སྟོང་ཕྲག་བརྒྱ་པའི་རྣམ་འགྲེལ་གྱི་དབུ་ཕྱོགས། ཀ༽

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་རྣམ་འགྲེལ་གྱི་དབུ་ཕྱོགས་བཞུགས་སོ།།

༈ མཆོད་བརྗོད། རྒྱ་གར་སྐད་དུ། ཤ་ཏཾ་ས་ཧཱ་སྲི་ཀཱ་པྲ་ཛྙཱ་པ་ར་མི་ཏ་བཱིཏྟི་ཀ་ན་མཿ བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་རྣམ་འགྲེལ་ཞེས་བྱ་བ། ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རབ་དཀར་དགེ་ཚོགས་རྒྱ་མཚོ་རྒྱས་པའི་རི་དབང་ལས་འཁྲུངས་པ། །མཁྱེན་གསུམ་ལྗོན་པ་སྦྱོར་བཞིའི་ཆུ་སྐྱེས་ཕྲེང་བས་རྣམ་བཀྲ་ཞིང༌། །སྐུ་གསུམ་འབྲས་བུའི་ཁུར་ལྡན་འཆི་མེད་དབང་པོའི་དཔལ་གྱུར་པ། །རྒྱལ་ཡུམ་དྲི་མེད་དཔག་བསམ་ལྗོན་པ་ཀུན་ཏུ་རྒྱལ་གྱུར་ཅིག །གང་ཐུགས་སྒྲིབ་གཉིས་སྤྲིན་བྲལ་མཁྱེན་བརྩེའི་འོད་ཟེར་སྟོང་ལྡན་ཞིང༌། །སྨོན་ལམ་ཉེར་འགྲོའི་འཁོར་ལོས་གདུལ་བྱ་གླིང་བཞིའི་མཁའ་ལ་འགྲོ། །འཁོར་བའི་དགྲ་ཚོགས་མངོན་བཅོམ་འཇིག་རྟེན་སྣང་བའི་འོད་ལྡན་པ། །སྟོན་པ་མཚུངས་མེད་སྐྱེ་དགུའི་འདྲེན་པ་རྒྱལ་གྱུར་ཅིག །ལྷག་བསམ་འོ་མའི་ཆུ་གཏེར་བསྲུབས་པ་ལས། །ལེགས་པར་འཐོན་པའི་བསོད་ནམས་རི་བོང་ཅན། །མ་ལུས་འགྲོ་བའི་དཔལ་དུ་སྣང་མཛད་པ། །རྒྱལ་སྲས་བྱེ་བའི་ཚོགས་ལ་མངོན་པར་བསྟོད། །ཟླ་བའི་བསིལ་བ་ཉེ་མའི་རབ་གསལ་དང༌། །མེ་ཡི་ཚ་བ་རླུང་གི་མགྱོགས་པ་བཞིན། །ཀུན་ཏུ་གཞན་ལ་བདུད་རྩིའི་རང་བཞིན་ཅན། །རྒྱལ་སྲས་ཐུ་བོ་མི་ཕམ་རྒྱལ་གྱུར་ཅིག །བློ་གྲོས་སྟོན་ཟླ་སྲིད་པའི་མུན་པ་རབ་སྤངས་ནས། །སྙིང་རྗེའི་འོད་ཟེར་སྣང་བ་ཀུན་ནས་རྒྱས་པ་ཅན། །ལེགས་བཤད་བདུད་རྩིའི་ཆུ་གཏེར་ཡོངས་སུ་གྲུབ་པའི་བདག །ཕྲིན་ལས་ཆུ་འཛིན་གཡོ་ལྡན་བླ་མའི་ཚོགས་རྣམས་རྒྱལ། །མཐའ་བྲལ་སྟོན་པ་ལྷ་ཡི་རྔ་བོ་ཆེ། །དངོས་སྨྲའི་རི་དྭགས་མཐའ་དག་སྐྲག་མཛད་པ། །ཐུབ་པའི་རིང་ལུགས་བདག་མེད་སེང་གེའི་སྒྲ། །བདག་བློ་རབ་ཏུ་དྭང་བས་བསྟོད་པར་བགྱི། །ཐོས་པའི་སྐྱོགས་ཀྱིས་བཏུང་བྱ་གསུང་རབ་བདུད་རྩིའི་རྒྱུན། །མཆོག་གི་འབྱོར་པ་སྦྱིན་མཛད་ཕྲིན་ལས་འོད་དཀར་ཅན། །རབ་དཀར་བསོད་ནམས་ཀུ་མུད་ཡོངས་སུ་རྒྱས་པའི་གཉེན། །ལེགས་བཤད་འོད་ཀྱི་ཕྲེང་ལྡན་གདུལ་བྱའི་གླིང་འདིར་རྒྱལ། །གསུང་རབ་སྙིང་པོ་སྟོང་ཕྲག་བརྒྱ་པའི་དོན། །མཐའ་ཡས་ལེགས་བཤད་རྒྱན་གྱིས་རྣམ་བཀྲ་ཡང༌། །གངས་རིའི་ཁྲོད་ཀྱི་མཁས་རློམ་དུ་མ་ཡིས། །སྔོན་ཆད་མཐོང་བའི་ལམ་དུ་མ་གྱུར་པ། །རྣམ་བཤད་ཉི་མའི་འོད་ཀྱིས་གསལ་བར་བྱ། །ཐུབ་པའི་དབང་པོས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལས། མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་སངས་རྒྱས་ཐམས་ཅད་ཀྱིས་བགྲོད་པ་གཅིག་པའི་ལམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ་སྟོང་ཕྲག་བརྒྱ་པའི་དོན་གཏན་ལ་དབབ་པར་བྱའོ། །དེ་ལ་གསུམ་སྟེ། མཚན་གྱི་དོན་བཤད་པ་དང༌། བྱུང་ཚུལ་སོགས་སྤྱིར་བསྟན་པ་དང༌། གཞུང་གི་དོན་གཏན་ལ་དབབ་པའོ།།  ༈ དང་པོ། མཚན་གྱི་དོན་བཤད་པ། དང་པོ་ལ་མཚན་བསྒྱུར་བ་ནི། ཤ་ཏཾ་ནི་བརྒྱའོ། །ས་ཧཱ་སྲི་ཀཱ་ནི་སྟོང་ཕྲག་གོ །པྲ་ནི་ཉེར་བསྒྱུར་ཏེ། མཆོག་དང༌། སོ་སོ་དང༌། དང་པོ་ལ་འཇུག་པའི་སྐབས་དུ་མ་ཡོད་ཀྱང༌། འདིར་ནི་རབ་ལ་འཇུག་ལ། ཛྙཱ་ནི་ཤེས་པ་ལ་འཇུག་པས་ཤེས་རབ་བོ། །པཱ་ར་ནི་ཕ་རོལ་ལོ། །མི་ཏ་ནི་ཕྱིན་པ་ལ་འཇུག་པས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གཉིས་པ་མཚན་བཤད་པ་ནི། འདི་ལ་ཤོ་ལོ་ཀ་སྟོང་ཕྲག་བརྒྱ་ཡོད་པས་ན་སྟོང་ཕྲག་བརྒྱ་པ་སྟེ། ཤོ་ལོ་ཀའི་གྲངས་ཀྱི་སྒོ་ནས་བཏགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་བརྗོད་བྱའི་སྒོ་ནས་བཏགས་སོ། །སྨོན་ལམ་ལ་སོགས་པས་ཆོས་དགུའི་ཕ་རོལ་ཏུ་སོན་པས་ན་ཕ་རོལ་ཏུ་ཕྱིན་པ་སྟེ་འོག་ནས་འཆད་དོ།།  ༈ གཉིས་པ། བྱུང་ཚུལ་སོགས་སྤྱིར་བསྟན་པ། གཉིས་པ་ལ་དང་པོར་མདོའི་བྱུང་ཚུལ། ཤེར་ཕྱིན་གྱི་གཞུང་གི་རབ་དབྱེ། འགྱུར་དག་མ་དག་གི་དབྱེ་བ། ལེའུ་དང་བམ་པོའི་གྲངས་སོ།།  ༈ མདོའི་བྱུང་ཚུལ་བསྟན་པ། དེ་ལ་དང་པོ་ཤིན་ཏུ་རྒྱས་པ་ནི། ཤེར་ཕྱིན་བྱེ་བ་ཕྲག་བརྒྱ་པ་སྟེ་དྲི་ཟའི་གནས་ན་བཞུགས་སོ། །དེའི་འོག་ནས་རྒྱས་པ་ནི་ཤེར་ཕྱིན་འབུམ་ཕྲག་བརྒྱ་པ་སྟེ་ལྷའི་དབང་པོའི་གནས་ན་བཞུགས་སོ། །དེའི་འོག་ནས་རྒྱས་པ་ནི་སྟོང་ཕྲག་བརྒྱ་པ་སྟེ། ཀླུའི་གནས་ན་བཞུགས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མི་ཡུལ་དུ་སྤྱན་དྲངས་ནས། དབུ་མ་རིགས་པའི་ཚོགས་ལ་སོགས་པའི་དགོངས་འགྲེལ་དུ་མ་བརྩམས་ནས་གསལ་ཞིང་རྒྱས་པར་མཛད་དོ། །དེ་ནས་བོད་དུ་སྤྱན་དྲངས་ཚུལ་ནི། མངའ་བདག་ཁྲི་སྲོང་སྡེ་བཙན་གྱིས་འབུམ་སྤྱན་དྲངས་པར་བཞེད་ནས་བློ་རྣོ་བའི་མཆོག་ཏུ་གྱུར་པ་ཁམས་པ་གོ་ཆ་ལ་གསེར་མང་པོ་བསྐུར་ནས་རྒྱ་གར་དུ་བཏང་ངོ༌། །དེས་ཐུགས་ལ་བཟུང་ནས་བོད་དུ་ཐུགས་ནས་ཕྱུང་ནས་བྲིས་པས་ཐུགས་འགྱུར་བྱ་བར་མིང་བཏགས། དེས་བཙུན་མོ་ཤི་བའི་དགེ་བ་ལ་དམིགས་ནས་བཙུན་མོའི་ཁྲག་ལ་སྣག་ཚའི་དོད་བྱས། རའི་འོ་མ་ལ་དམ་རྩི་བྱས་ནས་བཞི་དུམ་པ་གཅིག་བྲིས་པས། ར་གཟིགས་དམར་པོ་ཞེས་བཏགས། དུས་ཕྱིས་ལྷ་སར་སྤྱན་དྲངས་ནས་རྙིང་དུ་སོང་བ་ན། འཕྲུལ་སྣང་གི་གོང་གི་ཆུ་ཀ་ན་སོ་ཕག་གི་མཆོད་རྟེན་གྱི་ནང་ན་བཞུགས་སྐད་དོ། །ད་ལྟ་དབུས་རུའི་ཕྱོགས་ན་དེའི་འགྱུར་མང་ངོ༌། །ཐུགས་འགྱུར་དེ་ལ་རྒྱལ་པོ་ཐུགས་མ་ཆེས་ཏེ། འབངས་རྣམས་ལ་བཅའ་བསྡུས་ནས། ཉང་ཨིནྡྲ་ཨ་རོ་དང༌། སྦས་མཉྫུ་ཤྲཱི་གཉིས་ལ་གསེར་ཕྱེ་བྱེ་གང་བསྐུར་ནས་གདན་འདྲེན་དུ་བཏང་ནས། རྒྱ་གར་ནས་རྒྱ་དཔེ་བླངས་ཏེ་བསྒྱུར་བས་བཅའ་འབུམ་དུ་མཚན་ཐོགས་སོ། །དེས་རམས་ལ་སྣག་ཚ་དང་རའི་འོ་མ་ལ་དམ་རྩི་བྱས་ནས་བྲིས་པས་ར་གཟིགས་སྔོན་པོ་བྱ་བར་བཏགས་ཏེ་བསམ་ཡས་ན་བཞུགས་པའི་བཞི་དུམ་པ་ཡིན་སྐད་དོ། །སྐུ་རགས་མི་འཆིང་བར་ལྕགས་ཀྱི་ཐུར་མ་ལ་བརྒྱུས་པས་ལྕགས་ཐུར་ཅན་དུ་གྲགས། དེ་ཡང་འགྱུར་མི་རྒྱས་པས་ཕྱིས་རྒྱལ་བུ་མུ་ཏིག་བཙན་པོའི་ཐུགས་དམ་དུ་བརྫངས་སྐད། དེ་ནས་ས་བརྒྱད་པ་ཐོབ་པའི་པ་གོར་བཻ་རོ་ཙ་ནས་ལྕགས་ཐུར་ཅན་དང༌། རྒྱ་དཔེ་གཉིས་བསྟུན་ནས་ཞུ་ཆེན་མཛད་དེ། ཆེ་ལོང་ཞིག་གཏན་ལ་ཕབ་ནས། དྲུག་དུམ་པ་གཅིག་བཞེངས་པས། སྔར་ལས་འགྱུར་རྒྱས་པ་ཅིག་བྱུང༌། གླེགས་ཤིང་ལ་མཚན་ཐོགས་པས་རྒྱལ་པོའི་ཐུགས་དམ་པར་ཁབ་ཅན་ཞེས་བྱ་བར་གྲགས་ཏེ་བླ་འགྱུར་འབྲིང་པོ་ཡིན་ལ། དེ་བཞུགས་པའི་ལོགས་ལ་ཕ་ཝང་གི་ཚང་བཅས་པས་ཕ་ཝང་ཅན་ཡང་ཟེར། དང་པོའི་རྒྱ་དཔེ་དེ་ལྟ་བུ་མ་ཡིན་པས་ད་དུང་ཡང་བསམ་ཡས་ན་བཞུགས། ཕྱིས་རྔོག་ལོས་ཀྱང་ལྕགས་ཐུར་ཅན་ལ་གཟིགས་ནས་འགྱུར་མཛད་དོ། །དེ་ནས་དུས་ཕྱིས་མངའ་བདག་ཁྲི་རལ་པ་ཅན་གྱིས་རྒྱ་བོད་ཀྱི་མཁན་བཙུན་མང་པོ་སྤྱན་དྲངས་ཏེ། དེ་བཞིན་གཤེགས་པའི་བཀའ་དང་བསྟན་བཅོས་མང་པོ་ལ་ཞུ་ཆེན་མཛད། ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པ་ལ། རྒྱ་གར་དབུས་ཀྱི་པཎྜི་ཏ་སུ་ལེནྟྲ་བོ་དྷི་དང༌། ཤཱཀྱ་པྲ་བྷ་ཝ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འཕན་ཡུལ་གྱི་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་པས་འཕན་ཡུལ་སྨད་ཀྱི་སྐ་བ་ན་མོ་ཆེར། སཾ་ཀྲི་ཏའི་སྐད་དང་ཞིབ་ཏུ་སྦྱར་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་ཞུ་ཆེན་གྱིས་མཛད་པས་འགྱུར་རྒྱས་ཏེ་བླ་འགྱུར་ཆེན་མོ་ཞེས་བྱ་བར་གྲགས་སོ། །དེ་ཡང་དྲུག་དུམ་པ་གཅིག་བཞེངས་པ་ཡིན་ཏེ། ན་བཟའ་ལ་མཚན་ཐོགས་པ་ཤ་སྒྲོ་ཅན་དུ་གྲགས་སོ། །དུས་ཕྱིས་རྔོག་ལོ་ཙཱ་བས་བསམ་ཡས་ཀྱི་ཀ་ཅོག་གིས་སྤྱན་དྲངས་པའི་རྒྱ་དཔེ་ལ་བརྟེན་ནས་འགྱུར་བཅོས་བྱས། ཡ་བཏགས་ཚན་གཅིག་རྒྱ་དཔེ་ལ་ཡོད་ཀྱང་བོད་ཀྱི་མི་འགྱུར་པས་དོན་འདྲ་གསུངས་ནས་ཡ་བཏགས་སོགས་མེད་པར་བྱས་ཤིང༌། ཞུས་དག་ཆེ་ལོང་ཙམ་མཛད་ཀྱང་བོགས་ཐོན་པ་ཙམ་མེད་གསུངས། དེ་ལ་ཡང་ཤ་སྒྲོ་ཅན་དུ་མིང་བཏགས་སོ། །དེ་ཡང་རྒྱལ་པོའི་དུས་སུ་ཁྱད་འདོན་དུ་བྱས་ནས་ཕལ་ཆེར་ལ་བཞེངས་དབང་མེད་པས་བོད་དབུས་གཙང་ན་འབུམ་ཆ་བཅུ་བདུན་ལས་མི་བཞུགས་སྐད་དོ། །ལྷ་ས་ན་ར་གཟིགས་དམར་པོ་བཞི་དུམ་པ་གཅིག རྟ་འོན་པའི་ཁྲ་སྣ་ན་ར་གཟིགས་སྔོན་པོ་བཞི་དུམ་པ་དང་གཉིས། བསམ་ཡས་ན་ལྕགས་འབུམ་དྲུག་དུམ་པ་དང་གསུམ། བླ་འབུམ་འབྲིང་པོ་ཕ་ཝང་ཅན་དང་བཞི། ཁམས་ཀྱི་གླང་ཐང་ན་འཇིག་རྟེན་སྒྲོན་མེ་ཞལ་དམར་ཅན་དང་ལྔ། དབུ་སྟོད་གྲོག་གི་ཤོག་སེར་ཅན་དྲུག་དུམ་པ་དང་དྲུག དར་ཡུལ་ན་གླང་དཔལ་གྱི་སེང་གེའི་འབུམ་ནག་བཞི་དུམ་པ་དང་བདུན། ཡུལ་ལན་པ་མགོའི་ཉང་མོའི་འབུམ་སྐྱ་དྲུག་དུམ་པ་དང་བརྒྱད། སྐར་ཆུང་ན་ཡུགས་འབུམ་དྲུག་དུམ་པ་དང་དགུ། ལྷ་ལུང་དཔལ་གྱི་རྡོ་རྗེས་བཞེངས་པའི་ཡེར་པ་གསེ་རུའི་ཞལ་སེར་ཅན་བཞི་དུམ་པ་དང་བཅུ། ལན་པ་མགོའི་ཞལ་དམར་ཅན་དང་བཅུ་གཅིག གཙང་ན་ལྕེ་འབུམ་ཆེན་མོ་དྲུག་དུམ་པ་དང་བཅུ་གཉིས། ཆུ་ཤུལ་དྲུག་གུ་སྒང་གི་བཞི་དུམ་པ་དང་བཅུ་གསུམ། མང་ཡུལ་བྱམས་སྤྲིན་གྱི་ཡོལ་སྙོན་འབུམ་དྲུག་དུམ་པ་དང་བཅུ་བཞི། འོན་འཇང་རྡོ་ན་ཤ་སྒྲོ་ཅན་དྲུག་དུམ་པ་དང་བཅོ་ལྔ། འཕན་ཡུལ་རྒྱལ་གྱི་གསེར་གླག་ཅན་བཞི་དུམ་པ་དང་བཅུ་དྲུག རུ་མཚམས་ཀྱི་ཅང་རྡོར་ཚུལ་གྱི་ཅང་འབུམ་བཞི་དུམ་པ་དང་བཅུ་བདུན་ནོ། །ཅང་རྡོར་ཚུལ་གྱི་འབུམ་དེ་ཁམས་སུ་ཕྱིན་ནས་གླང་ཐང་སྒྲོན་མེའི་ཞལ་དམར་ཅན་ལ་མ་དཔེ་བྱས་ནས་བཞེངས་པ་ཡར་ལ་དྲེའུ་གཅིག་ལ་བཀལ་ནས་འོངས་ཏེ། འབུམ་བཅུ་དྲུག་པོ་ཐམས་ཅད་ལ་ཞུ་ཏིག་བྱས་པས། ལྷ་སའི་ར་གཟིགས་དམར་པོ་དེ་འགྱུར་རྒྱས་པར་མི་གདའ། ཁྲ་སྣའི་ར་གཟིགས་སྔོན་པོ་དེ་བས་ཅུང་ཟད་རྒྱས། བླ་འབུམ་སྤར་ཁབ་ཅན། ཀླུ་གོང་གི་ཤོག་སེར་ཅན། གླང་དཔལ་གྱི་སེང་གེའི་འབུམ་ནག ལན་པའི་ཉང་གི་འབུམ་སྐྱ། སྐར་ཆུང་གི་ཡུགས་འབུམ། ཡེར་བའི་ལྷ་ལུང་དཔལ་གྱི་རྡོ་རྗེའི་ཤོག་སེར་ཅན། ལན་པ་མགོའི་ཞལ་དམར་ཅན་དང་བརྒྱད་པོ་དེ་ཡང་སྔར་གྱི་གཉིས་པོ་ལས་རྒྱས། དེ་རྣམས་ལས་ཀྱང་གྲོག་གི་ཤོག་སེར་ཅན་རྒྱས་སོ། །ཡང་གཙང་གི་ལྕེ་འབུམ་དང༌། དྲུག་གུ་སྒང་པའི་འབུམ་དང༌། ཡོལ་སྙོན་གྱི་འབུམ་དང༌། འོན་འཇང་རྡོའི་ཤ་སྒྲོ་ཅན་དང༌། ཉང་མིའི་གསེར་གླག་ཅན་དང་ལྔ་པོ་དེ་འགྱུར་ཤིན་ཏུ་རྒྱས་སོ། །དང་པོ་གཉིས་པོ་བླ་འགྱུར་ཆུང་བ་ཡིན། བར་པ་བརྒྱད་པོ་བླ་འགྱུར་འབྲིང་པོ་ཡིན། ཐ་མ་ལྔ་པོ་བླ་འགྱུར་ཆེན་མོ་ཡིན་ནོ། །དེ་རྣམས་ལ་གཏུགས་པས་ཅང་རྡོར་ཚུལ་གྱི་འབུམ་དག་པ་དང་འགྱུར་རྒྱས་ཤོས་ཡིན་ནོ། །དུས་དེ་ཡི་འོག་ཏུ་དག་པ་ནི་འདི་རྣམས་ཡིན་ཏེ། རྒྱལ་ལྷ་ཁང་ན་བཞི། རག་མདའི་མཚལ་རིས་ཅན། ཡུལ་མགོ་ན་གཅིག དར་ཡུལ་མདའི་གནས་ཁང་ན་གཅིག ཁམས་ནས་བྱུང་བའི་དྲུག་དུམ་པ་དང་དར་ཡུལ་སོགས་ཁང་ན་གཉིས། སྐྲས་ཀྱི་རྒྱ་ལག་ན་རྒྱ་ནག་པོའི་ཅང་འབུམ། ཡུ་ངའི་ཞང་མདའ་ན་བཞི་དུམ་པ་ཤ་ར་པས་ཞུ་དག་མཛད་པ། མཁའ་རུ་ན་གཅིག གློང་མགོ་གནས་ན་ཕ་ཝཾ་ཅན་དུ་གྲགས་པ་གཅིག འཕན་ཡུལ་གྱི་བན་དྷེ་སའི་གྲོང་གསར་ཀུན་དགའ་ར་བ་ན་གཅིག འཕན་ཡུལ་སྐ་བ་ཡུལ་གྱི་གནས་ན་གཉིས། བེན་ཚ་ན་དྲུག་དུམ་པ་གཅིག རྭ་སྒྲེང་ན་གཅིག ཕོད་མདོ་ན་གཅིག གསེར་འབུམ་དང་ཅང་འབུམ་དུ་གྲགས་པ་གཉིས། རུག་པ་ན་གཅིག གླུང་ཤོད་ཁོར་པ་ན་མངའ་རིས་མར་གྲགས་པ་བརྒྱད་དུམ་པ། གཟུ་རེ་ཉང་ཁུ་ཐང་ན་གཅིག བྱ་ཡུལ་ན་བསེ་སྒྲོ་ཅན། གྲོག་ན་ཤོག་སེར་ཅན། ཕྱིས་གསེར་གླག་ཅན། སྐྱ་ཁོལ་བ། བྱ་འབུམ་བྱ་བ་དང་གསུམ་དག་ཤོས་ཡིན། མལ་གྲོའི་ཀ་ཚལ་ན་དག་པ་གཅིག་ཡོད། ཞང་རོམ་པོས་ཕྱག་ལེན་བྱས་ནས་གཡུ་སྒྲོ་སྟོང་སྟོན་གྱིས་བྱས་པ་ཡིན་སྐད། མལ་གྲོ་མདའི་དག་པའི་གནས་ན་གཅིག་ཡོད། བེན་གྱི་ལ་མོ་ཆེ་ན་གཅིག་ཡོད། དབུ་རུའི་ལྷས་ཀྱི་གླང་མ་ལུང་ན་གཅིག བ་ལམ་གྱི་བཞག་གཟུངས་ན་གཅིག ཡེར་པ་ན་གཅིག ཡང་སྔར་གྱི་གཅིག ཕྱིས་བརྒྱད་ཀྱང་ཡོད་སྐད། སྤྲས་ཀྱི་ར་བ་ཟླུམ་པོ་ན་གཅིག སྐར་ཆུང་མེས་ཚིག་པའི་དུས་སུ་མ་ཚིག་པར་བྱོན་པ་བཞི་དུམ་པ་གཅིག སྙེ་ཐང་གི་བྲག་སྣ་ན་བདུན་དུམ་པ་གཅིག འོན་འཇང་རྡོ་ན་ཕྱིས་ཀྱང་གཅིག་ཡོད་ཟེར། གཡོ་རུ་ཁྲ་ཐང་ན་གསུམ་བཞུགས། བ་ཝ་ཐང་གི་རྭ་སྐོར་ན་བཞི་དུམ་པ་གཅིག གནམ་གྱི་ནམ་གོང་ན་གཅིག གཞུའི་ཀུན་དགའ་ར་བ་ན་བརྒྱད། དགེ་རྒྱས་བྱེ་མ་གླིང་ན་གསུམ། འཆིང་ཕུ་ན་གཅིག གཡོ་རུ་ཁྲ་འབྲུག་ན་གཏེར་མ་གཅིག ཡར་ལུང་བྱེ་མ་ལྷ་ཁང་ན་གཅིག་ཡོད་དེ་སྔོན་གྱི་བསམ་ཡས་ཀྱི་སྤར་ཁབ་ཅན་ཡིན་ནོ། །ཡར་ལུང་དབུ་ར་ཆང་ན་གཅིག་སྟེ་དྲུག་ཅུ་རྩ་ལྔའོ། །དེ་རྣམས་ཕལ་ཆེར་བརྒྱད་དུམ་པ་ཡིན་ནོ། །འགྱུར་རྒྱས་པ་ནི་གཡོ་རུ་སྨད་ན་མང་ངོ༌།།  ༈ ཤེར་ཕྱིན་གྱི་གཞུང་གི་དབྱེ་བ་བསྟན་པ། གཉིས་པ་ཤེར་ཕྱིན་གྱི་གཞུང་གི་དབྱེ་བ་ནི། རྒྱས་པ་འབུམ། ཉི་ཁྲི་ལ་ལེ་བརྒྱད་མ་དང་ལེ་མང་གཉིས་སོ། །བརྒྱད་སྟོང་པ་དང༌། ཤེས་རབ་ཁྲི་པ་དང༌། ཁྲི་བརྒྱད་སྟོང་པ་དང༌། སྡུད་པ་དང༌། ཕར་ཕྱིན་ལྔ་བསྟན་པ་དང༌། རབ་རྩལ་རྣམ་གནོན་གྱིས་ཞུས་པ་དང༌། ཤེར་ཕྱིན་བདུན་བརྒྱ་པ་དང༌། ལྔ་བརྒྱ་པ་དང༌། རྡོ་རྗེ་གཅོད་པ་དང༌། ཚུལ་བརྒྱ་ལྔ་བཅུ་པ་དང༌། མཚན་བརྒྱ་རྩ་བརྒྱད་པ་དང༌། ལྔ་བཅུ་པ་དང༌། ཀཽ་ཤི་ཀ་དང༌། ཡི་གེ་ཉུང་ངུ་པ་དང༌། སྒོ་ཉེར་ལྔ་པ་དང༌། ཤེས་རབ་སྙིང་པོ་དང༌། ཉི་མའི་འོད་དང༌། ཟླ་བའི་འོད་དང༌། ཀུན་ཏུ་བཟང་པོ་དང༌། ཡི་གེ་གཅིག་མ་དང༌། སྙིང་པོའི་གཟུངས་དང༌། རྡོ་རྗེ་རྒྱལ་མཚན་དང༌། སྒོ་མཐའ་ཡས་པའོ། །རྒྱས་པའི་ཞབས་ཀླུའི་ཡུལ་དུ་ལུས་སོ། །བྱམས་པས་ཞུས་པ་ནི། ཉི་ཁྲིའི་ལེའུ་གཅིག་ཡིན། བསྡུས་པ་ལས་མེད་དོ། །རྟག་ཏུ་ངུ་དང་ཆོས་འཕགས་གཉིས་རྒྱས་པ་ལ་མེད་དོ།།  ༈ འགྱུར་གྱི་དབྱེ་བ་བསྟན་པ། གསུམ་པ་འགྱུར་གྱི་དབྱེ་བ་ནི། ཐམས་ཅད་ཀྱི་ཐོག་མ་ཐུགས་འགྱུར་དང༌། དེ་ནས་ཉང་ཨིནྡྲ་ཨ་རོ་དང༌། སྦས་མཉྫུ་ཤྲཱི་གཉིས་ཀྱིས་འགྱུར་ར་གཟིགས་སྔོན་པོ་དང་གཉིས། བཻ་རོ་ཙ་ནའི་འགྱུར་པར་ཁབ་ཅན་དང་གསུམ། སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་འགྱུར་ཤ་སྒྲོ་ཅན་དང་བཞི། རྔོག་འགྱུར་དང་ལྔའོ། །འདི་རྣམས་ཀྱི་ཁྱད་པར་གང་གིས་འབྱེད་པ་ནི། རྒྱ་གར་གྱི་སྐད་ལ་སྲི་ཀ་མེད་པ་ནི་ར་གཟིགས་དམར་པོ་སྟེ་ཐུགས་འགྱུར་རོ། །སྲི་ཀ་ཡོད་པ་ནི་ར་གཟིགས་སྔོན་པོའོ། །ལེའུ་ཐམས་ཅད་ཀྱི་དབུ་ལ། རྒྱ་གར་གྱི་སྐད་ལ་ཨཱརྻ་ཡོད་པ་དང༌། བོད་ཀྱི་སྐད་ལ་འཕགས་པ་ཡོད་པ་ནི། བཻ་རོ་ཙ་ནའི་འགྱུར་རོ། །མཚན་གྱི་འོག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་འབྱུང་བ་ནི་སྐ་ཅོག་མའོ། །མ་ལ་ཡ་བཏགས་པ་དང་ད་དྲག་མེད་པ་ནི་རྔོག་འགྱུར་རོ།།  ༈ ལེའུ་དང་བམ་པོའི་གྲངས་བསྟན་པ། བཞི་པ་གླེགས་བམ་དང༌། ལེའུ་དང་བམ་པོའི་གྲངས་བསྟན་པ་ལ། དང་པོ་ནི་ཁྲི་སྲོང་སྡེ་བཙན་གྱི་དུས་ན་བཞི་དུམ་བར་བྱས་སོ། །ཁྲི་རལ་པ་ཅན་གྱི་དུས་ན་དྲུག་དུམ་པར་བྱས་སོ། །དེ་ནས་བརྒྱད་དུམ་པ་དང༌། བཅུ་དུམ་པ་དང༌། བཅུ་གཉིས་དུམ་དང༌། བཅུ་བཞི་དུམ་དང༌། བཅུ་དྲུག་དུམ་དང༌། ལྷོ་ན་བཅོ་བརྒྱད་དུམ་བྱས་པའམ་ཡོད། གཡོ་རུ་སྨད་ན་ཤེར་ཕྱིན་ཙམ་དྲིལ་ནས་སུམ་ཅུ་དུམ་བྱས་པའང་ཡོད་དོ། །གཉིས་པ་ལེའུ་དང་བམ་པོའི་གྲངས་ལ། ལེའུ་བདུན་ཅུ་དོན་གཉིས་ཡོད་ལ། བམ་པོའི་དབང་དུ་བྱས་པ་ནི། བཅུ་གཉིས་དུམ་གྱི་དབང་དུ་བྱས་ན། ཀ་ལ་བམ་པོ་ཉི་ཤུ་རྩ་བཞི། ཁ་ལ་ཉེར་དྲུག ག་ལ་ཉེར་དྲུག ང་ལ་ཉེར་བཞི། ཅ་ལ་ཉེར་དྲུག ཆ་ལ་ཉེར་དྲུག ཇ་ལ་ཉེར་བཞི། ཉ་ལ་ཉེར་དྲུག ཏ་ལ་ཉེར་ལྔ། ཐ་ལ་ཉེར་ལྔ། ད་ལ་ཉེར་ལྔ། ན་ལ་ཉེར་དྲུག ཆེ་བཞི་ཆུང་བཞི་འབྲིང་བཞི་སྟེ་དུམ་བཀོས་ཀྱི་སྲོལ་གཅིག་གོ །བཅུ་བཞི་དུམ་པ་ཀ་ལ་བམ་པོ་བཅུ་དགུ། ཁ་ལ་ཉེར་གཅིག ག་ལ་ཉེར་གཅིག ཅ་ལ་ཉེར་གཉིས། ཆ་ལ་ཉེར་གསུམ། ཇ་ལ་ཉེར་གཅིག ཉ་ལ་བཅུ་དགུ། ཏ་ལ་ཉེར་གསུམ། ཐ་ལ་ཉེར་གཉིས། ད་ལ་ཉེར་གཉིས། ན་ལ་ཉེར་གསུམ། པ་ལ་ཉི་ཤུ། ཕ་ལ་ཉེར་གཉིས། ཐ་མ་ལ་བདུད་ལེ་ཡོད་པས་ཏ་དང་གཉིས་ལ་མཉམ་པོ་དེ། རྐེད་པར་ཆད་པས་བར་ཆད་ཀྱིས་ཚུགས་པས་བཀྲ་མི་ཤིས་པར་གྲགས། བཅུ་དྲུག་དུམ་གྱི་དབང་དུ་བྱས་ན། ཀ་ལ་བམ་པོ་བཅུ་བདུན། ཁ་ལ་བཅོ་བརྒྱད། ག་ལ་བཅུ་དགུ། ང་ལ་བཅུ་དགུ། ཅ་ལ་བཅོ་བརྒྱད། ཆ་ལ་ཉི་ཤུ། ཇ་ལ་ཉི་ཤུ། ཉ་ལ་བཅུ་དགུ། ཏ་ལ་བཅུ་དྲུག ཐ་ལ་བཅུ་དགུ། ད་ལ་བཅུ་དགུ། ན་ལ་ཉི་ཤུ། པ་ལ་ཉི་ཤུ། ཕ་ལ་ཉི་ཤུ། བ་ལ་བཅུ་བདུན། མ་ལ་བཅུ་དགུའོ།།  ༈ གསུམ་པ། གཞུང་གི་དོན་གཏན་ལ་དབབ་པ། དང་པོ་གླེང་གཞིའི་ལེའུ་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་བཤད་པ། གཞུང་གི་དོན་བསྟན་པ་ལ། ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་བསྟན་ཏེ། དུས་ཕུན་སུམ་ཚོགས་པ་ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པས་བསྟན་ཏོ། །དུས་ངེས་པ་མ་མཛད་པ་ནི། རྩོད་པ་མེད་པར་བྱ་བའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ནི་དུས་སྐད་ཅིག་མ་གཅིག་ལའང་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན། གདུལ་བྱ་སྣ་ཚོགས་ལ་ཆོས་སྣ་ཚོགས་དུས་གཅིག་ལ་སྟོན་པར་མཛད་པས་གདུལ་བྱ་ཕན་ཚུན་འདུས་པས་ན་ཡུལ་གང་དང་དུས་གང་གི་ཚེ་ཆོས་གང་བསྟན་པ་ལ་ཕན་ཚུན་མི་མཐུན་པས་རྩོད་པ་ཅན་དུ་འགྱུར་བའི་ཕྱིར་ཏེ། གང་ཟག་འགའ་ཞིག་གིས་ཡུལ་འདིར་དུས་འདིའི་ཚེ་ཆོས་གསུངས་པ་ཡིན་ནོ་ཞེས་པ་དང༌། གཞན་དག་གིས་གཞན་དང་གཞན་དུ་སྨྲ་བར་འགྱུར་བའི་ཕྱིར་རོ། །འབུམ་གྱི་གནོད་འཇོམས་གཉིས་ལས་ནི། རྒྱལ་པོའི་ཁབ་ན་ལན་མང་དུ་བཞུགས་པས་རྒྱལ་པོའི་ཁབ་ན་བཞུགས་པའི་དུས་ན་ཞེས་ཀྱང་འཆད་དོ། །ཡང་དུས་གཅིག་ན་ཐོས་པ་ཞེས་པ་སྦྱར་ཏེ། འདིས་སྡུས་པ་པོ་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་བསྟན་ཏེ། དུས་གཅིག་ལ་ཆོས་མཐའ་ཡས་པ་གཟུང་ནུས་པར་བསྟན་པའི་ཕྱིར་རོ། །ཡང་འདི་སྐད་བདག་གིས་ཐོས་ཞེས་པས་ཆོས་རྟོགས་པར་དཀའ་བར་བསྟན་ཏེ། ཚིག་ཙམ་ཐོས་ཀྱི་དོན་མ་རྟོགས་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་ཞེས་པའོ། །གནས་ཕུན་སུམ་ཚོགས་པ་ནི། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ཞེས་པའོ། །དེ་ལ་ཁྱིམ་པ་དང་རབ་ཏུ་བྱུང་བའི་གནས་ཀྱི་དབྱེ་བས་གནས་གཉིས་སྨོས་སོ། །དགེ་སློང་ལྔ་སྟོང་ཙམ་གྱིས་ཞེས་པས་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐུན་མོང་བའི་འཁོར་བསྟན་པའི་དོན་དུ་དགེ་སློང་ཞེས་སྨོས་སོ། །ཐུན་མོང་མ་ཡིན་པའི་འཁོར་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཐབས་གཅིག་དུ་བཞུགས་ཞེས་སྦྱར་ཏེ། བཞུགས་ཚུལ་རྣམ་པ་བཞིའོ། །སྤྱོད་ལམ་གྱིས་བཞུགས་པ་དང༌། འཆད་པས་བཞུགས་པ་དང༌། སྙོམས་པར་འཇུག་པས་བཞུགས་པ་དང༌། དྲན་ཤེས་བཞིན་དང་ལྡན་པས་བཞུགས་པའོ། །འཁོར་དེ་དག་གི་ཡོན་ཏན་བསྟན་པ་ནི། ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ་སྟེ། སློབ་པ་དང་སོ་སོའི་སྐྱེ་བོ་མེད་པར་བསྟན་ཏོ། །ཉོན་མོངས་པའི་དགྲ་རྣམས་བཅོམ་པའམ། སླར་འཁོར་བར་མི་སྐྱེ་བའམ། མཆོད་པར་འོས་པས་ན་དགྲ་བཅོམ་པའོ། །ཟག་པ་ཟད་པ་ཞེས་པ་ནི་འདོད་པའི་ཟག་པ་ལ་སོགས་པ་རྣམ་པ་བཞི་ཡོངས་སུ་ཟད་པའི་ཕྱིར་རོ། །དེ་ལ་མི་སློབ་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་གྱི་ཕུང་པོས་ནི་འདོད་པའི་ཟག་པ་དང༌། ཤེས་རབ་ཀྱི་ཕུང་པོས་ནི་ལྟ་བའི་ཟག་པ་དང༌། རྣམ་པར་གྲོལ་བའི་ཕུང་པོས་ནི་སྲིད་པའི་ཟག་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོས་ནི་མ་རིག་པའི་ཟག་པ་ཟད་པའི་ཕྱིར་རོ། །ཡང་ན་སྡུག་བསྔལ་གྱི་བདེན་པ་ཤེས་པས་ལྟ་བའི་ཟག་པ་དང༌། ཀུན་འབྱུང་སྤངས་པས་འདོད་པའི་ཟག་པ་དང༌། འགོག་པ་མངོན་དུ་བྱས་པས་སྲིད་པའི་ཟག་པ་དང༌། ལམ་གྱི་བདེན་པ་བསྒོམས་པས་མ་རིག་པའི་ཟག་པ་ཟད་དོ། །དེ་ལ་འདོད་པའི་ཟག་པ་ཟད་པས་ལྷའི་བུའི་བདུད་བཅོམ་མོ། །སྲིད་པའི་ཟག་པ་ཟད་པས་འཆི་བདག་གི་བདུད་བཅོམ་མོ། །མ་རིག་པའི་ཟག་པ་ཟད་པས་ཉོན་མོངས་པའི་བདུད་བཅོམ་མོ། །ལྟ་བའི་ཟག་པ་ཟད་པས་ཕུང་པོའི་བདུད་བཅོམ་སྟེ། བདུད་བཞི་ལས་རྒྱལ་བས་ཟག་པ་ཟད་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་ཀྱི་ཉོན་མོངས་པ་དང༌། ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་མེད་པས་ཀུན་ནས་ཉོན་མོངས་པ་མེད་པའོ། །དབང་དུ་གྱུར་པ་ནི་དབང་བཞི་དང་ལྡན་པ་སྟེ། རྫུ་འཕྲུལ་ལ་དབང་བ་དང༌། སྤྱོད་ལམ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ལ་དབང་བའོ། །དེ་ལ་དང་པོས་ནི་འཇིག་རྟེན་དབང་དུ་འགྱུར་རོ། །གཉིས་པས་ནི་སྤྱོད་ལམ་གྱིས་འཇིག་རྟེན་དགའ་བ་བསྐྱེད་དོ། །གསུམ་པས་ནི་སེམས་དབང་དུ་བྱེད་དོ། །བཞི་པས་ནི་ཀུན་ནས་ཉོན་མོངས་པ་གསུམ་བཅད་པས་བཅིངས་པ་ལས་གྲོལ་བ་བཞིན་དུ་རང་དབང་དུ་གྱུར་པའོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི། སྲིད་པའི་ཕྱོགས་ཀྱི་ཉོན་མོངས་པ་བཅད་པ་ཡིན་ནོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ནི་མ་རིག་པའི་ཕྱོགས་རྣམས་མེད་པའོ། །ཡང་ན་འདོད་ཆགས་དང་བྲལ་བས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང༌། མ་རིག་པ་དང་བྲལ་བས་ཤེས་རབ་རྣམ་པར་གྲོལ་བའོ། །བག་ཚ་བ་མེད་པས་ཅང་ཤེས་དང༌། འཐབ་མོའི་འཇིགས་པ་མེད་པས་གླང་པོ་ཆེ་དང༌། འདིར་གནོད་འཇོམས་གཉིས་ལས། གླང་པོ་ཅང་ཤེས་དང༌། རྟ་ཅང་ཤེས་དང༌། སེང་གེ་ཅང་ཤེས་དང༌། དགྲ་བཅོམ་པ་ཅང་ཤེས་དང་བཞི་གསུངས་སོ། །མདོར་ན་བག་ཚ་བ་མེད་པས་ཅང་ཤེས་སོ། །བསླབ་པ་གསུམ་ཡོངས་སུ་རྫོགས་པས་བྱ་བ་བྱས་པ། འདོད་པ་ཆུང་བ་དང་ཆོག་ཤེས་པ་ལ་སོགས་པས་ནི་བྱེད་པ་བྱས་པའོ། །ཁུར་བོར་བ་ནི་ཁུར་རྣམ་བཞི་བོར་བ་སྟེ། སྡུག་བསྔལ་ཤེས་པས་ཕུང་པོའི་ཁུར་བོར། ཀུན་འབྱུང་སྤངས་པས་ཉོན་མོངས་ཀྱི་ཁུར་བོར། ལམ་བསྒོམས་པས་དམ་བཅའི་ཁུར་བོར། འགོག་པ་ཐོབ་པས་བརྩོན་འགྲུས་ཀྱི་ཁུར་བོར་བའི་ཕྱིར་རོ། །བདག་གི་དོན་རྗེས་སུ་ཐོབ་པ་ནི་རྣམ་པ་གཉིས་ཏེ། གནོད་པ་སྤངས་པ་དང་དོན་ཐོབ་པའོ། །དང་པོ་ནི་སྒྲིབ་པ་སྤངས་པ་ཡིན་ལ། གཉིས་པ་ནི་མྱང་འདས་ཐོབ་པའོ། །སྲིད་པ་ཀུན་ཏུ་སྦྱོར་བ་ཟད་པ་ནི། ཀུན་སྦྱོར་སྤངས་པའོ། །ཡང་དག་པའི་ཤེས་པ་ནི་ཡང་དག་པའི་ལྟ་བ་སྟེ། དེས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །སེམས་ཀྱི་དབང་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ནི། ལུགས་མཐུན་དང་ལུགས་མི་མཐུན་དུ་འཇུག་པ་སྙོམས་པར་འཇུག་པ་ལ་དབང་ཐོབ་པའི་དོན་ཏོ། །ཐམས་ཅད་ཀྱང་དགྲ་བཅོམ་པ་ཤ་སྟག་སྟེ། ཟག་པ་ཟད་པའི་ཕྱིར་རོ། །གང་ཟག་གཅིག་མ་གཏོགས་པ་ཞེས་པ་ནི། ཀུན་དགའ་བོའོ། །དགེ་སློང་མ་ཞེས་སོགས་ཀྱིས་ནི། འཁོར་དགེ་སློང་མ་དང༌། དགེ་བསྙེན་མ་རྣམས་བསྟན་ཏོ། །ཆོས་མཐོང་བ་ནི་བདེན་པ་མངོན་སུམ་དུ་བྱས་པའོ། །དེས་ཐུན་མོང་གི་འཁོར་བསྟན་ཟིན་ཏོ། །ཐུན་མོང་མ་ཡིན་པའི་འཁོར་བྱང་ཆུབ་སེམས་དཔའ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་ཅེས་པ་སྟེ། འདིས་གྲངས་ཀྱི་ཆེ་བ་བསྟན་ཏོ། །ཡོན་ཏན་གྱི་ཆེ་བ་བརྗོད་པ་ནི། ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ་ཞེས་པ་སྟེ། གཟུངས་ཀྱི་ངོ་བོ་ནི་དྲན་པ་དང་ཤེས་རབ་སྟེ། ཆོས་ཀྱི་ཚིག་དོན་འཛིན་པས་ན་གཟུངས་ཞེས་བྱའོ། །ཏིང་ངེ་འཛིན་རབ་ཏུ་ཐོབ་པ་ཞེས་པ་ལ། ཏིང་ངེ་འཛིན་དཔའ་བར་འགྲོ་བ་ལ་སོགས་པ་སྟེ་འོག་ནས་འཆད་དོ། །སྟོང་པ་ཉིད་ཅེས་སོགས་ཀྱི་ཚིག་གསུམ་གྱིས་རྣམ་ཐར་སྒོ་གསུམ་ཐོབ་པར་བསྟན་ཏོ། །ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་རབ་ཏུ་ཐོབ་པ་ནི། རྣམ་པར་ཐར་བའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ཐོབ་པས། སྤྲོས་པ་ཉེར་ཞི་ཐུགས་སུ་ཆུད་པའི་ཕྱིར་བཟོད་པ་བཞི་ཐོབ་པའི་དོན་ཏོ། །བཟོད་པ་བཞི་ནི། བདག་དང་གཞན་དུ་མི་རྟོག་པས་སེམས་ཅན་མཉམ་པ་ཉིད་ཀྱི་བཟོད་པ་དང༌། བྱམས་སྡང་མེད་པས་འདུ་བྱེད་མཉམ་པ་ཉིད་དང༌། དེ་བཞིན་ཉིད་ཙམ་དུ་ཟད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དང༌། འཁོར་འདས་ལ་ཉེ་རིང་མེད་པས་མི་གནས་པ་མཉམ་པ་ཉིད་ཀྱི་བཟོད་པ་སྟེ། བཟོད་པ་བཞི་ཐོབ་པའོ། །ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ་ནི། ཤེས་རབ་དང་སྙིང་རྗེ་ལ་མི་གནས་པའི་དོན་དུ་བཤད་དོ། །བསྟན་པ་ཟད་པ་མི་ཤེས་པ་ཞེས་སོགས་ཀྱི་དོན་ནི། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པས་ཆོས་སྟོན་པའི་ཐབས་ལ་མཁས་པ་ལ་བྱའོ། །མངོན་པར་ཤེས་པ་ཆེན་པོས་མངོན་པར་རྩེ་བ་ནི། ཉན་རང་ལས་ཁྱད་པར་འཕགས་པའི་མངོན་པར་ཤེས་པ་དང་ལྡན་པའོ། །མཉམ་པ་ཞེས་པ་ནི། ཚེ་རབས་གཞན་དུ་ཡང་ལྡན་པར་བསྟན་པའོ། །མཉན་པར་འོས་པའི་ཚིག་དང་ལྡན་པ་ནི། གདམས་པ་བཞི་རྗེས་སུ་བསྟན་པས་ཕན་འདོགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །ལེ་ལོ་མེད་པ་ཞེས་སོགས་ནི། རང་གཞན་དོན་དུ་བརྩོན་འགྲུས་བརྩམས་པའོ། །ལུས་དང་སྲོག་ལ་མི་ལྟ་བ་ནི། དམ་པའི་ཆོས་བཙལ་བའི་དོན་དུ་ལུས་སྲོག་ལ་འཕངས་པ་མེད་པའོ། །ཚུལ་འཆོས་པ་མེད་པ་ཞེས་པ་ནི། འཚོ་བ་སྐྱོན་མེད་པར་བསྟན་པའོ། །གྲགས་པ་དང་ཞེས་སོགས་ཀྱིས་ནི་སེམས་ཀྱི་སྐྱོན་མེད་པར་བསྟན་ཏོ། །སེམས་ཅན་རྣམས་ལ་ཆོས་བསྟན་པ་ལ་ཡང༌། ཟང་ཟིང་མེད་པའི་བསམ་པས་ཆོས་སྟོན་པར་མཛད་པ་སྟེ། ཞེས་པ་འདིས་ཀྱང་གཞན་དོན་གྱི་བསམ་པ་ལ་སྐྱོན་མེད་པར་བསྟན་ཏེ། གོང་དུ་བསྟན་པའི་ཡོན་ཏན་འདི་དག་གིས་ནི་ས་བདུན་པ་མན་ཆད་དང་ཐུན་མོང་བའི་ཡོན་ཏན་བསྟན་ཏོ། །ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྟན་པ་ནི། ཆོས་ཟབ་མོ་ཞེས་སོགས་ཀྱིས་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་མཆོག་ཏུ་གྱུར་པ་ཐོབ་ཅེས་པའི་དོན་ཏོ། །ཆོས་སྟོན་པ་ལ་མི་འཇིགས་པ་ཆེན་པོ་ཐོབ་པ་ཡང་ཡིན་ཏེ། འཁོར་གྱི་ནང་དུ་ཆོས་སྟོན་པ་ན་མི་ཤེས་པའི་བག་ཚ་བ་མེད་པའི་ཕྱིར་དང༌། ཉོན་མོངས་པ་སྤངས་པས་སྤྱོད་ལམ་ལ་བག་ཚ་བ་མེད་པའི་ཕྱིར་རོ། །ཆོས་སྟོན་པ་ལ་ཡིད་ཡོངས་སུ་ཞུམ་པ་མེད་པ་ཡིན་ཏེ། སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ། །བདུད་ཀྱི་ལས་ཐམས་ཅད་ལས་འདས་ཏེ། བདུད་ཀྱིས་མི་རྫི་བའི་མཐུ་དང་ལྡན་པའི་ཕྱིར་རོ། །ལས་ཀྱི་སྒྲིབ་པ་རྒྱུན་བཅད་པ་ཡིན་ཏེ། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་མེད་པའི་ཕྱིར་རོ། །ཕྱིར་རྒོལ་བ་རབ་ཏུ་བཅོམ་པ་ཡིན་ཏེ། ལས་དང་ཉོན་མོངས་པ་བཅོམ་པའི་ཕྱིར་རོ། །ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་ཡིན་ཏེ། མུ་སྟེགས་སོགས་ཀྱི་རྒོལ་བས་མི་ཐུབ་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཡོན་ཏན་རྟོགས་པར་དཀའ་སྟེ། དེ་དག་གིས་བསམ་པ་དང་སྤྱོད་ཡུལ་སོགས་ཤེས་པར་མི་ནུས་པའི་ཕྱིར་རོ། །ཕུང་པོ་ལ་སོགས་པའི་ཆོས་རབ་ཏུ་རྟོགས་པ་ལ་མཁས་པ་ནི། དོན་སོ་སོ་ཡང་དག་པར་རིག་པའོ། །རྣམ་པར་དབྱེ་བ་ལ་མཁས་པ་ནི། ཆོས་སོ་སོ་ཡང་དག་པར་རིག་པའོ། །བསྟན་པ་ལ་མཁས་པ་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །མཁས་ཞེས་པའི་ཚིག་གིས། སྤོབས་པ་སོ་སོར་རིག་པ་ཡང་ཤུགས་ལ་བསྟན་ཏོ། །ས་དགུ་པ་ཡན་ཆད་ཀྱི་ཡོན་ཏན་བསྟན་པ་ནི། བསྐལ་པ་གྲངས་མེད་པ་ནས་ཞེས་སོགས་ཏེ། སྔོན་བསྐལ་པ་གྲངས་མེད་པ་ནས་སངས་རྒྱས་ཀྱི་ཆོས་རྫོགས་པ་དང༌། སེམས་ཅན་སྨིན་པའི་དོན་དུ་སྨོན་ལམ་བཏབ་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་བཙལ་བ་རྣམས་མཐར་ཕྱིན་པར་འགྱུར་བའི་ཕྱིར་ཏེ། སྔོན་གྱི་སྨོན་ལམ་དང་སྤྱོད་པའི་མཐུས། སངས་རྒྱས་ཀྱི་ཆོས་རྫོགས་པར་བྱ་བའི་སྤྱོད་པ་དང༌། སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བའི་སྤྱོད་པ་ལ་ཞུགས་པའི་ཕྱིར་རོ། །བཞིན་འཛུམ་པ་ཞེས་སོགས་ཚིག་གསུམ་གྱིས་ནི། ཚད་མེད་བཞིའི་རྒྱུ་མཐུན་བསྟན་ཏེ། དང་པོས་ནི་བྱམས་པའི་རྒྱུ་མཐུན་དང༌། གཉིས་པས་ནི་སྙིང་རྗེ་དང༌། ཐ་མས་ནི་དགའ་བ་དང་བཏང་སྙོམས་ཀྱི་རྒྱུ་མཐུན་བསྟན་ཏོ། །སྙན་ཅིང་ཞེས་སོགས་ཀྱིས་ནི། སངས་རྒྱས་ལ་བསྟོད་པ་དང༌། གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་སྟོན་པ་ལ་མཁས་ཞེས་པའོ། །སྤོབས་པ་མི་ཆོད་པ་ནི། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས། ཆོས་སྟོན་པ་ལ་ཞུམ་པ་མེད་པའོ། །འཁོར་མཐའ་ཡས་པ་ཞེས་སོགས་ཀྱིས་ནི། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས། ཆོས་སྟོན་པ་ན་གཞན་ཟིལ་གྱིས་གནོན་པར་བསྟན་ཏོ། །བསྐལ་པ་བྱེ་བ་ཞེས་སོགས་ཀྱིས་ནི། བརྩོན་འགྲུས་ཀྱི་རྒྱུ་བསྟན་ཏེ། བསྐལ་པ་མཐའ་ཡས་པར་བརྩོན་འགྲུས་བརྩམས་པས། ཐོབ་པར་བྱ་བ་ཡང་བསྐལ་པ་ཉུང་ངུས་ཐོབ་པར་བྱེད་པའི་དོན་ཏེ། ཤཱཀྱ་ཐུབ་པ་བཞིན་ནོ། །ཆོས་ཐམས་ཅད་ཞེས་སོགས་ཀྱིས་ནི། ས་བཅུ་པ་ལ་གནས་པ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཏེ། ཆོས་ཐམས་ཅད་ལ་རང་བཞིན་མེད་པ་སྒྱུ་མ་ལ་སོགས་དཔེ་བཅུས་བསྟན་པའི་དོན་ཁོང་དུ་ཆུད་པའོ། །སྒྱུ་མའི་དཔེ་ནི། རང་བཞིན་གྱིས་སྟོང་ན་དབྱིབས་དང་ཁ་དོག་སོགས་སུ་ཇི་ལྟར་སྣང་སྙམ་པའི་དོགས་པ་སེལ་བའི་དོན་ནོ། །ཡང་རང་བཞིན་གྱིས་སྟོང་ན། སེམས་དང་སེམས་ལས་བྱུང་བ་གང་ལ་དམིགས་ཏེ། འབྱུང་སྙམ་ན། སྨིག་རྒྱུའི་དཔེས་བསྟན་ཏེ། ཆུའི་དངོས་པོར་མེད་ཀྱང༌། དེ་ལ་དམིགས་ནས་ཆུའི་འདུ་ཤེས་སྐྱེ་བ་བཞིན། ཞེས་པའོ། །ཡང་རང་བཞིན་གྱིས་སྟོང་ན། སྐྱེ་འཇིག་བྱེད་པར་ཇི་ལྟར་འགྱུར་སྙམ་ན། ཆུ་ཟླའི་དཔེས་བསྟན་ཏེ། ནམ་མཁའ་ལ་ཟླ་བ་སྣང་ན་ཆུ་ནང་དུ་འབྱུང་ཞིང༌། མི་སྣང་ན་མི་འབྱུང་བ་བཞིན་དུ། བག་ཆགས་ཡོད་ན་སྐྱེ་འཇིག་ཏུ་སྣང་ལ། མེད་ན་མི་སྣང་ངོ་ཞེས་པའི་དོན་ཏོ། །རང་བཞིན་གྱིས་སྟོང་ན། བཟའ་བཏུང་སྣ་ཚོགས་ཀྱི་ཐ་སྙད་ཇི་ལྟར་འགྱུར་ཞེ་ན། རྨི་ལམ་གྱི་དཔེས་བསྟན་ཏེ། རྨི་ལམ་དུ་བཟའ་བཏུང་སོགས་སྣང་ཡང༌། དངོས་པོར་ཡོད་པ་མ་ཡིན་པ་བཞིན་དུ། དངོས་པོ་ཐམས་ཅད་ཀྱང་དེ་བཞིན་ནོ། །རང་བཞིན་གྱིས་སྟོང་ན། བརྗོད་པ་སྒྲའི་ཐ་སྙད་ཇི་ལྟར་འབྱུང་ཞེ་ན། སྒྲ་བརྙན་གྱི་དཔེས་བསྟན་ཏེ། བྲག་རི་ལ་སོགས་པ་སྨྲ་བ་པོ་མེད་ཀྱང༌། རྐྱེན་ལས་བྲག་ཆ་འབྱུང་བ་བཞིན་དུ། སྒྲ་རྟོག་པའི་ཤེས་པ་འཁྲུལ་པ་ལས། ངག་གི་ཐ་སྙད་འབྱུང་གིས། གནས་ཚུལ་ལ་སྨྲ་བ་པོ་ལས་འབྱུང་བ་མེད་དོ། །ཞེས་པའི་དོན་ཏོ། །རང་བཞིན་གྱིས་སྟོང་ན། རྒྱུ་རྐྱེན་ལས་ཇི་ལྟར་འབྱུང་སྙམ་ན། མིག་ཡོར་དང༌། ནམ་མཁའ་དང༌། དྲི་ཟའི་གྲོང་ཁྱེར་གྱི་དཔེ་གསུམ་བསྟན་ཏེ། རབ་རིབ་ཀྱི་རྒྱུས་སྐྲ་ཤད་འཛག་པར་སྣང་བ་དང༌། རི་རབ་ཀྱི་བཻཌཱུརྻའི་འོད་ཀྱིས། ནམ་མཁའ་སྔོན་པོར་སྣང་བ་དང༌། ཡུལ་གྱི་ཁྱད་པར་སྤྲིན་གཡོ་བའི་རྒྱུས། དྲི་ཟའི་གྲོང་ཁྱེར་སྣང་ཡང༌། གསུམ་པོ་དངོས་སུ་ཡོད་པ་མ་ཡིན་པ་བཞིན་དུ། ཐ་སྙད་དུ་རྒྱུ་རྐྱེན་ལས་བྱུང་ཡང༌། དོན་དམ་པར་ཡོད