ཕྱོགས་བཅུའི་སངས་རྒྱས་མཐོང་བ་དང༌། དེ་དག་ལ་ཆོས་ཉན་པ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་དང་འགྲོགས་པ་དང༌། སངས་རྒྱས་ཀྱི་ཞིང་མཐོང་བ་སྟེ་རྣམ་པ་བཞིས་བསྟན་ཏོ། །གཉིས་པ་མི་མཐུན་ཕྱོགས་དང་བྲལ་བ་ནི། ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནས། གཞན་གྱི་འདུ་ཤེས་མི་བསྐྱེད་ཞེས་པའི་བར་གྱིས་བསྟན་ཏོ། །ཡོན་ཏན་དེ་དག་གི་རྒྱུ་ཡེ་ཤེས་བསྟན་པ་ནི། ཡེ་ཤེས་དེ་དང་ལྡན་པ་ཞེས་སོགས་ཀྱིས་གསུངས་ཏེ། ཀུན་རྫོབ་ཏུ་སྦྱིན་སོགས་ལ་སྤྱོད་པ་དང༌། དོན་དམ་པར་མི་དམིགས་པར་རྟོགས་པའི་ཤེས་རབ་སྟེ། གཉིས་གཉིས་ཀྱི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་བར་དུ་གསུངས་སོ། །དེ་དག་གི་དོན་བསྡུ་བ་ནི། ཤཱ་རིའི་བུ་ཞེས་པ་ནས། དེ་དག་གི་དོན་རྗེས་སུ་མི་མཐོང་ངོ་ཞེས་པའི་བར་རོ། །སྤྱན་ལྔ་ལ་གདམས་པ་ལ་མདོར་བསྟན་པ་ནི། ཤཱ་རིའི་བུ་ཞེས་པ་ནས། སངས་རྒྱས་ཀྱི་མིག་གོ་ཞེས་པའི་བར་རོ། །རྒྱས་པར་བཤད་པ་ལ། ཐོག་མར་ཤའི་མིག་དྲི་བ་དང༌། ངོས་བཟུང་བའོ། །དང་པོ་ནི། གསོལ་པ་ཞེས་པ་ནས། གང་ལགས་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ་ཞེས་པ་ནས། དཔག་ཚད་སྟོང་མཐོང་བ་ཡོད་དོ་ཞེས་པའི་བར་དུ་གསུངས་ནས། ཡང་འཛམ་བུའི་གླིང་དང༌། གླིང་གཉིས་དང༌། གླིང་གསུམ་དང༌། གླིང་བཞི། སྟོང་དང་པོ་དང༌། གཉིས་པ་དང༌། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་མཐོང་བའི་བར་དུ་གསུངས་ཏེ། ས་མཐོ་དམན་དང་ཡོན་ཏན་ཆེ་ཆུང་གི་རིམ་པ་ལས་རྣམ་པར་ཕྱེ་བ་ཡིན་ནོ། །དོན་བསྡུ་བ་ནི། ཤཱ་རིའི་བུ་ཞེས་སོགས་སོ། །ལྷའི་མིག་ལ་དྲི་བ་དང༌། ངོས་བཟུང་བ་དང༌། དོན་བསྡུ་བ་གསུམ་གྱིས་བསྟན་ཏེ། དང་པོ་ནི། གསོལ་པ་ཞེས་སོགས་སོ། །གཉིས་པ་ལ། ཡུལ་རྟོགས་པའི་ཆེ་བ་བརྗོད་པ་དང༌། གཞན་གྱི་སྤྱོད་ཡུལ་ལས་འདས་པ་དང༌། གཞན་གྱི་འཆི་འཕོ་སྐྱེ་བ་ཤེས་པར་བསྟན་པའོ། །དང་པོ་ནི། ཤཱ་རིའི་བུ་རྒྱལ་པོ་ཆེན་པོ་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་རབ་ཏུ་ཤེས་སོ་ཞེས་པ་ནས། འོག་མིན་གྱི་ལྷའི་མིག་གི་བར་དུ་སྦྱར་ནས་གསུངས་སོ། །གཉིས་པ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ་ཞེས་པ་ནས། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྦྱར་ནས་གསུངས་སོ། །གསུམ་པ་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་ཚུལ་ནས། ཕྱོགས་བཅུ་ཐམས་ཅད་ལ་སྦྱར་ནས་གསུངས་སོ། །དོན་བསྡུ་བ་ནི། ཤཱ་རིའི་བུ་ཞེས་པ་ནས། ལྷའི་མིག་ཡོངས་སུ་དག་པའོ་ཞེས་པའི་བར་རོ། །ཤེས་རབ་ཀྱི་སྤྱན་ལ་དྲི་བ་ནི། གསོལ་པ་ཞེས་པ་ནས། གང་ལགས་ཞེས་པའི་བར་རོ། །ངོ་བོ་ནི་དོན་དམ་པར་འདུས་བྱས་འདུས་མ་བྱས། དགེ་མི་དགེ་ཁ་ན་མ་ཐོ་བ་དང་བཅས་མ་བཅས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ། འཇིག་རྟེན་ལས་འདས་མ་འདས་ཟག་པ་ཡོད་མེད་སོགས་གང་ཡང་མ་དམིགས་པ་དང༌། ཐ་སྙད་དུ་ཆོས་གང་ཡང་མ་མཐོང་བ་མེད་པ་སོགས་ཀྱིས་གསུངས་སོ། །དོན་བསྡུ་བ་ནི། ཤཱ་རིའི་བུ་ཞེས་སོགས་སོ། །ཆོས་ཀྱི་སྤྱན་ལ་ཡང༌། དྲི་བ་ནི། གསོལ་པ་ཞེས་པ་ནས། གང་ལགས་ཞེས་པའི་བར་རོ། །ངོས་འཛིན་ནི་དང་པོ་ཉན་ཐོས་ཀྱི་གང་ཟག་གི་དབང་པོ་རྣོ་རྟུལ་ཤེས་ཚུལ་ནི། གང་ཟག་འདི་ནི་ཆོས་ཀྱི་རྗེས་སུ་འགྲོ་བ་ཞེས་པས་བསྟན་ཏོ། །སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པའི་རྒྱུན་ཞུགས་དང༌། ཕྱིར་འོང་དང༌། ཕྱིར་མི་འོང་རྣམས་ཀྱི་དབང་པོ་ལྔ་སྐྱེ་ཚུལ་དང༌། དབང་པོ་ལྔ་ལས་ཏིང་ངེ་འཛིན་ཐོབ་ཚུལ་དང༌། དེ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་སྐྱེ་ཚུལ་དང༌། དེ་ལས་མི་མཐུན་ཕྱོགས་སྤངས་ཚུལ་ཏེ་བཞི། དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པའི་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་གསུམ་གྱི་ཆོས་བཞི་དང༌། ཡང་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པའི་རྒྱུན་ཞུགས་ཕྱིར་འོང་དང་ཕྱིར་མི་འོང་གསུམ་གྱི་ཆོས་བཞིའི་རྒྱུད་ལ་ཐོབ་ཚུལ་ཤེས་པ་དང༌། དགྲ་བཅོམ་པས་ལམ་བསྒོམས་པས་མི་མཐུན་ཕྱོགས་དང་བྲལ་ཚུལ་ཡོངས་སུ་ཤེས་པ་སྟེ། དབང་པོ་རྣོ་རྟུལ་གཉིས་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་གང་ཟག་བཞི་སྟེ། ཉན་ཐོས་ཀྱི་གང་ཟག་དྲུག་གི་སྤངས་རྟོགས་ཀྱི་ཚུལ་ཤེས་པ་ལྷའི་མིག་ཏུ་བསྟན་པ་ནི། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་མིག་གིས་གང་ཟག་འདི་ནི་དད་པའི་རྗེས་སུ་འགྲོ་བ་ཞེས་པ་ནས། གང་ཟག་འདི་ནི་དགྲ་བཅོམ་པའོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ་ཞེས་པའི་བར་གྱིས་གསུངས་སོ། །དོན་བསྡུ་བ་ནི། ཤཱ་རིའི་བུ་ཞེས་སོགས་སོ། །བྱང་ཆུབ་སེམས་དཔའི་སྤངས་རྟོགས་ཤེས་ཚུལ་ལ་མོས་སྤྱོད་ལ་གནས་པའི་སྤངས་རྟོགས་ཤེས་ཚུལ་ནི། ཤཱ་རིའི་བུ་ཞེས་པ་ནས། ཀུན་འབྱུང་དང་འགོག་པའི་ཆོས་ཅན་ཞེས་པས་བསྟན་ཏོ། །ས་དང་པོ་ལ་གནས་པའི་ཡོན་ཏན་ཤེས་པ་ནི། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སེམས་དང་པོ་བསྐྱེད་པ་ནས་ཞེས་པ་ནས། ཤཱ་རིའི་བུ་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་མིག་ཡོངས་སུ་དག་པའོ་ཞེས་པ་ནས། ཤཱ་རིའི་བུ་ཞེས་པ་ནས་བྱང་ཆུབ་ཏུ་ལུང་བསྟན་པའོ་ཞེས་བྱ་བ་ནས་བཟུང་སྟེ་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ་ཞེས་པའི་བར་གྱིས་གསུངས་སོ། །སངས་རྒྱས་ཀྱི་སྤྱན་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་མིག་ཡོངས་སུ་དག་པའོ་ཞེས་པའི་བར་རོ། །ཤཱ་རིའི་བུ་དེ་ལྟར་ན་ཞེས་པ་ནས། སྤྱན་ལྔ་ཡང་ཕར་ཕྱིན་དྲུག་ལ་སྤྱད་པས་འཐོབ་ཅེས་སྟོན་པ་ནི། ཤཱ་རིའི་བུ་དེ་ལྟར་ཞེས་བྱ་བ་ནས། བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་ཕར་ཕྱིན་དྲུག་གི་ནང་དུ་སྤྱན་ལྔ་ལ་སོགས་པའི་དགེ་བའི་ཆོས་ཐམས་ཅད་འདུས་པའི་གཏན་ཚིགས་བསྟན་ཏོ། །ཤཱ་རིའི་བུ་ལ་ལ་ཞིག་གིས་ཞེས་སོགས་ཀྱིས་ནི། ཕར་ཕྱིན་དྲུག་གི་ནང་ནས་ཤེར་ཕྱིན་རྒྱུའི་གཙོ་བོ་ཡིན་པར་བསྟན་ཏོ། །མངོན་པར་ཤེས་པ་དྲུག་ལ་གདམས་པ་ནི། མངོན་ཤེས་ངོས་བཟུང་བ་དང༌། གདམས་པ་དངོས་བསྟན་པ་དང༌། སྒྲུབ་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་ཅེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་གསུངས་སོ། །གཉིས་པ་གདམས་པ་དངོས་ལ། རྣམ་མཁྱེན་གྱི་ལམ་སྦྱོང་ཚུལ་དང༌། མི་མཐུན་ཕྱོགས་རློམ་སེམས་དགག་པའོ། །དང་པོ་ནི། སའི་རིམ་པ་དང༌། སྤྱོད་པ་རྒྱ་ཆེ་ཆུང་གི་བྱེ་བྲག་གིས་ཕ་རོལ་ཏུ་ཕྱིན་པ་གཅིག་དང༌། གཉིས་དང༌། གསུམ་ལ་སོགས་པ་དང༌། དྲུག་ཆར་ཡོངས་སུ་རྫོགས་པར་བྱེད་པའི་སྒོ་ནས། རྣམ་མཁྱེན་གྱི་ལམ་སྦྱོང་ཚུལ་བསྟན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱོར་བ་ཡིན་ཞེས་པའི་བར་གྱིས་གསུངས་ཏེ། གང་ལ་གནས་ནས་སྦྱོང་བ་ནི་སྦྱིན་པའི་ཞེས་སོགས་སོ། །གང་གིས་སྦྱོང་བ་ནི་ཆགས་པ་མེད་པའི་སེམས་ཉེ་བར་བཟུང་བས་ཞེས་པའོ། །དེའི་འཐད་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ཞེས་པའོ། །གང་སྦྱངས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཤེས་པས་བསྟན་ཏོ། །དེ་བཞིན་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ཤེས་རབ་ཀྱི་ཕར་ཕྱིན་གྱི་སྐབས་སུ་འོང་བ་དང་འགྲོ་བ་མེད་པ་ཞེས་སྨོས་པ་ནི། རྣམ་མཁྱེན་གྱི་ལམ་ཞེས་འཆད་པ་ན། འགྲོ་འོང་ཡོད་སྙམ་པའི་དོགས་པ་ཡོད་པའི་དོན་ནོ། །རློམ་སེམས་དགག་པ་ནི། ཕར་ཕྱིན་གྱི་མི་མཐུན་ཕྱོགས་སོ་སྐྱེ་ལ་འབྱུང་བ་དང༌། བྱང་སེམས་ལ་མི་འབྱུང་བར་བསྟན་པའོ། །མི་མཐུན་ཕྱོགས་དྲུག་སོ་སོ་སྐྱེ་ལ་འབྱུང་ཞེས་སྟོན་པ་ནི། སྦྱིན་པ་ནི་ཞེས་པ་ནས། གདགས་ཏེ་ཞེས་པའི་བར་རོ། །གཉིས་པ་ནི་ཤེར་ཕྱིན་གྱི་སློབ་པ་ལ་རློམ་སེམས་མི་འབྱུང་བར་བསྟན་ཏེ། དེ་ནི་རྒོད་དོ་ཞེས་པ་ནས། རློམ་སེམས་མེད་དོ་ཞེས་པའི་བར་གྱིས་གསུངས་ཏེ། འཐད་པ་ནི་དེ་ཅིའི་ཕྱིར་ཞེས་པ་ནས། སྤྱོད་པའི་ཕྱིར་ཞེས་པའི་བར་གྱིས་སྟོན་ནོ། །སྒྲུབ་པའི་ཕན་ཡོན་ལ་ནི་ཉན་ཐོས་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན། མི་མཐུན་ཕྱོགས་དང་བྲལ་བའི་ཡོན་ཏན། ལུང་སྟོན་པའི་ཡོན་ཏན་གདུལ་བྱ་སྨིན་པར་བྱེད་པའི་ཡོན་ཏན་ནོ། །དང་པོ་ནི་ཡོན་ཏན་ཇི་སྙེད་ཡོད་པ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་དེ་ཞེས་པའོ། །ཉན་རང་ལ་མེད་པའི་ཡོན་ཏན་དེ་དག་གང་ཞེ་ན། དེ་ཡོན་ཏན་འདི་དག་ཅེས་པ་ནས། ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །ཤེས་རབ་ཀྱི་ཕར་ཕྱིན་འདི་བཤད་པས་སེམས་ཅན་ཡོངས་སུ་སྨིན་པའི་ཡོན་ཏན་འབྱུང་བར་བསྟན་པ་ནི། ཤཱ་རིའི་བུ་ཞེས་པ་ནས། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡིད་དུ་འོང་ཞིང་དབེན་པར་བྱ་བ་ཡིན་ཞེས་པའི་བར་གྱིས་གསུངས་སོ། །མི་མཐུན་ཕྱོགས་དང་བྲལ་བ་ནི། དེ་ནི་སྐྱེ་བ་གང་དང་གང་དུ་ཞེས་པ་ནས། རིག་པ་མེད་དོ་ཞེས་པའི་བར་རོ། །བྱང་ཆུབ་ལས་མི་ཉམས་པའི་ཡོན་ཏན་ནི། ཤཱ་རིའི་བུ་ཞེས་པ་ནས། མི་ཉམས་པར་འགྱུར་རོ་ཞེས་པའི་བར་རོ། །ལུང་སྟོན་པའི་ཡོན་ཏན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པའི་ཚེ་ཞེས་པ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱན་གྱི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་གསུངས་ཏེ། དེ་ལ་དགེ་སློང་སུམ་བརྒྱ་ལུང་སྟོན་པ་དང༌། ལྷའི་བུ་ལུང་སྟོན་པ་དང༌། འཁོར་སྟོང་ཕྲག་བཅུ་ལུང་སྟོན་པའོ། །དང་པོ་ནི། དགེ་སློང་སུམ་བརྒྱ་ཞེས་པ་ནས་མི་བསྐུལ་བའི་སངས་རྒྱས་སུ་སྐྱེའོ་ཞེས་པའི་བར་རོ། །གཉིས་པ་ནི། འདོད་པ་ནི་སྤྱོད་པའི་ལྷའི་བུ་སྟོང་ཕྲག་དྲུག་ཅུའང་ཞེས་པ་ནས། ཡོད་པར་མ་མཐོང་ཞེས་པའི་བར་རོ། །གསུམ་པ་ནི། འཁོར་དེའི་ནང་ནས་ཞེས་པ་ནས། འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བསྔགས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། ཚེ་དང་ལྡན་པ་མོའུ་གལ་གྱི་བུ་ཆེན་པོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཐུབ་པ་མ་མཆིས་སོ་ཞེས་པའི་བར་རོ། །ཤེར་ཕྱིན་ལ་སྤྱོད་པའི་བྱང་སེམས་ཀྱི་ཡོན་ཏན་བསྟན་པ་ནི། མི་མཉམ་པ་དང་མཉམ་པའི་སྦྱིན་པ་ཞེས་སོགས་སོ། །ཚིག་གསུམ་སྨོས་པས་ནི་དུས་གསུམ་གྱི་དབྱེ་བ་བསྟན་ཏོ། །དེའི་སླད་དུ་ཞེས་པ་ནི་དེའི་རྒྱུས་སྦྱིན་པའི་ཕར་ཕྱིན་རྫོགས་པའི་དོན་ནོ། །ཡང་དེའི་སླད་དུ་ཞེས་པས་ནི། དེའི་རྒྱུས་གནས་སྐབས་ཀྱི་འབྲས་བུ་ལྷ་མིའི་ལུས་ཐོབ་པར་བསྟན་ཏོ། །ཡང་དེའི་སླད་དུ་ཞེས་པ་ནས། བྱང་ཆུབ་ཐོབ་པར་གྱུར་ཏོ་ཞེས་པས་ནི། མཐར་ཐུག་གི་འབྲས་བུ་བསྟན་ཏོ། །ཚུལ་འདི་ནི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་སོགས་ཕར་ཕྱིན་ལྔ་དང༌། གཟུགས་སོགས་ཕུང་པོ་ལྔ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་སྦྱར་བ་དང༌། འདས་པའི་སངས་རྒྱས་རྣམས་ཀྱིས་མི་མཉམ་པ་དང་མཉམ་པའི་ཕུང་པོ་ལྔ་ཐོབ་པ་དང༌། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ལ་ཡང་སྦྱར་རོ། །དོན་ཡང་དག་པར་བསྡུ་བ་ནི། དེ་ལྟར་ལགས་པས་ཞེས་པ་ནས། ཕྱག་བགྱི་བ་ལགས་སོ་ཞེས་པའི་བར་རོ། །ཕན་ཡོན་དེ་དག་གི་འཐད་པ་ནི། དེ་སྐད་ཅེས་སྨྲས་པ་ནས། ཇི་སྐད་དུ་སྨྲས་པ་བཞིན་ནོ་ཞེས་པ་ནི་འཐད་པ་མདོར་བསྟན་ཏོ། །འཐད་པ་རྒྱས་པར་བཤད་པ་ལ། མངོན་མཐོའི་ཡོན་ཏན་འབྱུང་བར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་ནས། འོག་མིན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེས་པའི་བར་རོ། །ངེས་ལེགས་འབྱུང་བའི་ཡོན་ཏན་ནི། རྒྱུན་དུ་ཞུགས་པ་ནས་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་པའི་བར་རོ། །ལོངས་སྤྱོད་ཕུན་སུམ་ཚོགས་པར་འབྱུང་བའི་ཡོན་ཏན་ནི། རིགས་ཀྱི་བུ་དག་ཅེས་པ་ནས། བྱང་ཆུབ་སེམས་དཔའ་ཡོད་ན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་པའི་བར་རོ། །འཐད་པ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བདེ་བའི་དོན་དུ་བཞུགས་པ་ཡིན་ནོ་ཞེས་པའི་བར་རོ། །གདུལ་བྱ་ཡོངས་སུ་སྨིན་པའི་ཡོན་ཏན་བཤད་པ་ནི། དེའི་ཚེ་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ་ཞེས་སོགས་གསུངས་ཏེ། ལྗགས་ལས་འོད་ཟེར་སྤྲོ་བ་དང༌། འཇིག་རྟེན་གྱི་ཁམས་སྣང་བར་མཛད་པ་དང༌། དེའི་རྒྱུ་དྲིས་པའི་ལན་བཏབ་པ་དང༌། སངས་རྒྱས་ཀྱི་དྲུང་དུ་འགྲོ་བར་ཞུས་པ་དང་གནང་བ་དང་དེ་དག་གིས་ལྷ་རྫས་ཀྱི་མཆོད་པ་དང༌། སྨོན་ལམ་བཏབ་པ་དང༌། དེ་དག་ལུང་སྟོན་པ་རྣམས་ཀྱིས་བསྟན་ཏོ། །ཤཱ་རིའི་བུའི་ལེའུ་སྟེ་གཉིས་པ་བཤད་དོ།། ༈ གསུམ་པ་རབ་འབྱོར་གྱི་ལེའུ་བསྟན་པ། འདི་ནས་རབ་འབྱོར་གྱི་ལེའུ་སྟོན་ཏེ། འདིས་བརྩོན་པ་ལ་གདམས་པ་སྟོན་ཏོ། །འདི་ལ་རབ་འབྱོར་ལ་ཤེར་ཕྱིན་གྱི་གཏམ་སྤོབས་པ་བསྐྱེད་པར་གདམས་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་སྤོབས་པ་བསྐྱེད་ཅིག་ཅེས་པའི་བར་རོ། །འཁོར་རྣམས་ཀྱི་དོགས་པ་སེལ་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང༌། ཅེས་པ་ནས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ནོ་ཞེས་པའི་བར་གྱིས་གསུང་སྟེ། བཅོམ་ལྡན་འདས་ཀྱི་རབ་འབྱོར་ལ་ཐེག་པ་ཆེན་པོའི་གཏམ་བྱེད་པར་བསྐུལ་བ་ན། རང་གི་བློས་སྟོན་ནམ་དེ་བཞིན་གཤེགས་པའི་མཐུས་སྟོན་སྙམ་དུ་ཐེ་ཚོམ་སེལ་བའི་སླད་དུ། དེ་བཞིན་གཤེགས་པའི་མཐུ་སྟོན་པ་ཡིན་གྱི་རང་དགར་ནུས་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །ཞུས་པ་དངོས་ནི། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཞེས་བགྱི་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་གང་གི་བླ་དྭགས་ལགས་ཞེས་པ་ནས། གང་ཞིག་ལ་གདམས་ཤིང་རྗེས་སུ་གདམས་པར་བགྱི་ཞེས་པས། བྱང་ཆུབ་སེམས་དཔའ་དང་ཤེར་ཕྱིན་དང་དེ་གཉིས་ཀྱི་མིང་ཡང་རྗེས་སུ་མ་མཐོང་ན། གང་ལ་གདམས་ཤིང་རྗེས་སུ་གདམས་པའི་ཚུལ་གྱིས་རྩོད་པའོ། །ལན་ལ་གདམས་པ་དང༌། གདམས་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ཡང་མཐོང་ལམ་དང༌། སྒོམ་ལམ་ལ་གདམས་པའི་གདམས་ངག་གཉིས་ལས། མཐོང་ལམ་ལ་གདམས་པ་ནི། བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། གཟུགས་ཀྱི་དབྱིངས་ཀྱི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ནས། སྐྱེ་མཆེད་ལ་སྦྱར་བའི་བར་གྱིས་གསུངས་སོ། །འདི་ལ་བཞི་སྟེ། མིང་དང་བརྡར་བཏགས་པ་ལ་གདམས་པ་དང༌། སེམས་ཅན་མི་དམིགས་པ་ལ་གདམས་པ་དང༌། ཚིག་བླ་དྭགས་མི་དམིགས་པ་ལ་གདམས་པ་དང༌། ཆོས་ཐམས་ཅད་མི་དམིགས་པ་ལ་གདམས་པའོ། །དང་པོ་ནི། མདོར་བསྟན་པ་ལ། རབ་འབྱོར་འདི་ལྟ་སྟེ་ཞེས་པ་ནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ་ཞེས་པའི་བར་དུ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་པ་ནི་མིང་ཙམ་དུ་ཟད་པར་སྟོན་པའོ། །མིང་ཡང་དོན་དམ་པར་མ་གྲུབ་པ་ནི། མིང་དེ་ནི་ནང་ན་ཡང་མེད་ཅེས་པ་ནས། མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱས་པར་བསྟན་པ་ལ། མིང་དང་བརྡ་མི་དམིགས་པར་རྒྱས་པར་བཤད་པ་ལ། བསླབ་བྱའི་དོན་བསྟན་པ་དང༌། ཕན་ཡོན་བཤད་པའོ། །དང་པོ་ནི། སེམས་ཅན་སེམས་ཅན་ཞེས་བྱ་བར་བཏགས་པ་ཙམ་སྟེ། མིང་དུ་གདམས་པའི་ཕྱིར་རོ། །འདིའི་གཏན་ཚིགས་དང་པོ་སྟོན་པ་ནི། བཏགས་པའི་ཆོས་ཞེས་པ་ནས། སྐྱེ་བའམ་འགག་པ་མེད་ཅེས་པའོ། །གཏན་ཚིགས་གཉིས་པ་ནི། མིང་དེ་ནི་ནང་ན་ཡང་མེད་ཅེས་སོགས་སོ། །བཤད་ཚུལ་འདིས་ཉན་ཐོས་ལ་གྲགས་པའི་བརྡ་དང༌། སེམས་ཅན་སོགས་མི་དམིགས་པའི་དཔེ་བསྟན་ནས། དོན་ལ་སྦྱོར་བ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་ཞེས་པ་ནས། མི་དམིགས་སོ་ཞེས་པའི་བར་གྱིས་གསུངས་སོ། །ཉན་རང་དང་བྱང་སེམས་གཉིས་ཀ་ལ་ཐུན་མོང་དུ་གྲགས་པ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་རང་བཞིན་མེད་པར་སྟོན་པ་ནི། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནང་གི་གཟུགས་ཞེས་མིང་དུ་བྱ་བ་ནི། ཆོས་སུ་གདགས་པ་ཙམ་ཟད་དེ་ཞེས་པ་ནས། ཅིའི་ཕྱིར་རྣམ་པར་ཤེས་པའི་ཁམས་གཉིས་ཀྱི་བར་དུ་གསུངས་ཏེ། དཔེས་བསྟན་ཏོ། །དོན་ལ་སྦྱོར་བ་ནི། རབ་འབྱོར་དེ་བཞིན་དུ། གང་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། མི་དམིགས་སོ་ཞེས་པའི་བར་རོ། །འཇིག་རྟེན་པ་དང་གཉིས་ཀ་ལ་ཐུན་མོང་དུ་གྲགས་པའི་དཔེ་ནང་གི་ཆོས་དང་ཕྱིའི་ཆོས་གཉིས་བསྟན་ཏེ། ནང་གི་ལུས་ཞེས་བྱ་བ་ནས། མི་དམིགས་སོ་ཞེས་བྱ་བའི་བར་དང༌། རབ་འབྱོར་འདི་ལྟ་སྟེ་དཔེར་ན། གང་འདི་ཕྱི་རོལ་གྱི་རྩ་དང༌། ཤིང་དང་ཞེས་སོགས་ནས། མི་དམིགས་སོ་ཞེས་བྱ་བའི་བར་རོ། །དོན་ལ་སྦྱོར་བ་ནི་རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། མི་དམིགས་སོ་ཞེས་པའི་བར་རོ། །འཇིག་རྟེན་ལ་བདེན་མེད་དུ་གྲགས་པའི་དཔེ་ནི། རྨི་ལམ་དང་ཞེས་སོགས་སོ། །དོན་ལ་སྦྱོར་བ་ནི། རབ་འབྱོར་དེ་བཞིན་དུ་ཞེས་སོགས་སོ། །བརྡ་དང་བཏགས་པ་ཙམ་གྱི་གདམས་ངག་ལ་བསླབ་པར་སྟོན་པ་ནི། མིང་དང་བརྡར་བཏགས་པ་དང༌། གདམས་ངག་ཏུ་བཏགས་པ་དང༌། ཆོས་སུ་བཏགས་པ་ལ་བསླབ་པར་བྱའོ་ཞེས་པའོ། །བཏགས་པ་མི་དམིགས་པ་ལ་གདམས་པའི་ཕན་ཡོན་གདམས་པ་ལ་གཉིས་ལས། ཕན་ཡོན་དང་པོ་བསྟན་པ་ནི། ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དང༌། རེག་པ་དང༌། ཚོར་བ་དང༌། མི་མཐུན་ཕྱོགས་དང༌། གཉེན་པོའི་བར་དུ་རྟག་མི་རྟག་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་དང༌། སྟོང་མི་སྟོང་དང༌། མཚན་མ་ཡོད་མེད་དང༌། སྨོན་པ་ཡོད་མེད། འདུས་བྱས་མ་བྱས་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་དང༌། སྐྱེ་འགག་དང༌། དབེན་མི་དབེན་དང༌། ཁ་ན་མ་ཐོ་བ་དང༌། བཅས་མ་བཅས་དང༌། ཟག་པ་དང་བཅས་མ་བཅས་དང༌། ཉོན་མོངས་པ་ཡོད་མེད་དང༌། འཇིག་རྟེན་ལས་འདས་མ་འདས་ཀྱི་བར་རྗེས་སུ་མི་མཐོང་བའོ། །དེའི་དོན་ལ་སྦྱར་བ་ནི། དེ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་སེམས་དཔའི་མིང་དེ་འདུས་བྱས་ཀྱི་ཁམས་ན་ཡོད་པར་ཡང་རྗེས་སུ་མ་མཐོང་ངོ༌། །འདུས་མ་བྱས་ཀྱི་ཁམས་ན་ཡོད་པར་ཡང་རྗེས་སུ་མ་མཐོང་ངོ་ཞེས་སོགས་སོ། །འདིས་ནི་ཆོས་ཐམས་ཅད་འདུས་བྱས་དང་འདུས་མ་བྱས་གཉིས་སུ་བསྡུས་ན་ཆོས་གསུམ་པོ་གཉིས་པོ་དེར་མ་དམིགས་པར་བསྟན་ཏོ། །འཐད་པ་ནི། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྣམ་པར་མི་རྟོག་སྟེ་ཞེས་པའི་བར་གྱིས་གསུངས་སོ། །རྟོགས་པ་དེ་དག་སྤོང་བྱེད་ཀྱི་རྒྱུ་གཉེན་པ་བསྒོམ་པར་བཤད་པ་ནི། གོང་དུ་བཤད་པའི་ཆོས་དེ་དག་ལ་དམིགས་པར་རྣམ་པར་མི་རྟོག་པའི་ཆོས་ལ་གནས་ཤིང༌། དྲན་པ་ཉེར་བཞག་སོགས་བསྒོམ་པ་ཡོངས་སུ་རྫོགས་པའི་ཕྱིར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་པའོ། །འོན་ཀྱང་སྤྱད་བྱ་ཤེར་ཕྱིན་དང༌། སྤྱོད་པ་པོ་བྱང་སེམས་དང༌། ཐོབ་བྱ་སངས་རྒྱས་ཡོད་དོ་སྙམ་ན། གསུམ་པོ་ལ་ཞེན་པ་དགག་པའི་ཕྱིར་དུ། ཤེར་ཕྱིན་དང༌། དེའི་མིང་དང༌། བྱང་ཆུབ་སེམས་དཔའ་དང༌། དེའི་མིང་དང༌། སངས་རྒྱས་རྗེས་སུ་མ་མཐོང་ངོ་ཞེས་གསུངས་སོ། །བཤད་ཚུལ་འདི་དྲན་པ་ཉེར་བར་བཞག་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྒོམ་པ་ཡོངས་སུ་རྫོགས་པའི་ཕྱིར་ཤེར་ཕྱིན་ལ་སྤྱོད་དོ། །ཞེས་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། ཁོང་དུ་ཆུད་པའི་བར་རབ་འབྱོར་དེ་ལྟར་ཞེས་པས་བསྟན་ཏོ། །མིང་དང་བརྡ་ཙམ་ལ་གདམས་པའི་ཕན་ཡོན་གཉིས་པ་ནི། བཞི་སྟེ། ཀུན་ནས་ཆགས་པར་མི་འགྱུར་བའི་ཕན་ཡོན། གཉེན་པོའི་ཆོས་ཡོངས་སུ་རྫོགས་པའི་ཕན་ཡོན། སྐྱོན་མེད་པའི་ཕན་ཡོན། ཕྱིར་མི་ལྡོག་པར་ས་ནོན་པ་སོགས་ཀྱི་ཕན་ཡོན་ནོ། །དང་པོ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མངོན་པར་ཆགས་པར་འགྱུར་བ་མེད་པ་སྟེ། དེ་ལྟར་དེས་མིང་དང་བརྡར་སྦྱར་བའི་ཆོས་སུ་གདམས་པ་ཁོང་དུ་ཆུད་ནས། གཟུགས་ལ་ཆགས་པར་འགྱུར་བ་མེད་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཆགས་པར་འགྱུར་བ་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །ཡང་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང༌། ཐབས་ལ་མཁས་པ་ལ་ཆགས་པར་འགྱུར་བ་མེད་དོ་ཞེས་གསུངས་ཏེ། ཚིག་དང་པོ་གཉིས་ཀྱིས་རང་དོན་ལ་མ་ཆགས་པ་དང༌། ཕྱི་མ་གཉིས་ཀྱིས་གཞན་དོན་ལ་མ་ཆགས་པར་བསྟན་ཏོ། །འཐད་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་ཆོས་ཐམས་ཅད་མེད་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་གཉེན་པོའི་ཆོས་ཡོངས་སུ་རྫོགས་པའི་ཡོན་ཏན་ནི། སྦྱིན་པ་རྣམ་པར་འཕེལ་བ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱིས་གསུངས་སོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཡང་དག་པར་འགྱུར་རོ་ཞེས་སོ། །གསུམ་པ་ནི། ཕྱིར་མི་ལྡོག་པའི་ས་ནོན་པར་འགྱུར་རོ་ཞེས་པ་ནས། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་ཐོབ་པར་འགྱུར་རོ་ཞེས་པའི་བར་རོ། །དོན་བསྡུ་བ་ནི། རབ་འབྱོར་ཞེས་པ་ནས། དེ་ལྟར་ཁོང་དུ་ཆུད་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་སེམས་ཅན་མི་དམིགས་པ་ལ་གདམས་པ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། གོང་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་སྨོས་པ་ནི། འཁོར་ཁ་ཅིག་བྱང་ཆུབ་སེམས་དཔའ་དངོས་པོ་ཡོད་སྙམ་དུ་དོགས་པ་བསལ་བའི་ཕྱིར་དུ་རབ་འབྱོར་གང་ཡང་ཁྱོད་ཀྱིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་བགྱི་ན་སྨྲས་པ་དེ་ལ་རབ་འབྱོར་དེ་ཅི་སྙམ་དུ་སེམས། གཟུགས་དང་བྱང་ཆུབ་སེམས་དཔའ་གཅིག་དང་ཐ་དད་དང༌། རྟེན་དང་བརྟེན་པ་དང་དེ་ལས་གཞན་པའི་ཆོས་ལྔ་རྟོག་གྲང་ན། དེ་ལྟར་དུ་དཔྱད་བཟོད་དམ་ཞེས་ཆོས་ལྔ་པོར་ཡོད་པ་སྤོང་བའི་ཚིག་གིས། རྣམ་པ་ལྔར་དྲིས་ནས། རབ་འབྱོར་གྱི་བཅོམ་ལྡན་འདས་ཀྱི་དགོངས་པ་ཐུགས་སུ་ཆུད་པའི་སྒོ་ནས། ལན་བཏབ་པ་ནི། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་པའི་བར་རོ། །ཡང་ན་བཅོམ་ལྡན་འདས་ཀྱིས་ཕྱོགས་རྣམ་པ་ལྔར་བརྟག་མི་བཟོད་པར་དགོངས་ནས་གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་མ་ཡིན་པར་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཞེས་པའི་ཚུལ་དུ་རྣམ་པ་ལྔ་ལྔའི་སྒོ་ནས་དྲིས་ཏེ། རབ་འབྱོར་གྱིས་བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་པའི་ལན་གྱིས་ཕྱོགས་ལྔའི་རྣམ་པར་རྟོག་པ་མི་འཐད་པར་ཞུས་སོ། །བཤད་ཚུལ་འདི་ཕུང་པོ་ལྔ། སྐྱེ་མཆེད་བཅུ་གཉིས། ཁམས་བཅོ་བརྒྱད་སའི་ཁམས་སོགས་དྲུག རྟེན་འབྲེལ་བཅུ་གཉིས་ཀྱི་བར་དུ་སྦྱར་ནས་གསུངས་སོ། །འདི་དག་གིས་ཆོས་ཅན་ལ་སྒྲོ་འདོགས་གཅོད་ཚུལ་བསྟན། ཆོས་ཉིད་ལ་སྒྲོ་འདོགས་གཅོད་པའི་ཚུལ་ནི། གཟུགས་ཀྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་པ་ནས། རྒ་ཤིའི་དེ་བཞིན་ཉིད་ཀྱི་བར་དུ་སྦྱར་ཏེ། ལྔ་ལྔར་བཤད་དོ། །བཅོམ་ལྡན་འདས་ཀྱིས་ཕྱོགས་རྣམ་པ་ལྔའི་སྒོ་ནས་དྲིས་པ་ན། རབ་འབྱོར་གྱིས་དེ་ལྟ་མ་ལགས་སོ་ཞེས་པའི་ཚུལ་གྱིས་ལན་བཏབ་པ་ལ། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཁྱོད་ཀྱིས། དོན་གྱི་དབང་གང་ཞིག་མཐོང་ནས་དེ་སྐད་དུ་གཟུགས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ལན་འདེབས་པར་བྱེད་ཞེས་པའི་ཚུལ་དུ་བཤད་དོ། །དོན་གྱི་དབང་གང་ཞིག་གི་མཐོང་ནས་ཞེས་པ་ནི་རྒྱུ་མཚན་གང་ཞིག་མཐོང་ནས། ཕྱོགས་རྣམ་པ་ལྔར་མི་འཐད་པར་སྨྲ་ཞེས་དྲིས་པ་ནི། གཟུགས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་པ་ནས། རྒ་ཤིའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་ཟེར་བའི་བར་གྱིས་རྒྱུ་མཚན་གང་གི་སྒོ་ནས་དེ་སྐད་དུ་སྨྲས་ཞེས་བརྒལ་བའོ། །རབ་འབྱོར་གྱིས་གཟུགས་སོགས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་དམིགས་ཤིང་མི་དམིགས་པའི་ཕྱིར་ཞེས་པའི་འཐད་པའི་སྒོ་ནས་གཟུགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་སྨྲ་བའི་གཏན་ཚིགས་བསྟན་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་མ་དམིགས་ན་ཞེས་པ་ནས། རྒ་ཤིའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས་ཏེ། དེ་ནི་གནས་མ་མཆིས་སོ་ཞེས་པའི་བར་གྱིས་གསུངས་སོ། །མིང་དང་དོན་གཉིས་ཀ་བྱང་ཆུབ་སེམས་དཔའ་ཡིན་པ་བཀག་གོ །གཉིས་པ་དོན་བསྡུ་བ་ནི། བཅོམ་ལྡན་འདས་ཞེས་སོགས་ནས་དེ་ལྟར་བསླབ་པར་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། རབ་འབྱོར་གྱིས་བཤད་པ་ལྟར་བསླབ་པར་བྱའོ་ཞེས་པའི་དོན་ནོ། །བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་ནི་ཚིག་གང་གི་བླ་དྭགས་ལགས། བཅོམ་ལྡན་འདས་ལ་ཞུས་པ་ན། འཁོར་ཁ་ཅིག བྱང་ཆུབ་སེམས་དཔའ་ཕུང་པོ་སོགས་སུ་མ་དམིགས་སུ་ཟིན་ཀྱང༌། ཚིག་བླ་དྭགས་ཀྱི་ངོ་བོ་ཉིད་དུ་ཡོད་དོ་སྙམ་པའི་དོགས་པ་འཕྲོག་པའི་ཕྱིར་དུ། གསུམ་པ་ཚིག་བླ་དྭགས་མི་དམིགས་པའི་གདམས་པ་བཤད་པ་ལ། དངོས་ཀྱི་དོན་དང་ཕན་ཡོན་གཉིས་སོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ཕུང་པོ་ལྔའི་ཚིག་བླ་དྭགས་མི་དམིགས་པ་དང༌། གཟུགས་སོགས་རྟག་མི་རྟག་ཏུ་འདོགས་པའི་ཚིག་བླ་དྭགས་མི་དམིགས་པ་དང༌། རྣམ་ཐར་སྒོ་གསུམ་ཡིན་མིན་གྱི་ཚིག་བླ་དྭགས་མི་དམིགས་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚིག་བླ་དྭགས་ཡིན་སྙམ་མམ་ཞེས་པ་ནས་རྣམ་པར་ཤེས་པའི་ཚིག་བླ་དྭགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི། གཟུགས་རྟག་པའི་ཚིག་བླ་དྭགས་ཡིན་སྙམ་མམ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་མ་ཞི་བའི་ཚིག་བླ་དྭགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་པའི་བར་གྱིས་གསུངས་སོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི། གཟུགས་སྟོང་པའི་ཚིག་བླ་དྭགས་ཡིན་སྙམ་མམ། ཞེས་པ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི། རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དྭགས་ཡིན་སྙམ་མམ། གསོལ་པ་བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་པའི་བར་གྱིས་གསུངས་ཏེ། རྟག་མི་རྟག་གི་བླ་དྭགས་གཉིས་ཕུང་པོ་ལྔ་ལ་སྦྱར་བ་དང༌། བདེ་སྡུག་གི་བླ་དྭགས་གཉིས་ཕུང་པོ་ལྔ་ལ་སྦྱར་བ་དང༌། དེ་བཞིན་དུ་བདག་ཡོད་མེད་ཀྱི་བླ་དྭགས་དང༌། ཞི་མ་ཞིའི་བླ་དྭགས་རེ་རེ་ཡང་ཕུང་པོ་ལྔ་ལ་སྦྱར་བ་དང་རྣམ་ཐར་སྒོ་གསུམ་ལྡོག་ཕྱོགས་དང་སྦྱར་ནས་གསུངས་སོ། །བཅོམ་ལྡན་འདས་གཟུགས་ཤིན་ཏུ་མ་མཆིས་ཤིང་མ་དམིགས་ན་ཞེས་པ་ནས། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དྭགས་སུ་གྱུར་པ་ལྟ་ག་ལ་མཆིས་ཞེས་པའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཚིག་བླ་དྭགས་སུ་མི་དམིགས་པའི་གཏན་ཚིག་བསྟན་ཏེ། ཕུང་པོ་ལྔ་མ་དམིགས་པའི་གཏན་ཚིགས་ཀྱིས་བྱང་ཆུབ་སེམས་དཔའ་གཟུགས་སོགས་ལྔའི་བླ་དྭགས་སུ་མི་འཐད་པ་དང༌། རྟག་མི་རྟག་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་དང༌། སྟོང་མི་སྟོང་དང༌། མཚན་མ་ཡོད་མེད་དང༌། སྨོན་པ་ཡོད་མེད་ཀྱི་གཏན་ཚིགས་ཀྱི་འཐད་པ་དང༌། བྱང་ཆུབ་སེམས་དཔའ་གཟུགས་སོགས་ཀྱི་རྟག་པ་དང་མི་རྟག་པ་སོགས་ཚིག་བླ་དྭགས་སུ་མི་འཐད་པར་སྟོན་ནོ། །ཚིག་བླ་དྭགས་མི་དམིགས་པའི་གདམས་པ་མཇུག་བསྡུ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ་ཞེས་པ་ནས། རྣམ་པར་ཤེས་པའི་ཚིག་བླ་དྭགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པའི་བར་དུ་བྱ་བར་གསུངས་སོ། །འདིས་ནི་རབ་འབྱོར་གྱིས་ཚིག་བླ་དྭགས་མི་དམིགས་པའི་གཏན་ཚིགས་བཤད་པ་ལ་བསྟོད་ནས། རབ་འབྱོར་གྱིས་བཤད་པ་ལྟར། ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་བསྟན་ཏོ། །བཞི་པ་ཆོས་ཐམས་ཅད་མི་དམིགས་པར་གདམས་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཕན་ཡོན་ནོ། །དང་པོ་ནི། རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་བདག་གིས་འདི་ལྟ་སྟེ་ཞེས་སོགས་ཀྱིས་གསུངས་ཏེ། སྔར་རབ་འབྱོར་གྱིས་ཡང་དག་པར་རྗེས་སུ་མ་མཐོང་ཞེས་ཞུས་པའི་ཚིག་བཅོམ་ལྡན་འདས་ཀྱིས་བཟླས་ཏེ་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་བར་རབ་འབྱོར་གྱིས་སྨྲས་པ་ལས་གླེང་བསླང་སྟེ་བྱང་ཆུབ་སེམས་དཔའ་འབའ་ཞིག་མ་དམིགས་པར་མ་ཟད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་མ་དམིགས་ཞེས་སྟོན་པ་ནི། ཆོས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་སོགས་སུ་གསུངས་ཏེ། དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པས། ཆོས་དང་ཆོས་དབྱིངས་ཀྱི་ཕན་ཚུན་རྗེས་སུ་མི་མཐོང་བ་དང༌། ཆོས་ཀྱི་དབྱིངས་དང་ཕུང་པོ་ལྔའི་དབྱིངས་ཕན་ཚུན་རྗེས་སུ་མི་མཐོང་བ་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་དབྱིངས་ཕན་ཚུན་རྗེས་སུ་མི་མཐོང་བར་བསྟན་ཏོ། །མཐོང་ལམ་ལ་འདོམས་པའི་གདམས་ངག་བསྟན་ཟིན་ཏོ། །བསྒོམ་ལམ་ལ་འདོམས་པའི་གདམས་ངག་ལ། འདུས་བྱས་ཀྱི་དབྱིངས་མ་ཡིན་པར་ཡང་འདུས་མ་བྱས་ཀྱི་དབྱིངས་རབ་ཏུ་གདགས་པར་མི་ནུས་སོ། །འདུས་མ་བྱས་ཀྱི་དབྱིངས་མ་ཡིན་པར་ཡང་འདུས་མ་བྱས་ཀྱི་དབྱིངས་རབ་དུ་གདགས་པར་མི་ནུས་ཞེས་པས་བསྟན་ཏོ། །སྟོང་པ་ཉིད་དུ་རོ་གཅིག་པས། གཅིག་ལས་གཅིག་ལོགས་ཤིག་ཏུ་གདགས་པར་མི་ནུས་ཞེས་པའི་དོན་ནོ། །གདམས་ངག་གཉིས་ཀའི་ཕན་ཡོན་བསྟན་པ་ནི་རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞེས་པ་ནས་ཡིད་འགྱོད་པར་མི་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །འདིའི་དོན་ནི་ཆོས་མི་དམིགས་པའི་གདམས་པ་ཟབ་མོ་བཤད་པ་ན། དད་པ་ཆེ་བས་མི་འཇིགས། མི་དངངས། སྐྲག་པར་མི་འགྱུར། ཤེས་རབ་ཆེ་བས་དེའི་ཆོས་གང་ལ་ཡང་ཡིད་འགྱོད་པར་མི་འགྱུར་རོ་ཞེས་པའི་དོན་ནོ། །སྐྲག་པར་མི་འགྱུར་བའི་འཐད་པ་བསྟན་པ་ནི། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མི་འཇིགས། མི་དངངས། སྐྲག་པར་མི་འགྱུར་ཞེས་པའི་བར་དུ་གསུངས་ཏེ། འདིས་ནི་སྔར་ཆོས་ཐམས་ཅད་མི་དམིགས་པར་བསྟན་པ་ཉིད་ཞིབ་ཏུ་བསྟན་ཏེ། ཤེས་བྱ་ཐུན་མོང་གི་ཆོས་ཕུང་ཁམས་སྐྱེ་མཆེད་དང༌། འཁོར་བའི་ཆོས་རྟེན་འབྲེལ་བཅུ་གཉིས་དང༌། སྤང་བྱའི་ཆོས་དུག་གསུམ་དང༌། མུ་སྟེགས་བའི་བཏགས་པ་བདག་དང་སེམས་ཅན་སོགས་དང༌། ཁམས་གསུམ་དུ་གཏོགས་པ་དང༌། འཇིག་རྟེན་ལས་འདས་པ་ཐེག་པ་གསུམ་གྱི་གང་ཟག་དང༌། དེ་དག་གི་ཆོས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་མ་དམིགས་པས་སྐྲག་པའི་རྒྱུ་མེད་པའི་ཕྱིར་མི་འཇིགས་མི་སྐྲག་ཅེས་པའི་དོན་ནོ། །ཡང་སེམས་ཞུམ་པར་མི་འགྱུར་བ་དང༌། ཡིད་སྐྲག་པར་མི་འགྱུར་བའི་གཏན་ཚིགས་སླར་ཡང༌། རབ་འབྱོར་གྱིས་ཞུས་པའི་ལན་བཀའ་སྩལ་པ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་པ་ནས་ཡིད་སྐྲག་པར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུས་ཏེ་བསྟན་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ནས། ངའི་རྗེས་སུ་བསྟན་པ་ཡིན་ནོ་ཞེས་པའི་བར་གྱིས་གསུངས་སོ། །བརྩོན་པ་ལ་གདམས་པ་བཤད་ཟིན་ཏོ།། ༈ བཞི་པ་སྐྱོན་མེད་པའི་ལེའུས་བརྩོན་པའི་ཕན་ཡོན་བཤད་པ། སྐྱོན་མེད་པའི་ལེའུས་བརྩོན་པའི་ཕན་ཡོན་བཤད་པ་ནི། བཅོམ་ལྡན་འདས་གཟུགས་ཡོངས་སུ་རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ནས། ཐེག་པ་གསུམ་གྱི་རྒྱ་ཆེར་བསྟན་ཏོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་ངེས་འབྱེད་ཆ་མཐུན་མདོར་བསྟན་པ་ནི། གཟུགས་ཡོངས་སུ་རྟོགས་པར་འཚལ་བ་ཞེས་པ་ནས། བྱང་ཆུབ་སེམས་དཔའི་སྐྱོན་ཆེན་པོར་མི་ལྟུང་བ་དེ་ལྟ་བུའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །འདི་ལ་བཞི་སྟེ། རྟོག་པར་བྱ་བ་རྟོགས་པ་དང༌། སྤོངས་བར་བྱ་བ་སྤངས་བ་དང༌། རྫོགས་པར་བྱ་བ་རྫོགས་པ་དང༌། ཐོབ་པར་བྱ་བ་རྣམས་ཐོབ་པའོ། །དང་པོ་ནི། བཅོམ་ལྡན་འདས་གཟུགས་ཡོངས་སུ་རྟོགས་པར་འཚལ་བ་ཞེས་སོགས་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་འབྲེལ་ཡོངས་སུ་རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་པའི་ཚུལ་གྱིས་གསུངས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཞེ་སྡང་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་ཞེས་སོགས་དུག་གསུམ་དང༌། ཀུན་སྦྱོར་དང༌། བག་ལ་ཉལ་དང༌། ཀུན་ལ་སྡང་བ་དང༌། ཟས་བཞི། ཆུ་བོ་བཞི། འདོད་པ་བཞི། ཉེ་བར་ལེན་པ་བཞི། མི་དགེ་བ་བཅུ་ཡོངས་སུ་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པའོ། །གསུམ་པ་ནི། དགེ་བ་བཅུ་དང་བསམ་གཏན་བཞི་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བ་ནས། མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བར་གྱིས་གསུངས་སོ། །བཞི་པ་ནི། བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་ལ་གནས་ཏེ་ཞེས་སོགས་ཀྱིས་བསྟན་ཏེ། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་འགོག་པ་སྤེལ་བ་ལ་འཇུག་པ་དང༌། སེང་གེ་རྣམ་བསྒྱིངས་སོགས་ཏིང་ངེ་འཛིན་སུམ་ཅུ་སོ་གསུམ་དང༌། སེམས་ཅན་བསམ་པ་རྫོགས་པ་དང༌། དགེ་བའི་རྩ་བ་རྫོགས་པས་ངན་སོང་དུ་མི་ལྟུང་བ་དང༌། ཉན་རང་གི་ས་ལ་མི་གནས་པ་དང༌། བྱང་ཆུབ་སེམས་དཔའི་སྐྱོན་ཆེན་པོར་མི་ལྷུང་བ་རྣམས་སོ། །ངེས་འབྱེད་ཆ་མཐུན་རྒྱས་པར་བཤད་པ་ལ། དང་པོ་དྲོད་ཆུང་ངུ་སྟོན་པ་ནི། བྱང་ཆུབ་སེམས་དཔའི་སྐྱོན་ཆེན་པོར་མི་ལྷུང་ཞེས་པའི་སྐབས་ལས་འཕྲོས་ནས་བྱང་ཆུབ་སེམས་དཔའི་སྐྱོན་ཆེན་པོ་དྲི་བ་ལས་གླེང་བསླང་སྟེ། འཕགས་པ་གཉིས་གཅིག་གིས་དྲིས་གཅིག་གིས་ལན་བཏབ་པའི་ཚུལ་གྱིས་བསྟན་ཏེ་དང་པོ་སྡུག་བསྔལ་གྱི་བདེན་པ་བསྟན་པ་ལ་དྲི་བ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་པ་ནས། ཇི་ལྟར་སྐྱོན་ཆེན་པོར་ལྟུང་བ་ཡིན་ཞེས་པའི་བར་རོ། །ལན་ནི། ཚེ་དང་ལྡན་པ་ཞེས་པ་ནས། བྱང་ཆུབ་སེམས་དཔའི་སྐྱོན་ནོ་ཞེས་པའི་བར་རོ། །གོང་དུ་སྐྱོན་ངོས་བཟུང་བ་དེ། བྱང་ཆུབ་སེམས་དཔའི་སྐྱོན་དུ་འགྱུར་ཚུལ་ལ་དྲིས་པ་ནས། སྨྲས་པ་ཚེ་དང་ལྡན་པ་ཞེས་སོགས་སོ། །ལན་ནི་རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། ཆོས་ལ་སྲེད་པའོ་ཞེས་པའི་བར་རོ། །དེ་ཉིད་རྒྱས་པར་ཤེས་པར་འདོད་ནས་དྲིས་པ་ནི་སྨྲས་པ་ཞེས་སོགས་སོ། །ལན་གྱིས་རྒྱས་པར་བཤད་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་སོགས་ཏེ། ཕུང་པོ་ལྔ་ལ་སྟོང་པ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམས་ལ་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་འདི་ནི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་རོ་ཞེས་བསྟན་ཏོ། །ཀུན་འབྱུང་གི་བདེན་པ་བསྟན་པ་ནི། གཟུགས་སྤང་བར་བྱའོ། །འདིས་གཟུགས་སྤང་བར་བྱའོ་ཞེས་སོགས་ཀྱིས་བསྟན་ཏེ། ཕུང་པོ་ལྔ་ཆར་ལ་སྦྱར་རོ། །ཡང་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་སྤང་བ་དང༌། འགོག་པ་མངོན་དུ་བྱ་བ་དང༌། ལམ་བསྒོམ་པར་བྱ་བ་ལ་ཡང་སྦྱར་རོ། །ཡང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། བརྟེན་བྱ་རྟེན་བྱེད་དང༌། སྤྱད་བྱ་སྤྱོད་བྱེད་དང༌། ལམ་ཡིན་མིན་དང༌། བསླབ་བྱ་དང་སློབ་པ་སྟེ་གཉིས་འཛིན་གྱི་ཚུལ་དུ་ཞེན་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལོག་བཟླ་དང་བཅས་པ་ལ་གཉིས་སུ་འཛིན་པ་དང༌། ཐབས་མཁས་མི་མཁས་དང་སྐྱོན་དུ་འགྱུར་མ་འགྱུར་གྱི་གཉིས་སུ་ཞེན་པ་རྣམས་བྱང་ཆུབ་སེམས་དཔའི་སྐྱོན་དུ་འགྱུར་བའི་སྲེད་པ་ངོས་བཟུང་བའོ། །འགོག་པའི་བདེན་པ་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཞེས་དྲིས་པའི་ལན་གྱིས་གསུངས་ཏེ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་གང་ཡིན་ཞེས་སོགས་ཏེ་སྟོང་པ་ཉིད་བཅོ་བརྒྱད་ལ་སྟོང་པ་ཉིད་བཅོ་བརྒྱད་ཡང་དག་པར་རྗེས་སུ་མི་མཐོང་བར་གསུངས་སོ། །དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་པ་ནས། སྐྱོན་མེད་པར་འཇུག་གོ་ཞེས་པའི་བར་རོ། །ལམ་གྱི་བདེན་པ་བསྟན་པ་ནི། རློམ་སེམས་མེད་པས་ཤེར་ཕྱིན་ལ་སློབ་ཚུལ་རྒྱས་པར་བསྟན་པར་གསུངས་ཏེ། གཟུགས་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་རློམས་སེམས་མི་བྱ་བ་དང༌། བྱང་ཆུབ་ཀྱི་སེམས་དང་མི་མཉམ་པ་དང་མཉམ་པའི་སེམས་དང༌། རླབས་པོ་ཆེའི་སེམས་ཀྱིས་རློམ་སེམས་སུ་མི་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །དོན་ཉེ་བར་བསྡུ་བ་ནི། དེ་ལྟར་བྱས་ན་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འགྱུར་རོ་ཞེས་པའི་དོན་ནོ། །དེའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་རོ། །ཞེས་པའོ། །འོད་གསལ་བའི་དོན་དྲིས་པ་དང༌། ངོས་བཟུང་བ་བཤད་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་སེམས་ཀྱི་རང་བཞིན་འོད་གསལ་བ་གང་ཡིན། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། འོད་གསལ་བའོ་ཞེས་པའི་བར་རོ། །སྔར་སེམས་དེ་སེམས་མ་ཡིན་ཞེས་སྨྲས་པ་ལ། ཤཱ་རིའི་བུས་དྲི་བ་སྨྲས་པ། ཚེ་དང་ལྡན་པ་ཞེས་པ་ནས་ཡོད་དམ་ཞེས་པའི་བར་རོ། །རབ་འབྱོར་གྱིས་ལན་སྨྲས་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། འགྱུར་རམ་ཞེས་པའི་བར་རོ། །ཤཱ་རིའི་བུས་ལན་བཏབ་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་མ་ཡིན་ནོ་ཞེས་སོ། །ཡང་རབ་འབྱོར་གྱིས་སྨྲས་པ་ནི། ཚེ་དང་ལྡན་པ་ཞེས་པ་ནས། སེམས་གང་ལ་སེམས་མ་ཡིན་པ་ཞེས་བྱ་བ་དེ་ཡོད་དམ་ཞེས་ཕྱིར་དྲིས་པ་དེ་འཐད་པར་འགྱུར་རམ་ཞེས་པ་སྟེ་མི་འཐད་ཅེས་པའི་དོན་ནོ། །ཤཱ་རིའི་བུས་དྲི་བ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་མ་ཡིན་པ་གང་ཡིན་ཞེས་དྲིས་སོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། སེམས་མ་ཡིན་པ་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སྟེ་ཞེས་པ་ནི་སེམས་མ་ཡིན་པ་ཞེས་བྱ་བ། སེམས་ལས་གུད་ན་ཡོད་པ་མ་ཡིན་གྱི་གཟུང་འཛིན་སོགས་སུ་རྣམ་པར་མི་རྟོག་པ་ལ། རང་བཞིན་གྱིས་འོད་གསལ་བར་བརྗོད་ལ། དེ་ཉིད་ལ་སེམས་མ་ཡིན་པ་ཞེས་བྱའོ་ཞེས་པ་བསྟན་པའོ། །དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། རྣམ་པར་རྟོག་པའི་ཡུལ་མ་ཡིན་པས་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རྣམ་པར་རྟོག་པ་མེད་པ་འགྱུར་བ་མེད་ཅིང༌། ཞིབ་མོར་བཤད་པའི་དོན་དུ། ཤཱ་རིའི་བུས་རབ་འབྱོར་ལ། སེམས་ལ་འགྱུར་བ་མེད་ཅིང་རྣམ་པ་རྟོག་པ་མེད་པ་དེ་བཞིན་དུ། གཟུགས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ་ཞེས་པའི་ཚུལ་གྱིས་དྲིས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ་ཞེས་དྲིས་པའི་ལན་དུ་དྲིས་སོ། །རབ་འབྱོར་གྱིས་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྣམ་པར་རྟོག་པ་མེད་པའི་ཚུལ་གྱིས་ལན་བཏབ་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དེ་ཞེས་པའི་བར་རོ། །རབ་འབྱོར་གྱིས་གདམས་པའི་དོན་ལ་ལེགས་སོ་ཞེས་བསྟོད་པ་མཛད་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ཞེས་པ་ནས། བསྟན་པ་འདི་ཡང་དེའི་ཚུལ་དང་འདྲའོ་ཞེས་པའི་བར་གྱིས་བསྟན་ཏོ། །རབ་འབྱོར་གྱིས་གདམས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་གདམས་པར་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས་བསླབ་པར་བྱའོ་ཞེས་པའི་བར་རོ། །རབ་འབྱོར་གྱིས་གདམས་པ་ལྟར་བསླབ་ན་ཕྱིར་མི་ལྡོག་པའི་ཡོན་ཏན་འབྱུང་བར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། རྟག་པར་བྱའོ་ཞེས་པའི་བར་རོ། །ཤེར་ཕྱིན་དང་མི་འབྲལ་བའི་ཡོན་ཏན་ནི། དེ་ལྟར་ཞེས་པ་ནས་མ་བྲལ་བར་ཤེས་པར་བྱའོ་ཞེས་པའི་བར་རོ། །ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་བསྟན་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཉན་ཐོས་ཀྱི་ས་ལ་ཐོབ་པར་འདོད་པས་ཀྱང་ཞེས་སོགས་སོ། །མཉམ་པར་བྱའོ་ཞེས་སོགས་ནི། ཐོས་བསམ་སྒོམ་གསུམ་གྱིས་རིམ་པར་ཤེས་རབ་བསྒྲུབ་པར་བྱ་བའི་དོན་ནོ། །གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཐེག་པ་གསུམ་ཆར་བསྟན་ཏོ་ཞེས་པའི་བར་རོ། །ལེའུ་བཞི་པའི་རྣམ་འགྲེལ་ལོ།། ༈ ལྔ་པ་ཀུན་ཏུ་རྒྱུ་གསོ་སྦྱོང་གི་ལེའུ་བཤད་པ། ཀུན་ཏུ་རྒྱུ་གསོ་སྦྱོང་གི་ལེའུ་འདི་ནས། དྲོད་འབྲིང་དང༌། ཆེན་པོ་དང༌། རྩེ་མོ་ཆུང་འབྲིང་གསུམ་དང༌། བཟོད་པ་ཆུང་ངུ་དང༌། འབྲིང་སྟེ་བདུན་བསྟན་ཏོ། ༈ དེ་ནི་རྩོམ་པའི་རབ་ཏུ་དབྱེ་བ་བཤད་པར་བྱ་སྟེ། འདི་ལ་སྒྲུབ་པ་རྣམ་པ་དྲུག་གོ །དྲུག་གང་ཞེ་ན། མཐའ་གཉིས་དང་བྲལ་བའི་སྒྲུབ་པ་དང༌། མི་གནས་པའི་སྒྲུབ་པ་དང༌། འཛིན་པ་མེད་པའི་སྒྲུབ་པ་དང༌། ཡོངས་སུ་བརྟག་པའི་སྒྲུབ་པ་དང༌། ཐབས་ལ་མཁས་པའི་སྒྲུབ་པ་དང༌། མྱུར་དུ་བྱང་ཆུབ་པའི་སྒྲུབ་པའོ། །དེ་ལ་དང་པོ་བརྩོན་པའི་རབ་དབྱེ་བསྟན་པའི་དོན་དུ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་ཞུས་པ་ནི། གོང་དུ་རྩོམ་པ་ལ་གདམས་པའི་ཚིག་དང༌། དོན་འདི་གཉིས་བཟུང་སྟེ། ཞུས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་པས་བསྟན་ཏོ། །སྒྲུབ་པ་དངོས་བསྟན་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་དེ་ལྟར་ཞེས་པ་ནས། བྱིན་གྱིས་བརླབ་པ་མ་མཆིས་ཞེས་པའི་བར་གྱིས་སྟོན་ཏེ། དེ་ལ་འཕེལ་བ་ནི་སྒྲོ་འདོགས་པ་ཡིན་ལ། འགྲིབ་པ་ནི་སྐུར་པ་བཏབ་པའོ། །མ་དམིགས་པ་དང་མ་འཚལ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའོ། །དེ་ཉིད་ཀྱིས་ན་ཆོས་ཐམས་ཅད་མིང་ཙམ་དུ་ཟད་དོ། །མིང་ཙམ་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཞེའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་འཕེལ་བ་དང༌། འགྲིབ་པའི་ཚུལ་གཉིས་ཀྱིས་ན། དངོས་པོའི་གནས་ཚུལ་དང་འགལ་བས་དེ་ཉིད་བདག་གི་འགྱོད་པར་འགྱུར་རོ་ཞེས་བསྟན་པའོ། །གལ་ཏེ་དོན་ངོ་བོ་ཉིད་མེད་དུ་ཟིན་ཀྱང་མིང་ངོ་བོ་ཉིད་ཡོད་དོ་སྙམ་ན། བཅོམ་ལྡན་འདས་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབ་པ་མ་མཆིས་ཏེ་ཞེས་བསྟན་ལ། དེ་ཙམ་ཉིད་ཀྱི་འཐད་པ་འགོད་པའི་ཕྱིར་དུ། དེ་ཅིའི་ཕྱིར་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན་ཞེས་པས་ནི་གཏན་ཚིགས་བསྟན་ཏོ། །མིང་དེ་ཞེས་པ་ནི་ཆོས་ཅན་ནོ། །གནས་པ་མ་མཆིས་ཞེས་སོགས་ནི་བསྒྲུབ་བྱའི་ཆོས་སྟོན་པའོ། །ཐུག་པ་མ་མཆིས་ཞེས་པ་ནི་ནམ་མཁའ་ལྟར་གྱུར་པའི་དོན་ནོ། །བྱིན་གྱིས་བརླབ་པ་མ་མཆིས་ཞེས་པ་ནི་བརྗོད་བྱ་ལ་འཇུག་པའི་ཚུལ་གྱིས་བརྗོད་བྱ་སྟོན་པར་བྱེད་པ་ཡང་མ་མཆིས་ཞེས་པའི་དོན་ནོ། །གཉིས་པ་རྒྱས་པར་བཤད་པ་ནི་གཟུགས་ཀྱི་དོན་མི་འཐད་པ་དང༌། མིང་མི་འཐད་པ་གཉིས་སོ། །དང་པོ་ནི། བཅོམ་ལྡན་འདས་བདག་གིས་ཞེས་པ་ནས། ཡང་དག་པར་རྗེས་སུ་མ་མཐོང་ན་ཞེས་པའི་བར་གྱིས་ནི་འཕེལ་འགྲིབ་མ་མཐོང་བའི་འཐད་པས། བྱང་ཆུབ་སེམས་དཔའ་གང་ལ་མིང་དུ་གདགས་པར་བགྱི་སྟེ། བགྱི་བ་མ་མཆིས་ཞེས་པའི་དོན་ནོ། །མིང་མི་འཐད་པ་ནི། བཅོམ་ལྡན་འདས་གཟུགས་ཀྱི་མིང་དེ་ཡང་ཞེས་པ་ནས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་པའི་བར་རོ། །གཟུགས་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བཤད་པ་བཞིན་དུ། ཕུང་པོ་ལྷག་མ་བཞི་དང༌། ཁམས་དང༌། སྐྱེ་མཆེད་བཞི་དང༌། རེག་པ་དང༌། ཚོར་བ་དང༌། ཁམས་དྲུག་དང༌། རྟེན་འབྲེལ་བཅུ་གཉིས་དང༌། དུག་གསུམ་དང༌། ལྟ་བ་དྲུག་ཅུ་རྩ་གཉིས་དང༌། བྱེད་པའི་སྐྱེས་བུ་བཅུ་གཉིས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྟོང་པ་ཉིད་བཅོ་བརྒྱད་དང༌། སྡེ་ཚན་བདུན་དང༌། རྣམ་ཐར་སྒོ་གསུམ་དང༌། བསམ་གཏན་བཞི་དང༌། ཚད་མེད་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྗེས་སུ་དྲན་པ་དྲུག་དང༌། ལུས་ཀྱི་དྲན་པ་དྲུག་དང༌། སྐྱོ་བ་རྗེས་སུ་དྲན་པ་དྲུག་དང༌། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང༌། འཆི་བ་རྗེས་སུ་དྲན་པ་དང༌། སྤྱན་ལྔ་དང༌། མངོན་ཤེས་དྲུག་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སྙིང་རྗེ་ཆེན་པོ་སོགས་བཞི་དང༌། མ་འདྲེས་པ་བཅོ་བརྒྱད་དང༌། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་དང༌། དེ་བཞིན་དུ་སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། བྲག་ཆ་དང༌། མིག་མོར་དང༌། གཟུགས་བརྙན་དང༌། སྤྲུལ་པ་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་རྣམས་དང༌། དབེན་པ་དང༌། ཞི་བ་དང༌། སྐྱེ་འགག་དང༌། འབྱུང་བ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་གནས་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། དགེ་བ་དང༌། མི་དགེ་བ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། ཉོན་མོངས་པ་དང༌། ཉོན་མོངས་པ་མེད་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། འཁོར་བ་དང༌། མྱ་ངན་ལས་འདས་པའི་ཆོས་རྣམས་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཆོས་རྣམས་ནི། ཕྱོགས་བཅུའི་སངས་རྒྱས་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འཕེལ་འགྲིབ་མ་དམིགས་པ་དང་མ་མཐོང་བར་བསྟན་ནས་སླར་ཡང་མ་མཐོང་བ་ཉིད་གཏན་ཚིགས་སུ་བཀོད་ནས། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི་སྟེ། བགྱི་བར་མི་འོས་ཞེས་བསྟན་ཏོ། །འགྲེས་འདི་དག་གི་དོན་ནི། མངོན་རྟོགས་རྒྱན་ལས། གཟུགས་སོགས་འདུ་འགོད་ཅེས་པའི་ཚིག་གིས་བསྟན་ཏོ། །དོན་བཀག་ཟིན་ནས། མིང་འགོག་པ་ནི། མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས་ཞེས་སོགས་ཀྱིས་བསྟན་ཏེ། འདི་ནི་མངོན་རྟོགས་རྒྱན་ལས། གནས་པ་མེད་ཅེས་པའི་ཚིག་གིས་བསྟན་ཏེ། བྱང་སེམས་དང་ཤེར་ཕྱིན་ཞེས་བྱ་བའི་མིང་དེ་བརྡ་ཙམ་དུ་བཏགས་པ་ལ། མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་ཞེས་ཆོས་ཀྱི་བརྡར་བགྱི་བ་དང༌། ཆོས་སུ་བཏགས་པ་དེ་ཡང་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བརྗོད་དུ་མ་མཆིས་པ་སྟེ། ཞེས་པའི་བར་དུ་གསུངས་ཏེ་དམ་བཅའ་བསྟན་ཏོ། །ཆོས་སུ་བཏགས་པ་ཙམ་དུ་བས་སོ་ཞེས་པ་ནི་གཏན་ཚིགས་སོ། །དཔེས་བསྟན་པ་ནི། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་བའི་མིང་ནི། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་པའི་བར་རོ། །འདིས་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པའི་སྒྱུ་མའི་མིང་དཔེ་བརྒྱད་ཀྱིས། མིང་དོན་དམ་པར་བརྗོད་དུ་མེད་པ་དཔེ་བསྟན་ནས་བྱང་སེམས་དང་ཤེར་ཕྱིན་གཉིས་ཀྱི་མིང་ཡང་དོན་དམ་པར་བརྗོད་དུ་མེད་པར་བསྟན་ཏོ། །དེའི་རྗེས་ཐོགས་སུ། ནམ་མཁའ་ལ་སོགས་པའི་ཁམས་དྲུག་གི་མིང་བརྗོད་དུ་མེད་པ་དཔེར་བསྟན་ནས། དོན་སྔ་མ་བཞིན་ནོ། །དེ་བཞིན་ཉིད་དང་ཡང་མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་ཞེས་བགྱི་བའི་མིང་གང་གིས་ཀྱང་བརྗོད་དུ་མ་མཆིས་པ། དཔེར་བརྗོད་ནས་དོན་སྔ་མ་བཞིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ཟག་མེད་ཀྱི་ཕུང་པོ་ལྔའི་མིང་དང༌། ཡང་རྒྱུན་ཞུགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་གྱི་མིང་ནི་བརྗོད་དུ་མེད་དེ། དགེ་མི་དགེ་དང༌། ཁ་ན་མ་ཐོ་བ་དང་བཅས་མ་བཅས་དང༌། རྟག་མི་རྟག་དང༌། བདེ་སྡུག་དང༌། བདག་གཞན་དང༌། ཞི་མ་ཞི་དང༌། དབེན་མི་དབེན་དང༌། མཆིས་མ་མཆིས་དང༌། གང་གིས་ཀྱང་བརྗོད་དུ་མ་མཆིས་པས་སོ་ཞེས་པས་ནི་གཏན་ཚིགས་བསྟན་ཏོ། །འདི་དག་གི་དོན་མངོན་རྟོགས་རྒྱན་དུ། བཏགས་དང་བརྗོད་དུ་མེད་ཅེས་པས་བསྟན་ཏོ། །དོན་བསྡུ་བ་ནི། བཅོམ་ལྡན་འདས་ཀྱིས་བདག་གིས་དོན་གྱི་དབང་དེ་ལྟ་བུ་མཐོང་བའི་སླད་དུ་ཞེས་པ་ནས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དོན་ནི་བྱང་ཆུབ་སེམས་དཔའ་གནས་ཚུལ་ལ་མེད་པས་འཕེལ་འགྲིབ་མེད་ལ་ཐ་སྙད་དུ་མིང་དུ་བཏགས་པ་ཙམ་དུ་ཟད་པས་བརྡར་བཏགས་པ་ཞེས་སྨོས་སོ། །མིང་ཡང་དོན་དམ་པར་གང་གིས་ཀྱང་བརྗོད་དུ་མེད་པས། འཕེལ་འགྲིབ་དུ་གཟུང་བ་ནི་གནས་ཚུལ་དང་འགལ་བས། བདག་གིས་འགྱོད་པར་འགྱུར་ཏོ་ཞེས་པའི་དོན་ཏོ། །དོན་གྱི་དབང་དེ་ལྟ་བུར་མཐོང་བའི་སླད་དུ་ཞེས་པ་ནི། དོན་ལ་འཕེལ་འགྲིབ་མེད་པའི་རྒྱུ་མཚན་མཐོང་བ་སྟེ། འགྱོད་པར་གྱུར་བའི་རྒྱུ་མཚན་བསྟན་ཏོ། །བཅོམ་ལྡན་འདས་དེ་ལྟར་མིང་དེ་ནི་གནས་པ་མ་མཆིས་ཞེས་པ་ནས་བྱིན་གྱིས་བརླབས་པ་མ་མཆིས་ཞེས་པའི་བར་གྱིས་བསྟན་ཏོ། །མཐའ་གཉིས་དང་བྲལ་བའི་གདམས་པའི་ཕན་ཡོན་བསྟན་པ་ནི། བཅོམ་ལྡན་འདས་དེ་ལྟར་ཞེས་པ་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དམིགས་པ་ལ་གནས་པར་བགྱི་སྟེ། གནས་པ་ཞེས་བགྱི་བ་འདི་ནི་གནས་པ་མ་མཆིས་པའི་ཚུལ་དུའོ་ཞེས་པའི་བར་དུ་གསུངས་སོ། །མཐའ་གཉིས་དང་བྲལ་བའི་བསྒྲུབ་པ་བསྟན་ཟིན་ཏོ། །གནས་པ་མ་མཆིས་པའི་ཚིག་ལས་འཕྲོས་ནས། མི་གནས་པའི་སྒྲུབ་པ་བསྟན་ཏེ། སྦྱོར་ལམ་རྩེ་མོ་འདི་ནས་བཟུང་སྟེ་བསྟན་ཏོ། །མི་གནས་པའི་སྒྲུབ་པ་འདི་ཡང་གཉིས་ཏེ། ཆོས་ལ་མི་གནས་པ་དང༌། ཆོས་ཉིད་ལ་མི་གནས་པའོ། །དང་པོ་ནི། ཤེར་ཕྱིན་ལ་སྤྱོད་པའི་ཚེ་དེས་གཟུགས་ལ་གནས་པར་མི་བགྱིའོ་ཞེས་པ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་ཐམས་ཅད་ལ་གནས་པར་མི་བགྱིའོ་ཞེས་པའི་བར་གྱིས་གསུངས་སོ། །དང་པོ་ལ་ཐོག་མར་གཟུགས་ནས་རྒ་ཤིའི་བར་ལ་གནས་པར་མི་བགྱི་བར་གསུངས་ནས། འཐད་པ་ནི། དེ་ཅིའི་ཕྱིར་དུ་འཐད་ཅེ་ན་ཞེས་པ་ནས། གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་པའི་བར་གྱིས་གསུངས་སོ། །དོན་ནི། གཟུགས་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ་ཞེས་གཏན་ཚིགས་བསྟན་ནས། སླར་ཡང་དེ་ཉིད་བཤད་པ་ལ་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ་ཞེས་པ་ནི་ཆོས་ཅན་དང་ཆོས་ཉིད་གཅིག་མ་ཡིན་པའི་དོན་ནོ་གལ་ཏེ་གཅིག་ཡིན་ན་ཆོས་ཅན་སྔོན་པོ་ལ་སོགས་པའི་སྒོ་ནས་གཟུང་དུ་ཡོད་པ་ལྟར་སྟོང་ཉིད་ཀྱང་སྔོན་པོ་ལ་སོགས་པའི་སྒོ་ནས་གཟུང་དུ་ཡོད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཐ་དད་ཉིད་དོ་སྙམ་ན། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་པས་བཀག་སྟེ། ནམ་མཁའ་ལྟར་ཀུན་ཏུ་རོ་གཅིག་པས་སོ་སོར་ཡང་དག་པའི་དོན་ནོ། །དོན་ཡང་བསྡུ་བ་ནི་གལ་ཏེ་གཟུགས་ཡིན་ན་གཅིག་དང་ཐ་དད་གང་ཡང་རུང་བ་ཞིག་ཏུ་གནས་པ་ལས། གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བའི་ཕྱིར་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བཤད་དོ། །ལྷག་མ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད། འཕགས་པའི་བདེན་པ་བཞི། ཚད་མེད་བཞི། གཟུགས་མེད་ཀྱི་སྙོམས་འཇུག་བཞི། རྣམ་པར་ཐར་པ་བརྒྱད། མཐར་གྱིས་གནས་པའི་སྙོམས་འཇུག་དགུ། རྣམ་ཐར་སྒོ་གསུམ། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། བྱམས་པ་ཆེན་པོ། སྙིང་རྗེ་ཆེན་པོ། མ་འདྲེས་པ་བཅོ་བརྒྱད་རྣམས་དང༌། ཡི་གེ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་གྱི་སྒོ་དང༌། གཟུངས་ཀྱི་སྒོ་དང༌། རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་བཤད་ཚུལ་སྔ་མ་བཞིན་སྦྱར་རོ། །དོན་དེ་ཉིད་རྒྱན་ལས། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་གསུངས་སོ། །ཆོས་ཅན་ལ་མི་གནས་པར་བསྟན་ཟིན་ཏོ། །ཆོས་ཉིད་ལ་མི་གནས་པར་བསྟན་པ་ནི། གཟུགས་མི་རྟག་ཅེས་བྱ་བར་གནས་པར་མི་བགྱི་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་མཐའ་ལ་གནས་པར་མི་བགྱིའོ་ཞེས་པའི་བར་དུ་གསུངས་སོ། །འདི་ཡང་གནས་པར་མི་བགྱི་ཞེས་པས་དམ་བཅའ་དང༌། གཟུགས་མི་རྟག་པ་སོགས་རང་གི་ངོ་བོས་སྟོང་པའི་གཏན་ཚིགས་དང༌། དེའི་སླད་དུ་ཞེས་སོགས་ཀྱིས་གཏན་ཚིགས་བཤད་པས། དོན་ཉེ་བར་བསྡུ་བ་རྣམས་ཀྱིས་བཤད་དོ། །དོན་འདི་ཉིད་རྒྱན་ལས། དེ་མི་རྟག་སོགས་པར་མི་གནས། དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་བཤད་དོ། །རྩེ་མོའི་མི་མཐུན་ཕྱོགས་ཆོས་ཅན་དང་ཆོས་ཉིད་ལ། མངོན་པར་ཞེན་པའི་ཉེས་དམིགས་བསྟན་པ་ནི། ཐབས་ལ་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་གཟུགས་ལ་གནས་ན། དེ་གཟུགས་ལ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་པ་ནས། ཡང་དག་པའི་མཐའ་ལ་གནས་ན། དེ་ཡང་དག་པའི་མཐའ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་ཐབས་ལ་མི་མཁས་པ་ཞེས་སོགས་ཀྱི་དོན་ནི། གཟུགས་ལ་སོགས་ལ་བདག་དང་བདག་གིར་འཛིན་པའི་ཚུལ་གྱིས་མངོན་པར་ཞེན་ན། ཤེར་ཕྱིན་གྱི་མི་མཐུན་ཕྱོགས་ལ་གནས་པས་ཤེར་ཕྱིན་ལ་མི་སྤྱོད་ཅེས་པའི་དོན་ནོ། །ཚོར་བ་སོགས་ལྷག་མ་རྣམས་ཀྱི་བཤད་ཚུལ་ལ་ཡང་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་ནི་ཤེར་ཕྱིན་ལ་མི་སྤྱོད་པའི་གཏན་ཚིགས་བསྟན་ཏེ། མངོན་པར་ཞེན་པའི་ཚུལ་གྱིས་སྤྱོད་ན་ཉེས་དམིགས་སུ་འགྱུར་བའི་ཕྱིར་ཞེས་པའི་དོན་ནོ། །ཉེས་དམིགས་ལ་རྣམ་པ་བཞི་སྟེ། ཤེར་ཕྱིན་ཡོངས་སུ་ཟིན་པར་མི་འགྱུར་བ་དང༌། ཤེར་ཕྱིན་གྱི་རྣལ་འབྱོར་ལ་འཇུག་པར་མི་འགྱུར་བ་དང༌། ཤེར་ཕྱིན་རྫོགས་པར་མི་འགྱུར་བ་དང༌། རྣམ་མཁྱེན་ཐོབ་པར་མི་འགྱུར་བའོ། །བཤད་ཚུལ་འདི་ཕུང་པོ་ལྔ་ལ་སྦྱར་བ་བཞིན་དུ། སྐྱེ་མཆེད་བཅུ་གཉིས་ནས་བཟུང་ནས་རྣམ་མཁྱེན་གྱི་བར་དུའང༌། དེ་བཞིན་ཉིད་ཀྱི་རྣམ་གྲངས་བརྒྱད་ལ་ཡང་སྦྱར་ནས་བཤད་དོ། །མི་གནས་པའི་སྒྲུབ་པ་བསྟན་ཟིན་ཏོ། །ཡོངས་སུ་འཛིན་པ་མེད་པའི་སྒྲུབ་པ་ནི། སྔར་བདག་དང་བདག་གིར་འཛིན་པའི་རྒྱུས། རྣམ་མཁྱེན་མི་ཐོབ་པ་སོགས་ཀྱི་གཏན་ཚིགས་དྲིས་པའི་ལན་གྱིས་གསུངས་ཏེ། དེ་ཅིའི་སླད་དུ་ཞེ་ན་ཞེས་སོགས་སོ། །འདི་ལ་གསུམ་སྟེ། ཆོས་ཡོངས་སུ་མི་འཛིན་པ་དང༌། མཚན་མ་ཡོངས་སུ་མི་འཛིན་པ་དང༌། ཤེས་པ་ཡོངས་སུ་མི་འཛིན་པའོ། །དང་པོ་ནི། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཡོངས་སུ་བཟུང་བ་མ་མཆིས་པའོ་ཞེས་པའི་བར་གྱིས་གསུངས་ཏེ། དོན་ནི་གཟུགས་སོགས་ལ་བདག་དང་བདག་གིར་འཛིན་པ་མི་འཐད་དེ། གཟུགས་ནི་ཡོངས་སུ་བཟུང་བ་མ་མཆིས་པའི་ཕྱིར་རོ། །གཟུགས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་གཟུགས་མ་ལགས་ཏེ། རང་བཞིན་གྱིས་སྟོང་པའི་སླད་དུའོ་ཞེས་གཏན་ཚིགས་སུ་སྦྱར་ཏེ། གཟུགས་ནས་ཡང་དག་པའི་མཐའི་བར་དུ་བཤད་ཚུལ་འདི་ལྟར་སྦྱར་རོ། །དེ་དག་གི་དོན་བསྡུས་ཏེ་བསྟན་པ་ནི། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡོངས་སུ་བརྟག་པར་བགྱིས་ཏེ། ཅི་ནས་ཀྱང་ཆོས་གང་ལ་ཡང་མིག་རྣམ་པར་མི་རྒྱུ་བ་དེ་ལྟར་ཡོངས་སུ་བརྟག་པར་བགྱིའོ་ཞེས་པའོ། །ཡོངས་སུ་འཛིན་པ་མེད་པའི་བསྒྲུབ་པའི་ཏིང་ངེ་འཛིན་གྱི་རང་བཞིན་དང་ཡོན་ཏན་བསྟན་པ་ནི། བཅོམ་ལྡན་འདས་ཞེས་པ་ནས་ཡོངས་སུ་མ་བཟུང་ཞེས་བགྱི་བ་སྟེ་ཞེས་པས་ནི་ངོ་བོ་ཡོན་ཏན་ནི་རྒྱ་ཆེ་བ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་བར་འགྱུར་རོ་ཞེས་པའི་བར་རོ། །ཐོབ་བྱའི་རྣམ་མཁྱེན་ལ་ཞེན་པ་དགག་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཞེས་པ་ནས་ཡོངས་སུ་བཟུང་བ་མ་མཆིས་པའོ་ཞེས་པའི་བར་རོ། །ཡོན་ཏན་སྟོང་པ་ཉིད་ཀྱི་སླད་དུ་ཞེས་པ་ཡན་ཆད་ཀྱིས་བསྟན་ཏོ། །མཚན་མར་མི་འཛིན་པའི་སྒྲུབ་པ་ནི། ཡོངས་སུ་བཟུང་བ་མ་མཆིས་པའི་གཏན་ཚིགས་དྲིས་པའི་ལན་གྱིས་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་སོ། །འདི་ལ་མཚན་མར་འཛིན་པའི་ཉེས་པ་དང༌། དགག་བྱའི་མཚན་མ་ངོས་བཟུང་བ་དང༌། མཚན་མ་མེད་པའི་འཐད་པ་བརྗོད་པ་དང༌། མཚན་མ་མེད་པའི་རྟོགས་པའི་ཆེ་བ་བརྗོད་པའོ། །དང་པོ་ནི། དེ་ནི་མཚན་མས་བརྗོད་པ་མ་ལགས་ཏེ། འདི་ལྟར་མཚན་མ་ལྔས་ཉོན་མོངས་པ་འབྱུང་བར་འགྱུར་བ་སྟེ། གཉིས་པ་ནི་མཚན་མ་དེ་དག་གང་ཞེ་ན་ཞེས་སོགས་ཀྱིས་སྟོན་ཏེ། ཤེས་བྱའི་མཚན་མ་ནི་གཟུགས་ནི་མཚན་མའོ་ཞེས་པ་ནས་ཁམས་དྲུག་གི་བར་དུ་གསུངས་སོ། །སྤང་བྱའི་མཚན་མ་ནི། མ་རིག་པ་ནས་རྒ་ཤིའི་བར་དུ་གསུངས་སོ། །སྤྱོད་པའི་མཚན་མ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་མའོ། །ལྟ་བའི་མཚན་མ་ནི་ནང་སྟོང་པ་ཉིད་ཅེས་སོགས་སོ། །རྣལ་འབྱོར་གྱི་མཚན་མ་ནི་དྲན་པ་ཉེ་བར་བཞག་པ་སོགས་སོ། །འབྲས་བུའི་མཚན་མ་ནི། མངོན་པར་ཤེས་པ་ཞེས་སོགས་སོ། །རྗོད་བྱེད་ཀྱི་མཚན་མ་ནི་ཡི་གེ་རྣམས་དང་ཞེས་སོགས་སོ། །གྲངས་ཀྱི་མཚན་མ་ནི་གཅིག་དང་གཉིས་སུ་བརྗོད་པ་སོགས་སོ། །མཚན་མ་མེད་པའི་འདོད་པ་རྒྱས་པར་བརྗོད་པ་ལ། མཚན་མ་མེད་པའི་འཐད་པའི་དཔེ་ནི། གལ་ཏེ་མཚན་མར་བཟུང་བ་ཞིག་ལ་བསྣན་ཞེས་པ་ནས། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་ངོ་ཞེས་པའི་བར་རོ། །ཤེས་པ་ཡོངས་སུ་མི་འཛིན་པའི་སྒྲུབ་པ་ལ་དམ་བཅའ་ནི། དེ་ནི་འདི་ལྟར་དེས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མ་དམིགས་ཏེ། གཏན་ཚིགས་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། ཡེ་ཤེས་དེ་ཡང་ཡང་དག་པའི་མཐའ་མ་ལགས། གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་པའོ། །མཚན་མ་མེད་པའི་དོན་རྟོགས་པའི་ཆེ་བ་ནི། རྣམ་གྲངས་འདི་ལ་ཀུན་ཏུ་རྒྱུ་ཡང་དག་པའི་མཐའ་ཞེས་སོགས་ཏེ། ཡང་དག་པའི་མཐའ་ཡོངས་སུ་མི་འཛིན་པ་འདི་ནི་ཞེས་པ་ནས་གསུངས་སོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཞུགས་པར་གྱུར་ཞེས་པ་ནི་ཚད་མེད་རྟོགས་པའི་ཡེ་ཤེས་ཐོབ་པའི་ཆེད་དུ་ཞུགས་ཞེས་པའོ། །ཀུན་ཏུ་རྒྱུ་དེས་ཆོས་ཡོངས་སུ་བཟུང་བ་མ་མཆིས་པར་རྟོགས་ཏེ། ཆོས་གང་ལ་ཡང་འགག་པ་མ་མཆིས་ཤིང༌། ཆོས་གང་ལ་ཡང་མཚན་མ་མ་མཆིས་པ་དང༌། ཡིད་ལ་བགྱི་བ་མ་མཆིས་པར་རྟོགས་པར་བགྱི་བའོ་ཞེས་པ་ནས། ཡོངས་སུ་བཟུང་བ་མ་མཆིས་པར་རྟོགས་པས་བཟུང་བ་དང༌། བཏང་བ་ཡང་མ་མཆིས་པར་རྟོགས་སོ། །དེ་ལྟར་རྟོགས་པས་ཆོས་གང་ལ་ཡང་རློམ་སེམས་མེད་དོ། །དེའི་རྒྱུས་ཐོབ་བྱ་མྱ་ངན་ལས་འདས་པ་ལ་ཡང་རློམ་སེམས་མེད་དོ། །གཏན་ཚིགས་བརྒྱུད་པའི་རིམ་པ་བཤད་པ་དེ་ལྟར་ན། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པར་དེ་ལྟར་གྲུབ་པའོ། །རྒྱུ་མཚན་དེའི་སླད་དུ་ན་ཆོས་གང་ལ་ཡང་ཡོངས་སུ་མི་འཛིན་པར་སྟོན་པ་ནི་གཟུགས་ཡོངས་སུ་མི་འཛིན་ཞེས་པ་ནས། ཡང་དག་པའི་མཐའ་ཡོངས་སུ་མི་འཛིན་ཞེས་པའི་བར་གྱིས་གསུངས་སོ། །ཆོས་གང་འཛིན་པའི་ཚད་མེད་ཀྱི་རྣལ་འབྱོར་ལ་གནས་ན། དམན་པའི་མྱ་ངན་ལས་འདས་པའི་མཐར་ལྟུང་ངོ་སྙམ་ན། འོན་ཀྱང་སྨོན་ལམ་ཡོངས་སུ་མ་རྫོགས་པའི་བར་དུ་ཞེས་པ་ནས་མྱ་ངན་ལས་མི་འདའ་འོ་ཞེས་པའི་བར་རོ། །གཏན་ཚིགས་བསྟན་པ་ནི། དེ་ཅིའི་སླད་དུ་ཞེས་པ་ནས། དེ་དག་ནི་ཆོས་ཀྱང་མ་ལགས། ཆོས་མ་ལགས་པ་ཡང་མ་ལགས་སོ་ཞེས་པའི་བར་གྱིས་གསུངས་ཏེ། ཆོས་མ་ལགས་ཞེས་པའི་དོན་ནི། དོན་དམ་པར་ཆོས་གང་ཡང་མ་གྲུབ་པས། སྨོན་ལམ་ཡོངས་སུ་མ་གྲུབ་ཅེས་པའི་དོན་ནོ། །སྨོན་ལམ་སོགས་སྨོན་ལམ་སོགས་སུ་མ་གྲུབ་པའི་དོན་ནི། ཆོས་ཐམས་ཅད་མ་དམིགས་པར་རྟོགས་པས་འཁོར་བའི་མཐའ་ལ་མི་གནས་པ་བསྟན་ཏོ། །ཕྱི་མས་ནི་ཆོས་སྨོན་ལམ་སོགས་ཀྱི་དགེ་བའི་ཆོས་ལ་བརྟེན་པས། ཞི་བའི་མཐའ་ལ་མི་གནས་པར་བསྟན་ཏོ། །ཡོངས་སུ་འཛིན་པ་མེད་པའི་སྒྲུབ་པ་རྒྱས་པར་བསྟན་ཟིན་པའི་མཇུག་བསྡུ་བ་ནི། བཅོམ་ལྡན་འདས་དེ་ལྟར་ཞེས་སོགས་ཏེ། ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་ཕྱིར་དུ་ཞེས་པ་ནི་གཏན་ཚིགས་སོ། །གཟུགས་ཡོངས་སུ་མི་འཛིན་ཞེས་པ་ནི་བསྒྲུབ་བྱའི་ཆོས་སོ། །བཤད་ཚུལ་འདིས་ཡང་དག་པའི་མཐར་ཡོངས་སུ་མི་འཛིན་ཞེས་པའི་བར་དུ་སྦྱར་རོ། །ཡོངས་སུ་འཛིན་པ་མེད་པའི་སྒྲུབ་པ་བསྟན་ཟིན་ཏོ། །དོན་དེ་ཉིད་མངོན་རྟོགས་རྒྱན་ལས། ཆོས་རྣམས་མི་འཛིན་གང་ཡིན་དང༌། །དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་བཤད་དོ། །ཡོངས་སུ་བརྟག་པའི་སྒྲུབ་པ་བསྟན་པ་ལ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེས་སོགས་ནས། ལེའུ་ལྔ་པ་ཡོངས་སུ་རྫོགས་པའི་བར་གྱིས་བསྟན་ཏོ། །སྒྲུབ་པ་འདི་ཡང་རྣམ་པ་བཞི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེས་ངོ་བོ་བརྟག་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་ཞེས་པ་འབྲེལ་བ་བརྟག་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཅི་ཞིག་ཅེས་པ་བྱེད་པ་བརྟག་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་རྒྱུ་མཚན་བརྟག་པའོ། །ཡང་ན་གང་ཞེས་པ་ངོ་བོ་དང་གང་གི་ཞེས་པ་འབྲེལ་བ་དང༌། ཅི་ཞིག་ཅེས་པ་རྒྱུ་དང༌། ཅིའི་ཕྱིར་ན་ཞེས་པ་བྱེད་པ་བརྟག་པ་སྟེ་བཞིའོ། །དང་པོ་ནི། བྱང་སེམས་ཆེན་པོ་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གལ་ཏེ་འདི་ལྟར། ཆོས་གང་ཡང་ཡོད་པ་ཡིན་ཞིང་མི་དམིགས་པ་སྟེ། ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ལོ་ཞེས་པའི་བར་རོ། །འབྲེལ་པ་བརྟག་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཞེས་པ་ནས། ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའི་རང་བཞིན་མེད་པར་བྱའོ་ཞེས་པའི་དོན་ནོ། །གསུམ་པ་ཅི་ཞིག་བརྟག་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་གཟུགས་ལ་གཟུགས་ཀྱི་མཚན་ཉིད་མེད་དོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ། །ཅིའི་ཕྱིར་ཡོངས་སུ་བརྟག་པ་ནི། དེའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ། དེ་ནི་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བའི་ཕྱིར་རོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཉེ་བར་གྱུར་པ་ཡིན་ནོ་ཞེས་པའི་བར་གྱིས། དང་པོ་ལ་མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། གནས་ཚུལ་ལ་ཆོས་གང་ཡང་ཡོད་པ་མ་ཡིན་ཞིང༌། མི་དམིགས་པར་རྟོགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་ཚད་མར་འཛིན་པའི་ཆོས་ཀྱིས་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བཤད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ནི། ཆོས་གང་ཡང་ཡོད་པ་མ་ཡིན་ཞེས་ཤཱ་རིའི་བུས་དྲིས་པའི་ལན་རབ་འབྱོར་གྱིས་སྨྲས་པས། ཆོས་ཐམས་ཅད་མི་དམིགས་པར་རྒྱ་ཆེར་བསྟན་པ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་སོགས་གསུངས་ཏེ། སྟོང་པ་ཉིད་བཅོ་བརྒྱད་གཏན་ཚིགས་སུ་བསྟན་ནས་ཕར་ཕྱིན་དྲུག་མ་དམིགས་པར་བསྟན་པ་དང༌། ཕུང་པོ་ལྔ་དང༌། ཁམས་བཅོ་བརྒྱད་དང༌། རྟེན་འབྲེལ་བཅུ་གཉིས་དང༌། ཕར་ཕྱིན་དྲུག་དང༌། བྱང་ཕྱོགས་སོ་བདུན་དང༌། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་དང༌། གཟུགས་མེད་པའི་སྙོམས་འཇུག་དང༌། རྣམ་པར་ཐར་པ་བརྒྱད་དང༌། སྙོམས་འཇུག་དགུ་དང༌། རྣམ་ཐར་སྒོ་གསུམ་དང༌། མངོན་ཤེས་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སྙིང་རྗེ་ཆེན་པོ་དང་མ་འདྲེས་པ་རྣམས་མི་དམིགས་པར་བསྟན་ཏོ། །ཡང་སྟོང་པ་ཉིད་བཅོ་བརྒྱད་གཏན་ཚིགས་སུ་བྱས་ནས། རྒྱུན་དུ་ཞུགས་པ་ནས་རྣམ་མཁྱེན་གྱི་བར་མི་དམིགས་པ་དང༌། དེ་བཞིན་ཉིད་ནས་ཡང་དག་པའི་མཐའི་བར་མི་དམིགས་པ་དང༌། ཡང་རྒྱུན་དུ་ཞུགས་པ་ནས་སངས་རྒྱས་ཀྱི་སའི་བར་མི་དམིགས་པ་དང༌། ཡང་ནང་དང་ཕྱི་ལ་སོགས་པའི་ཆོས་ཅན་རྟགས་སུ་བཀོད་ནས་སྟོང་པ་ཉིད་བཅོ་བརྒྱད་མི་དམིགས་པའི་བར་དུ་གསུངས་སོ། །ཕན་ཡོན་གྱི་སྒོ་ནས་དོན་བསྡུ་བ་ནི། གལ་ཏེ་དེ་ལྟར་རྟོགས་ཤིང་སེམས་པ་དང་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་པའི་བར་དུ་གསུངས་སོ། །རྒྱན་ལས། ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་འབྲེལ་བ་པོ་གང་གིས་ཡིན་ཞེས་ཡོངས་སུ་བརྟག་པ་བཤད་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཞེས་སོགས་ཤེར་ཕྱིན་དང་མ་བྲལ་བ་དྲིས་པའི་ལན་བཏབ་པས་གསུངས་ཏེ། གཟུགས་དང་གཟུགས་ཀྱི་རང་བཞིན་དང་བྲལ་ཞེས་གསུངས་པས་ནི་ཡུལ་ངོས་བཟུང་ལ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་གསུངས་པས་ནི། ཡུལ་ཅན་ཤེར་ཕྱིན་ངོས་བཟུང་བ་ངོ་ཤེས་པ་སྟེ། གཟུགས་ནས་མ་འདྲེས་པ་བཅོ་བརྒྱད་ཅེས་པའི་བར་དང༌། རྒྱུན་དུ་ཞུགས་པ་སོགས་ལ་གང་ཟག་ལྔ་དང༌། མཁྱེན་པ་གསུམ་དང་ཡང་དག་པའི་མཐའི་བར་ལ་སྦྱར་ཏེ་བཤད་ཚུལ་སྦྱར་རོ། །དེ་བྱང་ཆུབ་སེམས་དཔའ་ཞེས་སོགས་ནས། མ་བྲལ་བར་ཤེས་པར་བྱའོ་ཞེས་དྲིས་པའི་ལན་གྱི་དོན་དང་སྦྱར་ནས་གསུངས་སོ། །རྒྱན་ལས། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །ཅེས་པས་བཤད་དོ། །གོང་དུ་གཟུགས་སོགས་རང་བཞིན་དང་བྲལ་བ་ཞེས་གསུངས་པ་ལ། ཤཱ་རིའི་བུས་རབ་འབྱོར་ལ་རང་བཞིན་དྲིས་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱི་རང་བཞིན་ཅི་ལྟ་བུ། ཡང་དག་པའི་མཐའི་རང་བཞིན་ཅི་ལྟ་བུ། ཞེས་དྲིས་སོ། །རབ་འབྱོར་གྱིས་རང་བཞིན་མེད་པའི་ཚུལ་ནས་ལན་བཏབ་པ་ནི། རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་མེད་པ་ནི་དངོས་པོ་མེད་པའོ། །ཞེས་པ་ནས་ཡང་དག་པའི་མཐའ་དངོས་པོ་མེད་པའི་བར་དུ་བསྟན་ཏོ། །རྒྱན་ལས། དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་གསུངས་སོ། །རང་བཞིན་མེད་པར་བསྟན་པ་རྒྱས་པར་བཤད་པའི་མཇུག་བསྡུ་བ་ནི། ཤཱ་རིའི་བུ་རྣམ་གྲངས་དེས་ན་གཟུགས་ལ་གཟུགས་ཀྱི་རང་བཞིན་མེད་པ་དང་ཞེས་པ་ནས། ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའི་རང་བཞིན་མེད་པར་ཤེས་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །དོན་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་ཆོས་འདི་དང་འདི་ཤེས་པའི་ཤེར་ཕྱིན་ནོ་ཞེས་པའི་ཚུལ་གྱིས་འབྲེལ་བ་ཅན་དུ་བརྟག་ཏུ་ག་ལ་ཡོད་ཅེས་པའོ། །ཅི་ཞིག་བརྟག་པའི་བཤད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་གཟུགས་ལ་གཟུགས་ཀྱི་མཚན་ཉིད་མེད་དོ། །ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའི་མཚན་ཉིད་མེད་དོ། །ཅེས་པའི་བར་གྱིས་གསུངས་སོ། །འདིས་ནི་ཆོས་ཐམས་ཅད་མཚན་ཉིད་མེད་ན་ཆོས་གང་གི་མཚན་ཉིད་རྟོགས་པའི་ཤེར་ཕྱིན་དུ་བརྗོད་སྙམ་ན། ཐ་སྙད་དུ་རང་བཞིན་མེད་པ་ཁོང་དུ་ཆུད་པའི་དོན་དུ་ཞེས་ཤེར་ཕྱིན་བཤད་ལ། དོན་དམ་པར་ནི་མཚན་ཉིད་མེད་པས། མཚན་ཉིད་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟག་ཏུ་ག་ལ་ཡོད་ཅེས་པའོ། །གོང་དུ་མཚན་ཉིད་མེད་ཅེས་སྨོས་པ་ན། ཆོས་རྣམས་ལ་མཚན་ཉིད་མེད་ཀྱང་མཚན་ཉིད་ལོགས་ཤིག་པ་འཛིན་པ་ལོག་པའི་དོན་དུ་མཚན་ཉིད་ལ་ཡང་མཚན་ཉིད་ཀྱི་རང་བཞིན་མེད་དོ་ཞེས་གསུངས་སོ། །མཚན་ཉིད་ལ་མཚན་ཉིད་ཀྱི་རང་བཞིན་མེད་ཀྱང་མཚན་ཉིད་ཀྱི་རང་བཞིན་ཡོད་སྙམ་ན། མཚན་ཉིད་ཀྱི་རང་བཞིན་ལ་ཡང་མཚན་ཉིད་ཀྱི་རང་བཞིན་མེད་དོ་ཞེས་གསུངས་སོ། །རང་བཞིན་མེད་པར་རྟོགས་པའི་ཤེར་ཕྱིན་གྱི་རང་བཞིན་མེད་པའི་ཕན་ཡོན་དྲིས་པ་ནི། སྨྲས་པ་ཞེས་པ་ནས་འབྱུང་བར་འགྱུར་རོ་ཞེས་པའི་བར་རོ། །ལན་ནི་དེ་དེ་བཞིན་ཏེ་ཞེས་པ་ནས། འབྱུང་བར་འགྱུར་རོ་ཞེས་པའི་བར་རོ། །རྣམ་མཁྱེན་དུ་འབྱུང་བར་འགྱུར་བའི་འཐད་པ་དྲིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བའི་ཕྱིར་རོ་ཞེས་གསུངས་ཏེ། སྐྱེ་བ་མེད་པའི་དོན་ཁོང་དུ་ཆུད་པས་བདེན་འཛིན་གྱི་སྒྲོ་འདོགས་ཆོད་པའི་ཕྱིར། ཤེས་བྱའི་སྒྲིབ་པ་སྤོངས་པས་རྣམ་མཁྱེན་འཐོབ་ཅེས་པའི་དོན་ནོ། །དོན་དམ་པར་ནི་སྐྱེ་བ་མེད་པའི་ཕྱིར་རྣམ་མཁྱེན་དུ་འབྱུང་བ་ཡང་མེད་པའི་དོན་ནོ། །ཅིའི་ཕྱིར་ཤེར་ཕྱིན་དུ་བརྟག་སྟོན་པ་ནི། གོང་དུ་མ་སྐྱེས་མ་བྱུང་བའི་ཕྱིར་ཞེས་གཏན་ཚིགས་སྨྲས་པ་ལ། ཇི་ལྟར་མ་སྐྱེས་མ་བྱུང་བ་ཡིན་ཞེས་དྲིས་པའི་ལན་གྱིས་གསུངས་ཏེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་ཞེས་པ་ནི་བསྒྲུབ་བྱའོ། །གཟུགས་ནི་གཟུགས་ཀྱིས་སྟོང་སྟེ་ཞེས་པ་ནི་གཏན་ཚིགས་སོ། །ཚུལ་དེ་བཞིན་དུ་ཡང་དག་པའི་མཐའི་བར་དུ་སྦྱར་ནས་བཤད་པར་བྱའོ། །རྒྱན་ལས། དེ་དག་སྐྱེ་མེད་ངེས་འབྱུང་མེད། །ཅེས་གསུངས་སོ། །འདིས་ནི་ཐ་སྙད་དུ་སྐྱེ་བ་མེད་པའི་དོན་ཁོང་དུ་ཆུད་པས་ནི་རྣམ་མཁྱེན་འབྱུང་བར་འགྱུར་ལ། དོན་དམ་པར་ནི། རྟོགས་བྱའི་དོན་མེད་པས་ན། ཅིའི་ཕྱིར་རྟོགས་བྱའི་དོན་ཁོང་དུ་ཆུད་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ་རྟོགས་བྱའི་དོན་མེད་པའི་ཕྱིར་ཞེས་པའམ། རྣམ་མཁྱེན་དུ་འབྱུང་བར་བྱེད་པ་ལ། ཅིའི་ཕྱིར་དུ་བརྟག་སྟེ། བརྟག་པར་མི་བྱའོ། །ཅིའི་ཕྱིར་ན་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བའི་ཕྱིར་རོ་ཞེས་པའི་དོན་ནོ། །ཆོས་ཡོངས་སུ་བརྟག་པའི་སྒྲུབ་པས་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་འགྱུར་བ་ཡིན་ནོ་ཞེས་པའི་བར་རོ། །འདིས་ནི་ཤེར་ཕྱིན་བསྒོམ་པ་པོ་ལ་འབྱུང་བའི་ཡོན་ཏན་བཤད་དེ། ལུས་ངག་ཡིད་གསུམ་དག་པ་ཐོབ་པའི་ཡོན་ཏན་ནི། ལུས་ཡོངས་སུ་དག་པ་དང་ཞེས་པ་དང༌། ཐོབ་པར་འགྱུར་རོ་ཞེས་པའི་བར་རོ། །ཉོན་མོངས་པ་དང་བྲལ་བའི་ཡོན་ཏན་ནི། འདོད་ཆགས་དང་ལྡན་པའི་སེམས་མི་བསྐྱེད་ཅེས་པ་ནས། ནམ་ཡང་ངན་སོང་དུ་སྐྱེ་བར་མི་འགྱུར་རོ་ཞེས་པའི་བར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཡོན་ཏན་ནི། དེས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་ཞེས་སོགས་ཚིག་གསུམ་སྨོས་སོ། །སངས་རྒྱས་དང་མི་འབྲལ་བའི་ཡོན་ཏན་ནི། བླ་ན་མེད་པ་ཞེས་པ་ནས། བྲལ་བར་མི་འགྱུར་རོ། །ཞེས་པའི་བར་རོ། །རྒྱན་ལས། དག་དང་ཞེས་བཤད་དོ། །ཤེར་ཕྱིན་ལ་ནན་ཏན་དུ་བྱ་བར་གདམས་པ་ནི། དེ་བས་ན་ཚེ་དང་ལྡན་པ་ཞེས་སོགས་ནས། མི་སྟོང་པ་བསྐྱེད་པར་བྱ་སྟེ་ཞེས་པའི་དོན། དེ་ལ་ཉེ་བར་སྦྱོར་བ་ནི་ཚེ་དང་ལྡན་པ་ཞེས་པ་ནས། ཉེ་བར་འགྱུར་བ་ཡིན་ནོ་ཞེས་པའི་བར་རོ། །ཀུན་ཏུ་རྒྱུ་གསོ་སྦྱོང་གི་ལེའུ་བཤད་ཟིན་ཏོ།། ༈ བདུན་པ་མཚན་མ་མེད་པའི་ལེའུ་བཤད་པ། མཚན་མ་མེད་པའི་ལེའུ་སྟོན་པ་ལ། རྒྱན་ལྟར་ན། བཟོད་པ་ཆེན་པོ་དང༌། ཆོས་མཆོག་གསུམ་དང༌། གཟུང་རྟོག་གཉིས་སྟོན་ནོ། །མདོའི་དངོས་བསྟན་གྱིས་བཤད་ཚུལ་ནི། འདི་ནས་ཐབས་ཀྱི་སྒྲུབ་པ་སྟོན་ཏེ། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་སེམས་ཡུམ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་ཞེས་པ་ནས། བྱང་སེམས་ཡུམ་ལ་སྤྱོད་པའི་ཚེ། སེམས་ཞུམ་པ་མེད་ཅིང་ཡོངས་སུ་ཞུམ་པ་མེད་དེ། མི་འཇིགས་མི་དངངས་སྐྲག་པར་མི་འགྱུར་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་སེམས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱན་ལས། དེ་དག་མཚན་མ་མེད་ཞེས་བཤད་དོ། །ཐབས་ཀྱི་སྒྲུབ་པ་འདི་ཡང༌། ཐབས་མི་མཁས་པས་སྤྱོད་པར་བྱ་བའི་ཡུལ་དང༌། ཐབས་ལ་མཁས་པས་སྤོང་བར་བྱ་བའི་ཡུལ་གཉིས་སུ་བསྟན་ཏོ། །ཐབས་མི་མཁས་པ་ཡང་གཉིས་ཏེ། །མཚན་མ་ལ་སྤྱོད་པ་དང༌། མངོན་པར་འདུ་བྱེད་པ་ལ་སྤྱོད་པའོ། །དང་པོ་ནི་གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་ཞེས་བྱ་བ་ནས། ཐབས་མི་མཁས་པར་རིག་པར་བྱའོ་ཞེས་པའི་བར་གྱིས་རིག་པར་བསྟན་ཏོ། །གཟུགས་སོགས་སོ་སོའི་མཚན་ཉིད་ལ། མཚན་མར་རྟོག་མཚན་མར་འཛིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཅེས་པའི་དོན་ནོ། །ཡང་གཟུགས་རྟག་མི་རྟག བདེ་སྡུག བདག་ཡོད་མེད། །ཞི་མ་ཞི། དབེན་མི་དབེན་གྱི་བར་གཟུགས་ནས་མ་འདྲེས་པའི་བར་དུ་སྦྱར་ནས། དེ་དག་ལ་མཚན་མར་སྤྱོད་ན། ཤེར་ཕྱིན་ལ་མི་སྤྱོད་ཅེས་གསུངས་སོ། །འདི་དག་གིས་སྤང་བྱ་ངོས་བཟུང་ནས། གཉིས་པ་མངོན་པར་འདུ་བྱེད་པ་ལ་སྤྱོད་པས། ཐབས་ལ་མི་མཁས་པར་སྟོན་པ་ནི། ཐབས་ལ་མི་མཁས་པར་ཇི་ལྟར་རིག་པར་བྱ་བ་ཡིན་ཞེས་བྱ་བ་ནས། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་སེམས་ཆེན་པོ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་མངོན་དུ་བྱེད་པའི་སྐལ་བ་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ལ་དེ་ལྟར་སྤྱོད་ན། ཐབས་མི་མཁས་པར་ཤེས་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །འདིས་ནི་མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་པའི་ལྡོག་ཕྱོགས་བསྟན་ཏོ། །དེ་ལ་མོས་ཤིང་ཞེས་པ་ནས། ལྟ་བ་ཕྱིན་ཅི་ལོག་གིས་གཟུགས་ལ་བདེན་དངོས་སུ་མོས་པའོ། །འདུ་ཤེས་ཏེ་ཞེས་པའི་ཚིག་གིས་ནི། འདུ་ཤེས་ཕྱིན་ཅི་ལོག་གིས་ཚད་མར་འཛིན་པའོ། །བྱིན་གྱིས་རློབས་ཞེས་པ་ནི། གཟུགས་ཀྱི་དངོས་པོ་ལ་ཆགས་པའོ། །མངོན་པར་འདུ་བྱ་བ་ལ་སྤྱོད་ཅེས་པ་ནི། ཕྱིན་ཅི་ལོག་གསུམ་གྱིས་ཁྱད་གཞིའི་གཟུགས་བདེན་པར་བཟུང་ནས། ཁྱད་ཆོས་སྐྱེ་འགག་སོགས་སུ་མངོན་པར་འདུ་བྱེད་པ་ལ་བརྗོད་དོ། །དེ་དག་གི་ཉེས་དམིགས་བསྟན་པ་ནི། དེ་ནི་སྐྱེ་བ་དང་ཞེས་པ་ནས། མི་འགྲོལ་བར་བརྗོད་དོ་ཞེས་པའི་བར་རོ། །བཤད་ཚུལ་འདི་ནི་ཚོར་བ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྦྱར་རོ། །འབྲས་བུ་མི་ཐོབ་པའི་ཉེས་དམིགས་ནི། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་མངོན་དུ་བྱེད་པའི་སྐལ་བ་མེད་ན་ཞེས་པ་ནས་གནས་མེད་དོ་ཞེས་པའི་བར་རོ། །དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཞེས་པ་ནས། ཐབས་མི་མཁས་པར་ཤེས་པར་བྱའོ་ཞེས་པའི་བར་རོ། །མི་མཐུན་ཕྱོགས་ཐབས་ལ་མི་མཁས་པ་བསྟན་ཟིན་ནས། གཉེན་པོ་ཐབས་ལ་མཁས་པའི་སྒྲུབ་པ་བསྟན་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན། ཐབས་མཁས་པར་ཤེས་པར་བྱ་ཞེས་དྲིས་པའི་ལན་གྱིས་གསུངས་ཏེ། རྒྱན་ལས་ནི། མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་པས་བཤད་དོ། །ཐབས་མཁས་ཀྱི་སྤྱོད་པ་འདི་ལ་གཉིས་ཏེ། ཆོས་མི་དམིགས་པར་སྤྱོད་པ་དང༌། མཚན་མ་མི་དམིགས་པར་སྤྱོད་པའོ། །དང་པོ་ནི། ཤཱ་རིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་སྤྱོད་དེ་ཞེས་སོགས་ཀྱིས་གསུངས་ཏེ། གཟུགས་སོགས་འཇིག་རྟེན་པའི་ཆོས་དང༌། སྦྱིན་སོགས་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ། རྟག་མི་རྟག་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་དང༌། སྟོང་མི་སྟོང་དང༌། མཚན་མ་ཡོད་མེད་དང༌། སྨོན་པ་ཡོད་མེད་དང༌། དབེན་མི་དབེན་གྱི་བར་ལ་གཉིས་སུ་འཛིན་པའི་ཚུལ་གྱིས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་མི་སྤྱོད་པ་དེའི་ཚེ། བྱང་སེམས་ཆེན་པོ་ཐབས་ལ་མཁས་པ་ཞེས་པའི་བར་དུ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ནི། རྟག་མི་རྟག་སོགས་སུ་མི་དམིགས་པའི་གཏན་ཚིགས་བསྟན་ཏེ། གཟུགས་སོགས་རང་བཞིན་གྱིས་སྟོང་པའི་ཕྱིར། དེ་ལྟར་མི་སྤྱོད་ཅེས་པའི་དོན་ནོ། །རང་བཞིན་གྱིས་སྟོང་པའི་ཚུལ་ནི། སྟོང་པ་ཉིད་གཟུགས་མ་ཡིན་ཏེ། སྔོན་པོ་དང་སེར་པོ་སོགས་ཀྱི་རྣམ་པའི་སྒོ་ནས་གཟུང་དུ་མེད་པའི་ཕྱིར། སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་མེད་དོ་ཞེས་པའི་དམ་བཅའ་འོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་པ་ནི། གཏན་ཚིགས་སོ། །འདིས་ནི་སྣང་སྟོང་ཆོས་བཞིར་མི་སྦྱོར་བར་བསྟན་ཏོ། །བཤད་ཚུལ་འདིས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བཤད་ཚུལ་ལོ། །ཚུལ་དེ་ལྟར་སྤྱོད་པ་ཐབས་ལ་མཁས་པར་བསྟན་པ་ནི། ཚེ་དང་ལྡན་པ་ཞེས་པ་ནས་ཐབས་ལ་མཁས་པར་ཤེས་པར་བྱའོ། །ཞེས་པའི་བར་རོ། །ཕན་ཡོན་ནི་ཚེ་དང་ལྡན་པ་ཞེས་པ་ནས། སྐལ་བ་ཡོད་དོ་ཞེས་པའི་བར་རོ། །ཆོས་མི་དམིགས་པའི་སྤྱོད་པ་བསྟན་ཟིན་ཏོ། །མཚན་མ་མི་དམིགས་པའི་སྒྲུབ་པ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཡུམ་ལ་སྤྱོད་ཀྱང་སྤྱོད་དོ་ཞེས་བྱ་བར་མི་དམིགས་ཞེས་སོགས་ཀྱིས་བསྟན་ཏེ། སྤྱོད་པ་མུ་བཞིའི་རྣམ་པར་སྤྱོད་པ་མི་དམིགས་ཞེས་པའི་དོན་ནོ། །སྤྱོད་པ་མུ་བཞིའི་རྣམ་པ་རྟོག་པ་བཞི་མ་དམིགས་པའི་གཏན་ཚིགས་དྲིས་པ་ནི། ཤ་ར་དྭ་ཏིའི་བུས་སྨྲས་པ་ཞེས་པ་ནས། མི་དམིགས་པ་ཡིན་ཞེས་པའི་བར་རོ། །གཏན་ཚིགས་བསྟན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མ་དམིགས་ཞེས་པའོ། །སླར་ཡང་གཏན་ཚིགས་དེ་ཉིད་ཀྱི་འཐད་པ་དྲིས་པ་ནི། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པའི་རང་བཞིན་དེ། ཞེས་པས་བསྟན་ཏོ། །སླར་ཡང་སྤྱོད་པ་མུ་བཞིའི་རྣམ་པར་རྟོག་པ་མ་དམིགས་པར་བསྟན་པ་ནི། ཚེ་དང་ལྡན་པ་ཞེས་པ་ནས་མ་དམིགས་སོ་ཞེས་པའི་བར་རོ། །གཏན་ཚིགས་དྲིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པའོ། །གཏན་ཚིགས་འགོད་པ་ནི། འདི་ལྟར་དེས་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་ཁོང་དུ་ཆུད་དེ། མ་བླངས་པའི་ཕྱིར་ཞེས་པའོ། །ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་སོ། །མ་བླངས་པ་ནི་ཚད་མར་མ་བཟུང་བའི་དོན་ནོ། །ཆོས་མ་དམིགས་པ་དང་མཚན་མ་མ་དམིགས་པའི་སྒྲུབ་པ་གཉིས་ཀྱི་ཕན་ཡོན་བསྟན་པ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཉེ་བར་གྱུར་པར་ཤེས་པར་བྱའོ་ཞེས་པའི་བར་རོ། །ཐབས་ཀྱི་སྒྲུབ་པ་བསྟན་ཟིན་ཏོ། །མྱུར་དུ་སངས་རྒྱས་པའི་སྒྲུབ་པ་བསྟན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང༌། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་སྟེ་ཞེས་སོགས་ཀྱིས་བསྟན་ཏོ། །འདི་ལ་ཡང་སྒྲུབ་པ་རྣམ་པ་བཞི་སྟེ། ཏིང་ངེ་འཛིན་ལ་བསླབ་པ་དང་ཆོས་མི་དམིགས་པ་ལ་བསླབ་པ་དང༌། སྒྱུ་མ་ལྟ་བུ་སོགས་ལ་བསླབ་པ་དང༌། ཐབས་ལ་མཁས་པ་ལ་བསླབ་པའོ། །དང་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ལ་བསླབ་པར་བྱའོ། །ཞེས་པའི་བར་དུ་གསུངས་ཏེ། རྒྱན་ལས། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ཅེས་གསུངས་སོ། །ཏིང་ངེ་འཛིན་ལ་བསླབ་པ་ཡང་རྣམ་པ་གཉིས་ཏེ། ཏིང་ངེ་འཛིན་གྱི་མིང་དང༌། རྣམ་པར་མི་རྟོག་པ་བསྟན་པའོ། །ཏིང་ངེ་འཛིན་གྱི་མིང་བསྟན་པ་ནི། ཏིང་ངེ་འཛིན་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བས་ཞེས་སྨོས་ཏེ། སྐྱེ་བ་མེད་པའི་ཏིང་ངེ་འཛིན་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང༌། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པར་རྟོགས་པའི་ཕྱིར། ཅིའི་ཕྱིར་གཉིས་སུ་བྱར་མེད་ཅེ་ན། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་སྦྱར་རོ། །དེ་ལྟར་རྟོགས་པའི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ཕྱིར་ཏེ། གཟུང་འཛིན་གཉིས་སུ་མེད་ཅིང་རྟོག་པས་གཉིས་སུ་བྱར་མེད་པར་རྟོགས་པའི་ཕྱིར། གཉིས་སུ་མེད་པ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཡང་གཉིས་སུ་མེད་པ་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེས་བཤད་དོ། །ཏིང་ངེ་འཛིན་དེའི་ཡོན་ཏན་བཤད་པ་ནི་རྒྱ་ཆེ་བ་ཞེས་བྱ་སྟེ། དོན་གཉིས་རྒྱ་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་རོ། །མཆོག་ཏུ་བྱ་བ་ཞེས་བྱ་སྟེ། ཉན་རང་གི་ཏིང་ངེ་འཛིན་ལས་མཆོག་ཏུ་གྱུར་པའི་ཕྱིར། ཚད་མེད་པ་དང་ངེས་པ་ཞེས་བྱ་སྟེ། ཡོན་ཏན་ཚད་བཟུང་དུ་མེད་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་ཞེས་བྱ་སྟེ། དེ་དག་གི་རྟོགས་པས་འཕྲོག་པར་མི་ནུས་པའི་ཕྱིར། ཕན་ཡོན་བསྟན་པ་ནི། གཉིས་སུ་མེད་པར་རྟོགས་པའི་ཏིང་ངེ་འཛིན་དེས་ཞེས་སྦྱར་ཏེ། མངོན་པར་འཚང་རྒྱའོ་ཞེས་པའི་བར་གྱིས་གསུངས་སོ། །སྐྱེ་བ་མེད་པའི་ཏིང་ངེ་འཛིན་འབའ་ཞིག་གིས་འཚང་རྒྱའམ། འཚང་རྒྱ་བའི་རྒྱུ་ཏིང་ངེ་འཛིན་གཞན་དག་ཀྱང་ཡོད་ཅེས་ཤཱ་རིའི་བུས་དྲིས་པ་ནི། སྨྲས་པ་ཞེས་པ་ནས། འོན་ཏམ། དེ་ལྟ་བུའི་ཏིང་ངེ་འཛིན་གཞན་དག་ཀྱང་ཡོད་ཅེས་པའི་བར་རོ། །འཚང་རྒྱ་བའི་རྒྱུ་ཏིང་ངེ་འཛིན་གཞན་ཡང་མང་པོ་ཡོད་པར་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཏིང་ངེ་འཛིན་གཞན་དག་ལ་རྣམ་པར་དཔྱོད་པས་ཀྱང་ཞེས་པ་ནས། འཚང་རྒྱ་བར་འགྱུར་བ་ཡོད་དོ་ཞེས་པའི་བར་གྱིས་མདོར་བསྟན་ཏོ། །ཏིང་ངེ་འཛིན་གང་དང་གང་གིས་འཚང་རྒྱ་བ་དྲིས་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ཞེས་པའི་བར་རོ། །ལན་གྱིས་རྒྱས་པར་བཤད་པ་ནི་རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ཞེས་བྱ་བ་ཡོད་དེ་ཞེས་སོགས་ཏིང་ངེ་འཛིན་བརྒྱ་ཉི་ཤུ་གསུངས་སོ། །འདི་དག་གིས་ནི་ཏིང་ངེ་འཛིན་དང་ཏིང་ངེ་འཛིན་གྱི་བྱེད་པ་གཉིས་གསུངས་སོ། །ཏིང་ངེ་འཛིན་དེ་དག་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ད་ལྟ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ལུང་སྟོན་པའི་ཡོན་ཏན་ཡོད་པར་བསྟན་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་སོགས་ནས། བྱང་ཆུབ་ཏུ་ལུང་བསྟན་ཏེ་ཞེས་པའི་བར་གྱིས་གསུངས་ཏེ། རྒྱན་ལས། ལུང་སྟོན་པ་དང་རློམ་པ་ཟད། །ཅེས་ཚིག་གཉིས་གསུངས་པ་ལས་ཚིག་སྔ་མས་བསྟན་ཏོ། །རྣམ་པར་མི་རྟོག་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི། ཏིང་ངེ་འཛིན་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་ནས། ཉན་ཐོས་ནང་ན་མཆོག་ཏུ་བཤད་པ་ནི་འདི་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱན་ལས། རློམ་པ་ཟད་ཅེས་པའི་ཚིག་གིས་བསྟན་ཏོ། །ཏིང་ངེ་འཛིན་ལ་ཞེན་པ་དགག་པ་ནི། ཏིང་ངེ་འཛིན་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པའོ། །ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ལ་ཞེན་པ་དགག་པ་ནི། བདག་ནི་སྙོམས་པར་ཞུགས་སོ་ཞེས་པ་ནས་རློམ་སེམས་སུ་འགྱུར་བ་མེད་དེ་ཞེས་པའི་བར་རོ། །གཏན་ཚིགས་ནི། དེ་ལ་རྣམ་པར་རྟོག་པ་དེ་དག་མེད་ཅིང༌། མི་རྒྱུའོ་ཞེས་པས་བསྟན་ཏེ། གཉིས་ག་མི་དམིགས་པའི་ཕྱིར་རོ་ཞེས་པའི་དོན་ནོ། །སྔར་བྱང་ཆུབ་ཏུ་ལུང་བསྟན་ཏེ་ཞེས་སྨྲས་པ་ན། འགའ་ཞིག་བྱང་ཆུབ་ཏུ་ལུང་བསྟན་པ་ཡོད་དོ་སྙམ་པའི་བདེན་པའི་བདེན་འཛིན་དྲིས་པ་བཟློག་པའི་དོན་དུ། ཤཱ་རིའི་བུས་དྲིས་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས་ལུང་བསྟན་པ་ཡོད་དམ་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ནི་དེ་ནི་མེད་དོ་ཞེས་པའོ། །གཏན་ཚིགས་དྲིས་པ་ནི་དེ་ཡི་ཕྱིར་ཞེས་པའོ། །ལན་ནི་ཡུམ་དང་ཏིང་ངེ་འཛིན་དང༌། བྱང་སེམས་གསུམ་པོ་གཞན་དུ་མེད་ཀྱི་ཕན་ཚུན་ངོ་བོ་གཅིག་ཏུ་བསྟན་ཏོ། །རྒྱན་ལས། གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཅེས་གསུངས་སོ། །གསུམ་པོ་གཞན་དུ་མེད་པའི་འཐད་པ་ནི། སྨྲས་པ་ཞེས་པ་ནས། གཞན་ཞེས་བྱ་བ་མེད་དེ་ཞེས་པའི་བར་དུ་སྨོས་ནས། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཞེས་གཏན་ཚིགས་སུ་སྦྱར་རོ། །བྱང་ཆུབ་སེམས་དཔའ་དང༌། ཏིང་ངེ་འཛིན་དབྱེར་མེད་པར་བསྟན་པ་ལ་རྩོད་པ་ནི། ཏིང་ངེ་འཛིན་ཉིད་ཀྱང་ཞེས་པ་ནས། བསྟན་པར་ནུས་སམ་ཞེས་པའི་བར་གྱིས་གསུངས་ཏེ། དོན་དམ་པར་དབྱེར་མེད་ན། ཏིང་ངེ་འཛིན་ཅི་ཞིག་གང་ཟག་གང་ལ་བསྟན་པར་བྱ་སྙམ་དུ་དྲིས་པའོ། །ལན་ལ་དེ་ནི་མ་ཡིན་ནོ་ཞེས་པ་ནི། དོན་དམ་པར་དབྱེ་རུ་མི་རུང་ཞེས་པའི་དོན་ནོ། །རྣལ་འབྱོར་པས་ཏིང་ངེ་འཛིན་དུ་ཡང་རྣམ་པར་མི་རྟོག་པའི་གཏན་ཚིགས་ཤཱ་རིའི་བུས་དྲིས་པ་ནི། ཏིང་ངེ་འཛིན་དེ་ལ་འདུ་ཤེས་སུ་བྱེད་དམ་ཞེས་དྲིས་པའོ། །འདུ་ཤེས་སུ་མི་བྱེད་པའི་གཏན་ཚིགས་སྨྲས་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་པའི་བར་རོ། །སླར་ཡང་གཏན་ཚིགས་དེ་ཉིད་ཀྱི་དོན་དྲིས་པ་ནི། སྨྲས་པ་དེ་ལ་ཇི་ལྟར་རྟོག་པ་མེད་པ་ཡིན་ཞེས་པའོ། །ལན་ནི་རྟོག་པ་མེད་དེ། ཆོས་ཐམས་ཅད་མེད་པའི་ཕྱིར་རོ་ཞེས་པའོ། །གཏན་ཚིགས་དང་བསྒྲུབ་བྱའི་ཆོས་སྦྱར་བ་ནི། དེ་ལྟར་ན་རིགས་ཀྱི་བུ་ཏིང་ངེ་འཛིན་དེ་ལ་རྟོག་པ་མེད་དོ་ཞེས་པའོ། །དེ་ཉིད་ཀྱི་དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་ཞེས་པ་ནས། འགྱུར་བ་མེད་ཅེས་པའི་བར་རོ། །གཏན་ཚིགས་ཀྱི་རྣམ་གྲངས་གཞན་ཡང་བསྟན་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། འདུ་ཤེས་སུ་འགྱུར་བ་མེད་དོ་ཞེས་པའི་བར་རོ། །ཏིང་ངེ་འཛིན་ལ་སློབ་ཚུལ་རབ་འབྱོར་གྱིས་བསྟན་པའི་དོན་ལ། འཁོར་རྣམས་ཡིད་ཆེས་པར་བྱ་བའི་དོན་དུ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བར་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཞེས་བྱ་བ་ནས། བཤད་པ་ནི་འདི་ཡིན་ནོ་ཞེས་པའི་བར་རོ། །རྒྱན་ལས། ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་སོ། །ངེས་འབྱེད་ཆ་མཐུན་བསྟན་ཟིན་ཏོ། །ལུང་སྟོན་པའི་རྒྱུ་ཏིང་ངེ་འཛིན་ལ་བསླབ་ཚུལ་དངོས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་ངེས་འབྱེད་ཆ་མཐུན་བསྟན་ཏོ། །ཆོས་ཐམས་ཅད་མི་དམིགས་པ་ལ་བསླབ་པར་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ་ཞེས་པ་ནས། ཤཱ་རིའི་བུ། སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་མཚན་མ་མེད་པའི་ལེའུ་ཡོངས་སུ་རྫོགས་པའི་བར་དུ་གསུངས་པས་བསྟན་ཏོ། །འདི་ལ་ཐོག་མར་རྟོག་པའི་གཉེན་པོ་མི་དམིགས་པ་ལ་བསླབ་ཚུལ་བཤད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ཞེས་པའི་བར་དུ་གསུངས་སོ། །མི་དམིགས་པར་སློབ་ཅེས་བཤད་པ་ནི། ཆོས་གང་དང་གང་མི་དམིགས། རྒྱུ་མཚན་གང་གི་སྒོ་ནས་མི་དམིགས་སྙམ་ནས། ཤཱ་རིའི་བུས་དྲིས་པ་ནི། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མི་དམིགས་པ་ལགས་ཞེས་པའོ། །ལན་ནི། བདག་མི་དམིགས་ཏེ་ཀུན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་ནི་གཏན་ཚིགས་སོ། །ལྷག་མ་བྱེད་པའི་སྐྱེས་བུ་བཅུ་གཉིས་དང༌། ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རྟེན་འབྲེལ་དང༌། ཁམས་གསུམ་གྱི་བར་འཇིག་རྟེན་པའི་ཆོས་དང༌། སྦྱིན་སོགས་ནས། མ་འདྲེས་པའི་བར་དང༌། རྒྱུན་དུ་ཞུགས་པ་ནས། བྱང་ཆུབ་སེམས་དཔའི་བར་མི་དམིགས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བཤད་དོ། །མི་དམིགས་ཞེས་པ་ནི་སོ་སྐྱེའི་བློས་ཇི་ལྟར་བརྟགས་པ་ལྟར་མི་དམིགས་ཞེས་པའི་དོན་ནོ། །གཏན་ཚིགས་སུ་བཀོད་པའི་རྣམ་པར་དག་པ་དྲི་བ་དང་ལན་གྱིས་བཤད་པ་ན། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། རྣམ་པར་དག་པ་ཞེས་བྱ་སྟེ་ཞེས་པའི་བར་རོ། །སློབ་ཚུལ་ཉེ་བར་བསྡུ་བ་ནི། ཤཱ་རིའི་བུ་དེ་ལྟར་ན་ཞེས་པ་ནས། སློབ་པ་ཡིན་ཞེས་པའི་བར་རོ། །གོང་དུ་མི་དམིགས་པའི་ཚུལ་གྱིས་སློབ་ཅེས་བཤད་པ་ན། འགའ་ཞིག་བསླབ་བྱའི་ཆོས་དང་སློབ་པའི་བྱ་བ་བདེན་པར་ཡོད་དམ་སྙམ་པའི་ཐེ་ཚོམ་ཟ་བའི་ཕྱིར་ཞུས་པ་ནི། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དང་གང་ལ་སློབ་པ་ལགས་ཞེས་དྲིས་པའོ། །དྲིས་པའི་ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་གང་ལ་ཡང་སློབ་པ་མེད་དོ་ཞེས་པའོ། །གཏན་ཚིགས་དྲིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པའོ། །དྲིས་པའི་ལན་གྱིས་ཀུན་ནས་ཉོན་མོངས་གཟུང་རྟོག་བསྟན་པའི་ཚུལ་ནི། རྟོག་པས་བཟུང་བའི་ཡུལ་བཀག་ནས་ཡུལ་ཅན་འཁྲུལ་བར་བསྟན་པའི་སྒོ་ནས་བཤད་དེ། རྟོག་པས་བཟུང་བའི་ཡུལ་བཀག་ནས་བསླབ་བྱའི་ཆོས་མེད་པར་བསྟན་པའི་སྒོ་ནས། རྟོག་པ་འཁྲུལ་པར་ཤུགས་ལ་སྟོན་ཏེ། ཤཱ་རིའི་བུ་ཆོས་འདི་དག་ནི་ཞེས་པ་ནས། དེ་ལྟ་བུའི་རྣམ་པར་ཡོད་པ་མ་ཡིན་ནོ་ཞེས་པའི་བར་རོ། །དོན་དམ་པར་ཡོད་པ་མ་ཡིན་ན་རྣམ་པ་གང་གིས་ཡོད་པར་སྣང་ཞེས་ཞུས་པ་ནི། འོ་ན་ཆོས་འདི་དག་རྣམ་པ་གང་གིས་འབྱེད་པ་ལགས་ཞེས་ཞུས་པའོ། །ལན་ལ། ཇི་ལྟར་མེད་པས་དེ་ལྟར་ཡོད་དེ་ཞེས་པ་ནི་བྱིས་པས་ཇི་ལྟར་བཏགས་པ་ལྟར་མེད་པ་དེ་ལྟ་བུའི་ཚུལ་དུ་ཡོད་ཅེས་པའོ། །བྱིས་པས་བཏགས་པ་དེ་ལྟར་མེད་པ་མ་ཡིན་པས་དེའི་ཕྱིར་བྱིས་པས་བཏགས་པ་མེད་ཅེས་བྱའོ། །མ་རིག་པ་ལ་རྟོག་པའི་རྟོག་པ་བསྟན་ཏོ། །བསླབ་བྱའི་ཆོས་ཡོད་པ་མ་ཡིན་པའི་གཏན་ཚིགས་རྒྱས་པར་བསྟན་པའི་དོན་དུ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་མཆིས་པ་མ་ལགས་པ་ལ་མ་མཆིས་པ་ཞེས་བགྱི་ཞེས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་སོགས་ཏེ། ཕུང་པོ་ལྔ་ལ་རྟོག་པའི་རྟོག་པ་སྟོན་པའི་དབང་དུ་བྱས་ནས། ཤཱ་རིའི་བུ་ནང་སྟོང་པ་ཉིད་ཅེས་སོགས་ནས་དངོས་པོ་མེད་པའི་ངོ་བོ་ཉིད་མེད་པའི་ཕྱིར་ཡོད་པ་མ་ཡིན་པར་ཞེས་པའི་བར་དུ་གསུངས་ཏེ། གོང་དུ་བསྟན་པའི་མ་རིག་པས་ཇི་ལྟར་གཟུང་བ་ལྟར་ཡོད་པ་མ་ཡིན་ཏེ་ཞེས་བསྒྲུབས་ནས་སྟོང་ཉིད་བཅོ་བརྒྱད་དུ་བཀོད་པ་ཡིན་ནོ། །འདིས་རྟོག་པ་དག་གིས་ཡུལ་གྱི་གནས་ཚུལ་མི་ཤེས་པ་བསྟན་ཏོ། །མི་ཤེས་པ་ཡང་གསུམ་སྟེ། མ་རིག་པའི་རྩ་བ་ལས་བྱུང་བ་དང༌། རྟོག་པའི་རྩ་བ་ལས་བྱུང་བ་དང༌། མ་དད་པའི་རྩ་བ་ལས་བྱུང་བའོ། །དང་པོ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གནས་ཚུལ་ལ་མེད་པའི་དོན་ལ་མངོན་པར་ཞེན་པས་ཞེས་བཤད་པ་ནས། མི་ཤེས་མི་མཐོང་ཞེས་པའི་བར་གྱིས་གསུངས་ཏེ། འདིས་ནི་རྟག་ཆད་ཀྱི་མཐའ་ལ་གནས་པའི་རྟོག་པ་བསྟན་ཏོ། །བཞི་པ་མི་ཤེས་པའམ་མིང་གཟུགས་ལ་རྟོག་པ་བསྟན་པ་ནི། གང་མེད་པའི་ཆོས་དེ་དག་ཡོངས་སུ་བཏགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་པ་དེ་དག་ཅེས་སོགས་ཀྱིས་བསྟན་ཏེ། རྟོག་པའི་རྩ་བ་མི་ཤེས་པར་རྒྱས་པར་སྟོན་ཏེ། མཐའ་གཉིས་ལ་ཆགས་པའི་རྣམ་པར་རྟོག་པ་བཤད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་ནོ་ཞེས་པ་ནས་མ་འདྲེས་པ་རྣམས་ལ་མངོན་པར་ཞེན་ནོ་ཞེས་པའི་བར་གྱིས་གསུངས་སོ། །དེ་དག་དེ་ལྟར་མངོན་པར་ཞེན་པས་ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་ཡོངས་སུ་རྟོག་སྟེ་ཞེས་པ་ནི་སྐབས་ཀྱི་དོན་ཉེ་བར་བསྡུ་བ་སྟེ། སྔ་མ་རྣམས་ཀྱི་མཇུག་ཏུ་ཡང་སྦྱར་རོ། །རྒྱུ་རྣམ་པར་རྟོག་པ་བསྟན་ནས། འབྲས་བུ་མི་ཤེས་པའི་རྣམ་པར་རྟོག་པ་བསྟན་པ་ནི། དེ་དག་མི་ཤེས་མི་མཐོང་ངོ༌། །ཅི་མི་ཤེས་མི་མཐོང་ཞེ་ན། གཟུགས་མི་ཤེས་མི་མཐོང་ངོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མི་ཤེས་མི་མཐོང་ངོ་ཞེས་པའི་བར་གྱིས་གསུངས་སོ། །རྟོག་པ་དེ་དག་གི་ཉེས་དམིགས་ནི། དེ་ལྟར་དེ་དག་ནི་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་སྟེ་ཞེས་པ་ནས། རང་སངས་རྒྱས་ཀྱི་ས་ནས་འབྱུང་བ་མ་ཡིན་ནོ་ཞེས་པའི་བར་རོ། །མ་དད་པའི་རྩ་བ་ལས་བྱུང་བའི་རྟོག་པ་སྟོན་པ་ལ་རྒྱུ་མ་དད་པ་བཤད་པ་ནི། དེ་དག་ནི་ཡིད་མི་ཆེས་པ་སྟེ། ཇི་ལྟར་ཡིད་མི་ཆེས་ཞེ་ན། གཟུགས་གཟུགས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ་ཞེས་པ་ནས་བཟུང་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ཞེས་པར་ཡིད་མི་ཆེས་སོ་ཞེས་པའི་བར་དུ་གསུངས་སོ། །འབྲས་བུ་མི་གནས་པའི་རྟོག་པ་བཤད་པ་ནི། དེ་དག་ནི་གནས་པ་མ་ཡིན་ཏེ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པ་མ་ཡིན་ནོ་ཞེས་པའི་བར་དུ་གསུངས་སོ། །འདིས་ནི་ཡང་དག་པའི་དོན་ལ་ཡིད་མི་ཆེས་པའི་རྒྱུས་འཕགས་པའི་ལམ་ལ་མི་གནས་ཞེས་པའི་དོན་ནོ། །དམིགས་ཤིང་ཞེན་པའི་རྣམ་པར་རྟོག་པ་བསྟན་པ་ནི། དེ་དག་ནི་མངོན་པར་ཞེན་པ་ཡིན་ཏེ་ཞེས་པ་ནས། དེའི་ཕྱིར་ན་བྱིས་པ་ཞེས་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །འཕགས་པའི་ལམ་ལ་མི་གནས་ན་གཉེན་པོ་མེད་པས། གཟུགས་ལ་མངོན་པར་ཞེན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་དེའི་ཕྱིར་བྱིས་པ་ཞེས་བྱའོ་ཞེས་པའི་དོན་ནོ། །འདི་དག་གིས་ནི་མ་རིག་པའི་རྩ་བ་ལས་བྱུང་བའི་མི་ཤེས་པ་ལས། རྟག་ཆད་དུ་མངོན་པར་ཞེན་པ་འབྱུང་ཞིང༌། དེ་ལས་མིང་གཟུགས་སོགས་སུ་མངོན་པར་ཞེན་པ་འབྱུང་ངོ༌། །དེ་ལས་སྦྱིན་པ་སོགས་རྣམ་པར་བྱང་བའི་དོན་ལ་མངོན་པར་ཞེན་ནོ། །མངོན་པར་ཞེན་པའི་རྒྱུ་ལས་ཡང་དག་པའི་དོན་མི་ཤེས་མི་མཐོང་ངོ༌། །དེའི་རྒྱུ་ལས་ཡང་དག་པའི་དོན་བསྟན་པ་ཐོས་ཀྱང་ཡིད་མི་ཆེས་སོ། །ཡང་དག་པའི་དོན་ལ་ཡིད་མི་ཆེས་པས་འཕགས་པའི་ལམ་ལ་མི་གནས་སོ། །དེ་དག་ལ་མི་གནས་པས་མངོན་པར་ཞེན་པ་སྐྱེ་བའི་སོ་སོ་སྐྱེ་བོའི་སར་ལྟུང་བར་ཤེར་ཕྱིན་ལ་མི་སྤྱོད་དོ། །དེ་ལྟར་མི་སྤྱོད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རོ་ཞེས་པའི་དོན་ནོ། །གོང་དུ་ཤེར་ཕྱིན་ལ་མི་སྤྱོད་ན། རྣམ་མཁྱེན་མི་ཐོབ་ཅེས་བསྟན་པ་ནི། ཇི་ལྟར་སྤྱོད་ན་ཤེར་ཕྱིན་ལ་མི་སློབ་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་སྙམ་ནས། ཤཱ་རིའི་བུས་བཅོམ་ལྡན་འདས་ལ་དྲིས་པ་ནི། གསོལ་པ། བཅོམ་ལྡན་འདས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ལགས་སམ་ཞེས་པའི་བར་རོ། །ལན་གྱིས་དམིགས་པའམ་ཞེན་པའི་རྟོག་པ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་མི་འབྱུང་བ་ཡིན་ཞེས་པའི་བར་གྱིས་ལན་བསྟན་ཏེ། མ་རིག་པ་དང༌། རྣམ་པར་རྟོག་པའི་རྒྱུ་ཡང་དག་པའི་དོན་མི་ཤེས་ཤིང༌། མངོན་པར་ཞེན་པའི་ཚུལ་གྱིས་སློབ་ན། ཤེར་ཕྱིན་ལ་མི་སློབ་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་ཞེས་པའི་དོན་ནོ། །དེའི་རྒྱུ་མཚན་དྲིས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་པ་ནས། མི་འབྱུང་བ་ལགས་ཞེས་པའི་བར་རོ། །ལན་གྱིས་བདག་ལ་ཞེན་པའི་རྟོག་པ་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟགས་ཤིང་མངོན་པར་ཞེན་པས་ཞེས་པའི་བར་གྱིས་གསུངས་སོ། །གཏན་ཚིགས་དང་བསྒྲུབ་བྱ་སྦྱར་བའི་སྒོ་ནས་དོན་བསྡུ་བ་ནི། ཤཱ་རིའི་བུ་རྣམ་གྲངས་དེས་ན་ཞེས་པ་ནས་མི་འབྱུང་བ་ཡིན་ནོ་ཞེས་པའི་བར་གྱིས་གསུངས་ཏེ། འདིས་རྣམ་པར་དག་པ་སྐྱེད་པའི་རྟོག་པ་གསུངས་སོ། །གཉེན་པོའི་རྟེན་ཅན་གྱི་རྟོག་པ་སྟོན་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ལྟ་མ་ལགས་ན་ཞེས་པ་ནས། ལེའུ་དྲུག་པ་ཡོངས་སུ་རྫོགས་པའི་བར་དུ་གསུངས་སོ། །དོན་ནི་ཤེར་ཕྱིན་ལ་བསླབ་ཚུལ་བསྟན་ནས། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་སྟོན་པའི་ཕྱིར། གཉེན་པོ་ཡོངས་སུ་བསྟན་ནས་རྟོག་པ་ཤུགས་ལ་བསྟན་ཏོ། །དེ་ལ་གོང་དུ་མངོན་པར་ཞེན་པའི་ཚུལ་གྱིས་སྤྱོད་ན། ཤེར་ཕྱིན་ལ་མི་སློབ་ཅིང༌། མངོན་པར་ཞེན་པ་མེད་པའི་ཚུལ་དུ་བསྟན་པ་ན། ཤེར་ཕྱིན་ལ་སྤྱོད་ཅིང་རྣམ་མཁྱེན་དུ་འབྱུང་བར་འགྱུར་སྙམ་ནས་དྲིས་པ་ནི། བྱང་སེམས་ཆེན་པོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ལགས་ཞེས་པའི་བར་རོ། །ལན་ནི་ཕར་ཕྱིན་ལ་མི་དམིགས་པས་ནི་རྟོག་པ་དང་པོ་བསྟན་ཏོ། །སྟོང་པ་བཅོ་བརྒྱད་མི་དམིགས་པས་ནི་གཉིས་པ་བསྟན་ཏོ། །བྱང་ཆུབ་ཀྱི་ཕྱོགས་མི་དམིགས་པས་ནི་གསུམ་པའོ། །འཕགས་པའི་བདེན་པ་མི་དམིགས་པས་ནི་བཞི་པའོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མངོན་པར་ཤེས་པ་མི་དམིགས་པས་ནི་ལྔ་པའོ། །སྟོབས་ལ་སོགས་པ་མི་དམིགས་པས་ནི་དྲུག་པའོ། །ཐམས་ཅད་ཤེས་པ་མི་དམིགས་པས་ནི་བདུན་པའོ། །ལམ་ཤེས་པ་ཉིད་མི་དམིགས་པས་ནི་བརྒྱད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པས་ནི་དགུ་པ་སྟེ། གཉེན་པོ་དངོས་སུ་བསྟན་ནས་རྟོག་པ་ཤུགས་ལ་འཕངས་སོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་དམིགས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཞེས་པས་ནི་སློབ་ཚུལ་བསྟན་ལ། དེ་ལྟར་སློབ་ན་འབྱུང་བ་ཡིན་ནོ་ཞེས་པའི་བར་གྱིས་ནི། ཚུལ་དེ་ལྟར་སློབ་ན་རྣམ་མཁྱེན་འཐོབ་ཅེས་པ་བསྟན་ཏོ། །གང་དུ་མི་དམིགས་པའི་ཚུལ་གྱིས་སློབ་ན། རྣམ་མཁྱེན་འཐོབ་ཅེས་དྲིས་པ་ནི། གསོལ་པ། བཅོམ་ལྡན་འདས་གང་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ལགས་ཞེས་པ་སྟེ། ཆོས་གང་དང་གང་མ་དམིགས་པའི་ཚུལ་གྱིས་སློབ་ཅེས་དྲིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཤེས་པར་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། སྔ་མས་ནི། ཆོས་ཅན་མི་དམིགས་པའི་ཚུལ་གྱིས་སློབ་པ་དང༌། ཕྱི་མས་ནི་ཆོས་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་པའི་ཚུལ་གྱིས་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཤེས་པར་བྱའོ། །མཚན་མ་མེད་པའི་ལེའུ་བསྟན་ཟིན་ཏོ།། ༈ བརྒྱད་པ་སྒྱུ་མ་ལྟ་བུའི་ལེའུ་བཤད་པ། སྒྱུ་མ་ལྟ་བུའི་ལེའུ་བསྟན་པ་ལ། སྦས་དོན་ནི། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་གཉིས་དང༌། ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་མི་མཐུན་ཕྱོགས་དང་བཅས་པའོ། །དང་པོ་ནི། དམིགས་སུ་མེད་པའི་སློབ་པ་བསྟན་ཟིན་ནས། སྒྱུ་མ་ལྟ་བུར་སློབ་པ་བསྟན་པའི་ཕྱིར་དུ། རབ་འབྱོར་གྱིས་དྲིས་པ་དང༌། བཅོམ་ལྡན་འདས་ཀྱིས་ལན་གསུངས་ཏེ། དྲི་བ་ནི། ཆོས་རྣམས་དངོས་པོ་མ་མཆིས་པས་དངོས་པོ་མ་མཆིས་པའི་ཚུལ་གྱིས་བསླབ་ནས་རྣམ་མཁྱེན་དུ་ངེས་པར་འབྱུང་བར་འགྱུར་ན། འོ་ན་འགའ་ཞིག་དངོས་པོ་མ་མཆིས་པའི་སྒྱུ་མའི་སྐྱེས་བུ་ཤེར་ཕྱིན་ལ་བསླབ་པས་ཀྱང་རྣམ་མཁྱེན་དུ་འབྱུང་བར་འགྱུར་རམ་ཞེས་བརྩད་ན། ལན་ཇི་ལྟར་གདབ་པར་བགྱི་ཞེས་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་དྲིས་པ་ནི། བཅོམ་ལྡན་འདས་ལ་འདི་སྐད་དུ་འདྲི་ཞིང༌། ཅི་སྒྱུ་མའི་སྐྱེས་བུ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཆིས་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ། ཇི་སྐད་དུ་ལན་བསྟན་པར་བགྱི་ཞེས་པ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཆི་ན། བཅོམ་ལྡན་འདས་འདི་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི་ཞེས་པའི་བར་གྱིས་དྲི་བ་བསྟན་ཏོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་ལྟ་བས་ན་ཁྱོད་ཉིད་ལ་དྲི་ཡིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལུང་སྟོན་ཅིག་ཅེས་བཀའ་བསྒོས་ནས། དེ་ཅི་སྙམ་དུ་སེམས། གཟུགས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་པས་དྲིས། གསོལ་པ་བཅོམ་ལྡན་འདས་དེ་ལྟ་མ་ལགས་ཞེས་པས་ལན་བཏབ། དྲི་བ་དྲིས་ལན་གྱི་ཚུལ་འདི་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་གསུངས་ཏེ། རྫས་འཛིན་རྟོག་པ་དང༌། དེ་བཀག་པའི་ཚུལ་གྱིས་གཉེན་པོའང་གསུངས་སོ། །དེ་ལ་ཕུང་པོའང་གཞན་ལ་སྒྱུ་མའང་གཞན་ཞིག་ཡིན་ནམ་ཞེས་པས་ནི་རྟོག་པ་དང་པོ་བསྟན་ཏོ། །གཉིས་པ་ཁམས། གསུམ་པ་སྐྱེ་མཆེད། བཞི་པ་རྟེན་འབྲེལ། ལྔ་པ་ཕ་རོལ་ཏུ་ཕྱིན་པ། དྲུག་པ་སྟོང་པ་ཉིད། བདུན་པ་བྱང་ཕྱོགས་ཀྱི་ཆོས། བརྒྱད་པ་འཕགས་པའི་བདེན་པ། དགུ་པ་མ་འདྲེས་པ་བཅོ་བརྒྱད་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་པ་དང༌། བྱང་ཆུབ་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་པའི་བར་གྱིས་བསྟན་ནས། དོན་ཉེ་བར་བསྡུ་བ་ནི། སྒྱུ་མ་ལྟ་བུའི་ཆོས་རྣམས་དང༌། གཟུགས་ལ་སོགས་པ་ངོ་བོ་ཐ་དད་པ་མེད་པའི་ཕྱིར། སྒྱུ་མའི་ཆོས་རྣམས་ལ་བསླབ་པས་ངེས་པར་འབྱུང་བ་མེད་པ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་ལ་བསླབ་པས་ཀྱང་ངེས་པར་འབྱུང་བ་མེད་དོ། །སྒྱུ་མ་དང་གཟུགས་སོགས་ངོ་བོ་ཐ་མི་དད་པར་བསྟན་པའི་གཏན་ཚིགས་རྒྱས་པར་བཤད་པ་ནི། བཅོམ་ལྡན་འདས་གཟུགས་ཀྱང་གཞན་མ་ལགས་ཏེ། སྒྱུ་མ་གཞན་མ་ལགས་ཏེ། གཟུགས་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་གཟུགས་སོ་ཞེས་པ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་གསུངས་སོ། །གཟུགས་སོགས་དང་སྒྱུ་མ་གཉིས་ངོ་བོ་ཐ་དད་པའི་དོན། བཏགས་འཛིན་རྟོག་པ་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཕྱིར་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། རྟོག་པ་དང་པོ་ནི་སྒྱུ་མ་ལ་སྐྱེ་དགག་ཡོད་དམ་ཞེས་པའོ། །གཉིས་པ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་ཡོད་དམ་ཞེས་པའོ། །གསུམ་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པ་སྟེ་ཞེས་པ་ནས་རྣམ་མཁྱེན་དུ་འབྱུང་བར་འགྱུར་རམ་ཞེས་པའོ། །བཞི་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཅེས་པ་ནས་ཐ་སྙད་དུ་བྱ་བ་ཡིན་ནམ་ཞེས་པའི་བར་རོ། །ལྔ་པ་ནི། འདུ་ཤེས་དང༌། བརྡ་དང་ཞེས་པ་ནས། རྣམ་པར་བྱང་བ་མི་འགྱུར་རམ་ཞེས་པའི་བར་རོ། །དྲུག་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་པའི་བར་རོ། །བདུན་པ་ནི། ཕུང་པོ་ལྔ་པོ་འདི་དག་ཡུམ་ལ་བསླབ་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ་ཞེས་སོགས་སོ། །བརྒྱད་པ་ནི། དངོས་པོ་མ་མཆིས་པའི་རྟགས་ཀྱིས་སྒྱུ་མའི་དཔེ་བརྒྱད་ལྟ་བུར་བསྟན་པའོ། །དགུ་པ་ནི། རང་བཞིན་སྟོང་པ་ཉིད་ཀྱི་རྟགས་ཀྱིས་མི་དམིགས་པར་བསྟན་པ་སྟེ། རྟོག་པའི་ཡུལ་དངོས་པོ་བཀོད་ནས་རྟོག་པ་ཤུགས་ལ་འཕངས་པ་ཡིན་ནོ། །དེ་ལ་སྒྱུ་མ་སྐྱེ་འགག་ཡོད་དམ་ཞེས་པ་ནས། དངོས་པོ་མ་མཆིས་པའི་རང་བཞིན་དེ་ནི་དམིགས་སུ་མ་མཆིས་སོ་ཞེས་པའི་བར་དུ་གསུངས་པའི་དོན་བཤད་པ་ནི། གོང་དུ་གཟུགས་ཀྱང་སྒྱུ་མ་སྒྱུ་མ་ཡང་གཟུགས་སོ་ཞེས་བཤད་པ་ནི། ངོ་བོ་ཉིད་མེད་པའི་དོན་ནོ། །ངོ་བོ་ཉིད་མེད་པ་ལ་སྒྱུ་མ་ལྟར་སྐྱེ་འགག་མི་འཐད་པར་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། སྒྱུ་མ་ལ་སྐྱེ་བའམ་འགག་པ་ཡོད་དམ་ཞེས་པས་བརྩད་པ་ན། ལན་ནི། གསོལ་པ་བཅོམ་ལྡན་འདས་དེ་ལྟ་མ་མཆིས་སོ་ཞེས་པས་ཏེ། གཟུགས་སོགས་ནི་སྐྱེ་འགག་མེད་པ་ཡིན་ཏེ་སྒྱུ་མ་ལྟར་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་པའི་དོན་ནོ། །དེ་བཞིན་དུ་དྲི་བ་རེ་རེ་བཀོད་ནས། གང་དུ་སྐྱེ་འགག་དང་ཀུན་ནས་ཉོན་མོངས་པ་མེད་པར་བསྟན་ཟིན་པ་ཉིད་གཏན་ཚིགས་སུ་བྱས་ནས། ཡུམ་ལ་སློབ་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ཡང་མེད་ཅེས་པ་དང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་འདུ་ཤེས་ཀྱིས་མཚན་མར་བཟུང་བར་བྱ་བ་སོགས་སུ་མེད་དེ་ཞེས་པ་དང༌། སྐྱེ་འགག་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་སོགས་སུ་མེད་པ་དང༌། གང་ལ་འདུ་ཤེས་མེད་ཅིང་བདག་མེད་པ་དང་ཞེས་པ་ནས། རྣམ་པར་བྱང་བའི་བར་དུ་མེད་དེ། སྒྱུ་མ་ལྟར་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་པའོ། །དེ་དག་མེད་པས་ཡུམ་ལ་སློབ་པ་ཡང་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ཡང་མེད་པར་བསྟན་ཏོ། །དོན་དམ་པར་ཡུམ་ལ་སློབ་པ་དང༌། རྣམ་མཁྱེན་དུ་འབྱུང་བ་ཡང་མེད་པའི་ཚུལ་གྱིས་ཐ་སྙད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་པའི་བར་རོ། །བཅོམ་ལྡན་འདས་ཀྱིས་སྒྱུ་མ་ལྟ་བུར་བཤད་པའི་དོན། རབ་འབྱོར་གྱིས་རྟོགས་པར་བརྗོད་པའི་དོན་བསྡུས་ནས་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། རྫོགས་པའི་བྱང་ཆུབ་ཏུ་བསླབ་པར་བགྱིའོ་ཞེས་པའི་བར་རོ། །སྒྱུ་མ་ལྟ་བུར་བསྟན་པའི་གཏན་ཚིགས་བཤད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། ཤ་སྟག་གོ་ཞེས་པའི་བར་གྱིས་སྟོན་ཏེ། ཐ་སྙད་དུ་སྣང་ཡང༌། དོན་ལ་ངོ་བོ་ཉིད་མེད་པས་སྒྱུ་མ་ལྟ་བུར་ངེས་སོ་ཞེས་པའི་དོན་ནོ། །རྨི་ལམ་ལྟ་བུའི་ཕུང་པོ་ལྔ་པོས་ཤེར་ཕྱིན་ལ་བསླབ་པས་རྣམ་མཁྱེན་དུ་འབྱུང་བར་འགྱུར་རམ་ཞེས་བརྩད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་འབྱུང་བར་འགྱུར་རམ་ཞེས་པའི་བར་རོ། །ལན་གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ་ཞེས་པའི་བར་རོ། །གཏན་ཚིགས་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་སོགས་ཏེ་ཕུང་པོ་ལྔ་ནི་ཆོས་ཅན། དངོས་པོ་མ་མཆིས་པའི་རང་བཞིན་གཏན་ཚིགས་སོ། །གཏན་ཚིགས་དེ་ཉིད་ཀྱིས་དོན་དམ་པར་མི་དམིགས་པར་སྒྲུབ་པ་ནི། དངོས་པོ་མ་མཆིས་པའི་རང་བཞིན་དེ་ནི་དམིགས་སུ་མ་མཆིས་སོ་ཞེས་སོ། །རང་བཞིན་མེད་པའི་དཔེ་དང་སྦྱར་ནས། དོན་ངོ་བོ་ཉིད་མེད་པར་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། འབྱུང་བར་འགྱུར་རམ་ཞེས་པ་ནི་རྩོད་པའོ། །ལན་ནི། གསོལ་པ་བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ་ཞེས་པའོ། །གཏན་ཚིགས་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་སོགས་ཏེ། རྨི་ལམ་ནི་ཆོས་ཅན། དངོས་པོ་མ་མཆིས་པའི་ཏིང་ངེ་འཛིན་གཏན་ཚིགས་སོ། །གཏན་ཚིགས་དེ་ཉིད་བསྒྲུབ་བྱའི་ཆོས་ལ་སྦྱར་བ་ནི། དངོས་པོ་མ་མཆིས་པའི་རང་བཞིན་དེ་ནི། དམིགས་སུ་མ་མཆིས་སོ་ཞེས་པའོ། །འདིས་དཔེ་རྨི་ལམ་ངོ་བོ་ཉིད་མེད་པར་བསྟན་ནས་དོན་ཕུང་པོ་ལྔ་པོ་ཡང༌། ངོ་བོ་ཉིད་མེད་པ་རྨི་ལམ་ལྟ་བུ་ཡིན་པའི་ཕྱིར། དེ་བས་ན་ངོ་བོ་ཉིད་མེད་པས་ཡུམ་ལ་སློབ་པ་དང༌། རྣམ་མཁྱེན་དུ་འབྱུང་བར་མི་འགྱུར་ཞེས་པའི་དོན་ནོ། །ལྷག་མ་སྒྱུ་མ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། ཆུ་ཟླ་དང༌། སྨིག་རྒྱུ་དང༌། སྤྲུལ་པའི་དཔེས་ངོ་བོ་ཉིད་མེད་པར་བསྟན་ནས་རྣམ་མཁྱེན་དུ་འབྱུང་བ་མེད་པར་བཤད་དོ། །ཡང་ཕུང་པོ་ལྔ་པོ་དེ་དག་རང་བཞིན་མེད་པར་བསྟན་པ་ལ། སྟོང་པ་བཅོ་བརྒྱད་གཏན་ཚིགས་སུ་བཀོད་ཅིང༌། སྒྱུ་མའི་དཔེ་བརྒྱད་མཐུན་དཔེར་བཟུང་ནས་ཕུང་པོ་རང་བཞིན་མེད་པར་བསྟན་ནས་རྣམ་མཁྱེན་དུ་འབྱུང་བ་མེད་པར་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ནི་རྨི་ལམ་ལྟ་བུ་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཕྱིར་མི་དམིགས་སོ་ཞེས་པའི་བར་རོ། །དེ་ལ་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི། དབང་པོ་དྲུག་གོ །དེ་ནི་ཕུང་པོ་ལྔའི་ཞེས་པའི་དོན་ནི། རྣམ་པར་ཤེས་པའི་སྒྱུ་མ་ལྟ་བུར་བསྟན་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་ལ་ཡང་མཚུངས་ལ། དེ་ནི་ཕུང་པོ་ལྔ་ལ་ཡང་མཚུངས་ཞེས་པ་སྟེ། དབང་པོ་དྲུག་དང༌། ཕུང་པོ་ལྔ་རྣམ་པར་ཤེས་པ་དང་སྟོང་པ་ཉིད་རོ་གཅིག་པའི་ཕྱིར་རོ། །སྒྱུ་མ་ལྟ་བུའི་བསླབ་པ་བསྟན་ཟིན་ཏོ། །ཐབས་ལ་མཁས་པའི་སྒྲུབ་པ་ལ་ཞུགས་པའི་གང་ཟག་ནི། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན་ཞེས་པ་ནས་མི་འགྱུར་ལགས་གྲང་ཞེས་པའི་བར་རོ། །སྒྲུབ་པ་དངོས་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་སེམས་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་ཞེས་སོགས་ཀྱིས་བསྟན་ཏེ། རྒྱན་ལས། སེམས་མི་འགོང་བ་ཉིད་ལ་སོགས། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གསུངས་སོ། །ཐབས་མཁས་ཀྱི་སྒྲུབ་པ་འདི་ལ་བཞི་སྟེ། སོ་སོར་རྟོག་པའི་ཐབས་ལ་མཁས་པ་དང༌། ཕྱིན་དྲུག་རྫོགས་པའི་ཐབས་ལ་མཁས་པ་དང༌། བཤེས་གཉེན་བསྟེན་པའི་ཐབས་ལ་མཁས་པ་དང༌། སྡིག་གྲོགས་སྤོང་བའི་ཐབས་ལ་མཁས་པའོ། །དང་པོ་ལ་འགྲེས་གཉིས་གསུངས་ཏེ། གཟུགས་མི་རྟག་ཅེས་བྱ་བར་རྟོགས་ཏེ། མི་དམིགས་ཞེས་སོགས་དང༌། གཟུགས་མི་རྟག་པའི་རྣམ་པར་བྱེད་དེ་མི་དམིགས་ཞེས་སོགས་འགྲེལ་གཉིས་གསུངས་ཏེ། དང་པོ་ནི་འཛིན་པའི་སེམས་ཀྱིས་བཏགས་པ་ཙམ་དུ་རྟོགས་པ་ཡིན་ལ། གཉིས་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་ཞིབ་མོར་བྱེད་པ་སྟེ། གཉིས་པོའི་ཁྱད་པར་རོ། །ཕྱིན་དྲུག་གི་ཐབས་མཁས་ནི། རབ་འབྱོར་སེམས་དཔའ་ཆེན་པོ་དེ་ལྟར་རྟོག་པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཐམས་ཅད་ལ་གཟུགས་མི་རྟག་ཅེས་བྱ་བར་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཏོ་ཞེས་སོགས་ཀྱིས་བསྟན་ཏེ། ཆོས་སྟོན་ཞེས་པ་སྟེ་ཆོས་ཀྱི་སྦྱིན་པ་བསྟན་པས། མི་དམིགས་པའི་ཚུལ་གྱིས་ཉན་རང་གི་སེམས་སྤོངས་པ་ནི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནོ། །ཆོས་ཟབ་མོ་ལ་བཟོད་ཅིང་མོས་པ་ནི་བཟོད་པའོ། །སོ་སོར་རྟོག་པ་མི་གཏོང་བ་ནི་བརྩོན་འགྲུས་སོ། །མི་དགེ་བའི་གོ་སྐབས་མི་འབྱེད་པ་ནི་བསམ་གཏན་ནོ། །སྟོང་པ་ཉིད་ལ་སོ་སོར་རྟོག་པ་ནི་ཤེས་རབ་བོ། །དོན་ཉེ་བར་བསྡུ་བ་ནི་ཕུང་པོ་ལྔ་ལ་མི་རྟག་པ་དང༌། སྡུག་བསྔལ་དང༌། བདག་མེད་པ་དང༌། ཞི་བ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། དབེན་པའི་རྣམ་པར་ཐ་སྙད་དུ་རྟོག་ཅིང༌། དོན་དམ་པར་མི་དམིགས་པའི་རྣམ་པར་སློབ་ཅེས་པའི་ཞེས་པ་དང༌། སེམས་ཅན་ཐམས་ཅད་ལ་གཟུགས་མི་རྟག་སོགས་སུ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ལ། དེ་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐབས་ལ་མཁས་པ་ཡིན་ནོ། །དེ་རྒྱུད་ལ་ཡོད་པས་བྱང་སེམས་ཆེན་པོ་མི་འཇིགས་མི་དངངས། སྐྲག་པར་མི་འགྱུར་རོ་ཞེས་པའོ། །མི་འཇིགས་སོགས་གསུམ་པོའི་དོན་ནི། ཐོས་པ་དང༌། བསམ་པ་དང༌། སྒོམ་པའི་དུས་གསུམ་ལ་སྦྱོར་བར་འབུམ་གྱི་འགྲེལ་པ་ལས་བཤད། ཤེར་ཕྱིན་ཐབས་ལ་མཁས་པའི་སྐབས་སུ། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་ནོ་ཞེས་གསུངས་པ་ནི། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་ཏེ། གཟུགས་ཉིད་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །དེ་བས་ན་གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་པའི་དོན་ནི། གཟུགས་དང་སྟོང་པ་ཉིད་ཐ་མི་དད་དེ། གཟུགས་ཉིད་རང་བཞིན་གྱིས་སྟོང་པས་སོ་ཞེས་པའི་དོན་ནོ། །འདིས་ནི་ཤེར་ཕྱིན་ཡོངས་སུ་རྫོགས་པའི་ཐབས་ལ་མཁས་པར་བསྟན་ཏོ། །དགེ་བའི་བཤེས་གཉེན་གྱི་ཐབས་ལ་མཁས་པ་བསྟན་པ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་ཞེས་པ་ནས་བཟུང་སྟེ། རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