དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་ཚུལ་ཁྲིམས་ངན་པའི་གནས་མེད་པ་ནས། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ལ་རྣམ་པར་གྲོལ་བ་མ་གཟིགས་པའི་གནས་མེད་དོ་ཞེས་པའི་བར་རོ། །ཤེས་རབ་སྙིང་བརྩེར་བྱས་པ་ལ་གནས་པའི་ཚིག་དོན་མ་གྲུབ་པ་ནི། དཔེར་ན་ཉི་མ་དང་ཟླ་བའི་འོད་ལ་གནས་མེད་དོ་ཞེས་གསུངས་སོ། །སློབ་མ་ཐུན་མོང་མ་ཡིན་པའི་ལམ་ལ་གནས་པའི་ཚིག་དོན་མ་གྲུབ་པ་ནི། གཟའ་དང༌། སྐར་མ་དང༌། ནོར་བུ་རིན་པོ་ཆེ་དང༌། གློག་གི་འོད་ལ་གནས་མེད་དོ་ཞེས་པའོ། །གཞན་དོན་གོ་རིམ་དུ་བྱེད་པ་ལ་གནས་པའི་ཚིག་དོན་མ་གྲུབ་པ་ནི། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷའི་འོད་ལ་གནས་མེད་དོ་ཞེས་པ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། གནས་གཙང་མའི་རིགས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མེད་དོ་ཞེས་པའི་བར་རོ། །ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་ལམ་ལ་གནས་པའི་ཚིག་གི་དོན་མ་གྲུབ་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ལ་གནས་མེད་དོ་ཞེས་པའོ། །དོན་ལ་སྦྱོར་བ་ནི། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། ཚིག་གི་དོན་མེད་ཅེས་པའི་བར་རོ། །དཔེ་བཤད་པ་དང་དོན་སྦྱོར་བ་གཉིས་གཉིས་ཀྱིས་བཤད་དེ། ཐམས་ཅད་ལ་སྦྱར་རོ། །ཚིག་གི་དོན་མེད་པའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོས་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དོན་ནི། བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའ་དང༌། ཚིག་གི་དོན་དང༌། ཆོས་གསུམ་པོ་དེ་དག་དང་ལྡན་པ་ཡང་མ་ཡིན་ཞེས་བརྗོད་དེ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཅན་མ་ཡིན་པའི་ཕྱིར་ཏེ། རང་བཞིན་གྱིས་སྟོང་པས་སོ། །མི་ལྡན་པ་ཡང་མ་ཡིན་ཞེས་བརྗོད་དེ། རྣམ་པར་བྱང་བའི་མཚན་ཉིད་ཅན་མ་ཡིན་པའི་ཕྱིར་དང༌། རང་བཞིན་གྱིས་སྟོང་པས་སོ་ཞེས་པའི་དོན་ནོ། །གཟུགས་མེད་ཅེས་པས་ནི། རྣམ་པར་ཤེས་པའི་གཟུང་ཡུལ་མ་ཡིན་པའོ། །བསྟན་དུ་མེད་པ་ནི་མིག་གི་ཡུལ་མ་ཡིན་པས་སོ། །ཐོགས་པ་མེད་པ་ནི་ཐོགས་བཅས་མ་ཡིན་པའི་དོན་ནོ། །མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཤ་སྟག་སྟེ་ཞེས་པ་ནི། མཚན་ཉིད་དང་བྲལ་བའི་རང་བཞིན་སྟོང་པ་ཉིད་དུ་རོ་གཅིག་གོ་ཞེས་པའི་དོན་ནོ། །ཆོས་ཐམས་ཅད་ཀྱི་མེད་པ་ཡང་དག་པ་ཉིད་ལ་བསླབ་པར་བྱའོ་ཞེས་པ་ནི་གོང་དུ་ཆོས་ཐམས་ཅད་མ་དམིགས་པར་བསྟན་པའི་དོན་ལ། ཐོས་བསམ་གྱི་ཤེས་རབ་ཀྱིས་བསླབ་པར་བྱའོ་ཞེས་པའོ། །ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱའོ་ཞེས་པ་ནི། ཆོས་ཐམས་ཅད་དོན་དམ་པར་མ་དམིགས་པར་བསྒོམ་པའི་ཤེས་རབ་ཀྱིས་ཁོང་དུ་ཆུད་པར་བྱའོ། །འདི་དག་གི་དོན་ནི། རྒྱན་ལས། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །མདོའི་འགྲེལ་ནི། ཡང་ཆོས་ཐམས་ཅད་ཀྱི་མེད་པ་ཡང་དག་པ་ཉིད་ལ་བསླབ་པར་བྱའོ་ཞེས་པ་དང༌། ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱའོ་ཞེས་བཤད་པ་ན། ཆོས་ཐམས་ཅད་ནི་གང་ཡིན། དེ་དག་མ་དམིགས་པའམ་མེད་པའི་དོན་ལ་ཇི་ལྟར་བསླབ་པར་བྱ་སྙམ་པས་དྲིས་པ་ནི། གསོལ་པ་ཆོས་ཐམས་ཅད་ནི་གང་ལགས། མ་མཆིས་པ་ཡང་དག་པ་ཉིད་ལ་ཇི་ལྟར་བསླབ་པར་བགྱི། བྱང་ཆུབ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ནི་ཇི་ལྟར་བསླབ་པར་བགྱི་ཞེས་དྲི་བ་གསུམ་དྲིས་སོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཞེས་སོགས་ཀྱིས་སྟོན་ཏེ། རྒྱན་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་སོགས་ཚིགས་བཅད་གཉིས་གསུངས་སོ། །འདི་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱན་པར་བཤད་པ་དང༌། མཁས་པའི་བྱ་བའོ། །དང་པོ་ལ་དབྱེ་བ་མདོར་བསྟན་ནི། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་མི་དགེ་བ་ཞེས་པ་ནས་རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་བ་སྟེ། ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཐམས་ཅད་ལ་སློབ་ཚུལ་མདོར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ནས། ཆོས་ཐམས་ཅད་པོ་དེ་དག་ཉིད་དོ་ཞེས་པའི་བར་རོ། །རྒྱུས་བཤད་ལ་དགེ་བ་དང༌། མི་དགེ་བ་དང༌། ལུང་མ་བསྟན་དང་ལྷག་མའི་ཆོས་བརྒྱད་བཤད་པའོ། །དང་པོ་དགེ་བ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་འཇིག་རྟེན་པའི་དགེ་བའི་ཆོས་གང་ལགས་ཞེས་པའོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་སོགས་ཏེ་ཉམས་སུ་བླང་བར་བྱ་བའི་ཆོས་ནི། ཕར་ཤེས་པ། མར་ཤེས་པ་ཞེས་པ་ནས་རིམ་གྲོ་བྱེད་པ་ཞེས་པའི་བར་རོ། །བསོད་ནམས་ཀྱི་དངོས་པོ་ནི། སྦྱིན་པ་ལས་བྱུང་བའི་བསོད་ནམས་ཞེས་པ་ནས། ལྡན་པའི་དངོས་པོ་དང་ཞེས་པའོ། །ལས་ལམ་ནི། དགེ་བ་བཅུའི་ལས་དང༌། དགེ་བ་རྣམས་དང་ཞེས་པའོ། །འདུ་ཤེས་དགུ་ནི་འཇིག་རྟེན་པའི་དཔེ་དགུ་སྟེ་ཞེས་པ་ནས། རྣམ་པར་ཚིག་པའི་འདུ་ཤེས་དང་ཞེས་པའི་བར་རོ། །སྙོམས་འཇུག་འབྲས་བུ་དང་བཅས་པ་ནི། འཇིག་རྟེན་པའི་བསམ་གཏན་བཞི་དང་ཞེས་སོགས་སོ། །རྗེས་སུ་དྲན་པ་ནི། འཇིག་རྟེན་པའི་རྗེས་སུ་དྲན་པ་བཅུ་སྟེ་ཞེས་པ་ནས། འཆི་བ་རྗེས་སུ་དྲན་པ་སྟེ་ཞེས་པའི་བར་རོ། །དེ་དག་ནི་འཇིག་རྟེན་པའི་ཆོས་དགེ་བའི་ཆོས་ཞེས་བྱ་སྟེ། ཞེས་དོན་བསྡུ་བའོ། །མི་དགེ་བའི་བཤད་པ་ནི། གསོལ་པ་བཅོམ་ལྡན་འདས་མི་དགེ་བའི་ཆོས་གང་ལགས་ཞེས་པ་ནས། རབ་འབྱོར་དེ་དག་ནི་འཇིག་རྟེན་པའི་ཆོས་མི་དགེ་བའོ། །ཞེས་པའི་བར་རོ། །ལུང་མ་བསྟན་བཤད་པ་ནི། གསོལ་པ་བཅོམ་ལྡན་འདས་ལུང་དུ་མ་བསྟན་པའི་ཆོས་གང་ལགས་ཞེས་པ་ནས། རབ་འབྱོར་དེ་དག་ནི་ལུང་དུ་མ་བསྟན་པའི་ཆོས་ཞེས་བྱའོ། །ཞེས་པའི་བར་རོ། །ལྷག་མ་ཆོས་བརྒྱད་བཤད་པ་ལ། འཇིག་རྟེན་པའི་ཆོས་བཤད་པ་ནི། གསོལ་པ་བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་གང་ལགས་ཞེས་པ་ནས་འཇིག་རྟེན་ལས་འདས་པའི་ཆོས་མ་གཏོགས་པ། དེ་མ་ཡིན་པ་འཇིག་རྟེན་པའི་ཆོས་གང་ཇི་སྙེད་ཡོད་པ་དེ་ནི་འཇིག་རྟེན་པའི་ཆོས་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཆོས་བཤད་པ་ནི། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཆོས་གང་ལགས་ཞེས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་སྟེ། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་ཞེས་བྱ་བའི་བར་རོ། །ཟག་བཅས་བཤད་པ་ནི། གསོལ་པ་བཅོམ་ལྡན་འདས་ཟག་པ་དང་བཅས་པའི་ཆོས་གང་ལགས་ཞེས་པ་ནས། དེ་དག་ནི་ཟག་པ་དང་བཅས་པའི་ཆོས་ཞེས་བྱའོ། །ཞེས་པའི་བར་རོ། །ཟག་མེད་བཤད་པ་ནི། གསོལ་པ་བཅོམ་ལྡན་འདས་ཟག་པ་མ་མཆིས་པའི་ཆོས་གང་ལགས་ཞེས་པ་ནས། དེ་དག་ནི་ཟག་པ་མེད་པའི་ཆོས་ཞེས་བྱ་བའི་ཞེས་པའི་བར་རོ། །འདུས་བྱས་ཀྱི་ཆོས་བཤད་པ་ནི། གསོལ་པ་བཅོམ་ལྡན་འདས་འདུས་བྱས་ཀྱི་ཆོས་གང་ལགས་ཞེས་པ་ནས། དེ་དག་ནི་འདུས་བྱས་ཀྱི་ཆོས་རྣམས་ཞེས་བྱའོ་ཞེས་པའི་བར་རོ། །འདུས་མ་བྱས་བཤད་པ་ནི། གསོལ་པ་བཅོམ་ལྡན་འདས་འདུས་མ་བྱས་ཀྱི་ཆོས་གང་ལགས་ཞེས་པ་ནས། རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱའོ་ཞེས་པའི་བར་རོ། །ཐུན་མོང་བའི་ཆོས་བཤད་པ་ནི། གསོལ་པ་བཅོམ་ལྡན་འདས་ཐུན་མོང་བའི་ཆོས་གང་ལགས་ཞེས་པ་ནས། དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང༌། ཐུན་མོང་བའི་ཆོས་ཞེས་བྱའོ། །ཞེས་པའི་བར་རོ། །ཐུན་མོང་མ་ཡིན་པའི་ཆོས་བཤད་པ་ནི། གསོལ་པ་བཅོམ་ལྡན་འདས་ཐུན་མོང་མ་ཡིན་པའི་ཆོས་གང་ལགས་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ། དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོས་ཞེས་བྱའོ་ཞེས་པའི་བར་རོ། །དེ་ལ་བསམ་གཏན་བཞི་ལ་སོགས་པ་ནི། ལམ་དུ་མ་བཞུགས་པའི་སོ་སོ་སྐྱེ་བོ་ལ་ཡང་ཡོད་པས་ཐུན་མོང་བ་ཞེས་བྱ་ལ། དྲན་པ་ཉེར་བཞག་སོགས་ནི་ལམ་དུ་ཞུགས་པ་ལ་ཡོད་ཀྱི་མ་ཞུགས་པ་ལ་མེད་པའི་ཕྱིར་ཐུན་མོང་མ་ཡིན་པ་ཞེས་བྱའོ། །འགྲེལ་ཆུང་ལས་ནི། འཕགས་པ་འོག་མ་རྣམས་དང་ཐུན་མོང་བའི་ཆོས་ཀྱང་ཐུན་མོང་བའི་ཆོས་སུ་སྡུད་པར་སྣང་ངོ༌། །དེས་ན་ཐུན་མོང་བའི་ཆོས་ལ་གཉིས་ཏེ། སོ་སོ་སྐྱེ་བོ་དང་ཐུན་མོང་བ། འཕགས་པ་དང་ཐུན་མོང་བའོ། །དེ་དག་མེད་པའི་དོན་ལ་བསླབ་ཚུལ་བཤད་པ་ནི། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་རྟོག་པ་མེད་པས་ཆགས་པར་མི་བྱའོ། །ཆོས་ཐམས་ཅད་གཉིས་སུ་མེད་པའི་ཚུལ་གྱིས་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱའོ་ཞེས་པས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཞེས་པའི་ཚིག་གི་དོན་བཤད་ཟིན་ཏོ། །སེམས་དཔའ་ཆེན་པོ་ཞེས་པའི་ཚིག་གི་དོན་སྟོན་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཞེས་སོགས་ཏེ། དོན་རྣམ་པ་བཞིས་བསྟན་ཏོ། །བཞི་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་བཤད་པ་དང༌། ཤཱ་རིའི་བུས་བཤད་པ་དང༌། རབ་འབྱོར་གྱིས་བཤད་པ་དང༌། གང་པོས་བཤད་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་སེམས་ཆེན་པོ་དང༌། ཤཱ་རིའི་བུས་སྤོང་བ་ཆེན་པོ་དང༌། རབ་འབྱོར་གྱིས་རྟོགས་པ་ཆེན་པོ་དང༌། གང་པོས་སེམས་དཔའ་ཆེན་པོའི་ཚིག་གི་དོན་བཤད་པའོ། །དེ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བགྱི་ཞེས་པའི་བར་ནི་དྲི་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཞེས་པའི་བར་རོ། །གཉིས་པ་ནི་དོན་རྣམ་པ་བཞིས་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་བཤད་པའི་སེམས་དཔའ་ཆེན་པོ་དང༌། ཤཱ་རིའི་བུས་བཤད་པའི་སྤོང་བ་ཆེན་པོ་དང༌། རབ་འབྱོར་གྱིས་བཤད་པའི་རྟོགས་པ་ཆེན་པོ་དང༌། གང་པོས་བཤད་པའི་སེམས་དཔའ་ཆེན་པོའི་ཚིག་གི་དོན་ནོ། །དང་པོ་ལ་དྲི་བ་དང་ལན་གཉིས། དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པ་གང་ལགས། ཞེས་སོགས་སོ། །ལན་ལ་གཉིས་ཏེ། སེམས་ཅན་གྱི་ཕུང་པོ་བཤད་པ་དང༌། མཆོག་ཏུ་བྱེད་པའི་ཆོས་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་བར་བརྟགས་ཏེ། རབ་འབྱོར་དེ་ནི་སེམས་ཅན་གྱི་ཕུང་པོ་ངེས་པ་ཞེས་བྱ་སྟེ། སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཕུལ་དུ་བྱེད་པར་འགྱུར་རོ་ཞེས་པའི་བར་རོ། །རིགས་ཀྱི་ས་ནི་མོས་པས་སྤྱོད་པའི་ས་འཇིག་རྟེན་པའི་ཆོས་མཆོག་དང༌། བརྒྱུད་པ་ནི་རྒྱུན་དུ་ཞུགས་པ་ལ་འབུམ་ཊཱིཀ་ནས་བཤད་དོ། །གཉིས་པ་ལ་བསམ་པ་ཆེ་བ་དང༌། སྦྱོར་བ་ཆེ་བའོ། །དང་པོ་ལ་བཞི་སྟེ། རྡོ་རྗེ་ལྟ་བུའི་སེམས་དང༌། རླབས་པོ་ཆེའི་སེམས་དང༌། མི་སྒུལ་བའི་སེམས་དང༌། ཕན་པའི་སེམས་སོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་གང་ལགས་ཞེས་པ་ལ་སོགས་པས་ཁྱད་ཆོས་ལྔ་ལྡན་དུ་བསྟན་ཏོ། །ལྔ་པ་ནི། མི་མཐུན་ཕྱོགས་འཇོམས་པ་དང༌། སྙིང་རྗེ་ཆེན་པོ་དང༌། སྐྱོན་མེད་པ་དང༌། མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པ་དང༌། དོན་སྒྲུབ་པར་བྱེད་པའོ། །དང་པོ་མི་མཐུན་ཕྱོགས་འཇོམས་པ་ལ་ཡོན་ཏན་བརྒྱད་དེ། དེ་ལ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ནས། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་བྱའོ་ཞེས་པའི་བར་ཏེ། བརྩོན་འགྲུས་ཀྱི་གོ་ཆ་བགོས་ཏེ་སྦྱིན་པ་གཏོང་བས་སེར་སྣ་འཇོམས་པའི་ཡོན་ཏན་བསྟན་ཏེ་དང་པོའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པར་བྱའོ་ཞེས་པས་ནི། ཁོང་ཁྲོ་འཇོམས་པའི་ཡོན་ཏན་བསྟན་ཏེ། གཉིས་པའོ། །སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་མྱ་ངན་ལས་འདའ་བར་ཞེས་པ་ནས། ཤེས་པར་བྱའོ་ཞེས་པའི་བར་གྱིས་ནི་སེམས་ཅན་གྱི་མྱ་ངན་ལས་འདའ་ཡང་སེམས་ཅན་གྱི་འདུ་ཤེས་མེད་པ་དང༌། ལྟ་བུའི་ཉེས་པ་འཇོམས་པ་སྟེ་གསུམ་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཤེས་པར་བྱའོ་ཞེས་པས་ནི་དངོས་པོར་རྟོག་པ་འཇོམས་པའི་ཡོན་ཏན་བསྟན་ཏེ་བཞི་པའོ། །བདག་གི་མ་འདྲེས་པའི་ཞེས་སོགས་ཀྱིས་ནི་ཐེག་པ་དམན་པའི་སེམས་འཇོམས་པའི་ཡོན་ཏན་བསྟན་ཏེ་ལྔ་པའོ། །བདག་གིས་ཆོས་རྟོགས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཕུན་སུམ་ཚོགས་པ་ལ་བསླབ་པར་བྱའོ་ཞེས་པས་ནི། ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཆོས་དབྱིངས་རྟོགས་པའི་དོན་ཏེ་ས་དང་པོར་ཆོས་དབྱིངས་ཀུན་ཏུ་འགྲོ་བར་རྟོགས་པས་ངན་འགྲོར་མི་ལྟུང་བ་ངན་འགྲོ་ཐམས་ཅད་འཇོམས་པའི་ཡོན་ཏན་བསྟན་ཏེ་དྲུག་པའོ། །བདག་གིས་ཆོས་ཀྱི་ཚུལ་གཅིག་ཏུ་བསྒྲུབ་པ་ཁོང་དུ་ཆུད་པར་བྱའོ་ཞེས་པས་ནི། ཆོས་ཐམས་ཅད་ཆོས་དབྱིངས་སུ་རོ་གཅིག་ཏུ་རྟོགས་པར་བསྟན་པས་འཁོར་བའི་རྣམ་རྟོག་ངེས་པར་འཇོམས་པའི་ཡོན་ཏན་བསྟན་ཏེ་བདུན་པའོ། །བདག་གིས་ཆོས་ཐམས་ཅད་དཔག་ཏུ་མེད་པར་ཐམས་ཅད་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ཅེས་པས་ནི། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་པའི་བར་དུ་རྟོགས་པ་ནི་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བར་རྟོགས་པས། རྣམ་པར་བྱང་བའི་ཕྱོགས་ཀྱིས་རྣམ་པར་རྟོག་པ་གཞོམ་པའི་ཡོན་ཏན་བསྟན་ཏེ་བརྒྱད་པའོ། །བརྒྱད་པོ་འདི་དག་གིས་ནི་ངེས་པར་འཇོམས་པའི་ཡོན་ཏན་བསྟན་ཏེ། རྒྱས་པར་བསྟན་ཟིན་ཏོ། །མཇུག་བསྡུ་བ་ནི། རབ་འབྱོར་དེ་ནི་ཞེས་པ་ནས། ངེས་པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་སྙིང་རྗེ་ཆེན་པོས་གཞན་གྱི་སྡུག་བསྔལ་སེལ་བ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སེམས་བསྐྱེད་ཅེས་པ་ནས་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་སྟེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པའི་ཕུལ་མི་དམིགས་པར་བྱེད་དོ་ཞེས་པའི་བར་གྱིས་གསུངས་སོ། །དོན་ནི་སྙིང་རྗེའི་དབང་གིས་ངན་སོང་ལ་གནས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བར་བྱས་ཏེ། སེམས་ཅན་དེ་དག་སྡུག་བསྔལ་ལས་ཐར་བར་བྱའོ་སྙམ་པའི་སེམས་བསྐྱེད་པ་དང༌། ད་གཟོད་བདག་གི་དགེ་བའི་རྩ་བ་བསྐྱེད་པའི་བསྐལ་པ་དུ་མར་ཚོགས་བསགས་ཏེ་འཚང་རྒྱ་བར་བསྟན་ཏོ། །རྡོ་རྗེ་ལྟ་བུའི་སེམས་བསྐྱེད་བསྟན་ཟིན་ཏོ། །རླབས་པོ་ཆེའི་སེམས་བསྐྱེད་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། རླབས་པོ་ཆེ་དེས་རློམ་སེམས་སུ་མི་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། ཉན་རང་གི་ཡིད་བྱེད་དང་རློམ་སེམས་ཀྱིས་མི་ཕྱེད་པའི་ཡོན་ཏན་བསྟན་ཏོ། །སེམས་ཀྱི་ཡོན་ཏན་ལྡན་པ་བསྟན་ཏོ། །མི་བསྒུལ་བའི་སེམས་བསྐྱེད་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། སེམས་མི་སྒུལ་བའོ། །དེས་སེམས་ཅན་ཐམས་ཅད་ཀྱི་ཡུལ་དུ་མི་དམིགས་པའི་ཚུལ་གྱིས་འགྱུར་རོ་ཞེས་པའི་བར་གྱིས་གསུངས་ཏེ། ཉན་རང་གི་ཡིད་བྱེད་རློམ་སེམས་ཀྱིས་མི་ཕྱེད་པའི་ཡོན་ཏན་བསྟན་ཏོ། །བཞི་པ་ཕན་པའི་སེམས་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། བལྟ་བའི་སེམས་དེ། དེ་ལ་གནས་ཤིང་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཡུལ་མི་དམིགས་པའི་ཚུལ་གྱིས་སྤྱོད་ཅིང་མི་དམིགས་པའི་ཚུལ་གྱིས་སྤྱོད་པར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་ཏེ། སེམས་ཅན་གྱི་དོན་བསྒྲུབ་པའི་ཡོན་ཏན་དང་ལྡན་པར་བསྟན་ཏོ། །བསམ་པ་རྒྱ་ཆེ་བ་བསྟན་ཟིན་ཏོ། །སྦྱོར་བ་རྒྱ་ཆེ་བ་བསྟན་པ་ནི་གསུམ་སྟེ། ཆོས་ལ་ཀུན་ཏུ་དགའ་བས་གནས་པ་དང༌། སྟོང་པ་ཉིད་ལ་གནས་པ་དང༌། ཏིང་ངེ་འཛིན་ལ་གནས་པའོ། །དེ་ལ་དང་པོ་ནི་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་རྒྱུན་མི་ཆོད་པར་བྱའོ་ཞེས་པ་ནས། འདི་ནི་ཆོས་ལ་མོས་པའི་རྣལ་འབྱོར་ཞེས་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། དེ་ལ་ཆོས་ལ་དགའ་བ་ཞེས་སོགས་ཀྱི་ཚིགས་བཞིས་ནི་མདོར་བསྟན་ཏོ། །དེ་ལ་ཆོས་གང་ཞེ་ན་ཞེས་སོགས་ཀྱིས་ནི་རྒྱས་པར་བཤད་དོ། །གཉིས་པ་སྟོང་ཉིད་ལ་གནས་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཡུལ་དུ་འགྱུར་བ་རིག་པར་འགྱུར་ཞེས་པའི་བར་དང༌། དྲན་པ་ཉེར་བཞག་ནས་མ་འདྲེས་པ་བཅོ་བརྒྱད་ལ་གནས་པའི་བར་གྱིས་གསུངས་སོ། །ཏིང་ངེ་འཛིན་ལ་གནས་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་ཞེས་སོགས་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་ཏེ་ཞེས་པའི་བར་དུ་གསུངས་སོ། །སེམས་ཆེན་པོ་བསྟན་ཟིན་ཏོ། །གཉིས་པ་ཤཱ་རིའི་བུས་སྤོང་བ་ཆེན་པོ་ཡི་ཚིག་དོན་གསུངས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གིས་སླད་དུ་ཞེས་སོགས་ཀྱིས་གསུངས་ཏེ། བདག་ཏུ་ལྟ་བ་སྤོང་བ་ནི། བཅོམ་ལྡན་འདས་བདག་ཏུ་ལྟ་བ་རབ་ཏུ་སྤོང་བའི་སླད་དུ་ཞེས་པ་ནས། མེད་པར་ལྟ་བ་རབ་ཏུ་སྤོང་བ་དང་ཞེས་པའི་བར་དུ་གསུངས་སོ། །ཆོས་ཀྱི་བདག་ཏུ་ལྟ་བ་སྤོང་བ་ནི། ཕུང་པོར་ལྟ་བ་རབ་ཏུ་སྤོང་བ་དང་ཞེས་པ་ནས། ཡོངས་སུ་མྱ་ངན་ལས་འདའ་བར་རབ་ཏུ་སྤོང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་བགྱིད་ཀྱང༌། དེ་དམིགས་པའི་ཚུལ་གྱིས་བགྱིད་དེ། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ་ཞེས་པའི་བར་དུ་གསུངས་སོ། །གོང་དུ་ལྟ་བ་རབ་ཏུ་སྤོང་བའི་དོན་དུ་ཆོས་བཤད་པ་ན། འཁོར་འགའ་ཞིག་ཡུལ་གང་ལ་ཚུལ་ཇི་ལྟར་བལྟ་བ་ཡིན་སྙམ་དུ་དྲིས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་གྱུར་པ་ཡིན་ཞེས་བྱ་བ་ནས། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ཡིན་ཞེས་པའི་བར་གྱིས་གསུངས་སོ། །གང་ཟག་གང་གིས་ཚུལ་ཇི་ལྟར་དུ་ལྟ་བར་བྱེད་སྙམ་ནས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འདི་ལ་ཞེས་སོགས་ནས། ཡོངས་སུ་མྱ་ངན་ལས་འདའ་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་བལྟ་བར་བསྐྱེད་དོ་ཞེས་པའི་བར་གསུངས་སོ། །ལྟ་བ་བསྐྱེད་པ་ཉིད་རྒྱུ་མཚན་དུ་བྱས་ནས་གཟུགས་སོགས་སུ་ལྟ་བར་འགྱུར་བར་བསྟན་པ་ནི། གཟུགས་སུ་བལྟ་བར་འགྱུར་བ་ཡིན་ཞེས་པ་ནས། ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་པ་ཡིན་ཏེ་ཞེས་པའི་བར་གྱིས་གསུངས་སོ། །འདི་དག་གིས་ནི་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་པ་གཏན་ཚིགས་སུ་བཀོད་ནས། སྔར་གཟུགས་སུ་གྱུར་པ་གཏན་ཚིགས་སུ་གྱུར་པ་ཡིན་ཞེས་སོགས་སོ། །འདིར་སླར་ཡང་བཟླས་ཏེ་བསྟན་པ་ནི་སྔར། གཟུགས་སུ་བལྟ་བ་སོགས་ངོས་བཟུང་བ་དང༌། དམིགས་པའི་ཚུལ་གྱིས་བལྟ་བ་བསྐྱེད་པའི་གཏན་ཚིགས་གཉིས་ཆོས་དང་གཏན་ཚིགས་ཀྱི་ཚུལ་དུ་སྦྱར་ནས་བསྟན་པའོ། །དེ་ལ་སེམས་དཔའ་ཆེན་པོ་ཞེས་པ་ནས་ཆོས་སྟོན་ཏོ་ཞེས་པའི་བར་ནི་དོན་བསྡུ་བའོ། །ཤཱ་རིའི་བུས་བཤད་པའི་སྤོང་བ་ཆེན་པོ་བསྟན་ཟིན་ཏོ། །རྒྱན་ལས་ཀྱང༌། འདིའི་དོན་སྤོང་བ་ཆེན་པོ་གསུངས་སོ། །རབ་འབྱོར་གྱིས་བཤད་པའི་རྟོགས་པ་ཆེན་པོ་བཤད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཏེ། འདི་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི་བཅོམ་ལྡན་འདས་གང་གིས་སླད་དུ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གྲངས་སུ་མཆིའོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང༌། མཉམ་པའི་སེམས་ཞེས་པས་ནི་རྟོགས་པའི་ངོ་བོ་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་སེམས། དེ་ཡང་ཆགས་པ་མ་མཆིས་པའི་ཞེས་པས་ནི་ཁྱད་པར་གྱི་ཆོས་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་གློ་བུར་གྱི་དྲི་མ་དང་བྲལ་བའི་ཆ་དང་ལྡན་པར་བསྟན་པ་ནི། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ནི་ཟག་པ་མ་མཆིས་ཤིང་ཁོང་དུ་ཆུད་པ་མ་མཆིས་པ་སྟེ་ཞེས་པ་ནས་སེམས་དེ་ལ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཞེས་སོགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། དང་པོ་ཉན་རང་གི་ཐུན་མོང་མ་ཡིན་པ་བཤད་པ་ལ། དྲི་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་པ་ནས། སེམས་ཅན་གང་ཡིན་ཞེས་པའི་བར་རོ། །ལན་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། ཐུན་མོང་མ་ཡིན་པའི་སེམས་སོ་ཞེས་པའི་བར་གྱིས་བཤད་དེ། དེ་ལ་བྱང་ཆུབ་ཀྱི་སེམས་ནི་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་བརྗོད་དེ། དང་པོ་སེམས་བསྐྱེད་ཕྱིན་ཆད་ཆོས་གང་ལ་ཡང་སྐྱེ་འགག་མེད་པའི་ཚུལ་དུ་མཐོང་བའོ། །མི་མཉམ་པ་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་ལ་དེ་དང་མཉམ་པའི་ཕྱིར་མི་མཉམ་པ་དང་མཉམ་པའི་སེམས་ཞེས་བྱའོ། །རང་བཞིན་གྱི་སྐྱེ་འགག་མེད་པའི་དོན་ཆོས་ཀྱི་བདག་མེད་རྟོགས་པ་འདི་ནི། ཉན་རང་ལ་མེད་པའི་ཕྱིར་དེ་དང་ཐུན་མོང་མ་ཡིན་པ་ཞེས་བྱའོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཁོང་དུ་ཆུད་ཅིང༌། དེ་ལ་ཡང༌། ཆགས་པ་མེད་པའི་སེམས་བསྟན་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ་ཅེས་སོགས་ཏེ། ཟག་པ་ནི་ཉོན་མོངས་པ་དང་བྲལ་བ་སྟེ། དེ་ཉིད་ཀྱིས་ཁམས་གསུམ་དུ་མ་གཏོགས་པའོ། །དེ་ཡང་དངོས་པོར་མེད་པར་ཁོང་དུ་ཆུད་པའི་ཕྱིར་དེ་ལ་ཡང་ཆགས་པ་མེད་དོ་ཞེས་བསྟན་ཏོ། །ཆགས་པ་མེད་པའི་ཚུལ་རྒྱས་པར་བཤད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་དེ་བས་གཟུགས་ཀྱང་ཆགས་པ་མེད་དོ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆགས་པ་མེད་དོ་ཞེས་པའི་བར་གྱིས་གསུངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་གང་གིས་ཀྱང་ཆགས་པ་མི་བྱེད་དོ་ཞེས་བསྟན་ཏོ། །འདིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཁྱད་པར་གློ་བུར་རྣམ་དག་བསྟན་ཟིན་ཏོ། །གང་ཞིག་རྣམ་དག་གི་ཁྱད་པར་བསྟན་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཀྱིས་འདི་སྐད་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ཡང་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ། །ཞེས་སོགས་ཏེ་དེ་ལ་སེམས་དོན་དམ་པར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པར་བསྟན་པ་ནི། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་ཡང་མ་ཟད་དེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱང༌། ཞེས་སོགས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཞེས་པའི་བར་དུ་གསུངས་ཏེ། སོ་སྐྱེ་ནས་སངས་རྒྱས་ཀྱི་བར་གྱི་ཆོས་ཀྱང་དོན་དམ་པར་ཟག་པ་མེད་ཅིང་བློས་ཁོང་དུ་ཆུད་པ་མེད་དེ། རང་བཞིན་གྱིས་སྟོང་པའི་ཕྱིར་ཞེས་པའི་དོན་ནོ། །ཡུལ་ཅན་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པར་བསྟན་ནས་ཡུལ་ཡང་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པར་བསྟན་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་ཡིན་ན། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་དག་གིས་ནི་ཐམས་ཅད་མཁྱེན་པའི་སེམས་དེ་ནི་ཟག་པ་མ་མཆིས་ཤིང་ཁོང་དུ་ཆུད་པ་མ་མཆིས་པ་སྟེ་ཞེས་སྔར་མདོར་བསྟན་པ་དེ་ཉིད་རྒྱས་པར་བཤད་པའོ་ཡང་སྔར་བཞིན་སྟོང་པ་ཉིད་ཀྱི་སླད་དུ་ཆགས་པ་མ་མཆིས་ཞེས་གསུངས་པ་དེའི་དོན་རྒྱས་པར་བཤད་པ་ནི། སྨྲས་པ་ཚེ་དང་ལྡན་པ་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་སེམས་མེད་པའི་ཕྱིར་སེམས་དེ་ལ་ཡང་ཆགས་པ་མེད་དོ་ཞེས་སོགས་ནི། དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེར་ཡང་མ་ཟད་དེ། གཟུགས་ལ་ཆགས་པ་མེད་དོ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་ཆགས་པ་མེད་དོ་ཞེས་པའི་བར་གྱིས་གསུངས་ཏེ། གློ་བུར་རྣམ་དག་བསྟན་ཏོ། །འོ་ན་སྔར་གློ་བུར་རྣམ་དག་བསྟན་པ་དང་བཟློས་སོ་ཞེ་ན། སྔ་མས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་གང་གིས་ཀྱང་ཆགས་པ་མེད་དོ་ཞེས་བསྟན་ལ། ཕྱི་མས་ནི་མེད་པའི་ཆོས་གང་གིས་ཀྱང་ཆགས་པ་མི་བྱེད་ཅེས་བསྟན་ཏེ། ཡུལ་ཅན་ཡོད་མེད་གང་གིས་ཀྱང་ཆགས་པར་མི་བྱེད་ཅེས་བསྟན་ཏེ། རྒྱས་པར་བཤད་ཟིན་ཏོ། །དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་སེམས་ཆེན་པོའི་ཡུམ་ལ་དེ་ལྟར་སྤྱོད་པ་ནི། བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས་ཞེས་པ་ནས། སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །རབ་འབྱོར་གྱིས་བཤད་པའི་རྟོགས་པ་ཆེན་པོའི་དོན་བསྟན་ཟིན་ཏོ། །འདིའི་དོན་རྒྱན་ལས་ཀྱང་རྟོགས་པ་ཆེན་པོ་བསྟན་ཏོ། །བཞི་པ་གནས་བརྟན་གང་པོས་སེམས་དཔའ་ཆེན་པོའི་ཚིག་གི་དོན་བཤད་པ་ནི། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་ཞེས་པ་ནས། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བགྱི་ཞེས་པའི་བར་གྱིས་བཤད་དེ། དེ་ལ་བསམ་པ་རྒྱ་ཆེ་བ་དང༌། སྒྲུབ་པ་ཆེ་བ་དང༌། ལམ་འབྲས་བུ་དང་བཅས་པ་ཆེ་བའོ། །དང་པོ་ནི། གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་ལགས་ཏེ། སེམས་ཅན་མང་པོའི་དོན་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་བརྩོན་འགྲུས་ཀྱིས་གོ་ཆ་བགོས་པའི་ཕྱིར་རོ། །གཉིས་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་པས་བསྟན་ཏེ། རང་གཞན་གྱི་དོན་བསྒྲུབ་པའི་ཐེག་པ་ཆེན་པོ་ལ་ཞུགས་པའི་ཕྱིར་རོ། །གསུམ་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་པས་བསྟན་ཏེ། འབྲས་བུ་རྒྱ་ཆེན་པོ་སྒྲུབ་བྱེད་ཀྱི་ཐེག་ཆེན་ལ་གནས་པའི་ཕྱིར་རོ། །དེ་ལ་གོ་ཆ་ཆེན་པོ་བགོས་པའི་སྒྲ་ནི། བསམ་པ་རྒྱ་ཆེན་པོས་བསྟན་ལ། ཐེག་ཆེན་ལ་ཡང་དག་པར་ཞུགས་པ་ཞེས་པས་ནི། མོས་པས་སྤྱོད་པའི་ས་ནས་བཟུང་སྟེ། ས་བདུན་པའི་བར་གྱི་སྤྱོད་པ་བསྟན་ཏོ། །ཡང་དག་པར་གནས་པ་ཞེས་པས་ནི། ས་བརྒྱད་པ་ཡན་ཆད་ཀྱི་སྤྱོད་པ་བསྟན་ཏོ་ཞེས་འབུམ་ཊཱི་ཀ་ནས་བཤད་དོ། །གང་པོས་བཤད་པ་དེ་ཉིད་རྒྱས་པར་བཤད་པ་ལ། དྲི་བ་གསུམ་གྱི་དྲི་བ་དང་པོ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་བྱམས་མའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་བགོས་པ་ཞེས་བྱ་ཞེས་པའོ། །དེའི་ལན་གྱིས་གོ་སྒྲུབ་བསྟན་པ་ལ། གོ་ཆ་ཆེན་པོ་བགོས་པ་རྣམ་པ་གཉིས་ཏེ། བསམ་པ་རྒྱ་ཆེ་བ་དང༌། སྒྲུབ་པ་རྒྱ་ཆེ་བའོ། །བསམ་པ་རྒྱ་ཆེ་བ་ཡང་གསུམ་སྟེ། ཡུལ་ཡོངས་སུ་ཆད་པ་མེད་པ་དང༌། སེམས་ཅན་ཡོངས་སུ་ཆད་པ་མེད་པ་དང༌། སྦྱོར་བ་ཡོངས་སུ་ཆད་པ་མེད་པའོ། །དང་པོ་ནི། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཉུང་ཟད་ཉི་ཚེ་གཅིག་གི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སྦྱིན་པ་གཏོང་བ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་བསྒོམ་མོ་ཞེས་པའི་བར་གྱིས་བསྟན་ཏེ། ས་ཕྱོགས་འདི་ཙམ་ཚུན་ཆད་ཀྱི་སེམས་ཅན་རྣམས་ཀྱི་དོན་དུ་ཕ་རོལ་ཕྱིན་དྲུག་ལ་སྤྱོད་པ་མ་ཡིན་གྱི། ཕྱོགས་བཅུ་མུ་མཐའ་མེད་པའི་སེམས་ཅན་གྱི་དོན་དུ་སྤྱོད་དོ་ཞེས་པའི་དོན་ནོ། །གཉིས་པ་སེམས་ཅན་ཡོངས་སུ་ཆད་པ་མེད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་འདི་སྙེད་ཅིག་ཅེས་པ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་ཆེན་པོ་གྱོན་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། སེམས་ཅན་གྲངས་ཡོངས་སུ་ཆད་པ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་མི་སེམས་ཀྱི། སེམས་ཅན་གྲངས་མེད་པ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་སེམས་པར་བྱེད་དོ་ཞེས་པས་བསྟན་ཏོ། །གསུམ་པ་སྦྱོར་བ་ཡོངས་སུ་ཆད་པ་མེད་པ་ནི། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་སྦྱར་ཏེ། སེམས་བསྐྱེད་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བསམ་པ་རྒྱ་ཆེ་བ་བསྟན་ཟིན་ཏོ། །སྒྲུབ་པ་རྒྱ་ཆེ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། སྦྱིན་པ་གང་ཡོངས་སུ་བཏང་བ་དེ་དག་ཉན་ཐོས་དང་ཞེས་པ་ནས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་མིང་ཡོངས་སུ་བརྗོད་པར་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ཅིང༌། དབྱངས་རྗེས་སུ་སྒྲོག་གོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་སྦྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའི་གོ་ཆ་ཆེན་པོ་བགོས་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་པའི་བར་གྱིས་ནི་སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང་ལྡན་པ་དང༌། དངོས་གཞི་ཕྱིན་དྲུག་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་ཉམས་སུ་ལེན་པ་དང༌། རྗེས་དགེ་བ་བྱང་ཆུབ་ཏུ་བསྔོ་བ་སྟེ་ཁྱད་པར་གསུམ་ལྡན་དུ་བསྟན་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ནི་ཞེས་སོགས་ཀྱིས་ནི་སྒྲུབ་པའི་ཕན་ཡོན་བསྟན་ཏོ། །ཅི་ཙམ་གྱིས་ན་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་ཞེས་དྲིས་པའི་དྲིས་ལན་བསྟན་ཟིན་ཏོ། །འདི་དག་གི་དོན་ནི་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་ཚིགས་སུ་བཅད་པ་གཅིག་གསུངས་སོ། །ཅི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བྱ་ཞེས་སོགས་ཀྱི་དྲིས་ལན་སྟོན་པ་ལ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང༌། འཇུག་ཡུལ་ཐེག་པ་ཆེན་པོ་ལ་དྲི་བ་གཉིས་སོ། །དེ་ལ་ཐེག་པ་ཆེན་པོ་ལ་ཞུགས་པ་དང༌། ཐེག་པ་ཆེན་པོ་ཞིབ་ཏུ་བསྟན་པའི་ཕྱིར་དུ་གང་པོས་སྨྲས་པ་ནི། ཚེ་དང་ལྡན་པ་ཞེས་སོགས་ཀྱིས་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམ་པ་དགུ་བསྟན་ཟིན་ཏོ། །དེ་ལ་དྲི་བ་དང་པོ་ནི་སྨྲས་པ་ཚེ་དང་ལྡན་པ་གང་པོ་ཅི་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ། དྲི་བ་གཉིས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ཡིན་ཞེས་པའོ། །ལན་གྱི་འཇུག་པའི་སྒྲུབ་པ་བཤད་པ་ནི། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་སོགས་ཏེ། གང་པོས་ཐེག་ཆེན་ལ་ཞུགས་པ་རྣམ་པ་བཅུ། ཐེག་པ་ཆེན་པོ་རྣམ་པ་བཅུ་བསྟན་ནས། དེ་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་བསྟན་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་གནས་ནས་བསམ་གཏན་བཞི་དང༌། ཚད་མེད་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། བཅུ་གཉིས་པོ་དེ་དག་སྒོམ་པར་བྱེད་ཅིང༌། དེ་དག་གི་རོ་མྱོང་བར་ཡང་མི་བྱེད། དེ་དག་གི་དབང་གིས་རྣམ་སྨིན་ཡོངས་སུ་མྱོང་བར་ཡང་མི་བྱེད་པ་ཡིན་པ་དང༌། དེ་དག་ཐེག་པ་ཆེན་པོ་ཡིན་པ་དང༌། དེ་དག་གི་རྣམ་པ་དང༌། རྟགས་དང༌། མཚན་མ་ཡིད་ལ་བྱེད་པ་དང༌། རྗེས་ཐོབ་ཏུ་སེམས་ཅན་ཐམས་ཅད་དང་དགེ་བ་ཐུན་མོང་དུ་བྱས་ཏེ་བྱང་ཆུབ་ཏུ་བསྔོ་བ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །ཞེས་བསྟན་ནས། དེ་དག་ཞིང་ཏུ་བཤད་པ་ནི། སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་ཞེས་སོགས་གསུངས་པ་ནི། གཙོ་བོར་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་དེ། ཞར་ལ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་ཀྱི་སྙོམས་འཇུག་བསྒོམས་པས་ཐེག་ཆེན་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་འདོད་པས་དབེན་པ་དང༌། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་ཞེས་པ་ནི་བསམ་གཏན་དང་པོའི་ཡོན་ཏན་ནོ། །རྟོག་པ་དང་བཅས་པ་ཞེས་པ་ནས། བསམ་གཏན་དང་པོ་ལ་བསྒྲུབས་ཏེ་ཉེ་བར་གནས་སོ་ཞེས་པས་ནི་རང་བཞིན་བཤད་དོ། །དེ་ལ་འདོད་པས་དབེན་པ་ནི། འདོད་པའི་ཉོན་མོངས་པ་དང་བྲལ་བ་དང༌། འདོད་ཡོན་ལྔ་ལ་ཆགས་པ་དང་བྲལ་བའི་ཕྱིར་རོ། །སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་ནི། འདོད་པའི་ཉོན་མོངས་ཀྱི་རྒྱུ་ལས་བྱུང་བའི་ལུས་ངག་ཡིད་གསུམ་གྱི་ཉེས་པ་དང་བྲལ་བའི་ཕྱིར། རྟོག་དཔྱོད་གཉིས་ཀ་དང་བཅས་པ་ཡང་ཡིན་ཏེ། འདོད་པའི་ཉེས་དམིགས་འཛིན་པའི་རྣམ་རྟོག་ཕྲ་རགས་དང་བཅས་པའི་ཕྱིར་རོ། །བསམ་གཏན་གཉིས་པ་ནི། རྟོག་དཔྱོད་གཉིས་ཀྱི་སྐྱོན་མཐོང་ནས་དེ་སྤོང་བ་ལ་བརྩོན་པས། རྣམ་པར་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ཞེས་བྱའོ། །རྟོག་དཔྱོད་དང་བྲལ་བས་ནང་ཡོངས་སུ་དྭངས་ཏེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ཞེས་པས་ནི། དམིགས་པ་གཅིག་ལ་སེམས་རྒྱུན་ཆགས་སུ་གྱུར་པའི་དམིགས་པ་སྔར་ལས་ཁྱད་པར་དུ་གྱུར་པའོ། །རྟོག་དཔྱོད་གཉིས་ཀ་མེད་པ་ནི་དེ་གཉིས་ལ་འདོད་ཆགས་དང་བྲལ་བའོ། །དགའ་བ་ནི་ཡིད་ཤེས་ཀྱི་འཁོར་དུ་གྱུར་པའི་ཚོར་བ་དང༌། བདེ་བ་ནི་དབང་ཤེས་ཀྱི་འཁོར་དུ་གྱུར་པའོ། །བསམ་གཏན་གསུམ་པ་ལ་དགའ་བ་ལ་འདོད་ཆགས་དང་བྲལ་བ་ཞེས་སྨོས་པ་ནི། ཡིད་བདེ་ཉོན་མོངས་པ་ཅན་དང་བྲལ་བའོ། །དྲན་པ་ནི་བསམ་གཏན་གྱི་དམིགས་རྣམ་མི་བརྗེད་པའོ། །ཤེས་བཞིན་ནི་མི་མཐུན་ཕྱོགས་བྱུང་མ་བྱུང་ལ་རྟོག་པའོ། །བཏང་སྙོམས་ནི་འདུ་བྱེད་བཏང་སྙོམས་སོ། །བསམ་གཏན་བཞི་པ་ལ་བདེ་བ་ཡང་སྤངས་ཞེས་པ་ནས། བདེ་བ་དང་སྡུག་བསྔལ་ཡང་མེད་པ་ཞེས་པའི་བར་གྱིས་ནི་ཚོར་བ་སྔ་མ་བཞིན་སྤངས་པར་བསྟན་ཏོ། །བཏང་སྙོམས་དང་དྲན་པ་ནི་སྔ་མ་བཞིན་ནོ། །ཡོངས་སུ་དག་པ་ནི་བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བའོ། །བྱམས་པ་དང་ལྡན་པའི་སེམས་ཞེས་པས་ནི། ཕྱོགས་བཅུ་རྒྱས་པར་བཀང་སྟེ་མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ་ཞེས་པའི་བར་གྱིས་ནི་སྦྱིན་པའི་ཕར་ཕྱིན་རྫོགས་པར་སྒྲུབ་པའི་ཞར་ལ། ཚད་མེད་པ་བཞི། རྫོགས་པར་བསྒོམས་པས་ཐེག་ཆེན་ལ་ཞུགས་པར་བསྟན་ཏོ། །ཚད་མེད་པ་ཞེས་པའི་དོན་ནི། སེམས་ཅན་ཚད་མེད་པ་ལ་དམིགས་པ་དང༌། ཚོགས་གཉིས་ཚད་མེད་པའི་རྒྱུར་གྱུར་པ་དང༌། སྟོབས་སོགས་སངས་རྒྱས་ཀྱི་ཆོས་ཚད་མེད་པའི་རྒྱུར་གྱུར་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །ཚད་མེད་པ་བཞི་པོ་རེ་རེ་ལའང་སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའི་ཚད་མེད་པ་སྟེ་གསུམ་མོ། །དང་པོ་ནི་མོས་པས་སྤྱོད་པའི་ས་དང༌། གཉིས་པ་ནི་ས་དང་པོ་ནས་བདུན་པའི་བར་དང༌། ཐ་མ་ནི་དག་པ་ས་གསུམ་ལ་སྒོམ་པར་བཤད་དོ། །སེམས་རྒྱ་ཆེན་པོ་ཞེས་སོགས་ཀྱིས་ནི་ཚད་མེད་ཀྱི་ཡོན་ཏན་བསྟན་ཏེ། དེ་ལ་རྒྱ་ཆེན་པོ་ཞེས་པ་ནི། བསམ་གཏན་རྒྱ་ཆེ་བའི་ཕྱིར་རོ། །ཤིན་ཏུ་ཡངས་པ་ནི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་སྤེལ་ཞིང་བསྒོམས་པའི་ཕྱིར་རོ། །མི་དམིགས་པ་ནི་རྣམ་པར་མི་རྟོག་པར་རོ་གཅིག་པའི་ཕྱིར་རོ། །ཚད་མེད་པ་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ། །གཅུགས་པ་མེད་པ་ནི་གནོད་པའི་བསམ་པ་མེད་པའི་ཕྱིར་རོ། །ལྷོད་པ་མེད་པ་ནི་གཡེང་བ་དང་བྲལ་བའི་ཕྱིར་རོ། །ཡོངས་སུ་རྫོགས་པ་དང་ཤིན་ཏུ་བསྒོམས་པ་ནི། ཀུན་རྫོབ་ཏུ་སེམས་ཅན་ལ་དམིགས་པ་དང༌། དོན་དམ་པར་མི་དམིགས་པའི་ཤེས་རབ་ཀྱིས་གོམས་པར་བྱས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་ཀླས་ཞེས་པ་དང༌། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ་ཞེས་པ་ནི། ཚད་མེད་པ་དང་མུ་མཐའ་མེད་པའི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བསྟན་ཏོ། །གཟུགས་མེད་པའི་སྙོམས་འཇུག་ལ། གཟུགས་ཀྱི་འདུ་ཤེས་ལས་འདས་པ་ནི། དབྱིབས་དང་ཁ་དོག་གི་འདུ་ཤེས་ཀྱིས་སྐྱོ་ཞིང་མ་ཆགས་པ་ནམ་མཁའ་ལྟར་མོས་པ་བསྐྱེད་པའོ། །ཐོགས་པ་མེད་པའི་འདུ་ཤེས་ནི། རི་དང་རྩིག་པ་སོགས་པ་ལ་ཐོགས་པའི་འདུ་ཤེས་ནུབ་པའོ། །སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པ་ནི། བཟའ་བཏུང་ལ་སོགས་པ་ཡིད་ལ་བྱེད་པ་དང་བྲལ་བའོ། །ནམ་མཁའ་མཐའ་ཡས་སོ་ཞེས་པ་ནི་ནམ་མཁའི་འདུ་ཤེས་ཐམས་ཅད་ལ་ཁྱབ་པར་གོམས་པར་བྱས་པའོ། །རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་པ་ནི་ནམ་མཁའི་འདུ་ཤེས་སུན་ཕྱུང་ནས། རྣམ་པར་ཤེས་པ་ཙམ་དུ་ཟད་དོ་ཞེས་པའི་ཚུལ་གྱིས་ཐམས་ཅད་ལ་ཁྱབ་པར་བསྒོམས་པའོ། །ཅུང་ཟད་དུ་མ་ཡོད་དོ་ཞེས་པ་ནི། རྣམ་ཤེས་ལས་མ་རྟོགས་པའི་གཟུགས་ཅན་དང༌། གཟུགས་མེད་པ་གང་ཡང་མེད་པར་རྟོགས་ནས། ཐམས་ཅད་ལ་ཁྱབ་པར་བསྒོམ་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་ཞེས་པའི་སྐྱེ་མཆེད་ནི། འདུ་ཤེས་རག་པ་ཡོད་པ་མ་ཡིན། ཕྲ་བ་མེད་པ་མ་ཡིན་པའི་མོས་པ་ཡིད་ལ་བྱེད་པའི་ཚུལ་གྱིས་བསྒོམ་པའོ། །ཡང་ན་འདུ་ཤེས་རྣམ་པ་ཐམས་ཅད་དུ་བཀག་པ་མ་ཡིན་གྱི་འདུ་ཤེས་ཕྲ་མོ་འབྱུང་བའི་ཕྱིར་འདུ་ཤེས་མེད་མིན་ཞེས་བྱའོ། །མི་དམིགས་པའི་ཚུལ་གྱིས་ཞེས་པ་ནི་འདི་དག་ལ་ཀུན་རྫོབ་ལ་སེམས་སྦྱང་བའི་ཕྱིར་བསྒོམ་པ་ཙམ་དུ་ཟད་ཀྱི། དོན་དམ་པར་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་སྒྲོ་འདོགས་གཅོད་ཅེས་པའི་དོན་ནོ། །མི་དམིགས་པའི་ཚུལ་གྱིས་ཞེས་པ་འདི་གོང་མ་ཐམས་ཅད་ཀྱི་མཇུག་ཏུ་ཡང་སྦྱར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་ཞར་ལ། བསམ་གཏན་བཞི་དང་ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི། དེ་དག་མི་དམིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཏེ་གནས་པ་ཞེས་ཐམས་ཅད་ཀྱི་མཇུག་ཏུ་སྦྱར་རོ། །སྦྱིན་པའི་ཕར་ཕྱིན་ལ་གནས་ནས་བསམ་གཏན་སོགས་ཆོས་བཅུ་གཉིས་བསྒྲུབ་པ་དང༌། དགེ་བའི་རྩ་བ་རྣམ་མཁྱེན་དུ་བསྔོ་བའི་ཚུལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བ་བཞིན་དུ། ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལྔ་པོ་རེ་རེ་ལ་ཡང་སྦྱར་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་སོ་ཞེས་བྱའོ་ཞེས་པའི་བར་གྱིས་དྲི་བ་དང་པོའི་ལན་བསྟན་ཏེ། བསམ་གཏན་དང་གཟུགས་མེད་པའི་སྒྲུབ་པ་བསྟན་ཟིན་ཏོ། །སྦྱིན་སོགས་ལ་འཇུག་པའི་སྒྲུབ་པ་ནི། དྲི་བ་གཉིས་པ་ཐེག་པ་ཆེན་པོ་གང་ཡིན་ཞེས་པའི་ལན་གྱིས་གསུངས་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཞེས་པ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་གྱིས་ནི་སྦྱིན་པའི་ཕར་ཕྱིན་བསྟན་ཏོ། །སེམས་བསྐྱེད་པ་གཞན་གྱི་གོ་སྐབས་མི་འབྱེད་པ་ནི་ཚུལ་ཁྲིམས་སོ། །བཟོད་པ་དང༌། མོས་པ་དང༌། རྟོག་པ་དང༌། སེམས་ཤིང་ཁོང་དུ་ཆུད་པར་བྱེད་པ་ནི་བཟོད་པའོ། །སེམས་ཅན་དང་རྣམ་མཁྱེན་གྱི་དོན་དུ་བརྩོན་འགྲུས་ཉམས་པར་མི་བྱེད་པ་ནི་བརྩོན་འགྲུས་སོ། །རྣམ་ཐར་སོགས་ལ་འཇུག་ཀྱང་ཉན་རང་གིས་སར་མི་ལྟུང་བ་ནི་བསམ་གཏན་ནོ། །བསམ་གཏན་སོགས་ཆོས་བཅུ་གཉིས་དང༌། སྡུག་བདེན་གྱི་རྣམ་པ་མི་རྟག་སོགས་དང༌། རྣམ་ཐར་སྒོ་གསུམ་ལ་རྟོག་ཀྱང་མི་དམིགས་ཤིང་རློམ་སེམས་མེད་པ་ནི་ཤེས་རབ་སྟེ། སྦྱིན་སོགས་ཕར་ཕྱིན་དྲུག་གི་སྤྱོད་པས་ཐེག་པ་ཆེན་པོའོ། །ཡང་ལམ་ལ་འཇུག་པའི་སྒྲུབ་པ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། རྣམ་པ་ཐམས་ཅད་དུ་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམས་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་པའི་བར་གྱིས་བསྟན་ཏེ། རྣམ་པ་ཐམས་ཅད་དུ་ཞེས་པ་ནི་དུས་དང་གནས་སྐབས་ཐམས་ཅད་དུ་ཞེས་པའོ། །ཚད་མེད་བཞི་ལ་འཇུག་པའི་སྒྲུབ་པ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇོག་ཅིང་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཞེས་པའི་བར་གྱིས་གསུངས་ཏེ། ཚད་མེད་བཞི་ལ་གཙོ་བོར་སྒྲུབ་ནས་ཞར་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བསྒྲུབ་པ་བསྟན་ཏོ། །ཡང་མི་དམིགས་པའི་འཇུག་སྒྲུབ་ནི། ནང་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་ནོ་ཞེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤེས་ཀྱང༌། དམིགས་པའི་ཚུལ་གྱིས་མ་ཡིན་ཏེ་ཞེས་པ་ནས། ཐེག་པ་ཆེན་པོའོ་ཞེས་པའི་བར་གྱིས་ལྟ་བའི་ཐེག་ཆེན་བསྟན་ཏོ། །ཆོས་ཐམས་ཅད་ལ་སེམས་མི་འཁྲུག་ཅེས་སོགས་ནི། རྣམ་པར་མི་གཡེངས་ཤིང་མཉམ་པར་བཞག་པའི་ཐེག་པ་ཆེན་པོའོ། །གཉིས་སུ་མེད་པའི་ཆོས་ཉིད་ཐེག་པ་ཆེན་པོ་ཡིན་པ་ནི་རྟག་ཅེས་བྱ་བར་ཤེས་པ་མི་འཇུག མི་རྟག་ཅེས་བྱ་བར་ཤེས་པ་མི་འཇུག་ཅེས་པ་ནས། ཐེག་པ་ཆེན་པོའི་ཞེས་པའི་བར་རོ། །ཁམས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཆེན་པོ་ནི། འདོད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད་ཅེས་པ་ནས། ཐེག་པ་ཆེན་པོའོ་ཞེས་པའི་བར་རོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཐེག་པ་ཆེན་པོ་ནི། འཇིག་རྟེན་པའི་ཆོས་ལ་ཡང་ཤེས་པ་འཇུག་པར་མི་བྱེད་ཅེས་པ་ནས། ཐེག་པ་ཆེན་པོའོ་ཞེས་པའི་བར་རོ། །སྔར་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་ཕྱིར། སེམས་པ་ཆེན་པོའོ་ཞེས་གསུངས་པ་ལ། ཇི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་གནས་པའི་ཞེས་བྱ་ཞེས་དྲིས་པའི་ལན་གྱིས་འཇུག་པའི་སྒྲུབ་པའི་ལྷག་མ་བཞི་བསྟན་ཏོ། །སྨྲས་པ་ཚེ་དང་ལྡན་པ་གང་པོ་ཅི་ཙམ་གྱིས་ན་བྱང་སེམས་ཆེན་པོ་ཐེག་པ་ཆེན་པོ་ལ་གནས་ཞེས་བྱ། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་སོགས་ཏེ། ས་བརྒྱད་པ་ཡན་ཆད་ལ་གནས་པའི་རྣམ་པར་མི་རྟོག་པའི་སྤྱོད་པ་དྲུག་བསྟན་ཏེ། དེ་ལ་དང་པོ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ནི། འཁོར་གསུམ་རྣམ་དག་ལ་འཇུག་པའི་སྒྲུབ་པ་བསྟན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱང༌། དེས་སྦྱིན་པ་གང་ཡང་མ་དམིགས་ཞེས་པ་ནས། མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་པ་ཞེས་པའི་བར་རོ། །ཆེད་དུ་བྱ་བ་ལ་འཇུག་པའི་སྒྲུབ་པ་ནི། སྤྱོད་པ་གསུམ་གྱིས་བསྟན་ཏེ། དེ་ལ་སྟོང་པ་ཉིད་ཀྱི་སྤྱོད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་སེམས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་མོ་ཞེས་པའི་བར་གྱིས་གསུངས་སོ། །ཡིད་ལ་བྱེད་པ་མ་འདྲེས་པ་ཞེས་བྱ་བ་ནི། ཉན་རང་གི་ཡིད་བྱེད་མ་འདྲེས་པའོ། །སྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་ཞེས་པ་ནི། ངོ་བོ་ཉིད་མེད་པ་བསྒོམ་པའི་དོན་དུ་ཆོས་དེ་དག་མི་དམིགས་པའི་ཚུལ་གྱིས་སྒོམ་ཞེས་པའི་དོན་ནོ། །གཉིས་པ་དཀར་པོའི་ཆོས་ཐམས་ཅད་ལ་མི་རྟོག་པར་བསྒོམ་པའི་སྤྱོད་པ་ནི། སྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་མོ་ཞེས་པའི་བར་རོ་ཚེ་དང་ལྡན་པ་ཞེས་པ་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པར་ཤེས་པར་བྱའོ་ཞེས་པའི་བར་ནི། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་དྲིས་ལན་ཐམས་ཅད་ཀྱི་མཇུག་ཏུ་སྦྱར་རོ། །གསུམ་པ་ཆོས་ཐམས་ཅད་མི་དམིགས་པའི་སྤྱོད་པ་ནི། བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་ཐ་སྙད་ཙམ་དུ་ཟད་དོ་ཞེས་བྱ་བར་ཤེས་སོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་པའི་བར་དུ། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བྱང་ཆུབ་དང་སངས་རྒྱས་དམིགས་སུ་མེད་པའི་ཕྱིར། སངས་རྒྱས་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ་ཞེས་བྱ་བར་ཡང་དག་པར་ཤེས་ཏེ་ཞེས་སྦྱར་ནས་གསུངས་སོ། །ཚེ་དང་ལྡན་པ་ཞེས་པ་ནས། ཡང་དག་པའི་སར་གནས་པར་ཤེས་པར་བྱའོ་ཞེས་པའི་བར་ནི། དྲི་བ་དང་མཐུན་པའི་ལན་སྦྱར་བའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་པས་ནི། ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པར་བསྟན་ཏོ། །མངོན་པར་ཤེས་པ་ལ་འཇུག་པའི་བསྒྲུབ་པ་ནི། དབང་གི་སྤྱོད་པས་བསྟན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་སེམས་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས། སྙིང་པོ་བྱང་ཆུབ་ལ་འཇུག་གི་བར་དུ་མངོན་པར་ཤེས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཤིང་ཞེས་པ་ནས། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང༌། གཉིས་སུ་མེད་པའི་ས་ལ་གནས་ཤིང་ལུས་ཇི་ལྟ་བུས་སེམས་ཅན་རྣམས་ཀྱི་དོན་བྱ་བའི་མཐུ་ཡོད་པ་དེ་ལྟ་བུའི་ལུས་ཆེད་དུ་བསམས་ཤིང་ཡོངས་སུ་འཛིན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་སྒྲུབ་པ་ནི། མངོན་པར་རྫོགས་པར་བྱང་ཆུབ་པའི་སྒྲུབ་པས་བསྟན་ཏེ། དེ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་མ་གྱུར་གྱི་བར་དུ་ཞེས་པ་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་པ་ཆེན་པོ་ལ་གནས་པའི་ཕན་ཡོན་བསྟན་པ་ནི། དེ་བླ་ན་མེད་པ་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཞེས་པ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་བརྗོད་པ་མཛད་དོ་ཞེས་པའི་བར་གྱིས་གསུངས་ཏེ། དོན་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་རྣམས་ཀྱི་ཡོན་ཏན་བརྗོད་པར་མཛད་པའོ། །དེ་ལྟར་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་པ་ནས། གནས་པར་ཤེས་པར་བྱའོ་ཞེས་པའི་བར་གྱིས་དོན་བསྡུས་སོ། །བྱམས་མའི་བུ་གང་པོས་གོ་ཆ་ཆེན་པོ་བགོས་པ་ཞེས་བཤད་པ་ནས། བཅོམ་ལྡན་འདས་རང་གིས་གོ་ཆ་ཆེན་པོའི་དོན་ཇི་ལྟར་བཞེད་སྙམ་ནས། རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་དྲིས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། གོ་ཆ་ཆེན་པོ་བགོས་པའི་བར་རོ། །ལན་ལ་སྦས་དོན་ཚོགས་སྒྲུབ་བཅུ་བདུན་ལས། དང་པོ་སྙིང་རྗེ་ལ་སོགས་པའི་ཚོགས་བཅུ་གསུངས་ཤིང༌། དངོས་དོན་གོ་ཆ་ཆེན་པོ་བགོས་པའི་དོན། བཅོམ་ལྡན་འདས་ཀྱིས་བཤད་པའི་འགྲེས་དགུ་དང༌། བཅོམ་ལྡན་འདས་ཀྱི་དགོངས་པ་དང་སྦྱར་ནས་རབ་འབྱོར་གྱིས་བཤད་པའི་འགྲེས་གཉིས་ཏེ། འགྲེས་བཅུ་གཅིག་གིས་གོ་ཆ་ཆེན་པོ་བགོས་པ་བསྟན་ཏོ། །དེ་དག་གི་སྦས་དོན་ཚོགས་དང་པོ་བཅུ་གཉིས་བཤད་དོ། །དེ་ལ་འགྲེས་དང་པོ་ནི་སྦྱིན་སོགས་དཀར་པོའི་ཆོས་ཐམས་ཅད་ཀྱི་གོ་ཆ་བགོས་པ་དང༌། སངས་རྒྱས་ཀྱི་སྐུའི་གོ་ཆ་བགོས་པ་དང༌། གོ་ཆ་བགོས་པའི་ཚུལ་སྒྱུ་མའི་དཔེ་དང་སྦྱར་ནས་གསུངས་སོ། །དང་པོ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་གོ་ཆ་གྱོན་ཅིང༌། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་ཆ་བགོས་ཞེས་པའི་བར་རོ། །གཉིས་པ་ནི་སངས་རྒྱས་ཀྱི་སྐུའི་གོ་ཆ་བགོས་པ་ལ་གསུམ་སྟེ། འོད་ཀྱིས་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་དང༌། རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་གཡོ་བར་བྱེད་པ་དང༌། གཞན་དོན་ཕྲིན་ལས་སྒྲུབ་པའོ། །དང་པོ་ནི། སངས་རྒྱས་ཀྱི་སྐུའི་གོ་ཆ་བགོས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་རྒྱས་པར་བཀང་སྟེ་ཞེས་པ་ནས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ་ཞེས་པའི་བར་རོ། །གཉིས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་དོ་ཞེས་པ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ་ཞེས་པའི་བར་རོ། །དེ་ཡང་སྟོང་གསུམ་གྱི་སེམས་ཅན་གྱི་དོན་བྱེད་པ་དང༌། ཕྱོགས་བཅུ་རེ་རེ་ཞིང་སེམས་ཅན་གྱི་དོན་མཛད་པ་ལ་སྦྱར་བའོ། །དང་པོ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་ཞེས་པ་ནས་དེ་དང་དེ་དག་ཏུ་སྐྱེའོ་ཞེས་པའི་བར་རོ། །གཉིས་པ་ནི། དེས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཞེས་པ་ནས། དེ་དང་དེ་དག་ཏུ་སྐྱེའོ་ཞེས་པའི་བར་རོ། །གསུམ་པ་གོ་ཆ་བགོས་ཚུལ་སྒྱུ་མའི་དཔེ་དང་སྦྱར་ནས་བཤད་པ་ནི། རབ་འབྱོར་དེ་ལ་ཅི་སྙམ་དུ་སེམས་སྒྱུ་མའི་མཁན་པོ་དང་ཞེས་པ་ནས། གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་པའི་བར་ཏེ། ཐ་སྙད་དུ་བྱ་བ་བྱེད་པར་སྣང་ཡང་དོན་ལ་མེད་པར་སྒྱུ་མའི་དཔེ་བསྟན་ཏོ། །རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ནས་ཞེས་པ་ནི། སྣང་ཡང་སྣང་བ་ལྟར་མེད་པ་སྒྱུ་མའི་ཆོས་ཉིད་ཡིན་པས་དེའི་དཔེ་ཉེ་བར་བཟུང་ནས་ཞེས་པའོ། །དེ་བཞིན་ཉིད་ཀྱི་ཕྱིར་ཞེས་པ་ནི། སྒྱུ་མའི་ཆོས་ཉིད་དེ་བཞིན་དུ་གྲུབ་པའི་ཕྱིར་ཏེ། སྟོང་པ་ཉིད་ཀྱི་ཆོས་ཀྱིས་སོ་ཞེས་པའི་དོན་ནོ། །སྒྱུ་མའི་ཆོས་ཉིད་སྣང་ཡང་རང་བཞིན་མེད་པའི་དོན་ཉེ་བར་བཟུང་ནས་གཞན་དོན་བྱེད་ཚུལ་དེ་བཞིན་དུ་གྲུབ་པའི་ཕྱིར་ཏེ། སྣང་ཡང་བདེན་པས་སྟོང་པ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་ཞེས་པའི་དོན་ནོ། །སྒྱུ་མི་འགྲེས་དང་པོ་བསྟན་ཟིན་ཏོ། །སྦས་དོན་སྙིང་རྗེ་ཆེན་པོའི་ཚོགས་ཀྱང་དེ་བཞིན་ཉིད་ཀྱིས་བསྟན་ཏོ། །སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚོགས་བསྟན་པ་ལ། དང་པོ་སྦྱིན་པའི་ཚོགས་སྒྱུ་མའི་དཔེས་བསྟན་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་བགོས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་པ་ནས། གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་པའི་བར་རོ། །དེ་ལ་སེམས་ཅན་གང་ཡང་ཅི་ཡང་བྱེད་པ་མེད་དོ་ཞེས་པའི་བར་གྱིས་དོན་བསྟན་ཏོ། །དེ་ཅིའི་ཕྱིར་ཞེས་པ་ནས། དེ་བཞིན་གཤེགས་པའི་ཕྱིར་ཏེ་ཞེས་པའི་བར་གྱི་དཔེའོ། །རབ་འབྱོར་དེ་ལྟ་བུའི་ཞེས་པ་ནས་གོ་ཆ་བགོས་ཞེས་བྱའོ་ཞེས་པའི་བར་ནི་དོན་བསྡུ་བ་སྟེ་འགྲེས་གཉིས་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། དོན་དང༌། དཔེ་དང༌། དོན་བསྡུ་དང་གསུམ་གྱིས་བསྟན་ཏེ། སྒྱུ་མའི་འགྲེས་གསུམ་པའོ། །བཟོད་པ་ལ་སྦྱར་བ་ནི་བཞི་པའོ། །བརྩོན་འགྲུས་ལ་སྦྱར་བ་ནི་ལྔ་པའོ། །བསམ་གཏན་ལ་སྦྱར་བ་ནི་དྲུག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བ་ནི་བདུན་པའོ། །འགྲེས་བརྒྱད་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤིང༌། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཞེས་པ་ནས། ཡང་དག་པར་བསྐུལ་ཞིང་གཞོག་གོ །འགོད་དོ་ཞེས་པའི་བར་གྱིས་གསུངས་ཏེ། གསུངས་ཚུལ་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པ་དང༌། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པ་ནས། སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པའི་ཚུལ་གྱིས་བཤད་ཅིང༌། སྒྱུ་མའི་དཔེ་དང་སྦྱར་བ་ནི། རབ་འབྱོར་འདི་ལྟ་སྟེ། དཔེར་ན་སྒྱུ་མའི་མཁན་པོ་ཞེས་པ་ནས། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ་ཞེས་པའི་བར་རོ། །དོན་བསྡུ་བ་ནི་རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་བགོས་པ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །འགྲེས་དགུ་པ་བསམ་པ་རྒྱ་ཆེ་བས་ཞི་གནས་ཀྱི་ཚོགས་བཤད་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་བགོས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་རྣམ་པར་སྤྱོད་ཅིང་ཞེས་པ་ནས། ཆོས་རྣམས་ཀྱི་ཆོས་ཉིད་པས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་བགོས་པ་ཞེས་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། འདི་ལ་གདུལ་བྱ་དཀར་པོའི་ཆོས་ལ་འགོད་པ། བསམ་པ་རྒྱ་ཆེན་པོ་ལ་འཇུག་པ། སྒྱུ་མའི་དཔེས་བསྟན་པའོ། །དང་པོ་ནི། སེམས་བསྐྱེད་པ་གཞན་གྱིས་གོ་མི་འབྱེད་དེ། བདག་གིས་སེམས་ཅན་འདི་སྙེད་གཅིག་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་བྱའོ། །འདི་སྙེད་གཅིག་ནི་འགོད་པར་མི་བྱའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འགོད་པར་བྱའོ། །འདི་སྙེད་གཅིག་ནི་འགོད་པར་མི་བྱའོ་ཞེས་བྱ་བར་སེམས་བསྐྱེད་པའི་གོ་མི་འབྱེད་ཀྱི་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་ནི། དེ་འདི་སྙམ་དུ་སེམས་ཏེ་བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་བྱའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་གྱུར་ན་ཞེས་པའི་བར་དུ་གསུངས་སོ། །གསུམ་པ་ཐ་སྙད་དུ་ཡོད་ཀྱང་དོན་ལ་མེད་པ་སྒྱུ་མའི་དཔེ་བསྟན་པ་ལ། སྒྱུ་མའི་དཔེ་བཤད་པ་དང༌། དོན་ལ་སྦྱར་བ་དང༌། དང་པོ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འགོད་པར་གྱུར་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་དོན་ལ་སྦྱར་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་བགོས་པ་ཞེས་བྱའོ་ཞེས་པས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་འགྲེས་དགུ་པོ་བསྟན་ཟིན་ཏོ། །འདིས་ཞི་གནས་ཀྱི་ཚོགས་ཀྱང་བསྟན་པ་ཡིན་ནོ། །ལྷག་མཐོང་གི་ཚོགས་བསྟན་པ་ནི། བཅོམ་ལྡན་འདས་ཀྱི་དགོངས་པ་དང་སྦྱར་བའི་རབ་འབྱོར་གྱིས་གསུངས་པའི་འགྲེས་གཉིས་ཀྱིས་བསྟན་ཏེ། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ་ཞེས་པ་ནས། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ནས་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བྱའོ་ཞེས་པའི་བར་དུ་གསུངས་སོ། །དེ་ལ་དང་པོ། དོན་དམ་པར་གོ་ཆ་མ་མཆིས་པར་བསྟན་པ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ། གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ་ཞེས་པའོ། །གོ་ཆ་མ་མཆིས་པའི་གཏན་ཚིགས་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། གོ་ཆ་ཆེན་པོ་ཡང་གོ་ཆ་ཆེན་པོས་སྟོང་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བྱའོ་ཞེས་པའི་བར་དུ་གསུངས་སོ། །རབ་འབྱོར་གྱིས་གོ་ཆ་མ་མཆིས་པའི་དོན་བཤད་པ་ལ། བཅོམ་ལྡན་འདས་ཀྱིས་བསྟོད་པ་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དེ་དེ་བཞིན་ཏེ་ཞེས་པའི་བར་རོ། །བཅོམ་ལྡན་འདས་ཀྱིས་དེའི་གཏན་ཚིགས་གསུངས་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས། མངོན་པར་མ་བྱས་པའོ་ཞེས་པའི་བར་རོ། །གཏན་ཚིགས་དེ་ཉིད་ཀྱི་དོན་སླར་ཡང་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་པ་ནས། མངོན་པར་མ་བགྱིས་པ་ལགས་ཞེས་པའི་བར་རོ། །ལན་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས་ཞེས་པ་ནས། མངོན་པར་མ་བྱས་སོ་ཞེས་པའི་བར་རྣམས་ཀྱིས་དམ་བཅའ་བསྟན་ཅིང༌། རབ་འབྱོར་བྱེད་པ་དམིགས་སུ་མེད་པའི་ཕྱིར་ཞེས་པའི་བར་གྱིས་གཏན་ཚིགས་བསྟན་ནས། དེ་ཉིད་རྒྱས་པར་བཤད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཏེ། གཟུགས་མི་བྱེད་རྣམ་པར་མི་བྱེད་མངོན་པར་མི་བྱེད་དོ་ཞེས་པ་ནས། ཕུང་པོ་ལྷག་མ་དང༌། ཁམས་བཅོ་བརྒྱད་ཀྱི་བར་དུ་སྦྱར་ནས་གསུངས་སོ། །གཏན་ཚིགས་ནི་དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མ་དམིགས་པའི་ཕྱིར་རོ། །ཡང་སྔར་བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་སྦྱར་ནས་གཏན་ཚིགས་ཤིན་ཏུ་མ་དམིགས་པའི་ཕྱིར་རོ། །སྒྱུ་མའི་དཔེ་བརྒྱད་དང༌། རྟེན་འབྲེལ་བཅུ་གཉིས་དང༌། སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང༌། ཆོས་ཉིད་ཀྱི་རྣམ་གྲངས་དང༌། མཁྱེན་པ་གསུམ་གྱི་བར་དང༌། རྣམ་པར་མི་བྱེད་དེ་ཞེས་སྦྱར་ནས། གཏན་ཚིགས་ནི་དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མ་དམིགས་པའི་ཕྱིར་རོ་ཞེས་བཤད་དོ། །དོན་བསྡུ་བ་ནི། རབ་འབྱོར་རྣམ་གྲངས་དེས་ན་ཞེས་པ་ནས། གོ་ཆ་མེད་པའི་གོ་ཆ་བགོས་ཞེས་པའི་བར་གྱིས་གསུངས་སོ། །རབ་འབྱོར་གྱིས་གསུངས་པའི་འགྲེས་དང་པོ་བསྟན་ཟིན་ནས། གཉིས་པ་མ་བཅིངས་མ་གྲོལ་བའི་འགྲེས་ནི། གསོལ་པ་བཅོམ་ལྡན་འདས་བདག་གིས་ཞེས་པ་ནས། མ་བཅིངས་མ་གྲོལ་བའོ་ཞེས་པའི་ཕྲེང་གཅིག་གོ །འདིས་ནི་ཟུང་དུ་འབྲེལ་བའི་ཚོགས་བསྟན་པ་ཡིན་ནོ། །རབ་འབྱོར་གྱིས་ཕུང་པོ་ལྔ་མ་བཅིངས་མ་གྲོལ་བར་བསྟན་པ་ལ། གང་པོས་དྲིས་པ་ནི། དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས་ཞེས་པ་ནས། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ་ཡིན་ནམ་ཞེས་པའི་བར་ནི་དྲི་བའོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་ཞེས་པ་ནས། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ་ཞེས་པས་ནི་ལན་བཏབ་པའོ། །སླར་ཡང་མ་བཅིངས་མ་གྲོལ་བའི་ཕུང་པོ་གང་ཡིན་ཞེས་གང་པོས་དྲིས་པ་ནི། གང་པོས་སྨྲས་པ་ཞེས་པ་ནས། རྣམ་པར་ཤེས་པ་གང་ཡིན་ཞེས་པའི་བར་རོ། །ལན་ལ་རྨི་ལམ་སོགས་སྒྱུ་མའི་དཔེ་བརྒྱད་དང་སྦྱར་ནས། དུས་གསུམ་གྱིས་བསྡུས་པའི་ཕུང་པོ་མ་བཅིངས་མ་གྲོལ་བར་བསྟན་པ་ནི། ཚེ་དང་ལྡན་པ་གང་པོ་ཞེས་པ་ནས། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ་ཞེས་པའི་བར་གྱིས་གསུངས་ཏེ། དེ་ལ་རྨི་ལམ་ལྟ་བུའི་གཟུགས་དེ་ནི་ཞེས་པ་ནས། སྤྲུལ་པ་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ་ཞེས་པའི་བར་གྱིས་ནི་ཕུང་པོ་ལྔ་སྒྱུ་མའི་དཔེ་བརྒྱད་དང་སྦྱར་ནས་བསྟན་པའོ། །དེས་དེ་ཉིད་ཀྱི་སྒོ་ནས་དུས་གསུམ་གྱིས་བསྡུས་པའི་ཕུང་པོ་མ་བཅིངས་མ་གྲོལ་བར་སྟོན་པ་ནི། ཚེ་དང་ལྡན་པ་གང་པོ་འདས་པའི་གཟུགས་ནི་ཞེས་པ་ནས། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ་ཞེས་པའི་བར་གྱིས་བསྟན་ཏོ། །མ་བཅིངས་མ་གྲོལ་བའི་གཏན་ཚིགས་དང་དམ་བཅའ་སྦྱར་ནས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ། གཟུགས་མེད་པའི་ཕྱིར་ཞེས་སོགས་ཀྱིས་གསུངས་ཏེ། དངོས་པོ་མེད་པའི་གཏན་ཚིགས་དང༌། མ་སྐྱེས་པའི་གཏན་ཚིགས་ཀྱིས་ཕུང་པོ་ལྔ་མ་བཅིངས་མ་གྲོལ་བར་བསྟན་པའི་འགྲེས་དང༌། གཏན་ཚིགས་གསུམ་པོ་དེ་ཉིད་ཀྱིས་དགེ་བའི་ཕུང་པོ་དང༌། མི་དགེ་བ་དང༌། ལུང་མ་བསྟན་གྱི་ཕུང་པོ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང༌། ཟག་པ་ཡོད་མེད་ཀྱི་ཕུང་པོ་མ་བཅིངས་མ་གྲོལ་བར་བསྟན་པའོ། །ཡང་གཏན་ཚིགས་གསུམ་པོ་དེ་ཉིད་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་མ་བཅིངས་མ་གྲོལ་བ་དང༌། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་དང་ཆོས་ཀྱི་རྣམ་གྲངས་དང༌། ཆོས་ཐམས་ཅད་འདུས་བྱས་དང་འདུས་མ་བྱས་གཉིས་སུ་བསྡུས་ནས། གཉིས་པ་མ་བཅིངས་མ་གྲོལ་བར་བསྟན་པའོ། །འདི་དག་གིས་ནི་གཏན་ཚིགས་གསུམ་གྱིས་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བའི་འགྲེས་བསྟན་ཏོ། །མ་བཅིངས་མ་གྲོལ་བ་ཉིད་ཆོས་ཐམས་ཅད་ཀྱི་སྒོར་བསྟན་པའི་འགྲེས་ནི། ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བར་རྟོགས་ན། རྣམ་མཁྱེན་ཐོབ་པའི་སྒོའམ་རྒྱུར་འགྱུར་བའི་ཕྱིར་ཆོས་ཀྱི་སྒོ་ཞེས་བྱའོ་ཞེས་སྟོན་པ་སྟེ། འགྲེས་ནི། དེས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ་ཞེས་པ་ནས། རྣམ་མཁྱེན་གྱི་བར་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་མ་བཅིངས་མ་གྲོལ་བར་བསྟན་པའི་བར་ཏེ། དཀར་པོའི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བར་རྟོགས་པ་ཉིད་ཆོས་ཐམས་ཅད་ཀྱི་སྒོར་བསྟན་པའོ། །མ་བཅིངས་མ་གྲོལ་བ་ལ་གནས་པའི་ཕན་ཡོན་བསྟན་པ་ནི། མ་བཅིངས་མ་གྲོལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཞེས་པ་ནས། མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་འགོད་པར་འགྱུར་རོ་ཞེས་པའི་བར་རོ། །ཕན་ཡོན་གྱི་དོན་བསྡུ་བ་ནི། ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་ཞེས་པ་ནས། ཁོང་དུ་ཆུད་པར་བྱེད་དོ་ཞེས་པའི་བར་ཕྲེང་གཅིག་གོ །མ་བཅིངས་མ་གྲོལ་བའི་འགྲེས་ཀྱི་ཐུན་མོང་གི་དོན་བསྡུ་བ་ནི། ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་ཞེས་པ་ནས། གོ་ཆ་བགོས་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་གོ་ཆ་ཆེན་པོའི་དོན་བསྟན་ཟིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལེའུ་སྟེ་བརྒྱད་པ་རྣམ་པར་བཤད་པའོ།། ༈ དགུ་པ་ཏིང་ངེ་འཛིན་གྱི་ལེའུ་བཤད་པ། ཏིང་ངེ་འཛིན་གྱི་ལེའུ་འདི་ནས་ཕ་རོལ་ཏུ་ཕྱིན་པ་དྲུག སྟོང་པ་ཉིད་བཅོ་བརྒྱད། ཏིང་ངེ་འཛིན་བརྒྱ་ཉི་ཤུ་སྟོན་ཏེ། ཕྱིན་དྲུག་ནི་ཐབས་ཀྱི་ཚོགས་སོ། །སྟོང་པ་ཉིད་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཏིང་ངེ་འཛིན་ནི་བསོད་ནམས་ཀྱི་ཚོགས་སོ། །སྔར་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་པའི་ཚིག་བཟུང་ནས་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་ཐེག་པ་ཆེན་པོའི་དོན་རྣམ་པ་ལྔ་ཞུས་པ་ནི། ཐེག་པ་ཆེན་པོ་ནི་གང་ལགས། ཐེག་པ་ཆེན་པོ་ལ་ཇི་ལྟར་ཡང་དག་པར་ཞུགས་པར་རིག་པར་བགྱི། ཐེག་པ་དེ་གང་ནས་ངེས་པར་འབྱུང་བ་ལགས། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་ལགས། ཐེག་པ་དེས་སུ་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་དྲི་བ་རྣམ་པ་ལྔས་དྲིས་སོ། །དེ་ལ་ཐེག་པ་ཆེན་པོ་གང་ལགས་ཞེས་ཞུས་པའི་ལན་ལ། ཐེག་པ་ཆེན་པོ་ཉི་ཤུ་རྩ་གཅིག་བསྟན་པ་ལ། ཐེག་ཆེན་གསུམ་བསྟན་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཐེག་པ་ཆེན་པོ་ཡིན་པ་དང༌། སྟོང་ཉིད་ཐེག་ཆེན་ཡིན་པ་དང༌། ཏིང་ངེ་འཛིན་རྣམས་ཐེག་པ་ཆེན་པོ་ཡིན་པར་བསྟན་པའོ། །དང་པོ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཞེས་པའི་བར་རོ། །རྒྱས་པར་བཤད་པ་ནི། ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་ཡང་སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང༌། དངོས་གཞི་སྦྱིན་སོགས་ལ་གནས་ནས་གཞན་དེ་ལ་འགོད་པ་དང༌། རྗེས་དགེ་བ་བྱང་ཆུབ་ཏུ་བསྔོ་བ་སྟེ། ཁྱད་པར་གསུམ་ལྡན་དྲི་བ་དང་ལན་གཉིས་གཉིས་ཀྱི་སྒོ་ནས་གསུངས་སོ། །དོན་བསྡུ་བ་ནི། དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཞེས་པའོ། །གཉིས་པ་སྟོང་ཉིད་ཐེག་པ་ཆེན་པོར་བསྟན་པ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་པའི་བར་རོ། །རྒྱས་པར་བཤད་པ་ནི། དེ་ལ་ནང་སྟོང་པ་ཉིད་གང་ཞེ་ན་ཞེས་པ་སྟེ། དེ་ལ་མིག་སོགས་དབང་པོ་དྲུག་ནི་ནང་གི་ཆོས་ཡིན་ཏེ། སེམས་ཀྱིས་ཟིན་པའི་ཕྱིར་མིག་ནི་མིག་གིས་སྟོང་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་ཞེས་པ་ནི། གལ་ཏེ་མིག་དངོས་པོར་གྲུབ་པ་ཞིག་ཡོད་ན། རྟག་པའམ་མི་རྟག་པའི་རང་བཞིན་ཡིན་གྲང་ན། དོན་དམ་པར་དངོས་པོར་མེད་པས་ཐེར་ཟུག་ཏུ་གནས་པ་དང༌། འཇིག་པ་གཉིས་ཀ་མིན་ནོ། །དེ་ལྟར་དངོས་པོར་མེད་པས་རྟག་པ་དང་མི་རྟག་པའི་རང་བཞིན་དུ་མེད་པའི་ཕྱིར། མིག་གི་དངོས་པོས་སྟོང་པས་ན་མིག་གིས་སྟོང་ངོ་ཞེས་གསུངས་སོ། །དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཞེས་པ་ནི། མིག་ལ་མིག་གི་དངོས་པོ་མེད་པ་ཉིད་དེའི་རང་བཞིན་ཡིན་གྱི། རྒྱུ་གཞན་གྱིས་ཀྱང་བཤིག་སྟེ་སྟོང་པར་བྱས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ནོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཕྱི་ནི་གཟུགས་སོགས་ཡུལ་ཏེ་སེམས་ཀྱིས་མ་ཟིན་པའི་ཕྱིར། དེ་རང་གི་ངོ་བོས་སྟོང་པ་ནི་སྟོང་ཉིད་གཉིས་པའོ། །ནང་འཛིན་པ་དང་ཕྱི་གཟུང་བའི་ཆོས་གཉིས་རང་གི་ངོ་བོས་སྟོང་པ་ནི་སྟོང་ཉིད་གསུམ་པའོ། །ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་སྟོང་པ་ཉིད་དེས་སྟོང་པ་ནི་སྟོང་ཉིད་བཞི་པའོ། །འདིའི་དོན་ནི་སྟོང་པ་ཉིད་ལ་སྟོང་ཉིད་གཉིས་པ་གཞན་ཡོད་པ་མ་ཡིན་གྱི། ངོ་བོ་ཉིད་ཁོ་ནས་སྟོང་ངོ་ཞེས་པའི་ཐ་ཚིག་གོ །ཕྱོགས་བཅུ་ནི་ཆེན་པོ་ཞེས་བྱ་སྟེ། ཐམས་ཅད་ལ་ཁྱབ་པའི་ཕྱིར་ཏེ་རང་གི་ངོ་བོས་སྟོང་པ་ནི་སྟོང་པ་ཉིད་ལྔ་པའོ། །དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། ཉན་ཐོས་པ་ཁ་ཅིག་དངོས་པོར་འདོད་དོ། །དེ་ཉིད་རང་གི་ངོ་བོས་སྟོང་པ་ནི་སྟོང་པ་ཉིད་དྲུག་པའོ། །ཁམས་གསུམ་པོ་ནི་འདུས་བྱས་ཏེ། དེ་དེའི་ངོ་བོ་སྟོང་པ་ནི་སྟོང་ཉིད་བདུན་པའོ། །ནམ་མཁའ་སོགས་ནི་འདུས་མ་བྱས་ཏེ། དེ་དེའི་ངོ་བོས་སྟོང་པ་ནི་སྟོང་ཉིད་བརྒྱད་པའོ། །རྟག་ཆད་ཀྱི་མཐའ་ལས་འདས་པ་ནི་རྟེན་འབྲེལ་ཏེ། དེ་ཉིད་རྟག་ཆད་ཀྱི་མཐའ་ལས་འདས་པའི་ཆོས་ཀྱིས་སྟོང་པས་མཐའ་ལས་འདས་པ་སྟོང་པ་ཉིད་དེ་སྟོང་ཉིད་དགུ་པའོ། །ཐོག་མ་དང་ཐ་མ་མེད་པ་ནི་འཁོར་བ་སྟེ། དེ་ཉིད་རང་གི་ངོ་བོས་སྟོང་པ་ནི་སྟོང་ཉིད་བཅུ་པའོ། །བུམ་པ་སྔར་ཡོད་ཀྱི་ཆུ་བོ་བས་སྔར་ཡོད་ཀྱི་དངོས་པོ་དོར་བ་ལྟ་བུ་ལ་སྟོང་པར་བཞག་པ་མ་ཡིན་གྱི། ཆོས་རྣམས་ངོ་བོ་ཉིད་ཀྱིས་མེད་པས་སྔར་ཡོད་ཀྱི་དངོས་པོ་ཕྱིས་དོར་བ་མེད་པ་ནི་དོར་བ་མེད་པ་སྟེ། དེ་དེའི་ངོ་བོས་སྟོང་པ་ནི་དོར་བ་མེད་པ་སྟོང་པ་ཉིད་དེ་སྟོང་ཉིད་བཅུ་གཅིག་པའོ། །ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་སོགས་ཀྱིས་མ་མཛད་པའི་ཕྱིར་རང་བཞིན་ཞེས་བྱའོ། །ཆོས་ཅན་བདེན་པ་ཞིག་ཡོན་ན་དེའི་རང་བཞིན་ཡང་གྲུབ་པ་ཞིག་ན། ཆོས་ཅན་བདེན་པར་མེད་པས་དེའི་རང་བཞིན་ཀྱང་མེད་པའི་ཕྱིར་རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་ཞེས་གསུངས་ཏེ་སྟོང་ཉིད་བཅུ་གཉིས་པའོ། །ཆོས་ཐམས་ཅད་ནི་འདུས་བྱས་འདུས་མ་བྱས་ཏེ། དེ་རང་གི་ངོ་བོས་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དེ་སྟོང་པ་ཉིད་བཅུ་གསུམ་པའོ། །ཆོས་ཅན་ཡོད་ན་དེའི་མཚན་ཉིད་ཀྱང་ཡོད་པར་རིགས་པ་ལས། དོན་དམ་པར་ཆོས་ཅན་མེད་པས་དེའི་མཚན་ཉིད་ཀྱང་མེད་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་དེ་སྟོང་ཉིད་བཅུ་བཞི་པའོ། །དུས་གསུམ་པོ་ནི་ཕན་ཚུན་གཅིག་ལ་གཅིག་མི་དམིགས་པའི་ཕྱིར་མི་དམིགས་པ་ཞེས་བྱ་ལ། དེ་དེའི་རང་གི་ངོ་བོས་སྟོང་པ་ནི་མི་དམིགས་པ་སྟོང་པ་ཉིད་དེ་སྟོང་ཉིད་བཅོ་ལྔ་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་དེ་སྟོང་པ་ཉིད་ནི་རྣམ་པ་གཉིས་སུ་བཤད་དེ། དེ་ལ་དང་པོ་ནི་རབ་འབྱོར་འདུས་པ་ལས་བྱུང་བའི་ཆོས་ཀྱི་ངོ་བོ་ཉིད་མེད་ཅེས་གསུངས་པ་སྟེ། ཆོས་སྐྱེ་བ་ན་རྒྱུ་རྐྱེན་ཚོགས་པ་ལས་འབྱུང་གི། ངོ་བོ་ཉིད་ཀྱིས་སྐྱེ་བ་མ་ཡིན་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བརྗོད་ལ། དེ་ཉིད་རང་གི་ངོ་བོས་སྟོང་པས་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་སྟེ་སྟོང་པ་ཉིད་བཅུ་དྲུག་པའོ། །བཤད་པ་གཉིས་པ་ནི། དངོས་པོ་ནི་དངོས་པོའི་ངོ་བོས་སྟོང་པས་ན། དངོས་པོ་སྟོང་པ་ཉིད་དེ་སྟོང་པ་ཉིད་བཅུ་བདུན་པའོ། །དངོས་པོ་མེད་པ་ནི་ནམ་མཁའ་སོགས་ཏེ། དེ་ཉིད་དེའི་ངོ་བོས་སྟོང་པ་ནི་སྟོང་ཉིད་བཅོ་བརྒྱད་པའོ། །རང་གི་ངོ་བོ་ཞེས་བྱ་བ་ནི། ཤེས་པ་དང་མཐོང་བའི་ངོ་བོ་ཉིད་དེ་དེ་ལ་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཤེས་པས་མ་བྱས་ལ། མཐོང་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མཐོང་བས་མ་བྱས་པས་རང་གི་ངོ་བོ་ཉིད་དེ། དེ་གཉིས་ཀྱང་རྟེན་ཆོས་ཅན་དོན་དམ་པར་མེད་པས་རང་གི་ངོ་བོ་སྟོང་པ་ཉིད་ཅེས་བྱ་སྟེ། སྟོང་པ་ཉིད་བཅུ་དགུ་པའོ། །ཆོས་ཉིད་དེ་བཞིན་ཉིད་གང་ཡིན་པ་དེ་བྱེད་པ་པོ་དོན་གཞན་གྱིས་སྟོང་པའི་ཕྱིར་གཞན་གྱི་དངོས་པོ་སྟོང་པ་ཉིད་དེ་སྟོང་ཉིད་ཉི་ཤུ་པའོ། །གསུམ་པ་དོན་བསྡུ་བ་ནི། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་པའོ། །ཡེ་ཤེས་ཀྱི་ཚོགས་བསྟན་ཟིན་ཏོ། །བསོད་ནམས་ཀྱི་ཚོགས་ནི། ཏིང་ངེ་འཛིན་གྱི་ཚོགས་ཏེ། འདི་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། གཞན་ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་ཞེས་པ་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་པའི་བར་རོ། །གཉིས་པ་རྒྱས་པར་བཤད་པ་ནི། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་སོགས་ཏེ། བྱ་བ་མི་འདྲ་བ་དུ་མ་བྱེད་པས་བྱ་བ་དེ་དང་དེ་བྱེད་པ་དང་རྗེས་སུ་མཐུན་པའི་སྒོ་ནས་མིང་བཤད་པ་སྟེ། ཏིང་ངེ་འཛིན་ནི་དམིགས་པ་ལ་སེམས་འཛིན་པས་ན་དེ་སྐད་ཅེས་བྱའོ། །དཔའ་བར་འགྲོ་བ་ནི་སྐྱེས་བུ་དཔའ་བོས་རང་གཞན་བསྲུང་བའི་ནུས་པ་དང་ལྡན་པ་བཞིན་དུ་རང་གཞན་གྱི་དོན་སྒྲུབ་པའི་མཐུ་དང་ལྡན་པའི་ཕྱིར་དཔའ་བར་འགྲོ་བ་ཞེས་བྱའོ། །རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ནི་རིན་པོ་ཆེ་དང་འདྲ་བར་དགོས་འདོད་འབྱུང་བའི་མཐུ་དང་ལྡན་པའི་ཕྱིར་རྒྱས་བཏབ་པ་བཞིན་དུ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལས་མི་འདའ་བའི་ཕྱིར་རོ། །སེང་གེ་རྣམ་པར་བརྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། སེང་གེས་རི་དྭགས་གཞན་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་པ་བཞིན་དུ་ཏིང་ངེ་འཛིན་འདི་ཡང༌། ཉན་རང་སོགས་ཐམས་ཅད་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་པའི་ཕྱིར་རོ། །ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཟླ་བ་ཆོས་གཉིས་དང་ལྡན་པ་བཞིན་དུ་མ་རིག་པའི་མུན་པ་སེལ་བ་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གསལ་བའི་ཕྱིར་རོ། །ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། མི་མཐུན་ཕྱོགས་ལས་རྒྱལ་བའི་མཚན་མ་ལ་རྒྱལ་མཚན་ཞེས་བརྗོད་ཅིང༌། ཏིང་ངེ་འཛིན་འདི་ཡང་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ལས་རྒྱལ་བའི་མཚན་མ་དང་ལྡན་པའི་ཕྱིར་རོ། །དཔལ་ནི་ཡོན་ཏན་འདི་དག་འདི་ལ་ཡོད་པས་དཔལ་ཞེས་བྱའོ། །ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པའི་ཏིང་ངེ་འཛིན་ནི། དམན་པའི་ས་ཐམས་ཅད་ལས་འཕགས་པའི་བྱ་བ་བྱེད་པའོ། །ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་རྟོགས་ནས་ཐམས་ཅད་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལས་མི་འདའ་བར་རྒྱས་འདེབས་པའོ། །སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སྤྱི་གཙུག་ཅེས་པ་ནི་འདིར་མཐའ་འམ་རྩེ་མོ་ལ་བྱ་ལ། འདིས་ཀྱང་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐའ་རྟོགས་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །ཡང་ན་སྤྱི་གཙུག་ནི་མཆོག་ཏུ་གྱུར་པ་སྟེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ལ་ལྟ་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཆོས་ཀྱི་དབྱིངས་ངེས་པར་རྟོགས་པ་ལ་བྱའོ། །ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། མི་མཐུན་ཕྱོགས་ལས་རྒྱལ་བའི་མཚན་མ་ལྟར། ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་མི་མཐུན་ཕྱོགས་ལས་རྒྱལ་བའི་ཡོན་ཏན་དང༌། ངེས་པར་ལྡན་པའི་ཡོན་ཏན་གྱི་བྱ་བ་བྱེད་པའི་ཕྱིར་རོ། །རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། རྡོ་རྗེ་དང་འདྲ་བར་མི་མཐུན་ཕྱོགས་འཇོམས་ཤིང༌། དེས་མི་ཕྱེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་འཇུག་པའི་ཏིང་ངེ་འཛིན་ནི། ཕྱག་རྒྱ་ནི་མི་འདའ་བའི་དོན་ཡིན་ལ། ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་ལས་མི་འདའ་བས། སྟོང་པ་ཉིད་ལ་ཕྱག་རྒྱ་ཞེས་བརྗོད་ལ། དེ་ལ་འཇུག་པས་ནི་དེ་སྐད་ཅེས་བརྗོད་དོ། །ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་གནས་པའི་ཏིང་ངེ་འཛིན་ནི། རྒྱལ་པོས་ཡུལ་མ་ཐོབ་པ་ཐོབ་པར་བྱེད། ཐོབ་པ་མི་ཉམས་པར་སྲུང་བ་ལྟར། ཏིང་ངེ་འཛིན་མ་ཐོབ་པ་ཐོབ་པ་དང༌། ཐོབ་པ་མི་ཉམས་པར་བྱེད་པའི་ཕྱིར་རོ། །འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་མཐུས་རྫུ་འཕྲུལ་གྱི་འོད་ཟེར་འགྱེད་པར་བྱེད་པའི་ཕྱིར་རོ། །དཔུང་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྣལ་འབྱོར་པའི་རྟ་ལ་འགོད་པར་བྱེད་པའོ། །ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་གོང་ནས་གོང་དུ་ཁྱད་པར་དུ་བྱེད་པའི་ཕྱིར་རོ། །ངེས་པའི་ཚིག་ལ་གདོན་མི་ཟ་བར་བྱེད་པའི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་ཀྱི་མིང་དོན་རྗེས་སུ་མཐུན་པར་འཆད་པའི་ནུས་པ་དང་ལྡན་པས་སོ། །ཚིག་བླ་དྭགས་ལ་འཇུག་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་མིང་ཚིག་གི་བླ་དྭགས་ཐོགས་མེད་དུ་ཤེས་པའོ། །ཕྱོགས་རྣམ་པར་ལྟ་བའི་ཏིང་ངེ་འཛིན་ནི། ཕྱོགས་ནི་སྤྱོད་ཡུལ་ཏེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་ལྟ་བ་ཞེས་བྱའོ། །ཕྱག་རྒྱ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་གྱི་ཆོས་ཉིད་ཡོངས་སུ་འཛིན་པའོ། །ཉམས་པ་མེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་མཐུས་ཏིང་ངེ་འཛིན་ཐམས་ཅད་ནུས་པ་ཉམས་པ་མེད་པར་འགྱུར་བའམ། དྲན་པ་ཉམས་པ་མེད་པའོ། །ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ནི། རྒྱ་མཚོར་ཆུ་ཕྲན་ཐམས་ཅད་འདུས་ཤིང་རོ་གཅིག་པ་བཞིན་དུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་འདུ་ཞིང་རྒྱས་བཏབ་པའི་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པའི་ཕྱིར་རོ། །ནམ་མཁའ་རྒྱས་པར་འགེངས་པའི་ཏིང་ངེ་འཛིན་ནི། རྫུ་འཕྲུལ་གྱིས་ནམ་མཁའ་རྒྱས་པར་འགེངས་པའི་བྱེད་ལས་མཛད་པའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ནི། རྡོ་རྗེའི་དཀྱིལ་འཁོར་དང་འདྲ་བར་བདུད་ལ་སོགས་པའི་མི་མཐུན་ཕྱོགས་ཀྱིས་མི་ཚུགས་པ་ཐོབ་པར་འགྱུར་བའོ། །རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ནི། རྒྱལ་མཚན་གྱི་རྩེ་མོ་ལ་རིན་པོ་ཆེའི་དཔུང་རྒྱན་བཏག་པའི་བརྡས་མཚོན་ནས། དམག་གི་དཔུང་ཚོགས་ལས་འཕགས་ཏེ་དྲག་ཟིལ་གྱིས་གནོན་པ་བཞིན་དུ། ཏིང་ངེ་འཛིན་ཐམས་ཅད་ལས་འཕགས་ཤིང་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པས་ན་དེ་སྐད་ཅེས་བྱའོ། །དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གང་ལ་མཉམ་པར་བཞག་ནས་ལྷའི་དབང་པོའི་རྒྱལ་མཚན་མཐོང་བ་ཙམ་གྱིས་ལྷ་མ་ཡིན་རིང་དུ་འབྲོས་ཤིང་ལྷ་རྣམས་ལ་དབང་བྱེད་པ་བཞིན་དུ། སྒྲིབ་གཉིས་རིང་དུ་སྤངས་ཤིང་ཏིང་ངེ་འཛིན་ལ་དབང་ཐོབ་པར་འགྱུར་བས་སོ། །རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་རྒྱུན་ཆགས་སུ་འཛིན་ཅིང་རྗེས་སུ་མ་ལོག་པར་ལུགས་མཐུན་དུ་སྙོམས་པར་འཇུག་པའོ། །སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། སེང་གེའི་རྒྱལ་པོ་བཞིན་དུ་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་སྤངས་པས་ཏིང་ངེ་འཛིན་དང་ཆོས་ཐམས་ཅད་ལ་སྤོབས་པ་ཕུན་སུམ་ཚོགས་པའི་མཐུས་བག་ཚ་བ་མེད་པར་བདག་མེད་སེང་གེའི་སྒྲ་སྒྲོགས་པའོ། །སྣྲེལ་གཞི་ཞེས་བྱ་བའི་ཏིང་ངེ་འཛིན་ནི། བྱེད་ལས་འཁོར་བའི་རྒྱུན་གཅོད་ཅིང་ལུགས་འབྱུང་དང་ལུགས་བཟློག་གི་ཚུལ་དུ་སྙོམས་པར་འཇུག་པའོ། །ཉོན་མོངས་པ་སྤོང་བའི་ཏིང་ངེ་འཛིན་ནི་ཆགས་སོགས་ཉོན་མོངས་པ་སྤོང་བར་བྱེད་པའི་ཏིང་ངེ་འཛིན་ནོ། །རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་མཐུས་ཕྱི་རོལ་དུ་འོད་ཀྱི་རྫུ་འཕྲུལ་གྱིས་ལྷམ་མེ་ལྷན་ནེ་ལྷང་ངེར་བྱེད་པའོ། །ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། རྟོག་དཔྱོད་ཀྱི་སྒོ་ནས་ཆོས་གང་ཡང་ཚོལ་བ་མེད་པའི་ཏིང་ངེ་འཛིན་ནོ། །གནས་ལ་བརྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་ལ་རྟེན་མེད་པར་ཁོང་དུ་ཆུད་པའོ། །སེམས་མེད་པའི་ཏིང་ངེ་འཛིན་ནི། རྣམ་པར་རྟོག་པ་རྒྱུ་བ་མེད་པའོ། །དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་རྟོག་པའི་ཡེ་ཤེས་མི་མཐུན་ཕྱོགས་དང་བྲལ་ཞིང་གསལ་བར་གྱུར་བའོ། །འོད་མཐའ་ཡས་པའི་ཏིང་ངེ་འཛིན་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་འོད་ཟེར་མཐའ་ཡས་པ་སྤྲོ་བར་བྱེད་པའོ། །འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། འོད་ཀྱི་ཆོ་འཕྲུལ་སྟོན་པར་བྱེད་པའོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་སྒོ་སྣང་བར་བྱེད་པ་སྟེ། ཨ་ལ་སོགས་པའི་ཡི་གེའི་འབྲུ་སྟེ། དེའི་སྒོ་ནས་ཏིང་ངེ་འཛིན་ལ་འཇུག་པར་འགྱུར་བའི་ཐབས་གསལ་བར་ཤེས་པའི་ཕྱིར་རོ། །དག་པ་དམ་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་དག་པ་ལ་མཉམ་པ་ཉིད་ཐོབ་པའོ། །འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་མི་མཐུན་ཕྱོགས་ཀྱི་དྲི་མ་སེལ་བའོ། །དགའ་བར་བྱེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱིས་དྲངས་པའི་དགའ་བ་ཉམས་སུ་མྱོང་བར་བྱེད་པའོ། །གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་ནུས་པས་འཇིག་རྟེན་གསལ་བར་བྱེད་པ་སྟེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་འོད་ཟེར་སྒྲོན་མ་གློག་དང་འདྲ་བ་འབྱུང་བར་བྱེད་པས་སོ། །ཟད་མི་ཤེས་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཟད་མི་ཤེས་པར་འབྱུང་བ་དང༌། དམིགས་པའི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བའོ། །མི་ཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གང་ལ་གནས་པས་མི་མཐུན་ཕྱོགས་ཀྱིས་ཕམ་པར་མི་ནུས་པའོ། །གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་ནུས་པའི་གཟི་བརྗིད་ཀྱི་དཔལ་གྱིས་འབར་བར་བྱེད་པ་སྟེ་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པའི་གཟི་བརྗིད་དང༌། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ་པའི་དཔལ་དང་ལྡན་པའི་ཕྱིར་རོ། །ཟད་པ་དང་བྲལ་བའི་ཏིང་ངེ་འཛིན་ནི། ཟད་མི་ཤེས་པར་རྗེས་སུ་མཐོང་ཞིང་དམིགས་པའི་མཚན་མ་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མ་མཐོང་བ་སྟེ། དོན་དམ་པར་དངོས་པོ་ཅུང་ཟད་ཀྱང་མ་མཐོང་བར་རྟོགས་པ་ཉིད་ཟད་མི་ཤེས་པར་རྗེས་སུ་མཐོང་བ་ཡིན་ནོ། །མི་གཡོ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ལ་ལྷུན་གྱིས་གྲུབ་པ་གནས་པས་མི་མཐུན་ཕྱོགས་རློམ་སེམས་ཀྱིས་མི་གཡོ་བའོ། །འཇིག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། སྐྱེ་འཇིག་ཡང་དག་པར་རྗེས་སུ་མ་མཐོང་བའོ། །ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཉི་མའི་འོད་ཟེར་ལྟར་ཏིང་ངེ་འཛིན་གྱི་དོན་རྟོགས་པའི་ཐོས་པ་དང་བསམ་པའི་ཤེས་རབ་གསལ་བར་གྱུར་པའོ། །ཟླ་བ་དྲི་མ་མེད་པའི་ཏིང་ངེ་འཛིན་ནི། ཟླ་བ་ལྟར་མི་མཐུན་ཕྱོགས་ཀྱི་དྲི་མ་སེལ་བར་བྱེད་ཅིང༌། ཏིང་ངེ་འཛིན་སོ་སོའི་དམིགས་ཡུལ་གསལ་བར་བྱེད་པའོ། །ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གང་གི་བྱེད་པས་སྟོང་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པས་མ་རིག་པའི་མུན་པ་སེལ་བའོ། །སྣང་བ་གསལ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་མཐུས་སོ་སོ་ཡང་དག་པར་རིག་པ་བཞིས་ཤེས་བྱའི་ཆོས་སྣང་བར་བྱེད་པའོ། །སྣང་བར་བྱེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པས་ཏེ། ཏིང་ངེ་འཛིན་ལ་འཇུག་པའི་སྒོ་ཆོས་ཀྱི་བདག་མེད་པ་རྟོགས་པའི་ཤེས་རབ་གསལ་བར་བྱེད་པའོ། །བྱ་བ་བྱེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་མཐུས་སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པའི་བྱ་བ་བྱེད་པའོ། །ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་རྟོགས་པའི་ཡེ་ཤེས་འབྱུང་བར་འགྱུར་བའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཚན་ཉིད་རྩེ་གཅིག་པའི་ངོ་བོ་སོ་སོར་རང་གིས་རིག་པ་ཙམ་ཡང་རྗེས་སུ་མི་མཐོང་བས་བདེན་འཛིན་གྱི་མཚན་མས་མི་ཕྱེད་པའོ། །སེམས་གནས་པའི་ཏིང་ངེ་འཛིན་ནི། སེམས་མི་གཡོ་རྣམ་པར་མི་གཡོ་ལྷུན་གྱིས་གྲུབ་ཅིང་རྣམ་པར་རྟོག་པའི་རྒྱུ་བ་མི་མངའ་བའོ། །ཀུན་ཏུ་བལྟ་བའི་ཏིང་ངེ་འཛིན་ནི། ཕྱོགས་བཅུ་ཐམས་ཅད་དུ་ཡུལ་གྱི་སྣང་བ་ལྟ་ཞིང་གསལ་བར་མཐོང་བར་བྱེད་པའོ། །རབ་ཏུ་གནས་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གང་ལ་མཉམ་པ་བཞག་པས། ཏིང་ངེ་འཛིན་ཐམས་ཅད་ལ་མཉམ་པར་བཞག་པར་འགྱུར་བའོ། །རིན་ཆེན་མཐའ་ཡས་ཞེས་བྱ་བའི་ཏིང་ངེ་འཛིན་ནི། རིན་པོ་ཆེ་དབང་གི་རྒྱལ་པོ་ལ་འོད་ཟེར་མཐའ་ཡས་པ་འཕྲོ་བ་ལྟར། ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་ཆོ་འཕྲུལ་གྱི་འོད་ཟེར་འཕྲོ་བར་བྱེད་པའོ། །ཆོས་དམ་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ཐམས་ཅད་ཕྱག་རྒྱ་མེད་པའི་མཐའ་ཕྱག་རྒྱས་བཏབ་པ་ཉེ་བར་བཟུང་བས། ཕྱག་རྒྱས་བཏབ་པར་འགྱུར་བ་སྟེ། ཕྱག་རྒྱ་མེད་པ་ནི་དོན་དམ་པར་ཡང་དག་པའི་མཐའ་འོ། །མཐའ་དེ་ཉིད་ཀྱི་ཕྱག་རྒྱས་བཏབ་པ་ནི། སྟོང་པ་ཉིད་ཀྱི་རྒྱས་བཏབ་པ་སྟེ། ཏིང་ངེ་འཛིན་ཐམས་ཅད་སྟོང་པ་ཉིད་ལས་མི་འདའ་བར་རྟོགས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པའོ། །དགའ་བ་སྤོང་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་རོ་མྱངས་པའི་སྲེད་པ་སྤངས་པའོ། །ཆོས་ཀྱི་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་ཀྱི་མུན་པ་སེལ་བ་དང་ཏིང་ངེ་འཛིན་གྱི་ནུས་པས་ཆོས་ཀྱི་ཚུལ་ཁོང་དུ་ཆུད་པའི་ཕྱིར་མངོན་པར་འཕགས་པར་གྱུར་པའོ། །རྣམ་པར་འཐོར་བའི་ཏིང་ངེ་འཛིན་ནི། རླུང་གིས་རྡུལ་ཚོགས་འཐོར་བར་བྱེད་པ་བཞིན་དུ་ཏིང་ངེ་འཛིན་གྱིས་མི་མཐུན་ཕྱོགས་ཐམས་ཅད་འཐོར་པར་བྱེད་པའོ། །ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གང་གི་མཐུས། ཆོས་ཐམས་ཅད་ཀྱི་ཚིག་དོན་རྣམ་པར་འབྱེད་ནུས་པའོ། །ཡི་གེ་མཉམ་པར་འགོད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་སྟོན་པའི་མིང་ཚིག་ཡི་གེའི་ཚོགས་རྣམས་མཉམ་པ་ཉིད་དུ་རྟོགས་པ་ཐོབ་པའོ། །ཡི་གེ་དང་བྲལ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་སྟོན་པའི་ཡི་གེ་གཅིག་ཀྱང༌། མཚན་མར་དམིགས་པ་མེད་པས་ཏིང་ངེ་འཛིན་སྟོན་པའི་མིང་ཚིག མི་དམིགས་པའི་ཤེས་རབ་ཐོབ་པའོ། །དམིགས་པ་གཅོད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་དམིགས་ཡུལ་མཚན་མར་འཛིན་པ་རྣམས་གཅོད་པའོ། །འགྱུར་བ་མེད་པའི་ཏིང་ངེ་འཛིན་ནི། འགྱུར་བ་ནི་སྐྱེ་འཇིག་སྟེ། མེད་པ་ནི་དེ་མི་དམིགས་པ་ལ་བརྗོད་དེ། སྐྱེ་འཇིག་གི་རང་བཞིན་སྟོང་ཉིད་རྟོགས་པའོ། །རྣམ་པ་མེད་པའི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་ཀྱི་རྣམ་པ་རྡུལ་ཙམ་དམིགས་སུ་མེད་པར་རྟོགས་པའོ། །མིང་ངེས་པར་འཇུག་པའི་ཏིང་ངེ་འཛིན་ནི། མིང་གི་ངེས་ཚིག་དོན་དམ་པར་མི་དམིགས་ཤིང༌། ཐ་སྙད་དུ་སོ་སོར་རྟོག་པའོ། །གནས་པ་མེད་པར་སྤྱོད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་གནས་ཏེ་ཡུལ་དམིགས་སུ་མེད་པར་རྟོགས་པའོ། །རབ་རིབ་མེད་པའི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་ཀྱི་དོན་མཐོང་བ་ལ་སྒྲིབ་བྱེད་ཀྱི་རབ་རིབ་རྣམ་པར་སེལ་བའོ། །སྤྱོད་པ་དང་ལྡན་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་པ་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད། ཏིང་ངེ་འཛིན་གྱི་གནས་ཚུལ་ལ་སྤྱོད་པ་དང་ལྡན་པས་སྤྱོད་པ་དང་ལྡན་པ་ཞེས་བྱའོ། །གཡོ་བ་མེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་མི་མཐུན་ཕྱོགས་ཀྱིས་གཡོ་བ་མེད་པའི་གནས་རྗེས་སུ་མཐོང་བའོ། །ཡུལ་ལས་བརྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་སྟེ། དེ་དག་གི་སྤྱོད་ཡུལ་དོན་དམ་པར་མི་དམིགས་པར་རྟོགས་པའོ། །ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པའི་ཏིང་ངེ་འཛིན་ནི། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་གྱི་ཚོགས་རྗེས་སུ་འཐོབ་པ་དང་ལྡན་པའོ། །སེམས་མེད་པར་གནས་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ལས་རྣམ་པར་གཡེང་བའི་སེམས་ཀྱི་གོ་སྐབས་མི་འཇུག་པའོ། །དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་རབ་ཏུ་ཐོབ་པའོ། །བྱང་ཆུབ་ཀྱི་ཡན་ལག་ཡོད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གང་ལ་གནས་པས་བྱང་ཆུབ་ཀྱི་ཡན་ལག་འཐོབ་པའོ། །སྤོབས་པ་མཐའ་ཡས་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གང་ལ་གནས་པས། སྤོབས་པ་མཐའ་ཡས་པ་རབ་ཏུ་ཐོབ་པའོ། །མི་མཉམ་པ་དང་མཉམ་པའི་ཏིང་ངེ་འཛིན་ནི། གང་དང་ཡང་མི་མཉམ་པ་ནི་སངས་རྒྱས་ཡིན་ལ། དེ་དང་མཉམ་པའི་ཡོན་ཏན་རབ་ཏུ་འཐོབ་པར་བྱེད་པའོ། །ཆོས་ཐམས་ཅད་ལས་འདའ་བའི་ཏིང་ངེ་འཛིན་ནི། ཁམས་གསུམ་པ་ཐམས་ཅད་ལས་འདའ་བར་བྱེད་པའོ། །ཡོངས་སུ་དཔྱོད་པར་བྱེད་པའི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་དང༌། ཏིང་ངེ་འཛིན་གྱི་རྒྱུད་མཐོང་བས་ཏིང་ངེ་འཛིན་གྱི་གཅིག་དང་རང་གི་མཚན་ཉིད་ལ་ཤེས་རབ་ཀྱི་སྒྲོ་འདོགས་གཅོད་པར་བྱེད་པའོ། །ནེམ་ནུར་རྣམ་པར་སེལ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་དང་ཆོས་རྣམས་ལ་ཐེ་ཚོམ་རྣམ་པར་སེལ་བ་རབ་ཏུ་འཐོབ་པའོ། །གནས་སུ་བྱ་བ་མེད་པའི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་ཀྱི་གནས་ཆགས་པར་བྱ་བའི་ཡུལ་ཡང་དག་པར་རྗེས་སུ་མི་མཐོང་བའོ། །གཅིག་ཏུ་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ནི། ཆོས་གང་ཡང་གཉིས་ཀྱི་ཚུལ་དུ་ཡང་དག་པར་རྗེས་སུ་མི་མཐོང་བའོ། །རྣམ་པ་མངོན་པར་བསྒྲུབ་པའི་ཏིང་ངེ་འཛིན་ནི། ཐ་སྙད་དུ་ཏིང་ངེ་འཛིན་གྱི་རྣམ་པ་མངོན་པར་གྲུབ་པ་སྟེ་སོ་སོར་རྟོགས་ནས། དོན་དམ་པར་ཡང་དག་པར་རྗེས་སུ་མི་མཐོང་བའོ། །རྣམ་པ་གཅིག་ཏུ་གྱུར་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་སོ་སོར་ཡང་དག་པར་རྗེས་སུ་མི་མཐོང་བར། སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པའོ། །རྣམ་པར་འདོར་བ་མེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་རྣམ་པ་སོ་སོ་བ་སྔར་ཡོད་འདོར་དུ་མེད་པར། གདོད་མ་ནས་གཉིས་སུ་མེད་པར་ཡང་དག་པར་རྗེས་སུ་མཐོང་བའོ། །རྟོག་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་རྟོག་པའི་ཡེ་ཤེས་ལ་ཞུགས་པས། སྲིད་པའི་གཞི་ཁམས་གསུམ་པའི་ཆོས་ཁོང་དུ་མ་ཆུད་པ་གང་ཡང་མེད་པའོ། །བརྡ་དང་སྒྲ་ལ་འཇུག་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་བརྡ་དང་སྒྲ་ཡི་བརྡ་ལ་ཐོགས་མེད་དུ་འཇུག་པའོ། །སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བའི་ཏིང་ངེ་འཛིན་ནི། དོན་དམ་པར་ཏིང་ངེ་འཛིན་ཐམས་ཅད་ཡི་གེ་དང་སྒྲས་བརྗོད་དུ་མེད་པར་ཁོང་དུ་ཆུད་པའོ། །སྒྲོན་མ་འབར་བའི་ཏིང་ངེ་འཛིན་ནི། ཡེ་ཤེས་ཀྱི་སྒྲོན་མའི་སྣང་བས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གསལ་བར་ཤེས་པའི་མཐུས། ཕྱི་རོལ་དུ་གཟི་བརྗིད་ཀྱིས་ལྷམ་མེ་ལྷན་ནེ་ལྷང་ངེར་བྱེད་པའོ། །མཚན་ཉིད་ཡོངས་སུ་སྤྱོད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཚན་ཉིད་མི་མཐུན་ཕྱོགས་ཀྱིས་དག་པར་ཁོང་དུ་ཆུད་པར་བྱེད་པའོ། །མངོན་པར་དམིགས་པ་མེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་ཡུལ་ཡོངས་གཅོད་དུ་མངོན་པར་དམིགས་པ་མེད་པར་རྗེས་སུ་མཐོང་བའོ། །རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་དང་ཡོན་ཏན་གྱི་རྣམ་པ་མཆོག་ཐམས་ཅད་དང་ལྡན་པར་བྱེད་པའོ། །བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ལ་བདེ་སྡུག་གི་མཚན་མར་མི་རྟོག་ཅིང་མི་འཛིན་པའོ། །ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱུན་སྔར་ཡོད་ཟད་པར་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཟ་མ་ཏོག་ལྟར་ཡོན་ཏན་ཟད་མི་ཤེས་པའི་སྣོད་དུ་གྱུར་པའོ། །གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་ནི། གཟུངས་ཐམས་ཅད་ཡོངས་སུ་འཛིན་པའི་ཤེས་རབ་དང་ལྡན་པར་འགྱུར་བའོ། །ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ལ་ཡང་དག་པ་དང་ལོག་པའི་རྣམ་པར་དབྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་བས། ཡང་དག་པར་རྟོགས་པ་དང་ལོག་པར་རྟོག་པ་སེལ་བར་བྱེད་པའོ། །འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ལ་འགལ་བར་འཇུག་པའི་སྒྲིབ་པ་དང༌། སྒྲིབ་པ་སྔར་ཡོད་པ་དང༌། འགོག་པ་ཡང་དག་པར་རྗེས་སུ་མི་མཐོང་བས། དགག་བྱའི་སྒྲིབ་པ་དང་འགོག་པ་ལ་རྣམ་པར་རྟོག་པ་ཉེ་བར་ཞི་བར་བྱེད་པའོ། །མཐུན་པ་དང་འགལ་བ་མེད་པའི་ཏིང་ངེ་འཛིན་ནི། མཐུན་པ་དང་འགལ་བ་ཡང་དག་པར་རྗེས་སུ་མི་མཐོང་བའོ། །འོད་དྲི་མ་མེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་དང༌། ཏིང་ངེ་འཛིན་ལས་བྱུང་བའི་ཕྱིའི་འོད་ཀྱི་དཀྱིལ་འཁོར་མི་དམིགས་པས་དེར་འཛིན་གྱི་རྟོག་པའི་དྲི་མ་མེད་པའོ། །སྙིང་པོ་དང་ལྡན་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ལ་དོན་དམ་པར་སྙིང་པོ་མེད་པར་མཐོང་བ་སྟེ། སྙིང་པོ་མེད་པར་རྟོགས་པ་ཉིད་མཆོག་དམ་པ་ཡིན་པའི་ཕྱིར་སྙིང་པོ་དང་ལྡན་པ་ཞེས་བྱའོ། །ཟླ་བ་དྲི་མ་མེད་པ་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ནི། ཟླ་བ་ཉ་གང་བའི་དཀྱིལ་འཁོར་ལྟར། ཡེ་ཤེས་ཀྱི་འོད་གསལ་ཞིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་རྒྱས་པར་འགྱུར་བའོ། །གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ནི། གློག་གི་འོད་ལྟར་སེམས་ཅན་གྱི་རིགས་སྣང་བར་བྱས་ཤིང་མི་ཤེས་པའི་མུན་པ་མུན་ནག་གི་ཚོགས་རབ་ཏུ་སེལ་ལ། ཉོན་མོངས་པའི་གདུང་བ་སྐྱོབ་པའི་ཆར་སྤྲིན་གྱི་བསིལ་བ་དང་ལྡན་པའོ། །རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱན་མཐའ་ཡས་པ་དང་ལྡན་པར་བྱེད་པའོ། །རྣམ་པ་ཐམས་ཅད་དུ་འོད་བྱེད་པའི་ཏིང་ངེ་འཛིན་ནི། འོད་ལྟར་ཏིང་ངེ་འཛིན་ཐམས་ཅད་སྒྲིབ་གཡོགས་མེད་པར་སྣང་བར་བྱེད་པའོ། །ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ལ་རྣམ་པར་གཡོ་བར་ཡང་མི་དམིགས། རྩེ་གཅིག་པ་ཉིད་ཀྱང་མི་དམིགས་པར་མཉམ་པ་ཉིད་དུ་རྟོག་པའོ། །རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་དང་ཆོས་ཐམས་ཅད་མི་མཐུན་ཕྱོགས་ཀྱི་དྲི་མའི་རྡུལ་ཅན་དང༌། རྡུལ་དང་བྲལ་བར་མཉམ་པ་ཉིད་དུ་རྟོགས་པའི་ངང་ཚུལ་དང་ལྡན་པའོ། །ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་མི་མཐུན་ཕྱོགས་ཉོན་མོངས་པ་མེད་པར་འགྱུར་བ་ལ་འཇུག་པ་བྱེད་པའོ། །ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་ནི། ཉོན་མོངས་པ་དང་བཅས་པའི་གདུལ་བྱ། ཉོན་མོངས་པ་མེད་པ་ལ་ཡང་དག་པར་གཞོལ་བ་འཐོབ་པར་བྱེད་པའོ། །གནས་དམིགས་སུ་མེད་པ་ལ་བརྩོན་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྟེན་ཀུན་གཞི་བག་ཆགས་སྣ་ཚོགས་པ་ཅན། ཉེ་བར་མི་དམིགས་པར་བག་ཆགས་སྣ་ཚོགས་ཉེ་བར་ཞི་བར་དག་པ་འབའ་ཞིག་པ། ཉེ་བར་ཞི་བ་མ་དམིགས་པ་མེད་པ་ལ་བརྩོན་པའོ། །དེ་བཞིན་ཉིད་ལ་གནས་ཤིང་སེམས་པ་མེད་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་གནས་ཤིང་རྣམ་པར་རྟོག་པའི་སེམས་རྒྱུ་བ་མེད་པ་ལས་མི་ལྡོག་པ་སྟེ་སེམས་ཉམས་པ་མེད་པའོ། །ལུས་ཀྱི་སྐྱོན་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་ལུས་མི་དམིགས་པས་ལུས་ལ་མཚན་མར་འཛིན་པའི་སྐྱོན་སེལ་བའོ། །ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟ་བུར་གྱུར་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་སྟོན་པའི་ངག་གི་ལས་སྣ་ཚོགས་པ་ལ་མཚན་མར་མི་དམིགས་པས། ངག་ལ་མཚན་མར་འཛིན་པའི་སྐྱོན་སེལ་བའོ། །ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་ནམ་མཁའ་ལྟར་རོ་གཅིག་པར་རྟོགས་པས། གང་ལ་ཡང་ཆགས་པ་མེད་པས་སྒྲིབ་གཉིས་ལས་རྣམ་པར་གྲོལ་ཞིང་མི་མཐུན་ཕྱོགས་ཀྱིས་གོས་པ་མེད་པར་ཐོབ་པའོ། །དོན་བསྡུ་བ་ནི། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཐེག་པ་ཆེན་པོའོ་ཞེས་གསུངས་སོ། །ཏིང་ངེ་འཛིན་གྱི་ལེའུ་སྟེ་དགུ་པའི་རྣམ་པར་བཤད་པའོ།། ༈ བཅུ་པ་ལམ་དང་གཟུངས་ཀྱི་ལེའུ་བཤད་པ། ལམ་དང་གཟུངས་ཀྱི་ལེའུ་སྟོན་པ་ལ་གཉིས་ཏེ། ལམ་གྱི་ཚོགས་དང༌། གཟུངས་ཀྱི་ཚོགས་སོ། །དང་པོ་ལམ་གྱི་ཚོགས་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། ཏིང་ངེ་འཛིན་གསུམ། ཤེས་པ་བཅུ་གཅིག དབང་པོ་གསུམ། རྗེས་སུ་དྲན་པ་བཅུ། བསམ་གཏན་བཞི། ཚད་མེད་བཞི། གཟུགས་མེད་བཞི། རྣམ་ཐར་བརྒྱད། མཐར་གནས་ཀྱི་སྙོམས་འཇུག་དགུ། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། མ་འདྲེས་པ་བཅོ་བརྒྱད་རྣམས་སོ། །གཟུངས་ཀྱི་ཚོགས་ལ་གཉིས་ཏེ། ཡི་གེ་ལ་འཇུག་པ་སུམ་ཅུ་སོ་དྲུག་བསྟན་པ་དང༌། ཕན་ཡོན་ཉི་ཤུ་བསྟན་པའོ། །དང་པོ་བྱང་ཕྱོགས་སོ་བདུན་ལ་དྲན་པ་ཉེར་བཞག་བསྟན་པ་ནི་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཆོས་ཐམས་ཅད་དྲན་པ་ཉེ་བར་བཞག་པའོ་ཞེས་པའི་བར་རོ། །གཉིས་པ་ལ་དྲན་པ་ཉེར་བཞག་བཞི་བཤད་པ་དང༌། ལུས་དྲན་པ་ཉེར་བཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། སྒྲ་དོན་ནི། དྲན་པ་ཉེ་བར་གནས་པས་དྲན་པ་ཉེ་བར་བཞག་གོ །དབྱེ་བ་ནི། ལུས་ལ་སོགས་པའི་དམིགས་ཡུལ་བཞི་ཡོད་པའི་བྱེ་བྲག་གིས་བཞིའོ། །ལུས་ལ་ཡང་གསུམ་སྟེ། སེམས་རྒྱུད་ཀྱིས་ཟིན་པ་ནང་གི་ལུས་དང༌། མ་ཟིན་པ་ཕྱིའི་ལུས་དང་གཞན་རྒྱུད་ཀྱིས་བསྡུས་པ་ཕྱི་ནང་གཉིས་ཀའི་ལུས་དང་གསུམ་མོ། །ཚོར་བ་ཡང་གསུམ་སྟེ། ནང་གི་ལུས་ལ་དམིགས་ནས་བྱུང་བ་ནང་གི་ཚོར་བ་དང༌། ཕྱིའི་ལུས་ལ་དམིགས་ནས་བྱུང་བ་ཕྱིའི་ཚོར་བ་དང༌། གཞན་རྒྱུད་ཀྱིས་བསྡུས་པ་ལ་དམིགས་ནས་བྱུང་བ་ཕྱི་ནང་གཉིས་ཀའི་ཚོར་བ་དང་གསུམ་མོ། །དེ་བཞིན་དུ་ནང་དང༌། ཕྱི་དང༌། ཕྱི་ནང་གཉིས་ཀ་ལ་དམིགས་ནས་བྱུང་བའི་སེམས་གསུམ་དང༌། དེ་བཞིན་དུ་ཆོས་ལ་ཡང་གསུམ་དུ་ཕྱེའོ། །ནང་གི་ལུས་ལ་ཞེས་པ་ནི་དམིགས་པའོ། །དེ་མི་དམིགས་པའི་ཚུལ་གྱིས་ཞེས་པ་ནི་རྣམ་པའོ། །ལུས་ཀྱི་རྗེས་སུ་བལྟ་ཞིང་ཞེས་པ་ནི་ཤེས་རབ་ཀྱི་ལྟ་བའོ། །བརྩོན་འགྲུས་ཅན་ཞེས་པ་ནི། གུས་སྦྱོར་དང་རྟག་སྦྱོར་གཉིས་དང་ལྡན་པའོ། །ཤེས་བཞིན་གྱིས་ནི་མ་ནོར་བར་ཡིད་ལ་བྱེད་པའོ། །དྲན་པ་དང་ལྡན་པ་ནི། དམིགས་པའི་ཡུལ་མི་བརྗེད་པར་འཛིན་པའོ། །འཇིག་རྟེན་གྱི་ཆགས་སེམས་དང༌། ཡིད་མི་བདེ་བ་རྣམ་པར་བསལ་ཞིང་ཞེས་པས་ནི། ཕན་ཡོན་བསྟན་ཏེ། ཕྱི་མ་རྣམས་ཀྱི་སྒོམ་ཚུལ་ཡང་དེ་བཞིན་ནོ། །གཉིས་པ་ལུས་དྲན་པ་ཉེར་བཞག་སྟོན་པ་ལ། ཉན་ཐོས་ཀྱི་སྒོམ་ཚུལ་དང་མཐུན་པར་རྣམ་པ་དྲུག་གིས་བསྟན་ཏེ། སྤྱོད་ལམ་གྱི་སྒོ་དང༌། ཤེས་བཞིན་གྱི་སྒོ་དང༌། དབུགས་འབྱུང་རྔུབ་ཀྱི་སྒོ་དང༌། ཁམས་རྣམ་པར་བཞག་པའི་སྒོ་དང༌། རྣམ་པ་སུམ་ཅུ་རྩ་གཉིས་ཀྱི་སྒོ་དང༌། མི་སྡུག་པའི་སྒོ་དང་དྲུག་གོ །དང་པོ་སྤྱོད་ལམ་གྱི་སྒོ་ནས་སྟོན་པ་ལ། དང་པོ་དྲི་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་སོགས་སོ། །ལན་རྒྱས་པར་བཤད་པ་ནི། འགྲོ་ན་འགྲོའོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས་རྣམ་པར་སྤྱོད་དོ་ཞེས་པའི་བར་རོ། །གཉིས་པ་ནི་དེ་འགྲོའམ་འོང་བ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཞེས་སོགས་སོ། །གསུམ་པ་ནི། དྲན་ཞིང་དབུགས་ནང་དུ་རྒྱུ་ན་ཡང་དྲན་ཞིང་དབུགས་ནང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་པ་ནས་ཕྱིར་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་པའི་བར་རོ། །བཞི་པ་ནི། ལུས་འདི་ལ་སའི་ཁམས་ཀྱང་ཡོད་ཅེས་པ་ནས། རྣམ་པར་སྤྱོད་དོ་ཞེས་པའི་བར་རོ། །ལྔ་པ་ནི། ལུས་འདི་ལ། སྐྲ་དང༌། སྤུ་དང་ཞེས་སོགས་ནས། རྣམ་པར་བཏགས་པ་དག་ཀྱང་ཡོད་དོ་ཞེས་བྱ་བར་ཡང་དག་པར་རབ་ཏུ་རྟོག་གོ་ཞེས་པའི་བར་ཏེ་རྒྱས་བཤད་དོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། གསལ་ཞིང་རྣམ་པར་སྤྱོད་དོ་ཞེས་པའི་བར་རོ། །དྲུག་པ་མི་སྡུག་པའི་སྒོ་ནས་བསྟན་པ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ན་ཡོད་པའི་ཞེས་སོགས་ཏེ་འགྲེས་དགུས་སྟོན་ནོ། །དེ་ལ་དང་པོ། རྣམ་པར་བམ་པ་དང་ཞེས་པ་ནས། རྣམ་པར་འཐོར་བ་མཐོང་ན་ཞེས་པའི་བར་གྱིས་ནི། མི་སྡུག་པ་ལྔ་བསྟན་ཏེ་འགྲེས་དང་པོའོ། །ནམ་དུར་ཁྲོད་དུ་བོར་བའི་རོ་ཞེས་པ་ནས། བཟའ་བ་མཐོང་བ་དེའི་ཚེ་ཞེས་པའི་བར་ནི་ཟ་བའི་མི་སྡུག་པ་སྟེ་འགྲེས་གཉིས་པའོ། །ནམ་དུར་ཁྲོད་དུ་བོར་བའི་རོ་རྣམ་པར་ཟོས་པ་ཞེས་སོགས་ནི། རྣམ་པར་ཟོས་པའི་མི་སྡུག་པ་སྟེ་འགྲེས་གསུམ་པའོ། །ནམ་དུར་ཁྲོད་ཀྱི་རུས་པ་ཞེས་སོགས་ནི། ཤ་རུས་མི་སྡུག་པ་སྟེ་འགྲེས་བཞི་པའོ། །ནམ་དུར་ཁྲོད་ཀྱི་རུས་པ་རྐེང་རུས་ཤ་དང་ཁྲག་མེད་པ་ནི། ཀེང་རུས་ཀྱི་མི་སྡུག་པ་སྟེ་འགྲེས་ལྔ་པའོ། །ནམ་དུར་ཁྲོད་ཀྱི་རུས་པ་ཀེང་རུས་ཟུངས་མེད་པ། གྱེས་པ་དུང་གི་མདོག་ལྟར་གྱུར་པ། ས་ལ་རྣམ་པར་འཐོར་བ་མཐོང་བ་དེའི་ཚེ། རྣམ་པར་འཐོར་བའི་མི་སྡུག་པ་སྟེ་འགྲེས་དྲུག་པའོ། །ནམ་དུར་ཁྲོད་ཀྱི་རུས་པ་ས་དང་ཕྱོགས་དང་ཕྱོགས་མཚམས་སུ་རྣམ་པར་ཐོར་བ་ཞེས་པ་ནི། རྣམ་པར་འཐོར་བའི་མི་སྡུག་པ་སྟེ་འགྲེས་བདུན་པའོ། །ནམ་དུར་ཁྲོད་ཀྱི་རུས་པ་ལོ་དུ་མ་ལོན་པ་ཞེས་སོགས་ནི་རུས་གོང་གི་མི་སྡུག་པ་སྟེ་འགྲེས་བརྒྱད་པའོ། །ནམ་དུར་ཁྲོད་ཀྱི་རུས་པ་ལོ་དུ་མ་ལོན་པ་རབ་རིབ་སྣང་བ་ཞེས་སོགས་ནི། ཤིན་ཏུ་ཡང་རུས་གོང་དུ་སྣང་བ་མི་སྡུག་པ་སྟེ་འགྲེས་དགུ་པའོ། །ཚོར་བ་དྲན་པ་ཉེར་བཞག་སོགས་ནི་སྔར་བསྟན་ཟིན་ཏོ། །ཡང་དག་པར་སྤོང་བ་བཞི་ནི་སྦྱོར་བའི་བྱེ་བྲག་གིས་བཞི་སྟེ། གོ་ཆའི་བརྩོན་འགྲུས་དང༌། སྦྱོར་བའི་བརྩོན་འགྲུས་དང༌། མི་སྐྱོ་བའི་བརྩོན་འགྲུས་དང༌། ཐབས་ཀྱི་བརྩོན་འགྲུས་སོ། །དང་པོ་ནི། འདི་ལྟར་བྱའོ་ཞེས་བསམ་པས་གོ་ཆ་གྱོན་པར་བྱེད་དེ། དེ་ནི་འདུན་པ་བསྐྱེད་དོ་ཞེས་པས་བསྟན་ཏོ། །གཉིས་པ་ནི་བསམ་པས་གོ་ཆ་བགོས་པ་དང་རྗེས་སུ་མཐུན་པར་སྦྱོར་བ་རྩོམ་པ་སྟེ། དེ་ནི་རྩོམ་མོ་ཞེས་པས་བསྟན་ཏོ། །གསུམ་པ་ནི། བརྩོན་འགྲུས་མི་འཕེལ་ཞེས་པ་སྟེ། དེ་ནི་བརྩོན་འགྲུས་རྩོམ་མོ་ཞེས་པས་བསྟན་ཏོ། །བཞི་པ་ནི། ཐབས་མ་ཡིན་པ་བསལ་ནས་ཐབས་ལ་གནས་པར་བྱེད་པ་སྟེ། དེ་ནི་སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །ཞེས་བྱ་བས་བསྟན་ཏོ། །དེ་ལ་སེམས་རྩིང་བའི་གཉེན་པོ་ནི། སེམས་རབ་ཏུ་འཛིན་པའོ། །སེམས་རྒོད་པའི་གཉེན་པོ་ནི། ཡང་དག་པར་རབ་ཏུ་འཇོག་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞིར་གྱུར་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་དག་ཀྱང་རྒྱུ་འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། བརྩོན་པའི་བྱེ་བྲག་གིས་བཞིའོ། །དེ་ཡང་ལ་ལ་རྒྱུ་འདུན་པའི་དབང་གིས་འབྱུང་བ་དང༌། ལ་ལ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་འབྱུང་བ་དང༌། ལ་ལ་ཏིང་ངེ་འཛིན་གོམས་པའི་བག་ཆགས་སེམས་རྒྱུད་ལ་ཡོད་པས་འབྱུང་བ་དང༌། ལ་ལ་ཏིང་ངེ་འཛིན་རྨི་ལམ་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་མཐུ་ལས་སེམས་རྩེ་གཅིག་ཏུ་རེག་པར་འགྱུར་བ་སྟེ་བཞིའོ། །དེ་ལྟར་བརྩོན་འགྲུས་བརྩམ་པ་ན། སྤོང་བའི་འདུ་བྱེད་ཀྱི་ཆོས་བརྒྱད་མངོན་དུ་འགྱུར་ཏེ། འདུན་པ་དང༌། བརྩོན་འགྲུས་དང༌། དད་པ་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་ཏེ། ཆོས་མངོན་པ་ལས་བཤད་པ་བཞིན་ནོ། །དབེན་པ་ནི་ཉོན་མོངས་པས་དབེན་པའོ། །འདོད་ཆགས་དང་བྲལ་བ་ནི་སྲིད་པ་ལས་སོ། །འགོག་པ་ནི་སྡུག་བསྔལ་འགོག་པའོ། །རྣམ་པར་སྤོང་བ་ནི་ཕུང་པོ་སྤོང་བའོ། །ཡང་ན་སྡུག་བདེན་ཤེས་པའི་ཕྱིར་དབེན་པ་ལ་གནས་པའོ། །ཀུན་འབྱུང་སྤོངས་པའི་ཕྱིར། འདོད་ཆགས་དང་བྲལ་བ་ལ་གནས་པའོ། །འགོག་པའི་བདེན་པ་མངོན་སུམ་དུ་བྱས་པའི་ཕྱིར་འགོག་པ་ལ་གནས་པའོ། །ལམ་བདེན་བསྒོམ་པའི་ཕྱིར། རྣམ་པར་སྤོང་བ་ཡོངས་སུ་བསྒྱུར་བའོ། །ལྷག་མ་གཞན་རྣམས་ཀྱི་བཤད་ཚུལ་ཡང་དེ་བཞིན་ནོ། །དབང་པོ་ལྔ་ནི། དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་ཏེ་ལྔའོ། །སྟོབས་ལྔ་ཡང་དེ་ཉིད་དོ། །བྱང་ཆུབ་ཡན་ལག་བདུན་དང༌། འཕགས་ལམ་ཡན་ལག་བརྒྱད་ནི། གཞན་དུ་བསྟན་ཟིན་ཏོ། །ཏིང་ངེ་འཛིན་གསུམ་ལ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི། བྱིས་པས་ཀུན་ཏུ་བཏགས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་དོན་འཛིན་པའི་ཏིང་ངེ་འཛིན་ནོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི། སྤྲོས་པའི་མཚན་མས་དབེན་པ་ཡོངས་སུ་གྲུབ་པའི་དོན་འཛིན་པའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི། ཁམས་གསུམ་པའི་ཆོས་མངོན་པར་འདུ་བྱ་བ་མ་ཡིན་པར་འཛིན་པའོ། །ཡང་ན་རང་གི་ངོ་བོ་སྟོང་པ་ཉིད་དང༌། རྣམ་པར་རྟོག་པའི་མཚན་མ་མེད་པ་དང༌། མངོན་པར་བྱ་བའི་ཡུལ་མེད་པར་རྟོགས་པའོ། །ཤེས་པ་བཅུ་གཅིག་ནི། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་རྟོག་པ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། འདྲིས་པ་ཤེས་པ་དང༌། སྒྲ་ཇི་བཞིན་པ་ཤེས་པའོ། །སྡུག་བསྔལ་ཤེས་པ་ནི། ཀུན་འབྱུང་ཤེས་པས་སྡུག་བསྔལ་སླར་མི་སྐྱེ་བར་ཤེས་པའོ། །ཀུན་འབྱུང་ཤེས་པ་ནི། ཀུན་འབྱུང་སྤང་བྱར་ཤེས་པའོ། །འགོག་པ་ཤེས་པ་ནི། སྡུག་བསྔལ་འགོག་པ་ཤེས་པའོ། །ལམ་ཤེས་པ་ནི། འཕགས་ལམ་ཡན་ལག་བརྒྱད་ཤེས་པའོ། །ཟད་པ་ཤེས་པ་ནི། དུག་གསུམ་ཟད་པ་ཤེས་པའོ། །མི་སྐྱེ་བ་ཤེས་པ་ནི། རྒྱུ་དུག་གསུམ་ཟད་པས་འབྲས་བུ་སྲིད་པའི་རྒྱུན་སྐྱེ་བ་མེད་པར་ཤེས་པའོ། །ཆོས་ཤེས་པ་ནི་ཕུང་པོ་ལྔ་སྒྱུ་མ་ལྟ་བུར་ཤེས་པའོ། །རྗེས་སུ་རྟོགས་པ་ཤེས་པ་ནི། ཐོག་མར་ཁྱད་གཞི་བཟུང་ནས་རྗེས་སུ་ཁྱད་གཞི་མི་རྟག་པར་ཤེས་པའོ་ཞེས་པ་སྟེ་གཟུགས་ནས་རྒ་ཤིའི་བར་མི་རྟག་པར་ཤེས་པའོ། །ཀུན་རྫོབ་ཤེས་པ་ནི་གཞན་གྱི་སེམས་ཤེས་པའོ། །འདྲེས་པ་ཤེས་པ་ནི། སྔར་གོམས་པའི་ལམ་ཤེས་པ་དང༌། སྔར་ཡོངས་སུ་སྦྱང་བ་བྱས་པ་ཤེས་པའོ། །སྒྲ་ཇི་བཞིན་པ་ཤེས་པ་ནི། དེ་བཞིན་གཤེགས་པས་རིགས་དྲུག་སོ་སོའི་སྐད་ཇི་ལྟ་བ་བཞིན་དུ་ཤེས་པའོ། །དབང་པོ་གསུམ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། ཀུན་ཤེས་པའི་དབང་པོ་དང༌། ཀུན་ཤེས་ལྡན་པའི་དབང་པོ་སྟེ། དང་པོ་ནི་ངེས་འབྱེད་ཆ་མཐུན་དང༌། མཐོང་ལམ་སྐད་ཅིག་མ་དང་པོ་བཅོ་ལྔ་ལ་རྣམ་པར་བཞག་གོ །གཉིས་པ་ནི་སྒོམ་པའི་ལམ་ལའོ། །གསུམ་པ་ནི་མི་སློབ་པའི་ལམ་ལའོ། །ཏིང་ངེ་འཛིན་གསུམ་ནི་རྟོག་པ་དང་བཅས་པ་ཞེས་སོགས་སོ། །རྗེས་སུ་དྲན་པ་བཅུ་ནི། སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་དང༌། དགེ་འདུན་དང༌། ཚུལ་ཁྲིམས་དང༌། གཏོང་བ་དང༌། ལྷ་རྗེས་སུ་དྲན་པ་དང༌། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང༌། སྐྱོ་བ་རྗེས་སུ་དྲན་པ་དང༌། འཆི་བ་རྗེས་སུ་དྲན་པ་དང༌། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པའོ། །བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་འཇུག་དགུ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ་ཞེས་སོགས་ནས། རྣམ་པ་འདི་ལྟར་བཞིན་ནི་མེད་དོ་ཞེས་བྱ་བ་རབ་ཏུ་ཤེས་ཏེ་ཞེས་པའི་བར་ལ། མི་འཇིགས་པ་བཞི་ནི། རང་དོན་གྱི་དམ་བཅའ་གཉིས། གཞན་དོན་གྱི་དམ་བཅའ་གཉིས་ཏེ་བཞིའོ། །དང་པོ་ལ་རྟོགས་པ་ཕུན་ཚོགས་ཀྱི་དམ་བཅའ་ནི་བདག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ནས་ཞེས་པ་ནས། རབ་ཏུ་བསྐོར་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། དགེ་སྦྱོང་དང་བྲམ་ཟེ་ནི་ཤེས་རབ་ཀྱིས་ང་རྒྱལ་བའི་ཕྱིར་དང༌། ལྷ་དང་བདུད་ནི་ལྷའི་མིག་ནས་ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པ་ཕུན་སུམ་ཚོགས་པ་ཐོབ་པས་ང་རྒྱལ་བའི་ཕྱིར་སྨོས་སོ། །ང་རྒྱལ་ཅན་དེ་དག་གིས་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅས་ཏེ། སྐུའི་ཕྲིན་ལས་རྣམ་པར་དག་པ་ཐོབ་པའི་ཕྱིར་རོ། །བག་ཚ་བ་མེད་པ་འཐོབ་ཅེས་པས་ནི། གསུངས་ལ་ཞུས་པ་མེད་པར་བསྟན་ཏོ། །དེའི་དབང་གིས་འཁོར་གྱི་ནང་ན་སེང་གེའི་སྒྲ་སྒྲོགས་ཏེ། གསུང་གི་ཕྲིན་ལས་རྣམ་པར་དག་པའི་ཕྱིར་རོ། །མི་འཇིགས་པ་ཐོབ་པས་ནི་ཐུགས་ལ་ཞུམ་པ་མེད་པར་བསྟན་ཏེ། དེའི་དབང་གིས་ཚངས་པའི་འཁོར་ལོ་བསྐོར་ཏེ། ཐུགས་ཀྱི་ཕྲིན་ལས་རྣམ་པར་དག་པའི་ཕྱིར་རོ། །ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའ་ཞེས་པས་ནི། བདེ་བ་ཐོབ་པའི་འབྲས་བུ་བསྟན་ཏོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་ཞེས་པས་ནི། བག་ཚ་བ་མེད་པ་ཐོབ་པའི་འབྲས་བུ་བསྟན་ཏོ། །ཚངས་པའི་འཁོར་འཇིག་རྟེན་ན་དགེ་སྦྱོང་ངམ། ཞེས་སོགས་ཀྱིས་ནི་མི་འཇིགས་པ་ཐོབ་པའི་འབྲས་བུ་བསྟན་ཏོ། །སྤངས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་མི་འཇིགས་པ་ནི། བདག་ཟག་པ་ཟད་དོ་ཞེས་དམ་བཅས་ནས་ཞེས་སོགས་སོ། །གཞན་དོན་བར་ཆད་ཀྱི་ཆོས་ཀྱི་དམ་བཅས་པ་ནི། གང་ལ་ཡང་བདག་གིས་བར་ཆད་ཀྱི་ཆོས་སུ་བསྟན་པ་དེ་དག་ལ་ཞེས་སོགས་སོ། །གཞན་དོན་ངེས་འབྱིན་གྱི་ལམ་དམ་བཅས་པ་ནི། གང་ཡང་བདག་གིས་ལམ་འཕགས་པའི་འབྱུང་བ་རྟོགས་པར་འགྱུར་བས་ཏེ་ཞེས་སོགས་ཏེ། ཚིག་དོན་ནི་སྔ་མ་བཞིན་དུ་བཤད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ། ཆོས་སོ་སོ་ཡང་དག་པར་རིག་པ་ནི། ལུང་གི་ཆོས་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཤེས་པའོ། །དོན་སོ་སོ་ཡང་དག་པར་རིག་པ་ནི། དེ་དག་གི་བརྗོད་བྱའི་དོན་ཁོང་དུ་ཆུད་པའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི། རིགས་དྲུག་སོ་སོའི་སྐད་ཤེས་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི། རང་རང་གི་བརྡ་སྐད་ཀྱི་སྒོ་ནས་ཆོས་སྟོན་པ་ལ་ཐོགས་པ་མེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སྤྱོད་པ་མ་འདྲེས་པ་དྲུག རྟོགས་པ་མ་འདྲེས་པ་དྲུག ཕྲིན་ལས་དང་ཡེ་ཤེས་མ་འདྲེས་པ་དྲུག་སྟེ། འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན་ཞེས་པ་ནས། ཡེ་ཤེས་ཀྱི་གཟིགས་པ་ལ་འཇུག་པ་སྟེ་ཞེས་པའི་བར་རོ། །ལམ་གྱི་ཚོགས་བསྟན་ཟིན་ཏོ། །གཟུངས་ཀྱི་ཚོགས་ལ་གཉིས་ཏེ། ཡི་གེ་ལ་འཇུག་པ་བཞི་བཅུ་ཞེ་གཉིས། ཕན་ཡོན་ཉི་ཤུ་བསྟན་པའོ། །དང་པོ་ལ་གཟུངས་ཀྱི་ངོ་བོ་ནི། སྔར་རྟོགས་པའི་ཆོས་རྣམས་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་བོ། །དེ་ལ་ཚིག་གི་གཟུངས། དོན་གྱི་གཟུངས། བཟོད་པའི་གཟུངས། གསང་སྔགས་ཀྱི་གཟུངས་ཏེ་བཞིའོ། །གཟུངས་ཀྱི་སྒོ་ནི་ཡི་གེ་རྣམས་ཏེ་ཡི་གེ་ལ་དམིགས་པས་གཟུངས་ཀྱི་ཡེ་ཤེས་སྐྱེ་བའི་ཕྱིར་རོ། །ཡི་གེ་མཉམ་པ་ཉིད་དང༌། བརྗོད་པ་མཉམ་པ་ཉིད་ཅེས་གསུངས་པ་ནི། ཡི་གེ་ཨ་ལ་སོགས་པ་ལ་བརྟེན་ནས་མ་སྐྱེས་པའི་དོན་རྟོགས་པའི་ཚེ་ཡི་གེ་དང་བརྗོད་པ་ཚིག་གི་ཚོགས་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་པར་འགྱུར་བའོ། །ཡི་གེའི་སྒོ་ཡི་གེ་ལ་འཇུག་པའི་དོན་ནི། ཡི་གེ་ལ་དམིགས་ཏེ་འཇུག་པས་ཡི་གེ་ལ་བརྟེན་པའི་བརྗོད་བྱའི་ཚིག་གི་དོན་རྟོགས་པས་གཟུངས་སྐྱེ་བ་ཡིན་པའི་ཕྱིར་ཡི་གེ་ཉིད་ལ་སྒོ་ཞེས་བརྗོད་དོ། །དེ་ལ་ཡི་གེ་ལ་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་གསུངས་ཏེ། རྒྱ་གར་གྱི་སྐད་དུ་མ་སྐྱེས་པའི་དོན་བརྗོད་པ་ལ། ཨ་ནུད་པ་ན་ཞེས་བྱ་བ་སྟེ། ཨ་ཐོག་མ་ཅན་གྱི་ཚིག་གི་སྒོ་ནས་མ་སྐྱེས་པའི་དོན་རྟོགས་པའི་ཕྱིར། ཨ་ནི་ཆོས་ཐམས་ཅད་མ་སྐྱེས་པ་རྟོགས་པའི་སྒོ་ཡིན་ནོ། །རྒྱ་གར་གྱི་སྐད་དུ་རྡུལ་དང་བྲལ་བ་ལ། ར་ཛ་ཨ་པ་གྷ་ད་ཞེས་བྱ་བ་སྟེ། ར་ཐོག་མ་ཅན་གྱི་ཚིག་གི་སྒོ་ནས། ཆོས་ཐམས་ཅད་རྡུལ་དང་བྲལ་བར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ར་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བར་རྟོགས་པའི་སྒོ་ཡིན་ནོ། །པ་ཞེས་བྱ་བ་ནི་ཞེས་གསུངས་ཏེ། དོན་དམ་པ་ལ་པ་ར་མ་ཐ་ཞེས་བྱ་བ་སྟེ་དེའི་སྒོ་ནས་དོན་དམ་པ་སྟོན་པའི་ཕྱིར་དང༌། ཚིག་དེ་ལ་བརྟེན་ནས་དོན་དམ་རྟོགས་པ་འབྱུང་བའི་ཕྱིར་སྒོ་ཞེས་བྱའོ། །ཙ་ཞེས་བྱ་བ་གསུངས་པ་ནི། འཕོ་དང་སྐྱེ་བ་ལ་ཙྱ་ཝ་ནོ་པ་ཏི་ཞེས་བྱ་བ་སྟེ། ཙ་ཐོག་མ་ཅན་གྱི་ཡི་གེའི་སྒོ་ནས་འཆི་འཕོ་དང་སྐྱེ་བ་མི་དམིགས་པ་རྟོགས་པའི་ཕྱིར་ཙ་ལ་སྒོ་ཞེས་བརྗོད་དོ། །མིང་དང་བྲལ་བ་ལ། ན་མ་ཨ་པ་ག་ཏ་ཞེས་བྱ་སྟེ། ན་ཐོག་མ་ཅན་གྱི་ཚིག་གིས་མིང་དང་བྲལ་བ་སྟོན་པས་དེའི་དོན་རྟོགས་པ་ན་མིང་དང་བྲལ་བ་ཁོང་དུ་ཆུད་པའི་ཕྱིར་ཡི་གེ་ན་ལ་སྒོ་ཞེས་བརྗོད་དོ། །མ་གཏོར་བ་ཞེས་འབྱུང་བ་ནི། མིང་སྔར་ཡོད་གཏོར་དུ་མེད་པའོ། །དེ་ལ་སྔགས་ཀྱི་ཚིག་ཡི་གེ་འབྲུ་ལྔ་སྟེ། ཨ་ར་པ་ཙ་ནའོ། །ཡི་གེ་འབྲུ་ལྔ་རེ་རེ་ལ་ཡི་གེ་བསྣན་པའི་བཤད་པ་བྱས་པའི་སྒོ་ནས། ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པ་སྟོན་ལ། དེ་ལ་བརྟེན་ནས་དེ་དག་གི་བརྗོད་བྱའི་དོན་རྟོགས་པ་བསྒོམས་པས་གཟུངས་སྐྱེ་བར་འགྱུར་བའི་ཕྱིར་སྒོ་ཡིན་པར་བསྟན་ཏོ། །གཟུངས་སྔགས་ཀྱི་ཚིག་གཞན་རྣམས་ཀྱང་ཡི་གེ་རེ་རེ་ལ་ཡི་གེ་བསྣན་པའི་བཤད་པ་བྱས་པས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པའི་ཕྱིར་དེའི་བརྗོད་བྱ་ལ་བསླབས་པས་གཟུངས་སྐྱེ་བའི་ཕྱིར་སྒོ་ཞེས་བསྟན་པ་ཡིན་ནོ། །ལོ་གོ་དང་རིད་ན་ཞེས་པ། ལ་དང་ར་ཐོག་མ་ཅན་འདིས་འཇིག་རྟེན་ལས་འདས་པ་བསྟན་ཏོ། །ལ་ད་ནི་སྲིད་པའི་འཁྲི་ཤིང་སྟེ་ལ་ཐོག་མ་ཅན་གྱི་ཡི་གེའི་སྒོ་ནས་འཇིག་རྟེན་ལས་འདས་པ་ཐོབ་པས། སྲིད་པའི་འཆིང་བ་དང་བྲལ་བའི་དོན་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ལ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཡི་གེ་ད་ཆོས་ཐམས་ཅད་ཀྱི་སྒོར་བསྟན་པ་ནི། དན་ད་ཞེས་བྱ་བ་དུལ་བ་ལ་འཇུག་པ་སྟེ། ལས་དང་ཉོན་མོངས་པ་འདུལ་བས་དུལ་བ་དང༌། དུལ་བའི་གནས་སུ་ངེས་པའི་དོན་རྟོགས་པའི་ཕྱིར། ཡི་གེ་ད་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ཡི་གེ་བ་ཆོས་ཐམས་ཅད་ཀྱི་སྒོར་བསྟན་པ་ནི། བན་ད་ན་ཞེས་པ་ནི་དོན་དམ་པར་ཆོས་ཐམས་ཅད་བཅིངས་བ་དང་བྲལ་བའི་དོན་སྟོན་པ་དེའི་དོན་རྟོགས་པ་ན་གཟུངས་སྐྱེ་བས་ཡི་གེ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཡི་གེ་ཊ་ཆོས་ཐམས་ཅད་ཀྱི་སྒོར་བསྟན་པ་ནི། ཊ་མར་ཞེས་བྱ་བ་ནི་འཁྲུག་པ་མེད་པ་ལ་འཇུག་པ་སྟེ། དེ་ལ་བརྟེན་ནས་འཁྲུག་པ་མེད་པའི་དོན་རྟོགས་པའི་ཕྱིར། ཡི་གེ་ཊ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ཡི་གེ་ས་ཆོས་ཐམས་ཅད་ཀྱི་སྒོར་བསྟན་པ་ནི། ས་ག་ཞེས་པ་ཆགས་པ་མེད་པ་ལ་འཇུག་པ་སྟེ། དེ་ལ་བརྟེན་ནས་ཆགས་པ་མེད་པའི་དོན་རྟོགས་པའི་ཕྱིར་ཏེ། ལྷག་མ་སྔ་མ་བཞིན་དུ་བཤད་དོ། །བག་པ་ཐ་ཞེས་པ་ངག་གི་ལམ་ལ་འཇུག་པ་སྟེ། དེ་ལ་བརྟེན་ནས་ལམ་ཡང་དག་པར་ཆད་པར་རྟོགས་པའི་ཕྱིར་ཏེ། སྔ་མ་བཞིན་ནོ། །འདིར་སྨོས་པའི་ཡི་གེ་ནི། ཟླ་བའི་ཡི་གེའི་དབང་གིས་སྔ་མ་དང་བརྗོད་བྱ་མི་འདྲ་བའི་ཕྱིར་ཟློས་པར་མི་འགྱུར་རོ། །ཏའི་ཡི་གེ་སྟོན་པ་ནི། ཏ་ཐ་ད་ཞེས་པ་དེ་བཞིན་ཉིད་ལ་འཇུག་པ་སྟེ། དེ་ལ་བརྟེན་ནས་དེ་བཞིན་ཉིད་ཀྱི་དོན་རྟོགས་པའི་ཕྱིར་སྒོའོ། །ཡི་གེ་ཡ་སྟོན་པ་ནི། ཡ་ཐ་ཝད་ཞེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ལ་འཇུག་གོ །དེ་ལ་བརྟེན་ནས་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་བའི་ཕྱིར་སྒོའོ། །ཡི་གེ་སྟཾ་སྟོན་པ་ནི། སྟཾ་པ་ཞེས་པ་ཁེངས་པ་ལ་འཇུག་སྟེ། དེ་བཀག་པ་ནི་ཁེངས་པ་མེད་པ་སྟེ། དེ་ལ་བརྟེན་ནས་ཁེངས་པའི་དོན་མེད་པར་རྟོགས་པའི་ཕྱིར་སྒོའོ། །ཡི་གེ་ཀ་སྟོན་པ་ནི། ཀ་ར་ཀ་ཞེས་པ་བྱེད་པ་པོ་ལ་འཇུག་སྟེ། དེ་བཀག་པ་ནི་བྱེད་པ་པོ་མེད་པ་སྟེ། དེ་ལ་བརྟེན་ནས་བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར། ཡི་གེ་ཀ་ནི་སྒོ་ཞེས་བརྗོད་དོ། །ཡི་གེ་ས་སྟོན་པ་ནི། ས་མན་ཏ་ཞེས་པ་མཉམ་པ་ཉིད་ལ་འཇུག་སྟེ། དེ་ལ་བརྟེན་ནས་མཉམ་པ་ཉིད་ཀྱི་དོན་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ས་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་མ་སྟོན་པ་ནི། མ་མ་ཀ་ར་ཞེས་པ་བདག་གིར་བྱ་བ་ལ་འཇུག་སྟེ། དེ་བཀག་པ་ནི་བདག་གིར་མེད་པ་སྟེ། དེ་ལ་བརྟེན་ནས་བདག་གི་བ་མེད་པའི་དོན་རྟོགས་པའི་ཕྱིར་ཡི་གེ་མ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ག་སྟོན་པ་ནི། ག་མན་ཞེས་པས་འགྲོ་བ་ལ་འཇུག་སྟེ། དེ་བཀག་པ་ནི་འགྲོ་བ་མེད་པ། དེ་ལ་བརྟེན་ནས་འགྲོ་བ་མེད་པར་རྟོགས་པའི་ཕྱིར། ཡི་གེ་ག་ལ་སྒོ་ཞེས་བརྗོད་དོ། །སྠས་ཐའི་ཡི་གེ་སྟོན་པ་ནི། གནས་ལ་སྠ་ན་ཞེས་བྱ་སྟེ། དེའི་བརྗོད་བྱའི་དོན་ལ་སོ་སོར་བརྟགས་པས་བརྗོད་བྱའི་དོན་སོ་སོར་མ་རྙེད་པས་གནས་པ་དམིགས་སུ་མེད་པར་རྟོགས་པའི་ཕྱིར་སྠའི་ཡི་གེ་ལ་སྒོ་ཞེས་བརྗོད་དོ། །ཛའི་ཡི་གེ་སྟོན་པ་ནི། སྐྱེ་བ་ལ་ཛ་ཏི་ཞེས་བརྗོད་དོ། །དེའི་བརྗོད་བྱའི་དོན་ལ་བརྟགས་པས་སྐྱེ་བ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཛའི་ཡི་གེ་ལ་སྒོ་ཞེས་བརྗོད་དོ། །ཤའི་ཡི་གེ་ནི། དབུགས་ལ་ཤྭ་མ་ཐ་ཞེས་བྱ་སྟེ། དེའི་དོན་བརྗོད་བྱའི་དོན་ལ་བརྟགས་པས་དབུགས་རང་བཞིན་མེད་པར་རྟོགས་པའི་ཕྱིར་ཤའི་ཡི་གེ་ལ་སྒོ་ཞེས་བརྗོད་དོ། །དྷའི་ཡི་གེ་སྟོན་པ་ནི། ཆོས་ཀྱི་དབྱིངས་ལ་དྷ་མ་དྷ་ཏུ་ཞེས་བྱ་སྟེ། དེའི་དོན་ལ་བརྟགས་པས་ཆོས་ཀྱི་དབྱིངས་ལ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་དྷ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཤ་སྟོན་པ་ནི། ཞི་གནས་ལ་ཤ་མ་ཐ་ཞེས་བྱ་སྟེ། དེའི་དོན་ལ་བརྟགས་པས་ཞི་གནས་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་ཤ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཁ་སྟོན་པ་ནི་ནམ་མཁའ་དང་མཉམ་པ་ལ་ཁ་ས་མ་ཞེས་བྱ་སྟེ། དེའི་དོན་ལ་བརྟགས་པས་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་ཁ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཀྵ་སྟོན་པ་ནི། ཟད་པ་ལ་ཀྵ་ཡ་ཞེས་བྱ་སྟེ། དེའི་དོན་ལ་བརྟགས་པས་ཟད་པ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་ཀྵ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་རྟ་སྟོན་པ་ནི། བསྟོད་པ་ལ་རྟ་མ་ཞེས་བྱ་སྟེ། དེའི་དོན་ལ་བརྟགས་པས་བསྟོད་པ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་རྟ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཛྙ་སྟོན་པ་ནི། ཡེ་ཤེས་ལ་ཛྙ་ན་ཞེས་བྱ་སྟེ། དེའི་དོན་ལ་བརྟགས་པས་ཡེ་ཤེས་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་ཛྙ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཏ་སྟོན་པ་ནི། ཉོན་མོངས་པའམ་མི་བདེ་བ་ལ་ཨ་ཚིག་གིས་མངོན་པར་བསྟན་པའི་ཨ་ཏི་ཞེས་བྱ་བ་སྟེ། དེའི་དོན་ལ་བརྟགས་པས་ཉོན་མོངས་པའམ་མི་བདེ་བ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཨ་ཚིག་གྲོགས་སུ་སྦྱར་བའི་ཏིའི་ཡི་གེ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཧ་སྟོན་པ་ནི། རྒྱུ་ལ་ཧེ་ཏུ་ཞེས་བྱ་སྟེ། དེའི་དོན་ལ་བརྟགས་པས་རྒྱུ་དང་བྲལ་བར་རྟོགས་པའི་ཕྱིར། ཡི་གེ་ཧ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་བྷ་སྟོན་པ་ནི། འཇིག་པ་ལ་བྷ་ག་ཞེས་བྱ་སྟེ། དེའི་དོན་ལ་བརྟགས་པས་འཇིག་པ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་བྷ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཚ་སྟོན་པ་ནི། ཚ་བའི་ཞེས་པ་མདོག་ལ་འཇུག་སྟེ། དེའི་དོན་ལ་བརྟགས་པས་མདོག་བཟང་ངན་དམིགས་སུ་མེད་པ་རྟོགས་པའི་ཕྱིར། ཡི་གེ་ཚ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་སྨ་སྟོན་པ་ནི། སྨ་ར་ནི་དྲན་པ་ལ་འཇུག་སྟེ། དེའི་དོན་ལ་བརྟགས་པས་དྲན་པ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་སྨ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཧ་སྟོན་པ་ནི། ཨ་བ་ཚིག་གྲོགས་སུ་ལྡན་པའི་ཧ་ན་ཞེས་པ་ནི། ཨ་བ་ཧ་ན་སྟེ་དེའི་དོན་ལ་བརྟགས་པས་བོད་པའི་མིང་ཡང་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་ཧ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཏས་སྟོན་པ་ནི། ཨུད་ཚིག་གྲོགས་སུ་བཞག་པའི་ཏས་ལ་ཧ་སྦྱར་ཏེ་ཨུད་ཏས་ཧ་ནི་སྤྲོ་བའམ་མོས་པ་ལ་འཇུག་སྟེ། དེའི་དོན་ལ་བརྟགས་པས། མོས་པའམ་སྤྲོ་བ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་ཏས་ནི་སྒོ་ཞེས་བརྗོད་དོ། །ཡི་གེ་གྷ་སྟོན་པ་ནི། གྷ་ན་ཞེས་པ་སྟུག་པོ་ལ་འཇུག་སྟེ། དེའི་དོན་ལ་བརྟགས་པས་སྟུག་པོ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་གྷ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཐ་སྟོན་པ་ནི། བི་ཚིག་སྔ་མར་བཞག་པས། བི་ཐ་པ་ཧ་ཞེས་བྱ་སྟེ། དེ་ནི་སྒྲུབ་པ་ལ་འཇུག་ལ། དེའི་དོན་ལ་བརྟགས་པས་སྒྲུབ་པ་དམིགས་སུ་མེད་པའི་ཕྱིར། ཡི་གེ་ཐ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཎ་སྟོན་པ་ནི། ཏ་ཚིག་གྲོགས་སུ་བྱས་ནས་བཞག་པས། ཏ་ཎ་ཞེས་བྱ། དེ་ནི་ཉོན་མོངས་པ་ལ་འཇུག་ལ། དེའི་དོན་ལ་བརྟགས་པས། ཉོན་མོངས་པ་མེད་ཅིང་ཉོན་མོངས་པའི་འགྲོ་འོང་མེད་པར་རྟོགས་པར་འགྱུར་བའི་ཕྱིར་རམ། ཉོན་མོངས་པ་མེད་པ་དང༌། འགྲོ་འོང་མེད་པར་རྟོགས་པའི་ཕྱིར་རམ། ཉོན་མོངས་པ་མེད་པས་ཉོན་མོངས་པ་རྒྱུ་བའི་འགྲོ་འོང་མེད་པར་རྟོགས་པའི་ཕྱིར་རོ། །ཡང་ན་ཉོན་མོངས་པ་དང་འགྲོ་འོང་སོགས་ལ་རྟོག་པའི་རྣམ་པར་རྟོགས་པ་དམིགས་སུ་མེད་པའི་ཕྱིར། ཡི་གེ་ཎ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཕ་སྟོན་པ་ནི། ལེགས་སྦྱར་གྱི་སྐད་དུ་ཕ་ལ་ཞེས་པ་འབྲས་བུ་ལ་འཇུག་སྟེ། དེའི་དོན་ལ་བརྟགས་པས་འབྲས་བུ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་ཕ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་སྐ་སྟོན་པ་ནི་སྐན་དྷ་ནི་ཕུང་པོ་ལ་འཇུག་སྟེ། དེའི་དོན་ལ་བརྟགས་པས་ཕུང་པོ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་སྐ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཡས་སྟོན་པ་ནི་ཡས་ཀ་ར་ནི་མི་བདེ་བ་ལ་འཇུག་སྟེ། དེའི་དོན་ལ་བརྟགས་པས་མི་བདེ་བ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་ཡས་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཙ་སྟོན་པ་ནི། ཙརྻ་ཞེས་པ་སྤྱོད་པ་ལ་འཇུག་སྟེ། དེའི་དོན་ལ་བརྟགས་པས་སྤྱོད་པ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་ཙ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་ཊ་སྟོན་པ་ནི་ཊ་ཀ་ར་ཞེས་པ་སྡུག་བསྔལ་ལ་འཇུག་པ་སྟེ། དེའི་དོན་ལ་བརྟགས་པས། སྡུག་བསྔལ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་ཊ་ལ་སྒོ་ཞེས་བརྗོད་དོ། །ཡི་གེ་དྷ་སྟོན་པ་ནི། དྷ་ཀ་ཞེས་པ་གཡོགས་པ་ལ་འཇུག་སྟེ། དེའི་དོན་ལ་བརྟགས་པས་ཉོན་མོངས་པའི་སྒྲིབ་གཡོགས་མེད་པས་དེའི་དབང་གིས་འཁོར་བའི་མཐའ་ལ་ཐུག་པའི་བར་དུ། སྐྱེ་འཇིག་འབྱུང་བ་དམིགས་སུ་མེད་པར་རྟོགས་པའི་ཕྱིར། ཡི་གེ་དྷ་ནི་སྒོ་ཞེས་བརྗོད་དོ། །ཡི་གེ་འདི་རྣམས་ནི་གཟུངས་སྔགས་ཀྱི་ཡི་གེ་སྟེ། འདི་དག་གི་ཡི་གེ་འབྲུ་རེ་རེའི་དོན་ལ་བརྟགས་པས་ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པའི་དོན་རྟོགས་པའི་གཟུངས་དྲན་པ་དང་ཤེས་རབ་སྐྱེ་བར་འགྱུར་བའི་སྒོ་ཡིན་པའི་ཕྱིར་ཡི་གེ་དེ་དག་ལ་གཟུངས་ཀྱི་སྒོ་ཞེས་བྱའོ། །གཟུངས་ཀྱི་སྒོར་གྱུར་པའི་ཡི་གེའི་ཐ་སྙད་འདིར་བསྟན་པའི་ཡི་གེ་དེ་ཡན་ཆད་དེ། དེ་ལས་ལྷག་པ་གཞན་མེད་དོ། །དེའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་ཡང་གང་གི་ཐ་སྙད་དུ་བྱ་བ་དང༌། གང་གིས་བརྗོད་པ་དང༌། གང་གིས་བསྟན་པ་ཞེས་བྱ་བའི་ཆོས་གསུམ་པོ་ནི། སྨྲ་བ་པོའི་ཆོས་སོ། །གང་བྲི་བ་དང༌། གང་སྣང་བ་དང༌། གང་བཀླག་པར་བྱ་བ་ནི་ཉན་པ་པོའི་ཆོས་སོ། །དེ་ལྟ་བུའི་མིང་གིས་ཐ་སྙད་དུ་བྱ་བའི་གཟུངས་ཀྱི་སྒོའི་ཡི་གེ་ནི་འདིར་མ་འདུས་པ་གང་ཡང་མེད་དོ། །དེ་དག་གི་མཐུན་དཔེ་བསྟན་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་སོགས་ཏེ། ཆོས་ཐམས་ཅད་ནི་ཆོས་ཅན་ནོ། །སྤྲོས་པའི་མཚན་མ་མེད་པ་ནི་བསྒྲུབ་བྱའི་ཆོས་སོ། །ནམ་མཁའ་བཞིན་ཞེས་པ་ནི་དཔེའོ། །མ་སྐྱེས་པའི་ཕྱིར་ཞེས་པ་ནས། འཆི་འཕོ་མེད་ཅིང་སྐྱེ་བ་མང་བའི་ཕྱིར་ཞེས་པའི་བར་ནི་གཏན་ཚིགས་སོ། །དོན་ནི་ཨ་ཞེས་སོགས་ཀྱི་ཡི་གེའི་སྒོ་ནས་ཆོས་ཐམས་ཅད་ནམ་མཁའ་བཞིན་དུ་རང་བཞིན་མེད་པར་ཁོང་དུ་ཆུད་པར་བྱའོ། །རབ་འབྱོར་འདི་ནི་གཟུངས་ཀྱི་སྒོ་ལ་འཇུག་པ་ཨ་ལ་སོགས་པ་ཡི་གེ་བསྟན་པ་ལ་འཇུག་པའོ་ཞེས་པ་ནི་དོན་བསྡུའོ། །གཟུངས་ཀྱི་སྒོ་ལ་མཁས་པའི་ཕན་ཡོན་ཉི་ཤུ་བསྟན་པ་ནི། མདོར་བསྟན་ལ། རབ་འབྱོར་ཞེས་པ་ནས། དེ་ལ་ལེགས་པ་ཉི་ཤུ་ཡོད་པར་ཤེས་པར་བྱའོ་ཞེས་པའི་བར་ཏེ་གཟུངས་ཀྱི་སྒོ་ལ་མཁས་པ་དེ་ནི། ཡི་གེ་གང་ལ་ཡང་ཆགས་པར་མི་འགྱུར་ཏེ། སྐྱེ་མེད་ཀྱི་དོན་རྟོགས་པས་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །ཆོས་ཐམས་ཅད་ཆོས་ཉིད་དུ་རོ་གཅིག་པར་ཐོས་བསམ་གྱིས་རྟོགས་པ་ཉིད་ཀྱིས། ཡང་དག་པ་ཆོས་ཉིད་ཀྱི་དོན་རྟོགས་པའི་སྒོམ་བྱུང་གི་ཡེ་ཤེས་རིམ་གྱིས་བསྒྲུབ་པར་འགྱུར་ཞིང༌། སྒྲ་ཤེས་པར་བྱ་བ་ལ་མཁས་པ་ཐོབ་པར་འགྱུར་རོ། །དེ་ལྟར་ན་སྔ་མ་དོན་དམ་དང་ཕྱི་མ་ཀུན་རྫོབ་ལ་མཁས་པར་བསྟན་ཏོ། །རབ་འབྱོར་བྱང་སེམས་ཆེན་པོ་གང་གིས་ཨ་ལ་སོགས་པའི་ཡི་གེ་ལ་འཇུག་པའི་ཕྱག་རྒྱ་འདི་དང་ཞེས་གསུངས་པ་ལ། ཕྱག་རྒྱ་ཞེས་པ་ནི། ཨ་ལ་སོགས་པ་ཡི་གེའི་འབྲུ་དེ་དག་མ་སྐྱེས་པ་ལ་སོགས་པའི་དོན་སྟོན་པའི་རྟགས་དང་མཚན་མ་ཡིན་པའི་ཕྱིར་ཕྱག་རྒྱ་ཞེས་བྱའོ། །རྒྱས་པར་བཤད་པ་ལ་ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ་ཞེས་སོགས་གསུངས་ཏེ། དྲན་པ་དང་ལྡན་པ་ཞེས་པ་ནས་སྤོབས་པ་དང་ལྡན་པར་འགྱུར་བ་གང་ཞེས་པའི་བར་གཅིག་ཏུ་བགྲང༌། གཟུངས་ཀྱི་སྒོ་འདི་ཡང་ཞེས་པ་ནས་ཚུལ་བཞིན་དུ་གནས་པར་འགྱུར་རོ་ཞེས་པའི་བར་གཅིག་ཏུ་བགྲང༌། སྒྲ་ལ་མཁས་པ་ལ་སོགས་པ་མན་ཆད་རེ་རེར་བགྲངས་པས་ཕན་ཡོན་ཉི་ཤུར་འགྱུར་རོ། །ལམ་དང་གཟུངས་ཀྱི་ལེའུ་སྟེ་བཅུ་པ་རྣམ་པར་བཤད་པའོ།། ༈ བཅུ་གཅིག་པ་ངེས་འབྱུང་གི་ལེའུ་བཤད་པ། ངེས་འབྱུང་གི་ལེའུ་འདི་ནས་སའི་ཚོགས་དང་གཉེན་པོའི་ཚོགས་སྟོན་ཏེ། དང་པོ་སའི་ཚོགས་སྟོན་པ་ནི། ཐེག་པ་ཆེན་པོ་གང་ལགས། ཞེས་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའི་ལན། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ཉི་ཤུ་རྩ་གཅིག་ཏུ་ཕྱེ་སྟེ་བསྟན་ནས། དེའི་འོག་ཏུ་ཇི་ལྟར་ཐེག་པ་ཆེན་པོ་ལ་ཞུགས་པ་ལགས་ཞེས་ཞུས་པའི་དོན་བསྟན་པའི་ཕྱིར་དུ། སའི་ཚོགས་བསྟན་པ་ནི། རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་ཞེས་སོགས་གསུངས་ཏེ། འོག་ནས་འབྱུང་བའི་ས་བཅུ་པོ་དག་ལ་ཞུགས་པ་ནི། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་སྟེ་ཞེས་པའི་ཚུལ་དུ་བསྟན་པ་ན། བྱང་ཆུབ་སེམས་དཔའི་ས་བཅུ་དང་ཡོངས་སུ་སྤྱོད་པའི་ཆོས་གང་ཡིན་ཞེས་པའི་ཚུལ་གྱིས་ཞུས་སོ། །ལན་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང༌། ས་ནས་སར་འཕར་ཏེ་ས་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་རེ་རེ་གཙོ་བོར་སྤྱོད་པའི་ཚུལ་གྱིས། ས་གོང་ནས་གོང་དུ་འཕར་བས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་པས་ལན་བཏབ་བོ། །དེ་ལ་དང་པོ་ས་ནས་སར་འཕར་བའི་རྒྱུ་ཐུན་མོང་དུ་བསྟན་པ་ནི། རབ་འབྱོར་འདི་ལ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང༌། ས་ནས་སར་འཕར་ཏེ་ཞེས་པ་ནས། ས་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་པའི་བར་གྱིས་གསུངས་ཏེ། ཆོས་ཐམས་ཅད་འཕོ་བ་མེད་པ་དང༌། འགྲོ་འོང་མེད་པ་དང༌། ཆོས་གང་ལ་ཡང་རློམ་སེམས་མེད་པར་ཡོངས་སུ་སྦྱངས་བས། ས་འོག་མ་ནས་གོང་མར་འཕར་བ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །ས་ཡོངས་སུ་སྦྱོང་བ་ཡང་མི་བྱེད་པ་མ་ཡིན་ཞེས་པའི་དོན་ནི་དོན་དམ་པར་ཆོས་ཐམས་ཅད་མ་དམིགས་ཀྱང་ཀུན་རྫོབ་ཏུ་སའི་ཡོན་ཏན་རྣམས་ཐོབ་པར་མི་བྱེད་པའམ། མི་མཐུན་པའི་ཕྱོགས་མི་སེལ་བ་ཡང་མ་ཡིན་པའི་དོན་ནོ། །ཀུན་རྫོབ་ཏུ་ས་ཡོངས་སུ་སྦྱོང་ཡང་ས་དེ་ཡང་དོན་དམ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་ཏོ། །ས་འོག་མ་ནས་གོང་མར་འཕར་བའི་རྒྱུ་སྤྱིར་བསྟན་ཟིན་ནས། སོ་སོའི་ཡོངས་སུ་སྦྱོང་བ་རྒྱས་པར་བསྟན་པ་ལ། ས་དང་པོའི་ཡོངས་སུ་སྦྱོང་བ་བསྟན་པ་ནི། དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོའི་ས་ཡོངས་སུ་སྦྱོང་བ་གང་ཞེ་ན། རབ་འབྱོར་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཡོངས་སུ་སྦྱོང་བ་བཅུ་པོ་འདི་དག་བྱ་སྟེ་ཞེས་པ་ནས། ས་དང་པོ་ལ་གནས་པས་བྱ་བ་དག་གོ །ས་གཉིས་པའི་ཡོངས་སྦྱོང་ནི། ས་གཉིས་པ་ལ་གནས་པས་ཆོས་བརྒྱད་པོ་འདི་དག་ཅེས་པ་ནས། དེ་དག་ལ་ནན་ཏན་དུ་བྱ་བ་དག་གོ་ཞེས་པའི་བར་རོ། །ས་གསུམ་པའི་ཡོངས་སྦྱོང་ནི། ས་གསུམ་པ་ལ་གནས་པ་ས་ཞེས་པ་ནས། ས་གསུམ་པ་ལ་གནས་པས་བྱ་བ་དག་གོ་ཞེས་པའི་བར་རོ། །ས་བཞི་པའི་ཡོངས་སྦྱོང་ནི། ས་བཞི་པ་ལ་གནས་པའི་ཞེས་པ་ནས། ས་བཞི་པ་ལ་གནས་པས་བྱ་བ་དག་གོ་ཞེས་པའི་བར་རོ། །དགོན་པ་ལ་གནས་པས་ཞེས་པ་ནི། ནགས་ཚལ་ལ་སོགས་པ་ལ་གནས་པ་ལ་མི་བྱ་ཡི། ཉན་རང་གི་ཡིད་ལ་བྱེད་པས་དབེན་པ་ལ་དགོན་པར་བརྗོད་དོ། །སྦྱངས་པའི་ཡོན་ཏན་ཞེས་སྨོས་པ་ཡང༌། རྣམ་པར་རྟོག་པ་ཡོངས་སུ་སྦྱོང་བའི་རྒྱུ་མཚན་མར་འཛིན་པ་མེད་པ་ལ་བརྗོད་ཀྱི། ཕྱག་དར་ཁྲོད་པ་ལ་སོགས་པ་མ་ཡིན་ནོ་ཞེས་འབུམ་ཊཱིཀ་ལས་བཤད་དོ། །ས་ལྔ་པའི་ཡོངས་སྦྱོང་ནི། ས་ལྔ་པ་ལ་གནས་པའི་ཞེས་པ་ནས། ས་ལྔ་པ་ལ་གནས་པས་ཡོངས་སུ་སྤང་བར་བྱའོ་ཞེས་པའི་བར་རོ། །ས་དྲུག་པའི་ཡོངས་སྦྱོང་ནི། ས་དྲུག་པ་ལ་གནས་པའི་ཞེས་པ་ནས། ས་དྲུག་པ་ལ་གནས་པས་ཡོངས་སུ་སྤོང་བར་བྱའོ་ཞེས་པའི་བར་རོ། །ས་བདུན་པའི་ཡོངས་སྦྱོང་ལ། སྤང་བྱ་ཉི་ཤུ་ཡོངས་སུ་སྤངས་པ་དང༌། གཉེན་པོ་ཉི་ཤུ་ཡོངས་སུ་རྫོགས་པའོ། །དང་པོ་ནི། ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་མི་བྱ་སྟེ་ཞེས་པ་ནས། །ཉི་ཤུ་པོ་འདི་དག་ནི་བྱ་བ་མ་ཡིན་པའོ་ཞེས་པའི་བར་རོ། །གཉིས་པ་ནི་ཆོས་ཉི་ཤུ་པོ་འདི་དག་ཡོངས་སུ་རྫོགས་པར་བྱའོ་ཞེས་པ་ནས། ས་བདུན་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ་ཞེས་པའི་བར་རོ། །ས་བརྒྱད་པའི་ཡོངས་སྦྱོང་ནི། ས་བརྒྱད་པ་ལ་གནས་པའི་ཞེས་པ་ནས། ཡོངས་སུ་རྫོགས་པར་བྱའོ་ཞེས་པའི་བར་རོ། །ཆོས་བཞི་ཚན་གཉིས་སོ་སོར་བྱས་པ་ནི། བཞི་ཚན་གཉིས་པོ་གང་ཡང་རུང་བས་ཀྱང༌། ཡོངས་སུ་སྦྱོང་བར་ནུས་པར་བསྟན་པའོ། །ས་དགུ་པའི་ཡོངས་སྦྱོང་ནི། ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱས་ཏེ་ཞེས་པ་ནས། ས་དགུ་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ་ཞེས་པའི་བར་རོ། །ས་བཅུ་པ་ངོ་བོའི་སྒོ་ནས་སྟོན་པ་ནི། རབ་འབྱོར་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་པའོ། །གོང་དུ་ས་བཅུ་རེ་རེ་ལ་ཡོངས་སྦྱོང་གི་ཆོས་ཀྱིས་ས་རྣམས་རྫོགས་པར་བྱ་བར་གསུངས་པ་དང༌། དེ་དག་གི་གནས་སྐབས་སུ་སྤོང་བར་བྱ་བའི་ཆོས་རྣམས་མདོར་གསུངས་པ་དེ་དག་ཞིབ་ཏུ་ཤེས་པར་འདོད་ནས། བཅོམ་ལྡན་འདས་ལ་ཞུས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཏེ། དེ་ལ་དང་པོ་ས་དང་པོའི་ཡོངས་སྦྱོང་གི་ཆོས་བཅུ་གོང་དུ་སྨོས་པ་དེའི་བཤད་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་གང་ལགས་ཞེས་པ་ནས། ས་དང་པོ་ལ་གནས་པའི་ཡོངས་སུ་སྦྱོང་བ་བཅུའོ་ཞེས་པའི་བར་རོ། །ས་གཉིས་པའི་ཡོངས་སྦྱོང་གོང་དུ་སྨོས་པ་དེའི་བཤད་པ་ནི། དེ་ལ་བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བའོ་ཞེས་པའི་བར་རོ། །ས་གསུམ་པའི་ཡོངས་སྦྱོང་གོང་དུ་བཤད་པ་དེའི་འགྲེལ་པ་ནི། མང་དུ་ཐོས་པས་མི་ངོམས་པ་གང་ཞེ་ན་ཞེས་པ་ནས། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པའོ་ཞེས་པའི་བར་རོ། །ས་བཞི་པའི་ཡོངས་སྦྱོང་གོང་དུ་བཤད་པ་དེའི་འགྲེལ་པ་ནི། དགོན་པ་ན་གནས་པ་ཡོངས་སུ་མི་གཏོང་བ་གང་ཞེས་པ་ནས། དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པའོ་ཞེས་པའི་བར་རོ། །འདིར་དགོན་པ་ལ་གནས་པའི་དོན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་འདའ་བ་ལ་བཤད་པ་ན། ཡོངས་སུ་གྲགས་པའི་དགོན་པ་ལ་འདོད་པ་ནི་ནོར་པའི་ངང་ཚུལ་སྟོན་པར་ཟད་དོ། །ས་ལྔ་པའི་ཡོངས་སྦྱོང་གོང་དུ་མདོར་སྨོས་པ་དེའི་བཤད་པ་ནི། ཁྱིམ་པ་དང་བརྟེན་པ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན་ཞེས་པ་ནས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་མི་འདོར་བའོ་ཞེས་པའི་བར་རོ། །ས་དྲུག་པའི་ཡོངས་སྦྱོང་མདོར་བཤད་པ་དེའི་འགྲེལ་པ་ནི། དེ་ལ་ས་དྲུག་པ་ལ་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་གང་ཞེ་ན། འདི་ལྟར་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ་ཞེས་པའི་བར་རོ། །ཤེས་པར་བྱ་བ་ལྔའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏོ་ཞེས་པའི་དོན་ནི། ཤེས་བྱ་མཐའ་དག་ཟབ་ཅིང་བརྟག་པར་དཀའ་བས་རྒྱ་མཚོ་དང་འདྲ་བ་ཡིན་ལ། དེ་དག་ཀྱང་མདོར་བསྡུ་ན་ལྔར་འདུས་ཏེ། བྱུང་ཟིན་དང༌། འབྱུང་འགྱུར་དང༌། བྱུང་ནས་གནས་པ་དང༌། དོན་དམ་པའི་དབྱིངས་དང༌། འདུས་མ་བྱས་ཀྱི་དབྱིངས་སོ། །དེ་དག་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏོ་ཞེས་བཤད་དོ། །ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ཤེས་པར་བྱ་བ་ཡང་འདིའི་ནང་དུ་འདུས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཀྱང་ཤེས་པར་བྱ་ཞེས་སྨོས་སོ། །ཆོས་དྲུག་ཡོངས་སུ་སྤང་བྱ་ཞེས་མདོར་བཤད་པའི་འགྲེལ་པ་ནི། ཆོས་དྲུག་ཡོངས་སུ་སྤོང་བར་བྱ་བ་གང་ཞེ་ན་ཞེས་པ་ནས། སྦྱིན་པ་ཡོངས་སུ་གཏང་བར་བྱའོ་ཞེས་པའི་བར་རོ། །ས་བདུན་པའི་ཡོངས་སྦྱོང་ལ། སྤང་བྱ་ཉི་ཤུ་སྤོང་བར་བཤད་པ་དེའི་འགྲེལ་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་ཏུ་འཛིན་པར་མི་བྱའོ་ཞེས་པ་ནས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་དང་འགལ་བར་མི་བྱ་ཞེས་པའི་བར་རོ། །གཉེན་པོ་ཉི་ཤུ་ཡོངས་སུ་རྫོགས་པར་བཤད་པ་འདིའི་འགྲེལ་པ་ནི། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ཡིན་ཞེ་ན་ཞེས་པ་ནས། འཁོར་གྱི་དཀྱིལ་འཁོར་དེ་དང་དེ་དག་ཏུ་ལུང་སྟོན་པའོ་ཞེས་པའི་བར་རོ། །ས་བརྒྱད་པའི་ཡོངས་སྦྱོང་གོང་དུ་བཞི་ཚན་གཉིས་བཤད་པ་ལ། དང་པོའི་འགྲེལ་པ་ནི། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་གྱི་སེམས་ཁོང་དུ་ཆུད་པ་གང་ཞེ་ན་ཞེས་པ་ནས། འདི་ལྟ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་པའི་བར་རོ། །ས་དགུ་པའི་ཡོངས་སྦྱོང་གོང་དུ་མདོར་སྨོས་པ་དེའི་འགྲེལ་པ་ནི། དེ་ལ་ཇི་ལྟར་ན་བྱང་སེམས་ཆེན་པོ་ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ཞེས་པ་ནས། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པའོ་ཞེས་པའི་བར་རོ། །སྔར་ས་བཅུ་པ་ངོ་བོར་བཞག་པ་དེའི་འགྲེལ་པ་ནི། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་གང་ཡིན་ཞེ་ན་ཞེས་པ་ནས། ས་བཅུ་པ་ལ་གནས་པ་འདི་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ་ཞེས་པའི་བར་རོ། །གོང་དུ་ས་བཅུ་ལ་གནས་པ་ཞེས་སྨོས་པ་ལས་འཕྲོས་ནས་ས་བཅུ་དྲི་བ་ནི། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་གང་ཞེ་ན་ཞེས་པའོ། །ལན་ལ་གཉིས་ཏེ། ཞར་ལ་བྱུང་བའི་དོན་དང་དངོས་ཀྱི་དོན་བསྟན་པའོ། །དང་པོ་ནི། ས་བཅུ་པ་ལ་གནས་པ་ལ་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པའི་རྒྱུ་མཚན་བཤད་པ་སྟེ། ཐབས་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པའི་ཚེ་ཞེས་པའི་བར་རོ། །གཉིས་པ་སྐབས་ཀྱི་དོན་ས་བཅུ་བཤད་པ་ནི། དཀར་པོ་རྣམ་པར་མཐོང་བའི་ས་ཞེས་པ་ནས། བྱང་ཆུབ་སེམས་དཔའི་ས་ལ་ཡང་དག་པར་རྗེས་སུ་འདས་ཏེ་ཞེས་པའི་བར་རོ། །ཡང་ན་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པའི་རྒྱུ་མཚན་དང༌། ས་བཅུ་གཉིས་ལྷན་ཅིག་ཏུ་བསྟན་པ་སྟེ། དང་པོ་ནི། རབ་འབྱོར་དེ་ལ་ཞེས་པ་ནས། དེ་ལྟར་ས་དགུ་ལས་ཡོངས་སུ་འདས་ནས་སངས་རྒྱས་ཀྱི་ས་ཡོངས་སུ་གནས་ཏེ་ཞེས་པའི་བར་རོ། །དཀར་པོ་རྣམ་པར་མཐོང་བའི་ས་ཞེས་པ་ནས། བྱང་ཆུབ་སེམས་དཔའི་ས་ཞེས་པའི་བར་དྲི་བའི་དོན་དང་ཉེ་བར་སྦྱོར་བ་ནི། རབ་འབྱོར་ཞེས་པ་ནས། འདི་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་ས་བཅུའོ་ཞེས་པའི་བར་རོ། །ཡང་ན་ས་བཅུ་ལ་གནས་པ་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པ་ལ་འཕྲོས་ནས་ས་བཅུ་དྲི་བ་དང་ལན་བཤད་པའོ། དང་པོ་ནི། རབ་འབྱོར་དེ་ལ་ས་བཅུ་གང་ཞེ་ན་ཞེས་པའོ། །ལན་ལ་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པའི་རྒྱུ་མཚན་དང༌། རྒྱུ་མཚན་དེ་ཉིད་བཤད་པས་ས་བཅུ་ངོས་བཟུང་བའོ། །ཡང་ན་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པའི་རྒྱུ་མཚན་བཤད་པའི་སྒོ་ནས་ས་བཅུ་བཤད་དེ། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་པ་ནས། དེ་ལྟར་ས་དགུ་ལས་ཡོངས་སུ་འདས་ནས། སངས་རྒྱས་ཀྱི་ས་ལ་གནས་ཏེ་ཞེས་པའི་བར་གྱིས་གསུངས་སོ། །ས་དགུ་ནི་དཀར་པོ་རྣམ་པར་མཐོང་བའི་ས་ཞེས་པ་ནས། བྱང་ཆུབ་སེམས་དཔའི་ས་ཞེས་པའི་བར་རོ། །དོན་བསྡུ་བ་ནི། རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུའོ་ཞེས་པའོ། །དེ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ནི། མོས་པས་སྤྱོད་པའི་ས་དྲོད་དང་རྩེ་མོའི་སྐབས་སུ། རྣམ་པར་བྱང་བའི་ཆོས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མཐོང་བའི་ཕྱིར། དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱའོ། །རིགས་ཀྱི་ས་ནི། བཟོད་པ་དང་ཆོས་མཆོག་གི་སྐབས་སུ་རྟོགས་པའི་སྟོབས་ཀྱིས་བྱང་ཆུབ་ཏུ་ངེས་པའི་རྟོགས་པ་དང་ལྡན་པའི་རིགས་ཀྱི་ས་ཞེས་བྱའོ། །བརྒྱད་པའི་ས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པའི་ས་སྟེ། དགྲ་བཅོམ་འབྲས་གནས་ནས་བགྲངས་ན་བརྒྱད་པ་ལ་འབབ་པའི་ཕྱིར་རོ། །རྒྱུན་ཞུགས་ཀྱི་རྟོགས་པ་ནི་མཐོང་བའི་ས་ཞེས་བྱ་སྟེ། བདེན་པ་བཞིའི་དེ་ཁོ་ན་ཉིད་རྫོགས་པར་མཐོང་བའི་ཕྱིར། ལན་གཅིག་ཕྱིར་འོང་གི་རྟོགས་པ་ནི་བསྲབ་པའི་ས་ཞེས་བྱ་སྟེ། འདོད་པའི་ཉོན་མོངས་པ་སྲབ་མོར་བྱས་པའི་ཕྱིར། ཕྱིར་མི་འོང་བའི་རྟོགས་པ་ནི། འདོད་ཆགས་དང་བྲལ་བའི་ས་ཞེས་བྱ་སྟེ། འདོད་པ་ལ་འདོད་ཆགས་མ་ལུས་པར་སྤོངས་པའི་ཕྱིར་རོ། །དགྲ་བཅོམ་པའི་རྟོགས་པ་ནི། བྱས་པ་རྟོགས་པའི་ས་ཞེས་བྱ་སྟེ། མི་མཐུན་ཕྱོགས་སྤོང་བའི་བྱ་བ་དང༌། གཉེན་པོ་བསྒོམ་པའི་བྱ་བ་བྱས་ཟིན་པའི་ཕྱིར། བྱང་ཆུབ་སེམས་དཔའི་ས་ནི། ཇི་སྐད་བཤད་པ་དགུ་པོ་ཉིད་དོ། །བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་སྦྱོང་བ་དེ་དག་ནི། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བྱའོ་ཞེས་པ་ནི། སྔར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དོན་དྲིས་པའི་ལན་རྒྱས་པར་བཤད་པའོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་སོགས་སོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བསྟན་ཟིན་ཏོ། །དེའི་འོག་ཏུ་ཐེག་པ་དེ་གང་ལས་ངེས་པར་འབྱུང་བར་འགྱུར་ཞེས་གསུམ་པའི་ལན་གསུངས་པས་ནི། གཉེན་པོའི་ཚོགས་ཀྱི་སྒྲུབ་པ་བསྟན་ཏེ། ཁམས་གསུམ་ལས་ངེས་པར་འབྱུང་བར་འགྱུར་ཞིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཁམས་གསུམ་ལས་ངེས་པར་འབྱུང་བར་འགྱུར་བ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གནས་པ་དེར་གནས་པར་འགྱུར་རོ་ཞེས་གསུངས་པ་ནི། ཉན་རང་ལ་ཡང་ཁམས་གསུམ་ལས་ངེས་པར་འབྱུང་བ་ཡོད་པས། དེ་ལས་ཁྱད་པར་དུ་བྱས་པའི་ཕྱིར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་ཞེས་གསུངས་སོ། །འདིས་ནི་ཐེག་པ་ཆེན་པོ་ལ་བྱ་བ་གཉིས་ཡོད་པར་བསྟན་ཏེ། ཐེག་པ་ཆེན་པོ་ཉིད་ཁམས་གསུམ་ལས་འབྱུང་བ་དང༌། རྣམ་མཁྱེན་ལ་གནས་པར་གསུངས་པའི་ཕྱིར་གལ་ཏེ་དེ་མི་འཐད་དེ། ཐེག་ཆེན་དང་རྣམ་མཁྱེན་སོ་སོ་ཡིན་པའི་ཕྱིར་ཞེ་ན། ཐ་དད་པ་མ་ཡིན་པའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེས་སོགས་སོ། །ཡང་ན་རྣམ་མཁྱེན་ལ་གནས་ཞེས་བསྟན་པ་ན། རྟེན་དང་བརྟེན་པ་པོའི་ཚུལ་དུ་སོ་སོར་ཡོད་དོ་སྙམ་ན། རྟེན་དང་བརྟེན་པའི་ཚུལ་དུ་གནས་པ་མེད་པའི་གཏན་ཚིགས་སྨྲས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ་ཞེས་པའི་བར་དུ་གསུངས་སོ། །དེ་ལ་ལྡན་པ་ཡང་མ་ཡིན་ཞེས་པས་ནི་གཅིག་པའི་མཚན་ཉིད་མེད་པར་བསྟན་ཏོ། །མི་ལྡན་པ་ཡང་མ་ཡིན་ཞེས་པས་ནི་ཐ་དད་པའི་མཚན་ཉིད་མེད་པར་བསྟན་ཏོ། །ངོ་བོ་ཉིད་ཀྱིས་གྲུབ་པའི་མཚན་ཉིད་མེད་པའི་ཕྱིར་གཉིས་ཀ་ཡང་མཚན་ཉིད་མེད་པ་ཉིད་དུ་རོ་གཅིག་པའོ། །གལ་ཏེ་མཚན་ཉིད་མེད་པར་རོ་གཅིག་ན། ཁམས་གསུམ་ནས་ངེས་པར་འབྱུང་བར་འགལ་ལོ་སྙམ་ན། དོན་དམ་པར་ངེས་པར་འབྱུང་བར་མི་འདོད་པའི་གཏན་ཚིགས་སྨྲས་པ་ནི། རབ་འབྱོར་མཚན་ཉིད་མེད་པའི་ཆོས་ནི། ད་ལྟར་ངེས་པར་འབྱུང་བའམ། མ་འོངས་པ་ན་ངེས་པར་འབྱུང་བར་འགྱུར་བའམ། འདས་པའི་དུས་སུ་ངེས་པར་འབྱུང་བར་གྱུར་པ་ཡང་མེད་པའི་ཕྱིར་ཞེས་པའོ། །དོན་དམ་པར་ངེས་པར་འབྱུང་བ་མེད་པ་དཔེའི་སྒོ་ནས་རྒྱས་པར་བསྟན་པ་ནི། རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་འབྱུང་བར་འདོད་དུ་ཟད་དོ་ཞེས་པ་ནས། རབ་འབྱོར་རྣམ་གྲངས་འདིས་ན། འདི་ལྟར་ཐེག་པ་ཆེན་པོ་འདི་ཁམས་གསུམ་ནས་བྱུང་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་ཤེས་པར་བྱ་སྟེ། དེ་ནི་བསྐྱོད་དུ་མེད་པའོ་ཞེས་པའི་བར་རོ། །དེ་ལ་དང་པོ་ཆོས་ཀྱི་དབྱིངས་ནས་འགོག་པའི་དབྱིངས་ཀྱི་བར་ཆོས་ཉིད་ཀྱི་རྣམ་གྲངས་བརྒྱད་ངེས་པར་འབྱུང་བ་མེད་པ་བཞིན་དུ། དོན་དམ་པར་ཁམས་གསུམ་ནས་ངེས་པར་འབྱུང་བ་ཡང་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་ཡང་མེད་ཅེས་བྱས་པའི་ཚུལ་དུ་སྟོན་ཏེ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།