སྟོང་ཕྲག་བརྒྱ་པའི་རྣམ་འགྲེལ་གྱི་དབུ་ཕྱོགས། ང༽

མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཆོས་ཀྱི་དབྱིངས་འབྱུང་བར་འདོད་དུ་ཟད་དོ་ཞེས་པ་སྟེ། དོན་དམ་པར་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་ནི། ཆོས་ཀྱི་དབྱིངས་འབྱུང་བར་འདོད་པ་དང་ཚུལ་མཚུངས་ཏེ། ངེས་པར་འབྱུང་བ་མེད་པ་ལ་ངེས་པར་འབྱུང་བ་འདོད་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་འབྱུང་བ་མེད་ཅེ་ན། རང་གི་ངོ་བོས་སྟོང་པའི་ཕྱིར་རོ། །དཔེ་དེ་བཞིན་དུ་ངེས་པར་འབྱུང་བ་དང༌། རྣམ་མཁྱེན་དུ་གནས་པར་འགྱུར་བ་མེད་དོ་ཞེས་སྦྱར་ཏེ། ཆོས་ཀྱི་དབྱིངས་ནས་འགོག་པའི་དབྱིངས་ངེས་པར་འབྱུང་བ་མེད་པ་དཔེར་བསྟན་པ་ནི། རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཆོས་ཀྱི་དབྱིངས་འབྱུང་བར་འདོད་དུ་ཟད་དོ་ཞེས་པ་ནས། འགོག་པའི་དབྱིངས་འབྱུང་བར་འདོད་དུ་ཟད་དོ་ཞེས་པའི་བར་ཏེ། ཕུང་པོ་ལྔ་རང་བཞིན་གྱིས་སྟོང་པ་ཞིག་ངེས་པར་འབྱུང་བ་མེད་པ་དཔེར་བསྟན་པ་ནི། རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་གཟུགས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ་ཞེས་པ་ནས། རྣམ་པར་ཤེས་པ་སྟོང་པའི་ཕྱིར་རོ་ཞེས་པའི་བར་ཏེ། གཟུགས་སྟོང་པ་ཉིད་ཅེས་པ་ནས། རྣམ་པར་ཤེས་པ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ་ཞེས་པའི་བར་ནི་དམ་བཅའོ། །གཏན་ཚིགས་སྨྲས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ་ཞེས་པའི་བར་རོ། །ཕུང་པོ་ལྔའི་སྟོང་ཉིད་ཁམས་གསུམ་ནས་འབྱུང་བ་མེད་པ་དང༌། རྣམ་མཁྱེན་དུ་གནས་པ་མེད་པའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་པའི་ཕྱིར་ཞེས་པའི་བར་རོ། །ཁམས་བཅོ་བརྒྱད། རེག་པ་དྲུག ཚོར་བ་དྲུག སྟོང་པ་ཞིག་ཁམས་གསུམ་ནས་འབྱུང་བ་མེད་པ་དང༌། རྣམ་མཁྱེན་དུ་གནས་པ་མེད་པ་ནི། རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ཞེས་པ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་པའི་ཕྱིར་རོ་ཞེས་པའི་བར་རོ། །དེ་ལ་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཁམས་བཅོ་བརྒྱད་དང༌། རེག་པ་དྲུག་དང༌། ཚོར་བ་དྲུག་སྟོང་པ་ཞིག་ངེས་པར་འབྱུང་བར་འདོད་པ་དང་མཚུངས་ཏེ། དེ་དག་ཁམས་གསུམ་ནས་ངེས་པར་འབྱུང་བ་དང༌། རྣམ་མཁྱེན་དུ་འབྱུང་བ་མེད་པའི་ཕྱིར་ཏེ། དེ་དག་རང་རང་གི་ངོ་བོས་སྟོང་པའི་ཕྱིར། དཔེ་དེ་བཞིན་དུ་ཐེག་པ་ཆེན་པོ་དང་རྣམ་མཁྱེན་ཀྱང་དངོས་པོར་མེད་པས། ཁམས་གསུམ་ནས་འབྱུང་བ་དང་རྣམ་མཁྱེན་དུ་གནས་པ་མེད་དོ་ཞེས་བསྟན་པའོ། །ཡང་རྨི་ལམ་ལ་སོགས་པ་སྒྱུ་མའི་དཔེ་བརྒྱད་ཀྱིས་ངེས་པར་འབྱུང་བ་དང༌། རྣམ་མཁྱེན་དུ་གནས་པ་མེད་པར་སྟོན་པ་ནི། རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྨི་ལམ་འབྱུང་བར་འདོད་དུ་ཟད་དོ་ཞེས་པ་ནས། དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་པའི་ཕྱིར་ཞེས་པའི་བར་ཏེ། འཆད་ཚུལ་སྔ་མ་བཞིན་ནོ། །འབྱུང་བར་འདོད་དུ་ཟད་དོ་ཞེས་པ་དམ་བཅའ། འབྱུང་བ་མེད་པ་དང་གནས་པ་མེད་པ་གཏན་ཚིགས་སོ། །དེའི་ཡང་གཏན་ཚིགས་ནི། རྨི་ལམ་ནི་རྨི་ལམ་གྱིས་སྟོང་པའི་ཕྱིར་ཞེས་སོགས་ཏེ་དཔེ་བསྟན་ཏོ། །དོན་སྔ་མ་བཞིན་དུ་སྦྱར་རོ། །འདི་ལ་སྟོང་ཉིད་མ་སྨོས་པ་ནི། མེད་པར་རྟོགས་པར་སླ་བས་སོ། །སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ངེས་པར་འབྱུང་བ་དང༌། རྣམ་མཁྱེན་དུ་གནས་པ་མེད་པའི་དཔེས་ཁམས་གསུམ་དུ་འབྱུང་བ་མེད་པ་དང༌། རྣམ་མཁྱེན་དུ་གནས་པ་མེད་པར་བསྟན་པ་ནི། རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངོ་བོ་ཉིད་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་པའི་བར་ཏེ། དམ་བཅའ་དང༌། གཏན་ཚིགས་དང༌། གཏན་ཚིགས་དེ་ཉིད་ཀྱི་འཐད་པ་ཡང་སྔ་མ་བཞིན་ནོ། །དེ་ཉིད་དཔེར་བསྟན་ནས་དོན་ཡང་སྔ་མ་བཞིན་དུ་སྦྱར་རོ། །དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་སྟེ། བཞི་པོ་ངེས་པར་འབྱུང་བ་མེད་པར་བསྟན་པ་ནི། རབ་འབྱོར་གང་ཞེས་པ་ནས། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་པའི་བར་ཏེ། དཔེ་བཤད་ཚུལ་དང༌། དོན་ལ་སྦྱར་ཚུལ་སྔ་མ་བཞིན་ནོ། །རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་བྱང་ཆུབ་དང༌། མཁྱེན་པ་གསུམ་ལ་ངེས་པར་འབྱུང་བ་མེད་པར་བསྟན་པ་ནི། རབ་འབྱོར་གང་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངོ་བོ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་པའི་བར་ཏེ། དཔེ་བཤད་ཚུལ་དང་དོན་ལ་སྦྱར་ཚུལ་སྔ་མ་བཞིན་ནོ། །ཡང་མིང་དང༌། མཚན་མ་དང༌། བརྡ་དང༌། ཐ་སྙད་དང༌། གདགས་པ་དང་ལྔ་སྨོས་པ་དེ་དག་ངེས་པར་འབྱུང་བ་མེད་པའི་དཔེ་བཤད་ཚུལ་དང་དོན་ལ་སྦྱར་ཚུལ་ཡང་སྔ་མ་བཞིན་ནོ། །དེ་ལ་བུམ་པ་ཞེས་པ་ལྟ་བུ་ནི་མིང་ངོ༌། །ལྟོ་ལྡིར་བ་ལྟ་བུ་ནི་མཚན་མའོ། །སྐྱེས་བུ་ལ་ལྷས་སྦྱིན་ཞེས་བཏགས་པ་ལྟ་བུ་ནི་བརྡའོ། །བུམ་པ་འོན་ཅིག་ཅེས་པ་ལྟ་བུ་ནི་ཐ་སྙད་དོ། །ཡང་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་སྟེ། ཆོས་ལྔ་པོ་ངེས་པར་འབྱུང་བ་མེད་པར་འདོད་དུ་ཟད་དོ་ཞེས་པ་ནི་དམ་བཅའ་འོ། །འབྱུང་བ་མེད་པ་དང་གནས་པ་མེད་པ་ནི་གཏན་ཚིགས་སོ། །གཏན་ཚིགས་དེ་ཉིད་ཀྱི་འཐད་པ་ནི། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་པའོ། །དོན་དམ་པ་ངེས་པར་འབྱུང་བ་མེད་པ་དང༌། རྣམ་མཁྱེན་དུ་གནས་པ་མེད་པར་བསྟན་ཟིན་ནས། དོན་དམ་པར་དེ་ལྟར་རྟོགས་པ་ཉིད་ཀྱིས་ཀུན་རྫོབ་ཀུན་ཏུ་ངེས་པར་འབྱུང་བའི་སྒོ་ནས་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་རྣམ་གྲངས་འདིས་ན་ཞེས་པ་ནས། གནས་པར་ཤེས་པར་བྱ་སྟེ་ཞེས་པའི་བར་རོ། །དེའི་ཕན་ཡོན་བསྟན་པ་ནི། དེ་ནི་བསྐྱོད་དུ་མེད་པའོ་ཞེས་པས་གསུངས་ཏེ། མི་མཐུན་ཕྱོགས་ཀྱིས་བསྐྱོད་དུ་མེད་པའི་དོན་ནོ། །ཐེག་པ་ཆེན་པོ་ནི་གང་དུ་གནས་པར་འགྱུར་ཞེས་ཞུས་པ་བཞི་པ་བསྟན་པ་ནི། ཐེག་པ་ཆེན་པོ་དེ་གང་དུ་ཡང་གནས་པར་འགྱུར་བ་མེད་དེ་ཞེས་སོགས་གསུངས་ཏེ། ནམ་མཁའ་གང་ལ་ཡང་མི་གནས་པ་བཞིན་དུ་ཐེག་པ་ཆེན་པོ་ཡང་གང་དུ་མི་གནས་ཞེས་པའི་ཚུལ་གྱིས་སྟོན་ཏེ། དོན་དམ་པར་གནས་པ་མེད་པ་དེ་ཉིད་ཐ་སྙད་དུ་དེའི་གནས་པ་ཡིན་ནོ་ཞེས་གདགས་སོ། །དེ་ལ་ཆོས་ཀྱི་དབྱིངས་དོན་དམ་པར་རྟེན་གྱི་དངོས་པོ་མེད་པས། གནས་པ་ཡང་མ་ཡིན་ལ། ཐ་སྙད་དུ་གནས་པ་མེད་པའི་ཚུལ་གྱིས་གནས་པས། མི་གནས་པ་ཡང་མ་ཡིན་ནོ་ཞེས་གསུངས་སོ། །དཔེ་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་རྟེན་མེད་པས་གནས་པ་ཡང་མ་ཡིན། ཐ་སྙད་དུ་མི་གནས་པ་ཡང་མ་ཡིན་ནོ་ཞེས་པ་ནས་ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། ནམ་མཁའི་དབྱིངས་དང༌། འདོད་ཆགས་ཟད་པའི་དབྱིངས་དང༌། རབ་ཏུ་བྱུང་བའི་དབྱིངས་དང༌། འདོད་ཆགས་དང་བྲལ་བའི་དབྱིངས་དང༌། འགོག་པའི་དབྱིངས་ཀྱི་བར་དོན་དམ་པར་གནས་པ་ཡང་མ་ཡིན། ཐ་སྙད་དུ་མི་གནས་པ་ཡང་མ་ཡིན་ནོ། །དོན་དམ་པར་མི་གནས་པ་ནི། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དཔེ་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང༌། དོན་དམ་པར་གནས་པ་མ་ཡིན། ཐ་སྙད་དུ་མི་གནས་པ་ཡང་མ་ཡིན་ཞེས་བཤད་དེ། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ཆོས་ཀྱི་དབྱིངས་ན་ཞེས་པ་ནས་གནས་ཡང་མ་ཡིན་ནོ་ཞེས་པ་དང༌། རང་བཞིན་གྱིས་སྟོང་པའི་ཕྱིར་ཞེས་པའི་བར་གྱིས་བསྟན་ཏོ། །ཕུང་པོ་ལྔ། ཁམས་བཅོ་བརྒྱད། རེག་པ་དྲུག ཚོར་བ་དྲུག རྨི་ལམ་ལ་སོགས་པ་སྒྱུ་མའི་དཔེ་བརྒྱད། སྦྱིན་པའི་ཕར་ཕྱིན་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར། དོན་དམ་པར་གནས་པ་ཡང་མ་ཡིན། ཐ་སྙད་དུ་མི་གནས་པ་ཡང་མ་ཡིན་ནོ། །དོན་དམ་པར་མི་གནས་པའི་གཏན་ཚིགས་ནི། རང་གི་ངོ་བོས་སྟོང་པའི་ཕྱིར་ཞེས་པའོ། །དཔེ་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དོན་དམ་པར་གནས་པ་ཡང་མ་ཡིན་ཐ་སྙད་དུ་མི་གནས་པ་ཡང་མ་ཡིན་ནོ་ཞེས་བཤད་པར་བྱ་སྟེ། ཡང་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་བྱང་ཆུབ་དང༌། ལམ་ཤེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། མིང་དང༌། མཚན་མ་དང༌། བརྡ་དང༌། ཐ་སྙད་དང༌། གདགས་པ་སྟེ། ཐ་སྙད་ཀྱི་མཚན་མ་ལྔ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པའི་བར་ལ། དོན་དམ་པར་གནས་པ་ཡང་མ་ཡིན། ཐ་སྙད་དུ་མི་གནས་པ་ཡང་མ་ཡིན་ནོ། །དཔེ་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དོན་དམ་པར་གནས་པ་ཡང་མ་ཡིན། ཐ་སྙད་དུ་མི་གནས་པ་ཡང་མ་ཡིན་ནོ། །གཟུགས་ནས་མངོན་པར་འདུ་བྱ་བ་མེད་པའི་བར། དོན་དམ་པར་གནས་པ་མེད་པའི་འཐད་པ་ནི། རང་རང་ངོ་བོས་སྟོང་པའི་ཕྱིར་རོ། །དོན་བསྡུ་བ་ནི། རབ་འབྱོར་རྣམ་གྲངས་དེས་ནི་ཐེག་པ་དེ་ནི་མི་གནས་པའི་ཚུལ་དང༌། བསྐྱོད་དུ་མེད་པའི་ཚུལ་གྱིས་གང་དུ་ཡང་གནས་པར་འགྱུར་བ་མེད་དོ་ཞེས་པའོ། །ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་པའི་ཞུ་བ་ལྔ་པ་བསྟན་པ་ནི། དོན་དམ་པའི་དབང་དུ་བྱས་ནས། ཐེག་པ་དེས་སུ་ཡང་འབྱུང་བར་འགྱུར་བ་མེད་དོ། །གཏན་ཚིགས་སྨྲས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མི་དམིགས་པའི་ཕྱིར་ཏེ་ཞེས་པའི་བར་རོ། །དེ་ལ་གང་གིས་འབྱུང་བར་འགྱུར་བའི་ཐེག་པ་ཆེན་པོ་གང་ཡིན་པ་དང༌། གང་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་དང༌། གང་གིས་འབྱུང་བར་འགྱུར་བའི་སྒྲུབ་པ་དང༌། གང་ནས་འབྱུང་བར་འགྱུར་བའི་འཁོར་བའི་ཆོས་དེ་དག་མེད་ཅིང་མི་དམིགས་པའི་ཕྱིར། འབྱུང་བར་བྱེད་པ་དང༌། འབྱུང་བར་བྱ་བ་དང༌། གང་ལས་འབྱུང་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པའི་ཕྱིར་ན། འབྱུང་བ་པོའི་ཆོས་གང་ཞིག འབྱུང་བྱེད་ཀྱི་ཆོས་གང་དུ་འབྱུང་བར་འགྱུར་ཞེས་སྦྱར་ཏེ་མདོར་བསྟན་པའོ། །ཆོས་ཐམས་ཅད་མི་དམིགས་པའི་གཏན་ཚིགས་རྒྱས་པར་བཤད་པ་ལ། དང་པོར་བྱེད་པའི་སྐྱེས་བུ་བཅུ་གཉིས་མི་དམིགས་པའི་གཏན་ཚིགས་ནི། རབ་འབྱོར་དེ་ནི་འདི་ལྟར། བདག་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནས། མཐོང་བ་པོ་དམིགས་སུ་མེད་དོ་ཞེས་པའི་བར་རོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་དམིགས་སུ་མེད་པའི་གཏན་ཚིགས་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནས། བསམ་གྱིས་མི་ཁྱབ་པའི་དབྱིངས་དམིགས་སུ་མེད་དོ་ཞེས་པའི་བར་རོ། །ཕུང་པོ་ནས་རྟེན་འབྲེལ་གྱི་བར་དང༌། སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དམིགས་སུ་མེད་པ་དང༌། དགྲ་བཅོམ་པ་ནས། རང་བྱུང་ཆུབ་ཀྱི་བར་དང༌། ལམ་ཤེས་དང༌། རྣམ་མཁྱེན་དམིགས་སུ་མེད་པ་དང༌། སྐྱེ་འགག་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་དང༌། མངོན་པར་འདུ་བྱ་བ་དམིགས་སུ་མེད་པ་དང༌། དུས་གསུམ་དང༌། འགྲོ་འོང་དང༌། གནས་པ་དང༌། འཆི་འཕོ་དང༌། སྐྱེ་བ་དང༌། འཕེལ་འགྲིབ་གཉིས་སུ་མེད་པའི་བར་དུ་བཤད་དེ། ཐམས་ཅད་ཀྱི་གཏན་ཚིགས་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པའོ། །དེས་ན་ཆོས་གང་ཡང་དམིགས་སུ་མེད་པས། ཆོས་གང་ཞིག་གང་གིས་ཀྱང་འབྱུང་བར་འགྱུར་བ་མེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་དོན་དམ་པར་ཐེག་པ་ཆེན་པོ་དེས་འབྱུང་བར་འགྱུར་བ་མེད་དོ་ཞེས་བསྟན་ཏོ། །གོང་དུ་བྱེད་པའི་སྐྱེས་བུ་བཅུ་གཉིས་ནས་འཕེལ་འགྲིབ་མེད་པའི་བར་མི་དམིགས་པར་བསྟན་པ་ལ་རྒྱུའམ། ངོ་བོ་གང་མི་དམིགས་པ་ཡིན་སྙམ་དུ་ཐེ་ཚོམ་ཟ་ནས་དྲིས་པ་ནི། གང་མི་དམིགས་པས་ཐམས་ཅད་མི་དམིགས་པ་ཡིན་ཞེས་པའོ། །ལན་ལ་འགྲེས་གསུམ་སྟེ། ངོ་བོ་མི་དམིགས་པས་གཉིས་སུ་མེད་པར་བསྟན་པ་ནི་འགྲེས་དང་པོའོ། །དེ་དག་གི་གཏན་ཚིགས་བསྟན་པ་ནི་འགྲེས་གཉིས་པའོ། །སྟོང་པ་ཉིད་ཐམས་ཅད་དང་ས་ལ་སོགས་པའི་ཆོས་མི་དམིགས་པར་བསྟན་པ་ནི་འགྲེས་གསུམ་པའོ། །དེ་ལ་དང་པོ་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་ལ་སྦྱར་ནས་བཤད་པ་ནི། ཆོས་ཀྱི་དབྱིངས་མི་དམིགས་པས་ཆོས་ཀྱི་དབྱིངས་མེད་དོ། །གཏན་ཚིགས་ནི་ཅིའི་ཕྱིར་ཞེ་ན། ཁྱད་གཞི་ཆོས་དབྱིངས་དམིགས་སུ་མེད་པས་ཁྱད་ཆོས་དམིགས་པའི་ངོ་བོ་ཡང་ཡོད་པ་ཡང་མ་ཡིན་ལ་ཞེས་བཤད་དོ། །བཤད་ཚུལ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་ལྷག་མ་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། ཕུང་པོ་ལྔ་དང༌། རྟེན་འབྲེལ་དང༌། འགྲེས་རྐང་སྔ་མ་ལྟར་སྦྱིན་པ་ནས་འཕེལ་འགྲིབ་མེད་པའི་བར་ལ་སྔ་མ་བཞིན་དུ་བཤད་དོ། །འགྲེས་གསུམ་པ་ལ། ས་བཅུ་མི་དམིགས་པ་དང༌། དེའི་འཐད་པ་དང༌། ས་བཅུ་ངོས་འཛིན་དང༌། ས་དམིགས་སུ་མེད་པས་གཏན་ཚིགས་གཞན་བསྟན་པའོ། །དང་པོ་ལ། ས་དང་པོ་མི་དམིགས་པས། ས་དང་པོ་དམིགས་སུ་མེད་དོ་ཞེས་སོགས་སོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ས་དང་པོ་དམིགས་སུ་མེད་པས། ཁྱད་ཆོས་དམིགས་པ་ཡང་ཡོད་པ་ས་ཡིན། མི་དམིགས་པ་ཡོད་པ་ཡང་མ་ཡིན་ནོ་ཞེས་སོགས་སོ། །གསུམ་པ་ས་བཅུ་སོ་སོའི་ངོས་འཛིན་ལ་དྲི་བ་ནི། ས་དང་པོ་ནི་གང་ཞེས་པ་ནས། ས་བཅུ་པ་ནི་གང་ཞེས་པའི་བར་རོ། །གོང་དུ་ས་བཅུ་མི་དམིགས་ཞེས་བཤད་པ་ན། འདིར་ས་བཅུ་གང་ལ་བརྗོད་སྙམ་དུ་ཐེ་ཚོམ་ཟ་ནས་དྲིས་པའོ། །ལན་ནི། བདག་གིས་འདི་ལྟ་སྟེ་ཞེས་པ་ནས། སངས་རྒྱས་ཀྱི་ས་སྟེ་ཞེས་པའི་བར་རོ། །བཞི་པ་ས་བཅུ་མི་དམིགས་པའི་གཏན་ཚིགས་བསྟན་པ་ལ། གོང་དུ་ས་དང་པོ་དམིགས་སུ་མེད་དོ་ཞེས་སོགས་བསྟན་པ་ན། མི་དམིགས་པའི་འཐད་པ་ཅི་ཡོད་སྙམ་ན། ས་དང་པོ་མི་དམིགས་པ་ལ། སྟོང་པ་ཉིད་བཅོ་བརྒྱད་གཏན་ཚིགས་སུ་བཀོད་པ་དང༌། དེ་བཞིན་དུ་ས་གཉིས་པ་མི་དམིགས་པ་ལ། སྟོང་ཉིད་བཅོ་བརྒྱད་རྟགས་སུ་བཀོད་པ་དེ། ས་རེ་རེ་མི་དམིགས་པ་ལ་ཡང་སྟོང་ཉིད་བཅོ་བརྒྱད་རྟགས་སུ་སྦྱར་རོ། །ཡང་སྒྲོ་འདོགས་གཅོད་པའི་ཕྱིར་དུ་དམིགས་སུ་མེད་པའི་གཏན་ཚིགས་གཉིས་པ་སྨྲས་པ་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པའོ། །ས་དང་པོ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན། མི་དམིགས་པ་ཡང་མ་ཡིན་ཞེས་སོགས་གསུངས་པ་ནི། ཤིན་ཏུ་རྣམ་པར་དག་པའི་རྟགས་ཀྱིས་ས་དང་པོ་དམིགས་སུ་མེད་པར་བསྟན་ནས། ཁྱད་གཞི་མེད་པས་ས་དང་པོ་མཐའ་གཉིས་དང་བྲལ་བར་བསྟན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང༌། དེ་བཞིན་གཤེགས་པའི་སྤྱན་ལྔ་ཡང་ཤིན་ཏུ་རྣམ་པར་དག་པ་དང༌། སྟོང་ཉིད་བཅོ་བརྒྱད་གཏན་ཚིགས་སུ་བྱས་ནས། དམིགས་སུ་མེད་པར་སྟོན་པ་ནི། ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན། ནང་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དམིགས་སུ་མེད་དོ་ཞེས་པ་ནས། དམིགས་པ་དམིགས་སུ་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་རབ་འབྱོར་གྱིས་ཞུས་པའི་ལན་གྱི་མཇུག་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་པའི་བར་ཏེ། གཉེན་པོ་ཚོགས་སྒྲུབ་བསྟན་ཟིན་ཏོ། །ངེས་པར་འབྱུང་བའི་ལེའུ་ཏེ་བཅུ་གཅིག་པའོ།།  ༈ བཅུ་གཉིས་པ་ཟིལ་གྱིས་གནོན་པའི་ལེའུ་བཤད་པ། ཟིལ་གྱིས་གནོན་པའི་ལེའུ་འདིས་ནི་ངེས་འབྱུང་གི་སྒྲུབ་པ་ལྔ། ཐོབ་པའི་ངེས་འབྱུང་གི་རྒྱུའི་ཐེག་པ་དང་དྲུག་སྟོན་ཏེ། ཆེད་དུ་བྱ་བའི་ངེས་འབྱུང་ནི། ཐེག་པ་ཆེན་པོས་འཇིག་རྟེན་ཟིལ་གྱིས་གནོན་པས་བསྟན་ཏོ། །མཉམ་པ་ཉིད་ཀྱི་ངེས་འབྱུང་ནི། དཔེར་ན་ནམ་མཁའ་དང་མཉམ་པར་བསྟན་ཏོ། །སེམས་ཅན་གྱི་དོན་གྱི་ངེས་འབྱུང་ནི། སེམས་ཅན་ཚད་མེད་པའི་དོན་གྱི་གོ་སྐབས་འབྱེད་པས་བསྟན་ཏོ། །ལྷུན་གྱིས་གྲུབ་པའི་ངེས་འབྱུང་ནི། འགྲོ་འོང་མེད་པའི་འགྲེས་ཀྱིས་བསྟན་ཏོ། །མཐའ་ལས་འདས་པའི་ངེས་འབྱུང་ནི། དུས་གསུམ་མཉམ་པ་ཉིད་ཀྱི་འགྲེས་ཀྱིས་བསྟན་ཏོ། །ཐོབ་པའི་མཚན་ཉིད་ཀྱི་ངེས་འབྱུང་ནི། ཐོབ་པ་པོ་དང༌། ཐོབ་པར་བྱ་བ་དང༌། ཐོབ་རྒྱུ་མེད་པའི་འགྲེས་ཀྱིས་བསྟན་ཏོ། །གཉིས་སུ་མེད་པའི་ལེའུས་ནི། ཐོབ་པའི་མཚན་ཉིད་ཀྱི་ངེས་འབྱུང་ལ། ཐོབ་པ་པོ་དང༌། ཐོབ་པར་བྱ་བ་མ་གྲུབ་པར་བསྟན་ཏོ། །རབ་འབྱོར་གྱི་ལེའུས་ནི། ཐོབ་པར་བྱ་བའི་འགྲེལ་བ་མ་གྲུབ་པ་དང༌། རྣམ་མཁྱེན་གྱི་ངེས་འབྱུང་དང༌། ལམ་གྱི་སྒྲུབ་པའི་ངེས་འབྱུང་བསྟན་ཏོ། །ཟིལ་གྱིས་གནོན་པའི་ལེའུ་བསྟན་པས་ནི། དེ་ནི་ཐེག་པ་དེ་གང་ལ་གནས་པར་འབྱུང་བར་འགྱུར་ཞེས་པ་ལས་འཕྲོས་ནས། ཅིའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་སྙམ་ན། རབ་འབྱོར་གྱིས་ཐེག་པ་ཆེན་པོའི་ངེས་ཚིག་གསུངས་པ་ནི། ངེས་ཚིག་འཇུག་པའི་ཡུལ་ཐེག་པ་ཆེན་པོ་དེ་གང་ཡིན་སྙམ་ན། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་དོན་བསྟན་པ་སྟེ། སྔར་ནི་རྒྱུའི་ཐེག་པའི་ངེས་ཚིག་དང༌། རྒྱུའི་ཐེག་པ་གཙོ་བོར་བསྟན་ལ། འདིར་ནི་འབྲས་བུའི་ཐེག་པའི་ལྡོག་པ་ནས་བསྟན་པས་མི་ཟློས་སོ། །དེ་ལ་ངེས་པར་འབྱུང་བ་ཆེ་བས། ཐེག་ཆེན་གྱི་སྒྲ་དོན་བཤད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཞེས་བགྱི་བ་ནི། ལྷ་དང་མི་དང༌། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། ངེས་པར་འ་བྱུང་བར་འགྱུར་བས། དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ་ཞེས་པའོ། །ནམ་མཁའི་དཔེའི་སྒོ་ནས། ཐེག་པ་ཆེན་པོའི་ངེས་ཚིག་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ནི་ནམ་མཁའ་དང་མཉམ་པ་སྟེ། ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལ་ནམ་མཁའ་བྱ་བ་ཐམས་ཅད་ཀྱི་གོ་སྐབས་འབྱེད་པ་དང༌། སྐྱེ་འགག་སོགས་མེད་པ་དང༌། དུས་ཀྱི་མ་བསྡུས་པ་སྟེ་ཁྱད་ཆོས་གསུམ་དང་ལྡན་ནོ། །དཔེ་དེ་བཞིན་དུ་ཐེག་པ་ཆེན་པོས་ཀྱང༌། གདུལ་བྱ་ཐེག་པ་གསུམ་ལ་འགོད་པའི་གོ་སྐབས་འབྱེད་པ་དང༌། སྐྱེ་འགག་འགྲོ་འོང་སོགས་མེད་པ་དང༌། དུས་ཀྱིས་མ་བསྡུས་པ་སྟེ་ཁྱད་ཆོས་གསུམ་ལྡན་ནོ། །དེ་ནི་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་སྟེ་ཞེས་པ་ནས། དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པས། དེའི་སླད་དུ་ཐེག་པ་ཆེན་པོ་ཐེག་པ་ཆེན་པོའོ་ཞེས་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་འགྲེས་ལྔ་སྟེ། ཟིལ་གྱིས་གནོན་པ་ནི་འགྲེས་དང་པོའོ། །ནམ་མཁའ་དང་མཉམ་པ་ནི་འགྲེས་གཉིས་པའོ། །གོ་སྐབས་འབྱེད་པ་ནི་འགྲེས་གསུམ་པའོ། །འགྲོ་འོང་མེད་པ་ནི་འགྲེས་བཞི་པའོ། །དུས་གསུམ་མཉམ་པ་ཉིད་ནི་འགྲེས་ལྔ་པའོ། །གཉིས་པ་ཐེག་པ་ཆེན་པོའི་ངེས་ཚིག་འཇུག་པའི་ཡུལ་ཐེག་ཆེན་བཤད་པ་ལ་གཉིས་ཏེ། རབ་འབྱོར་གྱིས་ཐེག་ཆེན་གྱི་ངེས་ཚིག་བཤད་པ་ལ། བཅོམ་ལྡན་འདས་ཀྱིས་བསྟོད་པ་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། དེ་དེ་བཞིན་ཏེ་ཞེས་པའི་བར་རོ། །རང་ཉིད་ཀྱིས་ཐེག་པ་ཆེན་པོ་རྒྱས་པར་གསུངས་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ནི་ཞེས་སོགས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐེག་ཆེན་ཡིན་པ་དང༌། ཏིང་ངེ་འཛིན་ཐེག་ཆེན་ཡིན་པ་དང༌། སྟོང་པ་ཉིད་བཅོ་བརྒྱད་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཐེག་ཆེན་དུ་བསྟན་པའོ། །ད་ཐེག་པ་ཆེན་པོའི་ངེས་ཚིག་རྒྱས་པར་གསུངས་པ་ལ། དང་པོ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འགྲེས་རྒྱས་པར་སྟོན་པ་ནི། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཞེས་སོགས་གསུངས་ཏེ། གང་ཟིལ་གྱིས་གནོན་པར་བྱ་བའི་འཇིག་རྟེན་འདི་ལྟ་སྟེ་ཞེས་པ་ནས། གཟུགས་མེད་པའི་ཁམས་ཏེ་ཞེས་པའི་བར་རོ། །དེ་ལ་དང་པོ་འདོད་པའི་ཁམས་ཟིལ་གྱིས་གནོན་པ་ནི། འདོད་པའི་ཁམས་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དེ་བཞིན་ཉིད་ཅེས་པ་ནས། ཟིལ་གྱིས་གནོན་ཞེས་པའི་བར་གྱིས་གསུངས་ཏེ། དེ་དག་རང་བཞིན་གྱིས་གྲུབ་ན་ཟིལ་གྱིས་མནན་པར་མི་རིགས། ཐེག་པ་ཡང་རང་བཞིན་གྱིས་གྲུབ་ན་འབྱུང་བར་མི་རིགས་པ་ལས། ཟིལ་གྱིས་མནན་བྱ་གནོན་བྱེད་གཉིས་ཀ་རང་བཞིན་མེད་པའི་ཕྱིར། ཟིལ་གྱིས་མནན་པ་དང་འབྱུང་བ་གཉིས་ཀ་རིགས་པ་ཡིན་ནོ། །འདི་ནི་རྩ་བ་ཤེས་རབ་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་འབྱུང་བས་བཤད་པ་ཡིན་ནོ། །དེ་ལ་དེ་བཞིན་དུ་གྱུར་ཞེས་པ་ནི། མི་འཇིག་པར་ཡོངས་སུ་གྲུབ་པར་བསྟན་ཏོ། །མ་ནོར་བ་ཞེས་པས་ནི་ཕྱིན་ཅི་མ་ལོག་པར་བསྟན་ཏོ། །གཞན་མ་ཡིན་པ་ཞེས་པས་ནི། མི་འགྱུར་བར་ཡོངས་སུ་བསྟན་ཏོ། བདེན་པ་ཞེས་བྱ་བ་ནི། ཕྱིན་ཅི་ལོག་གི་མཚན་ཉིད་མེད་པ། ཡང་དག་པ་ཞེས་བྱ་བ་ནི། སྐྲ་ཤད་འཛག་པ་ལྟར་མ་ཡིན་པར་སྟོན་པའོ། །རྟག་ཏུ་ཡོད་པ་ནི། རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་ཞེས་པའོ། །དེ་ལྟ་བུའི་ཚུལ་དུ་ཡོད་ན་ཟིལ་གྱིས་གནོན་པར་མི་རིགས་པ་ལས་དེའི་ཚུལ་དུ་མེད་པའི་ཕྱིར། ཟིལ་གྱིས་མནན་ཅིང་འབྱུང་བར་འགྱུར་ཞེས་བཤད་དོ། །འགྲེས་འདི་ལ་ཡང་ཁམས་གསུམ་པོ་དག་དང༌། ཕུང་པོ་རྣམས་དང་སྐྱེ་མཆེད་རྣམས་དང༌། རྣམ་པར་ཤེས་པའི་ཚོགས་དྲུག་དང༌། འདུས་ཏེ་རེག་པའི་ཚོགས་དྲུག་དང༌། ཚོར་བའི་ཚོགས་དྲུག་དང༌། ཁམས་དྲུག་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཐའ་ལ་ཐུག་པ་རྣམས་དང༌། རིགས་ཉིད་ལ་སོགས་པ་སངས་རྒྱས་ཀྱི་མཐའ་ལ་ཐུག་པ་རྣམས་དང༌། སེམས་བསྐྱེད་པ་ཐམས་ཅད་དང༌། རྡོ་རྗེ་ལྟ་བུའི་ཡེ་ཤེས་དང༌། སྐྱེས་བུ་ཆེན་པོའི་མཚན་ཉིད་རྣམས་དང༌། མདོ་དང་ཡན་ལག་དྲུག་ཅུ་དང་ལྡན་པའི་དབྱངས་དང༌། ཆོས་ཀྱི་འཁོར་ལོ་དང༌། གང་ལ་ཆོས་ཀྱི་འཁོར་ལོར་བསྐོར་བའི་སེམས་ཅན་རྣམས་ཀྱི་འགྲེས་རྣམས་ཀྱི་བར་ལ་སྦྱར་རོ། །ཡན་ལག་དྲུག་ཅུ་ནི། མཉེན་པ་དང༌། འཇམ་པ་དང༌། ཡིད་དུ་འོང་བ་དང༌། ཡིད་དུ་འཐད་པ་དང༌། དག་པ་དང༌། དྲི་མ་མེད་པ་དང༌། གསལ་བ་དང༌། སྙན་ཅིང་འཇེབས་པ་དང༌། མཉན་པར་འོས་པ་དང༌། མི་ཚུགས་པ་དང༌། སྙན་པ་དང༌། དུལ་བ་དང༌། མི་རྩུབ་པ་དང༌། མི་བསླང་བ་དང༌། རབ་ཏུ་དུལ་བ་དང༌། རྣ་བར་སྙན་པ་དང༌། ལུས་སིམ་པར་བྱེད་པ་དང༌། སེམས་ཚིམ་པར་བྱེད་པ་དང༌། སྙིང་དགའ་བར་བྱེད་པ་དང༌། དགའ་བདེ་བསྐྱེད་པ་དང༌། ཡོངས་སུ་གདུང་བ་མེད་པ་དང༌། ཀུན་ཤེས་པར་བྱ་བ་དང༌། རྣམ་པར་རིག་པར་བྱ་བ་དང༌། རྣམ་པ་གསལ་བ་དང༌། དགའ་བར་བྱེད་པ་དང༌། མངོན་པར་དགའ་བར་བྱེད་པ་དང༌། ཀུན་ཤེས་པར་བྱེད་པ་དང༌། རྣམ་པར་རིག་པར་བྱེད་པ་དང༌། རིགས་པ་དང༌། འབྲེལ་བ་དང༌། ཟློས་པའི་སྐྱོན་མེད་པ་དང༌། སེང་གེའི་སྒྲའི་ཤུགས་དང༌། གླང་པོ་ཆེའི་སྒྲ་སྐད་དང༌། འབྲུག་གི་སྒྲ་དབྱངས་དང༌། ཀླུའི་དབང་པོའི་སྒྲ་དང༌། དྲི་ཟའི་གླུ་དབྱངས་དང༌། ཀ་ལ་པི་ཀའི་སྒྲ་དབྱངས་བསྒྲགས་པ་དང༌། ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང༌། ཤང་ཤང་ཏེའུའི་སྒྲ་དབྱངས་བསྒྲགས་པ་དང༌། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་དང༌། རྔའི་སྒྲ་དང༌། མ་ཁེངས་པ་དང༌། མི་དམའ་བ་དང༌། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང༌། ཚིག་ཟུར་ཆག་མེད་པ་དང༌། མ་ཚང་བ་མེད་པ་དང༌། མ་ཞུམ་པ་དང༌། མི་ཞན་པ་དང༌། རབ་ཏུ་དགའ་བ་དང༌། ཁྱབ་པ་དང༌། ཆུབ་པ་དང༌། རྒྱུན་ཆགས་པ་དང༌། འབྲེལ་བ་དང༌། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང༌། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང༌། མ་སྨད་པ་དང༌། མི་འགྱུར་བ་དང༌། མ་བཏབ་པ་དང༌། འཁོར་ཀུན་ཏུ་གྲགས་པ་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བ་གསུངས་པ་ལྟ་བུའོ། །ཆེད་དུ་བྱ་བའི་ངེས་འབྱུང་སྒྲུབ་པ་བསྟན་ཟིན་ཏོ། །མཉམ་པ་ཉིད་ཀྱི་ངེས་འབྱུང་ལ། འགྲེས་གཉིས་པའི་དོན་རྒྱས་པར་སྟོན་པ་ནི། རབ་འབྱོར་གྱིས་གསུངས་པའི་དོན་ལ་བསྟོད་པ་མཛད་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་ཉིད་གསལ་བཏབ་པའོ། །དང་པོ་ནི། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཞེས་པ་ནས། རབ་འབྱོར་དེ་དེ་བཞིན་ཏེ་ཞེས་པའི་བར་རོ། །བཅོམ་ལྡན་འདས་ཀྱིས་དེ་ཉིད་གསལ་གདབ་པ་ནི། ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་སོགས་ཀྱིས་གསུངས་ཏེ། དེ་ལ་དང་པོ་དཔེར་ནམ་མཁའ་སྤྲོས་པ་ཉི་ཤུ་རྩ་བཞིས་སྟོང་པར་བསྟན་པ་ལ། རྣམ་པར་གཞག་པ་ཉི་ཤུ་རྩ་བཞི་བསྟན་པ་ནི། ཕྱོགས་དང༌། དབྱིབས་དང༌། ཁ་དོག་དང༌། དུས་གསུམ་དང༌། འཕེལ་འགྲིབ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། སྐྱེ་འགག་སོགས་དང༌། དགེ་མི་དགེ་སོགས་དང༌། མཐོང་ཐོས་སོགས་དང༌། ཤེས་པར་བྱ་བ་སོགས་དང༌། རྣམ་སྨིན་སོགས་དང༌། ཆགས་སོགས་དང༌། ཁམས་དང༌། བྱང་ཆུབ་སེམས་དཔའི་ས་བཅུ་དང༌། དཀར་པོ་རྣམ་པར་མཐོང་བ་སོགས་བཅུ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་སོགས་ཉན་རང་གི་ས་དང༌། གཟུགས་དང་གཟུགས་མེད་པ་སོགས་དང༌། རྟག་མི་རྟག་སོགས་དང༌། སྟོང་མི་སྟོང་སོགས་དང༌། ཞི་མ་ཞི་སོགས་དང༌། རྣམ་པ་བདུན་དང༌། དམིགས་སུ་ཡོད་མེད་དང༌། བརྗོད་དུ་ཡོད་མེད་དེ་རྣམ་པ་ཉི་ཤུ་རྩ་བཞིའོ། །ནམ་མཁའ་ལ་སྤྲོས་པ་ཉི་ཤུ་རྩ་བཞི་དམིགས་སུ་མེད་པ་བཞིན་དུ། ཐེག་པ་ཆེན་པོ་ལ་ཡང་སྤྲོས་པ་ཉི་ཤུ་རྩ་བཞི་དམིགས་སུ་མེད་པས། ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་བསྟན་ཏེ། རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་མཁའ་འདི་ནི་ཤར་ཕྱོགས་མེད་དོ་ཞེས་པ་ནས། རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། འདི་ལྟར་ཐེག་པ་ཆེན་པོའོ་ཞེས་པའི་བར་གྱིས་གསུངས་སོ། །སེམས་ཅན་གྱི་དོན་གྱི་ངེས་འབྱུང་ལ། འགྲེས་བཞི་པ་གོ་སྐབས་འབྱེད་པ་ཆེ་བས། སྔར་ཐེག་ཆེན་གྱི་སྒྲ་དོན་བཤད་པ་ཉིད་རྒྱས་པར་སྟོན་པ་ལ། རབ་འབྱོར་གྱིས་བསྟན་པའི་དོན་ལ་བསྟོད་པ་མཛད་པ་དང༌། དེ་ཉིད་བཅོམ་ལྡན་འདས་ཀྱིས་གསལ་གདབ་པའོ། །དང་པོ་ནི། རབ་འབྱོར་གང་ཡང་ཁྱོད་ཀྱིས་གོ་འབྱེད་དོ་ཞེས་པ་ནས། དེ་དེ་བཞིན་ནོ། །རབ་འབྱོར་དེ་དེ་བཞིན་ཏེ་ཞེས་པའི་བར་རོ། །གཉིས་པ་གསལ་གདབ་པ་ལ། ཇི་ལྟར་ནམ་མཁའ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོ་འདི་ཡང་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་དོ་ཞེས་བསྟན་ཏོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ་ཞེས་པའི་ཚིག་གཉིས་ཀྱིས་ནི་གོ་སྐབས་འབྱེད་པ་ཆེ་བའི་གཏན་ཚིགས་བསྟན་པ་ནི། ཡང་རབ་འབྱོར་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་སྐབས་འབྱེད་དོ་ཞེས་པ་བསྟན་ཏོ། །དེ་མ་ཐག་ཏུ་སེམས་ཅན་མེད་པ་དང༌། ནམ་མཁའ་མེད་པ་དང༌། ཐེག་པ་མེད་པ་གསུམ་པོ་དེའི་གཏན་ཚིགས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང༌། རབ་འབྱོར་གང་ཡིན་པ་དང༌། ཐེག་པ་ཆེན་པོ་དེ་ནི་དམིགས་སུ་མེད་པའི་ཕྱིར་རོ། །སེམས་ཅན་ཚད་མེད་གྲངས་མེད་པའི་གོ་སྐབས་དེ་ཡང་དེ་བཞིན་དུ། ཐེག་པ་ཆེན་པོ་འདི་ཡང་ཚད་མེད་གྲངས་མེད་པ་དེ་བཞིན་དུ། སེམས་ཅན་ཚད་མེད་གྲངས་མེད་དེ། དེ་ཉིད་ཉི་ཤུ་རྩ་དྲུག་གི་སྒོ་ནས་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་མེད་པའི་ཕྱིར་ཞེས་པ་ནས། ཐེག་པ་ཆེན་པོ་མེད་པར་རིག་པར་བྱ་སྟེ་ཞེས་པའི་བར་གྱིས་གཏན་ཚིགས་བསྟན་ཏོ། །དེ་ཉིད་དམ་བཅའ་དང་སྦྱོར་བ་ནི་རྣམ་གྲངས་འདིས་ཀྱང་ཞེས་པ་ནས། གོ་འབྱེད་དོ་ཞེས་པའི་བར་རོ། །སེམས་ཅན་དང་ནམ་མཁའ་དང་ཐེག་པ་ཆེན་པོ་དང་གསུམ་པོ་མེད་པའི་གཏན་ཚིགས་སྨྲས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་པའི་བར་ཏེ། འདི་ནི་སེམས་ཅན་མེད་པ་དང་སྦྱར་བའི་འགྲེས་དང་པོའོ། །ཚད་མེད་པ་དང་སྦྱར་བ་ནི་གཉིས་པའོ། །གསུམ་པོ་དེ་དག་ཉིད་དཔག་ཏུ་མེད་པ་དང་སྦྱར་བ་ནི་གསུམ་པའོ། །གྲངས་མེད་པ་དང་སྦྱར་བ་ནི་བཞི་པའོ། །ཆོས་ཀྱི་དབྱིངས་དང་སྦྱོར་བ་ནི་ལྔ་པའོ། །དེ་བཞིན་ཉིད་དང་སྦྱོར་བ་ནི་དྲུག་པའོ། །སེམས་ཅན་དང་སྲོག་ལ་སོགས་པ་བཅུ་གསུམ། ཐ་མ་ཡང་དག་པའི་མཐའ་དང་སྦྱར་བ་ནི་བདུན་པའོ། །ཡང་དག་པའི་མཐའ་ལོགས་སུ་བཀོད་དེ། བསམ་གྱིས་མི་ཁྱབ་པའི་དོན་སྦྱར་བ་ནི་བརྒྱད་པའོ། །གཟུགས་སོགས་ཕུང་པོ་ལྔ་དང་སྦྱོར་བ་ནི་དགུ་པའོ། །ནང་གི་སྐྱེ་མཆེད་དྲུག་དང་སྦྱར་བ་ནི་བཅུ་པའོ། །ཕྱི་རོལ་གྱི་སྐྱེ་མཆེད་དྲུག་དང་སྦྱོར་བ་ནི་བཅུ་གཅིག་པའོ། །རྣམ་པར་ཤེས་པ་དྲུག་དང་སྦྱོར་བ་ནི་བཅུ་གཉིས་པའོ། །རེག་པ་དྲུག་དང་སྦྱོར་བ་ནི་བཅུ་གསུམ་པའོ། །ཚོར་བའི་ཚོགས་དྲུག་དང་སྦྱོར་བ་ནི་བཅུ་བཞི་པའོ། །ཁམས་དྲུག་དང་སྦྱར་བ་ནི་བཅོ་ལྔ་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་སྦྱར་བ་ནི་བཅུ་དྲུག་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྦྱར་བ་ནི་བཅུ་བདུན་པའོ། །སྟོང་པ་ཉིད་ཐམས་ཅད་དང་སྦྱར་བ་ནི་བཅོ་བརྒྱད་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་སྦྱོར་བ་ནི་བཅུ་དགུ་པའོ། །འཕགས་པའི་བདེན་པ་ནས་གཟུངས་ཀྱི་སྒོའི་བར་ལ་སྦྱར་བ་ནི་ཉི་ཤུ་པའོ། །སྟོབས་བཅུ་ནས་མ་འདྲེས་པའི་བར་དང་སྦྱར་བ་ནི་ཉེར་གཅིག་པའོ། །རིགས་ཀྱི་ས་ནས་བྱས་པ་རྟོགས་པའི་སའི་བར་དུ་སྦྱར་བ་ནི་ཉི་ཤུ་གཉིས་པའོ། །རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་གང་ཟག་གི་བར་དུ་སྦྱར་བ་ནི་ཉི་ཤུ་གསུམ་པའོ། །རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་དང་སྦྱར་བ་ནི་ཉི་ཤུ་བཞི་པའོ། །ཐེག་གསུམ་དང་སྦྱར་བ་ནི་ཉེར་ལྔ་པའོ། །མྱ་ངན་ལས་འདས་པའི་དཔེས་གོ་སྐབས་འབྱེད་པར་བསྟན་པ་ནི་ཉི་ཤུ་རྩ་དྲུག་པ་སྟེ། གོང་དུ་སེམས་ཅན་མེད་པ་ནས་ཐེག་པ་གསུམ་གྱི་བར་མེད་པ་རྟགས་སུ་སྦྱར་ནས་གོ་སྐབས་འབྱེད་པ་དཔེར་བསྟན་ཅིང་མྱ་ངན་ལས་འདས་པ་ཡང་དཔེར་བཀོད་ནས། ཐེག་པ་ཆེན་པོས་ཀྱང་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་སྐབས་འབྱེད་པར་བསྟན་ཏོ། །དོན་བསྡུ་བ་ནི། དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ཞེས་པ་ནས། གོ་འབྱེད་དོ་ཞེས་པའི་བར་རོ། །ལྷུན་གྱིས་གྲུབ་པའི་ངེས་འབྱུང་ལ། འགྲེས་བཞི་པ་འགྲོ་འོང་མེད་པའི་ཐེག་ཆེན་གྱི་སྒྲ་དོན་དུ་རབ་འབྱོར་གྱིས་སྨྲས་པ་ལ། བཅོམ་ལྡན་འདས་ཀྱིས་དོན་དམ་པ་དང་མཐུན་པར་སྨྲས་པར་བསྟོད་པ་མཛད་པ་ནི། རབ་འབྱོར་གང་ཡང་ཞེས་པ་ནས། དེ་དེ་བཞིན་ཏེ་ཞེས་པའི་བར་རོ། །བཅོམ་ལྡན་འདས་ཀྱིས་རབ་འབྱོར་གྱིས་སྨྲས་པའི་དོན་གསལ་གདབ་པ་ནི། ཐེག་པ་ཆེན་པོ་དེ་ལ་འགྲོ་བའམ་འོང་བ་མེད་དེ། གནས་པ་ཡང་མེད་དོ་ཞེས་གསུངས་སོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། གར་ཡང་གནས་པར་འགྱུར་བ་མེད་དོ་ཞེས་པའི་བར་རོ། །དེ་ཉིད་རྒྱས་པར་ཞིབ་ཏུ་ཕྱེ་ནས་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཏེ། གཟུགས་ལ་འགྲོ་འོང་གནས་གསུམ་མེད་པ་དང༌། གཟུགས་ཀྱི་རང་བཞིན་དང༌། གཟུགས་ཀྱི་དེ་བཞིན་ཉིད་དང༌། གཟུགས་ཀྱི་ངོ་བོ་ཉིད་དང༌། གཟུགས་ཀྱི་མཚན་ཉིད་གང་ནས་འགྲོ་འོང་གནས་གསུམ་མེད་པ་དང༌། དེ་བཞིན་དུ་ཚོར་བའི་ཆོས་ལྔ་ལ་འགྲོ་འོང་གནས་གསུམ་མེད་པ་དང༌། དེ་ལ་གཟུགས་སྦྱར་བ་ནི་འགྲེས་དང་པོའོ། །དེ་ནས་ཕུང་པོ་ལྷག་མ་རྣམས་དང༌། སྐྱེ་མཆེད་དང༌། ཁམས་དང༌། རེག་པ་དང༌། ཚོར་བ་དང༌། ཁམས་དྲུག་དང༌། རྟེན་འབྲེལ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། སྟོང་པ་ཉིད་ཐམས་ཅད་དང༌། དྲན་པ་ཉེར་བཞག་ནས་མ་འདྲེས་པའི་བར་དང༌། ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་བཅུ་དང༌། བྱང་ཆུབ་དང་སངས་རྒྱས་དང༌། འདུས་བྱས་དང༌། འདུས་མ་བྱས་རྣམས་ཀྱི་ཆོས་ལྔ་ལ་འགྲོ་འོང་གནས་གསུམ་མེད་པའི་འགྲེས་སྦྱར་ནས་བཤད་པར་བྱའོ། །མཐའ་ལས་འདས་པའི་ངེས་འབྱུང་གི་སྒྲུབ་པ་བསྟན་པའི་དོན་དུ་འགྲེས་ལྔ་པ་དུས་གསུམ་མཉམ་པ་ཉིད་ཀྱི་སྒོ་ནས་ཐེག་ཆེན་གྱི་སྒྲ་དོན་བཤད་པ་ལ། བཅོམ་ལྡན་འདས་ཀྱིས་དོན་དང་མཐུན་པར་བསྟོད་པ་ནི། རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ། ཐེག་པ་དེ་ལ་སྔོན་གྱི་མཐའ་མི་དམིགས་སོ་ཞེས་པ་ནས། དེ་དེ་བཞིན་ཏེ་ཞེས་པའི་བར་རོ། །བཅོམ་ལྡན་འདས་ཀྱིས་དེ་ཉིད་གསལ་གདབ་པའི་དོན་དུ་རྒྱས་པར་བཤད་པ་ནི། ཐེག་པ་འདི་ལ་སྔོན་གྱི་མཐའ་ཡང་མི་དམིགས། ཕྱི་མའི་མཐའ་ཡང་མི་དམིགས་དབུས་ཀྱང་མི་དམིགས་ཏེ། དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པའོ། །དེ་ལྟར་ན་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་གསུངས་པའི་ཚིག་འདི་ལ། དེ་ནི་དུས་གསུམ་མཉམ་པ་ཉིད་ཅེས་བྱ་བ་བཤད་གཞིར་བཟུང་སྟེ། དུས་ཞེས་བྱ་བ་དང༌། གསུམ་ཞེས་བྱ་བ་དང༌། མཉམ་པ་ཞེས་བྱ་བ་དང༌། ཐེག་པ་ཞེས་བྱ་བའི་ཚིག་སོ་སོར་སྨོས་པ་རྣམས་ལ། འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོང་ངོ་ཞེས་སོགས་ཀྱིས་ནི། དུས་དང་གསུམ་ཞེས་སྨོས་པ་སོ་སོར་སེལ་ལོ། །དུས་གསུམ་མཉམ་པ་ཉིད་ཀྱང་དུས་གསུམ་མཉམ་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བས་ནི། མཉམ་པ་ཞེས་བྱ་བ་སེལ་ལོ། །ཐེག་པ་ཆེན་པོ་ཡང་ཐེག་པ་ཆེན་པོས་སྟོང་ངོ་ཞེས་པས་ནི་ཐེག་པ་སེལ་ཏོ། །བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་སྟེ་ཞེས་པས་ནི་བྱང་ཆུབ་སེམས་དཔའ་དོན་དམ་པར་སེལ་ཏོ། །དུས་གསུམ་དང༌། མཉམ་པ་ཉིད་དང༌། ཐེག་པ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་བཞི་པོ་སྟོང་པ་ཉིད་དུ་རོ་གཅིག་པར་བསྟན་ནས། སྟོང་པ་ཉིད་ལ་གྲངས་ཀྱི་སྤྲོས་པ་མེད་པར་བསྟན་པ་ནི། རབ་འབྱོར་སྟོང་པ་ཉིད་ལ་གཅིག་ཅེས་བྱ་བ་མེད་དོ་ཞེས་པ་ནས། བཅུ་ཞེས་བྱ་བ་མེད་དོ། །ཐ་དད་ཅེས་བྱ་བ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །མཇུག་བསྡུ་བ་ནི། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ཀྱི་ཐེག་པ་སྟེ་ཞེས་པའོ། །ཐེག་པ་ཆེན་པོ་ལ་མཐའ་གཉིས་དང་བྲལ་བར་བསྟན་པ་ནི། དེ་ལ་མཉམ་པ་དང་མི་མཉམ་པ་མི་དམིགས་སོ་ཞེས་པ་ནས་འཁོར་བ་དང་མྱ་ངན་ལས་འདས་པའང་མི་དམིགས་སོ་ཞེས་པའི་བར་གྱིས་གསུངས་སོ། །མཐའ་གཉིས་དང་བྲལ་བའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་རང་བཞིན་མ་དམིགས་པའི་ཕྱིར་ཏོ་ཞེས་པའོ། །ཆོས་ཐམས་ཅད་མཐའ་གཉིས་ཀྱི་ངོ་བོ་མེད་པར་བསྟན་ཟིན་ནས། རང་བཞིན་མི་དམིགས་པའི་གཏན་ཚིགས་དེ་ཉིད་རྒྱས་པར་བསྟན་པ་ནི། རབ་འབྱོར་འདས་པའི་གཟུགས་ནི་འདས་པའི་གཟུགས་ཀྱིས་སྟོང་ཞེས་སོགས་གསུངས་ཏེ། འདས་པའི་གཟུགས་སྟོང་པ་ཉིད་ཀྱིས་སྟོན་ནོ། །སྟོང་པ་ཉིད་འདས་པའི་གཟུགས་ལྡན་ནོ་སྙམ་དུ་དགག་པ་ནི། སྟོང་པ་ཉིད་ལ་འདས་པའི་གཟུགས་དམིགས་སུ་མེད་དོ་ཞེས་པའོ། །ཁྱད་གཞི་སྟོང་པ་ཉིད་མེད་པས་གཟུགས་དང་ལྡན་པ་མེད་པར་སྟོན་པ་ནི། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་ཞེས་པ་ནས། ལྟ་ཅི་ཞིག་སྨོས་ཞེས་པའི་བར་རོ། །ཚོར་བའི་ཕུང་པོ་ལ་སོགས་པ་ལྔ་ཆར་ལ་ཡང༌། དུས་གསུམ་མི་དམིགས་པའི་དོན་སྔ་མ་ལྟར་རོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། སྔོན་གྱི་མཐར་མི་དམིགས་ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་ཡང་སྦྱར་ནས། དུས་གསུམ་མི་དམིགས་པ་སྔ་མ་ལྟར་བཤད་དོ། །སོ་སོ་སྐྱེ་བོའི་གང་ཟག་དང༌། འཕགས་པའི་གང་ཟག་ལ་ཡང༌། དུས་གསུམ་དམིགས་སུ་མེད་པ་སྔ་མ་ལྟར་བཤད་དོ། །འགྲེས་ནི་དུས་གསུམ་མཁས་པ་ཉིད་གསལ་བའི་འགྲེས་དང༌། ཆོས་ཐམས་ཅད་གཉིས་ཀྱི་སྒོ་ནས་གསལ་བ་དང༌། ཕུང་པོ་ལྔ་ལ་དུས་གསུམ་གསལ་བ་དང༌། དུས་གསུམ་མཉམ་ཉིད་ལ་ཕར་ཕྱིན་གསལ་བ་དང༌། དེ་ཉིད་ལ་སྟོང་ཉིད་གསལ་བ་དང༌། དེ་ཉིད་ལ་དྲན་པ་ཉེ་བཞག་མ་འདྲེས་པའི་བར་གསལ་བའི་འགྲེས་དང༌། ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་གསལ་བའི་འགྲེས་རྣམས་སོ། །དུས་གསུམ་མཉམ་པ་ཉིད་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱར་ཏེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་པའི་བར་གྱིས་ནི་ཐེག་པ་ཆེན་པོའི་སྒྲ་དོན་རྒྱས་པར་བསྟན་པའི་དོན་བསྡུའོ། །དུས་གསུམ་མཉམ་པ་ཉིད་ཀྱིས་ཐེག་པ་ཆེན་པོའི་ཕན་ཡོན་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་བོ། །འཐོབ་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་པ་ཡིན་ནོ། །ཟིལ་གྱིས་མནན་པའི་ལེའུ་སྟེ་བཅུ་གཉིས་པའོ།།  ༈ བཅུ་གསུམ་པ་གཉིས་སུ་མེད་པའི་ལེའུ་བཤད་པ། གཉིས་སུ་མེད་པའི་ལེའུ་འདི་ནས། ཐོབ་པའི་ངེས་འབྱུང་གི་སྒྲུབ་པ་སྟོན་ཏེ། ལེའུ་སྔ་མ་ནས་འཕྲོས་པའི་ཞུས་ལན་གྱིས། ཐོབ་པ་པོ་མ་གྲུབ་པ་བཅུ་གཅིག ཐོབ་པར་བྱ་བ་མ་གྲུབ་པ་བཞི་སྟེ། ལེའུ་འདིའི་བརྗོད་བྱའོ། །ཇི་ལྟར་འཕྲོས་པའི་ཚུལ་ནི། གོང་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་སྨྲས་པ་ལ་ཐོབ་པ་པོ་ཡོད་པར་ཞེན་པ་དགག་པའི་དོན་དུ། ཐོབ་པ་པོ་དང༌། ཐོབ་པར་བྱ་བ་བཀག་པའི་ཚུལ་གྱིས་གསུངས་ཏེ། དེ་ལ་དང་པོ་ཐོབ་པ་དང་ཐོབ་པ་པོ་མ་དམིགས་པ་འོག་ནས་འཆད་པའི་སྐབས་དབྱེ་བའི་དོན་དུ། བྱམས་གང་གི་བུས་བཅོམ་ལྡན་འདས་ལ་སྙན་གསན་དབབ་པ་ནི། བྱམས་གང་གི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། འདི་ནི་ཐེག་པ་ཆེན་པོ་བསྟན་པ་ཙམ་དུ་སེམས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །རབ་འབྱོར་གྱིས་ཐེག་པ་ཆེན་པོ་བསྟན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ། འགལ་བར་འགྱུར་དུ་དོགས་པ་བརྗོད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བར་ཐེག་པ་ཆེན་པོ་བསྟན་པར་མ་གྱུར་ལགས་གྲང་ཞེས་པའི་བར་ཏེ། གདམས་པ་དང་རྗེས་སུ་བསྟན་པའི་སྐབས་སུ། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩོམ་སྟེ། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་ལ་སྤོབས་པ་བསྐྱེད་ཅིག་ཅེས། ཤེར་ཕྱིན་སྟོན་པའི་སླད་དུ་བསྒོ་བ་མཛད་པས་ཤེར་ཕྱིན་གྱི་སྒོ་ནས་ཐེག་ཆེན་སྟོན་པ་ལ་འགལ་བ་བྱུང་བར་མ་གྱུར་ཏམ་ཞེས་པའི་དོན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི། འཁོར་རྣམས་ཀྱིས་རབ་འབྱོར་གྱི་ཚིག་ཚད་མར་འཛིན་དུ་འཇུག་པའི་དོན་ཏེ། རབ་འབྱོར་ཞེས་པ་ནས་སྟོན་ནོ་ཞེས་པའི་བར་རོ། །ཤེར་ཕྱིན་དང་རྗེས་སུ་མཐུན་པར་ཐེག་པ་ཆེན་པོ་སྟོན་པའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་ཤིང༌། ཁོང་དུ་ཆུད་དོ་ཞེས་པའི་བར་རོ། །ཤེར་ཕྱིན་གྱི་ནང་དུ་དགེ་བའི་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བསྟན་པ་ལ་དྲི་བ་མཛད་པ་ནི། བཅོམ་ལྡན་འདས་དགེ་བའི་ཆོས་བྱང་ཆུབ་ཀྱི་ཆོས་གང་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་དེ་དག་གང་ལགས་ཞེས་པའི་བར་རོ། །དྲི་བ་དང་རྗེས་སུ་མཐུན་པར་གང་ཟག་བཞིའི་དགེ་བའི་ཆོས་ཐམས་ཅད་ཤེར་ཕྱིན་གྱི་ནང་དུ་རྒྱས་པར་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འདི་ལྟ་སྟེ་ཞེས་པ་ནས་ཁོང་དུ་ཆུད་པར་འདོད་པ་སྟེ། ཉན་ཐོས་ཀྱི་ཆོས་དང༌། རང་སངས་རྒྱས་ཀྱི་ཆོས་དང༌། བྱང་ཆུབ་སེམས་དཔའི་ཆོས་དང༌། སངས་རྒྱས་ཀྱི་ཆོས་སོ་ཞེས་པའི་བར་རོ། །གོང་དུ་སྨོས་པའི་ཆོས་དེ་དག་ཐམས་ཅད་ཤེར་ཕྱིན་གྱི་ནང་དུ་འདུས་པར་མི་འགལ་བར་སྟོན་པ་ནི། རབ་འབྱོར་དེ་ལ་ཐེག་པ་ཆེན་པོ་གང་ཡིན་པ་དང་ཞེས་པ་ནས། མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་དུ་སྨོས་ནས། དེ་དག་ཐམས་ཅད་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། འདི་ལྟར་མཚན་ཉིད་མེད་པ། མཚན་ཉིད་གཅིག་པ་ཤ་སྟག་སྟེ་ཞེས་པའི་བར་རོ། །དོན་བསྡུ་བ་ནི། རབ་འབྱོར་རྣམ་གྲངས་འདིས་ན་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་ཐེག་པ་ཆེན་པོ་སྟོན་ཏོ་ཞེས་པའོ། །ཡང་ཤེར་ཕྱིན་སྟོན་པས་ཐེག་པ་ཆེན་པོ་སྟོན་པར་འགྱུར་བའི་གཏན་ཚིགས་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཐེག་པ་ཆེན་པོ་ཡང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ་ཞེས་པའོ། །ལྷག་མ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་ཡང་བཤད་ཚུལ་དེ་བཞིན་ནོ། །རབ་འབྱོར་རྣམ་གྲངས་དེས་ན་ཞེས་པ་ནས། ཐེག་པ་ཆེན་པོ་སྟོན་པར་འགྱུར་རོ་ཞེས་པའི་བར་གྱིས་དོན་བསྡུས་སོ། །འོ་ན་རབ་འབྱོར་གྱིས་ཐོབ་པ་མ་གྲུབ་པའི་ཆོས་བཅུ་གཅིག་གིས་མདོར་བསྟན་པ་ལ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐའ་མི་དམིགས་ཞེས་པ་ནི་དང་པོའོ། །གཟུགས་ཀུན་ཏུ་མཐའ་ཡས་པའི་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བགྱི་སྟེ་ཞེས་པའི་བར་ནི་གཉིས་པའོ། །གཟུགས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མ་དམིགས་སོ་ཞེས་པ་ནས། མ་དམིགས་ཏེ་ཞེས་པའི་བར་ནི་གསུམ་པའོ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྟན་པར་བགྱི་ཞེས་པའི་བར་ནི་བཞི་པའོ། །རིལ་གྱིས་ཡང་དག་པར་རྗེས་སུ་མཐོང་ཞེས་པ་ནི་ལྔ་པའོ། །མིང་ཙམ་དུ་བས་ཏེ་ཞེས་པ་ནི་དྲུག་པའོ། །བདག་མངོན་པར་གྲུབ་པ་མ་མཆིས་པ་ནི་བདུན་པའོ། །རང་བཞིན་མ་མཆིས་པའི་ཆོས་རྣམས་ཞེས་པ་ནི་བརྒྱད་པའོ། །མངོན་པར་མ་གྲུབ་པ་དེ་ནི་གཟུགས་མ་ལགས་སོ་ཞེས་པ་ལ་སོགས་པ་ནི་དགུ་པའོ། །མངོན་པར་མ་གྲུབ་པ་ལས་གུད་ན་ཡང༌། གང་བྱང་ཆུབ་ཏུ་སྤྱོད་པར་འགྱུར་བའི་ཞེས་པ་ནས་གདགས་སུ་མ་མཆིས་པའོ་ཞེས་པའི་བར་ནི་བཅུ་པའོ། །དེ་ལྟར་བཅུ་གཅིག་གིས་མདོར་བསྟན་ནས། ཤཱ་རིའི་བུས་དེའི་འཐད་པ་དྲིས་པ་བཅུ་གཅིག་ལས། དྲི་བ་དང་པོ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་པ་ནས། དབུས་སུ་དམིགས་སུ་མེད་པ་ཡིན་ཞེས་པའི་བར་རོ། །དྲི་བ་གཉིས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། གཟུགས་ཀུན་ཏུ་མཐའ་ཡས་པའི་ཕྱིར་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་བ་ཡིན་ཞེས་པའི་བར་རོ། །དྲི་བ་གསུམ་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཞེ་ན་ཞེས་སོགས་སོ། །དྲི་བ་བཞི་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཞེ་ན་ཞེས་སོགས་སོ། །དྲི་བ་ལྔ་པ་ནི། དེའི་འོག་ཏུ་ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་ཞེས་སོགས་སོ། །དྲི་བ་དྲུག་པ་ནི། ཡང་ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་ཞེས་སོགས་སོ། །དྲི་བ་བདུན་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་ཇི་ལྟར་བདག་བདག་ཅེས་བགྱི་བ་ཡང་ཞེས་སོགས་སོ། །དྲི་བ་བརྒྱད་པ་ནི། དེ་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་རང་བཞིན་ལ་ཞེས་སོགས་སོ། །དྲི་བ་དགུ་པ་ནི། གང་མངོན་པར་མ་གྲུབ་པ་དེ་ནི་གཟུགས་མ་ལགས་སོ་ཞེས་སོགས་སོ། །དྲི་བ་བཅུ་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་མངོན་པར་མ་གྲུབ་པ་ཞིག་ཞེས་སོགས་སོ། །དྲི་བ་བཅུ་གཅིག་པ་ནི། ཚེ་དང་ལྡན་པ་རབ་འབྱོར། ཅིའི་ཕྱིར་ན་དེ་སྐད་དུ། གལ་ཏེ་དེ་ལྟར་བསྟན་པའི་ཚེ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྨྲས་པ་ཞེས་པའི་བར་རོ། །དེའི་ལན་རྒྱས་པར་བཤད་པ་ལ། འཐད་པ་བཅུ་གཅིག་བཀོད་པ་ལས། ཐོབ་པ་པོ་མ་གྲུབ་པའི་འཐད་པ་དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ལ་སོགས་པ་སྟེ། ཐོབ་པ་པོ་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་མི་དམིགས་ཏེ། སེམས་ཅན་མེད་པའི་ཕྱིར་དང༌། སྟོང་པའི་ཕྱིར་དང༌། དབེན་པའི་ཕྱིར་དང༌། རང་བཞིན་མེད་པའི་ཕྱིར་རོ་ཞེས་གཏན་ཚིགས་བཞི་བཀོད་དོ། །དེ་བཞིན་དུ་ཕྱི་མའི་མཐའ་མི་དམིགས་པ་ལ་ཡང་གཏན་ཚིགས་བཞི། དབུས་མི་དམིགས་པ་ལ་ཡང་གཏན་ཚིགས་བཞི་བཀོད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ། སེམས་ཅན་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་དེའི་ཁྱབ་པ་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་དབུས་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཁྱབ་པའི་གཏན་ཚིགས་སྨྲས་པ་ནི། སེམས་ཅན་མེད་པ་ཡང་གཞན། སེམས་ཅན་སྟོང་པ་ཡང་གཞན་ཞེས་པ་ནས། གཉིས་སུ་དབྱར་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་བཞིན་དུ་ཕུང་པོ་ལྔ་མེད་པ་དང༌། སྟོང་པ་དང༌། དབེན་པ་དང༌། རང་བཞིན་མེད་པ་བཞི་རྟགས་སུ་བཀོད་པ་དང༌། ཁྱབ་པ་དང་ཁྱབ་པའི་གཏན་ཚིགས་སྦྱར་ཚུལ་སྔ་མ་བཞིན་དུ་བཤད་དོ། །དེ་བཞིན་དུ་ཁམས་བཅོ་བརྒྱད་དང༌། རེག་པ་དྲུག་དང༌། ཚོར་བ་དྲུག་དང༌། བཤད་ཚུལ་དེ་བཞིན་དུ་འགྲེས་ལྷག་མ་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །དྲི་བ་དང་པོའི་ལན་གསུམ་མམ། སྔོན་མཐའ་དབུས་གསུམ་མ་གྲུབ་པར་བསྟན་ཟིན་ཏོ། །དྲི་བ་གཉིས་པའི་ལན་མཐའ་གསུམ་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་མི་དམིགས་པའི་ཕྱིར། མཐའ་མེད་པས་བྱང་ཆུབ་སེམས་དཔའ་ལ་མཐར་ཐུག་པ་མེད་པར་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ། ཅིའི་ཕྱིར་གཟུགས་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མི་དམིགས་ཞེས་པ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། གཟུགས་ནི་ནམ་མཁའ་དང་མཉམ་པ་སྟེ་ཞེས་པ་ནི་དམ་བཅའ་འོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནི་གཏན་ཚིགས་སྟོན་པའོ། །དེ་ལ་དོན་ནི། ནམ་མཁའ་ཞེས་མིང་དུ་བརྗོད་དོ་ཞེས་པ་ནི་བསྒྲུབ་བྱའི་ཆོས་སོ། །ཀུན་ཏུ་མཐའ་ཡས་པའི་ཕྱིར་ཞེས་པ་ནི་གཏན་ཚིགས་སོ། །གཏན་ཚིགས་དེ་ཉིད་བཤད་པ་ནི། སྔོན་གྱི་མཐའ་མི་དམིགས་ཕྱི་མའི་མཐའ་མི་དམིགས་ཞེས་པའོ། །དཔེ་ནམ་མཁའ་བསྟན་ཟིན་ནས་དོན་ལ་སྦྱོར་བ་ནི། དེ་བཞིན་དུ་གཟུགས་སྟོང་པ་ཉིད་ཀྱི་ཕྱིར་ཞེས་པ་ནས། དབུས་མི་དམིགས་ཞེས་པའི་བར་གྱིས་བསྟན་ཏོ། །འདིས་དོན་གཟུགས་མཐའ་ཡས་པར་བསྟན་ནས། གཏན་ཚིགས་དེ་ཉིད་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་བསྒྲུབ་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། མཐའ་ཡས་པར་རིག་པར་བྱའོ་ཞེས་པའི་བར་རོ། །ཡང་ན་ནམ་མཁའི་དཔེས་གཟུགས་སོགས་མཐའ་ཡས་པར་བསྟན་ལ། གཟུགས་སོགས་མཐའ་ཡས་པ་དེ་ཉིད་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་མཐའ་ཡས་པར་བསྟན་ཏོ། །ཡང་ན་ནམ་མཁའི་དཔེས་གཟུགས་སོགས་མཐའ་ཡས་པར་བསྟན་ལ། དེའི་གཏན་ཚིགས་ནི་གཟུགས་སྟོང་པ་ཉིད་ཀྱི་ཕྱིར་ཞེས་སོགས་སྦྱར་རོ། །གཟུགས་ཀུན་ཏུ་མཐའ་ཡས་པ་རྟགས་སུ་བཀོད་ནས། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་བསྟན་ཏོ། །ཡང་ན་གཟུགས་ནི་ནམ་མཁའ་དང་མཉམ་པ་སྟེ་ཞེས་པ་ནི་དམ་བཅའོ། །དཔེ་ནམ་མཁའ་སྟོན་པ་ནི། དཔེར་ན་ནམ་མཁའ་ལ་ནི་ཞེས་པ་ནས་ནམ་མཁའ་ཞེས་མིང་དུ་བརྗོད་དོ་ཞེས་པའི་བར་རོ། །དོན་ལ་སྦྱར་བ་ལ་སྔོན་དང་ཕྱི་མའི་མཐའ་དང༌། དབུས་མི་དམིགས་པ་ནི་བསྒྲུབ་བྱའི་ཆོས་སོ། །གཟུགས་སྟོང་པ་ཉིད་ཀྱི་ཕྱིར་ཞེས་པ་ནི་རྟགས་སོ། །རྟགས་དང་བསྒྲུབ་བྱའི་ཆོས་སྦྱར་བ་ནི། སྟོང་ཉིད་པ་ལ་མཐའ་འམ་དབུས་མི་དམིགས་སོ་ཞེས་པའོ། །གཟུགས་མཐའ་ཡས་པར་བསྟན་པ་དེ་ཉིད་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་བསྟན་པ་དེ་ཉིད་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ་ཞེས་པའི་བཤད་ཚུལ་དེ་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྦྱར་རོ། །དྲི་བ་གཉིས་པའི་ལན་བསྟན་ཟིན་ནས། དྲི་བ་གསུམ་པའི་ལན་སྟོན་པ་ལ། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་ཞེས་པ་ནས། དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་དེ་བཞིན་གཤེགས་པ་མེད། བྱང་ཆུབ་སེམས་དཔའ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་ཞེས་ཟེར་བ་ནི་ཞེས་པས་ནི་དྲི་བ་དེ་ཉིད་བཟླས་ཏེ་བསྟན་ཏོ། །ལན་དངོས་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ་ཞེས་པ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་ཆོས་ཐམས་ཅད་མེད་ཅིང་དམིགས་སུ་མེད་པས། བྱང་ཆུབ་སེམས་དཔའ་མེད་ཅིང་དམིགས་སུ་མེད་དོ་ཞེས་པའི་བར་རོ། །འདི་ལ་གོང་དུ་གཟུགས་ལ་སོགས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པ་ཞེས་བཤད་པ་ན། གཟུགས་ལ་སོགས་པ་བྱང་ཆུབ་སེམས་དཔར་འགྱུར་རོ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ་གསུངས་ཏེ། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བསྟན་ནས། གཏན་ཚིགས་དེ་ཉིད་ཀྱི་སྒོ་ནས་གཟུགས་དང་བྱང་ཆུབ་སེམས་དཔའ་མེད་པར་སྒྲུབ་པ་ནི། སྟོང་པ་ཉིད་ལ་གཟུགས་མེད་བྱང་ཆུབ་སེམས་དཔའ་མེད་དོ་ཞེས་བཤད་དེ་བཤད་ཚུལ་འདི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །ཐེག་པ་གསུམ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། དེ་བཞིན་གཤེགས་པ་སྟེ་གང་ཟག་གསུམ་ལ་ཡང་སྦྱར་རོ། །ཕུང་པོ་ལྔ་བྱང་ཆུབ་སེམས་དཔར་མི་དམིགས་པར་བསྟན་པས་ནི་དོན་བསྡུས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་འདིས་ན། གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཞེས་པ་ནས་རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་མེད་ཅིང་མི་དམིགས་སོ་ཞེས་པའི་བར་རོ། །དྲི་བ་གསུམ་པའི་ལན་བསྟན་ཟིན་ནས། དྲི་བ་བཞི་པའི་ལན་ལ། ཐོག་མར་དྲི་བ་བཟླས་ཏེ་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཞེས་པ་ནས། དེ་སྐད་སྨྲས་ཞེས་ཟེར་བའི་བར་རོ། །ལན་དངོས་ནི། གཟུགས་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ་ཞེས་པ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས། དེ་ལྟར་ན་ཆོས་ཐམས་ཅད་མེད་ཅིང་དམིགས་སུ་མེད་པས་བྱང་ཆུབ་སེམས་དཔའ་མེད་ཅིང་དམིགས་སུ་མེད་དོ་ཞེས་པའི་བར་དུ་གསུངས་སོ། །དེ་ལ་གོང་དུ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་པ་ནས། དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པས་སྟོང་ངོ་ཞེས་པའི་བར་གཏན་ཚིགས་སུ་བཟུང་ནས། གཟུགས་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ་ཞེས་སོགས་བསྒྲུབ་བྱའི་ཆོས་སུ་གཟུང་ངོ༌། །ཡང་གཟུགས་ནས་མ་འདྲེས་པའི་བར་མེད་ཅིང་མི་དམིགས་པས་གཏན་ཚིགས་སུ་བཟུང་ནས། བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པར་བསྒྲུབས་སོ། །ཡང་རིགས་ཀྱི་ས་ལ་སོགས་པ་དམན་པའི་ས་བརྒྱད་དང༌། བྱང་ཆུབ་སེམས་དཔའི་ས་དང༌། མཁྱེན་པ་གསུམ་དང༌། རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་གི་འགྲེས་ཀྱི་བར་ལ་སྦྱར་ནས་བཤད་པར་བྱའོ། །དོན་བསྡུ་བ་ནི། བྱང་ཆུབ་སེམས་དཔའ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕན་ཚུན་མ་དམིགས་པས་ན། གང་ལ་གདམས་ཤིང་རྗེས་སུ་བསྟན་པ་ཡང་མ་དམིགས་སོ་ཞེས་བསྟན་ཏོ། །ཡང་ན་གཟུགས་ནས་མ་འདྲེས་པའི་བར་དང༌། རིགས་ཀྱི་ས་ལ་སོགས་པའི་ས་རྣམས་དང༌། རྒྱུན་དུ་ཞུགས་པ་ནས་དེ་བཞིན་གཤེགས་པའི་བར་གང་ཟག་རྣམས་དང༌། གདམས་པར་བྱ་བའི་ཡུལ་བྱང་ཆུབ་སེམས་དཔའ་དང༌། གདམས་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། གདམས་པ་དང༌། རྗེས་སུ་བསྟན་པའི་བར་ཕན་ཚུན་མ་དམིགས་པའི་བར་ལ་བཤད་ཚུལ་སྔ་མ་བཞིན་དུ་སྦྱར་རོ། །དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་ཆོས་ཐམས་ཅད་མེད་ཅིང་དམིགས་སུ་མེད་པས། བྱང་ཆུབ་སེམས་དཔའ་མེད་ཅིང་དམིགས་སུ་མེད་དོ་ཞེས་པའོ། །བྱང་ཆུབ་སེམས་དཔའ་མེད་པས་གདམས་པ་དང་རྗེས་སུ་བསྟན་པ་ལ་ཡང་མེད་དོ་ཞེས་སྦྱར་རོ། །དྲི་བ་ལྔ་པའི་ལན་ལ། དྲི་བ་བཟླས་ཏེ་བསྟན་པ་ནི། ཚེ་དང་ལྡན་པ་ཞེས་པ་ནས། མིང་ཙམ་ཡིན་ཞེས་ཟེར་བ་ནི་ཞེས་པའི་བར་རོ། །ལན་དངོས་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི། མིང་ཙམ་ཡིན་གྱི། ངོ་བོ་ཉིད་ཀྱིས་མེད་དོ། །ཁམས་ཀྱི་གཟུགས་སོགས་ཆོས་རྣམས་ཀྱང༌། ངོ་བོ་ཉིད་ཀྱིས་མེད་དེ། མིང་དུ་བཏགས་པ་ཙམ་དུ་ཟད་པའི་ཕར། མིང་ཡང་ངོ་བོ་ཉིད་ཀྱིས་མེད་དེ། གང་ནས་ཀྱང་མི་འོང༌། གང་དུ་ཡང་མི་འགྲོ། གང་ལ་ཡང་མི་གནས་པའི་ཕྱིར་རོ། །གཟུགས་སོགས་ཀྱི་མིང་ཉིད་གཟུགས་སོགས་སོ་སྙམ་ན། མིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཟུགས་མ་ཡིན་ནོ་ཞེས་སོགས་སོ། །དེའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མིང་གི་རང་བཞིན་གྱིས་སྟོང་ངོ༌། །སྟོང་པ་ཉིད་ཡིན་པ་ཉིད་ཀྱིས་སམ། རང་བཞིན་གྱིས་སྟོང་པ་ལ་མིང་མ་ཡིན་པར་བསྟན་པ་ནི། སྟོང་པ་ཉིད་གང་ཡིན་པ་དེ་ནི་མིང་མ་ཡིན་ཏེ་ཞེས་པའོ། །དེ་དག་གིས་གཏན་ཚིགས་བཤད་ཟིན་ནས། བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་པའོ། །ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ། ཁམས་བཅོ་བརྒྱད། རེག་པ་དྲུག ཚོར་བ་དྲུག སའི་ཁམས་ལ་སོགས་པ་དྲུག རྟེན་འབྲེལ་བཅུ་གཉིས་ཀྱི་བར་ལ་ཡང་སྦྱར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང༌། ངོ་བོ་ཉིད་ཀྱིས་མེད་དེ། མིང་ཙམ་ཡིན་པའི་ཕྱིར། མིང་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཕན་ཚུན་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་གཉིས་ཀ་མི་དམིགས་པའི་ཕྱིར། དེ་དག་གིས་གཏན་ཚིགས་བསྟན་ཟིན་ནས། བསྒྲུབ་བྱ་ལ་སྦྱར་བ་ནི། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། སྦྱིན་པ་ལ་བཤད་པ་དེ་བཞིན་དུ། རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །བྱང་ཆུབ་སེམས་དཔའ་དོན་དམ་པར་མེད་པར་བསྟན་ཟིན་ཏོ། །དྲིས་ལན་དྲུག་པ་ནི། བྱང་ཆུབ་སེམས་དཔའ་དོན་དམ་པར་མེད་པའི་དཔེ་རྒྱས་པར་བསྟན་པ་ནི། དྲི་བ་བཟླས་ཏེ་བསྟན་པ་ནི། དཔེ་ན་བདག་བདག་ཅེས་བྱ་སྟེ། བདག་ཤིན་ཏུ་མངོན་པར་མ་གྲུབ་བོ་ཞེས་པ་ནས། ཅིའི་ཕྱིར་སྨྲ་ཞེས་པའི་བར་རོ། །ལན་ནི། བྱེད་པའི་སྐྱེས་བུ་བཅུ་གཉིས་མ་དམིགས་པའི་ཕྱིར། མངོན་པར་གྲུབ་པ་ལྟ་ག་ལ་ཡོད་ཅེས་པ་སྟེ། གང་ཟག་གི་བདག་མེད་པ་དཔེར་བསྟན་ནས། དེའི་སྒོ་ནས་བྱང་ཆུབ་སེམས་དཔའ་དོན་དམ་པར་མ་གྲུབ་པར་བསྟན་ཏོ། །ཡང་ཆོས་ཀྱི་བདག་མ་གྲུབ་པར་བསྟན་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་མ་དམིགས་པའི་ཕྱིར། མངོན་པར་གྲུབ་པ་ལྟ་ག་ལ་ཡོད་ཅེས་བཤད་ནས། དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པར་འགྲུབ་པ་ལྟ་ག་ལ་ཡོད་ཅེས་སྦྱར་རོ། །དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་ཞེས་སོགས་སོ། །དྲིས་ལན་བདུན་པ་ལ། དྲི་བ་བཟླས་ཏེ་བསྟན་པ་ནི། ཚེ་དང་ལྡན་པ་ཞེས་པ་ནས། ཟེར་བ་ནི་ཞེས་པའི་བར་གྱིས་བསྟན་ཏོ། །ལན་དངོས་ནི། འགྲེས་གསུམ་གྱིས་སྟོན་ཏེ། འདུས་པ་ལས་བྱུང་བའི་ཕྱིར་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་དང་པོའོ། །མི་རྟག་པ་ལ་སོགས་པ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་གཉིས་པའོ། །ཐེར་ཟུག་ཏུ་གནས་པ་དང་འཇིག་པ་མ་ཡིན་པའི་ཕྱིར་ངོ་བ་ཉིད་མེད་དོ་ཞེས་བྱ་བ་ནི་གསུམ་པའོ། །དང་པོ་ནི། གཟུགས་ལ་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ཞེས་པ་ནས་མ་འདྲེས་པ་རྣམས་ལ་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ཞེས་པའི་བར་དུ་གསུངས་སོ། །དོན་ནི། གཟུགས་ནས་མ་འདྲེས་པའི་བར་རྣམས་ནི། འདུས་པ་ལས་བྱུང་བའི་རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ། རྣམ་གྲངས་དེས་ན་ཞེས་པ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་པའོ། །འགྲེས་རྐང་གཉིས་པ་ལ། འགྲེས་བཅུ་བཞི་གསུངས་ཏེ། གཟུགས་ནས་མ་འདྲེས་པའི་བར་མི་རྟག་པ་དང་སྦྱར་བ་ནི་དང་པོའོ། །སྡུག་བསྔལ་དང་སྦྱར་བ་ནི་གཉིས་པའོ། །བདག་མེད་པ་དང་སྦྱར་བ་ནི་གསུམ་པའོ། །ཞི་བ་དང་སྦྱར་བ་ནི་བཞི་པའོ། །སྟོང་པ་དང་སྦྱར་བ་ནི་ལྔ་པའོ། །མཚན་མ་མེད་པ་དང་སྦྱར་བ་ནི་དྲུག་པའོ། །སྨོན་པ་མེད་པ་དང་སྦྱར་བ་ནི་བདུན་པའོ། །དགེ་བ་དང་སྦྱར་བ་ནི་བརྒྱད་པའོ། །ཁ་ན་མ་ཐོ་བ་མེད་པ་དང་སྦྱར་བ་ནི་དགུ་པའོ། །ཟག་པ་མེད་པ་དང་སྦྱར་བ་ནི་བཅུ་པའོ། །ཉོན་མོངས་པ་མེད་པ་དང་སྦྱར་བ་ནི་བཅུ་གཅིག་པའོ། །རྣམ་པར་བྱང་བ་དང་སྦྱར་བ་ནི་བཅུ་གཉིས་པའོ། །འཇིག་རྟེན་ལས་འདས་པ་དང་སྦྱར་བ་ནི་བཅུ་གསུམ་པའོ། །འདུས་མ་བྱས་དང་སྦྱར་བ་ནི་བཅུ་བཞི་པའོ། །དེ་ལ་ཆོས་ཐམས་ཅད་མི་རྟག་ཅེས་པ་ནི། ཉན་ཐོས་ཀྱི་ཚུལ་གྱི་མི་རྟག་པ་སྟེ། སྔར་ཡོད་བཟློག་པ་ལ་བྱའོ། །དེ་དང་བྲལ་བས་མ་ཡིན་ནོ་ཞེས་པའི་དོན་ནི། འདིར་ནི་དེ་མི་བཟུང་ངོ་ཞེས་པའི་དོན་ནོ། །དེས་ན་འདིར་ནི་རེས་འགའ་བའི་མི་རྟག་པ་ལས་བཟློག་པ་ནི་རྟག་པ་ཡིན་ལ། དེའི་དུས་རྟག་ཏུ་ཡོད་པ་ཡིན་པས་འདིར་མི་རྟག་པའི་དོན་ནི་རྟག་ཏུ་མེད་པ་ལ་བྱའོ། །དེས་ན་གདོད་མ་ནས་ངོ་བོ་ཉིད་མེད་པ་ལ་མི་རྟག་ཅེས་བརྗོད་དོ། །དེ་དག་གི་འཐད་པར་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར། དེས་ན་དངོས་པོ་མེད་པ་དང་ཟད་པ་སྟེ་ཞེས་པའོ། །བསྒྲུབ་བྱ་དང་ཉེ་བར་སྦྱོར་བ་ནི། ཚེ་དང་ལྡན་པ་ཞེས་པ་ནས་བྲལ་བ་ཡིན་ནོ་ཞེས་པའི་བར་རོ། །འགྲེས་གསུམ་པ་སྟོན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང༌། ཆོས་ཐམས་ཅད་ནི་རྟག་པ་མ་ཡིན། འཇིག་པ་མ་ཡིན་ཞེས་པ་ནི་མདོར་བསྟན་པའོ། །སྨྲས་པ་ཞེས་སོགས་ནི་རྒྱས་པར་བཤད་པའོ། །དེ་ལ་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཞེས་པ་ནི་གཏན་ཚིགས་སོ། །བཤད་ཚུལ་འདིས་གཟུགས་ནས་མ་འདྲེས་པའི་བར་དང༌། དགེ་མི་དགེ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཟག་པ་ཡོད་མེད་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་པའི་བར་གྱིས་མཇུག་བསྡུས་སོ། །དྲིས་ལན་བརྒྱད་པ་ལ་དྲིས་པ་བཟླས་ཏེ་བསྟན་པ་ནི། ཅིའི་ཕྱིར་ན་གཟུགས་མངོན་པར་མ་གྲུབ་སོགས་སོ། །ལན་ལ། གཟུགས་མངོན་པར་འདུ་མ་བྱས་པ་ནི་བསྒྲུབ་བྱའི་ཆོས་སོ། །མངོན་པར་འདུ་མི་བྱེད་པ་ནི་གཏན་ཚིགས་སོ། །བཤད་ཚུལ་དེ་བཞིན་དུ་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་སྦྱར་རོ། །དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་ཞེས་པ་ནས། མངོན་པར་ཤེས་པ་རྣམ་པར་མ་གྲུབ་བོ་ཞེས་པའི་བར་གྱིས་བསྟན་ཏོ། །དྲི་བ་དགུ་པའི་ལན་ལ། དྲི་བ་བཟླས་ཏེ་བསྟན་པ་ནི། ཚེ་དང་ལྡན་པ་ཞེས་སོགས་སོ། །ལན་ལ་སྔར་མངོན་པར་མ་གྲུབ་པའི་མཚན་ཉིད་བསྟན་ཟིན་ནས་འདིར་མངོན་པར་མ་གྲུབ་པའི་མཚན་ཉིད་བཀག་པ་ནི། གཟུགས་རང་བཞིན་གྱིས་སྟོང་སྟེ་ཞེས་པ་ནི་གཏན་ཚིགས་སོ། །སྐྱེ་འཇིག་མེད་པ་ནི་བསྒྲུབ་བྱའི་ཆོས་སོ། །ཁྱབ་པ་བསྟན་པ་ནི། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ་ཞེས་པའོ། །སྐྱེ་འཇིག་མེད་པ་ལ་གནས་པ་ལས་གཞན་དུ་འགྱུར་བ་ཡང་མེད་དོ། །ཡང་ན་སྐྱེ་འཇིག་མེད་དེ། རང་བཞིན་གྱིས་སྟོང་པའི་ཕྱིར། སྐྱེ་འཇིག་མེད་པས་གནས་པ་ལས་གཞན་དུ་འགྱུར་བ་ཡང་མེད་པར་བསྟན་ཏོ། །དེ་བཞིན་དུ་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྦྱར་རོ། །མངོན་པར་མ་གྲུབ་པའི་དོན་བསྡུས་ཏེ་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གང་མངོན་པར་འདུ་མ་བྱས་པ་གཟུགས་མ་ཡིན་ནོ་ཞེས་པ་ནས། གང་རྣམ་པ་ཐམས་ཅད་མཁྱེན་པ་སྟེ་མ་གྲུབ་པའི་བར་དུ་གསུངས་ཏེ། དོན་དམ་པར་སྐྱེ་བ་དང་འཇིག་པ་དང༌། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་དེའི་ཕྱིར། མངོན་པར་འདུས་མ་བྱས་པ་ཡིན་ལ། གང་མངོན་པར་འདུས་མ་བྱས་པ་དེ། གཟུགས་ནས་རྣམ་མཁྱེན་གྱི་བར་གང་དུ་ཡང་མ་ཡིན་ནོ་ཞེས་བསྟན་ཏོ། །དྲིས་ལན་བཅུ་པ་བསྟན་པ་ལ། དྲི་བ་བཟླས་ཏེ་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། ཞེས་ཟེར་བ་ནི་ཞེས་པའི་བར་རོ། །དྲིས་ལན་དངོས་ནི། ཚེ་དང་ལྡན་པ་ཞེས་པ་ནས། ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་སྨྲས་ཞེས་པའི་བར་ཏེ། དོན་དམ་པར་མ་གྲུབ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སྟོང་པ་ཉིད་དུ་རོ་གཅིག་པས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་པའི་དོན་ནོ། །དྲི་བ་བཅུ་གཅིག་པའི་ལན་ལ། དྲི་བ་བཟླས་ཏེ་བསྟན་པ་ནི། གང་ཡང་ཞེས་པ་ནས། མི་དམིགས་སོ་ཞེས་ཟེར་བའི་བར་གྱིས་བསྟན་ཏོ། །ལན་ལ་གོང་དུ་ཆོས་ཐམས་ཅད་མངོན་པར་མ་གྲུབ་པར་བསྟན་ཅིང༌། བྱང་ཆུབ་སེམས་དཔའ་ཡང་མ་གྲུབ་པར་བསྟན་པས་ན། དེ་གཉིས་གཞན་དང་གཞན་དུ་རྗེས་སུ་མི་མཐོང་སྟེ། དེ་གཉིས་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །གཉིས་པོ་ལས་མ་གཏོགས་པའི་ཆོས་གཞན་ཡང་མེད་པར་སྟོན་པ་ནི། མངོན་པར་མ་གྲུབ་པར་མ་གཏོགས་པར། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་སོགས་འཆད་དོ། །ཡང་ན་མངོན་པར་མ་གྲུབ་པ་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་གཉིས་སུ་བྱར་མེད་དེ། གཉིས་པོ་ཐ་དད་དུ་རྗེས་སུ་མ་གྲུབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔར་མ་ཟད་མངོན་པར་མ་གྲུབ་པ་དང་གཟུགས་ཞེས་བྱ་བའི་ཆོས་ཀྱང་གཉིས་སུ་དབྱེར་མེད་དེ། མངོན་པར་མ་གྲུབ་པ་ལས་མ་གཏོགས་པའི་གཟུགས། ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །བཤད་ཚུལ་དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །དོན་བསྡུ་བ་ནི། རྣམ་གྲངས་དེས་ན་ཞེས་པ་ནས་དེ་ལྟ་བུ་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དྲི་བ་བཅུ་གཉིས་པའི་ལན་ལ། དྲི་བ་བཟླས་ཏེ་བསྟན་པ་ནི། ཚེ་དང་ལྡན་པ་ཞེས་པ་ནས། སྤྱོད་དོ་ཞེས་ཟེར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ཞིབ་ཏུ་ཕྱེ་ནས་བསྟན་པ་ནི། ཆོས་ཟབ་མོ་སྟོང་པ་ཉིད་དུ་བསྟན་པ་འདི་ཉིད། གཞན་སྐྲག་པའི་རྒྱུར་ཇི་ལྟར་མི་འགྱུར་ཞེ་ན། མི་འགྱུར་ཏེ། ཆོས་ཐམས་ཅད་བྱེད་པ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡོད་པས་རྗེས་སུ་མ་མཐོང་བའི་ཕྱིར་ཞེས་སྦྱར་རོ། །ལྷག་མ་སྒྱུ་མ་ལ་སོགས་པའི་དཔེ་གཞན་ལ་ཡང་དཔེ་སྦྱར་ཚུལ་དེ་བཞིན་ནོ། །དེ་ལྟར་དྲིས་ལན་བཅུ་གཉིས་ཀྱི་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་དམིགས་པར་དངོས་སུ་བསྟན་ནས། ཤུགས་ལ་ཆོས་གང་ཡང་མ་དམིགས་པར་ཡིད་ལ་བྱེད་པའི་མི་རྟོག་པའི་ཡེ་ཤེས་བསྟན་ཏོ། །རྣམ་པར་མི་རྟོག་པ་ཡིད་ལ་བྱེད་པའི་འབྲས་བུ་བསྟན་པ་ལ། མངོན་པར་ཞེན་པ་མི་འབྱུང་བར་བསྟན་པ་དང༌། དེ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་ནི། གཟུགས་ཞེས་བགྱི་བར་གཟུགས་ལ་མི་འཛིན་ཅིང༌། མི་ལེན་མི་གནས་ཏེ་མངོན་པར་ཞེན་པ་མི་སྐྱེད་ལ་འདོགས་པར་མི་བགྱིད་དོ་ཞེས་པའི་ཚིག་ལྔ་སྨོས་ཏེ། ཐོག་མར་འདུ་ཤེས་ཀྱིས་མི་འཛིན་ནོ། །དེའི་འོག་ཏུ་ཡིད་ཀྱིས་མི་ལེན་ནོ། །དེའི་འོག་ཏུ་ཤེས་རབ་ཀྱི་གནས་པར་མི་བྱེད་དོ། །དེའི་འོག་ཏུ་ལྟ་བས་མངོན་པར་ཞེན་པ་མི་སྐྱེད་དོ། །དེའི་འོག་ཏུ་ཚིག་གིས་གཞན་ལ་འདོགས་པར་མི་བྱེད་དོ་ཞེས་བཤད་དེ། བཤད་ཚུལ་འདིས་གཟུགས་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྦྱར་རོ། །དེའི་གཏན་ཚིགས་བསྟན་པ་ལ། རྗེས་སུ་མ་མཐོང་བའི་གཏན་ཚིགས་བསྟན་ཏེ། དེ་ཅིའི་སླད་དུ་ཞེ་ན། གཟུགས་ཡང་དག་པར་རྗེས་སུ་མ་མཐོང་ཞེས་པ་ནས། རྣམ་མཁྱེན་ཡང་དག་པར་རྗེས་སུ་མ་མཐོང་བའི་བར་དུ་གསུངས་སོ། །ཡང་རྗེས་སུ་མ་མཐོང་བའི་གཏན་ཚིགས་ཉིད་བཤད་པ་ནི། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཏེ་ཞེས་སོགས་ཀྱིས་གསུངས་ཏེ། དེ་ལ་གཟུགས་རང་བཞིན་གྱིས་མ་སྐྱེས་པས་ན་རང་བཞིན་མེད་པའི་ཕྱིར། གཟུགས་ཀྱི་ངོ་བོ་ཉིད་མ་ལགས་ཏེ་ཞེས་པའོ། །མ་སྐྱེས་པ་དང་གཟུགས་གཉིས་སོ་སོའི་སྙམ་ན། གཟུགས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་དབྱེར་མ་མཆིས་སོ། །དེའི་གཏན་ཚིགས་ནི་དེ་ལྟར་ན་ཞེས་པས་བསྟན་ཏེ། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཞེས་པའི་དོན་ནོ། །དེའི་ཁྱབ་པ་བསྒྲུབ་པའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་སླད་དུ་ཞེས་པ་ནས། ཐ་དད་པ་མ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། དེའི་སླད་དུ་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཞེས་པའོ། །བཤད་ཚུལ་དེ་ཇི་ལྟ་བ་བཞིན་གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་ལ་སྦྱར་རོ། །སྔར་རྗེས་སུ་མ་མཐོང་ཞེས་པའི་གཏན་ཚིགས་ཀྱི་བཤད་པའི་རྣམ་གྲངས་བསྟན་པ་ནི། བཅོམ་ལྡན་འདས་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཞེས་སོགས་གསུངས་ཏེ། དེ་ལ་སྔར་ཡོད་ཀྱི་ནུས་པ་གསར་དུ་ཉམས་པ་ལ་འགྲིབ་པ་ཞེས་བརྗོད་ན། གདོད་མ་ནས་མེད་པ་ལ་འགྲིབ་པའམ་མི་རྟག་པ་ཞེས་བརྗོད་དོ། །གདོད་མ་ནས་ངོ་བོ་ཉིད་མེད་པ་ལ་མི་རྟག་པ་ཞེས་བརྗོད་པ་དེ་ནི་གཟུགས་མ་ཡིན་ནོ། །ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར། །འདིས་ནི་ཐེག་པ་ཆེན་པོ་ལས། །མི་རྟག་དོན་ནི་མེད་དོན་དང༌། །ཞེས་པའི་དོན་བཤད་དོ། །གཟུགས་དང་འགྲིབ་པ་གཉིས་སོ་སོའོ་སྙམ་ན། དེ་གཉིས་གཉིས་སུ་མ་མཆིས། གཉིས་སུ་བགྱིར་མ་མཆིས་སོ་ཞེས་གསུངས་ཏེ། ངོ་བོ་ཉིད་ཀྱིས་མེད་པར་རོ་གཅིག་པས། ཐ་དད་དུ་དབྱེར་མེད་ཅེས་པའི་དོན་ནི། ཁྱབ་པ་བསྒྲུབ་པའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། ཐ་དད་མ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། དེའི་སླད་དུ་ཞེས་སོགས་སོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་གཉིས་སུ་མ་མཆིས་ཞེས་བརྗོད་པའི་དོན་རང་ཉིད་ཀྱིས་རྟོགས་ཚུལ་བརྗོད་པ་ནི། བཅོམ་ལྡན་འདས་གང་ཡང་གཟུགས་ཞེས་བགྱི་བ་འདི་ནི་ཞེས་སོགས་གསུངས་ཏེ། དེ་བཞིན་དུ་རོ་གཅིག་པས་གཉིས་སུ་མ་མཆིས་ཤིང༌། དེ་བཞིན་ཉིད་ལས་ཉམས་པར་མི་འགྱུར་བའི་ཕྱིར། གཉིས་སུ་མ་མཆིས་པའི་གྲངས་སུ་བགྱིས་པའོ་ཞེས་པ་ནི་རིགས་སུ་རྟོགས་ཞེས་པའི་དོན་ནོ། །གཉིས་སུ་མ་མཆིས་པའི་ལེའུ་སྟེ་བཅུ་གསུམ་པའོ།།  ༈ བཅུ་བཞི་པ་རབ་འབྱོར་གྱི་ལེའུ་བཤད་པ། རབ་འབྱོར་གྱི་ལེའུ་སྟོན་ཏེ། ཐོབ་པར་བྱ་བའི་འབྲེལ་མ་གྲུབ་པ་དྲུག རྣམ་མཁྱེན་གྱི་ངེས་འབྱུང༌། ལམ་གྱི་ངེས་འབྱུང༌། དེ་ལ་ཆེད་དུ་བརྗོད་པ་རྣམས་སྟོན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནི་སྔར་གྱི་འཕྲོས་དོན་དང་སྦྱར་ཏེ། སྔར་རྣམ་པར་མི་རྟོག་པ་ཡིད་ལ་མི་བྱེད་པའི་འབྲས་བུ་བསྟན་པའི་སྐབས་སུ། འགྲེས་བཞི་གསུངས་ཏེ། བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཆོས་དེ་དག་ལ་འདི་ལྟར་ཉེ་བར་རྟོག་པ་དེའི་ཚེ། གཟུགས་ལ་མི་འཛིན་ཅིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ཅེས་བྱ་བ་ནི་གཅིག་གོ །གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཞེས་པ་ནི་གཉིས་པའོ། །གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ། གཟུགས་མ་ལགས་ཞེས་པ་ནི་གསུམ་པའོ། །གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་བགྱིས་ལ་ཞེས་བྱ་བ་ནི་བཞི་པའོ། །འགྲེས་བཞི་པོ་འདི་དག་ཉེ་བར་བཟུང་ནས། དེ་རྒྱས་པར་ཤེས་པར་འདོད་ནས། གནས་བརྟན་ཤཱ་རིའི་བུས་དྲི་བ་དྲིས་པ་ལས་འཕྲོས་པ་ཡིན་ནོ། །དེ་ལ་འགྲེས་དང་པོ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། འདི་ལྟར་ཉེ་བར་རྟོག་སྟེ། ཚིག་གསུམ་གསུངས་པ་ཉེ་བར་བཟུང་ནས་དྲིས་པ་གསུམ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནི་གང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང༌། ཉེ་བར་རྟོག་པ་ནི་གང་ཞེས་བྱའོ། །དེ་ལ་དང་པོ་ནི་སེམས་ཅན་ཐམས་ཅད་བྱང་ཆུབ་ཅེས་བྱ་སྟེ། སྟོང་པ་ཉིད་ཡིན་པའི་ཕྱིར། དེ་ཐུགས་སུ་ཆུད་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། ཆོས་དེ་དག་ལ་མངོན་པར་ཆགས་པ་མེད་དོ། །ཚིག་གཉིས་པོ་འདི་ནི་མདོར་བསྟན་ཏོ། །རྒྱས་པར་བཤད་པ་ནི། ཆོས་གང་གི་རྣམ་པ་ཤེས་ཤེ་ན། གཟུགས་ཀྱི་རྣམ་པ་ཤེས་སོ། །གང་ལ་ཆགས་པ་མེད་ཅིང༌། གཟུགས་དེ་ལ་མངོན་པར་ཆགས་པ་མེད་དོ། །མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་དེ་བཞིན་དུ་སྦྱར་རོ། །ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཞེས་པ་ལས་འཕྲོས་ནས་ཆོས་ཐམས་ཅད་ཀྱི་རྣམ་པ་གང་ཡིན་ཞེས་དྲིས་སོ། །ལན་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། ཆོས་ཐམས་ཅད་ཀྱི་རྣམ་པ་ཞེས་བྱའོ་ཞེས་པའི་བར་རོ། །དྲི་བ་གཉིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཞེས་པའི་ལན་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སོགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ་ཞེས་པའི་བར་རོ། །དོན་བསྡུ་བ་ནི། རྣམ་གྲངས་དེས་ན་ཞེས་སོགས་སོ། །ཡོངས་སུ་བརྟག་པ་གང་ཡིན་ཞེས་པ་དྲི་བ་གསུམ་པའི་ལན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱར་རོ། །དོན་བསྡུ་བ་ནི། འདི་ལྟ་སྟེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། ཡོངས་སུ་མི་རྟོག་གོ་ཞེས་པའི་བར་རོ། །ཡང་སྔར་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བསྟན་པ་དེ་ལ། དྲི་བ་ནི་ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཞེས་པ་ནས། རྣམ་པར་ཤེས་པ་མ་ཡིན་ཞེས་པའི་བར་རོ། །ལན་ནི་མིག་གི་མ་སྐྱེས་པ་གང་ཡིན་པ་དེ་ནི་མིག་མ་ཡིན་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་པའི་བར་དུ་གསུངས་སོ། །ཡང་སྔར་གཟུགས་ལ་སོགས་པའི་འགྲིབ་པ་གང་ཡིན་པ་དེ་གཟུགས་ལ་སོགས་པ་མ་ཡིན་ཞེས་པའི་གཏན་ཚིགས་དྲིས་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཞེས་པའི་བར་རོ། །ལན་ལ་གཏན་ཚིགས་སྨྲས་པ་ནི། རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་འགྲིབ་པ་གང་ཡིན་པ་དང༌། གཟུགས་གང་ཡིན་པ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དང༌། གཉིས་སུ་མེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བལྟར་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ་ཞེས་པའི་བར་དུ་གསུངས་སོ། །དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་གཟུགས་མ་ཡིན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །ཞེས་པའི་བར་གྱིས་སྟོན་ནོ། །ཡང་སྔར་གཟུགས་ཞེས་བྱ་བ་འདི་གཉིས་སུ་མ་མཆིས་ཤིང༌། ཉམས་པ་མ་མཆིས་པའི་གྲངས་སུ་བགྱིའོ་ཞེས་གསུངས་པའི་གཏན་ཚིགས་དྲིས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་གང་འདི་གཟུགས་ཞེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་ཟེར་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ལ་དེའི་གཏན་ཚིགས་སྨྲས་པ་ནི། རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་གཟུགས་ཀྱང་གཞན་མ་ཡིན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་སྐྱེས་པ་སྟེ་ཞེས་པའི་བར་གྱིས་གསུངས་སོ། །རྣམ་མཁྱེན་གྱི་ངེས་འབྱུང་བསྟན་པ་ལ། དང་པོ་རབ་འབྱོར་གྱིས་རང་གིས་རྟོགས་པ་བརྗོད་པ་ནི། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་གཉིས་སུ་མ་མཆིས་པ་སྟོང་པ་ཉིད་དུ་རོ་གཅིག་པ་སོ་སོར་ཡོངས་སུ་རྟོགས་པ་བསྟན་པ་ལ་ཕན་ཡོན་འདི་ལྟ་བུ་མཆིས་སོ་ཞེས་སྟོན་ཏེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་ཞེས་པ་ནས། ཤིན་ཏུ་རྣམ་པར་དག་པའི་སླད་དུ་སངས་རྒྱས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར་རོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ་སངས་རྒྱས་ཀྱི་ཆོས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར་ཞེས་པའི་བར་དུ་གསུངས་སོ། །འདི་ནས་རབ་འབྱོར་དང་ཤཱ་རིའི་བུས་དྲིས་ལན་རྒྱས་པར་སྟོན་ཏེ། དེ་ལ་དང་པོ་ཤཱ་རིའི་བུས་རབ་འབྱོར་གྱི་སྤོབས་པ་བསླང་བ་ནི། རབ་འབྱོར་ཁྱོད་ཀྱིས་གོང་དུ་གཟུགས་ཀྱང་མ་སྐྱེས། སངས་རྒྱས་ཀྱང་མ་སྐྱེས་ཞེས་སྨྲ་ན་ནི་ཞེས་ཁས་བླངས་བརྗོད་པ་ནི་རབ་འབྱོར་གྱིས་སྨྲས་པའི་དོན་ཤེས་པ་ལྟར་ན། གཟུགས་ཀྱང་མ་སྐྱེས་ལ་ཚོར་བ་ཡང་མ་སྐྱེས་པ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱང་མ་སྐྱེས་པ་ཡིན་ན་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་འདོད་པ་ལ་ཤཱ་རིའི་བུས་གནོད་བྱེད་བརྗོད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་གཟུགས་ཀྱང་སྐྱེ་བ་མེད་པ་ཞེས་པ་ནས་དེ་ཅིའི་ཕྱིར་ན། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་པའི་བར་གྱིས་སྟོན་ནོ། །དེ་ལ་རབ་འབྱོར་གྱིས་དོན་དམ་པར་འདོད་པའི་ལན་སྨྲས་པ་ནི། དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོད་པར་མི་འདོད་དོ། །དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟར་ན་མ་སྐྱེས་པའི་ཆོས་ཀྱི་ཐོབ་པའམ་ཐོབ་པར་བྱ་བ་མེད་དོ་ཞེས་པའི་བར་གྱིས་གསུངས་ཏེ། དོན་ནི། བདག་ནི་ཆོས་མ་སྐྱེས་པ་ལ་ཐོབ་པ་དང་མངོན་པར་རྟོགས་པ་མི་འདོད་དོ། །འཕགས་པའི་གང་ཟག་རྣམས་ཀྱང་ཡོད་པར་མི་འདོད་དོ། །བྱང་ཆུབ་སེམས་དཔའ་ཡང་དཀའ་བའི་འདུ་ཤེས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་མི་འདོད་དོ། །དེ་བཞིན་གཤེགས་པ་ཡང་མི་འདོད་དོ་ཞེས་པའི་དོན་ནོ། །དྲིས་ལན་གཉིས་པ་ནི། གོང་དུ་མ་སྐྱེས་པའི་ཆོས་ཐོབ་པའམ། ཐོབ་