་རྣམས་ཏེ། དེ་དག་གིས་ཡོངས་སུ་ཟིན་པ་ནི། བསྟན་པ་འདི་ཐོས་ན་མི་འཇིགས་མི་དངངས་སྐྲག་པར་མི་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །མདོའི་འབྲེལ་ནི། སྔར་དགེ་བའི་བཤེས་གཉེན་གྱི་ལག་ཏུ་མ་སོང་བར། བསྟན་པ་འདི་ཐོས་ནས་འཇིགས་ཤིང་དངངས་པ་དང༌། སྐྲག་པར་འགྱུར་ཞེས་གསུངས་ན། མི་འཇིགས་མི་དངངས་སྐྲག་པར་མི་འགྱུར་བའི་བཤེས་གཉེན་དེ་གང་ལགས་ཞེས་ཞུས་པ་ན། སྐྲག་པར་མི་འགྱུར་བའི་རྒྱུ་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པར་བསྟན། དགེ་བའི་བཤེས་གཉེན་དེ་ཡང༌། ཕུང་པོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། བླ་ན་མེད་པའི་བྱང་ཆུབ་ཀྱི་འགྲེས་རྐང་རྣམས་ལ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་དང༌། ཞི་བ་དང༌། སྟོང་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་དང༌། དབེན་པའི་རང་བཞིན་གྱི་བར་ལ་སྦྱར་ནས། དེ་དག་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ནས་གདུལ་བྱས་ཆོས་ཉིད་ཉན་པའི་དགེ་བའི་རྩ་བ་དེ་ཡང༌། ཉན་རང་གི་སར་བསྔོར་མི་འཇུག་ཅིང༌། རྣམ་མཁྱེན་ཁོ་ནར་བསྔོ་བར་ཡོངས་སུ་མཛད་དུ་འཇུག་པ་སྟེ། ཁྱད་ཆོས་འདི་དག་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་ན་སྐྲག་པར་མི་འགྱུར་ཞེས་པའི་དོན་ནོ། །འདིར་དྲན་པ་ཉེ་བར་བཞག་ཡན་ཆད་ལ་བསྒོམ་པའི་ཕྱིར་ཆོས་སྟོན་འབྱུང་ལ་ཕུང་པོ་དང༌། ཁམས་ལ་སོགས་པ་རྣམས་ལ་བསྒོམ་ཞེས་མི་འབྱུང་བ་ནི། འཇིག་རྟེན་པའི་ཆོས་ནི་སྤང་བྱ་ཡིན་པའི་ཕྱིར་དང༌། འཇིག་རྟེན་ལས་འདས་པའི་ཆོས་བསྒོམ་བྱ་ཡིན་པའི་ཕྱིར། སྒོམ་ཞེས་པའི་སྒྲ་སྦྱར་མ་སྦྱར་གཉིས་གསུངས་སོ། །སྡིག་གྲོགས་སྤོང་བའི་ཐབས་ལ་མཁས་པ་བསྟན་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཡུམ་བསྟན་པ་འདི་ཐོས་ནས་འཇིགས་ཤིང་དངངས་ལ་སྐྲག་པར་འགྱུར་ཞིང་ཐབས་མི་མཁས་པ་སྟེ་ཞེས་པ་ནས། དེ་ལྟར་ཤེས་ནས་ཡོངས་སུ་སྤང་བར་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། རྒྱན་ལས། དེ་ཡི་མི་མཐུན་ཕྱོགས་བོར་བ། །ཞེས་པའི་ཚིག་གིས་སྟོན་ནོ། །མདོའི་འབྲེལ་ནི་སྐྲག་པར་མི་འགྱུར་བའི་རྒྱུ་དགེ་བའི་བཤེས་གཉེན་ངོས་བཟུང་བ་ན། སྐྲག་པར་འགྱུར་བའི་རྒྱུ་མི་དགེ་བའི་བཤེས་གཉེན་གང་ཡིན་སྙམ་ནས་དྲིས་པའི་ལན་གྱིས་གསུངས་ཏེ། དྲི་བ་ནི། བཅོམ་ལྡན་འདས་ཇི་ལྟར་ན། བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཡུམ་བསྟན་པ་འདི་ཐོས་ན་འཇིགས་ཤིང་དངངས་ལ་སྐྲག་པར་འགྱུར་ཞིང་ཐབས་མི་མཁས་པ་སྟེ། སྡིག་པའི་གྲོགས་པོའི་ལག་ཏུ་ལྷུང་ཞིང་ཞེས་པ་ནས། སྡིག་པའི་གྲོགས་པོར་རིག་ནས་ཀྱང་སྤོང་བར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་ཞིང་དམིགས་ཏེ། དེས་རློམ་སེམས་སུ་བྱེད་པ་ནི། སྤྱོད་པ་ལ་མི་མཁས་པར་བསྟན་ཏོ། །ཡང་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རེག་པ་དང༌། ཚོར་བ་དང༌། སའི་ཁམས་ལ་སོགས་པ་དྲུག་དང༌། རྟེན་འབྲེལ་བཅུ་གཉིས་རྣམས་རེ་རེ་ལ་སྟོང་པ་ཉིད་བཅོ་བརྒྱད་སྦྱར་ནས་སྟོང་པ་ཉིད་ལ་དམིགས་པའི་ཚུལ་གྱིས་དངོས་པོར་བལྟ་བ་དང༌། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་པར་བཤད་པ་ནི་ལྟ་བའི་ཐབས་ལ་མི་མཁས་པར་བསྟན་ཏོ། །དྲན་པ་ཉེར་བཞག་སོགས་ལ་རློམ་སེམས་བྱེད་པས་ནི་རྣལ་འབྱོར་ལ་མི་མཁས་པ་དང༌། མངོན་ཤེས་སོགས་ལ་རློམ་སེམས་སུ་བྱེད་པས་ནི་འབྲས་བུ་ལ་མི་མཁས་པ་སྟེ། འདིས་ཤེས་རབ་ཀྱི་ཕྱོགས་ལ་མི་མཁས་པར་བསྟན་ཏོ། །ཐབས་ཀྱི་ཕྱོགས་ལ་མི་མཁས་པ་ནི། དགེ་བའི་རྩ་བ་རྣམ་མཁྱེན་ལ་བསྔོ་བར་མི་བྱེད་པས་བསྟན་ཏོ། །ནང་གི་ཡོངས་འཛིན་ལ་མཁས་པའི་མི་མཐུན་ཕྱོགས་བསྟན་ཟིན་ཏོ། །ཕྱིའི་ཡོངས་འཛིན་དགེ་བའི་བཤེས་གཉེན་གྱི་མི་མཐུན་ཕྱོགས་བསྟན་པ་ནི། སངས་རྒྱས་ཀྱི་ཆ་བྱད་བྱས་པ་དྲུག ཉན་ཐོས་དང༌། ཕ་མ་དང༌། མཁན་སློབ་དང༌། དགེ་སློང་གི་ཆ་བྱད་བཅུས་སྟོན་པ་ལས། དང་པོ་འཇུག་ཡུལ་གྱི་ཡུམ་ལས་བཟློག་པའི་བདུད་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བཟློག་པར་བྱེད་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ཞེས་སོགས་སོ། །གཉིས་པ་གཞན་གྱི་བར་ཆད་མི་སྟོན་པ་ནི། དགོས་པ་མེད་པར་བདུད་སྡིག་ཅན་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཅི་ཞིག་བྱ་ཞེས་ཟེར་བའོ། །གསུམ་པ་དམན་པའི་སྡེ་སྣོད་ལ་སྦྱར་བ་ནི། ཉན་རང་གི་གསུང་རབ་ལ་སྙན་པ་བརྗོད་པའོ། །བཞི་པ་འབྲས་བུ་ལ་རེ་བ་འགོག་པ་ནི། ཁྱོད་ལ་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཀྱང་མེད། ཕྱིར་མི་ལྡོག་པ་ཡང་མ་ཡིན། སངས་ཀྱང་མི་རྒྱ་བའོ་ཞེས་ཟེར་བའོ། །ལྔ་པ་སྟོང་པ་ཉིད་ཧད་པོའི་བདུད་ནི། རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་ཞེས་པ་ནས། སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་པའི་བར་ཏེ། མིག་བདག་དང་བདག་གི་བས་སྟོང་པ་ནས། མ་འདྲེས་པ་བཅོ་བརྒྱད་བདག་དང་བདག་གི་བས་སྟོང་པའི་བར་གྱི་འགྲེས་ཀྱིས་བསྟན་ཏོ། །དྲུག་པ་ཆད་ལྟའི་བདུད་ནི། ཕྱོགས་བཅུ་སངས་རྒྱས་དང༌། ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྟོང་སྟེ། སངས་རྒྱས་ལ་སོགས་པ་མེད་ཅེས་ཟེར་བའོ། །བདུན་པ་ནི། བདུད་དེ་ཉན་ཐོས་ཀྱི་ཆ་བྱད་དུ་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ལས་བཟློག་ཅིང༌། ཉན་རང་གི་ཡིད་ལ་བྱ་བ་ལ་འདེབས་ཤིང་སྟོན་པའོ། །བརྒྱད་པ་ནི་མཁན་པོ་དང་སློབ་དཔོན་གྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་ཀྱི་སྤྱོད་པ་བཟློག་ནས་ཉན་ཐོས་ཀྱི་བྱང་ཆུབ་ལ་ཡང་མངོན་དུ་གྱིས་ཤིག ཐམས་ཅད་མཁྱེན་པས་ཅི་ཞིག་བྱ་ཞེས་ཟེར་བའོ། །དགུ་པ་ཕ་མའི་ཆ་བྱད་དུ་བྱས་ཤིང་འཁོད་པ་ནི་རྐང་ལག་དང་མགོ་བཅད་པ་ཚད་མེད་པས་ཉོན་མོངས་པར་འགྱུར་གྱིས་ཞེས་པའོ། །བཅུ་པ་དགེ་སློང་གི་ཆ་བྱད་དུ་བྱས་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་དགུ་པོ་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་ནི། སྡིག་པའི་གྲོགས་པོར་རིག་པར་བྱ་སྟེ། ཤེས་ནས་ཀྱང་ཡོངས་སུ་སྤང་བར་བྱའོ། །སྒྱུ་མ་ལྟ་བུའི་ལེའུ་སྟེ་བདུན་པའོ།། །།ད་ནི་བཤད་པ་འདིའི་དོན་གཏན་ལ་དབབ་པ་གང་ལགས་ཞེས་པའི་དོན་རྣམས་བསྟན་པར་བྱ་སྟེ། འདི་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་མདོར་བསྟན་པ་ཉིད་གཏན་ལ་དབབ་པ་སྟེ། ཞིབ་ཏུ་བཤད་ན། གཏན་ལ་དབབ་པ་དེ་ཡང་རྣམ་པ་གཉིས་ཏེ། ཚིག་གི་དོན་དང༌། མཚན་ཉིད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་གང་ཡིན་པ་དང༌། ཇི་ལྟར་ན་གོ་ཆ་ཆེན་པོ་བགོས་པ་དང༌། ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང༌། ཇི་ལྟར་ན་ཐེག་པ་ཆེན་པོ་ལ་གནས་པ་དང༌། ཇི་ལྟར་ན་ཐེག་པ་ཆེན་པོ་ཡིན་པ་དང༌། ཐེག་པ་དེ་གང་ལས་ངེས་པར་འབྱུང་བ་དང༌། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་དང༌། ཐེག་པ་འདིས་སུ་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང་བཅས་པའི། འཇིག་རྟེན་ཟིལ་གྱིས་མནན་ནས་ཐེག་པ་དེ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བ་དང༌། ཐེག་པ་དེ་ནམ་མཁའ་དང་མཚུངས་སོ་ཞེས་བྱ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་དང༌། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་ན་བྱང་ཆུབ་སེམས་དཔའ་མི་དམིགས་སོ་ཞེས་བྱ་བ་དང་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ་ཞེས་བྱ་བ་དང༌། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་མེད་ཅིང་མི་དམིགས་ཞེས་བྱ་བ་དང༌། དེ་ལྟར་བདག་གིས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་མ་དམིགས་ཤིང་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་བྱ་བ་དང༌། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འདི་ནི་མིང་ཙམ་མོ་ཞེས་བྱ་བ་དང༌། བདག་ཅེས་བགྱི་བ་དག་ནི་ཤིན་ཏུ་མངོན་པར་མ་གྲུབ་ཅེས་བྱ་བ་དང༌། དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལགས་ན། གཟུགས་དེ་གང་ལགས་ཞེས་བྱ་བ་ནས་རྣམ་པར་ཤེས་པ་དེ་གང་ལགས་ཞེས་བྱ་བའི་བར་དང༌། གཟུགས་མངོན་པར་མ་གྲུབ་ཅེས་བྱ་བ་དང༌། མངོན་པར་མ་གྲུབ་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་མ་གྲུབ་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་སྟོན་པར་བགྱི་ཞེས་བྱ་བ་དང༌། མངོན་པར་མ་གྲུབ་པ་ལས་གུད་ན་བྱང་ཆུབ་སེམས་དཔའ་མི་དམིགས་ཞེས་བྱ་བ་དང༌། གལ་ཏེ་དེ་ལྟར་བསྟན་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་སེམས་ཞུམ་པ་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའ་གང་ལགས་ཞེས་བྱ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས་ཞེས་བྱ་བ་དང༌། ཡོངས་སུ་བརྟག་པ་གང་ལགས་ཞེས་བྱ་བ་དང༌། ཅིའི་སླད་དུ་ཞེས་གཟུགས་སོགས་པ་ལ་སྐྱེ་བ་མཆིས་པ་གང་ལགས་པ་དེ་གཟུགས་ལ་སོགས་པ་ལ་མཁས་ཞེས་བྱ་བ་དང༌། ཅིའི་སླད་དུ་གཟུགས་ལ་སོགས་པའི་འབྲེལ་བ་གང་ལགས་ཞེས་བྱ་བ་དང༌། ཅིའི་སླད་དུ་གཟུགས་ལ་སོགས་པ་དེ་དག་གཉིས་སུ་མ་མཆིས་པའི་གྲངས་སུ་མི་བགྲང་ཞེས་བྱ་བ་དེ་ཞུ་བ་ཉི་ཤུ་རྩ་བརྒྱད་པོ་དེ་རྣམས་དང༌། འོག་ནས་གནས་བརྟན་གཉིས་ཀྱིས་དྲིས་པ་དང༌། ལན་བཏབ་པ་ཞིབ་མོར་འབྱུང་བའི་དོན་དེ་དག་ཉེ་བར་བཟུང་ནས་ཀཽ་ཤི་ཀ་ལ་དྲིས་པའི་ལེའུ་ལ་ཐུག་གི་བར་དུ་གཏན་ལ་དབབ་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལེའུ་འདི་ནས། རྒྱན་ལྟར་ན། རིགས་ཀྱི་དབྱེ་བས་ཕྱེ་བའི་བྱང་ཆུབ་སེམས་དཔའ་བཅུ་གསུམ། དམིགས་པ་བཅུ་གཅིག ཆེད་དུ་བྱ་བ་གསུམ། གོ་ཆའི་སྒྲུབ་པ་སུམ་ཅུ་སོ་དྲུག འཇུག་པའི་སྒྲུབ་པ་དགུ། ཚོགས་ཀྱི་སྒྲུབ་པ་བཅུ་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་རྒྱས་པར་སྟོན་པ་ཞུས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་བགྱི་བའི་ཚིག་འདིའི་དོན་གང་ལགས་ཞུས་པས། བྱང་ཆུབ་སེམས་དཔའ་དོན་དམ་པར་མ་གྲུབ་པས་དེའི་དོན་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན་ནོ་ཞུས་པ་སྟེ་དྲིས་པའོ། །བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་སྟེ་ཞེས་པའི་དོན་ནོ། །བྱང་ཆུབ་སེམས་དཔའ་དོན་དམ་པར་མ་གྲུབ་པས་དེའི་ཚིག་གི་དོན་ནི་དོན་དམ་པར་ཡོད་པ་མ་ཡིན་ཞེས་པའི་དོན་མདོར་བསྟན་པའོ། །དེའི་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱང་མ་སྐྱེས་ལ་སེམས་ཅན་ཡང་མ་སྐྱེས་པའི་ཕྱིར་ཞེས་བྱ་བས་ནི། ཚིག་གི་དོན་མེད་པའི་གཏན་ཚིགས་བསྟན་ཏོ། །འདིའི་དོན་ནི་ཁོང་དུ་ཆུད་པར་བྱ་བའི་བྱང་ཆུབ་ཀྱང་མ་སྐྱེས་པ་ཆུད་པར་བྱེད་པའི་སེམས་ཅན་ཡང་མ་སྐྱེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་མེད་ཅེས་པའི་དོན་ནོ། །རབ་འབྱོར་བྱང་ཆུབ་ལ་ཡང་ཚིག་མེད། སེམས་ཅན་ལ་ཡང་ཚིག་མེད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི། ཚིག་གི་དོན་མེད་པའོ་ཞེས་བྱ་བས་ནི། ཚིག་གི་དོན་མེད་པའི་གཏན་ཚིགས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་གཉིས་ཀ་མེད་པས། དེ་སྟོན་པའི་ཚིག་གམ། ཚིག་དེའི་གཞི་ཡང་མེད་པའི་ཕྱིར། ཚིག་གི་དོན་མེད་དོ་ཞེས་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་བྱའི་རྗེས་མེད་དོ་ཞེས་སོགས་ཚིག་གི་དོན་མེད་པའི་དཔེ་རྣམ་པ་བཅུ་གཅིག་བསྟན་ཏེ། དེ་ལ་ནམ་མཁའ་ལ་བྱའི་རྗེས་མེད་པའི་དཔེ་ནི། དཔེ་ལ་ཚིག་གི་དོན་མེད་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ལ་ཡང་ཚིག་གི་དོན་མེད་པར་བསྟན་ཏོ། །དྲོད་ཀྱི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་ནི། རྨི་ལམ་ལ་སོགས་པ་འཁྲུལ་པའི་དཔེ་བརྒྱད་ཀྱི་ཚིག་གི་དོན་མེད་པའི་དཔེས་བསྟན་ཏེ། རབ་འབྱོར་འདི་ལྟ་སྟེ་རྨི་ལམ་ལ་གནས་མེད་དོ་ཞེས་སོགས་སོ། །རྩེ་མོའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མ་གྲུབ་པ་ནི། ཆོས་ཉིད་ཀྱི་རྣམ་གྲངས་བརྒྱད་སྨོས་ནས། དེའི་ཚིག་གི་དོན་མ་གྲུབ་པའི་དཔེས་བསྟན་ཏེ། རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཡང་དག་པའི་མཐའ་ལ་གནས་མེད་དོ་ཞེས་སོགས་སོ། །བཟོད་པ་ལ་གནས་པའི་ཚིག་དོན་མ་གྲུབ་པ་ནི། རབ་འབྱོར་འདི་ལྟ་སྟེ། སྒྱུ་མའི་སྐྱེས་བུས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡོད་པའི་ཚིག་གི་དོན་མེད་དོ་ཞེས་གསུངས་སོ། །ཆོས་མཆོག་ལ་གནས་པའི་ཚིག་གི་དོན་མ་གྲུབ་པ་ནི། སྒྱུ་མའི་སྐྱེས་བུའི་གཟུགས་ཀྱི་ཕུང་པོ་ལ་ཚིག་གི་དོན་མེད་པས་ན་ཕུང་པོ་ལྷག་མ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རེག་དྲུག་དང༌། ཚོར་དྲུག་དང༌། རྟེན་འབྲེལ་དང༌། སྒྱུ་མའི་སྐྱེས་བུ་ཡུམ་ལ་སྤྱོད་པ་དང༌། སྟོང་ཉིད་བཅོ་བརྒྱད་ལ་སྤྱོད་པ་དང༌། བྱང་ཕྱོགས་སོ་བདུན་དང༌། བདེན་བཞི་དང༌། བསམ་གཏན་བཞི་དང༌། ཚད་མེད་བཞི་དང༌། གཟུགས་མེད་བཞི་དང༌། རྣམ་ཐར་བརྒྱད་དང༌། སྙོམས་འཇུག་དགུ་དང༌། རྣམ་ཐར་སྒོ་གསུམ་དང༌། མངོན་ཤེས་དྲུག་དང༌། ཏིང་ངེ་འཛིན་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པར་བསྟན་ཏོ། །མཐོང་ལམ་ལ་གནས་པའི་ཚིག་གི་དོན་མེད་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ལ་གནས་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་དེ་དག་མེད་པའི་ཕྱིར་ཏེ་ཞེས་པའོ། །དཔེ་བསྟན་ནས་དོན་ལ་སྦྱོར་བ་ནི། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས་ཚིག་གི་དོན་མེད་པ་ནི་ཞེས་པའི་བར་རོ། །འགྲེས་རྐང་ནི། གཟུགས་ཀྱི་སྐུའི་ཕུང་པོ་ལྔ་ལ་ཚིག་གི་དོན་མེད་པ་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་གསུངས་ཏེ། འགྲེས་རྐང་གི་གྲངས་སྔ་མ་བཞིན་ནོ། །དོན་ལ་སྦྱོར་ཚུལ་ཡང་སྔ་མ་བཞིན་ནོ། །སྒོམ་ལམ་ལ་གནས་པའི་ཚིག་དོན་མ་གྲུབ་པ་ལ། དཔེ་འདི་ལྟ་སྟེ། རབ་འབྱོར་འདུས་མ་བྱས་ཀྱི་དབྱིངས་ལ་འདུས་བྱས་ཀྱི་ཁམས་ཀྱི་དབྱིངས་མེད་དོ། །ཞེས་པ་སྟེ་མྱང་འདས་ལ་འཁོར་བའི་གནས་མེད་ཅེས་པའི་དོན་ནོ། །དཔེ་གཉིས་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་སྐྱེ་བ་མེད་པ་ལ་གནས་མེད་དོ་ཞེས་སོགས་ཏེ། གཟུགས་སྐྱེ་འགག་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། འབྱུང་བ་མེད་པ་དང༌། མི་དམིགས་པ་དང་ཆོས་བདུན་པོ་གཟུགས་ཀྱི་འགྲེས་རྐང་ལ་སྦྱར་བའི་ཚིག་གི་དོན་མེད་པ་དང༌། ཕུང་པོའི་ལྷག་མ་དང༌། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་འགྲེས་རྐང་སྔ་མ་བཞིན་དུ་བཤད་ནས། འགྲེས་རྐང་རེ་རེ་ལ་ཡང་སྔར་སྨོས་པའི་ཆོས་བདུན་བདུན་སྦྱར་བ་ལ་ཚིག་གི་དོན་མེད་པ་དཔེར་བསྟན་ནས་གསུངས་སོ། །སྒོམ་ལམ་གྱི་དཔེ་གསུམ་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ་ཞེས་སོགས་ཏེ། གཟུགས་སོགས་ཕུང་པོ་ལྔ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཚིག་གི་དོན་མེད་པ་དང༌། མུ་སྟེགས་པས་བཏགས་པའི་བདག་དང་སེམས་ཅན་སོགས་དངོས་སུ་སྨོས་པ་རྣམས་ཀྱི་ཚིག་གི་དོན་མེད་པའི་དཔེས་བསྟན་ཏོ། །གཉེན་པོའི་ལམ་ལ་གནས་པའི་ཚིག་གི་དོན་མ་གྲུབ་པ་ནི། ཉི་མ་འཆར་བའི་ཚེ་མུན་པའི་གནས་མེད་པ་དང༌། སྤོང་བའི་ལམ་ལ་གནས་པའི་ཚིག་གི་དོན་མ་གྲུབ་པ་ནི། བསྐལ་པའི་མེ་འབར་བའི་ཚེ། རྩི་ཤིང་ལ་སོགས་པ་སྐྱེ་བའི་གནས་མེད་པ་དང༌། སྤང་གཉེན་གྱི་རྟོག་པ་ཡོངས་སུ་གཏུགས་པའི་ལམ་ལ་གནས་པའི་ཚིག་དོན་དུ་མ་གྲུབ་པ་ནི། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply