེང་དུ་བསྒོམ་མོ། །དྲོད་ཀྱི་ཏིང་ངེ་འཛིན་དེ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་མོ། །དེ་ལ་མཉམ་གཞག་ཏུ་ལེགས་པར་བསྒྲིམས་པའི་དུས་སུ་ཡང་དྲོད་ཀྱི་མི་མཐུན་ཕྱོགས་སྐྱེ་ན་ཆུང་ངུའོ། །བསྒྲིམས་པའི་དུས་སུ་མི་སྐྱེ་ན། དྲོད་འབྲིང་པོ་ཡིན་ནོ། །མ་བསྒྲིམས་ཀྱང་མི་འབྱུང་ན། དྲོད་ཆེན་པོ་ཡིན་ནོ། །དྲོད་ཀྱི་ཏིང་ངེ་འཛིན་བསྟན་ཟིན་ཏོ། །རྩེ་མོ་བསྟན་པ་ལ། སྦྱོར་བ་དང༌། དངོས་གཞི་དང༌། བྱིང་རྒོད་སེལ་བའི་ཐབས་རྣམས་སྔར་དང་འདྲ་ལ། ཁྱད་པར་ནི། རྣམ་བྱང་གཟུང་རྟོག་ཆེན་པོ་དང༌། འབྲིང་དང༌། ཆུང་ངུ་འཇོམས་པའི་ནུས་པ་གསུམ་རིམ་ཅན་དུ་ཐོབ་པ་ལས་རྩེ་མོ་ཆུང་ངུ་འབྲིང་ཆེན་པོ་གསུམ་བསྟན་ནོ། །དྲོད་རྩེ་འདི་གཉིས་ཀྱིས་གཙོ་བོར་ཤེས་སྒྲིབ་གཟུང་རྟོག་མངོན་འགྱུར་བ་གཅོད་དོ། །བཟོད་པ་ལ། སྦྱོར་བ་དང༌། དངོས་གཞི་བསྒོམ་ཚུལ་དང༌། བྱིང་རྒོད་སེལ་ཚུལ་སྔ་མ་དང་མཚུངས་ལ། འདིས་རྫས་ཡོད་དུ་འཛིན་པའི་རྟོག་པ་ཆེན་པོ་དང་འབྲིང་དང་ཆུང་ངུ་གསུམ་རིམ་པ་བཞིན་དུ་གཅོད་པའི་རིམ་པས་བཟོད་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་དུ་བསྟན་ནོ། །ཆོས་མཆོག་ནི། སྦྱོར་བ་དང༌། དངོས་གཞི་དང༌། བྱིང་རྒོད་སེལ་བའི་ཚུལ་སྔར་དང་མཚུངས་ལ། ཁྱད་པར་ནི། བཏགས་འཛིན་རྟོག་པ་ཆེན་པོ་དང༌། འབྲིང་དང༌། ཆུང་ངུ་གསུམ་རིམ་བཞིན་གཅོད་པའི་རིམ་པས། ཆོས་མཆོག་ཆུང་ངུ་འབྲིང་ཆེན་པོ་གསུམ་རིམ་པ་བཞིན་དུ་འབྱུང་ངོ༌། །ངེས་འབྱེད་ཆ་བཞི་བསྒོམ་ཚུལ་ཐུན་མོང་བའི་ཡན་ལག་ནི་བཞི་སྟེ། གོམས་པའི་ཡན་ལག གསལ་བའི་ཡན་ལག བློ་འཇུག་པའི་ཡན་ལག དུས་དང་གནས་སྐབས་ཀྱི་ཡན་ལག དང་པོ་ནི། བསྒོམ་བྱའི་དོན་ལ་ཡུན་རིང་དུ་རྒྱུན་མི་ཆད་པར་བློ་གནས་པར་བྱེད་པའོ། །གཉིས་པ་ནི། གཟུགས་སོགས་ཡུལ་གྱི་དམིགས་པ་གང་ཡང་རུང་བ་ལ་དམིགས་ནས་དེ་ཉིད་སྣང་ལ་རང་བཞིན་མེད་པར་བསྒོམ་པ་གསལ་བའི་ཡན་ལག གསུམ་པ་ནི། བློ་སྔ་མའི་ནུས་པའི་སྟོབས་ཡོད་པས་མོས་པ་བརྟན་པར་འཇུག་པའོ། །བཞི་པ་ནི། ཐུན་ཆུང་བ། དམིགས་པ་གསལ་བ། གྲངས་མང་བ། གཉེན་པོ་སྒྲིམ་པ། ཤེས་པ་གློད་པ། ཐུན་མཚམས་ཤེས་པ། འཇུག་ཡུལ་བརྟག་པ། རྣམ་པ་བསྒྱུར་བ། ཚད་བཟུང་བ། སྐྱོན་སེལ་བ། རྟགས་དང་སྦྱར་བ་སྟེ་བཅུ་གཅིག་གོ །ཐུན་ཆུང་བ་ཞེས་བྱ་བ་ནི། སེམས་འཛིན་པའི་དུས་སུ་རང་གི་སྟན་ཐོག་ལས་མ་འདས་པར་བསྒོམ་པའི་དམིགས་པ་གསལ་བ་ཇི་ཙམ་བྱུང་བ་དེ་ཉིད་ཀྱི་ཐུན་ཚད་དུ་བྱེད་པ་སྟེ། དང་པོ་གསལ་བ་ཡུན་ཐུང་བས་ཐུན་ཆུང་བ་ཞེས་བྱའོ། །དམིགས་པ་གསལ་བ་ནི། གསལ་བའི་གདམས་ངག་སྟེ། གོང་དུ་བསྒོམ་ཚུལ་བསྟན་པ་དེ་ཉིད་དོ། །གྲངས་མང་བ་ནི། སྟན་ཐོག་གཅིག་ཏུ་ཡང་གསལ་བའི་ཐུན་ཡང་ནས་ཡང་དུ་གྲངས་མང་བར་བྱེད་པའོ། །གཉེན་པོ་སྒྲིམ་པ་ནི། སེམས་ཕྱིར་འཕྲོས་ན། དམིགས་པ་ལ་སེམས་བསླན་ནས། དམིགས་པའི་སྟེང་དུ་སེམས་འཇོག་པའོ། །དམིགས་པ་ལ་སེམས་བཞག་ནས་ཡང་སེམས་ཕྱིར་འཕྲོས་ཀྱིས་དོགས་ན། བྱ་ར་བའི་ཚུལ་གྱིས་ཤེས་པ་བསྒྲིམས་ནས། ཡང་ནས་ཡང་དུ་བློ་ཕྱི་མ་འཇོག་པའོ། །ཤེས་པ་གློད་པ་ནི། གཉེན་པོ་དེ་ཉིད་བསྒྲིམས་དྲགས་ན། ཏིང་ངེ་འཛིན་བསྒོམས་ཀྱང་རྒྱུད་རྩུབ་ཏུ་འགྲོ། སྨྲ་བ་མང་དུ་འགྲོ། བྱིང་དུ་འགྲོ། འཛིན་ཆགས་ཆེར་འགྲོ། ནད་མང་དུ་འགྲོ། བདག་འཛིན་ཆེར་འགྲོ་བས། ཆོས་ཉིད་སྟོང་པ་ཉིད་དེ་མ་ཡེངས་དྲན་ཙམ་དུ་བྱས་ནས་ཤེས་པ་ཅུང་ལྷོད། གློད་ནས་བསྒོམས་པས་བོགས་དབྱུང༌། ནད་ཉུང༌། སེམས་བཙན་ཐབས་སུ་བཞག་པས། སེམས་གང་དུ་འདུ་བ་དེར་རྟོག་པ་འདུ། དེར་ནད་ཀྱང་འདུ། སེམས་དམིགས་པ་གང་ཞེན་པའི་རྟོག་པ་བསྒྱུར། དམིགས་པ་ལ་སེམས་འཁྲིས་ན་དབྲལ། ཞེན་ན་ཞེན་བྱེད་ཀྱི་བློ་བཅད། ཤེས་པ་རྟེན་མེད་དུ་བལྟ། ཐུན་མཚམས་ཤེས་པ་ནི། བསམ་གཏན་གྱི་དུས་བསྟན་ཏེ། དང་པོ་སྦྱོར་བའི་དུས་སུ་སེམས་དམིགས་པ་ལ་བཞག་པ་ན། རྟོག་པ་འཕྲོ་བ་འདྲ་ན། རང་གང་བསྒོམ་པའི་དམིགས་པ་ལ་བསྒྱུར་ནས་བསྒོམ། མཉམ་པར་བཞག་པའི་དམིགས་པ་གསལ་དུ་བསྒོམ། གསལ་བའི་འཕྲོ་ལ་བཅད། འདི་ནི་བཞག་པའི་ཐུན་མཚམས་སོ། །འཇུག་ཡུལ་ལ་བརྟག་པ་ནི། བསམ་གཏན་བསྒོམ་པའི་དུས་སུ་བསྒོམ་སྙིང་འདོད་ན་འབད་ལ་བསྒོམ། མི་འདོད་ན་མི་བསྒོམ་པར་བསམ་གཏན་བསྒོམ་པའི་འདུན་པ་རྒྱུན་ཆགས་སུ་བྱའོ། །རྣམ་པ་བསྒྱུར་བ་ནི། བྱིང་བའི་དུས་སུ་རྣམ་པ་བསྒྱུར་བ་སྟེ། རྒོད་ན་བསྒོམ་པའི་རྣམ་པ་སེམས་ཀྱི་སྟེང་དུ་བསྒྱུར་ཏེ་ནང་གི་ལམ་ལ་བལྟ། བྱིང་ན་རྣམ་པ་ཡུལ་གྱི་སྟེང་དུ་བསྒྱུར་ཏེ། རྗེས་ཐོབ་ཀྱི་རྣམ་པ་མངོན་དུ་བྱའོ། །ཚད་བཟུང་བ་ནི་བཞི་སྟེ། ལམ་གྱི་ཚད་བཟུང་བ། སྐྱོན་དང་ཡོན་ཏན་ལ་བལྟ། དམིགས་པའི་ཚད་བཟུང་བ་ནི། དྲན་པའི་ཤེས་པ་གསལ་བ་ལ་བལྟ། ཏིང་ངེ་འཛིན་གྱི་ཚད་བཟུང་བ་ནི། ཐུན་མཚམས་ཀྱི་དུས་ལ་བལྟ། ཁམས་དང་ནུས་པའི་ཚད་བཟུང་བ་ནི། བདག་ཉིད་ཀྱི་རིག་པ་ལ་བལྟའོ། །སྤང་བྱ་ངོས་བཟུང་བ་ནི། དང་པོར་སེམས་འཛིན་པའི་དུས་སུ་རྟོག་པ་སྤང་བྱ། སེམས་གནས་པའི་དུས་སུ་བྱིང་རྒོད་སྤང་བྱ། སེམས་འབྱོངས་པའི་དུས་སུ་བདེན་པར་འཛིན་པ་སྤང་བྱ། ལམ་གྱི་དངོས་གཞིའི་དུས་སུ་ཉོན་མོངས་པ་སྤང་བྱ། རྟགས་དང་སྦྱར་བ་ལ་རྟགས་གསུམ་དུ་འདུས་ཏེ། སེམས་ཟིན་པའི་རྟགས། སེམས་གནས་པའི་རྟགས། སེམས་འབྱོངས་པའི་རྟགས། དང་པོ་ནི། ཕྱིའི་སྤྲོས་པའི་བྱ་བ་གང་ལ་ཡང་འཇུག་སྙིང་མི་འདོད། ཏིང་ངེ་འཛིན་གྱིས་དུས་འདའ། བསྒོམ་སྙིང་འདོད་དོ། །གཉིས་པ་ནི། དམིགས་པ་ལས་སེམས་དབྲལ་དུ་མི་འདོད། དམིགས་པ་འདོར་ཡང་དེའི་སྟེང་དུ་སེམས་རྩོལ་མེད་དུ་འཇུག ཕྱིའི་ཤ་མདོག་ལེགས། ནད་གཞི་རིམ་གྱིས་བྱང་ངོ༌། །གསུམ་པ་ནི། དམིགས་པ་བསྒྱུར་བར་ནུས་པ་སྟེ། དམིགས་པ་གང་བསྒོམ་པ་དེ། ཆེན་པོ་རི་རབ་ཙམ་དུ་ཡང་བསྒོམ་ནུས། ཆུང་ངུ་ཉུངས་འབྲུ་ཙམ་དུ་ཡང་བསྒོམ་ནུས། ལུས་ཀྱི་ནད་སེལ་བའི་བདུད་རྩིར་ཡང་འགྱུར། མི་མ་ཡིན་གྱི་གནོད་པ་སྤོང་ནུས། དེ་ཡང་ཐུན་མཚམས་ཤེས་པ་དང༌། འཇུག་ཡུལ་བརྟག་པ་དང༌། རྟགས་དང་སྦྱར་བ་གསུམ་ནི། རྗེས་ཀྱི་དུས་ཡིན། རྣམ་པ་བསྒྱུར་བ་དང༌། ཚད་བཟུང་བ་ནི། སྦྱོར་བའི་དུས་ཡིན། ཐུན་ཆུང་བ་དང་དམིགས་པ་གསལ་བ་དང༌། གྲངས་མང་བ་གསུམ་ནི། སྐྱོན་མ་བྱུང་བའི་དུས་ཡིན། གཉེན་པོ་བསྒྲིམས་པ་དང༌། ཤེས་པ་གློད་པ་གཉིས་ནི་སྐྱོན་བྱུང་ནས་བྱ་བ་ཡིན་ནོ། །ཏིང་ངེ་འཛིན་བསྒོམ་པའི་མི་མཐུན་ཕྱོགས་ཀྱི་སྐྱོན་ཐམས་ཅད་ཀྱང་མི་འདའ་བ་གསུམ་གྱིས་སེལ་ཏེ། སྦྱོར་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལས་མི་འདའ། དངོས་གཞི་སྟོང་ཉིད་རྟོགས་པའི་ཤེས་རབ་ལས་མི་འདའ། རྗེས་སྒྱུ་མ་ལྟ་བུར་རྟོགས་པ་ལས་མི་འདའ་བས་སེལ་ལོ། །དང་པོས་ནི། ཐེག་པ་དམན་པའི་སྐྱོན་ཐམས་ཅད་སེལ་ལ། གཉིས་པས་ནི། བར་དུ་གཅོད་པའི་བདུད་དང་བདུད་ཀྱི་ལས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་རྟོགས་པས་བདུད་ཀྱིས་གླགས་མི་རྙེད་དོ། །སྲུང་བྱེད་གཞན་ལ་རག་མ་ལས་པའི་སྒྲུབ་བྱེད་དུ་སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་གསུངས་པའི་དོན་ཡང་འདི་ཡིན་ནོ། །གསུམ་པས་ཀྱང་བདུད་ཀྱི་ལས་ཀྱི་བར་དུ་གཅོད་པ་ཐམས་ཅད་གཅོད་དོ། །བདུད་ཐམས་ཅད་ནི་བདེན་འཛིན་ལས་འཇུག་པ་ཡིན་ལ། སྒྱུ་མ་ལྟ་བུར་རྟོགས་པས་བདུད་འཇུག་པའི་རྒྱུ་བཅད་པའི་ཕྱིར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཉམས་སུ་ལེན་པའི་ཚུལ་བསྟན་ཟིན་ཏོ། །ཡོངས་འཛིན་ཀྱང་སྔར་ཉིད་དུ་བཤད་ཟིན་ཏོ། །རིགས་ནི་སྒྲུབ་པ་སྐྱེ་བའི་རྟེན་ཡིན་ལ། དམིགས་པ་བཅུ་གཅིག་ནི། སྒྲོ་འདོགས་གཅོད་པའི་དམིགས་པ་ཡིན་པས་སྔ་མ་རྣམས་ཀྱི་ཡན་ལག་དུ་འཆད་དོ། །ཆེད་དུ་བྱ་བ་ནི། ཐོབ་བྱའི་འབྲས་བུ་ཡིན་པས་ཉམས་སུ་བླང་བྱའི་ངོ་བོར་མི་སྟོན་ནོ། །གོ་ཆའི་སྒྲུབ་པ་ནི། སྦྱིན་སོགས་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་ཉམས་སུ་ལེན་པ་ལ་བསམ་པའི་བརྩོན་འགྲུས་ཀྱིས་གོ་བགོ་བའོ། །དཔེར་ན་འཇིག་རྟེན་ན་གོ་ཆ་བགོས་ནས་གཡུལ་དུ་འཇུག་པ་བཞིན་ནོ། །སྦྱིན་པ་གཏོང་ན། སྦྱིན་པ་དངོས་སུ་ཡོད་ལ་དེ་ཉིད་ལ་རང་དོན་ཡིད་བྱེད་ཀྱི་བསམ་པ་སྤོང་བས་ཚུལ་ཁྲིམས་ཚང༌། སྦྱིན་པ་གཏོང་བའི་བྱ་བ་ལ་བཟོད་པས་བཟོད་པ་ཚང་ངོ༌། །སྦྱིན་པ་གཏོང་བའི་བྱ་བ་རྒྱུན་མི་གཅོད་པས་བརྩོན་འགྲུས་ཚང་ངོ༌། །སྦྱིན་པ་གཏོང་བའི་བློ་མ་ཡེངས་པར་འཇུག་པས་བསམ་གཏན་ཚང་ངོ༌། །སྦྱིན་པ་གཏོང་བའི་བྱ་བ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པས་ཤེས་རབ་ཚང་ངོ༌། །ཚུལ་ཁྲིམས་ནས་བསམ་གཏན་གྱི་དབྱེ་གཞི་སྡུད་བྱེད་གཅིག་དང༌། བསྡུ་བྱ་ལྔ་ལྔ་ཚང་བར་ཉམས་སུ་ལེན་ཚུལ་ཡང་སྔ་མ་ལ་དཔགས་ནས་ཤེས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕར་ཕྱིན་གཞན་རྣམས་ཚང་བའི་ཚུལ་ནི་གཉིས་ཏེ། ཡོན་ཏན་གྱི་སྒོ་ནས་ཚང་ཚུལ་དང༌། མི་མཐུན་ཕྱོགས་སྤངས་པའི་སྒོ་ནས་ཚང་ཚུལ་ལོ། །དང་པོ་ནི། སྣང་གྲགས་ཀྱི་ཆོས་མི་དམིགས་པར་རྟོགས་པའི་ངོ་བོ་ནི་ཤེས་རབ་བོ། །གཞན་ལ་ཐོས་བསམ་གྱི་ཤེས་རབ་བསྐྱེད་པས་སྦྱིན་པ་ཚང་ངོ༌། །དེ་ལ་རང་དོན་ཡིད་བྱེད་མེད་པར་གཞན་དོན་འབའ་ཞིག་གི་བསམ་པ་ཡོད་པས། ཚུལ་ཁྲིམས་ཚང་ངོ༌། །ཤེས་རབ་ཀྱི་ཕར་ཕྱིན་ཉམས་སུ་ལེན་པའི་སྐབས་སུ་དཀའ་སྤྱད་ལ་བཟོད་པས་བཟོད་པ་ཚང་ངོ༌། །ཤེས་ཕྱིན་གྱི་དོན་ལ་བརྩོན་པས་བརྩོན་འགྲུས་ཚང་ངོ༌། །དམིགས་པ་ལ་མ་ཡེངས་པར་འཇུག་པས་བསམ་གཏན་ཚང་ངོ༌། །གཉིས་པ་ནི། སེར་སྣའི་ས་བོན་སྤངས་པ་དང༌། ཚུལ་ཁྲིམས་འཆལ་བ་དང༌། ཁོང་ཁྲོ་དང༌། ལེ་ལོ་དང༌། རྣམ་པར་གཡེང་བ་དང༌། ཤེས་རབ་འཆལ་པ་རྣམས་སྤོང་བས་སྤངས་པའི་སྒོ་ནས་ཕྱིན་དྲུག་ཚང་ངོ༌། །ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པའི་དུས་སུ། རྗེས་ཐོབ་ཏུ་སྦྱིན་པ་གཏོང༌། མཉམ་རྗེས་གཉིས་ཀྱིས་ཚུལ་ཁྲིམས་འཆལ་བ་གཅོད་ཅིང༌། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀྱི་གཉེན་པོ་རྒྱུད་ལ་སྐྱེད་པར་བྱེད་པ་ཉིད་དོ། །ཡང་མཉམ་རྗེས་གཉིས་ཀར་བཟོད་པ་སྒོམ་པར་བྱེད་དོ། །ཁོང་ཁྲོ་སྤོང་ཞིང༌། བཟོད་པའི་བྱ་བ་ལ་དངོས་སུ་སྦྱོར་རོ། །སྦྱིན་པ་དང་ཚུལ་ཁྲིམས་དང༌། བཟོད་པ་བསྒོམ་པའི་གནས་སྐབས་ཐམས་ཅད་དུ་བརྩོན་པ་མི་འདོར་བ་ནི་བརྩོན་འགྲུས་སོ། །ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་བསམ་གཏན་ནོ། །ཏིང་ངེ་འཛིན་གྱི་དམིགས་པ་རང་བཞིན་མེད་པར་ཤེས་པ་ནི་ཤེས་རབ་བོ། །དེ་ལྟར་ན་མཉམ་རྗེས་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །གོ་སྒྲུབ་བསྟན་ཟིན་ཏོ། །གཉིས་པ་འཇུག་པའི་སྒྲུབ་པ་ནི། རྒྱུ་དང་འབྲས་བུའི་ཐེག་ཆེན་ལ་སྦྱོར་བའི་བརྩོན་འགྲུས་ཀྱིས་དངོས་སུ་ཞུགས་པ་ལ་འཇུག་པའི་སྒྲུབ་པ་ཞེས་བརྗོད་དོ། །འདིའི་ཉམས་སུ་བླངས་པའི་ཆོས་ཀྱང༌། རང་དོན་ཕུན་སུམ་ཚོགས་པ་དང༌། གཞན་དོན་ཕུན་སུམ་ཚོགས་པ་གཉིས་ཀྱིས་བསྡུས་སོ། །དང་པོ་ནི། ཐོག་མར་རང་གི་སེམས་བརྟན་པའི་དོན་དུ། བསམ་གཏན་དང་གཟུགས་མེད་པ་ལ་སློབ་པ་དང༌། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་དང༌། དེ་ཁོ་ན་ཉིད་རྟོགས་པའི་དོན་ལ་སློབ་པའོ། །གཉིས་པ་གཞན་དོན་ཕུན་སུམ་ཚོགས་པ་ལ། བསམ་པ་དང་སྦྱོར་བ་གཉིས་ཏེ། དང་པོ་ནི། བྱམས་སོགས་ཚད་མེད་པ་བཞི་ལ་སློབ་པའོ། །དམིགས་པ་མེད་པ་ལ་སློབ་པ་དང༌། འཁོར་གསུམ་རྣམ་དག་གི་སྦྱིན་སོགས་ལ་སློབ་པ་དང༌། ཆེད་དུ་བྱ་བ་གསུམ་གྱི་དོན་དུ་སློབ་པ་དང༌། མངོན་པར་ཤེས་པ་དྲུག་བསྐྱེད་པའི་དོན་ལ་སློབ་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བ་ལ་སློབ་པའོ། །འདི་དག་ཐམས་ཅད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་མ་ལུས་པ་ཐོབ་པར་འགྱུར་བའི་ཕྱིར། འདི་དག་གི་ཉམས་ལེན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པའི་ཁོངས་སུ་འདུས་སོ། །ཚོགས་ཀྱི་སྒྲུབ་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་སློབ་པ་ལ་འདུས་པས། ཕྱིན་དྲུག་གི་ཉམས་ལེན་གྱི་ཁོངས་སུ་འདུས་སོ། །ཡོངས་སྦྱོང་གི་ཆོས་རྣམས་ཀྱང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས་པས་ཚོགས་གཉིས་ཡོངས་སུ་རྫོགས་པར་གྱུར་པའི་ཕྱིར། རང་གི་སེམས་ཀྱི་དྲི་མ་ཡོངས་སུ་སྦྱོང་བས་ན། ཡོངས་སྦྱོང་ཞེས་པའི་མིང་གིས་བསྟན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ནི། གཉེན་པོའི་ཆོས་ཉམས་སུ་བླངས་པས་སྤང་བྱ་མི་མཐུན་ཕྱོགས་ལས་ངེས་པར་འབྱུང་བས། ངེས་འབྱུང་སྒྲུབ་པ་ཞེས་བྱའོ། །དེ་ཡང་དཔེར་ན། ཡུལ་ལྗོངས་ན་རྒྱལ་པོ་གཉིས་འཐབ། གང་ལ་འཐབ་ན། འདོད་པའི་ཡོན་ཏན་ལ་འཐབ། ཇི་ལྟར་འཐབ་ན། དང་པོར་ལས་མི་འཐུ། དེ་ནས་དམག་ཕྱོགས་གཅིག་ཏུ་གསོག གོ་ཆ་མ་གྱོན་པར་གཡུལ་དུ་མི་འཇུག གོ་ཆ་གྱོན་ནས་རུ་ཤོམ་བྱེད། རུ་བཤམས་ནས་འཐབ། རུ་མཚོན་དང་འདྲ་བའི་གཙོ་བོས་དམག་དཔོན་བྱེད། རྔ་སྐད་དང་སྦྱར་བའི་མདའ་འཕེན། དུས་ཚོད་དང་སྦྱར་བའི་རྒྱལ་ཕམ་བརྩི་བ་དེ་བཞིན་དུ། ཡུལ་ལྗོངས་དང་འདྲ་བའི་ཆོས་ཉིད་སྟོང་པ་ཉིད་ལ་རྒྱལ་པོ་གཉིས་དང་འདྲ་བའི་སྤང་གཉེན་གཉིས་འཐབ་པའོ། །གང་ལ་འཐབ་ན། རང་གི་མངོན་པར་འདོད་པའི་དོན་ལ་འཐབ་བོ། ཚུལ་ཇི་ལྟར་འཐབ་ན། དང་པོར་ལས་མི་འཐུ་བ་དང་འདྲ་བར་དད་པ་དང་བརྩོན་འགྲུས་ལ་སོགས་པའི་གཉེན་པོ་གསོག དམག་བསགས་ནས་འཐབ་པ་དང་འདྲ་བར་གཉེན་པོ་དད་པ་ལ་སོགས་པའམ། ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་ནས་སྤང་བྱ་རྟོག་པ་དང་འཐབ་སྟེ། འཁོར་གསུམ་དུ་རྟོག་པ་ནམ་སྐྱེས་ཀྱི་དུས་སུ་གཅོད། གཉེན་པོས་སླེབ་པར་བྱེད་དོ། །རུ་ཤོམ་པ་དང་འདྲ་བར་གཉེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚན་ཚན་དུ་བསྡེབ། དམག་དཔོན་དང་འདྲ་བའི་དགེ་བའི་བཤེས་གཉེན་གྱིས་གཉེན་པོ་སྡེབ་པར་བྱེད། མདའ་འཕེན་པ་དང་འདྲ་བར་རྣམ་པར་རྟོག་པའི་དགྲ་ནམ་བྱུང་བའི་དུས་སུ་གཉེན་པོ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་སླེབས་པར་བྱེད། དེ་ནས་ཕ་རོལ་པོའི་དམག་ཕམ་པར་མཛད་པ་དེ་བཞིན་དུ། གཉེན་པོས་མི་མཐུན་ཕྱོགས་རྟོག་པ་རྣམས་ཕམ་པར་མཛད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་དབང་བསྒྱུར་བར་མཛད་དོ། །ངེས་པར་འབྱུང་བའི་སྒྲུབ་པ་ལ་གང་ནས་འབྱུང༌། གང་འབྱུང༌། ཇི་ལྟར་འབྱུང༌། གང་དུ་འབྱུང༌། གང་གིས་འབྲས་བུ་འབྱུང་སྙམ་ན། དང་པོ་ནི། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ནས་འབྱུང་ངོ༌། །གང་འབྱུང་ན། ཤེར་ཕྱིན་གྱི་གདམས་ངག་ལྡན་ཞིང༌། ཉམས་སུ་ལེན་པའི་གང་ཟག་རྣམས་འབྱུང་ངོ༌། །ཇི་ལྟར་འབྱུང་ན། ཁམས་གསུམ་གྱི་རྟོག་པ་བཅད་ནས་འབྱུང་ངོ༌། །མི་མཐུན་པའི་ཕྱོགས་ཐམས་ཅད་བཟོད་ཡུལ་དུ་ཁྱེར་ཏེ་འབྱུང༌། དྲེགས་པ་ཅན་ང་རྒྱལ་བཅག་ནས་འབྱུང༌། སྐྱོན་ཅན་གྱི་མཚང་གཅོད་ནས་འབྱུང༌། ཞུམ་པའི་མདུན་བསུ་ནས་འབྱུང༌། སྤང་བྱ་དང་གཉེན་པོ་སྦྱར་ནས་འབྱུང༌། ཆོས་ཀ་ས་ནས་བྱེད་ཀྱིན་འབྱུང༌། ལམ་མི་བདེ་ས་ནས་འཆོས་ཀྱིན་འབྱུང༌། འཕྲང་དོག་ས་ནས་སེལ་གྱིན་འབྱུང༌། ནད་སྡིག་སྒྲིབ་ཀྱི་ཕྱགས་ཤིང་དུ་ཁྱེར་ནས་འབྱུང༌། ཕར་ཕྱིན་དྲུག་གཅོད་བསྐྱེད་གཉིས་སུ་མེད་པའི་ཚུལ་གྱིས་ཉམས་སུ་ལེན་ནས་འབྱུང༌། ལམ་ལྔ་རྒྱུད་ལ་སྦྱོར་གྱིན་འབྱུང༌། གདུལ་བྱ་ལ་སྙིང་རྗེས་ཕན་འདོགས་པའི་སྒོ་ནས་འབྱུང༌། ལམ་ལོག་པ་བསྒྱུར་གྱིན་འབྱུང༌། འཁྱོགས་ན་སྲོང་གིན་འབྱུང༌། ལྷུན་གྱིས་གྲུབ་པའི་ཚུལ་དུ་འབྱུང༌། ཐེག་པ་དམན་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཚུལ་གྱིས་འབྱུང་ངོ༌། །གང་དུ་འབྱུང་བ་ན། མི་གནས་པའི་མྱ་ངན་ལས་འདས་པར་འབྱུང་ངོ༌། །ངེས་འབྱུང་སྒྲུབ་པ་རྫོགས་པའི་རྗེས་ཐོགས་སུ། རྣམ་རྟོག་གི་རི་བོ་བསྙིལ། འཁོར་བའི་ཆུ་རྒྱུན་སྐམས། འབྲས་བུ་སྐུ་གསུམ་མངོན་དུ་བྱས་ནས། ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་བྱེད་དོ། །དེ་ཡང་ཚོགས་ལམ་གྱི་དུས་སུ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག སྦྱོར་ལམ་གྱི་དུས་སུ་ཟག་བཅས་དང་ཟག་མེད་ཀྱི་ས་མཚམས་སུ་འབྱེད་པའི་ངེས་འབྱེད་ཆ་བཞི་རིམ་གྱིས་ཐོབ་ནས། ས་དང་པོར་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བདེན་པ་མཐོང༌། འཁོར་བའི་ས་བོན་རྩད་ནས་བཅད། ཁམས་གསུམ་དུ་མི་ལྡོག་པའི་གདེང་ཐོབ། སྒོམ་ལམ་གྱི་དུས་སུ་འཕགས་ལམ་ཡན་ལག་བརྒྱད་ཐོབ་ནས། ཐེག་པ་དམན་པའི་འཇིགས་པ་ལས་རིམ་གྱིས་གྲོལ། སྒོམ་ལམ་ཡོངས་སུ་རྫོགས་པའི་རྗེས་ཐོགས་སུ། ཀུན་དུ་འོད་ཀྱི་སར་རང་དོན་ཆོས་སྐུ་ཐོབ་ནས། གཞན་དོན་གཟུགས་སྐུ་གཉིས་ཀྱི་ཕྲིན་ལས་ཀྱིས་དངོས་སམ་བརྒྱུད་པའི་སྒོ་ནས་གདུལ་བྱའི་དོན་མཛད་དོ། །འབྲས་བུ་སྐུ་གསུམ་ལ། དང་པོ་ངོ་བོ་ཉིད་ཀྱི་སྐུ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོབས་སོགས་ཀྱི་ཡོན་ཏན་དང་ལྡན་པའོ། །འདི་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་གྱི། ས་བཅུ་པ་མན་ཆད་ཀྱིས་ཇི་ལྟ་བ་བཞིན་དངོས་སུ་མི་རིག་གོ །ལོངས་སྤྱོད་རྫོགས་པའི་སྐུ་ནི། མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང༌། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའོ། །སྤྲུལ་པའི་སྐུ་ནི། སྤྲུལ་པ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་དག་མ་དག་སྣ་ཚོགས་ཀྱི་དོན་མཛད་པའོ། །ལོངས་སྐུའི་ཞིང་ཁམས་ནི། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སོ། །སྤྲུལ་སྐུའི་ཞིང་ཁམས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །ངོ་བོ་ཉིད་ཀྱི་སྐུ་ནི། སངས་རྒྱས་ཁོ་ན་ལ་སྣང་ངོ༌། །ལོངས་སྤྱོད་རྫོགས་པའི་སྐུ་ནི། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་ངོ༌། །སྤྲུལ་པའི་སྐུ་ནི། བྱང་སེམས་ལས་དང་པོ་པ་དང༌། ཉན་ཐོས་དང་ལྷ་དང་མི་ལ་སོགས་པ་ལ་སྣང་ངོ༌། །མཛད་པ་ཕྲིན་ལས་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར། རྣམ་པར་མི་རྟོག་ཅིང༌། འབད་རྩོལ་མེད་པར་གདུལ་བྱའི་དགོས་འདོད་སྐོང་བར་མཛད་ཅིང༌། གདུལ་བྱ་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ལམ་ལ་འགོད་པར་མཛད་དོ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོའི་སྤྲིན། །ལེགས་བཤད་དུས་ཀྱི་ཆར་རྒྱུན་རབ་འཕྲོ་བའི། །གསུང་རབ་ཀུན་གྱི་ཕུལ་བྱུང་ཟབ་མོའི་ཆོས། །ཤེས་རབ་ཕ་རོལ་ཕྱིན་པའི་དོན་གྱི་ཚུལ། །ཟབ་མོའི་ཏིང་འཛིན་རྟོགས་པ་ཕུན་ཚོགས་རྒྱུ། །མི་གནས་མྱང་འདས་ཁང་བཟང་འཇུག་པའི་སྒོ། །ཐར་ལམ་སྟོན་པའི་སྤྲིན་གྱི་རྔ་སྒྲ་ཅན། །རྒྱལ་ཡུམ་མི་ཟད་ལེགས་བཤད་འདབ་བརྒྱ་པ། །བྱམས་པའི་གསུང་རབ་ཉི་མའི་དཀྱིལ་འཁོར་ཅན། །ལེགས་བཤད་ཚ་ཟེར་འཕྲོ་བས་རྣམ་འབྱེད་ཅིང༌། །ཟབ་དོན་གེ་སར་སྙིང་པོ་རབ་གསལ་བའི། །ཟབ་མོའི་མན་ངག་ལེགས་བཤད་བདུད་རྩིའི་རྒྱུན། །གཙུག་ལག་ཆུ་ཀླུང་རིགས་སྲོལ་རྣམ་འབྱེད་ཅིང༌། །དགོངས་དོན་མ་ནོར་ཚུལ་བཞིན་སྟོན་མཛད་པ། །མཁས་མང་གཙུག་གི་ནོར་བུའི་དགའ་སྟོན་ཅན། །རྒྱལ་སྲས་ཀུན་གྱི་འཇུག་ངོགས་ཆུ་གཏེར་ཆེ། །མང་དུ་ཐོས་པའི་རྣམ་དཔྱོད་བསྲུབ་ཤིང་གིས། །ཡོངས་སུ་བསྲུབས་པ་ལས་བྱུང་ལེགས་བཤད་ཀྱི། །འོད་ཟེར་ཕྱོགས་བཅུར་འཕྲོ་བའི་རྟ་ལྗང་ཅན། །བློ་གྲོས་ཡངས་པའི་མཁའ་ལ་རབ་འཕགས་ཏེ། །གངས་རིའི་ཁྲོད་ཀྱི་མཁས་མང་བརྒྱ་ཕྲག་གིས། །སྔོན་ཆད་མཐོང་བའི་ལམ་དུ་མ་གྱུར་པ། །རྒྱལ་ཡུལ་ཟབ་མོའི་ལམ་གྱི་རིམ་པའི་ཚུལ། །སྔོན་མེད་ཤིང་རྟའི་ལམ་བཟང་རྣམ་པར་ཕྱེ། །ཚུལ་འདི་ཡོངས་སུ་རྫོགས་པའི་པཎྜི་ཏ། །འཆད་རྩོད་རྩོམ་པས་ཉིན་མཚན་དུས་འདའ་ཞིང༌། །ཐོས་བསམ་སྒོམ་པའི་ཚུལ་ལ་དབང་འབྱོར་བ། །ཀུན་མཁྱེན་གཉིས་པ་རོང་སྟོན་ཆེན་པོས་སྦྱར། ༈ །འདི་སྦྱར་དགེ་བ་འོད་སྟོང་ལྡན་པ་ཡིས། །ཐུབ་བསྟན་པད་ཚལ་ཀུན་ནས་རྒྱས་གྱུར་ཅིག །འགྲོ་བའི་མི་ཤེས་མུན་པ་ཀུན་བསལ་ཏེ། །ཡང་དག་དོན་གྱི་སྣང་བ་རྒྱས་པར་ཤོག །ཅེས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་དོན་ལ་འཆད་ཉན་གྱི་སྒོ་ནས་ཡུན་རིང་དུ་འདྲིས་པར་བྱས་ནས། རྩེ་གཅིག་ཏུ་སྒོམ་པར་མོས་པའི་བཤེས་གཉེན་མཁས་པ་དུ་མས་ཡོངས་སུ་བསྐུལ་བའི་ངོར། གཞན་ལ་ཕན་པའི་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། མདོ་རྒྱུད་ཀུན་གྱི་གནད་མ་ལུས་པ་ཁོང་དུ་ཆུད་པའི་སྤང་བ་པ། རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་བོད་ཀྱི་རི་བོ་རྩེ་ལྔའི་མགུལ་དུ་སྦྱར་བའི་ཡི་གེ་པ་ནི། ལུང་རིག་སྨྲ་བའི་སྡོམ་བརྩོན་དམ་པ། ཡར་ལུང་པ་ནམ་མཁའ་དཔལ་ལྡན་གྱིས་བགྱིས་པའོ། །འདི་ཡི་བརྒྱུད་པ་ནི། ཕུན་ཚོགས་དགེ་ལེགས་ཀུན་གྱི་གཏེར་མངའ་བ། །ཐུབ་དབང་བྱམས་པ་ཐོགས་མེད་དབྱིག་གི་གཉེན། །ཨཱརྻ་དེ་བ་དམ་པ་རྒྱ་གར་སོགས། །ལྷ་མིའི་མཆོད་གནས་རྣམས་ལ་ཕྱག་འཚལ་ལོ། །དམ་པ་ཆར་ཆེན་པ་ཚབ་སྒོམ་ཆེན་དང༌། །རྒྱལ་བ་ཏེ་ནེ་ཞིག་པོ་ཉི་མའི་ཞབས། །བསོད་ནམས་དཔལ་དང་ཀུན་དགའ་འོད་ཟེར་སོགས། །གྲུབ་ཆེན་མཁས་པ་རྣམས་ལ་ཕྱག་འཚལ་ལོ། །རི་ཁྲོད་དབང་ཕྱུག་ཀུན་མཁྱེན་ཚུལ་ཁྲིམས་འཕགས། །སངས་རྒྱས་དབོན་དང་ཀུན་མཁྱེན་རིན་པོ་ཆེ། །དིང་རིའི་ཆོས་རྗེ་བློ་རྒྱམ་ལ་སོགས་པའི། །ཐུབ་དབང་གཉིས་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་གསང་ཕུར་འདུས་པ་རྒྱ་མཚོ་ལ། །དམ་ཆོས་གསུངས་ཚེ་ལྷ་རྣམས་འཁོར་དུ་ལྷགས། །ལོ་ཟླ་དུ་མར་མེ་ཏོག་ཆར་ཆེན་ཕབ། །རོང་སྟོན་ལྷ་ཡི་ལྷ་ལ་ཕྱག་ཚལ་ལོ། །རྩོད་པ་སེང་གེའི་ཁྲི་ལ་འཁོད་པའི་ཚེ། །ཡང་དག་རིགས་པའི་གནམ་ལྕགས་འབར་བ་ཕབ། །དྲེགས་ལྡན་མཁས་པའི་ང་རྒྱལ་མཐོན་པོ་བསྙིལ། །ཀུན་མཁྱེན་རྣམ་པར་རྒྱལ་བའི་ཞབས་ལ་འདུད། །རྩོམ་པ་རྒྱ་མཚོའི་གླིང་དུ་བྱོན་པའི་ཚེ། །ཐུབ་བསྟན་གསེར་གྱི་རྒྱལ་མཚན་མཛེས་བྱེད་པའི། །ལེགས་བཤད་བསམ་འཕེལ་ནོར་བུའི་ཕྲེང་བ་སྤེལ། །འགྲོ་བའི་རེ་སྐོང་ཆོས་རྗེས་བདག་སྐྱོངས་ཤིག །ཡང་ན། བསོད་ནམས་དཔལ་དང་འཁྲུལ་ཞིག་དར་མའི་ཞབས། །སྤྱན་སྔ་དཔལ་ཆེན་ཀུན་དགའ་ལྷུན་གྲུབ་དང༌། །ཆོས་རྒྱལ་བ་དང་ཤེས་རབ་བཟང་པོ་སོགས། །སྦས་པའི་གྲུབ་ཆེན་རྣམས་ལ་ཕྱག་འཚལ་ལོ། །རྒྱ་བོད་མཁས་པའི་གཞུང་ལུགས་ཀུན་གྱི་མཛོད། །བསམ་བྱུང་རིག་པ་མི་ཟད་འབྱུང་བའི་གཏེར། །སྒོམ་བྱུང་དཔག་བསམ་ལྗོན་པའི་སྐྱེད་མོས་ཚལ། །མཉམ་མེད་རོང་སྟོན་ཆོས་རྗེའི་ཞབས་ལ་འདུད། །ཡིད་འཕྲོག་གཟུགས་མཛེས་སྙན་པའི་སྒྲ་དབྱངས་དང༌། །ལྷ་ཡི་སྤོས་དང་རོ་མཆོག་བདུད་རྩིའི་ཟས། །འཇམ་མཉེན་འཁྲིལ་ཆགས་བདེ་བའི་མཆོག་སྟེར་བའི། །རེག་བྱ་སོགས་ཀྱིས་རྟག་ཏུ་མཆོད་པར་བགྱི། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །ཉེས་པའི་ཚོགས་རྣམས་སྟོབས་བཞིའི་སྒོ་ནས་བཤགས། །གང་གིས་བྱས་དང་བྱེད་འགྱུར་བྱེད་བཞིན་པའི། །བསོད་ནམས་ཀུན་ལ་སྙིང་ནས་ཡིད་རང་ངོ༌། །ཐབས་ལ་མཁས་བའི་ཡོངས་འཛིན་ཐམས་ཅད་ཀྱིས། །དམ་ཆོས་བདུད་རྩི་ཀུན་ལ་བསྟན་དུ་གསོལ། །མྱ་ངན་འདའ་ཚུལ་ནམ་ཡང་མི་སྟོན་པར། །འགྲོ་བའི་གཉེན་དུ་ཞུགས་པར་གསོལ་བ་འདེབས།།  ༈ །སྭསྟི། ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །རྒྱས་འབྲིང་བསྡུས་པའི་ཡང་སྙིང་དག །ཉམས་སུ་ལེན་ཚུལ་རྣམ་གསལ་ནི། །རོང་སྟོན་མཁྱེན་པའི་མཚོ་ལས་བྱུང༌། །གང་དེ་སྐལ་བཟང་འདྲེན་བྱེད་ཀྱི། །སྔོན་མེད་བདུད་རྩིའི་དགའ་སྟོན་ཕྱིར། །ངོ་མཚར་པར་གྱི་འཕྲུལ་སྒོ་འདི། །ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ནས། །ས་དབང་རྒྱལ་བའི་མྱུ་གུ་ཆེས། །སྤེལ་བའི་ལེགས་བྱས་ཟླ་གཞོན་གྱི། །འོད་ལྟར་དཀར་བས་སྟོབས་བཅུ་པའི། །བསྟན་པ་ཡུན་རིང་གནས་གྱུར་ཅིག །ཅེས་པའི་པར་བྱང་འདིའང་བཎྜེ་ཚུལ་རིན་གྱིས་སོ། །མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*