་པ་མ་ཡིན་ཞེས་པའོ། །རང་བཞིན་གྱིས་སྟོང་ན་རྒྱུ་དང་འབྲས་བུ་འདྲ་བར་ཇི་ལྟར་འབྱུང་སྙམ་ན། གཟུགས་བརྙན་གྱི་དཔེས་བསྟན་ཏེ། བཞིན་གྱི་རྒྱུས་མེ་ལོང་ལ་གཟུགས་བརྙན་བཞིན་དང་འདྲ་བར་སྣང་ཡང༌། ཡང་དག་པར་བཞིན་དུ་ཡོད་པ་མ་ཡིན་པ་དེ་བཞིན་དུ། རྒྱུ་འབྲས་རྣམས་འདྲ་བར་འབྱུང་ཡང་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་པའོ། །ཡང་རང་བཞིན་གྱིས་སྟོང་ན་འགྲོ་འོང་སོགས་ཀྱི་བྱ་བ་ཇི་ལྟར་འགྱུར་ཞེ་ན། སྤྲུལ་པའི་དཔེས་བསྟན་ཏེ། སྤྲུལ་པ་འགྲོ་འོང་སོགས་ཀྱི་བྱ་བ་བྱེད་པར་སྣང་ཡང་གནས་ཚུལ་ལ་ཡོད་པ་མ་ཡིན་པ་བཞིན་དུ་བྱ་བྱེད་སྣ་ཚོགས་སུ་སྣང་ཡང་དེ་བཞིན་དུ་ཞེས་པའོ། །ཡོངས་སུ་ཞུམ་པ་མེད་ཅེས་པ་ནི། དབང་ཐོབ་པ་དང་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་མངའ་བརྙེས་པས་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་སེམས་ཞུམ་པ་མེད་པའོ། །སེམས་ཅན་ཐམས་ཅད་ཀྱིས་ཞེས་སོགས་ཚིགས་བཞི་སྨོས་པས་ནི། ཡེ་ཤེས་ཀྱི་ཕར་ཕྱིན་གྱི་རྒྱུ་མཐུན་བསྟན་ཏེ། སྤྱོད་པ་རྗེས་སུ་རྟོགས་པ་དང༌། ཆོས་ཀྱི་དབྱིངས་ལ་འཇུག་པའི་ཏིང་ངེ་འཛིན་ཐོབ་པས། སེམས་ཅན་གྱི་སེམས་རྒྱུ་བས་མོས་པ་ཁོང་དུ་ཆུད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་དང་སྤྱོད་པ་ལ་འཇུག་ཚུལ་ཁོང་དུ་ཆུད་པ་ལ་མཁས་པའི་ཡོན་ཏན་བསྟན་ཏོ། །སེམས་ཅན་ཐམས་ཅད་ལ་སྡང་བ་མེད་པའི་སེམས་དང་ལྡན་པ་ནི། སེམས་ཅན་སྐྱོབས་པའི་བྱམས་པ་དང༌། སྡུག་བསྔལ་སེལ་བའི་སྙིང་རྗེ་དང་ལྡན་པའོ། །ཡང་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་བཟོད་པ་རླབས་པོ་ཆེ་དང་ལྡན་པ་ཡང་ཡིན་ཏེ། སྔར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་འདིར་ཤིན་ཏུ་དག་ཅིང་རྒྱ་ཆེ་བར་འགྱུར་བའི་ཕྱིར་རོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ལ་མཁས་ཏེ། རང་གིས་དེ་བཞིན་ཉིད་ཁོང་དུ་ཆུད་ཅིང་གཞན་རྟོགས་པར་བྱེད་དུ་འཇུག་པ་ཡིན་པའི་ཕྱིར་རོ། །གཞན་གྱིས་བློ་གྲོས་གཏིང་དཔག་དཀའ་བ་ཡིན་ཏེ། ཆོས་ཉིད་ཟབ་མོ་རྟོགས་པ་དང་ལྡན་པས་སོ། །རང་གི་སེམས་ལ་དབང་རབ་ཏུ་ཐོབ་པ་ནི། སེམས་ཉོན་མོངས་པའི་དབང་དུ་མི་འགྱུར་བའོ། །ཆོས་ཐམས་ཅད་ལ་དབང་ཤིན་ཏུ་ཐོབ་པ་ཡིན་ཏེ། ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་རང་བྱུང་གི་ཡེ་ཤེས་བརྙེས་པའི་ཕྱིར་རོ། །ལས་ཉོན་སོགས་ལས་རྣམ་པར་གྲོལ་བ་ཡིན་ཏེ། ལས་ཉོན་གྱི་དབང་གིས་ཁམས་གསུམ་དུ་མི་སྐྱེ་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་འབྱུང་གི་ཚུལ་ཟད་མི་ཤེས་པ་ལ་ཞུགས་པ་ཡིན་ཏེ། རྟེན་འབྲེལ་སྐྱེ་འགག་མེད་པར་རྟོགས་པ་ཡིན་པའི་ཕྱིར་རོ། །ལྟ་བ་སོགས་བཞི་སྤངས་པ་དང་གང་ཟག་གཞན་གྱི་རྒྱུད་ལ་ཉོན་མོངས་སོགས་ཞི་བར་བྱེད་པ་ལ་མཁས་པ་དང༌། བདེན་བཞི་དང་བདེན་གཉིས་རྟོགས་པའི་ཐབས་ལ་མཁས་པ་ཞེས་པ་ནི་གཞུང་དེ་དག་གི་དོན་ནོ། །ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བ་ཞེས་སོགས་ནི། ལུང་གི་ཆོས་སྒྲ་བརྙན་དང་འདྲ་བར་རྟོགས་པའོ། །ཆོས་ཀྱི་ཚུལ་ཞེས་སོགས་ནི་ལུང་གི་ཆོས་དངོས་པོར་མི་ལྟ་ཡང་ཐ་སྙད་དུ་ལུང་གི་ཆོས་བསྟན་ཚུལ་ལ་མཁས་པའོ། །བདག་ཉིད་ཇི་ལྟར་ཞེས་སོགས་ཀྱི་དོན་ནི། ཡེ་ཤེས་ཀྱི་ཕར་ཕྱིན་ཐོབ་པས་བདེན་གཉིས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པའོ། །སངས་རྒྱས་ཀྱི་ཞིང་ཞེས་སོགས་ནི། སྨོན་ལམ་གྱི་ཕར་ཕྱིན་རྫོགས་པས་བདེ་བ་ཅན་གྱི་ཞིང་ཁམས་ལ་སོགས་པར་གདུལ་བྱའི་འགྲོ་བ་རྣམས་ཀྱི་དོན་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྲུབ་པའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན་ཞེས་སོགས་ཀྱིས་བསམ་གཏན་གྱི་ཕར་ཕྱིན་གྱི་འབྲས་བུ་དང་ལྡན་པར་བསྟན་ཏེ། སངས་རྒྱས་རྗེས་དྲན་གྱི་ཏིང་ངེ་འཛིན་བསྒོམས་པས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན་བཞུགས་པའི་སངས་རྒྱས་མཐོང་ཞེས་པའོ། །སངས་རྒྱས་འབྱུང་བ་ཞེས་སོགས་ནི་སངས་རྒྱས་གང་དུ་འབྱུང་བའི་ཐད་དུ་སོང་ནས་བཀུར་སྟི་བྱེད་པ་ལ་མཁས་ཞེས་པའོ། །སངས་རྒྱས་དཔག་ཏུ་མེད་པ་ཞེས་སོགས་ནི། སངས་རྒྱས་ཇི་སྙེད་བཞུགས་པའི་དྲུང་དུ་སོང་ནས་ཆོས་འཁོར་བསྐོར་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ལ་མཁས་ཞེས་པའོ། །སེམས་ཅན་གྱི་ལྟ་བ་ཞེས་སོགས་ཀྱིས་ཐབས་ཀྱི་ཕར་ཕྱིན་གྱི་འབྲས་བུ་བསྟན་ཏེ། སེམས་ཅན་གྱི་བསམ་པ་མཁྱེན་ནས་ཉོན་མོངས་པ་ཞི་བ་ལ་འགོད་པའི་ཐབས་ལ་མཁས་པའོ། །ཏིང་འཛིན་བརྒྱ་སྟོང་ཞེས་སོགས་ཀྱིས་ནི་མངོན་པར་ཤེས་པའི་རྒྱུ་ཏིང་ངེ་འཛིན་གྱི་འབྲས་བུ་དང་ལྡན་པར་བསྟན་ཏེ། སྔོན་ཏིང་ངེ་འཛིན་མང་པོ་བསྒོམས་པའི་མཐུས་རྫུ་འཕྲུལ་སྣ་ཚོགས་ཀྱིས་རོལ་ཅིང་སེམས་ཅན་གྱི་དོན་སྣ་ཚོགས་ལ་མཁས་ཞེས་པའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་རྒྱས་པར་བསྟན་ཟིན་ཏོ། །ཡོན་ཏན་བརྗོད་པ་མཇུག་བསྡུ་བ་ནི། ཡོན་ཏན་བརྗོད་པ་ཞེས་སོགས་ཏེ་བསྐལ་པ་མཐའ་ཡས་པར་བརྗོད་ཅིང་འབད་ཀྱང་ཡོན་ཏན་བརྗོད་པ་མི་རྫོགས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་སོགས་པས་ནི་འཁོར་གྱི་གྲངས་བསྟན་ཏེ། བྱེ་བ་ཁྲག་ཁྲིག་དུ་མའི་ནང་ནས་བྱང་ཆུབ་སེམས་དཔའ་རགས་པ་ཙམ་གྱི་མཚན་བརྗོད་དོ། །ཉན་ཐོས་ཀྱི་དགེ་འདུན་གྱི་མིང་ནི་མ་བརྗོད་དོ། །བྱང་ཆུབ་སེམས་དཔའི་མཚན་བརྗོད་པ་ནི་མཐུ་ཆེ་བ་དང་འཇིག་རྟེན་ཐམས་ཅད་དུ་གྲགས་པའི་ཕྱིར་རོ། །འཁོར་ཕུན་སུམ་ཚོགས་པ་བརྗོད་ཟིན་ཏོ། །ཆོས་ཕུན་སུམ་ཚོགས་པ་སྟོན་པ་ལ། ཐོག་མར་ཆོས་བཤད་ཚུལ་སྟོན་པའི་དོན་དུ་ཐུན་མོང་མ་ཡིན་པའི་གླེང་གཞི་བསྟན་ཏེ། འདི་ལ་གཉིས། གདན་བཤམས་པ་དང༌། བཞུགས་ཐབས་དང་ཆོ་འཕྲུལ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ཏེ་ཞེས་པས་བསྟན་ཏེ། འདིས་ནི་བཤད་པ་ཐུན་མོང་མ་ཡིན་པར་བསྟན་ལ། ཆོས་འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་བཀུར་སྟི་བྱ་བའི་འོས་སུ་བསྟན་པའི་ཕྱིར་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་འདི་ཉིད་ལས་བྱུང་བས་རྒྱལ་བ་ཐམས་ཅད་ཀྱི་ཡུམ་དུ་བསྟན་པའི་དོན་ཏོ། །བཞུགས་ཐབས་ལ་གསུམ་སྟེ། ངག་ཤིན་ཏུ་སྦྱངས་པ་ནི། སྐུ་དྲང་པོར་བསྲངས་ཏེ་ཞེས་པའོ། །སེམས་ཤིན་ཏུ་སྦྱངས་པ་ཞེས་པ་ནི་དགོངས་པ་མངོན་དུ་བཞག་ན་ཞེས་པའོ། །ལུས་ཤིན་ཏུ་སྦྱངས་པ་ནི། རྡོ་རྗེའི་སྐྱིལ་ཀྲུང་བཅས་ཏེ་ཞེས་པའོ། །ཆོ་འཕྲུལ་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང༌། བྱིན་རླབས་ཀྱི་ཆོ་འཕྲུལ་དང༌། ཆོས་བསྟན་པའི་ཆོ་འཕྲུལ་ལོ། །དང་པོ་ལ་གཉིས་ཏེ། སྣོད་ཀྱི་འཇིག་རྟེན་ཡོངས་སུ་སྦྱངས་པའི་དོན་དུ་ཏིང་ངེ་འཛིན་གྱི་རྒྱལ་པོ་དང༌། བཅུད་ཀྱི་སེམས་ཅན་སྨིན་པའི་དོན་དུ་སེང་གེ་རྣམ་པར་རོལ་པའོ། །དང་པོ་ལ་གཉིས་ཏེ། ཏིང་ངེ་འཛིན་དངོས་དང༌། འོད་ཟེར་བཀྱེ་བའོ། །དང་པོ་ནི། དེར་བཞུགས་ནས་ཞེས་པ་ནས་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་མཉམ་པར་བཞག་གོ་ཞེས་པའི་བར་རོ། །གཉིས་པ་ལ་བཞི་སྟེ། སྐུ་ཐམས་ཅད་ལས་འོད་ཟེར་བཀྱེ་བ། བ་སྤུའི་བུ་ག་དང༌། རང་བཞིན་གྱི་འོད་ཟེར་དང༌། ལྗགས་ཀྱི་དབང་པོ་ལས་འོད་ཟེར་བཀྱེ་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་ཤིང་ཡང་དག་པར་མཁྱེན་པས་ཞེས་སོགས་ནས། ཡང་དག་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ་ཞེས་པ་ཡན་ཆད་ཀྱིས་ནི། འོད་ཟེར་སྤྲོ་ཚུལ་བསྟན་ལ། སེམས་ཅན་གང་གིས་འོད་དེ་མཐོང་བ་ཞེས་སོགས་ཀྱིས་ནི་འོད་ཟེར་གྱི་བྱེད་ལས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་ཤིང་ཞེས་སོགས་ཀྱིས་ནི་མཉམ་པར་བཞག་པས་གདུལ་བྱ་འདུལ་བའི་དུས་ལ་བབ་པར་མཁྱེན་པར་བསྟན་ཏོ། །གཟིགས་ཞེས་པ་ནི་སྐལ་བ་དང་ལྡན་མི་ལྡན་ལ་གཟིགས་པའོ། །འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་བཅུ་དྲུག་བཅུ་བྱུང་ངོ་ཞེས་པའི་དོན་ནི། འོད་ཟེར་ཁ་དོག་རྣམ་པ་དྲུག་ཡོད་དེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ལེབ་རྒན་དང༌། ཤེལ་མདོག་གོ །འོད་ཟེར་དྲུག་པོ་ཕྱོགས་བཅུའི་དབྱེ་བས་དྲུག་བཅུར་འགྱུར་ལ། སྤུན་གཉིས་ལ་སོགས་པ་འཕྲོ་སའི་གནས་གཉིས་གཉིས་ཡོད་པས་དྲུག་བཅུ་དྲུག་བཅུ་ཞེས་བཟླས་ཏེ་གསུངས་སོ། །ཞལ་ལྟ་བུ་གནས་གཅིག་ལས་མེད་པ་ལ་ནི་དྲུག་བཅུ་ཞེས་པའི་སྒྲ་རྐྱང་པ་བྱུང་ངོ༌། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞེས་སྨོས་པ་ནི། གང་ལ་འཕྲོ་བའི་གདུལ་བྱའི་ཡུལ་གྱི་ཚད་མེད་པར་འགྱུར་པར་བསྟན་ཏོ། །འོད་ཟེར་དེ་དག་གི་ལས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་སྣང་བར་བྱེད་པ་དང༌། སེམས་ཅན་ལ་ཕན་འདོགས་པའོ། །དང་པོ་ནི། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་བཅུ་པོ་དེ་དག་ཐམས་ཅད་ཀྱི་ཞེས་པ་ནས། སྣང་བས་ཁྱབ་པར་བྱས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། སེམས་ཅན་གང་གིས་འོད་དེ་མཐོང་བ་དང་ཞེས་སོགས་ཀྱིས་བསྟན་ཏོ། །གཉིས་པ་བ་སྤུའི་བུ་ག་ནས་འོད་ཟེར་བཀྱེ་བ་ནི། དེ་ནས་ཞེས་པ་ནས་ངེས་པར་འགྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏེ། བྱེད་ལས་འཇིག་རྟེན་སྣང་བར་བྱེད་པ་དང་སེམས་ཅན་གྱི་དོན་གྲུབ་པ་གཉིས་ཏེ་སྔ་མ་བཞིན་ནོ། །གསུམ་པ་རང་བཞིན་གྱི་འོད་ཟེར་བཀྱེ་བ་ནི། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏེ། བྱེད་ལས་ནི་སྔ་མ་བཞིན་ནོ། །བཞི་པ་ལྗགས་ཀྱི་དབང་པོ་ལས་འོད་ཟེར་བཀྱེ་བ་ནི། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས། ལྗགས་ཀྱི་དབང་པོ་བཀྲམ་སྟེ་ཞེས་པ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ལྗགས་ལས་འོད་ཟེར་འགྱེད་པ་ནི། ཆོས་འཆད་པའི་སྔ་ལྟས་སོ། །ལྗགས་ཀྱི་འོད་ཟེར་ལས་པདྨ་འབྱུང་བ་ནི། པདྨ་དྲི་མས་མ་གོས་པ་ལྟར་གདུལ་བྱ་བྱང་ཆུབ་སེམས་དཔའ་སྐྱོན་མེད་པར་འཇུག་པའི་མཚན་མའོ། །པདྨ་ལ་དེ་བཞིན་གཤེགས་པའི་སྐུ་བཞུགས་ནས་ཕར་ཕྱིན་དྲུག་གི་ཆོས་སྟོན་པ་ནི། ཉན་པ་པོའི་བྱང་ཆུབ་སེམས་དཔའ་དེ་དག་པད་མ་བཞིན་དུ་བློ་གྲོས་རྒྱས་ཏེ་སངས་རྒྱས་ནས་ཕར་ཕྱིན་དྲུག་གི་ཆོས་འཆད་པར་འགྱུར་བའི་སྔ་ལྟས་སོ། །སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ལ་གཉིས་ཏེ། སྣོད་ཀྱི་འཇིག་རྟེན་ཡོངས་སུ་སྦྱང་བ་དང༌། བཅུད་ཀྱི་སེམས་ཅན་ལ་ཕན་གདགས་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ལ་བཞུགས་བཞིན་དུ། སངས་རྒྱས་ཀྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བ་ལ་མཉམ་པར་བཞག་སྟེ་ཞེས་པ་ནས། འོད་དང་སྐུ་མདོག་དང་གཟི་བརྗིད་དང་དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ཞེས་པའི་བར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་རྣམ་པ་དྲུག་ཏུ་གཡོས་ཏེ་ཞེས་པ་ནི། གཡོས་པ་དང༌། འགུལ་བ་དང༌། ལྡེག་པ་དང༌། ཆེམ་ཆེམ་དང༌། འུར་འུར་དང༌། ཤིག་ཤིག་ཅེས་པ་རྣམས་ཏེ། རེ་རེ་ལ་དྲག་དལ་རྣམ་པ་གསུམ་གསུམ་ཡོད་པའི་དབྱེ་བས་ཅུང་ཟད་གཡོས་པ་ནི་ཆུང་ངའོ། །རབ་ཏུ་གཡོས་པ་ནི་ཆེན་པོའོ། །ལྷག་མ་འགུལ་བ་སོགས་ལ་ཡང་སྦྱར་རོ། །མཐའ་མཐོ་ན་ནི་དབུས་དམའ་ཞེས་སོགས་ནི་རྣམ་པ་དྲུག་ཏུ་གཡོས་པའི་བྱེད་པ་ཡིན་པས། སྔ་མའི་ཁོངས་སུ་འདུས་པས་ལོགས་སུ་མི་བགྲང་ངོ༌། །འདི་དག་ལ་ལྟས་ཆེན་པོ་བཅོ་བརྒྱད་ཅེས་བྱའོ། །གཉིས་པ་བཅུད་ཀྱི་སེམས་ཅན་ལ་ཕན་གདགས་པ་ནི། དེ་ནས་དེའི་ཚེ་སྐད་ཅིག་ཡུད་ཙམ་ཐང་གཅིག་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཞེས་སོགས་ཀྱིས་བསྟན་ཏོ། །འདི་ལ་དོན་ལྔ་སྟེ། ངན་འགྲོའི་རྒྱུད་ཡོངས་སུ་སྦྱངས་པ་དང༌། མིའི་སྐྱོན་སྦྱང་བ་པ་དང༌། ཕན་སེམས་བསྐྱེད་པ་དང༌། དགེ་སེམས་བསྐྱེད་པ་དང༌། ཆེད་དུ་བརྗོད་པའོ། །དེ་ལ་དང་པོ་ནི། སེམས་ཅན་དམྱལ་བ་དང༌། ཞེས་སོགས་ནས་མཐོ་རིས་ཀྱི་བདེ་བ་མྱོང་བར་འགྱུར་ཞེས་པའི་བར་རོ། །གཉིས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམུས་ལོང་ཞེས་སོགས་སོ། །གསུམ་པ་ནི། སེམས་ཅན་གཅིག་ལ་གཅིག་ཕ་དང་མ་དང་ཞེས་སོགས་སོ། །བཞི་པ་དགེ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ཞིང༌། ཞེས་པ་ནས་བྲལ་བར་གྱུར་ཏོ་ཞེས་པའི་བར་རོ། །ལྔ་པ་དེ་ལ་ཆེད་དུ་བརྗོད་པ་ནི། དེའི་ཚེ་སེམས་ཅན་ཐམས་ཅད་ནི་བདེ་བའི་རྣམ་པ་འདི་ལྟ་བུ་དང་ལྡན་པར་གྱུར་ཏེ་ཞེས་པ་ནས། མི་འཚེ་བ་ནི་དགེ་བའོ་ཞེས་ཤེས་པར་གྱུར་ཏོ་ཞེས་པའི་བར་རོ། །གཉིས་པ་བྱིན་གྱིས་བརླབ་པའི་ཆོ་འཕྲུལ་ནི། བཅོམ་ལྡན་འདས་གདན་སེང་གེའི་ཁྲི་ལ་བཞུགས་པས། འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། མདུན་དུ་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ་ཞེས་པའི་བར་གྱིས་བསྟན་ཏེ། འདི་ལ་རྫུ་འཕྲུལ་གྱིས་གཞན་ཟིལ་གྱིས་གནོན་པ་དང༌། གདུལ་བྱ་མོས་པར་བྱ་བ་དང༌། མཆོད་པ་བྱིན་གྱིས་བརླབ་པ་དང༌། གདུལ་བྱ་སྐལ་བ་དང་ལྡན་པར་བསྟན་པའོ། །དང་པོ་ནི། དཔེར་ན། ཉི་མ་སྒྲིབ་པ་མེད་པ། ནམ་མཁའི་དབྱིངས་སུ་ཡོངས་སུ་དག་པ་ལ་འདུག་པའམ། ཟླ་བ་ཉ་བའི་དཔེས་འོད་གཞན་ཟིལ་གྱིས་གནོན་པའི་དཔེས། བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་འཇིག་རྟེན་འདི་རི་རབ་དང་བཅས་པ་ལྷའི་གནས་དང༌། དབང་པོ་དང༌། དབང་བྱེད་དང་ཞེས་པ་ནས། གཙང་མའི་གནས་དང་བཅས་པ་འདི་ཟིལ་གྱིས་མནན་ནས་བཞུགས་ནས། འོད་དང་སྐུ་མདོག་དང་གཟི་བརྗིད་དང་དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ་ཞེས་པ་སྟེ། འོད་ཀྱིས་ནི་ཚངས་པ་ཟིལ་གྱིས་གནོན་ནོ། །སྐུ་མདོག་གིས་བརྒྱ་བྱིན་གྱི་གཟི་བརྗིད་དང༌། བདུད་དང༌། མུ་སྟེགས་དང༌། དཔལ་གྱིས་མི་ཟིལ་གྱིས་མནན་ཏོ། །འོད་ཀྱིས་མཛེས། སྐུ་མདོག་གིས་ལྷམ་མེ། གཟི་བརྗིད་ཀྱིས་ལྷན་ནེ། དཔལ་གྱིས་ལྷང་ངེར་བཞུགས་ཞེས་བྱའོ། །བཤད་ཚུལ་འདིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཟིལ་གྱིས་གནོན་པ་སོགས་ལ་ཡང་སྦྱར་རོ། །གདུལ་བྱ་མོས་པར་བྱ་བ་ལ། དེ་ནས་བཅོམ་ལྡན་འདས་ཀྱི་ཞེས་སོགས་ནས། ཡིད་བདེ་ཞིང་རབ་ཏུ་དགའ་ཉམས་བདེ་བ་དང༌། ཡིད་བདེ་བ་སྐྱེས་ནས་ཞེས་པའི་བར་རོ། །མཆོད་པ་བྱིན་གྱིས་བརླབ་པ་ནི། ལྷ་རྫས་ཀྱི་མེ་ཏོག་དང་ཞེས་པ་ནས། འཇིག་རྟེན་གྱི་ཁམས་འདི་ཤིན་ཏུ་མཛེས་པར་གྱུར་ཏོ་ཞེས་པའི་བར་རོ། །ཆོས་བསྟན་པའི་ཆོ་འཕྲུལ་ལ་གཉིས་ཏེ། འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པའི་ཆོ་འཕྲུལ་དང༌། འཁོར་སྡུད་པར་བྱེད་པའི་ཆོ་འཕྲུལ་ལོ། །དང་པོ་ནི། བཅོམ་ལྡན་འདས་ཀྱི་འོད་སྣང་བ་གསེར་གྱི་ཁ་དོག་ལྟ་བུ་དེས་ཀྱང་ཤེས་པ་ནས། བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པར་མཐོང་བར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །འོད་ཀྱིས་སྟོང་གསུམ་འདི་སྣང་བར་བྱེད་པ་དང༌། དེ་ནས་ཤར་ཕྱོགས་དང་དེ་ནས་ཕྱོགས་ལྷག་མ་རྣམས་ལ་ཡང་སྦྱར་རོ། །གཉིས་པ་འཁོར་སྡུད་པའི་ཆོ་འཕྲུལ་ནི། དེ་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅེས་པ་ནས། གླེང་གཞིའི་ལེའུ་ཡོངས་སུ་རྫོགས་པའི་བར་ཏེ། ཞིང་ཁམས་བཅུ་དེ་བཞིན་གཤེགས་པ་བཅུ། བྱང་ཆུབ་སེམས་དཔའ་བཅུ། དྲིས་པ་བཅུ། ལན་བཅུ། ཞུས་པ་བཅུ། གནང་བ་བཅུ། མཆོད་པ་བཅུ་བསྟན་ཏོ། །དེ་ལ་ཞིང་ཁམས་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིན་ཆེན་ཡོད། དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས། བྱང་ཆུབ་སེམས་དཔའ་ནི་ཀུན་ནས་འོད་ཟེར། དྲི་བ་ནི་ས་གཡོ་བའི་རྒྱུ་རྐྱེན་དྲིས་པའོ། །ལན་ནི་ཤཱཀྱ་ཐུབ་པའི་མཐུ་ཡིན་པར་བསྟན་པའོ། །ཞུས་པ་ནི་ཤཱཀྱ་ཐུབ་པའི་དྲུང་དུ་འགྲོ་བར་ཞུས་པའོ། །གནང་བ་ནི་དུས་ལ་བབ་པར་ཤེས་ནས་སོང་ཞེས་པའོ། །མཆོད་པ་ནི། དེ་བཞིན་གཤེགས་པས་བསྐུར་བའི་མེ་ཏོག་གཏོར་བའོ། །ཕྱོགས་ལྷག་མ་རྣམས་ལ་ཡང་སྦྱར་བས་བཅུ་ཚན་བརྒྱད་དོ། །བཞུགས་ཤིང་འཚོ་སྐྱོང་ཞེས་པ་ནི། མྱ་ངན་ལས་མ་འདས་པ་དང༌། སྲོག་གི་རྒྱུན་གནས་པའོ། །སྐུ་ལ་བསྙུན་མི་མངའ་བས་ན་འཚོ། གློ་བུར་གྱི་སྙུང་མི་མངའ་བས་ན་སྐྱོང་ཞེས་སོ། །ཡང་ན་ཆོས་སྐུའི་རང་བཞིན་དུ་བཞུགས་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུར་བཞུགས་པ་ལ་འཚོ་ཞེས་པ་དང༌། སྤྲུལ་སྐུའི་ཚུལ་དུ་བཞུགས་པ་ལ་སྐྱོང་ཞེས་བྱའོ། །གློ་བུར་གྱི་ནད་མེད་པས་བསྙུན་མི་མངའ་བ་དང༌། སྨན་ལ་སོགས་པའི་ཆ་རྐྱེན་དང་ལྡན་པས་གནོད་པ་མ་མཆིས་པ་དང༌། སྐུ་ཟོར་ཡང་བས་ཟོ་མདོག་བདེ་བ་དང༌། གསུམ་ཀའི་འབྲས་བུ་ནི་བདེ་བ་དང་དགྱེས་པར་སྤྱོད་པའོ། །གླེང་གཞིའི་ལེའུ་བཤད་ཟིན་ཏོ།།  ༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གཏན་ལ་དབབ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གཏན་ལ་དབབ་པ་ལ། སྟོང་ཕྲག་བརྒྱ་པ་འདི་ལ་ཚིག་རྐང་པ་སྟོང་ཕྲག་བརྒྱ། བམ་པོ་སུམ་བརྒྱ། ཞུས་ལན་བརྒྱ་ཉི་ཤུ། རྣམ་གྲངས་བཅུ་གཅིག འགྲེས་རྐང་བརྒྱ་རྩ་བརྒྱད། འགྲེས་ཀྱི་སྦྱོར་ཚུལ་སུམ་བརྒྱ་དྲུག་བཅུ། བརྗོད་བྱའི་དོན་ལ་རྒྱས་པ་ལ་མངོན་པར་རྟོགས་པ་བརྒྱད། འབྲིང་པོ་ལ་མངོན་པར་རྟོགས་པ་དྲུག དོན་བསྡུས་པ་ལ་མངོན་པར་རྟོགས་པ་གསུམ་མོ། །དང་པོ་ལ་ཅུང་ཟད་ཕྱེ་བ་དོན་བདུན་ཅུ། ཡན་ལག་ཞིབ་ཏུ་རྣམ་པར་ཕྱེ་བའོ། །དེ་ལ་དང་པོ་ལ་བམ་པོའི་གྲངས་ནི་གོང་དུ་བརྗོད་ཟིན་ལ། ཞུས་ལན་ནི་གཞུང་གི་སྐབས་སུ་ངེས་པར་བྱའོ། །རྣམ་གྲངས་བཅུ་གཅིག་ནི། དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་པ་དང༌། དེ་ནས་རབ་འབྱོར་ལ་བཀའ་སྩལ་པ་དང༌། དེ་ནས་བརྒྱ་བྱིན་ལ་བཀའ་སྩལ་པ་དང༌། དེ་ནས་རབ་འབྱོར་དང༌། དེ་ནས་བྱམས་པ་དང༌། དེ་ནས་རབ་འབྱོར་དང༌། དེ་ནས་བརྒྱ་བྱིན་དང༌། དེ་ནས་རབ་འབྱོར་དང༌། དེ་ནས་བྱམས་པ་དང༌། དེ་ནས་རབ་འབྱོར་དང༌། དེ་ནས་ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏད་པའི་ལེའུ་བཅུ་གཅིག་གོ །འགྲེས་རྐང་བརྒྱ་རྩ་བརྒྱད་ནི་གཏན་ལ་དབབ་བྱ། ཐུན་མོང་བའི་འགྲེས་རྐང་སུམ་ཅུ་སོ་ལྔ་སྟེ་ཕུང་པོ་ལྔ། གཟུགས་སོགས་ཡུལ་དྲུག མིག་སོགས་དབང་པོ་དྲུག མིག་གི་རྣམ་པར་ཤེས་པ་སོགས་དྲུག རེག་པ་དྲུག ཚོར་བ་དྲུག་གོ །མ་རྟོགས་པ་འཁོར་བའི་འགྲེས་རྐང་ལ་བཅོ་བརྒྱད་དེ། རྟེན་འབྲེལ་བཅུ་གཉིས་དང་ཁམས་དྲུག་གོ །གཞི་རྟོགས་པར་བྱེད་པའི་ཐབས་ལམ་གྱི་འགྲེས་རྐང་བཞི་བཅུ་ཞེ་གསུམ་སྟེ། སོ་སོར་བགྲང་བར་བྱ་བར་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྟོང་ཉིད་བཅོ་བརྒྱད་དོ། །བྱང་ཆུབ་ཀྱི་ཕྱོགས་ལ་བདུན། བསམ་གཏན་བཞི་ལ་གཅིག ཚད་མེད་པ་བཞི་ལ་གཅིག གཟུགས་མེད་ཀྱི་སྙོམས་འཇུག་བཞི་ལ་གཅིག རྣམ་ཐར་བརྒྱད་ལ་གཅིག ཐར་གནས་ཀྱི་སྙོམས་འཇུག་དགུ་ལ་གཅིག རྣམ་ཐར་སྒོ་གསུམ་ལ་གསུམ། ལམ་གྱི་དམིགས་པ་བདེན་པ་བཞི་ལ་བཞིའོ། །ཐོབ་བྱ་འབྲས་བུ་ལ་མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོར་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། ཐམས་ཅད་ཤེས་པ་དང༌། ལམ་ཤེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བརྒྱ་རྩ་བརྒྱད་དོ། །འགྲེལ་གྱི་སྦྱོར་ཚུལ་ནི་འོག་ནས་སྟོན་ཏོ། །མདོའི་ཚིག་གང་དང་གང་གིས་བསྟན་པའི་ཚུལ་ལ་ནི། བརྗོད་བྱ་མངོན་པར་རྟོགས་པ་བརྒྱད་སྟོན་པ་ལ། གཞུང་སྐབས་བརྒྱད་དུ་ཡོད་པ་ལས། མདོ་ཚིག་གང་གིས་བསྟན་པ་དང༌། བམ་པོ་དུ་ཡོད་པས་སྟོན་ཏེ། དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། གླེང་གཞིའི་མཇུག་ཐོག་ནས་བརྩམས་ཏེ། བྱང་ཆུབ་ཏུ་སེམས་སྐྱེས་སོ་ཞེས་པའི་བར་རོ། །ལེའུ་ནི་གླེང་གཞིའི་ལེའུ་དང་བཅས་པ་ལེའུ་བཅུ་བཞི། བམ་པོ་དགུ་བཅུ་རྩ་ལྔ། ལམ་ཤེས་ནི། དེ་ནས་སྟོང་གསུམ་གྱི་ཞེས་པ་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་བར་རོ། །ལེའུ་ནི་བཅུ་བཞི་མ་ལོངས་ཙམ། བམ་པོ་དགུ་བཅུ་རྩ་གསུམ་ཡོད། གཞི་ཤེས་ནི། གསོལ་པ། བཅོམ་ལྡན་འདས་ཞེས་པ་ནས་འགྱུར་བ་མཆིས་སོ་ཞེས་པའི་བར་རོ། །ལེའུ་གཉིས། བམ་པོ་ཉེར་དགུ་མ་ལོངས་ཙམ། རྣམ་ཀུན་མངོན་རྫོགས་ལ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས། མི་འཕྲོགས་པ་ཡིན་ནོ་ཞེས་པའི་བར་རོ། །ལེའུ་བཅུ་བཞི། བམ་པོ་བཞི་བཅུ་རྩ་གཉིས། རྩེ་མོའི་མངོན་པར་རྟོགས་པ་ལ། ཚིག་ནི། ཁམས་གསུམ་པ་ལ་འདོད་སེམས་མི་བསྐྱེད་ཅེས་པ་ནས། སངས་རྒྱས་ཞེས་པའི་བར་རོ། །ལེའུ་བཅོ་ལྔ་ལྷག་ཙམ། བམ་པོ་ཉེར་དགུ་མ་ལོངས་ཙམ་ཞིག་ཡོད། མཐར་གྱིས་པ་ལ་ཚིག་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས་ལེའུ་དྲུག་བཅུ་རེ་གཅིག་གི་བར་རོ། །ལེའུ་གཅིག་ལྷག་ཙམ་དང་བམ་པོ་ཕྱེད་དང་གཉིས་སོ། །སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ། ཚིག་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། བསླབ་པར་བྱའོ་ཞེས་པའི་བར་རོ། །ལེའུ་གཉིས་དང་བམ་པོ་དྲུག་ཏུ་ཕྱེད་ཀྱིས་མ་ལོངས་པའོ། །བརྒྱད་པ་ཆོས་སྐུ་མཛད་པ་དང་བཅས་པ་ནི། ཚེ་དང་ལྡན་པ་ཞེས་པ་ནས་འགྱུར་རེ་སྐན། ཞེས་པའི་བར་ལེའུ་བཅུ། བམ་པོ་ཉི་ཤུ་རྩ་ཕྱེད་དང་ལྔ་སྟེ། མངོན་པར་རྟོགས་པ་བརྒྱད་བསྟན་ཚུལ་བཤད་ཟིན་ཏོ། །དོན་བདུན་ཅུ་བསྟན་པའི་ཚུལ་ལ། དང་པོ་རྣམ་མཁྱེན་གྱི་སྐབས་ལ་དོན་བཅུ་ལས། སེམས་བསྐྱེད་ནི། དེའི་ཚེ་དེ་ལྟར་ཞེས་པ་ནས་སྡིག་ཏོ་ཡི་ལས་བྱེད་པར་འགྱུར་བ་མེད་དོ་ཞེས་པའི་བར་རོ། །གདམས་ངག་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས་རྗེས་སུ་བསྟན་པ་ཡིན་ནོ་ཞེས་པའི་བར་རོ། །ངེས་འབྱེད་ཡན་ལག་བཞི་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས། ཡོངས་སུ་སྤང་བར་བྱའོ་ཞེས་པའི་བར་རོ། །བཞི་པ་སྒྲུབ་པའི་རྟེན་ནི། དེ་ནས་ཚེ་དང་ལྡན་པ་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་རོ། །དམིགས་པ་ནི། གསོལ་པ་ཞེས་པ་ནས་ཁོང་དུ་ཆུད་པར་བྱའོ་ཞེས་པའི་བར་རོ། །ཆེད་དུ་བྱ་བ་ནི། དེ་ནས་ཚེ་དང་ལྡན་པ་ཞེས་པ་ནས། ཞེས་བྱའོ་ཞེས་པའི་བར་རོ། །གོ་ཆ་ནི། དེ་ནས་ཚེ་དང་ལྡན་པ་བྱམས་མའི་ཞེས་པ་ནས། ཡོངས་སུ་རྫོགས་པར་བྱའོ་ཞེས་པའི་བར་རོ། །འཇུག་པའི་སྒྲུབ་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས་ཡང་དག་པར་གནས་པར་བྱའོ། །ཞེས་པའི་བར་རོ། །ཚིགས་ཀྱི་སྒྲུབ་པ་ནི། དེ་ནས་ཚེ་དང་ལྡན་པ་བྱམས་མའི་ཞེས་པ་ནས། གནས་པར་འགྱུར་རོ་ཞེས་པའི་བར་རོ། །ངེས་པར་འབྱུང་བ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས། རབ་འབྱོར་གྱི་ལེའུ་ཡོངས་སུ་རྫོགས་པའི་བར་རོ། །གཉིས་པ་ལམ་ཤེས་ཀྱི་གནས་སྐབས་ལ་དོན་བཅུ་ལས། དང་པོ་ལམ་ཤེས་སྐྱེ་བའི་རྟེན་ནི། དེ་ནས་སྟོང་གསུམ་ཞེས་པ་ནས། བར་ཆད་མི་བྱེད་དོ་ཞེས་པའི་བར་རོ། །ཉན་ཐོས་ཀྱི་ལམ་ཤེས་པ་ནི། ཀཽ་ཤི་ཀ་དེ་ལ་ཞེས་པ་ནས། ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ཞེས་པའི་བར་རོ། །རང་སངས་རྒྱས་ཀྱི་ལམ་ཤེས་ནི། དེ་ལྟ་བུ་ཞེས་པ་ནས། མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་པའི་བར་རོ། །བྱང་ཆུབ་སེམས་དཔའི་ལམ་ཤེས་ལ། མཐོང་བའི་ལམ་ཕན་ཡོན་དང་བཅས་པ་ནི། དེ་ནས་ལྷའི་དབང་པོ་ཞེས་པ་ནས། བྱང་ཆུབ་ཏུ་བསྔོ་བར་འགྱུར་རོ་ཞེས་པའི་བར་རོ། །སྒོམ་ལམ་བྱེད་པ་དང་བཅས་པ་ནི། རིགས་ཀྱི་བུ་ཞེས་པ་ནས། བཀུར་སྟི་བྱེད་པར་འགྱུར་རོ་ཞེས་པའི་བར་རོ། །དག་པ་འཇིག་རྟེན་པའི་སྒོམ་ལམ་ནི། བརྒྱ་བྱིན་གྱིས་གསོལ་པ་ཞེས་པ་ནས། ལེའུ་ཉེར་བཞི་པའི་བར་རོ། །བསྔོ་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་པ་ནས། ངོ་མཚར་རོ་ཞེས་པའི་བར་རོ། །རྗེས་སུ་ཡི་རང་བ་ནི། དེ་ནས་རྒྱལ་ཆེན་བཞི་ཞེས་པ་ནས། ཡོངས་སུ་བསྔོ་བའི་ལེའུ་སྟེ་ལེའུ་ཉེར་ལྔའི་བར་རོ། །སྒྲུབ་པ་སྒོམ་ལམ་ནི། དེ་ནས་ཚེ་དང་ལྡན་པ་ཞེས་པ་ནས། ཆེན་མོ་ཞེས་པའི་བར་རོ། །རྣམ་དག་སྒོམ་ལམ་ནི། དེ་ནས་ཚེ་དང་ལྡན་པ་ཞེས་པ་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་བར་ཏེ། ལེའུ་ཉེར་བདུན་པའི་བར་རོ། །སྤྱི་དོན་གསུམ་པ་གཞི་ཐམས་ཅད་ཤེས་པ་ལ་དོན་བརྒྱད་དེ། དང་པོ་ཤེས་པས་སྲིད་ལ་མི་གནས་ཤིང༌། སྙིང་རྗེས་ཞི་ལ་མི་གནས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་བར་རོ། །གཉིས་པ་ཐབས་མ་ཡིན་པས་རིང་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། སྤྱོད་ན་ཆགས་པའོ་ཞེས་པའི་བར་རོ། །གསུམ་པ་ཐབས་ལ་མཁས་པས་ཉེ་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་པ་ནས། ཆགས་པ་མེད་པར་སྤྱོད་དོ་ཞེས་པའི་བར་རོ། །བཞི་པ་མི་མཐུན་ཕྱོགས་ནི། དེ་ནས་ལྷའི་དབང་པོ་ཞེས་པ་ནས། བསྔོ་བར་མི་ནུས་ཞེས་པའི་བར་རོ། །ལྔ་པ་གཉེན་པོ་ནི། ཀཽ་ཤི་ཀ་གཞན་ཡང་ཞེས་པ་ནས། ལེའུ་ཉི་ཤུ་རྩ་བརྒྱད་པའི་བར་རོ། །དྲུག་པ་སྦྱོར་བ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡུམ་ནི་བགྱིད་པ་མ་མཆིས་པའོ་ཞེས་པ་ནས། སྤྲུལ་པ་ལྟ་བུའི་ཆོས་རྣམས་ཡོངས་སུ་ཤེས་པ་དང་ཞེས་པའི་བར་རོ། །བདུན་པ་སྦྱོར་བའི་མཉམ་ཉིད་ནི། དེ་ལྟར་ཡོངས་སུ་ཤེས་པ་བྱང་སེམས་ཆེན་པོ་རྨི་ལམ་རློམ་སེམས་སུ་མི་བྱེད་ཅེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རློམ་སེམས་སུ་མི་བྱེད་ན་ཞེས་པའི་བར་རོ། །བརྒྱད་པ་མཐོང་ལམ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཞེས་པ་ནས། ལེའུ་ཉི་ཤུ་རྩ་དགུ་པའི་བར་གྱིས་བསྟན་ཏོ། །སྤྱི་དོན་བཞི་པ་རྣམ་ཀུན་མངོན་རྫོགས་ལ། དོན་བཅུ་གཅིག་གིས་བསྟན་པ་ལ། དང་པོ་རྣམ་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས། བར་ཆད་མང་དུ་འབྱུང་ངོའི་བར་རོ། །གཉིས་པ་སྦྱོར་བ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་པ་ནས། ལེའུ་སོ་གཅིག་པའི་བར་རོ། །གསུམ་པ་ཡོན་ཏན་ནི། བཅོམ་ལྡན་འདས་ཞེས་པ་ནས། འཚང་རྒྱའོ་ཞེས་པའི་བར་རོ། །བཞི་པ་སྐྱོན་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས་ཡོངས་སུ་འཛིན་པར་བྱེད་དོའི་བར་རོ། །ལྔ་པ་མཚན་ཉིད་ནི། རབ་འབྱོར་འདི་ལྟ་སྟེ། ཞེས་པ་ནས་ག་ལ་འགྱུར་གྱི་བར་རོ། །དྲུག་པ་ཐར་པའི་ཆ་དང་མཐུན་པ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་ཞེས་པ་ནས། བསླབ་པ་མ་ཡིན་ནོ་ཞེས་པའི་བར་རོ། །བདུན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། ལེའུ་སོ་དགུ་པའི་བར་རོ། །བརྒྱད་པ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། ལེའུ་ཞེ་གཉིས་པའི་བར་རོ། །དགུ་པ་སྲིད་པ་དང་ཞི་བ་མཉམ་པ་ཉིད་ནི། དེ་ནས་ཚེ་དང་ལྡན་པ་ཞེས་པ་ནས་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་རོ། །བཅུ་པ་ཞིང་དག་པ་བླ་ན་མེད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། ལེའུ་ཞེ་གསུམ་པའི་བར་རོ། །བཅུ་གཅིག་པ་ཐབས་ལ་མཁས་པ་ནི། དེ་ནས་འཁོར་དེར་གངྒཱ་ལྷ་མོ་ཞེས་བྱ་བ་ནས། འབྱུང་ངོའི་བར་ཏེ་ལེའུ་ཞེ་ལྔ་བའི་བར་རོ། །སྤྱི་དོན་ལྔ་པ་རྩེ་མོའི་མངོན་པར་རྟོགས་པ་ལ་གཉིས་ལས། དང་པོར་རྩེ་མོར་ཕྱིན་པའི་རྟགས་ནི། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཞེས་པ་ནས། ལེའུ་བརྒྱད་ཀྱི་བར་རོ། །གཉིས་པ་བརྟན་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་པ་ནས་ཡོངས་སུ་མྱ་ངན་ལས་འདས་པར་རྟོགས་པར་བགྱིད་དོའི་བར་རོ། །བཞི་པ་སེམས་ཀུན་ཏུ་གནས་པ་ནི། བཅོམ་ལྡན་འདས་ཞེས་པ་ནས། བསོད་ནམས་ནི། ཚད་མེད་དོའི་བར་རོ། །ལྔ་པ་མཐོང་ལམ་དང་བསྒོམ་ལམ་རྣམ་པར་རྟོག་པ་བཞིའི་གཉེན་པོ་རྣམ་པ་བཞི་ནི། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཞེས་པ་ནས། ཕྱག་བྱ་བར་འོས་པའི་བར་རོ། །དྲུག་པ་བར་ཆད་མེད་པའི་ཏིང་ངེ་འཛིན་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས་འདིའི་མཚན་ཉིད་དོའི་བར་རོ། །བདུན་པ་ལོག་སྒྲུབ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར་རོ། །ལེའུ་ཞེ་བརྒྱད་ནས་ང་དགུ་བར་རོ། །སྤྱི་དོན་དྲུག་པ་མཐར་གྱིས་པ་ནི་རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས་ལེའུ་རེ་གཅིག་པའི་བར་རོ། །སྤྱི་དོན་བདུན་པ་སྐད་ཅིག་མ་གཅིག་ལ་བྱང་ཆུབ་པ་ལ་བཞི་ལས། དང་པོ་མཚན་ཉིད་ནི་རྣམ་པར་མི་རྟོག་པ་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གི་མཚན་ཉིད་ཀྱིས་བསྡུས་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། ལམ་ཡོངས་སུ་རྫོགས་པར་བྱེད་པའི་བར་རོ། །མཚན་ཉིད་གཉིས་པ་ནི། ཟག་པ་མེད་པའི་རྣམ་པར་སྨིན་པའི་གནས་སྐབས་སུ། ཆོས་ཐམས་ཅད་སྐད་ཅིག་མའི་བདག་ཉིད་དུ་འདུས་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ནས། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བའི་བར་རོ། །གསུམ་པ་མཚན་ཉིད་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མའི་མཚན་ཉིད་དུ་མཁྱེན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས། བཀོད་པ་ཡིན་ནོའི་བར་རོ། །སྤྱི་དོན་བརྒྱད་པ་ཆོས་སྐུ་ལ་བཞི་ལས། དང་པོ་ངོ་བོ་ཉིད་སྐུ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པའི་བར་རོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། དེ་ནས་དེ་བཞིན་གཤེགས་པའི་སྐྱེས་བུ་ཞེས་པ་ནས། རྨད་དུ་བྱུང་བའི་ཆོས་ཞེས་པའི་བར་རོ། །གསུམ་པ་སྤྲུལ་པའི་སྐུ་ནི། ལོངས་སྐུ་དང་གཟུགས་སྐུར་གཅིག་པས། གོང་གི་མཚན་དཔེ་ལས་སྦྱར་བ་ལས་ལོགས་སུ་མེད་དོ། །བཞི་པ་ཆོས་སྐུའི་ཕྲིན་ལས་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས་ཆོས་ཉིད་མི་འགྱུར་བར་བསྟན་པའི་ལེའུ་སྟེ་བདུན་ཅུ་རྩ་གཉིས་པའི་བར་རོ། །ཡན་ལག་སོ་སོ་དང་སྦྱར་བའི་ཚུལ་ལ། མངོན་པར་རྟོགས་པའི་རྒྱན་དང་སྦྱར་བར་བྱ་བའི་མདོ། བརྒྱད་བརྒྱ་དང་བཞི་བཅུ་ཞེ་གསུམ་ཡོད་དོ། །ལོ་ཙྪ་བ་བློ་གསལ་མི་གསལ་གྱི་བྱེ་བྲག་གིས། འགྱུར་འགའ་ཞིག་ལ་མ་ཚང་བ་དང༌། ཕྱིས་གཞུང་ལ་ཞུ་དག་ཡང་དག་པར་བྱས་མ་བྱས་ཀྱི་བྱེ་བྲག་གིས་ཆད་ལྷག་ཅི་རིགས་པར་སྣང་སྟེ། དེ་ལ་དུམ་བུ་བཅུ་གཉིས་པའི་དབང་དུ་བྱས་ན། ཀ་པ་ལ་གླེང་གཞིའི་ཕྱོགས་བཅུའི་འགྲེས་ལ་ཕྱོགས་བཅུ་ཆད་དེ། ཅིས་ཤེས་ན། གོང་འོག་ཐམས་ཅད་ལ་ཕྱོགས་བཅུ་ཡོད་པ་དང༌། འདིར་ཤར་ཕྱོགས་གཅིག་པུ་ལས་མེད་པ་དང༌། འོན་འཇང་རྡོའི་འབུམ་ལ་ཡོད་པས་སོ། །ཀའི་བམ་པོ་གསུམ་པ་ནས་ཡོངས་སུ་རྫོགས་པའི་འགྲེས་ལ། འཕགས་པའི་བདེན་པ་ལ་འཕྲེང་གཅིག་ཆད། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་ཆད་དེ། རྔོག་གི་འགྱུར་ལ་ཡོད་པས་ཤེས་སོ། །བམ་པོ་ལྔ་པ་ནས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་པའི་འགྲེས་ལ། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་ཚིག་གསུམ་ཆད། དེའི་རྗེས་ཐོག་ཏུ་མངོན་པར་ཤེས་པ་ཆད། དེའི་འོག་ཏུ་བསམ་གཏན་གྱི་ཚིག་གསུམ་པོ་ཆད། དེའི་འོག་ཏུ་བརྩོན་ཞེས་པའི་འགྲེས་ལ་ཁམས་དྲུག་ཆད་དེ། ཤ་སྒྲོ་ཅན་དང་ཉི་ཁྲི་ལ་ཡོད་པས་ཤེས་སོ། །བམ་པོ་བཅུ་གཅིག་པ་ནས་འཕགས་པའི་བདེན་པ་ལ་ཕྲེང་གཅིག་ཆད་དེ། གསང་ཕུའི་རྔོག་འགྱུར་ལ་ཡོད་པས་ཤེས་སོ། །ཉི་ཁྲི་ལེ་མང་ལ་ཡང་ཡོད་དོ། །བམ་པོ་བཅུ་གཉིས་པ་ནས། འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་མི་མཉམ་པ་དང་མཉམ་པའི་གཟུངས་ཐོབ་པར་གྱུར་ཏོ། །ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཡན་ཆད་ཀུན་ལ་ཡོད་པ། མ་འོངས་པ་དང་ད་ལྟར་གྱི་དེ་ར་གཟིགས་དམར་སྔོན་གཉིས་དང༌། བླ་འགྱུར་འབྲིང་པོ་ལ་ཆད་དེ། ས་སྨད་དང་གཡོན་པོའི་འབུམ་བཅོ་ལྔ་པོ་ཐམས་ཅད་ལ་ཡོད་པས་ཤེས་སོ། །ཉི་ཁྲི་ལེ་མང་དང་ལེ་བརྒྱད་མ་དང༌། བརྒྱད་སྟོང་པ་ལ་བཞུགས། འགྱུར་མ་འདྲེས་ན་དུས་གསུམ་གྱི་འདྲེས་ལ་མགོ་མཐོང་བས་འགྱུར་གང་ཡིན་ངོ་ཤེས་པ་ཡིན་ནོ། །དེའི་འོག་ཏུ་མི་མཉམ་པ་དང་མཉམ་པའི་མངོན་པར་བྱང་ཆུབ་པ་ནས། མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ་ཞེས་པའི་ཚིག་དེ་དུས་གསུམ་གྱི་སངས་རྒྱས་ལ་འོང་བ་ཡིན་ཏེ། རྣམ་པར་ཤེས་པ་འོང་གི་ཞེས་པའི་འོག་ཏུ་འོང་སྟེ། ཕྲེང་གཅིག་གིས་རྒྱས་སོ། །ཅིས་ཤེས་ན་ཉི་ཁྲི་ལེ་མང་དང་ལེ་བརྒྱད་མ་གཉིས་ཀ་ན་ཡོད་དོ། །གཡོ་རུ་གྲ་ཐང་གི་འབུམ་ལའང་ཡོད་པས་སོ། །བམ་པོ་བཅུ་དགུ་པ་ནས་གསོལ་པ་བཅོམ་ལྡན་འདས་ཞེས་སོགས་ཀྱི་འགྲེས་ལ། གསོལ་པ་བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་པའི་རྗེས་ལ་འདི་རྣམས་ཆད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ནས། འདི་སྐད་དུ། གཟུགས་ཀྱི་ཚིག་བླ་དྭགས་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་རྟག་པ་དང་མི་རྟག་པའི་ཚིག་བླ་དྭགས་བྱང་ཆུབ་སེམས་དཔའ་མ་ཡིན། དེས་འགྲེ་སྟེ། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་རྟག་པ་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་བདེ་སྡུག་གཉིས་ལ་ཕུང་པོ་ལྔ་ཚང་བར་སྦྱར་ཏེ། འདི་ལྟར་ད་ལྟར་ཡོད་མེད་གཉིས། ཞི་མ་ཞི་གཉིས། སྟོང་མི་སྟོང་གཉིས། མཚན་མ་ཡོད་མེད་གཉིས། སྨོན་པ་ཡོད་མེད་གཉིས། ཕུང་པོ་ལྔ་ཚང་བར་བྱས་པའི་ཞབས་སུ་སྨོན་པ་ཡོད་མེད་གཉིས། ཚིག་བླ་དྭགས་བྱང་ཆུབ་སེམས་དཔའང་མ་ཡིན་ཟེར་ཏེ། དེ་རྣམས་ཆད་དོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། གཟུགས་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་ཞེས་པ་ཡན་ཆད་ནི་གོང་མ་དེའི་ལན་བཏབ་པའོ། །གོང་གི་དེ་ཆད་པ་ཅིས་ཤེས་ན། བྲག་སྣའི་ལྕགས་ཐུར་ཅན་དང༌། སྒོ་མང་གི་ཁམས་ཀྱི་འབུམ་ནག་དང༌། ཅང་གི་ཕལ་ཆེ་བ་ལ་ཡོད། ཉི་ཁྲི་ལེ་མང་དང་ལེ་བརྒྱད་མ་གཉིས་ཀ་ལ་ཡོད། ལེ་མང་ལ་རག་ཤི་ར་ལ་མེད་དོ། །ཅོག་རོ་མ་ལ་ཡོད་དོ། །འདི་ཕལ་གྱིས་གསོས་སོ། །བམ་པོ་བཅུ་དགུ་པའི་ཞབས་ནས་ཡང་དག་རྗེས་མཐོང་གི་འགྲེས་ལ། རྣམ་ཤེས་དྲུག འདུས་ཏེ་རེག་པ་དྲུག རྐྱེན་གྱིས་ཚོར་བ་དྲུག་ཆད། ཅིས་ཤེས་ན། གསང་ཕུ་མ་ལ་ཡོད་དོ། །བམ་པོ་ཉི་ཤུ་པ་ལ་རྟོགས་པར་འཚལ་ལོའི་འགྲེས་ལ་ཁམས་དྲུག་ཆད་དེ། རྔོག་གི་འབུམ་ལ་ཡོད་པས་ཤེས་སོ། །དེ་ཡང་བམ་པོ་ཉི་ཤུ་པ་ནས། འགྱུར་བ་མེད་ཀྱི་འགྲེས་ལ། དྲིས་ལན་གཉིས་ཀ་ལ་ཁམས་དྲུག་ཆད་དེ། ཅང་འབུམ་ལ་ཡོད་པས་ཤེས་སོ། །འགྲེས་གོང་འོག་འཆོལ་བ་མང་དུ་ཡོད་དེ། དཔང་པོ་མེད་པས་མ་གཟུང༌། ཁ་པའི་བམ་པོ་གཉིས་པ་ནས་མཚན་མ་མེད་པའི་འགྲེས་ལ། སའི་ཁམས་ནས་རྒ་ཤིའི་བར་དུ་ཆད་དེ། ཅང་འབུམ་ལ་ཡོད་པས་ཤེས་སོ། །ཡང་འགྲེས་དེ་ལ་བྱམས་པ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་ཆད་དོ། །བམ་པོ་བཅུ་པ་ནས་ཡིད་མི་བདེ་བའི་འགྲེས་ལ་ཁམས་དྲུག་ཆད་དེ། ཡེར་པའི་གླང་བྱང་ཆུབ་འོད་ཀྱི་འབུམ་དང༌། ཉང་ཏིང་ངེ་འཛིན་གྱི་འབུམ་དར་ཆས་ཅན་དང༌། ཡུང་བ་ཞལ་གདམས་ཀྱི་འབུམ་དང༌། ཕ་ཝང་སྐོར་གྱི་འབུམ་ལ་ཡོད་པས་ཤེས་སོ། །བམ་པོ་བཅུ་གཉིས་པའི་ཏིང་ངེ་འཛིན་གྱི་སྐབས་ནས། ཆོས་མཆོག་གི་ཕྲེང་གཅིག་ཆད། ཆོས་ཀྱི་འཕགས་པའི་ཏིང་ངེ་འཛིན་གྱི་གོང་དུའང༌། ཡང་འོག་ནས་ཡིད་ཀྱི་སྐྱོན་ཡང་དག་པར་སེལ་བའི་སྐབས་ན་ཕྲེང་གཅིག་ཆད། ལུས་ངག་གི་ཏིང་ངེ་འཛིན་གྱི་འོག་ཏུའང་བསམ་ཡས་དང༌། འཆིང་ཕུ་དང༌། སོལ་ནག་ཐང་དང༌། བ་ལམ་བཞག་གཟུའི་འབུམ་ལ་ཡོད་པས་ཤེས་སོ། །བམ་པོ་བཅོ་ལྔ་པ་ནས། མི་ཤེས་མི་མཐོང་གི་འགྲེས་ལ། སའི་ཁམས་ནས་རྒ་ཤིའི་བར་ཆད། ཡོང་བ་དྭང་བ་སྐོར་ལ་ཡོད་པས་ཤེས་སོ། །ཡང་དེའི་འོག་ཏུ་ཡིད་མི་ཆེས་ཀྱི་འགྲེས་ལ་སའི་ཁམས་ནས་རྒ་ཤིའི་བར་དུ་ཆད་དེ། ཡུང་བ་ཞལ་གདམས་ཀྱི་འབུམ་ལ་སོགས་པ་འབུམ་གོང་མ་རྣམས་ལ་ཡོད་པས་ཤེས་སོ། །ཡང་དེ་ནས་མངོན་པར་ཞེན་པའི་འགྲེས་ལ། ཁམས་དྲུག་ཆད། བཞག་གཟུངས་ཀྱི་འབུམ་ལ་ཡོད་པས་ཤེས་སོ། །བམ་པོ་བཅུ་བདུན་པ་ནས་སྒྱུ་མའི་དཔེ་བརྒྱད་ཀྱི་འགྲེས་ལ། རབ་འབྱོར་གཟུགས་ནི་སྤྲུལ་པ་ལྟ་བུ་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་ཞེས་པའི་བར་དུ་ཕྲེང་ལྔ་ཆད་དོ། །སྒྱུ་མ་ལྟ་བུའི་རྗེས་ཐོགས་སུའང་ངོ༌། །བསམ་ཡས་འཆིང་པུ་དང༌། ཡུང་བ་དང༌། སོལ་ནག་ཐང་དང༌། སྟོང་ལུང་གནམ་བར་གྱི་འབུམ་ལ་ཡོད་པས་སོ། །ག་པའི་བམ་པོ་གཉིས་པ་ནས། རླུང་སེམས་རིང་མོའི་འགྲེས་ལ་ཕར་ཕྱིན་དྲུག་ཆད། བམ་པོ་གཉིས་པ་ནས། གཟུགས་ནི་བདག་དང་བདག་གིས་སྟོང་ངོ་ཞེས་པ་ལ་སོགས་ཕུང་པོ་ལྔ་ཆད། ཡེར་བའི་ཉང་ཏིང་ངེ་འཛིན་གྱི་འབུམ་ཆེན་མོ་དར་ཆས་ཅན་ལ་ཡོད་པས་ཤེས་སོ། །བམ་པོ་བཞི་པ་ནས་གནས་མེད་དོ་ཞེས་པའི་འགྲེས་ལ་ཁམས་དྲུག་ཆད། འཕྲེང་གཉིས་ཡོད་དེ། མ་རིག་པའི་གོང་དུ་འོང༌། ཡང་དེའི་འོག་ཙམ་དུ་སྟོང་པ་བཅོ་བརྒྱད་ཀྱི་ཞབས་སུ་རབ་འབྱོར་དེ་བཞིན་དུ་ཞེས་པའི་ཚིག་གཅིག་ཆད། ཡང་ཚིག་གི་དོན་མེད་དོ་ཞེས་པའི་འགྲེས་ལ་ཁམས་དྲུག་གི་ཕྲེང་བཅུ་གཅིག་ཆད། མ་རིག་པའི་གོང་དུ་འོང༌། བམ་པོ་དྲུག་པའི་ཏིང་ངེ་འཛིན་གྱི་སྐབས་ན་ཡིད་ཀྱི་སྐྱོན་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་ལ་སེལ་བ་ཆད། ངག་གི་འོག་ཏུ་འོང༌། བམ་པོ་བརྒྱད་པ་ན། གོ་ཆ་སྒྲུབ་པའི་སྐབས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱ་བ་བཅུ་དྲུག་ཆད། གཞན་ཉི་ཤུ་ལ་ཡོད་དོ། །ཆད་པར་ཅིས་ཤེས་ན། ཡེར་བའི་བྱང་ཆུབ་འོད་ཀྱི་འབུམ་དང༌། རྒྱལ་པོའི་བླ་འབུམ་རྒྱས་པ་བཅོ་ལྔ་ལ་ཡོད་པས་སོ། །བམ་པོ་བཅུ་གཅིག་པ་ནས་མི་བྱེད་དོ་ཞེས་པའི་འགྲེས་ལ་ཁམས་དྲུག་ཆད། མ་རིག་པའི་གོང་དུ་འོང༌། བམ་པོ་བཅུ་གསུམ་པ་ནས་ཏིང་ངེ་འཛིན་གྱི་རྒྱས་བཤད་མེད་པ་བཅུ་གཉིས་ཡོད་དེ། ཏིང་ངེ་འཛིན་མང་ཤོས་བརྒྱ་དང་དྲུག་བཅུ་རེ་གཉིས་ཡོད་པ་ལ། བཞི་བཅུ་རྩ་གཉིས་ལོ་ཙྪ་བ་རིན་ཆེན་བཟང་པོས་བསྣན་ནོ། །རྒྱས་བཤད་ལ་གསུམ་མེད། ཉུང་ཤོས་ལ་བརྒྱ་ཉི་ཤུ་ཡོད་པ་ལ། རྒྱས་པ་བཤད་དུ་བཅུ་གཉིས་ཆད་པ་ནི། ཆོས་ཐམས་ཅད་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཆོས་ཐམས་ཅད་མི་འགྱུར་བ་རྒྱས་བཏབ་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །སྐབས་གང་དུ་འོང་བ་ནི། མདོར་བསྟན་ལས་ཤེས་ཏེ། སྤྱི་གཙུག་དང་གདུལ་བྱའི་བར་དུའོ། །དེ་ལ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ། ཇི་ལྟར་རྒྱལ་མཚན་དམ་པ་བཞིན་ཏིང་ངེ་འཛིན་ཐམས་ཅད་ལས་འཕགས་ཏེ། འདི་ནི་འདྲེ་བ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དབང་དམ་པ་ཐོབ་པ་སྟེ། འདི་ནི་དེ་ལ་རྗེས་སུ་སོང་བ་ཞེས་བྱའོ། །ཏིང་ངེ་འཛིན་དེ་ལ་རྒྱུན་གྱིས་རྗེས་སུ་མ་ལོག་པར་ཡང་དག་པར་ཞུགས་ཏེ། འདི་ནི་དེ་ལ་སེང་གེ་རྣམ་པར་འགྱིང་བ་ཞེས་བྱའོ། །ཏིང་ངེ་འཛིན་དེ་ལ་སྡུག་བསྔལ་དང་དྲི་མ་ཐམས་ཅད་རབ་ཏུ་སྤོངས་པའི་དབང་དུ་གྱུར་ཞིང༌། ཇི་ལྟར་སེང་གེའི་དབང་པོ་བཞིན་ནོ། །དབང་ཐོབ་པས་འགྱིང་བ་སྟེ། འདི་ནི་དེ་ལ་སྣྲེལ་ཞི་ཞེས་བྱའོ། །ཏིང་ངེ་འཛིན་དེ་ལ་འཁོར་བའི་རྒྱུད་རྣམས་རྒྱུན་གཅོད་པར་བྱེད་པ་འདི་ནི་ལྔ་ཉོན་མོངས་སྤོང་བ་དང༌། ཟད་མི་ཤེས་པའི་བར་དུ་འོང་ངོ༌། །དེ་ལ་མི་ཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ། ཏིང་ངེ་འཛིན་ཐམས་ཅད་ཀྱིས་སྟོབས་རབ་ཏུ་ཐོབ་པ་སྟེ། འདི་ནི་གཟི་བརྗིད་དང་ཟླ་བ་དྲི་མ་མེད་པའི་བར་དུ་འོང༌། དེ་ལ་ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ། ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཀྱིས་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པ་སྟེ། དེ་ནི་སྣང་བ་གསལ་བ་དང་རྣམ་པ་མེད་པའི་བར་དུ་འོང་ངོ༌། །དེ་ལ་མིང་ངེས་པ་ལ་འཇུག་པའི་ཏིང་ངེ་འཛིན་དེ་ལ། ངེས་པའི་ཚིག་ཐམས་ཅད་ནི་ཡང་དག་པར་དམིགས་སུ་མེད་ཅིང་ཐ་སྙད་མ་རྟོགས་པ་ཙམ་མོ། །ཞེས་རྟོགས་པར་འཇུག་པ་སྟེ། དེ་གནས་མེད་པ་དང་ཟླ་བ་དྲི་མ་མེད་པའི་བར་དུ་འོང་ངོ༌། །དེ་ལ་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་དག་ཅིང་གསལ་བའི་འོད་ཀྱིས་སེམས་ཅན་གྱི་རིག་པ་གསལ་བར་བྱས་ཤིང༌། མུན་པ་མུན་ནག་གི་ཚ་བའི་གདུང་བ་སེལ་བར་བྱེད་དེ། དེ་ནི་རྒྱན་ཆེན་པོ་དང་མཉམ་པ་ཉིད་ཀྱི་བར་དུ་འོང་ངོ༌། །དེ་ལ་སྡུག་བསྔལ་མེད་ཅིང་སྡུག་བསྔལ་དང་བྲལ་བའི་ཚུལ་དང་ལྡན་པའོ། །ཏིང་ངེ་འཛིན་དེ་ལ་ཏིང་ངེ་འཛིན་དེས་ཆོས་ཐམས་ཅད་སྡུག་བསྔལ་དང་བྲལ་བས་མཉམ་པ་ཉིད་དུ་རྟོགས་པ་སྟེ། འདི་ནི་ཉོན་མོངས་པ་མེད་པ་དང༌། ངག་གི་བར་དུ་འོང་ངོ༌། །དེ་ལ་ཡིད་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བ་ཏིང་ངེ་འཛིན་དེ་ལ་ཏིང་ངེ་འཛིན་ཐམས་ཅད་ཀྱི་ལས་ལ་དམིགས་པ་སྟེ། དེ་ནི་ནམ་མཁའི་གོང་དུ་འོང་ངོ༌། །བམ་པོ་བཅུ་དྲུག་པ་ནས་འབྱུང་བར་འདོད་དུ་ཟད་ཀྱི་འགྲེས་ལ་སའི་ཁམས་ནས། རྒ་ཤིའི་བར་དུ་ཤོག་བུ་གསུམ་ཆད། ཡང་འོག་ཙམ་ན་གནས་པ་དང་མི་གནས་པ་མེད་དོའི་འགྲེས་ལ། སའི་ཁམས་ནས་རྒ་ཤི་ཡན་ཆད་ཤོག་བུ་གསུམ་ཆད། བམ་པོ་བཅུ་དགུ་པ་ནས་ཡིད་ཀྱིས་སྐྱོན་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་གྱི་ཞེས་པ་ལ་སོགས་ཆད། མདོར་བསྟན་དུ་འོང༌། ཆོས་ཐམས་ཅད་མི་ཕམ་པ། ཤེས་རབ་སྒྲོན་མེ་གསུམ་ཆད། རྔོག་གིས་རྒྱ་དཔེ་ལས་རྙེད་དོ། །སོལ་ནག་ཐང་གི་འབུམ་ལ། བཅུ་གཉིས་པོ་དེ་བཀང་སྟེ་ཡོད་དོ། །དགུ་པོ་དེ་ཡང་ཏིང་ངེ་འཛིན་མང་ཤོས་ལེ་བརྒྱད་མ་ལ་ཡོད་དོ། །ཉུང་ཤོས་ཀྱང་ལེ་བརྒྱད་མ་ལ་ཡོད་པས་སོ། །བམ་པོ་ཉེར་གསུམ་པ་ནས། གར་ཡང་གནས་པར་འགྱུར་བ་མེད་པའི་འགྲེས་ལ། རྒྱུན་དུ་ཞུགས་པའི་འབྲས་བུ་ནས་ཕྱིར་མི་འོང་བ། དགྲ་བཅོམ། རང་བྱང་ཆུབ། ལམ་གྱི་རྣམ་ཤེས། ཐམས་ཅད་མཁྱེན་པ་ཆོས་ཉིད་ཀྱི་བར་དུ་འགྲེས་བརྒྱད་ཆད། སྐར་ཆུང་མེས་ཚིག་པའི་འབུམ་བཞི་དུམ་པ་དང༌། ལན་པའི་འབུམ་བཞི་དུམ་པ་དང༌། ཡུང་བའི་བཞི་དུམ་པ་དང༌། གླང་མ་དཀྱུས་ཀྱི་བཞི་དུམ་པ་དང༌། སོལ་ནག་ཐང་གི་བཞི་དུམ་པ་དང༌། སྐྱི་སྨད་ཀྱི་བཞི་དུམ་པ་རྣམས་ལ་ཡོད་དོ། །དེའི་འོག་ན་དྲན་པ་ཉེར་བཞག་ནས་མི་མཉམ་པ་དང་མཉམ་པའི་འགྲེས་འོག་ནས། དྲན་པ་ཉེར་བཞག་ནས་རྣམ་པར་ཐར་པའི་སྒོ་གསུམ་ཆད། བམ་པོ་ཉེར་བཞི་པ་ནས་གང་ཡིན་པའི་འགྲེས་ལ། ཁམས་དྲུག་ཆད། བྲག་སྣའི་འབུམ་ལ་ཡོད་དོ། །ད་ཅའི་བམ་པོ་ལྔ་པ་ནས་བྱང་ཆུབ་སེམས་མེད་དོའི་འགྲེས་ལ་མ་རིག་ནས་རྒ་ཤིའི་བར་དུ་ཆད་དོ། །ལྕང་འབུམ་ལ་ཡོད་པས་ཤེས་སོ། །བམ་པོ་བདུན་པ་ནས་གང་དང་བྲལ་བའི་འགྲེས་ལ། འཕྲེང་སུམ་ཅུ་ལ་ཤ་ར་དྭ་ཏིའི་བུ་ཆད། གྲོག་གི་ཤོག་སེར་ཅན་དང་ལྕང་འབུམ་ལ་སོགས་པ་བཅོ་ལྔ་པོ་ལ་ཡོད་དོ། །བམ་པོ་བཅུ་པ་ནས་འདོགས་པར་མི་བགྱིད་ཀྱི་འགྲེས་ལ་སའི་ཁམས་ནས་རྒ་ཤི་ཡན་ཆད་ལ་ཤོག་གུ་གཅིག་ཆད་དོ། །དར་ཡུལ་མདའི་གནས་ཁང་གི་འབུམ་བརྒྱད་དུམ་པ་དང༌། སོག་ཁང་གི་དྲུག་དུམ་པ་དང༌། སོལ་ནག་ཐང་དང༌། དོལ་དང་སྐྱི་སྨད་ཀྱི་འབུམ་རྣམས་ལ་ཡོད་དོ། །ཅ་པའི་བམ་པོ་དང་པོ་ནས་གནས་པར་མི་བྱའོ་ཡི་འགྲེས་ལ་སྟོང་པ་བཅོ་བརྒྱད་ཆད་དོ། །ཡང་མ་ཚད་ནས་འཕགས་པའི་བདེན་པ་ནས་དེ་བཞིན་གཤེགས་པའི་སྟོབས་བཅུའི་བར་དུ་ཆད། འོན་འཇང་རྡོའི་འབུམ་ལ་ཡོད་པས་སོ། །ཡང་དེ་ནས་ཕྲ་བ་མ་ཡིན་གྱི་འགྲེས་ལ། ཐམས་ཅད་མཁྱེན་པ་ལ་སོགས་པ་ཅིའི་ཕྱིར་ན་ཚིག་གསུམ་ཆད། མདོར་བསྟན་ཆད། ཅིས་ཤེས་ན་གཞན་བརྒྱད་ཆར་ན་ཡོད་དོ། །བམ་པོ་གསུམ་པ་ནས་སྒྱུ་མ་ལྟ་བུའི་འགྲེས་འོག་ལ། ལྷའི་བུ་དག་བཅུ་གཅིག་ཆད། སོལ་ནག་ཐང་གི་ལ་ཡོད་པས་སོ། །བམ་པོ་བརྒྱད་པ་ནས་འདུས་ཏེ་རེག་པ་དྲུག་ལ། སྐྱེས་པའི་ཚོར་བ་ཟེར་བ་དེའི་འགྲེས་ལ་རྒྱུན་དུ་ཞུགས་པ་ནས་རང་བྱང་ཆུབ་ཀྱི་བར་ཆད། སངས་རྒྱས་ཀྱི་ཆོས་ཀྱི་འོག་ཏུ་འོང་ངོ༌། །དེ་ཅིས་ཤེས་ན་གནས་ཁང་གི་ཁམས་འབུམ་ལ་ཡོད་པས་སོ། །འོག་ན་མར་ལ་འགྲེས་ཚན་དྲུག་པ་ལྔ་པོ་ཐམས་ཅད་ཤེས་པ་ལ་བསྡུས་ནས་ཡོད་དོ། །ལྕང་འབུམ་ན་མ་བསྡུས་པར་བརྐྱང་ནས་འདུག་གོ །འགྲེས་འཚོལ་པ་མང་དུ་འདུག་གོ །འཁོར་བའི་འགྲེས་ལ། བསྡུས་པ་བག་རེ་འདུག་པ་དཔང་པོ་མེད་པས་མ་བཟུང་ངོ༌། །ཆ་པའི་བམ་པོ་གཉིས་པ་ནས། ཟག་པ་མེད་པའི་ཆོས་ཀྱི་འགྲེས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཆད། དྲན་པ་ཉེར་བཞག་གི་གོང་དུ་འོང་ངོ༌། །སྐབས་དེ་ལ་འགྲེས་འཆོལ་པ་མང་དུ་འདུག་སྟེ། མཁས་པས་བསྡེབས་ན་ལེགས་སོ། །ཡང་དེ་ནས་བསམ་གཏན། ཚད་མེད་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་གསུམ་ཆད། དེ་གསུམ་འགྲེས་མགོ་ལ་ཡོད་དོ། །འགྲེས་གཞན་གྱི་གོང་ལ་དེ་གསུམ་མེད། ཡང་དེ་ནས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བཞི་ཆད། ཅི་སྟེ་ན་ཉི་ཁྲི་ལེ་མང་དང་ལེ་བརྒྱད་མ་གཉིས་ག་ལ་ཡོད་པས་སོ། །འཆིང་ཕུ་མ་ལ་སོགས་པ་འབུམ་ཆ་ལྔ་ལ་ཡང་ཡོད་དོ། །བམ་པོ་བཅུ་གཅིག་པ་ནས་འབྱུང་བར་འགྱུར་རོའི་འགྲེས་ལ། ལྟར་གསལ་འགྲེས་འཆོལ་བར་འགྱུར་བ་མང་དུ་ཡོད་དོ། །ལྕགས་ཐུར་ཅན་ལ་བསྡེབས་ནས་འདུག་པ། གཞན་པ་ཡང་བསྡེབས་ན་ལེགས་སོ། །བམ་པོ་བཅུ་གཉིས་པ་ན། དེ་ཉིད་ཀྱི་འགྲེས་ལ་བསྡུས་ཡོད་དེ། ཕུང་པོ་ལྔ་ལ་དེ་བཞིན། སྐྱེ་མཆེད་བཅུ་གཉིས་ལ་དེ་བཞིན། ཁམས་བཅོ་བརྒྱད་ལ་དེ་བཞིན། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལ་དེ་བཞིན་ཞེས་འོང་བའི་བར་དེའི་ཆད་དོ། །ཅིས་ཤེས་ན་དང་ཡུལ་གནས་ཁང་གི་ཁམས་འབུམ་ན་ཡོད་དོ། །ཐབ་ལ་འགྲེས་གོང་འོག་འཆོལ་བ་དང༌། འགྲེས་བསྡུས་ཏེ་མ་ཚང་བ་དང༌། འཁོར་བའི་འགྲེས་དང་མྱ་ངན་ལས་འདས་པའི་འགྲེས་གཉིས་ཀ་ལ་བཀའ་ཆད་པ་གང་ཡང་མེད་ལ། འགྲེས་ཐམས་ཅད་ལ་ཡང་འཁོར་བའི་གཟུགས་ནས་རྒ་ཤིའི་བར་ལ་ཡང་བཤད་དོ། །སྟོང་པ་ཉིད་བཅོ་ལྔ་ཡང་ཆད། རྣམ་བྱང་གི་འགྲེས་ལ་དྲན་པ་ཉེར་བཞག་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལ་ཡང་ཆད་དོ། །ཉ་པའི་བམ་པོ་བཅུ་གཉིས་པ་ན་རྣམ་པར་དག་པའི་འགྲེས་ལ་ཤ་ར་དྭ་ཏིའི་བུ་དྲུག་ཆད། ནང་སྟོང་པ་ཉིད་ནས་མ་ཚད་ཙམ་ན། རྣམ་པར་དག་པ་འཁོར་བའི་འགྲེས་ལ་གཟུགས་ནས་རྒ་ཤིའི་བར་དུ་ཕྲེང་ཉི་ཤུ་ཆད། དེ་ཅིས་ཤེས་ན། རྗེ་རལ་པ་ཅན་གྱི་བླ་འབུམ་ལ་བཞུགས་སོ། །གསར་པ་ཕལ་ལ་ཡང་བཅུག་ནས་འདུག་གོ །ཡང་དྲན་པ་ཉེར་བཞག་གི་བར་ཆད་ཀྱི་འགྲེས་ལ། ཤ་ར་དྭ་ཏིའི་བུ་བཞི་ཆད། ཡང་བམ་པོ་དེ་ཉིད་ལ་ཉིང་གི་མཚམས་སྦྱོར་བ་མེད་པའི་འགྲེས་དང༌། འོད་གསལ་བའི་འགྲེས་དང༌། མངོན་པར་མ་གྲུབ་པའི་འགྲེས་ལ། ཤ་ར་དྭ་ཏིའི་བུ་མང་དུ་ཆད། ཡེར་པའི་བླ་མ་བྱང་ཆུབ་འོད་ཀྱི་འབུམ་ལ་ཡོད་དོ། །བམ་པོ་ཉེར་ལྔ་པ་ནས་འགྲེས་འཆོལ་བ་བག་ཙམ་ཡོད་དེ་མ་བཟུང་ངོ༌། །ཏ་པ་ལ་བམ་པོ་དྲུག་པ་ན། འགྲེས་འཆོལ་བ་བག་ཙམ་གཅིག་ཡོད་དོ། །བམ་པོ་ཉེར་གཅིག་པ་ན་ངང་ཚུལ་ཅན་གྱི་འགྲེས་ལ་མ་རིག་ནས་རྒ་ཤིའི་བར་དུ་ཆད། དེ་ཅིས་ཤེས་ན་མངའ་རིས་ནས་སྤྱན་དྲངས་པ་ན་ཡོད་དོ། །ཡང་དེ་ཉིད་ནས་རྣམ་པར་བསྒོམ་འགྲེས་ལ། རབ་འབྱོར་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པའོ་ཞེས་པ་ཆད། ཉང་གི་དར་ཆས་ཅན་ལ་ཡོད་དོ། །ཐ་མ་བམ་པོ་བཅུ་པ་ན་འཕེལ་འགྲིབ་མ་མཆིས་པའི་འགྲེས་ལ་སྟོང་པ་བཅོ་བརྒྱད་ཆད་དེ། ལྕང་འབུམ་ལ་ཡོད་པ་དང་འགྲེས་འོག་མས་ཀྱང་ཤེས་སོ། །ཡང་དེ་ཉིད་ན་ཡོངས་སུ་འགྲིབ་པ་མེད་པའི་འགྲེས་ལ་ཐམས་ཅད་ཤེས་པ་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་གསུམ་ཆད། བ་ལམ་བཞག་གཟུངས་ཀྱི་འབུམ་ལ་ཡོད་དོ། །བམ་པོ་བཅོ་བརྒྱད་པ་ལེའུ་ཞེ་དྲུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཇི་སྙམ་དུ་སེམས། སེམས་ཅན་ཐམས་ཅད་དང་གཞན་ཞེས་བྱ་བ་ལ་སྤྱོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བདེ་བར་གཤེགས་པ་དེ་ལྟ་མ་ལགས་ཏེ། སེམས་ཅན་རྣམས་བདག་དང་བདག་གི་བགྱི་བ་ལ་སྤྱོད་དམ། རབ་འབྱོར་དེ་ཅི་སྙམ་དུ་སེམས། ཆོས་ཐམས་ཅད་དབེན་ཞིང་སྟོང་ངམ། གསོལ་པ་བཅོམ་ལྡན་འདས་སྟོང་ལགས་སོ། །བདེ་བར་གཤེགས་པ་ཆོས་ཐམས་ཅད་དབེན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། འོན་ཀྱང་བདག་དང་བདག་གིར་བྱ་བས་སེམས་ཅན་རྣམས་ཀུན་ཏུ་སྡུག་ཅིང་ཀུན་ཏུ་འཁོར་བར་འགྱུར་ཏམ། གསོལ་པ་བཅོམ་ལྡན་འདས་དེ་ལྟར་ལགས་སོ། །བདེ་བར་གཤེགས་པ་དེ་ལྟ་ལགས་ཏེ། བདག་དང་བདག་གིར་བཅས་པའི་སེམས་ཅན་རྣམས་ཀུན་ཏུ་སྡུག་ཅིང་འཁོར་བར་འགྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་སེམས་ཅན་ཀུན་ནས་ཉོན་མོངས་པ་མ་ཡིན་ཏེ། གང་ལ་བདག་ཏུ་བྱ་བ་མེད་པ་དང༌། བདག་གིར་བྱ་བ་མེད་པ་དེ་ལ་འཛིན་པ་མེད། འཛིན་པ་མེད་པ་དེ་ལ་སེམས་ཅན་རྣམས་སྡུག་ཅིང་ཀུན་ཏུ་འཁོར་བ་མེད་དེ། དེ་ལ་ཀུན་ནས་ཉོན་མོངས་པ་མེད་པས། རབ་འབྱོར་དེ་ལྟར་ན་རྣམ་པར་བྱང་བ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ཆད། དེ་ཅིས་ཤེས་ན། ལེ་བརྒྱད་དང་ལེ་མང་གཉིས་ཀ་ལ་ཡོད་ཅིང༌། གསང་ཕུའི་ལ་ཡང་ཡོད་དོ། །བམ་པོ་བཅུ་བདུན་པ་ནས་འགྲེས་མ་ཚང་བ་དང་འགྲེས་འཆོལ་བ་ཡོད་དོ། །ད་པ་ལ་བམ་པོ་གསུམ་པ་ནས་གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་ལགས་ཞེས་པ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པའི་བར་དུ་ཆད་དེ། ལེ་མང་ན་གསལ་ལོ། །བམ་པོ་ལྔ་པ་ནས། མི་འཛིན་མི་སྟོང་པའི་འགྲེས་ལ་རབ་འབྱོར་བདུན་ཆད། ཡིད་ཀྱི་འདུས་ཏེ་རེག་པ་ཡན་ཆད་ལའོ། །དེ་ཅིས་ཤེས་ན་བླ་འབུམ་ན་ཡོད་པས་སོ། །འགྲེས་འཆོལ་བ་དང་མ་ཚང་བ་མང་རབ་འདུག་པ་མ་བཟུང་ངོ༌། །ན་པ་ལ་བམ་པོ་དྲུག་པ་ནས་ཕྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང༌། ཐུན་མོང་མ་ཡིན་པ་གང་ཡིན་ན་ཞེས་པའི་འགྲེས་ལ། མཐར་གྱིས་གནས་པའི་རྗེས་ལ་མཐའ་དག་གི་སྐྱེ་མཆེད་བཅུ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། ཉོན་མོངས་པ་ལྔ་དང༌། ལམ་ཤེས་དང༌། མངོན་པར་ཤེས་པ་དྲུག་དང༌། ཡོངས་སུ་ཤེས་པ་བཞི་དང༌། དབང་བཅུ་དང༌། ཡང་དེའི་འོག་ཙམ་ན་བསྲུང་བ་མེད་པ་གསུམ་དང༌། དགོངས་པ་ཉེ་བར་བཞག་པ་གསུམ་དང༌། བསྙེལ་བ་མེད་པའི་ཆོས་ཉིད་དང༌། བག་ཆགས་ཀྱི་སྒྲིབ་པ་རབ་ཏུ་སྤངས་པའི་ཆོས་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཞེས་པ་དེ་རྣམས་ཀྱི་མདོར་བསྟན་ཆད། དེ་ཅིས་ཤེས་ན་རྒྱས་བཤད་ན་ཡོད་པ་དང༌། དགེ་རྒྱས་ཀྱི་འབུམ་དང་བླ་འབུམ་ན་ཡོད་པས་སོ། །བམ་པོ་བཅུ་དྲུག་པ་ན། ཡོད་པར་འགྱུར་གྱི་འགྲེས་ལ། ཅི་བརྒྱ་ཐམ་པ་ཆད། ཆོས་ཐམས་ཅད་ལ་ཅི་ཡོད་དེ་མན་ཆད་ལ་མེད་པ། རྒྱ་ནག་པོའི་འབུམ་ལ་སོགས་པ་འབུམ་ཉི་ཤུ་ལ་ཡོད་དོ། །རྟག་ཏུ་ངུ་དང་ཆོས་འཕགས་གཉིས་དང་པོ་ཀླུའི་ཡུལ་དུ་ལུས་པ་ཡིན། བརྒྱད་སྟོང་པ་ནས་བྲིས་པ་བླ་འགྱུར་ཆེན་མོ་ན་ཡོད་དོ། །ཁུངས་སུ་ཡང་ཆེ་བས་བཟུང་བས་ཆོག་གོ །བྱ་ཡུལ་པ་དང་ཤར་པ་བས་མང་དུ་བཅུག འབུམ་རྙིང་པ་དེ་རྣམས་ཀྱིས་ཕལ་ཆེར་བླ་འགྱུར་འབྲིང་པོ་དང༌། ལ་ལ་བླ་འགྱུར་ཆེན་མོ་དང༌། ལ་ལ་ར་གཟིགས་སྔོན་དམར་དང༌། ཞུ་ཆེན་རྒྱ་དཔེ་མ་ནི་ཉུང་ངོ༌།།  ༈ སྐབས་དང་པོའི་དོན་རྣམ་མཁྱེན་བསྟན་པ། གཉིས་པ་ཤཱ་རིའི་བུའི་ལེའུ་བཤད་པ། གླེང་གཞིའི་མཇུག་ཐོགས་ནས། བསྟོད་པས་གླེང་བསླང་བ་ནི། དེ་ཡི་ཚེ་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པར་བྱའོ། །ཞེས་གསུངས་ཏེ། འདི་ནི་བསྡུས་ཏེ་བསྟན་པའི་སྒོའོ། །འབྲིང་དུ་བསྟན་པའི་སྒོ་བཤད་པ་ལ། བསྡུས་ཏེ་བསྟན་པའི་སྒོ་རྒྱས་པར་བཤད་པར་འདོད་ནས། ཤཱ་རིའི་བུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བརྩོན་པར་བགྱི་ཞེས་ཞུས་པ་ན། སྔར་གྱི་བསྡུས་ཏེ་བསྟན་པའི་སྒོ་བཤད་བྱར་བཟུང་ནས། འབྲིང་དུ་བསྟན་པའི་སྒོ་བསྟན་པ་སྟེ། འདི་ཡང་འཇུག་ཡུལ་བསྟན་ནས་དེ་དམིགས་པར་རྟོགས་པའི་སྒོ་ནས་ཤེར་ཕྱིན་ལ་སྤྱོད་ཚུལ་དང༌། སྔར་བརྩོན་པར་ཞེས་སྨོས་པའི་དོན་རྒྱས་པར་བསྟན་པའོ། །དེ་ལ་དང་པོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཞེས་བྱ་བ་ནས་བཏང་སྙོམས་ཆེན་པོ་མི་དམིགས་པའི་ཕྱིར། བཏང་སྙོམས་ཆེན་པོ་རྫོགས་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །འདིས་ནི་སྤྱོད་པ་བཞི་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་དང༌། སངས་རྒྱས་ཀྱི་ཆོས་སྨིན་པར་བྱ་བའི་སྤྱོད་པའོ། །དེ་ལ་དང་པོ་ནི། གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་པ་ནས་བཟུང་སྟེ། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དྲན་པ་ཉེ་བར་བཞག་པ་མི་དམིགས་པའི་ཕྱིར་ཞེས་པ་ནས། རྣམ་པར་ཐར་པ་སྒོ་གསུམ་གྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱའོ་ཞེས་པའི་བར་གྱིས་ཡོངས་སུ་གསུངས་སོ། །སེམས་ཅན་ཡོངས་སུ་སྨིན་པའི་སྤྱོད་པ་ནི། བསམ་གཏན་མི་དམིགས་པའི་ཕྱིར། བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་པ་ནས། སེམས་ཅན་གྱི་གནས་དགུ་རྫོགས་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་བསམ་གཏན་བཞི་ནི་དང་པོའོ། །ཚད་མེད་པ་བཞི་ནི་གཉིས་པའོ། །གཟུགས་མེད་པའི་སྙོམས་འཇུག་ནི་གསུམ་པའོ། །རྣམ་པར་ཐར་པ་བརྒྱད་ནི་བཞི་པའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ནི་ལྔ་པའོ། །མངོན་པར་ཤེས་པ་ལྔ་ནི་དྲུག་པའོ། །འདུ་ཤེས་དགུ་བསྒོམ་པ་ནི་བདུན་པའོ། །སངས་རྒྱས་རྗེས་དྲན་ནི་བརྒྱད་པའོ། །ཆོས་རྗེས་དྲན་ནི་དགུ་པའོ། །དགེ་འདུན་རྗེས་དྲན་ནི་བཅུ་པའོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་ནི་བཅུ་གཅིག་པ། གཏོང་བ་རྗེས་དྲན་ནི་བཅུ་གཉིས་པ། ལྷ་རྗེས་དྲན་ནི་བཅུ་གསུམ་པ། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་དྲན་ནི་བཅུ་བཞི་པ། སྐྱོ་བ་རྗེས་སུ་དྲན་པ་ནི་བཅོ་ལྔ་པ། འཆི་བ་རྗེས་སུ་དྲན་པ་ནི་བཅུ་དྲུག་པ། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་ནི་བཅུ་བདུན་པ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་ཞེས་པ་ནས། ཡིད་བརྟན་དུ་མི་རུང་བའི་འདུ་ཤེས་བསྒོམ་པའི་བར་ནི་ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་སྟེ་རྒྱས་བཤད་དོ། །སྡུག་བསྔལ་ཤེས་པ་ནི་བཅོ་བརྒྱད་པ། ཀུན་འབྱུང་ཤེས་པ་བཅུ་དགུ་པ། འགོག་པ་དང་ལམ་ཤེས་པ་གཉིས་ནི། འགོག་པ་དང༌། ལམ་ཤེས་པ་དང་བཅས་པའོ། །གཉིས་པ་རྒྱས་པར་བཤད་པ་ནི། ཟད་པ་དང་མི་སྐྱེ་བ་ཤེས་པ་དང༌། ཆོས་ཤེས་པ་དང༌། གཉིས་སུ་མེད་པ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། འདྲིས་པ་ཤེས་པ། སྒྲ་ཇི་བཞིན་ཤེས་པ། རྟོག་དཔྱོད་དང་བཅས་པའི་ཏིང་ངེ་འཛིན་དང༌། རྟོག་པ་མེད་པ་ལ་དཔྱོད་པ་དང་བཅས་པ་ཏིང་ངེ་འཛིན་དང༌། གཉིས་ཀ་མེད་པའི་ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་གསུམ་ཤེས་པ་དང༌། དབང་པོ་གསུམ་ཤེས་པ་དང༌། ཟིལ་གནོན་པ་དང༌། ཆུབ་པའི་སྐྱེ་མཆེད་དང༌། བསྡུ་བའི་དངོས་པོ་བཞི་དང༌། རྣམ་པར་འགོད་པ་བཞི་དང༌། ས་བཅུ་དང༌། བཟོད་པ་བཅུ་དང༌། ལྷག་པའི་བསམ་པ་ཉི་ཤུ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། ཞི་གནས་དང༌། ལྷག་མཐོང་དང༌། རིག་པ་གསུམ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། མི་འཇིགས་པ་བཞི་དང༌། མ་ཉམས་པའི་མངོན་ཤེས་ལྔ་དང་ཕར་ཕྱིན་དྲུག་དང༌། ནོར་བདུན་དང༌། སེམས་ཅན་གྱི་གནས་དགུ་ཡོངས་སུ་རྫོགས་པར་བྱའོ། །ཞེས་པ་ཡན་ཆད་ཀྱིས་བསྟན་ཏོ། །དེ་དག་གི་ཚིག་དོན་བཤད་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི། །ཞེས་གསུངས་པ་ལ་ཤེར་ཕྱིན་གྱི་དོན་ནི། ཆོས་དགུའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཆོས་དགུ་ནི། སྨོན་ལམ་དང༌། བརྩོན་འགྲུས་དང༌། ཉོན་མོངས་པ་དང༌། ལས་དང༌། སྡུག་བསྔལ་དང༌། འཁོར་བ་དང༌། རྣམ་རྟོག་དང༌། ཡོན་ཏན་དང༌། ཤེས་པར་བྱ་བའོ། །འདུ་ཤེས་བཅུ་བསྒོམ་པ་ཞེས་པས་འདོད་ཆགས་ཀྱི་གཉེན་པོ་བསྟན་ཏོ། །རྗེས་དྲན་དྲུག་ནི་ཕར་ཕྱིན་གྱི་འགྲེལ་པ་ནས་བསྟན་པ་བཞིན་ནོ། །དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་ནི། ལུས་ལ་དམིགས་པའི་ཏིང་ངེ་འཛིན་ནོ། །སྐྱོ་བ་རྗེས་སུ་དྲན་པ་ནི། རྒ་བ་དང༌། ན་བ་ལ་སོགས་པ་དྲན་པའོ། །ལུས་ཡོངས་སུ་དྲན་པ་ནི། ལུས་མི་གཙང་བར་བསྒོམས་པ་སོགས་སོ། །བདེན་པ་བཞི་རྗེས་སུ་བསྒོམ་པ་ནི་རྟོགས་པར་སླའོ། །བསྡུ་བའི་དངོས་པོ་བཞི་ནི། སྦྱིན་པ་དང༌། ཚིག་སྙན་པ་དང༌། དོན་མཐུན་པ་དང༌། གཞན་གྱི་དོན་སྤྱོད་པའོ། །རྣམ་པར་འགོད་པ་བཞི་ནི། ཆོས་གདགས་པར་རྣམ་པར་འགོད་པ་དང༌། བདེན་པ་གདགས་པ་དང༌། རིགས་པ་གདགས་པ་དང༌། ཐེག་པ་གདགས་པར་རྣམ་པར་འགོད་པའོ། །དང་པོ་ནི། མདོའི་སྡེ་དང༌། དབས་བསྙད་ལ་སོགས་པ་མིང་དུ་བཏགས་ཤིང་རྣམ་པར་འགོད་པའོ། །གཉིས་པ་ནི། བདེན་གཉིས། གསུམ་པ་ནི་རིགས་པ་བཞི། བཞི་པ་ནི་ཐེག་པ་གསུམ་འགོད་པའོ། །ཆོས་སྤྱོད་བཅུ་ནི་དབུས་མཐའ་ལས་འབྱུང་བ་བཞིན་ནོ། །བཟོད་པ་བཅུ་ནི། རང་བཞིན་གྱིས་བཟོད་པ་དང༌། གནོད་པ་ལ་ཅི་མི་སྙམ་པ་དང༌། སྡུག་བསྔལ་དང་དུ་ལེན་པ་དང༌། ཆོས་ལ་ངེས་པར་མོས་པ་དང༌། བྱ་དཀའ་བ་ལ་བཟོད་པ་དང༌། ཐབས་ཀྱི་སྒོའི་བཟོད་པ་དང༌། སྐྱེས་བུ་དམ་པའི་བཟོད་པ་དང༌། རྣམ་པ་ཐམས་ཅད་དུ་བཟོད་པ་དང༌། ཕོངས་པ་འདོད་པ་ལ་བཟོད་པ་དང༌། འདི་དང་ཕྱི་མར་སྡུག་བསྔལ་བ་ལ་བཟོད་པའོ། །སེམས་ཅན་གྱི་སྐྱེ་གནས་དགུ་ནི། ཁམས་གསུམ་ས་དགུ་སྟེ། སེམས་ཅན་གྱི་སྐྱེ་གནས་བརྟག་པའི་ཕྱིར་དུའོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་སྤྱོད་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མ་འདྲེས་པ་བཅོ་བརྒྱད་དང༌། བྱམས་པ་ཆེན་པོ་སོགས་བཞི་ཡོངས་སུ་རྫོགས་པར་བྱ་བས་བསྟན་ཏོ། །བརྩོན་པའི་དོན་རྒྱས་པར་བཤད་པ་ལ་བརྒྱད་དེ། གང་གི་ཕྱིར་བརྩོན་པར་བྱ་བ་དང༌། ཇི་ལྟར་བརྩོན་པར་བྱ་བ་དང༌། བརྩོན་པར་བྱེད་པའི་མཚན་ཉིད། དེའི་རབ་དབྱེ། བརྩོན་པར་གདམས་པ། བརྩོན་པའི་ཕན་ཡོན། བརྩོན་པའི་རབ་དབྱེ། རབ་དབྱེ་གཏན་ལ་དབབ་པའོ། །དང་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སམ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་པ་ནས། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་ལྟར་ཡོངས་སུ་བརྟགས་པར་བྱ་སྟེ། ཇི་ལྟར་ན་བདག་གི་མིང་ཐོས་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བར་བྱ་སྙམ་ན་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། འདིས་སེམས་བསྐྱེད་བསྟན་ཏོ། །གང་གི་ཕྱིར་ཤེར་ཕྱིན་སློབ་པའི་ཕན་ཡོན་བསྟན་པ་ནི། ཤ་ར་དྭ་ཏིའི་བུ་གང་གི་ཚེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཡོན་ཏན་འདི་དག་སྒྲུབ་པར་འགྱུར་བ་ཞེས་པ་ནས་ཚངས་པར་མི་སྤྱོད་པས་ན་མི་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། འདི་མངོན་པར་རྟོགས་པའི་རྒྱན་གྱིས་མ་ཟིན་ཏོ། །ཇི་ལྟར་བརྩོན་པར་བྱ་བ་བསྟན་པའི་དོན་དུ། ཤཱ་རིའི་བུས་བཅོམ་ལྡན་འདས་ཇི་ལྟར་ཞེས་སོགས་ཀྱིས་ཤེར་ཕྱིན་ལ་སྤྱོད་ཚུལ་ཞུས་སོ། །ཞུས་པའི་ཚུལ་ནི། བྱང་ཆུབ་སེམས་དཔའ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་ལ་སྤྱོད་ཚུལ་གསུམ་ཞུས་པའོ། །ལན་ལ། སྒྲུབ་པའི་ངོ་བོ་ལ་གདམས་ངག་སྟོན་པའི་དོན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་མངོན་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པའི་བར་དུ་གསུངས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ཡང་དག་པར་མི་མཐོང་ངོ་ཞེས་པས་ནི་གང་ཟག་གི་བདག་མེད་པར་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ཆོས་ཀྱི་བདག་མེད་པར་བསྟན་ཏེ། ཐོབ་པ་པོ་བྱང་ཆུབ་སེམས་དཔའི་མིང་དང༌། ཐོབ་བྱ་བྱང་ཆུབ་དང༌། དེའི་མིང་དང༌། ཐོབ་བྱེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྤྱོད་པའི་མཐའ་བཞི་དང༌། ཕུང་པོ་ལྔ་མི་མཐོང་བའི་ཚུལ་གྱིས་ཤེར་ཕྱིན་ལ་བརྩོན་པར་གསུངས་སོ། །འཐད་པ་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཏེ། སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་ཉིད་མ་ཡིན་ཞེས་པས་ནི། སྟོང་པ་ཉིད་གཟུགས་ཀྱི་ཆོས་ཉིད་དུ་ཡོད་པར་བསྟན་ཏོ། །གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། ཅེས་སོགས་ཀྱིས་ནི། ཆོས་ཅན་གྱི་ངོ་བོ་ཐ་དད་མེད་པར་བསྟན་ཏོ། །ལྷག་མ་རྣམས་ལ་ཡང་སྦྱར་རོ། །གཟུགས་སོགས་སྟོང་པ་ཉིད་དང༌། སྟོང་པ་ཉིད་ཀྱང་གཟུགས་སོགས་སུ་བསྟན་པས་ནི། ཆོས་ཅན་ཆོས་ཉིད་གཉིས་ཀ་མི་བདེན་པས་ན། བདེན་པ་བསལ་བའི་དོན་དུ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱང་མིང་ཙམ། བྱང་ཆུབ་སེམས་དཔའ་ཡང་མིང་ཙམ་ཞེས་སོགས་གསུངས་སོ། །མིང་ཙམ་ཡིན་གྱི་དོན་ལ་མེད་ན། ཇི་ལྟར་ན་སྐྱེ་འགག་དང་འཕེལ་འགྲིབ་སོགས་སུ་སྣང་ཞེ་ན། གཟུགས་ནི་སྒྱུ་མ་ལྟ་བུ་ཞེས་སོགས་ཀྱིས་ལན་གསུངས་སོ། །སྒྱུ་མ་ལྟ་བུར་རྟོགས་པའི་ལན་བསྟན་པ་ནི། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པའི་བར་དུ་གསུངས་སོ། །ཆོས་རྣམས་མིང་ཙམ་དུ་བསྟན་པས་ན། མིང་དང་མིང་གི་མཚན་མ་ཡོད་དགོས་སོ་སྙམ་ན། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་སོ་སོའི་མིང་ནི་སྒྱུ་མ་སྟེ། ཞེས་སོགས་ཀྱི་མིང་གི་སྒོ་ནས་དོན་ཡོད་པར་མངོན་པར་ཞེན་པ་ཙམ་ཡིན་གྱིས། ཐམས་ཅད་མིང་ཙམ་ཡིན་ལ། མིང་ཡང་བཅོས་མའོ་ཞེས་སྟོན་པས་ནི། རྣམ་པར་བརྟགས་པ་དེ་དག་ཞེས་སོགས་ཀྱིས་གསུངས་སོ། །ཐ་སྙད་ཙམ་བརྗོད་ཀྱིས་ཐ་སྙད་བཏགས་པའི་ཡུལ་མེད་པར་སྟོན་པ་ནི། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བདག་ཅེས་བྱ་བ་ཐ་སྙད་དུ་བརྗོད་མོད་ཀྱི་ཞེས་སོགས་ནས་བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་སྦྱར་ནས་གསུངས་སོ། །ཡང་ན་དོན་ལ་མངོན་པར་ཞེན་པ་བསྟན་པ་ལ། དེ་ནི་འདི་ལྟར་ཆོས་རྣམས་སོ་སོའི་མིང་ནི་སྒྱུ་མ་སྟེ་ཞེས་སོགས་ཕྲེང་གཅིག་གིས་བྱིས་པ་རྣམས་ཀྱིས་མིང་ལ་དོན་ལ་འཁྲུལ་བའི་ཚུལ་བསྟན། བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས་བཟུང་ནས། བྱེད་པའི་སྐྱེས་བུ་བཅུ་གཉིས་མི་དམིགས་པའི་བར་དུ་བསྟན་ཏོ། །མི་དམིགས་པའི་སྒྲུབ་པ་ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའ་ཆོས་བྱང་ཆུབ་དང༌། གང་ཟག་སངས་རྒྱས་དང༌། ཆོས་ཤེར་ཕྱིན་དང༌། གཟུགས་སོགས་དང༌། བྱང་ཆུབ་སེམས་དཔའ་ཡང་མི་ཙམ་དུ་རྟོགས་པའི་ཚུལ་གྱིས། ཤེར་ཕྱིན་ལ་འཇུག་པའི་ཤེས་རབ་ཀྱིས་ཉན་རང་གི་ཤེས་རབ་ཟིལ་གྱིས་མནན་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་ནས་ཟིལ་གྱིས་གནོན་ཏོ་ཞེས་པའི་བར་རོ། །དེ་འཐད་པའི་སྒོ་ནས་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་སོགས་ཀྱིས་སྟོན་ཏེ། ཉན་རང་གི་ཆོས་དྲུག་ལ་གནས་པའི་ཤེས་རབ་ཀྱིས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕར་ཕྱིན་ལ་སྤྱོད་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བའི་ཚུལ་གྱིས་སྟོན་ནོ། །ཇི་སྐད་དུ་དེ་དག་གི་ཤེས་རབ་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་སོགས་གསུངས་སོ། །ཤེར་ཕྱིན་གྱི་མདོ་ལྔས་འདི་དང་མཐུན་པར་གསུངས་པས་ན། ས་བདུན་པ་མ་ཐོབ་ཀྱི་བར་དུ་ཉན་རང་རྟོགས་པའི་མཐུས་ཟིལ་གྱིས་གནོན་པར་མི་ནུས་ཞེས་འདོད་པ་ནི་གཞུང་འདི་དག་དང་འགལ་ལོ། །དེ་ལ་བརྒྱའི་ཆར་ཡང་མི་འགྲོ་ཞེས་པ་ནས། བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་མི་འགྲོའོ་ཞེས་སོགས་ཀྱི་དོན་ནི། བརྒྱའི་ཆ་ཤས་སུ་རྣམ་པར་ཕྱེ་བའི་ཆ་གཅིག་གི་དོ་ཟླར་ཡང་མི་འགྲོ་ཞེས་པ་སྟེ། ལྷག་མ་རྣམས་ལ་ཡང་རིགས་པ་དེ་ཉིད་དོ། །གྲངས་དང༌། ཆ་དང༌། བགྲང་བ་གསུམ་གྱི་དོན་ནི། ངག་གིས་དེའི་གྲངས་སུ་བགྲང་བ་དང༌། ཆ་ཤས་སུ་མར་བྱེ་བའི་ཆ་ཙམ་གྱི་གྲངས་དང༌། ཡིད་ཀྱིས་བགྲང་བའི་གྲངས་སུ་ཡང་མི་འགྲོའོ་ཞེས་པའི་དོན་ནོ། །དཔེར་མི་རུང་ཞེས་པ་ནི། འདྲ་བ་ཙམ་ཡང་མེད་པ་དང༌། རྒྱུར་ཡང་ཞེས་པས་ནི། རྒྱུ་འབྲས་སུ་ཡང་མི་རུང་ཞེས་པའོ། །རྟོགས་པའི་ཆོས་དྲུག་ལ་གནས་པ། འཛམ་བུའི་གླིང་གང་བར་གྱུར་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་སོགས་སྦྱར་བ་ལྟར། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ནས་ཕྱོགས་བཅུ་ཐམས་ཅད་ལ་སྦྱར་རོ། །འདིར་ཤེར་ཕྱིན་ལ་སྤྱོད་པའི་བྱང་སེམས་ཀྱི་ཆེ་བ་བསྟན་པ་ན། འཁོར་རྣམས་ཀྱི་ཐེ་ཚོམ་ཟ་བ་བསལ་བའི་དོན་དུ། ཤཱ་རིའི་བུས་ཞུས་པ་ནི། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་གང་འདི་ཉན་ཐོས་རྒྱུན་དུ་ཞུགས་པ་དང་ཞེས་པ་ནས། ཤེས་རབ་ཟིལ་གྱིས་གནོན་པར་འགྱུར་བ་ལགས་ཞེས་པའི་བར་གྱིས་དྲིས་སོ། །སྤྱིའི་དོན་ནི། དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་ན། ཇི་ལྟར་ན་ཉན་རང་བྱང་སེམས་ལས་ཤེས་རབ་ཀྱི་ཁྱད་པར་མཆིས་ཞེས་ཞུས་པའོ། །དོན་དམ་པར་བྱེ་བྲག་མེད་དུ་ཟིན་ཀྱང་ཐ་སྙད་དུ་ཡོད་པའི་ཚུལ་སྟོན་པ་ནི། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས་ཞེས་སོགས་ཀྱིས་གསུངས་ཏེ། འདིས་ཐ་སྙད་དུ་རྒྱུ་ཐ་དད་པ་དང༌། འབྲས་བུ་ཐ་དད་པར་བསྟན་ཏོ། །རྒྱུ་ལ་ཡང་བསམ་པ་དང༌། སྤྱོད་པ་དང༌། བྱ་བ་གསུམ་ལས། བསམ་པའི་ཆེ་བ་བརྗོད་པ་ནི། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་པས་བསྟན་ཏོ། །སྤྱོད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པས་ཞེས་པའོ། །བྱ་བ་ནི་སེམས་ཅན་གྱི་དོན་བྱེད་པ་ཞེས་པས་བསྟན་ཏོ། །འབྲས་བུ་ནི་གཉིས་ཏེ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དང་པོ་ནི། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱས་ཏེ་ཞེས་པའོ། །གཉིས་པ་ནི། སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་པའོ། །འཐད་པའི་རྣམ་གྲངས་གཞན་སྟོན་པ་ནི། ཉན་ཐོས་དང་རང་སངས་རྒྱས་ལ་བསམ་པ་ཁྱད་པར་ཅན་མེད་པ་ནི། ཉན་རང་ལ་ལྷག་པའི་བསམ་པ་མེད་པར་ཟིལ་གྱིས་གནོན་ནུས་པར་བསྟན་པ་ནི། ཤཱ་རིའི་བུ་དེ་ཅི་སྙམ་དུ་སེམས་ཞེས་པ་ནས་ཟིལ་གྱིས་གནོན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སྤྱོད་པ་ཁྱད་པར་ཅན་དང༌། བྱ་བ་ཁྱད་པར་ཅན་མེད་པར་བསྟན་པ་ནི། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཅི་ག་ཉན་ཐོས་དང་རང་སངས་རྒྱས་ཞེས་སོགས་ནས་དེ་ལྟར་སེམས་པ་མ་མཆིས་ཞེས་པའི་བར་རོ། །བྱང་ཆུབ་སེམས་དཔའ་ལ་ཡོད་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ལའོ་སྙམ་དུ་སེམས་སོ་ཞེས་པའི་བར་གྱིས་བསྟན། ཕ་རོལ་ཏུ་ཕྱིན་པ་ཞེས་སོགས་ཀྱིས་ནི་བདག་ཉིད་ཡོངས་སུ་སྨིན་པའི་སྤྱོད་པ་བསྟན་ལ། དེའི་འོག་ཏུ་ཚིག་གཉིས་ཀྱིས་ནི། སེམས་ཅན་སྨིན་པ་དང་ཞིང་ཡོངས་སུ་དག་པའི་བྱ་བ་གཉིས་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པའི་སྟོབས་བཅུ་ནས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ་ཞེས་པས་ནི། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་སྤྱོད་པ་བསྟན་ཏོ། །འབྲས་བུའི་ཆོས་ལ་གཉིས་ཏེ། མངོན་པར་བྱང་ཆུབ་པ་དང༌། སེམས་ཅན་མྱ་ངན་ལས་འདའ་བའོ་ཞེས་པས་བསྟན་ཏོ། །དེའི་འོག་ཏུ་ཉན་རང་ནི་སྲིན་བུ་མེ་ཁྱེར་གྱི་དཔེས་བསྟན་ལ། བྱང་ཆུབ་སེམས་དཔའ་ཉི་མའི་དཀྱིལ་འཁོར་གྱི་དཔེས་བསྟན་ཏོ། །གོང་དུ་བྱང་སེམས་ཀྱི་ཤེས་རབ་ཀྱིས་ཉན་རང་གི་ཤེས་རབ་ཟིལ་གྱིས་གནོན་པར་བསྟན་ན། འཁོར་རྣམས་ཀྱི་ཐེ་ཚོམ་བསལ་བའི་དོན་དུ། བཅོམ་ལྡན་འདས་ལ་དུས་སམ་གནས་སྐབས་གང་དུ་ཉན་རང་གི་ས་ལས་འདའ་བ་དང༌། གང་དུ་ཕྱིར་མི་ལྡོག་པའི་ས་ཐོབ་པ་དང༌། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བའི་གནས་གསུམ་ཞུས་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། ལམ་ཡོངས་སུ་སྦྱོང་བ་ལགས་ཞེས་པའི་བར་རོ་དང་པོའི་ལན་ནི། སེམས་དང་པོ་བསྐྱེད་པ་ནས་རྣམ་ཐར་སྒོ་གསུམ་ལ་གནས་པའི་རྒྱུས། ས་དང་པོ་ནས་འདའ་བར་བསྟན་ཏོ། །ཕྱིར་མི་ལྡོག་པ་ཞེས་པའི་ཚིག་གིས་ནི་ས་བརྒྱད་པ་ནས་ཐོབ་པར་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་ནི་གསུམ་བསྟན་ཏོ། །དུས་ཅི་ཙམ་ནས་ཉན་རང་གི་སྦྱིན་གནས་སུ་འགྱུར་བ་ཞུས་པ་ན། སྦྱིན་གནས་སུ་འགྱུར་བའི་དུས་བསྟན་པ་ནི་ཐོག་མར་སེམས་བསྐྱེད་ཕྱིན་ཆད་ཞེས་སོགས་ཀྱིས་བསྟན་ཏོ། །དེའི་གཏན་ཚིགས་ནི། ཤཱ་རིའི་བུ་ཞེས་པ་ནས་དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་ངོ་ཞེས་པས་བསྟན་ཏོ། །དགེ་བའི་ཆོས་གང་ཡིན་སྙམ་ན། འཇིག་རྟེན་པ་དང་ཐུན་མོང་གི་ཆོས་བསྟན་པ་ནི་དགེ་བ་བཅུའི་ཞེས་སོགས་སོ། །ཉན་ཐོས་ཀྱི་ཆོས་ནི་བསམ་གཏན་བཞི་ནས་མངོན་པར་ཤེས་པ་ལྔའི་བར་རོ། །བྱང་སེམས་ཀྱི་ཆོས་ནི་རྗེས་སུ་དྲན་པ་དྲུག་ནས་རྣམ་ཐར་སྒོ་གསུམ་གྱི་བར་རོ། །སངས་རྒྱས་ཀྱི་ཆོས་ནི་ཏིང་ངེ་འཛིན་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རོ། །ཆོས་དེ་དག་གི་རྣམ་སྨིན་སྟོང་པ་ལ་ཟག་པ་དང་བཅས་པའི་རྣམ་སྨིན་ནི། རྒྱལ་རིགས་ཆེ་ཞིང་མཐོ་བ་དག་ཡོད་པ་ཡིན་ཞེས་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན་ཞེས་པའི་བར་གྱིས་གསུངས་སོ། །ཟག་མེད་ཀྱི་རྣམ་སྨིན་ནི། རྒྱུན་དུ་ཞུགས་པ་ནས་རྫོགས་པའི་སངས་རྒྱས་འཇིག་རྟེན་ན་བཞུགས་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤྱོད་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཡོངས་སུ་སྦྱོང་བ་བསྟན་པ་ལས་འཕྲོས་པ་སྦྱིན་པ་ཡོངས་སུ་སྦྱོང་བའི་ཚུལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ལྟར་ལགས་ན་ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་སྦྱིན་པ་ཡོངས་སུ་གཏོང་ངོ་ཞེས་པའི་བར་གྱིས་དང་པོ། ཅིའི་སྦྱིན་པ་ཡོངས་སུ་གཏོང་ཞེ་ན་དགེ་བའི་ཆོས་དུ་མ་ཡོངས་སུ་གཏོང་སྟེ་ཞེས་གསུངས་སོ། །དགེ་བའི་ཆོས་ནི་དགེ་བ་བཅུ་དང༌། བསླབ་པའི་གནས་ལྔ་དང༌། ཡན་ལག་བརྒྱད་ལྡན་གྱི་གསོ་སྦྱོང་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། མངོན་ཤེས་ལྔ་དང༌། རྗེས་དྲན་དྲུག་དང༌། ཕར་ཕྱིན་དྲུག་དང༌། སྟོང་ཉིད་བཅོ་བརྒྱད་དང༌། བྱང་ཆུབ་ཀྱི་ཕྱོགས་དང༌། འཕགས་པའི་བདེན་པ་དང༌། རྣམ་ཐར་དང༌། གནས་ཀྱི་སྙོམས་འཇུག་དང༌། རྣམ་ཐར་སྒོ་གསུམ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱིས་གསུངས་སོ། །སྒྲུབ་པའི་ངོ་བོ་ལ་གདམས་པ་བསྟན་ཟིན་ཏོ། །ད་ནི་ཤེར་ཕྱིན་ལ་བརྩོན་པར་བྱེད་པའི་མཚན་ཉིད་ལས་བརྩམས་ཏེ། བདེན་པ་བཞི་ལ་འདོམས་པའི་གདམས་ངག་སྟོན་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བརྩོན་པར་བགྱིས་ན་བརྩོན་པ་ཞེས་བགྱི་བ་ལགས། ཞེས་ཞུས་པའི་ལན་དུ། རྒྱན་ལྟར་ན་བདེན་པ་བཞི་ལ་འདོམས་པའི་གདམས་ངག་གསུངས་པ་ལས་སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་པ་ནི། ཕུང་པོ་དང༌། ཁམས་དང༌། འཕགས་པའི་བདེན་པ་དང༌། རྟེན་འབྲེལ་དང༌། ཆོས་ཐམས་ཅད་དང༌། འདུས་བྱས་དང་འདུས་མ་བྱས་གཉིས་གཅིག་ཏུ་བསྡུས་ཏེ། ཆོས་བདུན་པོའི་སྟོང་ཉིད་བདུན་ལ་སྤྱོད་པའི་སྒོ་ནས་ཤེར་ཕྱིན་ལ་བརྩོན་ཞེས་བྱའོ། །དོན་དམ་པར་ནི་བརྩོན་མི་བརྩོན་ཞེས་མི་བརྗོད་དོ། །གཉིས་ཀ་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་བརྩོན་པ་དང་མི་བརྩོན་པ་གཉིས་མི་བརྗོད་དེ། འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་སོགས་ཀྱི་ཕུང་པོ་ལྔ་ལ་བརྩོན་མི་བརྩོན་གཉིས་ཀ་མ་དམིགས་པར་གསུངས་སོ། །སྔར་སྡུག་བསྔལ་གྱི་བདེན་པ་ལ་འདོམས་པའི་སྐབས་སུ། ཤེར་ཕྱིན་ལ་བརྩོན་པ་དེ་ཉིད་རྒྱས་པར་སྟོན་པའི་ཕྱིར་དུ། གཟུགས་སྐྱེ་བའི་ཆོས་ཅན་ནམ་འགོག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་པ་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་མེད་དོ། །དེ་ལ་ནི་སངས་རྒྱས་མེད་དོ། །བྱང་ཆུབ་མེད་དོ་ཞེས་པའི་བར་དུ་གསུངས་ཏེ། འདི་ལ་བཞི་སྟེ། གཟུགས་སོགས་སོ་སོའི་ངོ་བོ་མི་དམིགས་པ་དང༌། འདུས་པའི་ངོ་བོ་ཉིད་མི་དམིགས་པ་དང༌། རང་གི་མཚན་ཉིད་མི་དམིགས་པ་དང༌། ཆོས་ཐམས་ཅད་མི་དམིགས་པའོ། །དེ་ལ་ཀུན་འབྱུང་གི་བདེན་པ་ལ་འཇོམས་པའི་དབང་དུ་བྱས་ནས། དང་པོ་གསུམ་སྟོན་པ་ལ་གཟུགས་སོགས་སོ་སོའི་ངོ་བོ་ཉིད་དམིགས་སུ་མེད་པ་ནི། གཟུགས་སྐྱེ་བའི་ཆོས་ཅན་ནམ་ཞེས་པ་ནས། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་འདུས་པའི་ངོ་བོ་ཉིད་མེད་པ་ནི། གཟུགས་ནི་ཚོར་བ་དང་ལྷན་ཅིག་ཏུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་ནས། རྣམ་པར་ཤེས་པའི་བར་དུ་སྦྱར་ནས། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་འདུ་བ་མེད་དོ་ཞེས་པའི་བར་གྱིས་འཐད་པ་གསུངས་སོ། །གསུམ་པས་རང་གི་མཚན་ཉིད་དམིགས་སུ་མེད་པ་ནི། ཤཱ་རིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཏེ་ཞེས་པ་ནས་སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ་ཞེས་པའི་བར་དུ་ཕུང་པོ་ལྔ་ལ་སྦྱར་ནས་གསུངས་སོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ནི་འགོག་པའི་བདེན་པ་སྟེ། ཤཱ་རིའི་བུ་སྟོང་པ་ཉིད་གང་ཡིན་པ་དེ་ནི་མི་སྐྱེ་མི་འགག་ཅིང་ཞེས་པ་ནས། སངས་རྒྱས་མེད། བྱང་ཆུབ་མེད་ཅེས་པའི་བར་གསུང་སྟེ། ཀུན་ནས་ཉོན་མོངས་པར་འགྱུར་བ་མེད། རྣམ་པར་བྱང་བ་མེད། འཕེལ་འགྲིབ་དང༌། དུས་གསུམ་དང༌། སྐྱེ་འགག་བཀག་པས་གསུངས་སོ། །ཆོས་བརྒྱད་པོ་དེར་མ་དམིགས་པ་ལ་ནི། ཕུང་པོ་ལྔ་མེད་པ་ནས། ཁམས་བཅོ་བརྒྱད་དང༌། རྟེན་འབྲེལ་བཅུ་གཉིས་དང༌། བདེན་པ་བཞི་དང༌། དེ་ཤེས་པ་དང༌། ཐོབ་པར་བྱ་བ་དང༌། སྔོན་དུ་ཤེས་པར་བྱ་བ་མེད་དོ། །རྒྱུན་དུ་ཞུགས་པ་སོགས་གང་ཟག་བརྒྱད་དང༌། རང་སངས་རྒྱས་ལ་ཞུགས་པ་དང༌། རང་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའོ། །ལམ་ཤེས་དང༌། སངས་རྒྱས་དང་བྱང་ཆུབ་མེད་པའི་བར་གྱིས་གསུངས་སོ། །འགོག་པའི་བདེན་པ་བསྟན་ཟིན་ཏོ། །ལམ་གྱི་བདེན་པ་ལ་འདོམས་པའི་གདམས་ངག་ནི། སྤྲོས་པ་གཅོད་པའི་དོན་དུ་བརྩོན་པའི་རྣམ་གྲངས་མང་དུ་བསྟན་ཏེ། གཟུགས་ནས་རྣམ་མཁྱེན་པ་དང༌། དུས་གསུམ་མཉམ་པ་ཉིད་ཀྱི་འཐད་པས་སྔོན་དང་ཕྱི་མཐའ་སྦྱོར་བར་མི་འབྱེད་པའི་བར་གྱིས་གསུངས་སོ། །རྣམ་ཐར་སྒོ་གསུམ་དང༌། སྦྱོར་བ་དང་འབྱེད་པར་མི་བྱེད་པ་ལ་དམ་བཅའ་དང་འཐད་པ་གཉིས་གསུངས་ཏེ། དམ་བཅའ་ནི་སྟོང་པ་ཉིད་ནས་སྨོན་པ་མེད་པའི་བར་ལ་སྦྱོར་བ་དང་འབྱེད་པར་མི་བྱེད་ཀྱི་བར་ལ་བརྩོན་འགྲུས་ཞེས་བྱ་བ་དང་མི་བརྩོན་ཞེས་བྱ་བར་མི་སྦྱོར་བ་དང༌། རྣམ་ཐར་སྒོ་གསུམ་དང་སྦྱོར་བ་དང་འབྱེད་པར་མི་བྱེད་པ་དང༌། ཡང་གཟུགས་དང་རྣམ་མཁྱེན་གྱི་བར་ལ། སྔོན་དང་ཕྱི་མའི་མཐའ་དང༌། ད་ལྟར་བྱུང་བའི་ཆོས་རྣམས་ལ་སྦྱོར་བ་དང་འབྱེད་པར་མི་བྱེད་པར་གསུང་ལ། འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་བསྟན་ཏོ། །དཀོན་མཆོག་གསུམ་ལ་གདམས་པ་ལ། སངས་རྒྱས་དཀོན་མཆོག་ལ་གདམས་པ་ནི་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་ཚེ། རྣམ་པ་འདི་ལྟར་བརྩོན་པར་བྱེད་དེ་ཞེས་སོགས་ཀྱིས་བསྟན་ཏེ་སངས་རྒྱས་དང་དུས་གསུམ་སྦྱོར་བ་དང་འབྱེད་པར་མི་བྱེད་པ་དང༌། ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སྦྱོར་བ་དང་འབྱེད་པར་མི་བྱེད་པས་ནི་དམ་བཅའ་གསུངས་ལ། དེ་ནི་འདི་ལྟར་ཞེས་པ་ནས་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད་ཅེས་སོགས་ཀྱིས་འཐད་པ་རེ་རེ་དང་བཅས་ནས་བསྟན་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ་ཞེས་པས་ནི་དོན་བསྡུས་སོ། །ཆོས་དཀོན་མཆོག་ལ་གདམས་པ་ནི། བརྩོན་པའི་མཚན་ཉིད་ཀྱི་རྣམ་གྲངས་དུ་མས་བསྟན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ། དངོས་པོ་ཡོད་མེད། རྟག་མི་རྟག བདེ་སྡུག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་དང༌། སྡུག་མི་སྡུག་དང༌། སྟོང་མི་སྟོང་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་དང༌། དུས་གསུམ་དང༌། ཡོད་མེད་དང༌། ཆོས་བཅུ་གསུམ་དང་མི་སྦྱོར་བར་བསྟན་ཏེ། དོན་བསྡུ་བ་ནི། ཤ་ར་དྭ་ཏིའི་བུ་ཞེས་པ་ནས་བརྩོན་ཞེས་བྱ་བའི་བར་རོ། །ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་བརྟན་མི་བརྟན་དང༌། སྤྱོད་པ་ལྡོག་ཟླ་དང་བཅས་པ་བཞི་མི་སྦྱོར་བའི་བར་དུ་བསྟན་ཏེ། དོན་བསྡུ་བ་ནི་སྔར་ལྟར་རོ། །ཡང་ཡོད་མེད་ཀྱི་འགྲེས་འདི་བརྟན་མི་བརྟན་གྱི་འགྲེས་ཀྱི་འོག་ནས་འབྱུང་བ་ཡང་ཡོད་དོ། །བླང་བྱའི་ཡོན་ཏན་གྱི་ཆེད་དུ་ཤེར་ཕྱིན་ལ་སྤྱོད་པ་བཀག་པ་ནི། སྦྱིན་པ་ནས་ཡང་དག་པའི་མཐའི་བར་དུ་ཤེར་ཕྱིན་ལ་མི་སྤྱོད་དོ་ཞེས་པས་གསུངས་ཏེ། དམ་བཅའ་དང༌། འཐད་པ་དང༌། དོན་བསྡུ་དང་གསུམ། དང་པོ་ནི་མི་སྤྱོད་དེ་ཞེས་པའི་བར་རོ། །གཉིས་པ་ནི་དེ་ཅིའི་ཞེས་པ་ནས། ཁྱད་པར་དུ་ལྟ་བ་མེད་དེ་ཞེས་པའི་བར་རོ། །གསུམ་པ་ནི་ཤ་ར་དྭ་ཏིའི་བུ་ཞེས་སོགས་སོ། །མངོན་ཤེས་དྲུག་གི་དོན་དུ་ཕར་ཕྱིན་ལ་མི་སྤྱོད་པ་ཡང༌། དམ་བཅའ་ནི། ལྷའི་མིག་གི་དོན་དུ་ཞེས་པ་ནས། མི་སྤྱོད་དོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས་གཉིས་པ་ལྟ་ག་ལ་ཡོད་ཅེས་པའི་བར་གྱིས་གསུངས་སོ། །གསུམ་པ་ནི། ཤ་ར་དྭ་ཏིའི་བུ་ཞེས་སོགས་ནས་བརྩོན་ཞེས་བྱ་བའི་བར་རོ། །རྫུ་འཕྲུལ་གྱི་མངོན་ཤེས་ལ་བརྟེན་ནས་སངས་རྒྱས་མཆོད་པ་ལ་ཞེན་པ་དགག་པ། མངོན་ཤེས་ལྷག་མ་ལྔ་ལ་བརྟེན་ནས། སྒྲ་ལ་སོགས་པའི་ཡུལ་རྟོགས་པ་ལ་ཞེན་པ་དགག་པ་སྟེ། དང་པོ་ཤེར་ཕྱིན་ལ་སྤྱོད་པའི་ཚེ་འདི་སྙམ་དུ་བདག་གི་རྫུ་འཕྲུལ་གྱི་རྐང་པ་ལ་གནས་ཏེ་ཤར་ཕྱོགས་ཀྱི་ཁམས་ཞེས་པ་ནས། མཆོད་པར་བྱའོ་སྙམ་པའི་བར་དུ་མི་སེམས་སོ་ཞེས་པའི་བར་གྱིས་གསུངས་སོ། །དོན་བསྡུ་བ་ནི་སྔ་མ་བཞིན་ནོ། །ཤེར་ཕྱིན་ལ་བརྩོན་པའི་ཕན་ཡོན་བཤད་པ་ནི། བདུད་ཀྱིས་གླགས་མི་རྙེད་པ། འདོད་པའི་དོན་ལྷུན་གྱིས་གྲུབ་པ། ཉོན་མོངས་པ་སེལ་བ། སངས་རྒྱས་ཀྱིས་བསྲུང་བ། འཇིག་རྟེན་གྱི་ལྷས་བསྲུང་བ། ལུས་ཀྱི་སྐྱོན་དང་བྲལ་བ། གཟུངས་དང་ཏིང་ངེ་འཛིན་ཐོབ་པར་སླ་བ། སངས་རྒྱས་མཉེས་ཤིང་མི་འབྲལ་བ་དང་བརྒྱད་བསྟན་ཏོ། །དང་པོ་ནི། ཤ་ར་དྭ་ཏིའི་བུ་གཞན་ཞེས་པ་ནས། གླག་མི་རྙེད་ཅེས་པའི་བར་གྱིས་གསུངས་སོ། །གཉིས་པ་ནི། འཇིག་རྟེན་པ་དང་ཞེས་པ་ནས་མཐུན་པར་འགྲུབ་བོ་ཞེས་པའི་བར་རོ། །གསུམ་པ་ནི། འཇིག་རྟེན་པ་ནས་གསལ་བར་འགྱུར་རོ་ཞེས་པའི་བར་རོ། །བཞི་པ་ནི། ཤར་ཕྱོགས་ཞེས་པ་ནས་སྲུང་བར་མཛད་དོ་ཞེས་པའི་བར་རོ། །ལྔ་པ་ནི། རྒྱལ་པོ་ཆེན་པོ་བཞི་ཞེས་པ་ནས། བསྲུང་བར་བྱེད་དོ་ཞེས་པའི་བར་རོ། །དྲུག་པ་ནི། དེ་ལ་ལུས་ཀྱི་སྐྱོན་ཞེས་པ་ནས། མེད་དོ་ཞེས་པའི་བར་རོ། །འཐད་པ་ནི། ཅིའི་ཕྱིར་ཞེས་སོགས་སོ། །ཤར་ཕྱོགས་ལ་སྦྱར་བའི་ཚུལ་འདི་ཕྱོགས་གཞན་ལ་ཡང་སྦྱར་རོ། །བདུན་པ་ནི། ཤཱ་རིའི་བུ་ཞེས་པ་ནས། མངོན་འགྱུར་རོ་ཞེས་པའི་བར་རོ། །བརྒྱད་པ་ནི། སྐྱེ་བའི་སྐྱེ་མཆེད་ནས། བྲལ་བར་མི་འགྱུར་རོ་ཞེས་པའི་བར་རོ། །སྤྲོས་པ་གཅོད་པའི་དོན་དུ་ཤེར་ཕྱིན་ལ་བརྩོན་ཚུལ་གཞན་ཡང་བསྟན་པ་ནི། སྒྲོ་འདོགས་གཅོད་པར་བྱ་བའི་ཆོས་གང་ལ་འདུ་འབྲལ་དང་ཕྲད་མི་ཕྲད་ལ་རློམ་སེམས་དགག་པ་དང༌། དེའི་འཐད་པ་དང་དོན་བསྡུ་བ་གསུམ་གྱིས་བསྟན་ཏོ། །གཞན་ཡང་སངས་རྒྱ་བར་འགྱུར་མི་འགྱུར་དང༌། དེའི་འཐད་པ་དང་དོན་བསྡུ་བ་གསུམ་གྱི་སྒོ་ནས་བསྟན་ཏོ། །གཞན་ཡང་ཆོས་དང་ཆོས་དབྱིངས་ཐ་དད་དུ་མི་མཐོང་བ་དང༌། བྱེ་བྲག་ཏུ་མི་འབྱེད་པ་དང་ཆོས་དབྱིངས་ཁོང་དུ་ཆུད་མ་ཆུད་དང༌། དེའི་འཐད་པ་དང༌། ཆོས་དབྱིངས་སྟོང་པ་ཉིད་དུ་སྦྱོར་མི་སྦྱོར་ལ་སྤྲོས་པ་བཀག་པ་དང༌། དོན་བསྡུ་རེ་རེ་དང་བཅས་ཏེ་གསུངས་པ་ནི། ཆོས་གང་ཡང་ཞེས་པ་ནས། བརྩོན་ཞེས་བྱའོ་ཞེས་པའི་བར་རོ། །གཞན་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་ཆོས་སྟོང་པ་ཉིད་དང༌། མི་སྦྱོར་བའི་སྒོ་ནས་ཤེར་ཕྱིན་ལ་བརྩོན་པ་གསུངས་པ་ལ། འཐད་པ་ནི། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་དམ་པ་སྟེ་ཞེས་པ་ནས་སྤྱོད་པའི་རྣལ་འབྱོར་རོ་ཞེས་པའི་བར་གྱིས་གསུངས་སོ། །དེས་དེ་མ་ཡིན་པའི་རྣལ་འབྱོར་རྣམས་ཟིལ་གྱིས་མནན་ཏེ། གནས་སོ་ཞེས་པ་ནི། ཉན་རང་གི་རྣལ་འབྱོར་ལས་ཁྱད་པར་འཕགས་ཞེས་པའི་དོན་ནོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས། རྣལ་འབྱོར་དམ་པ་སྟེ་ཞེས་པའི་བར་གྱིས་གསུངས་སོ། །ཡང་ཤེར་ཕྱིན་ལ་བརྩོན་པའི་ཕན་ཡོན་གཞན་བསྟན་པ་ནི་ཉན་རང་གི་སར་མི་ལྟུང་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་པ་དང༌། སེམས་ཅན་སྨིན་པ་དང༌། མངོན་པར་རྫོགས་པར་འཚང་རྒྱ་བ་སྟེ་བཞིའོ། །ཤེར་ཕྱིན་གྱི་རྣལ་འབྱོར་གཞན་ལས་མཆོག་ཏུ་གྱུར་པ་བསྟན་པ་ནི། ཤཱ་རིའི་བུ་ཞེས་པ་ནས། གྱ་ནོམ་པ་ཞེས་བྱའོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ན་ཞེས་སོགས་སོ། །ལུང་བསྟན་པའི་ཡོན་ཏན་ནི། ཤཱ་རིའི་བུ་ཞེས་པ་ནས། ལུང་བསྟན་པ་ཞེས་པའི་བར་གསུངས་སོ། །མྱུར་དུ་སངས་རྒྱ་བ་ནི་བླ་ན་མེད་པ་ཞེས་སོགས་སོ། །ལུང་བསྟན་པ་སོགས་ཀྱི་ཡོན་ཏན་དང་ལྡན་ཡང་རློམ་སེམས་མེད་པ་ནི། ཤཱ་རིའི་བུ་ཞེས་པ་ནས། མི་སེམས་སོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་སོ། །རློམ་སེམས་མེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱི་འདུ་ཤེས་མི་སྐྱེ་བར་གསུངས་སོ། །འདུ་ཤེས་མི་སྐྱེ་བའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་གསུངས་སོ། །བདག་ཏུ་ལྟ་བའི་འདུ་ཤེས་མེད་པས་ཤེར་ཕྱིན་ལ་བརྩོན་པར་བསྟན་པ་ནི། ཤཱ་རིའི་བུ་དེ་ལྟར་སྤྱོད་པའི་ཞེས་པ་ནས། ཤེར་ཕྱིན་ལ་སྤྱོད་པ་ཡིན་ཏེ་ཞེས་པའི་བར་གྱིས་གསུངས་སོ། །ཤེར་ཕྱིན་གྱི་རྣལ་འབྱོར་དམ་པར་སྟོན་པའི་སྒོ་ནས། གཞན་ཟིལ་གྱིས་གནོན་པའི་ཡོན་ཏན་བསྟན་པ་ནི། ཤཱ་རིའི་བུ་ཞེས་པ་ནས་ཟིལ་གྱིས་མནན་ཏེ་གནས་སོ་ཞེས་པའི་བར་རོ། །ཡང་ཤེར་ཕྱིན་གྱི་རྣལ་འབྱོར་ལ་ཡོན་ཏན་གཉིས་ཡོད་པར་བསྟན་ཏེ། ཡོན་ཏན་མངོན་པར་བསྒྲུབ་པ་ནི། ཤཱ་རིའི་བུ་ཞེས་པ་ནས། མངོན་པར་བསྒྲུབ་བོ་ཞེས་པའི་བར་གྱིས་བསྟན་ཏོ། །བྲལ་བའི་ཡོན་ཏན་ནི། ཤཱ་རིའི་བུ་ཞེས་པ་ནས། ཤེས་རབ་འཆལ་བའི་སེམས་མི་བསྐྱེད་དོ་ཞེས་པའི་བར་རོ། །ཤེར་ཕྱིན་ལ་བརྩོན་པའི་མཚན་ཉིད་བསྟན་ཟིན་ཏོ། །དགེ་འདུན་དཀོན་མཆོག་ལ་གདམས་པའི་གདམས་ངག་ནི། ཤེར་ཕྱིན་ལ་བརྩོན་པར་བྱེད་པའི་གང་ཟག་གི་རབ་དབྱེ་སྟོན་པས་གསུངས་ཏེ། གང་ཟག་གི་རབ་ཏུ་དབྱེ་བས་ཤེས་པར་འདོད་ན། ཤཱ་རིའི་བུ་ཞེས་པ་ནས། གང་དུ་སྐྱེ་བར་འགྱུར་ཞེས་པའི་བར་རོ། །ལན་ལ། བཅོམ་ལྡན་འདས་ཀྱིས་གང་ཟག་གི་རབ་དབྱེ་བཞི་བཅུ་རྩ་ལྔ་གསུངས་པར་འབུམ་ཊཱིཀ་ལས་བཤད་དོ། །མདོ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་གྱི་གང་སྤྱོད་པ་དེ་ནི། སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ་འདིར་སྐྱེས་པའམ། དགའ་ལྡན་གྱི་ལྷའི་རིགས་དང༌། མིའི་ནང་ནས་ཤི་འཕོས་ཏེ། འདིར་སྐྱེས་པར་ཤེས་པར་བྱའོ་ཞེས་པ་ནས། ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་བྱུང་བ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་འདི་ནས་ཤི་འཕོས་ནས་ཞེས་པ་ནས་ཤེས་པར་བྱའོ་ཞེས་པའི་བར་གྱིས་ནི། གང་ནས་ལྷག་པའི་ས་ཕྱོགས་སྤྱིར་བསྟན་པའི་སྒོ་ནས་སྤྱིར་བསྟན་པའོ། །སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ནས་ཞེས་པས་ནི་དབང་པོ་རྣོན་པོ་བསྟན་ཏོ། །དགའ་ལྡན་གྱི་ལྷའི་རིགས་ནས་ཤི་འཕོས་ནས་ཞེས་པས་ནི་དབང་པོ་འབྲིང་པོ་བསྟན་ཏོ། །མིའི་ནང་ནས་ཤི་འཕོས་ཞེས་པས་ནི་དབང་པོ་ཐ་མ་བསྟན་ཏོ། །འདི་ནི་དབྱེ་བ་མདོར་བསྟན་ཏོ། །དབང་པོ་དད་པའི་རྗེས་འབྲང་ནི། བྱེ་བྲག་མིའི་ནང་ནས་ཤི་འཕོས་ནས་མི་དང་སྐལ་བ་མཉམ་པར་སྐྱེས་ཞེས་པའོ། །ཆོས་ཀྱི་རྗེས་འབྲང་ནི་དབང་རྣོན་གྱི་མདོ་དེ་ཉིད་ཀྱིས་བསྟན་ཏོ། །དད་པས་མོས་པ་ནི་ཤཱ་རིའི་བུ་ཞེས་པ་ནས། བསམ་གཏན་བཞི་ལ་འཇུག ཕར་ཕྱིན་དྲུག་ལ་སྤྱད་པ་བསམ་གཏན་ཐོབ་པས། ལྷ་ཚེ་རིང་པོར་སྐྱེ་ཞིང༌། ཡང་བསམ་གཏན་སྤངས་ནས་མིའི་ནང་དུ་སྐྱེས་ཏེ། དབང་པོ་མི་རྣོ་བའི་མདོས་བསྟན་ཏོ། །ཤཱ་རིའི་བུ་ཞེས་པ་ནས་དབང་པོ་རྟུལ་བ་ཡིན་ཏེ། དབང་པོ་རྣོ་བ་མ་ཡིན་ནོ་ཞེས་པའི་བར་རོ། །མཐོང་ཐོབ་ནི་བསམ་གཏན་བཞི། ཚད་མེད་བཞི། གཟུགས་མེད་བཞི། བྱང་ཕྱོགས་སོ་བདུན། སྙིང་རྗེ་ཆེན་པོ་ལ་འཇུག་སྟེ། བསམ་གཏན། གཟུགས་མེད་དེ་དག་གི་ནང་དུ་མི་སྐྱེ། བཅོམ་ལྡན་འདས་ཀྱི་དྲུང་དུ་སྐྱེ་སྟེ། བསྐལ་པ་བཟང་པོ་འདི་ལ་སངས་རྒྱ་བར་སྟོན་པའི་མདོས་བསྟན་ཏོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི། བསམ་གཏན་བཞི། ཚད་མེད་བཞི། གཟུགས་མེད་བཞི་ལ་འཇུག་ཀྱང་སྙོམས་འཇུག་གི་དབང་གིས་མི་སྐྱེ། འདོད་པའི་ཁམས་སུ་སྐྱེས་ཀྱང་རྒྱལ་རིགས་དང༌། བྲམ་ཟེ་དང༌། ཁྱིམ་བདག་མཐོ་བའི་རིགས་སུ་སྐྱེ་ཞེས་པས་བཤད་དོ། །ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི། སྙོམས་འཇུག་སྔར་དང་འདྲ་ལ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་སྐལ་བ་མཉམ་པར་སྟོན་ནོ། །གཟུགས་ཀྱི་རིགས་ནས་རིགས་སུ་སྐྱེ་བ་ནི། སྙོམས་འཇུག་སྔར་དང་འདྲ་ལ་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་ཕྲག་བཅུ་ལ་དབང་བསྒྱུར་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་གསོལ་བ་འདེབས་པར་བྱེད་པས་གསུངས་སོ། །འདི་ནི་རིགས་ནས་རིགས་སྐྱེའི་ནང་དུ་བསྡུ། བར་ཆད་གཅིག་པ་ནི་ཚེ་གཅིག་གིས་ཐོགས་པ་སྙོམས་འཇུག་སྔ་མ་ལྟར་དང༌། བྱང་ཕྱོགས་སོ་བདུན་རྣམ་ཐར་སྒོ་གསུམ་ལ་འཇུག་ཅིང༌། ཞིང་སྣ་ཚོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོད་དོ། །བར་མ་དོར་མྱ་ངན་ལས་འདའ་བ་དང་པོ་ནི་མངོན་ཤེས་དྲུག་ཐོབ་པ་དག ཁམས་གསུམ་དུ་མི་སྐྱེ་བར་སངས་རྒྱས་ལ་རིམ་གྲོ་དང་བཀུར་སྟི་བྱེད་པ་དང༌། ཉན་རང་གི་སྒྲ་མི་གྲགས་པའི་ཞིང་དུ་སོང་ནས་དཀོན་མཆོག་གསུམ་གྱི་སྒྲ་སྒྲོགས་པར་བྱེད་པ་ཡོད་དོ་ཞེས་པའི་མདོས་བསྟན་ཏོ། །བར་དོར་འདའ་བ་གཉིས་པ་ནི། སེམས་དང་པོ་བསྐྱེད་ཕྱིན་ཆད་བསམ་གཏན་བཞི་ནས་མ་འདྲེས་པའི་བར་ཐོབ་ཀྱང་ཁམས་གསུམ་དུ་མི་སྐྱེ་བར། སེམས་ཅན་གྱི་དོན་བྱེད་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པའི་མདོས་གསུངས་སོ། །འགའ་ཞིག་གིས་འདི་འདའ་བའི་མདོར་སྦྱོར་བ་ཡོད་མོད། འོན་ཀྱང་གཉིས་ཀས་བར་དོར་འདའ་བའི་བྱེ་བྲག་བྱེད་ན་ལེགས་སོ། །ཕྱིར་མི་འོང་གི་ཐུན་མོང་གི་མདོར་བསྟན་ནི། དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡང་ཡོད་དོ་ཞེས་པའོ། །འདི་འགའ་ཞིག་གིས། འཕར་བ་དང་པོའི་མདོར་སྦྱར་བ་ཡོད་དེ་མི་འཐད་དོ། །སྐྱེས་ནས་འདའ་བ་ནི། དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང༌། སྐལ་བའི་ལྷག་མར་གནས་པ་དག་ཀྱང་ཡོད་དོ་ཞེས་པའི་བར་དང༌། འདུ་བྱེད་མེད་པར་འདའ་བ་ནི། དྲན་པ་ཉེ་བར་བཞག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང༌། རྣམ་ཐར་སྒོ་གསུམ་ཐོབ་ཀྱང་རྒྱུན་དུ་ཞུགས་པ་སོགས་ཀྱི་འབྲས་བུ་མངོན་དུ་མི་བྱེད་པར། གཞན་རྒྱུན་དུ་ཞུགས་པ་སོགས་ལ་འགོད་པས་གསུངས་སོ། །འཕར་བ་དང་པོ་ནི། ཤཱ་རིའི་བུ་ཉན་ཐོས་དང་ཞེས་པ་ནས། དེ་ལྟར་རྣམ་པར་སྤྱོད་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །འཕར་བ་གཉིས་པ་ནི། དགའ་ལྡན་གྱི་གནས་ཡོངས་སུ་སྦྱང་བ་དག་ཀྱང་ཡོད་དོ་ཞེས་པས་གསུངས་སོ། །མདོ་སྔ་མ་ནི། དབང་པོ་རྣོ་རྟུལ་གཉིས་དང་བར་ཆད་གཅིག་པའི་དོན་བསྡུས་ཡིན་ནོ། །འཕར་བ་གསུམ་པ་ནི། དྲན་པ་ཉེ་བར་བཞག་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པ་དང༌། གཞན་བདེན་པ་བཞི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྤྱོད་ཀྱང་རྟོགས་པར་མི་བྱེད་པ་ནི། ཚེ་གཅིག་གིས་ཐོགས་པའོ། །སྲིད་པའི་རྩེ་མོའི་མཐར་ཐུག་བར་འགྲོ་བའི་དགེ་འདུན་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ནས། ཟས་འདོད་པ་རྣམས་ལ་ཟས་ལ་སོགས་པ་བསྟན། གཟུགས་ཀྱི་འདོད་ཆགས་བཅོམ་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་སེམས་ཅན་ལ་ཆོས་སྟོན། སངས་རྒྱས་ལ་བསྙེན་བཀུར་བྱེད། བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་མཐོང་ཞིང་དེ་དག་གི་མཚན་མ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པ་བསྒྲུབ་ཅིང༌། བྱང་ཆུབ་སེམས་དཔའ་མ་ཞེན་པའི་བརྩོན་འགྲུས་ལ་གདམས་པ་ནི། གོང་དུ་ཁ་ན་མ་ཐོ་བ་དང་བཅས་པའི་ལུས་ངག་ཡིད་གསུམ་གྱི་གོ་མི་འབྱེད་ཅེས་པའི་ལན་གྱིས་གསུངས་ཏེ། དྲི་བ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། གང་ལགས་ཞེས་པའི་བར་གྱིས་གསུངས་སོ། །ལན་ལ་ཁ་ན་མ་ཐོ་བ་ངོས་བཟུང་བ་དང༌། བྱང་སེམས་ལ་མི་འབྱུང་བར་བསྟན་པ་དང༌། དེའི་གོ་སྐབས་མི་འབྱེད་པ་དང༌། འཐད་པ་དང་བཅས་པའོ། །དེ་ལ་དང་པོ་ནི། བཅོམ་ལྡན་འདས་ཞེས་པ་ནས། ཁ་ན་མ་ཐོ་བ་དང་བཅས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། ཤཱ་རིའི་བུ་ཞེས་པ་ནས། སེམས་མི་དམིགས་སོ་ཞེས་པའི་བར་རོ། །གསུམ་པ་ནི། ཤཱ་རིའི་བུ་ཞེས་པ་ནས་གནས་ངན་ལེན་བསྐྱེད་པ་ཙམ་དུ་ནི་ཤེས་པར་མི་བྱ་སྟེ། དེ་ནི་གནས་མེད་པའོ་ཞེས་པའི་བར་རོ། །འཐད་པ་ལ། གནས་ངན་ལེན་སྦྱོར་ཚུལ་རྒྱས་པར་བཤད་པ་ལ། དྲི་བ་ནི། གསོལ་པ་ཞེས་པ་ནས། སྦྱོང་བ་ལགས་ཞེས་པའི་བར་རོ། །ལན་ལ་རྒྱུ་གང་གིས་སྦྱོང་བ་དང༌། རྒྱུ་གང་གིས་དག་པ་དང༌། སྦྱོང་བྱེད་ཀྱི་ལམ་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཞེས་པ་ནས། ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་པའི་བར་རོ། །གཉིས་པ་ནི། ཤཱ་རིའི་བུ་ཞེས་པ་ནས། ཡོངས་སུ་དག་པ་ཞེས་ངས་བཤད་དོ་ཞེས་པའི་བར་རོ། །ཡོངས་སུ་མི་སྤང་བ་ལ་གདམས་པ་ནི། སྦྱོང་བྱེད་ཀྱི་ལམ་གྱིས་བཤད་དེ། མདོར་བསྟན་པ་ནི། ཤཱ་རིའི་བུ་ཞེས་པ་ནས། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་ཞིང་ཞེས་པས་བསྟན་ཏོ། །སྦྱོང་བྱེད་ཀྱི་ཆོས་ནི། སྦྱིན་སོགས་ཕར་ཕྱིན་དྲུག་གི་སྤྱོད་པ་ལ་བཤད་དོ། །བྱང་ཆུབ་ཀྱི་ལམ་ངོས་བཟུང་བ་དྲི་བ་ནི། གསོལ་པ་ཞེས་པ་ནས། གང་ལགས་ཞེས་པའོ། །ངོས་བཟུང་བ་ནི་བཅོམ་ལྡན་འདས་ཞེས་པ་ནས། བྱང་ཆུབ་ཀྱི་ལམ་ཡིན་ཏེ་ཞེས་པའི་བར་གྱིས་གསུངས་སོ། །སྦྱོང་ཚུལ་ནི། འདི་ལྟར་ཞེས་སོགས་སོ། །སྦྱངས་པའི་ཕན་ཡོན་ནི། ཤཱ་རིའི་བུ་ཞེས་པ་ནས། སུས་ཀྱང་ཐུབ་པ་མེད་དོ་ཞེས་པའོ། །ཚུལ་ཇི་ལྟར་སྤྱོད་ན། མི་ཐུབ་པར་ཞུས་པ་ནི། གསོལ་པ་ཞེས་པ་ནས། ཐུབ་པ་མ་མཆིས་ལགས་ཞེས་པའོ། །རློམ་སེམས་མེད་པའི་ཚུལ་གྱིས་སྤྱོད་ན། མི་ཐུབ་པར་བསྟན་པ་ནི། བཅོམ་ལྡན་འདས་ཞེས་པ་ནས། མྱ་ངན་ལས་འདས་པའི་བར་ལ་རློམ་སེམས་མེད་པར་སྤྱོད་པའི་ཚུལ་གྱིས་བསྟན་ཏོ། །ཚུལ་དེ་ལྟར་སྤྱོད་པའི་ཡོན་ཏན་ནི། ཤཱ་རིའི་བུ་ཞེས་པ་ནས། ཡེ་ཤེས་དེ་དང་ལྡན་པས་ནམ་ཡང་ངན་སོང་རྣམས་སུ་མི་སྐྱེ་ཞེས་པ་ནས། ཡོངས་སུ་འཛིན་པར་མི་འགྱུར་བ་དག་གོ་ཞེས་པའི་བར་གྱིས་གསུངས་སོ། །ལམ་ཡོངས་སུ་འཛིན་པ་ལ་གདམས་པ་ནི། ངན་སོང་རྣམས་སུ་ལྷུང་བར་མི་འགྱུར་བའི་རྒྱུ་ཡེ་ཤེས་དྲིས་ལན་དང་བཅས་པའི་ལན་གྱིས་གསུངས་ཏེ། དྲི་བ་ནི། དེ་ནས་ཚེ་དང་ལྡན་པ་ཞེས་པ་ནས། དེ་གང་ལགས་ཞེས་པའི་བར་རོ། །ཐོག་མར་ཡེ་ཤེས་སྤྱོད་པ་སྟོན་པ་ལ་གཉིས་ཏེ། སངས་རྒྱས་མཐོང་ཞིང་ཆོས་ཉན་པའི་ཡོན་ཏན་དང་མི་མཐུན་ཕྱོགས་དང་བྲལ་བའི་ཡོན་ཏན་ནོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་སོགས་ཏེ།                        རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*