པར་བྱ་བ་ཡང་འདོད་དགོས་ལ་མ་སྐྱེས་པའི་ཆོས་ཀྱིས་ཐོབ་པའམ་ཐོབ་པར་བྱ་བ་མེད་པས། ཆོས་སྐྱེས་པས་ཐོབ་པ་དང་ཐོབ་པར་བྱ་བ་འདོད་དམ། འོན་ཏེ་མ་སྐྱེས་པའི་ཆོས་ཀྱིས་ཐོབ་པར་འདོད། རབ་འབྱོར་གྱིས་སྨྲས་པ། གཉིས་ཀས་ཐོབ་པར་མི་འདོད་དོ། །འོ་ན་ཐོབ་པ་དང༌། མངོན་པར་རྟོགས་པ་མི་འདོད་དམ་ཞེས་དྲིས་པ་ན་ཡོད་པར་འདོད་མོད་ཀྱི་གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་ལན་བཏབ་བོ། །འདིས་ནི་མཐའ་བཞིའི་སྐྱེ་བ་མེད་ཀྱང་སྐྱེ་བ་ཙམ་གཅིག་ཡོད་པ་དང༌། ཡོད་མེད་ཀྱི་སྐྱེ་བ་མེད་ཀྱང་སྐྱེ་བ་ཙམ་གཅིག་གསལ་བར་བྱས་པས། དབུ་མ་པའི་ལན་འདེབས་ཚུལ་བསྟན་ཏོ། །ཐོབ་པ་དང་མངོན་པར་རྟོགས་པ་དང་གང་ཟག་གི་རྣམ་པར་བཞག་པ་ཡང་ཐ་སྙད་དུ་ཡིན་གྱི་དོན་དམ་པར་མ་ཡིན་ཞེས་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པའམ་ཞེས་པ་ནས། དོན་དམ་པར་མ་ཡིན་ནོ་ཞེས་པའི་བར་རོ། །དོན་དམ་པར་མེད་པའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྣམ་པར་བྱང་བ་ཡང་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དྲིས་ལན་གསུམ་པ་ནི། སྐྱེ་བའི་ཆོས་འདོད་དགོས་པས་སྐྱེས་པའི་ཆོས་སྐྱེས་སམ། མ་སྐྱེས་པའི་ཆོས་སྐྱེ་ཞེས་དྲིས་པའོ། །ལན་ལ། སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་གཟུགས་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་ན་སྐྱེ་བར་མི་འདོད་དོ་ཞེས་པའི་དོན་ཏོ། །དྲིས་ལན་བཞི་པ་ནི། སྐྱེ་བ་འདོད་དགོས་སྙམ་དུ་བསམ་པས་སྐྱེ་བ་སྐྱེའམ་འོན་ཏེ་མི་སྐྱེ་བ་སྐྱེ་ཞེས་དྲིས་པའོ། །ལན་ནི་གཉིས་ཀ་མི་འདོད་དེ། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མཚན་ཉིད་གཅིག་པ་དག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །དྲིས་ལན་ལྔ་པ་ནི། མ་སྐྱེས་པའི་ཆོས་མ་སྐྱེས་པ་ཞེས་བྱ་བར་བརྗོད་པ་ཁྱོད་ཀྱིས་སྤོབས་ན་ཆོས་རྣམས་མ་སྐྱེས་པ་རྣམས་ཀྱི་སྐྱེས་པ་མེད་པ་ལ་ཡང་བརྗོད་དུ་སྤོབས་པར་འགྱུར་རམ་ཞེས་དྲིས་པ་སྟེ། དོན་ནི་སྐྱེ་བ་མེད་པའི་ཆོས་རྣམས་ཀྱང་སྐྱེ་བ་མེད་པ་ཡིན་ན། དངོས་པོ་མེད་པ་ལ་སྐྱེ་བ་མེད་དོ་ཞེས་བརྗོད་དུ་རུང་ངམ་ཞེས་དྲིས་པའོ། །དྲི་བ་གོང་མའི་ལན་བཏབ་པ་ནི། མ་སྐྱེས་པའི་ཆོས་མ་སྐྱེས་པའི་ཆོས་ཞེས་བྱ་བ་བརྗོད་པ་ལ་བདག་གི་སྤོབས་པ་མེད་དོ་ཞེས་པ་སྟེ། སྐྱེ་བ་དང་མི་སྐྱེ་བའི་ཆོས་གཉིས་ཀ་དོན་དམ་པར་མི་སྐྱེའོ་ཞེས་ཀུན་རྫོབ་ཏུ་བརྗོད་པར་ཟད་ཀྱི་དོན་དམ་པར་བརྗོད་པར་སྤོབས་པ་མེད་དོ་ཞེས་བསྟན་ཏོ། །དྲི་བ་གཉིས་པའི་ལན་བཏབ་པ་ནི། ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་མེད་པ་ཡང་བདག་གིས་ནི་བརྗོད་པར་སྤོབས་པ་མེད་དོ་ཞེས་གསུངས་པ་སྟེ། ཐ་སྙད་དུ་བརྗོད་པར་ཟད་ཀྱི་དོན་དམ་པར་བརྗོད་པར་སྤོབས་པ་མེད་དོ། །དེའི་གཏན་ཚིགས་སྨྲས་པ་ནི། དེ་ཅིའི་ཕྱིར་ཞེ་ན། མཚན་ཉིད་གཅིག་པ་དག་གོ་ཞེས་པའི་བར་རོ། །ཡང་གཏན་ཚིགས་དེ་ཉིད་ལ་ཤཱ་རིའི་བུས་དྲི་བ་བཀོད་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། བརྗོད་པ་ནི་སྐྱེ་བ་མེད་ཅེས་བྱ་བ་ཡིན་ཏེ་ཞེས་པ་ནས། སྐྱེ་བ་མེད་པ་ཡིན་ནམ་ཞེས་པའི་བར་དྲིས་སོ། །ལན་ནི། ཤཱ་རིའི་བུ་དེ་དེ་བཞིན་ཏེ་ཞེས་པ་ནས། དེ་དག་ཀྱང་མ་སྐྱེས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ན། འདི་ལྟར་གཟུགས་སྐྱེ་བ་མེད་དོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བ་མེད་དོ་ཞེས་པའི་བར་གྱིས་བསྟན་ནོ། །དོན་བསྡུ་བ་ནི། རྣམ་གྲངས་དེས་ན་ཞེས་པ་ནས། དེ་དག་ཀྱང་སྐྱེ་བ་མེད་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དྲི་ལན་དྲུག་པ་ནི། གནས་བརྟན་གཉིས་ཀྱིས་ཕན་ཚུན་ཡོན་ཏན་བརྗོད་པ་ལ། དང་པོ་རབ་འབྱོར་གྱི་བསྟོད་པ་བརྗོད་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ནི་ཆོས་སྨྲ་བའི་ནང་ནས་མཆོག་ཏུ་བྱ་བར་འོས་པ་སྟེ་ཞེས་པ་ནས། ཐོགས་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཤཱ་རིའི་བུའི་དྲི་བའི་ཚུལ་ལ་བསྟོད་པ་བརྗོད་པ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆོས་ཐམས་ཅད་ལ་མི་གནས་པ་དག་གི་ཆོས་ཉིད་དེ་ཞེས་པ་ནས། ཐོགས་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཐམས་ཅད་ལ་མི་གནས་པའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་མི་གནས་པའི་ཕྱིར་རོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་ཆོས་ཐམས་ཅད་ལ་མི་གནས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། གཟུགས་རང་བཞིན་གྱིས་སྟོང་པ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་སོ། །དོན་བསྡུ་བ་ནི། རྣམ་གྲངས་དེས་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་མི་གནས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྣམ་མཁྱེན་གྱི་ངེས་འབྱུང་སྒྲུབ་པ་བསྟན་ཟིན་ཏོ། །ལམ་གྱི་ངེས་འབྱུང་སྒྲུབ་པ་ནི། གོང་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཕྱི་ནང་གང་དུ་ཡང་མི་གནས་པར་བསྟན་པའི་དོན་ཁོང་དུ་ཆུད་པ་ཉིད་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་སྦྱངས་པས་རྣམ་མཁྱེན་གྱི་བར་དུ་ངེས་པར་འབྱུང་བ་སྟོན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་དེ་ལྟར་ན་གཟུགས་ཡོངས་སུ་སྦྱང་བར་བྱའོ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྦྱང་བའི་བར་གསུངས་སོ། །གཟུགས་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་སྦྱང་བ་བསྟན་པ་ན་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བའི་ཐབས་གང་ཡིན་སྙམ་ནས་དྲིས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། འཇིག་རྟེན་ལས་འདས་པ་ཡང་ཡོད་ཅེས་པའི་བར་གྱིས་བསྟན་ཏོ། །འདིས་ནི་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བའི་ཐབས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་གཉིས་ཡོད་པར་བསྟན་ཏོ། །དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་གང་ཡིན་ཞེས་དྲིས་པ་ལན་དང་བཅས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན་ཞེས་པ་ནས། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕགས་ལ་འདའ་བས་དེའི་ཕྱིར། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་པའི་བར་གྱིས་བསྟན་ཏོ། །འདིས་ནི་ཕར་ཕྱིན་དྲུག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་སུ་ཕྱེ་ནས་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བྱེད་དུ་བསྟན་ཏོ། །དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཞེས་པ་ནས། ལམ་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་པའི་བར་རོ། །ཡོངས་སུ་སྦྱང་བྱའི་བྱང་ཆུབ་ཀྱི་ལམ་གང་ཡིན་སྙམ་ནས་དྲིས་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས་ལམ་གང་ཡིན་ཞེས་པའི་བར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་གྱི་དེ་ལས་གཞན་མེད་དོ་ཞེས་སྟོན་པ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཅེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་གསུངས་སོ། །འཁོར་གསུམ་ཡོངས་སུ་དག་པའི་སྤྱོད་པ་ཉིད་བྱང་ཆུབ་ཀྱི་ལམ་དུ་གྱུར་པར་བཤད་པ་ལ་བསྟོད་པ་མཛད་པ་ནི་ལེགས་སོ་ཞེས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་བྱང་ཆུབ་ཀྱི་ལམ་དུ་འགྱུར་བ་དེ་ཕ་རོལ་ཏུ་ཕྱིན་པ་གང་གི་མཐུ་ཡིན་སྙམ་ནས་དྲིས་པ་ནི། དེ་ཕ་རོལ་ཏུ་ཕྱིན་པ་གང་གི་མཐུ་ཡིན་ཞེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་ཡིན་པར་བསྟན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་སྟེ་ཞེས་པ་ནས། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པའི་བར་གྱིས་བསྟན་པ་ལ་འདི་ལ་བཞི་སྟེ། ཉན་ཐོས་ལ་སོགས་པའི་གང་ཟག་བཞིའི་དགེ་བའི་ཆོས་སེམས་སྐྱེད་ཀྱི་ཡུམ་དུ་བསྟན་པ་དང༌། ཉན་ཐོས་ལ་སོགས་པའི་གང་ཟག་བཞིའི་དགེ་བའི་ཆོས་ཐམས་ཅད་སྡུད་བྱེད་དུ་བསྟན་པ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྒྱུར་བསྟན་པ་དང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་པའི་རྒྱུར་བསྟན་པའོ། །དང་པོ་ནི་ཉན་ཐོས་ཀྱི་ཆོས་ཞེས་པ་ནས་དགེ་བའི་ཆོས་ཐམས་ཅད་བསྐྱེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། ཉན་ཐོས་ཀྱི་ཆོས་ཞེས་པ་ནས། ཡང་དག་པར་སྡུད་པའོ་ཞེས་པའི་བར་གྱིས་སྟོན་ནོ། །གསུམ་པ་ནི། སྔོན་གྱི་དེ་བཞིན་གཤེགས་པ་ཞེས་པ་ནས། འཚང་རྒྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཞེས་པ་ནས། མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བྱེད་དུ་བསྟན་ཟིན་ཏོ། །བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བྱེད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཐོས་ཤིང་སྤྱོད་པ་ལ་ཕན་ཡོན་ཅི་ཡོད་སྙམ་ན། དེ་ལ་ཡིད་ཆེས་ཤིང་ཁོང་དུ་ཆུད་པ་ལ་ཕན་ཡོན་ཡོད་པར་སྟོན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་ཚེ་ཞེས་པ་ནས། དེ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ཤེས་རབ་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕན་ཡོན་དང༌། སྙིང་རྗེའི་སྒོ་ནས་སེམས་ཅན་ཡོངས་སུ་མི་གཏོང་བའི་ཕན་ཡོན་གཉིས་སོ། །དང་པོ་ནི། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང༌། ཞེས་པ་ནས་སྤྱོད་པ་པོར་ཤེས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི་སྙིང་རྗེ་ཆེན་པོ་ཡིད་ལ་བྱ་བའི་ཡིད་ལ་བྱ་བ་དེ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་པས་གསུངས་སོ། །གདུལ་བྱའི་ཐེ་ཚོམ་གཅོད་པའི་དོན་དུ་ཡིད་ལ་བྱ་བ་སྒྲ་ཇི་བཞིན་དུ་གཟུང་བའི་སྒོ་ནས། རྩོད་པའི་ཚུལ་བཀོད་པ་ནི། ཤཱ་རིའི་བུས། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས། སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་པའི་བར་གྱིས་ཐལ་བ་བཀོད་པའོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མ་བྲལ་ལོ་ཞེས་པའི་བར་གྱིས་སྟོན་ནོ། །ཡིད་ལ་བྱེད་པ་ནི་རྣམ་པར་རྟོག་པ་ཡིན་ལ། དེ་དང་མ་བྲལ་བའི་སྒོ་ནས་བྱང་ཆུབ་སེམས་དཔར་འགྱུར་ན། སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་ཏེ། རྣམ་པར་རྟོག་པ་ཡིད་ལ་བྱེད་པ་དང་མ་བྲལ་བའི་ཕྱིར་ཞེས་པའི་ཚུལ་གྱིས་རྩོད་པའོ། །ལན་ལ་དོན་དམ་པར་ཅི་ཡང་ཡིད་ལ་མི་བྱེད་པའི་ཚུལ་གྱིས་ཡིད་ལ་བྱ་བ་དང་མ་བྲལ་བ་དང༌། སྙིང་རྗེ་ཆེན་པོ་ཡིད་ལ་བྱ་བ་དང་མ་བྲལ་བས་བྱང་ཆུབ་སེམས་དཔར་འདོད་དགོས་ཀྱི། ཡིད་ལ་བྱེད་པ་དང་མ་བྲལ་ཙམ་ལ་འདོད་ན། སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་ཐལ་བར་འགྱུར་རོ་ཞེས་སྨྲས་པ་ལ་ལེགས་སོ་ལེགས་སོ་ཞེས་བསྟོད་པ་མཛད་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། ལེགས་སོ་ཞེས་པའི་བར་གྱིས་གསུངས་སོ། །དེས་ན་ཡིད་ལ་བྱེད་པ་དང་མ་བྲལ་ཞེས་པའི་སྐབས་ཀྱི་ཡིད་ལ་བྱེད་པ་དེ་གང་ཡིན་དྲིའོ་སྙམ་པའི་དོན་དེ་ཉིད་ཚེ་དང་ལྡན་པ་ཤཱ་རིའི་བུས་ཡང་དག་པའི་ཚིག་ཏུ་བརྗོད་པས་ཡོངས་སུ་བཟུང་ངོ་ཞེས་གསུངས་ཏེ། བརྒལ་བར་འདོད་པའི་དོན་ནོ། །དྲིས་པས་ལེགས་སོ་ཞེས་བསྟོད་པ་མཛད་པའི་ཚུལ་གྱིས་གསུངས་སོ། །བརྒལ་བ་དེ་མི་འཇུག་པའི་དོན་རྒྱས་པར་བསྟན་པའི་ཕྱིར་དུ། དེ་ཅིའི་ཕྱིར་ཞེས་སོགས་སྨོས་ཏེ། དོན་དམ་པར་ཡིད་ལ་བྱེད་པ་ཡང་མི་འདོད་ཅིང༌། ཡིད་ལ་བྱེད་པ་དང་མ་བྲལ་བས་སངས་རྒྱ་བར་ཡང་མི་འདོད་ཅེས་རྒྱས་པར་བསྟན་པ་ནི་འདི་ལྟར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སེམས་ཅན་མེད་པའི་ཕྱིར་ཞེས་པ་ནས། མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ་ཞེས་པའི་བར་གྱིས་ནི། གང་ཟག་གི་བདག་མེད་པ་བསྟན་ཏོ། །ཆོས་ཀྱི་བདག་མེད་པ་བསྟན་པ་ནི། ཤཱ་རིའི་བུ་གཟུགས་མེད་པའི་ཕྱིར་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པའི་ཕྱིར་ཞེས་པའི་བར་གྱིས་གསུངས་ཏེ། གཟུགས་མེད་པའི་ཕྱིར་ཞེས་པ་དང༌། གཟུགས་དངོས་པོ་མེད་པའི་ཕྱིར་ཞེས་པ་དང༌། རང་བཞིན་མེད་པའི་ཕྱིར་དང༌། སྟོང་པ་ཉིད་ཀྱི་ཕྱིར་དང༌། དབེན་པའི་ཕྱིར་དང༌། གཟུགས་མངོན་པར་འཚང་མི་རྒྱ་བའི་ཕྱིར་ཞེས་གཏན་ཚིགས་དྲུག་དྲུག་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། ཐ་མ་བྱང་ཆུབ་ལ་ཡང་གཏན་ཚིགས་རྣམ་པ་དྲུག་གིས་སྦྱར་ནས་དོན་དམ་པར་ཡིད་ལ་བྱེད་པ་མེད་པར་བསྟན་པའི་སྒོ་ནས། ཆོས་ཀྱི་བདག་མེད་པ་རྒྱས་པར་བསྟན་ཏོ། །དོན་བསྡུ་བ་ནི། རྣམ་གྲངས་དེས་ན་ཞེས་པ་ནས། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དང་མི་བྲལ་བར་རིག་པར་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། དོན་ནི་ཡིད་ལ་བྱེད་པ་ཙམ་དང་མ་བྲལ་བ་ལ་མི་བརྗོད་ཀྱི། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དང་མ་བྲལ་བའོ་ཞེས་པའི་དོན་ནོ། །ཐམས་ཅད་ཀྱི་དོན་ཉེ་བར་བསྡུ་བ་ནི། དོན་དམ་པར་ཡིད་ལ་བྱེད་པ་མི་འདོད་པས། ཡིད་ལ་བྱེད་པ་དང་མ་བྲལ་བའི་སྒོ་ནས་སངས་རྒྱ་བ་ཡང་མི་འདོད་ལ། ཀུན་རྫོབ་ཏུ་ཡང་ཡིད་ལ་བྱེད་པ་ཙམ་ལ་མི་བརྗོད་ཀྱིས། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་འདོད་དོ་ཞེས་བཤད་དོ། །ཡང་ན་གཞན་གྱི་ཐེ་ཚོམ་གཅོད་པའི་དོན་དུ། ཡིད་ལ་བྱེད་པ་སྒྲ་ཇི་བཞིན་དུ་གཟུང་བ་ལ་རྩོད་པའི་ཚུལ་བཀོད་པ་ནི། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། རྣམ་པར་སྤྱོད་པ་འདིས་ཞེས་པ་ནས། བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་པའི་བར་གྱིས་ཐལ་བ་འཕངས་སོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མ་བྲལ་ལོ་ཞེས་པའི་བར་གྱིས་བསྟན་ཏེ། ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་བྱང་ཆུབ་སེམས་དཔར་འདོད་ན། སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་ཐལ་བར་འགྱུར་རོ་ཞེས་པའི་དོན་ནོ། །ཁྱོད་ཀྱིས་རྒོལ་བ་འདི་ལ་ཐེ་ཚོམ་ཆོད་པས། ཁྱོད་ཀྱིས་རྒོལ་བ་འདི་སྐབས་སུ་བབ་པོ་ཞེས་བསྟོད་པ་ནི། རབ་འབྱོར་གྱིས་ཞེས་པ་ནས། ལེགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དྲིའོ་སྙམ་པ་ཞེས་པ་ནས། ཡོངས་སུ་བཟུང་ངོ་ཞེས་པའི་བར་གྱིས་ནི། ཤཱ་རིའི་བུས་བརྒལ་བའི་དོན་འདིས། ཡིད་ལ་བྱེད་པ་དང་མ་བྲལ་ཞེས་པའི་སྐབས་ཀྱི་ཡིད་ལ་བྱེད་པ་ལ་ཐེ་ཚོམ་ཆོད་པའི་དོན་དུ་དྲིའོ་སྙམ་པའི་དོན་དེ་ཉིད། ཤཱ་རིའི་བུས་སྐབས་སུ་བབ་པའི་རྒོལ་བའི་ཚིག་བརྗོད་པས་ན། ཡིད་ལ་བྱེད་པ་ཙམ་ལ་ངོས་འཛིན་པ་མིན་པར་ཡོངས་སུ་གཟུང་ངོ་ཞེས་པའི་དོན་ནོ། །འདིར་ཡིད་ལ་བྱེད་པ་དང་མ་བྲལ་ཞེས་པ་ནི། ཀུན་རྫོབ་ཏུ་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་ལ་འདོད་པ་ཡིན་གྱི། དོན་དམ་པར་ནི་ཡིད་ལ་བྱེད་པ་ཙམ་ཡང་མི་འདོད་པས། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་ལ་བརྟེན་ནས་ཀྱང༌། མངོན་པར་རྫོགས་པར་འཚང་རྒྱ་བར་མི་འདོད་ཅེས་རྒྱས་པར་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་བསྟན་ཏོ། །དེ་ལ་དང་པོར་གང་ཟག་གི་བདག་མེད་པའི་སྒོ་ནས་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་མེད་པ་དང༌། དེ་ལ་བརྟེན་ནས་སངས་རྒྱ་བ་ཡང་མེད་པར་སྟོན་པ་ནི། སེམས་ཅན་མེད་པའི་ཕྱིར་ཞེས་པ་ནས། འཚང་མི་རྒྱ་བར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་གཏན་ཚིགས་ནི་དྲུག་གོ །དྲུག་གང་ཞེ་ན། སེམས་ཅན་མེད་པའི་ཕྱིར་དང༌། དེ་དངོས་པོ་མེད་པའི་ཕྱིར་དང༌། རང་བཞིན་མེད་པའི་ཕྱིར་དང༌། སྟོང་པ་ཉིད་ཀྱི་ཕྱིར་དང༌། དབེན་པའི་ཕྱིར་དང༌། འཚང་མི་རྒྱ་བའི་ཕྱིར་ཞེས་པ་ནས། དེ་ལ་གཏན་ཚིགས་དང་པོ་ལྔས་ནི་སྙིང་རྗེ་ཡིད་ལ་བྱེད་པ་མེད་པར་བསྟན་པའི་སྒོ་ནས་འཚང་མི་རྒྱ་བར་བསྟན་ལ། གཏན་ཚིགས་ཐ་མས་ནི། འཚང་མི་རྒྱ་བའི་ཕྱིར་ཡིད་ལ་བྱེད་པ་ཡང་འཚང་མི་རྒྱ་བར་བསྟན་ཏོ། །ཆོས་ཀྱི་བདག་མེད་པ་བསྟན་པ་ནི། གཟུགས་མེད་པའི་ཕྱིར་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པ་དང༌། བྱང་ཆུབ་མེད་པའི་བར་དུ་སྔ་མ་བཞིན་དུ་བཤད་དོ། །དོན་བསྡུ་བ་ནི། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་ཉིད་དང༌། མི་འབྲལ་བར་རིག་པར་བྱའོ་ཞེས་པའོ། །རབ་འབྱོར་གྱིས་བཤད་པའི་དོན་ལ། འཁོར་རྣམས་ཐེ་ཚོམ་མེད་པར་འཛིན་དུ་གཞུག་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ལེགས་སོ་ལེགས་སོ་ཞེས་པའི་བར་དུ་གསུངས་སོ། །རབ་འབྱོར་གྱིས་དེ་བཞིན་གཤེགས་པའི་མཐུ་ལ་བརྟེན་ནས་བཤད་པས་མ་ནོར་བ་ཡིན་པའི་ཕྱིར། གཞན་ལ་འཆད་པའི་ཚེ་ཡང་དེ་བཞིན་དུ་འཆད་པ་དང༌། སློབ་པའི་ཚེ་ནའང་དེ་བཞིན་དུ་བསླབ་པར་བྱའོ་ཞེས་སྟོན་པ་ནི། དེ་ལྟར་དེ་བཞིན་གཤེགས་པའི་མཐུས་ཞེས་པ་ནས། བསླབ་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །རབ་འབྱོར་གྱི་ལེའུ་བཤད་པའི་ཕན་ཡོན་ལ། མཐུ་དང་ཆོ་འཕྲུལ་ཡོངས་སུ་སྣང་བར་མཛད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པའི་ཚེ་ཞེས་པ་ནས། མཐའ་མཐོ་བར་འགྱུར་ན་དབུས་དམའ་བར་གྱུར་ཏོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་པ་དང༌། རབ་འབྱོར་གྱིས་དེའི་རྒྱུ་དྲིས་པ་དང༌། སྲོག་ཆགས་དུ་མ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་རྣམས་གསུངས་ཏེ། ཞལ་འཛུམ་པ་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་དེའི་ཚེ་འཛུམ་པ་མཛད་དོ་ཞེས་པས་གསུངས་སོ། །དེའི་རྒྱུ་དྲིས་པ་ནི། བཅོམ་ལྡན་འདས་རྒྱུ་ཅིའི་རྐྱེན་གྱིས་འཛུམ་པ་མཛད་ཅེས་དྲིས་པའོ། །ལན་ནི་ངས་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཤེར་ཕྱིན་སྟོན་པར་མཛད་པ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མཛད་ཅེས་པས་བསྟན་ཏེ། འདི་ནི་ཞལ་འཛུམ་པ་མཛད་པའི་རྒྱུའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕན་ཡོན་ནི། ལྷ་དང་མིའི་སྐྱེ་དགུ་ཁྲག་ཁྲིག་ཅེས་སོགས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནི། ཕྱོགས་བཅུ་ཀུན་གྱི་ཞེས་པ་ནས་བྱང་ཆུབ་ཏུ་སེམས་སྐྱེས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །རབ་འབྱོར་གྱི་ལེའུ་སྟེ་བཅུ་བཞི་པ་རྣམ་པར་བཤད་པའོ།།  ༈ སྐབས་གཉིས་པའི་དོན་ལམ་ཤེས་བསྟན་པ། ༈ བཅོ་ལྔ་པ་བརྒྱ་བྱིན་གྱི་ལེའུ་བཤད་པ། སྒོ་གསུམ་དུ་བསྟན་པ་ལས། གཙོ་བོར་མིའི་གདུལ་བྱ་རྣམས་ཀྱི་དོན་དུ་འབྲིང་དུ་བསྟན་པའི་སྒོ་བསྟན་ཟིན་ནས། ད་གཙོ་བོར་ལྷའི་གདུལ་བྱ་རྣམས་འདུལ་བའི་དོན་དུ་རྒྱས་པར་བསྟན་པའི་སྒོ་ཡོངས་སུ་གསུངས་པ་ནི། བརྒྱ་བྱིན་གྱི་ལེའུ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གསུངས་པར་མཛད་པ་སྟེ། དེ་ལ་མི་རྣམས་ཀྱི་གདུལ་བྱ་ལ་ཤེར་ཕྱིན་བསྟན་པ་ཉིད་ཀྱི་ཚེ། ལྷ་རྣམས་ཀྱིས་ཀྱང་ཤེར་ཕྱིན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཐོས་ནས། རྒྱལ་པོ་ཆེན་པོ་བཞི་ནས་འོག་མིན་གྱི་མཐའ་ཐུག་པའི་བར་གྱི་ལྷའི་བུ་བྱེ་བ་ཁྲག་ཁྲིག་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པའི་ཕྱིར་དུ་འདུས་པར་འགྱུར་ཏོ་ཞེས་བསྟན་པས་ནི་ལམ་ཤེས་ཀྱི་རྟེན་གང་ཟག་བསྟན་པ་ཡིན་ཏེ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཞེས་པ་ནས། གནས་གཙང་མའི་ལྷའི་བུ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་ཞེས་པའི་བར་གྱིས་ནི་ཉན་པ་པོའི་འཁོར་བསྟན་པ་ཡིན་ནོ། །ལམ་ཤེས་སྐྱེ་རུང་དུ་བསྒྲུབ་པའི་ཕྱིར་དུ་ང་རྒྱལ་བསལ་བ་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དང་ཞེས་པ་ནས། བླ་ན་མེད་པར་སྣང་ངོ༌། །གོང་ན་མེད་པར་བསྟན་ཏོ་ཞེས་པའི་བར་གྱིས་གསུངས་ཏེ། ལམ་ཤེས་ཀྱི་རྟེན་བསྟན་ཟིན་ཏོ། །ཆོས་ཉན་པའི་ཆེད་དུ་འདུས་པའི་ལྷ་དེ་དག་གི་དོན་དུ། བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲི་བ་ལྔ་དྲིས་པའི་དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་ཞེས་པའོ། །དྲི་བ་གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཞེས་པའོ། །དྲི་བ་གསུམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བྱ་ཞེས་པའོ། །དྲི་བ་བཞི་པ་ནི། ཡུམ་གང་ནས་བཙལ་བར་བྱ་ཞེས་པའོ། །ལྔ་པ་ནི། ཡུམ་གྱི་ཡོན་ཏན་བརྗོད་པའོ། །ཡང་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ཞུས་པ་ལྔ་ནི། ཤེར་ཕྱིན་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང༌། མཆོད་རྟེན་དང༌། ཡུམ་ལ་བསྙེན་བཀུར་བྱས་པ་བསོད་ནམས་གང་ཆེ་ཞུས་པ་དང༌། འཛམ་བུའི་གླིང་ལ་སོགས་པ་སྐུ་གདུང་གིས་བཀང་བ་ལས། ཡུམ་ལ་གདམས་པའི་འཐད་པ་དང༌། རང་གིས་ཡུམ་ལ་བསྙེན་བཀུར་བྱས་པ་ལས། གཞན་ལ་བྱིན་ན་བསོད་ནམས་ཆེ་བར་བསྟན་པ་སྟེ། དེ་ལྟར་ན་རྣམ་པ་བཅུས་བརྒྱ་བྱིན་གྱི་ལེའུ་སྟོན་པར་མཛད་དོ། །དྲི་བ་དེ་དག་གི་ལན་ནི་འོག་ནས་སྟོན་པར་མཛད་ཅིང༌། ཐོག་མར་ལྷ་རྣམས་ཀྱི་ཆེད་དུ་དྲི་བ་གསུམ་མཛད་པ་ནི། རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཤེར་ཕྱིན་ལ་གནས་པ་དང་བསླབ་པ་ལ། ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དགོས་སོ་ཞེས་བསྟན་པའི་དོན་དུ། །ཀཽ་ཤི་ཀ་ཞེས་པ་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བ་བསྟན་པར་བྱའོ་ཞེས་པའི་བར་དུ་གསུངས་སོ། །བྱང་ཆུབ་ཏུ་སེམས་མ་སྐྱེད་པའི་ཉེས་དམིགས་དང༌། དེའི་འཐད་པ་ནི། གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པར་གྱུར་པ་དེ་དག་ནི་ཞེས་པ་ནས། ས་མཚམས་བཅད་པའི་ཕྱིར་ཏེ་ཞེས་པའི་བར་གྱིས་གསུངས་སོ། །དེ་དག་ནི་གནས་སྐབས་ཀྱི་དབང་དུ་བྱས་པ་ཡིན་ལ། མཐར་ཐུག་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པར་སྟོན་པ་ནི། འོན་ཀྱང་ཞེས་པ་ནས། རྗེས་སུ་ཡི་རང་ངོ་ཞེས་པའི་བར་གྱིས་གསུངས་སོ། །རང་བཞིན་དང་བྱེད་ལས་སྙན་ཅིག་ཏུ་སྟོན་པ་ནི། ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལ་ཞེས་པ་ནས། བར་ཆད་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་ཁྱད་པར་དང་པོས་ནི། ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པར་བསྟན་ཏོ། །གཉིས་པས་ནི་ཉན་ཐོས་ལས་ཁྱད་པར་དུ་འཕགས་པར་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཞེས་སོགས་དྲི་བ་གསུམ་དྲིས་པ་ལས། དྲི་བ་བར་མ་དང་པོར་བསྟན་ན་གོ་སླ་བའི་ཕྱིར། ཀཽ་ཤི་ཀ་དེ་ལ་ཞེས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པའི་བར་གྱིས་དྲི་བ་བཀོད་ནས། ལན་ནི། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་ཞེས་སོགས་ཀྱིས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་གནས་སྐབས་སུ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཡིད་ལ་བྱེད་པ་ལ་ཤེར་ཕྱིན་དུ་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་སྐབས་སུ་ནི། ལམ་གྱི་རྣམ་པ་ཤེས་པའི་སྐབས་ལ་ཤེར་ཕྱིན་དུ་འདོད་མོད་ཀྱི། འདི་ནི་ཐེག་པ་གསུམ་གྱི་སྤངས་རྟོགས་ཀྱི་རིགས་གཞན་གྱི་དོན་དུ་ཡོངས་སུ་རྫོགས་པར་བྱ་བ་ཡིན་པས། ཐེག་པ་གསུམ་གྱི་རྣམ་པ་ཡིད་ལ་བྱེད་པའི་སྒོ་ནས་ཤེར་ཕྱིན་བསྟན་ཏོ། །ཡང་ན་ཉན་ཐོས་ཀྱི་རྣམ་པ་ཡིད་ལ་བྱེད་པའི་སྒོ་ནས་ཉན་ཐོས་ཀྱི་ལམ་ཡོངས་སུ་ཤེས་པར་བྱེད་ལ། དེ་མི་དམིགས་པར་རྟོགས་པ་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསྟན་ཏོ། །རང་རྒྱལ་གྱི་རྣམ་པ་ཡིད་ལ་བྱེད་པས་ནི། རང་རྒྱལ་གྱི་ལམ་ཡོངས་སུ་ཤེས་པར་བྱེད་ལ། དེ་མི་དམིགས་པར་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསྟན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཞེས་པའི་ལན་བཏབ་བོ། །དེ་ལ་དང་པོ་ཉན་ཐོས་ཀྱི་རྣམ་པ་ཡིད་ལ་བྱེད་པ་ནི། གཟུགས་མི་རྟག་པར་ཡིད་ལ་བྱའོ་ཞེས་སོགས་ཀྱིས་བསྟན་ཏེ། སྡུག་ཀུན་སོ་སོ་བའི་རྣམ་པ་བརྒྱད་དང༌། ཐུན་མོང་པའི་རྣམ་པ་བདུན་དང༌། འགོག་པའི་རྣམ་པ་བདུན་གྱི་བར་དུ་ཡིད་ལ་བྱེད་པ་དང༌། དྲན་པ་ཉེར་བཞག་ནས་རྣམ་མཁྱེན་གྱི་བར་དུ་མི་དམིགས་པར་ཡིད་ལ་འབྱེད་པའི་བར་གྱིས་ལམ་གྱི་རྣམ་པ་ཡིད་ལ་བྱེད་པར་བསྟན་ཏོ། །ཡང་ན་གཟུགས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། ནད་དང༌། ཤུ་བ་དང༌། ཟུག་རྔུ་དང༌། སྡིག་པ་དང༌། ན་བ་དང༌། དགྲ་དང༌། འཇིགས་པའི་ཆོས་ཅན་དང༌། མི་བརྟན་པ་དང༌། འཇིག་པ་དང༌། འགོ་བའི་ནད་དང༌། སྟོང་པ་ཉིད་དང༌། བདག་གི་མེད་པ་དང༌། ཡིད་བརྟན་དུ་མི་རུང་བ་དང༌། གནོད་པར་ཡིད་ལ་བྱ་བ་སྟེ། རྣམ་པ་ཉི་ཤུ་ཡིད་ལ་བྱ་བས་ནི། ཉན་ཐོས་ཀྱི་རྣམ་པ་ཡིད་ལ་བྱ་བའི་ཚུལ་བསྟན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་ཞེས་པས་ནི་ཡུལ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །འགྲེས་ཀྱི་རྣམ་པ་ཉི་ཤུ་གཟུགས་ལ་སྦྱར་བ་དེ་བཞིན་དུ། ཕུང་པོ་ལྷག་མ་རྣམས་དང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བར་དུ་སྦྱར་རོ། །སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་མི་དམིགས་པའི་ཚུལ་གྱིས་སྒོམ་པར་གསུངས་ཏེ། གཟུགས་མི་རྟག་པར་ཡིད་ལ་བྱའོ་ཞེས་པ་ནས། མི་དམིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་མོ་ཞེས་པའི་བར་དུ་གསུངས་སོ། །འདིར་བདག་མེད་པ་དང༌། ཞི་བ་དང༌། དབེན་པ་གསུམ་གསུངས་པ་ནི། འགོག་བདེན་གྱི་རྣམ་པ་ཡིན་ཞིང༌། ཀུན་འབྱུང་གི་རྣམ་པའི་གོང་དུ་སྣང་བས། གོ་རིམ་འཁྲུགས་པ་ཡིན་ལ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང་བཞི་ནི། འབུམ་ཊཱིཀ་ལ་སྣང་ཡང༌། ད་ལྟའི་འབུམ་རྣམས་ལ་ནི་ཆད་པར་མངོན་ནོ། །འབུམ་གྱི་གནོད་འཇོམས་ལས་ནི། འགོ་བའི་ནད་དང་ཞེས་པའི་མཇུག་ཐོགས་སུ། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་ཞེས་གསུངས་པའི་གོ་རིམ་དང་མཐུན་པར་བཤད་དགོས་སོ། །འདི་དག་གི་དོན་ནི་མངོན་རྟོགས་རྒྱན་ལས། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། འཕགས་པའི་བདེན་པ་བཞི་དག་གི། །རྣམ་པ་མི་དམིགས་སྒོ་ནས་ནི། ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་པས་བསྟན་ཏོ། །ཡང་སྔར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཞེས་དྲིས་པའི་ལན་གྱི་དབང་དུ་མཛད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་གྲངས་གཞན་ཡང་སྟོན་པ་ནི། ཀཽ་ཤི་ཀ་གཞན་ཡང༌། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། འདི་ལྟར་སོ་སོ་ཡང་དག་པར་སློབ་སྟེ་ཞེས་སོགས་གསུངས་པས། གང་ཟག་གི་བདག་མེད་པ་དང༌། ཆོས་ཀྱི་བདག་མེད་པ་སོ་སོར་རྟོགས་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མཛད་དོ། །དེ་ལ་དང་པོ་གང་ཟག་གི་བདག་མེད་པ་ལ་སོ་སོར་རྟོག་པ་ནི་འདི་ལྟར་ཆོས་རྣམས་ཞེས་པ་ནས། བདག་གམ་བདག་གི་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་བྱང་ཆུབ་ཀྱི་སེམས་དང༌། དགེ་བའི་རྩ་བ་དང༌། ཡོངས་སུ་བསྔོ་བའི་སེམས་གསུམ་པོས་གདུལ་བྱའི་རྒྱུད་ལ་དགེ་བའི་ཆོས་རྣམས་ཀྱི་མྱུ་གུ་སྐྱེ་རུང་དུ་བྱེད་པས་ན། མངོན་པར་རླན་པར་བྱེད་པ་དང༌། མྱུར་དུ་སྐྱེ་རུང་དུ་བྱེད་པས་ཡོངས་སུ་རླན་པར་བྱེད་པ་དང༌། རྟོགས་པའི་དགེ་བའི་ཆོས་རྣམས་རྫོགས་པར་བྱེད་པ་དང༌། རྒྱས་པར་བྱེད་པ་དང༌། འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཡོངས་སུ་དཔྱོད་པར་བྱེད་པ་ལ་རིམ་གྱིས་འཇུག་པར་བྱེད་པ་ནི། ཆོས་ཁོ་ནར་ཟད་ཀྱི་དེ་ལ་བདག་དང་བདག་གི་བ་མེད་དོ་ཞེས་བཤད་པར་བྱའོ། །འཇུག་པར་བྱེད་པའི་ཆོས་ནི། བྱང་ཆུབ་ཀྱི་སེམས་དང་ཡོངས་སུ་བསྔོ་བའི་སེམས་ཏེ། གོང་དུ་བསྟན་པ་ཉིད་དོ། །ཇི་ལྟར་བསྟན་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སེམས་བསྐྱེད་པས་ཞེས་པས་ནི་བྱང་ཆུབ་ཀྱི་སེམས་དང༌། གཞན་དོན་དུ་དགེ་བའི་ཆོས་ཡོངས་སུ་བསྔོ་བའི་སེམས་བསྐྱེད་བསྟན་པ་ཡིན་ནོ། །དྲན་པ་ཉེ་བར་བཞག་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་བསྒོམ་པར་བསྟན་པ་ནི། དགེ་བའི་རྩ་བ་བསྟན་ཏོ། །གསུམ་པོ་དེ་དག་གི་གདུལ་བྱའི་སེམས་རྒྱུད་བརླན་པར་བྱེད་པ་ཡིན་གྱི། བྱེད་པ་པོའི་བདག་དང་གཞན་མེད་དོ་ཞེས་པའི་དོན་ནོ། །གང་ཟག་གི་བདག་མེད་ལ་རྟོག་པའི་སྒོ་ནས་ཤེར་ཕྱིན་ངོས་བཟུང་བ་བསྟན་ནས། ཆོས་ཀྱི་བདག་མེད་པ་ལ་སོ་སོར་རྟོག་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཞེས་སོགས་ཏེ། དེ་ལ་ཆོས་གསུམ་པོ་དེས་གདུལ་བྱའི་སེམས་རྒྱུད་གདུལ་བར་བྱེད་པ་ནི། ཐ་སྙད་པའི་དབང་དུ་བྱས་ཀྱི་དོན་དམ་པར་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་གཉིས་ཀ་ཕན་ཚུན་གཅིག་ལ་གཅིག་བརྟེན་པའི་ཚུལ་གྱིས་གདུལ་བྱའི་སེམས་རྒྱུད་འདུལ་བར་བྱེད་པའི་གྲོགས་བསྐྱེད་པ་མ་ཡིན་པའི་ཕྱིར་ཏེ། ཕན་ཚུན་འགྲོགས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་མ་དམིགས་པའི་ཕྱིར་རོ་ཞེས་པའི་དོན་ནོ། །ཀཽ་ཤི་ཀ་གང་དེ་ལྟར་ཞེས་པ་ནི་ཚུལ་དེ་ལྟ་བུའི་སྒོ་ནས་ཆོས་ཐམས་ཅད་ལ་བདག་མེད་པ་རབ་ཏུ་རྟོགས་ལ། དེ་ལྟར་རྟོགས་པས་ཆོས་གང་ལ་ཡང་བདེན་འཛིན་གྱི་རྣམ་པར་རྟོག་པ་རྒྱུ་བ་མེད་པ་ནི། བྱང་སེམས་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བསྟན་ཏོ། །སླར་ཡང་དེ་ཉིད་ཀྱི་དོན་རྒྱས་པར་ཤེས་འདོད་ནས། བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲི་བ་མཛད་པ་ནི། དེ་སྐད་ཅེས་སྨྲས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། མེད་ཅིང་མི་དམིགས་ཞེས་པའི་བར་གྱིས་དྲིས་སོ། །ལན་ལ་རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་གྱིས་གསུངས་སོ། །དོན་ནི་བསྔོ་བའི་སེམས་དང་བྱང་ཆུབ་ཀྱི་སེམས་གཉིས་ཀ་ཡང་དོན་དམ་པར་སེམས་མ་ཡིན་ཏེ། རང་རང་གི་ངོ་བོས་སྟོང་པའི་ཕྱིར་རོ། །དེ་ལྟར་སེམས་མ་ཡིན་པས་སེམས་ཀྱི་ངོ་བོར་བློས་བརྟག་ཏུ་མེད་པས་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་སོ། །དེ་ལྟར་སེམས་ཀྱི་ངོ་བོར་བསམ་གྱིས་མི་ཁྱབ་ཅིང༌། སེམས་ཀྱི་ངོ་བོ་ཡོད་པ་མ་ཡིན་པ་དེ་ལ། བྱང་ཆུབ་ཀྱི་སེམས་དང་བསྔོ་བའི་སེམས་སུ་ཡོངས་སུ་གྲུབ་པ་མེད་པར་རྟོགས་པ་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བསྟན་པའོ། །རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པ་དེ་ཉིད་ལ། འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། བཅོམ་ལྡན་འདས་ཀྱིས་བསྟོད་པ་མཛད་པ་ནི། དེ་ལ་བཅོམ་ལྡན་འདས་ཀྱིས་བསྟོད་པ་མཛད་པ་ཞེས་པ་ནས། རབ་འབྱོར་ལེགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །རབ་འབྱོར་རང་ཉིད་ཀྱིས་ཡུམ་ཕྱིན་ཅི་མ་ལོག་པར་འཆད་པ་ནི། བཅོམ་ལྡན་འདས་ཀྱི་བཀའ་དྲིན་དུ་བསྟན་པ་ནི། རབ་འབྱོར་གྱིས་གསོལ་པ་ཞེས་སོགས་ཀྱིས་སྟོན་ཏེ། བདག་ཅག་གི་སྟོན་པ་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ཡང་དེ་བཞིན་གཤེགས་པ་སྔ་མ་རྣམས་ཀྱི་འཁོར་ཉན་ཐོས་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གདམས་པ་དང་རྗེས་སུ་བསྟན་པར་བགྱིས་པ་ལས། སངས་རྒྱས་པ་ཡིན་ལ་དེ་བཞིན་དུ་བདག་གིས་ཀྱང་འཁོར་འདིར་བྱང་ཆུབ་སེམས་དཔའ་རྣམས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་རྗེས་སུ་བསྟན་པར་བགྱིས་པས། དེ་དག་གི་དོན་ལ་རིམ་པ་བཞིན་དུ་སློབ་པའི་རིམ་པས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བས་ན་སྔོན་གྱི་ཉན་ཐོས་རྣམས་ཀྱིས་བྱ་བ་བྱས་པའི་ཚུལ། བདག་གིས་ཀྱང་བྱས་པ་ནི་བཅོམ་ལྡན་འདས་ཀྱི་དྲིན་ནོ་ཞེས་པའི་དོན་ནོ། །དེ་དག་གི་དོན་ནི་རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་གདམས་པ་ནི། ཐོག་མར་བྱ་བ་མ་ཡིན་པ་ལས་བཟློག་པའོ། །རྗེས་སུ་བསྟན་པ་ནི། དགེ་བའི་ཆོས་ལ་སྦྱོར་བའོ། །དགའ་བར་བགྱིས་པ་ནི། སྒྲུབ་པའི་དམིགས་པ་བསྟན་པའོ། །ཡང་དག་པར་བསྐུལ་བ་ནི་མ་ནོར་བའི་མན་ངག་ཐོབ་པས་ཡང་དག་པ་བསྒོམ་པ་ལ་སྦྱོར་བའོ། །གཟེངས་བསྟོད་པ་ནི་ལེ་ལོའི་སྐྱོན་དང་བྲལ་བ་ལ་འགོད་པའོ། །རབ་ཏུ་དགྱེས་པ་ནི་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལ་དགྱེས་པའོ། །བཞག་པ་ནི་འཕགས་པའི་ལམ་ལའོ། །ཤིན་ཏུ་བརྟན་པར་བགྱིས་པ་ནི། སྒོམ་པའི་ལམ་ལ་བརྟན་པར་བྱས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཞེས་དྲིས་པའི་ལན་བསྟན་ཟིན་ཏོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་ཞེས་དྲིས་པའི་དོན་རྒྱས་པར་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་སོགས་ཀྱིས་གསུངས་ཏེ། ཆོས་གང་ལ་ཡང་མི་གནས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཞེས་བྱ་བར་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་ཞེས་དྲིས་པའི་ལན་གྱི་མདོ་འདིས། མངོན་རྟོགས་རྒྱན་དུ། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །ཞེས་པ་ནས། ཆོས་ཀྱི་མཆོག་ཏུ་གྱུར་བཤད་དེ། །ཞེས་པའི་བར་གྱི་མངོན་པར་རྟོགས་པའི་རིམ་པ་ཡང་བསྟན་ཏོ། །དེ་ལ་ཐོག་མར་ཉན་པ་པོ་ཡིད་གཏད་པའི་དོན་དུ་གདམས་པ་མཛད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། གནས་པར་བྱ་བ་དང༌། ཇི་ལྟར་གནས་པར་མི་བྱ་བ། བདག་གིས་བཤད་དོ་ཞེས་པའི་བར་གྱིས་གསུངས་སོ། །དྲོད་སྟོན་པ་དེ་ལ་དང་པོ་མི་གནས་པའི་དོན་བཤད་པ་ལ། ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དང༌། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང༌། གཉིས་སུ་བྱར་མེད། ཅེས་པའི་བར་གྱིས་གསུངས་སོ། །དེ་ལ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་སོགས་ཀྱིས། གང་ལ་གནས་པར་བྱ་བའི་ཡུལ་རང་བཞིན་གྱིས་སྟོང་པར་བསྟན་ལ། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་ཞེས་སོགས་ཀྱིས་ནི་གནས་པ་པོའི་བྱང་ཆུབ་སེམས་དཔའ་སྟོང་པར་བསྟན་ཏོ། །དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་ཅེས་པས་ནི། གཉིས་ཀ་སྟོང་པ་ཉིད་དུ་རོ་གཅིག་པས་གཉིས་སུ་བྱར་མེད་ཅེས་པའི་དོན་ནོ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པ་ལ་གནས་པ་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བསྟན་པ་ཡིན་ནོ། །བཤད་ཚུལ་འདི་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །དོན་བསྡུ་བ་ནི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ་ཞེས་པའོ། །ཤེར་ཕྱིན་ལ་གནས་པར་བྱ་བ་བཤད་ཟིན་ཏོ། །གང་ལ་ཡང་མི་གནས་པར་བདག་གིས་བཤད་དོ་ཞེས་དམ་བཅས་པ་དེ་ཉིད་རྒྱས་པར་བསྟན་པའི་སྒོ་ནས་ཤེར་ཕྱིན་ལ་གནས་པ་རྒྱས་པར་བཤད་པ་ལ། དང་པོ་དྲི་བ་ནི། ལྷའི་དབང་པོ་བརྒྱ་བྱིན་གྱིས། གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། གནས་པར་བྱའོ་ཞེས་པའི་བར་ནི་དྲི་བའོ། །ལན་ནི། ཆོས་གང་དང་གང་ལ་ཚུལ་ཇི་ལྟ་བུ་མི་གནས་པར་སྟོན་པ་སྟེ། རབ་འབྱོར་གྱིས་སྨྲས་པ་ཞེས་སོགས་སོ། །དམིགས་པའི་ཚུལ་གྱིས་མི་གནས་པར་བསྟན་པ་འདི་ལ་འགྲེས་རྣམ་པ་གསུམ་སྟེ། ཆོས་ལ་གནས་པར་མི་བྱ་བ་ནི་འགྲེས་དང་པོའོ། །ཆོས་ཉིད་ལ་གནས་པར་མི་བྱ་བ་ནི་འགྲེས་གཉིས་པའོ། །གང་ཟག་ལ་གནས་པར་མི་བྱ་བ་ནི་འགྲེས་གསུམ་པའོ། །རྩེ་མོ་སྟོན་པ་དང་པོ་ཆོས་ལ་གནས་པར་མི་བྱ་བ་ལ་ཡང་འགྲེས་གཉིས་ཏེ། མཚན་གཞི་ཆོས་ཅན་ལ་མི་གནས་པ་དང༌། མཚན་ཉིད་ཆོས་ཉིད་ལ་མི་གནས་པར་བསྟན་པའོ། །དང་པོ་ནི། དམིགས་པའི་ཚུལ་གྱིས་གཟུགས་ལ་གནས་པར་མི་བྱ་ཞེས་པ་ནས། དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་བྱ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ཆོས་ཀྱི་མཚན་ཉིད་ལ་མི་གནས་པའི་འགྲེས་ནི། དམིགས་པའི་ཚུལ་གྱི་གཟུགས་ཤེས་པར་བྱ་བར་གནས་པར་མི་བྱའོ་ཞེས་པ་ནས། དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་པར་བྱ་བར་གནས་པར་མི་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །ཆོས་ཉིད་ལ་གནས་པར་མི་བྱ་བའི་འགྲེས་ལ། ཐམས་ཅད་ཤེས་པ་ཉིད་ཀྱི་ཆོས་ཉིད་བསྟན་པ་དང༌། ལམ་ཤེས་པ་དང༌། རྣམ་མཁྱེན་གྱི་ཆོས་ཉིད་བསྟན་པའོ། །དང་པོ་ནི། དམིགས་པའི་ཚུལ་གྱིས་གཟུགས་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བ་ལ་གནས་པར་མི་བྱ་ཞེས་པ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། སྦྱིན་པའི་གནས་ཞེས་བྱ་བར་གནས་པར་མི་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་རྟག་མི་རྟག་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། སྡུག་མི་སྡུག་དང༌། ཞི་མ་ཞི་དང༌། དབེན་མི་དབེན་དང༌། སྟོང་མི་སྟོང་དང༌། མཚན་མ་ཡོད་མེད་དང༌། སྨོན་པ་ཡོད་མེད་དང༌། ཟུང་དུ་སྦྱར་བའི་ཕྲག་དགུ་གཟུགས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་ལ་སྦྱར་ནས་དེ་དག་བཀག་པའི་ཚུལ་གྱིས་གསུངས་སོ། །འདིས་བཟོད་པའི་དམིགས་རྣམ་བསྟན་པ་ཡིན་ནོ། །གཉིས་པ་ལམ་ཤེས་ཀྱི་ཆོས་ཉིད་ལ་མི་གནས་པ་ནི། ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ས་དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ། ས་བཅུ་པ་ལ་གནས་པར་མི་བྱ་ཞེས་པ་ནས། སེམས་ཅན་ཚད་མེད་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྲོས་པ་གཅོད་པའི་སྒོ་ནས་དེའི་ཆོས་ཉིད་བསྟན་པ་ནི། མིག་ལྔ་སྒྲུབ་པར་བྱ་སྟེ། ལྔ་གང་ཞེ་ན། ཤའི་མིག་དང་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་དཔེ་བྱད་བཟང་པོ་བརྒྱད་བཅུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། རྣམ་མཁྱེན་གྱི་ཡེ་ཤེས་དེ་ཐོབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་སྤྱན་ལྔ་བསྒྲུབ་པ་དང༌། ཏིང་ངེ་འཛིན་བསྒྲུབ་པ་དང༌། ཏིང་ངེ་འཛིན་གྱིས་རྣམ་པར་བརྩེ་བ་དང༌། གཟུངས་ཀྱི་སྒོ་བསྒྲུབ་པ་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། མ་འདྲེས་པ་དང༌། མཚན་དང་དཔེ་བྱད་རྣམས་བསྒྲུབས་ནས་རྣམ་མཁྱེན་ཐོབ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེར་ཕྱིན་ལ་གནས་པར་བསྟན་པའོ། །གང་ཟག་གི་འགྲེས་ནི། དད་པའི་རྗེས་སུ་འབྲང་བའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་སོགས་ཀྱིས་གསུངས་སོ། །ད་ལྟའི་འབུམ་ཕལ་ཆེ་བ་ལ་ནི། རྣམ་མཁྱེན་གྱི་འགྲེས་དང་གང་ཟག་གི་འགྲེས་གཉིས་ཆད་ནས་མི་སྣང་ངོ༌། །ལམ་ཤེས་དང་རྣམ་མཁྱེན་གྱི་ཆོས་ཉིད་ལ་མི་གནས་པ་དང༌། གང་ཟག་ལ་མི་གནས་པའི་འགྲེས་གསུམ་གྱིས། ཆོས་མཆོག་གི་དམིགས་རྣམ་བསྟན་པ་ཡིན་ནོ། །གནས་པར་མི་བྱ་བའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཏེ་ཞེས་པའི་བར་གྱིས་གསུངས་སོ། །དོན་བསྡུ་བ་ནི། ཀཽ་ཤི་ཀ་དེ་ལྟར་ཞེས་པ་ནས་གནས་པར་མི་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གང་ཟག་གི་འགྲེས་ཀྱི་གཞི་ཤེས་ལ། དང་པོ་ཉན་ཐོས་ཀྱི་གང་ཟག་ནི། དད་པའི་རྗེས་སུ་འབྲང་བའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །རང་སངས་རྒྱས་ཀྱི་གང་ཟག་ནི། རང་སངས་རྒྱས་སོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་པ་ལ་སོགས་པས་བསྟན་ཏོ། །ལམ་ཤེས་ལ་གནས་པའི་བྱང་སེམས་ནི་ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ་ཞེས་པ་ནས། སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཀྱིས་རབ་ཏུ་ཕྱེ་བའི་གང་ཟག་ལ་མི་གནས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པའི་གང་ཟག་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ནས་སངས་རྒྱས་ཀྱི་སྒྲ་ཡོད་པར་མ་གྱུར་ཅིག དམིགས་པའི་ཚུལ་གྱིས་གནས་པར་མ་གྱུར་ཅིག་ཅེས་གནས་པར་མི་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། དེ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ་ཞེས་པ་ནས། མཉམ་པར་བཞག་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་པའི་བར་གྱིས་ནི། མཉམ་བཞག་གིས་རབ་ཏུ་ཕྱེ་བའི་གང་ཟག་བསྟན་ལ། ལྷག་མ་རྣམས་ཀྱིས་ནི་སྨོན་ལམ་གྱིས་རབ་ཏུ་ཕྱེ་བའི་གང་ཟག་བསྟན་ཏོ། །འདི་དག་ཐམས་ཅད་རྣམ་མཁྱེན་གྱི་ཆོས་ཡིན་པས། རྣམ་མཁྱེན་གྱི་ཆོས་རབ་ཏུ་ཕྱེ་བ་ཞེས་བསྟན་ཏོ། །ལམ་ཤེས་དང་རྣམ་མཁྱེན་གྱི་ཆོས་ཉིད་ལ་མི་གནས་པ་དང༌། གང་ཟག་ལ་མི་གནས་པའི་འགྲེས་གསུམ་གྱིས། ཆོས་མཆོག་གི་དམིགས་རྣམ་བསྟན་པ་ཡིན་ནོ། །དེ་དག་ཐམས་ཅད་ལ་གནས་པར་མི་བྱ་བའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མ་དམིགས་པའི་ཕྱིར་ཏེ་ཞེས་པའི་བར་གྱིས་གསུངས་སོ། །དོན་བསྡུ་བ་ནི། ཀཽ་ཤི་ཀ་ཞེས་པ་ནས། གནས་པར་མི་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གོང་དུ་ཤེར་ཕྱིན་ལ་གནས་པར་བསྟན་པ་དང༌། ཆོས་གང་ལ་ཡང་གནས་པར་མི་བྱ་ཞེས་བཤད་པ་གཉིས་འགལ་ལོ་སྙམ་པའི་དོགས་སྤོངས་བཤད་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་ཞེས་སོགས་གསུངས་ཏེ། བྱང་སེམས་ཆེན་པོ་ཇི་ལྟར་ཡུམ་ལ་གནས་པར་བྱ་སྙམ་པ་འདི་རྒྱུ་ཅི་ལས་སེམས་པར་གྱུར་ཞེ་ན། གོང་དུ་ཆོས་ཐམས་ཅད་ལ་གནས་པར་མི་བྱ་བ་དང༌། ཤེར་ཕྱིན་ལ་གནས་པ་གཉིས། ཇི་ལྟར་འགལ་བར་མི་འགྱུར་སྙམ་དུ་སེམས་པའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་ཆོས་གང་ལ་ཡང་མི་གནས་པའི་རྣལ་འབྱོར་ཉིད། ཡུམ་ལ་གནས་པ་ཡིན་པར་བསྟན་པའི་ཕྱིར་དུ་མཚུངས་པ་བརྗོད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། སངས་རྒྱས་ཀྱི་ཐུགས་ནི་མི་གནས་པས་སོ་ཞེས་པའི་བར་གྱིས་བཤད་དོ། །གཏན་ཚིགས་དེ་ཉིད་རྒྱས་པར་བསྟན་པ་ནི། དེ་གཟུགས་ལ་མི་གནས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་མི་གནས་ཞེས་པའི་བར་དུ་གསུངས་སོ། །རབ་འབྱོར་གྱིས་ལན་བཏབ་པ་ནི། ཤཱ་རིའི་བུ་རང་ཉིད་ཀྱིས། དེ་བཞིན་གཤེགས་པའི་ཐུགས་གང་ལ་ཡང་མི་གནས་པའི་ཚུལ་གྱིས་གནས་པར་འདོད་པ་ལྟར། ཁོ་བོས་ཀྱང་དེ་བཞིན་དུ་འདོད་དོ་ཞེས་བསྟན་པ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་སེམས་ཆེན་པོ། ཇི་ལྟར་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་པ་དེ་ལྟར་ཡུམ་ལ་གནས་པར་བྱ་སྟེ་ཞེས་པའི་བར་དུ་གསུངས་ཏེ། དེ་བཞིན་གཤེགས་པའི་ཐུགས་ཆོས་གང་ལ་ཡང་མངོན་པར་ཞེན་པའི་ཚུལ་གྱིས་མི་གནས་པར། ཐ་སྙད་དུ་གནས་པ་དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་དེ་ལྟར་དུ་བྱའོ་ཞེས་སྟོན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་པ་དེ་ལྟར་ཞེས་པ་ཡན་ཆད་ཀྱིས་ནི་དཔེ་བསྟན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡན་ཆད་ཀྱིས་ནི་དོན་བསྟན་ཏོ། །དོན་བསྡུ་བ་ནི། ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས། གནས་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །འདི་དག་གིས་ནི་ཉན་ཐོས་ཀྱི་ལམ་མི་དམིགས་པར་རྟོགས་པའི་ལམ་ཤེས་དང༌། རྒྱུ་ངེས་པར་འབྱེད་པའི་ཆ་དང་མཐུན་པར་བསྟན་ཟིན་ཏོ། །དེ་དག་གིས་ནི་ཉན་ཐོས་ཀྱི་ལམ་བཤད་ཚུལ་ཡོངས་སུ་རྫོགས་པར་བསྟན་ཟིན་ནས། ངག་ཏུ་ཇི་ལྟར་གནས་པ་བཞིན་བརྗོད་དུ་མེད་པའི་དོན་བཤད་པས། འདུལ་བར་བྱ་བའི་གང་ཟག་འགའ་ཞིག་ཐེ་ཚོམ་ཟོས་པར་གྱུར་པ་རྗེས་སུ་གཟུང་བར་བྱ་བའི་དོན་དུ། དེ་དག་གི་དོན་ལས་བརྩམས་ནས་བཤད་པའི་སྐབས་གཞན་ཕྱེ་སྟེ། རང་སངས་རྒྱས་ཀྱི་ལམ་དང༌། དེ་མི་དམིགས་པར་རྟོགས་པའི་ལམ་ཤེས་སྟོན་པར་མཛད་དོ། །དེ་དག་ཀྱང་དོགས་པ་རྣམ་པ་དྲུག་སེལ་བའི་སྒོ་ནས་སྟོན་པ་ལས། ཐོས་པའི་སྒོ་ནས་སྒྲོ་འདོགས་གཅོད་པ་ལ། དང་པོ་དོགས་པ་འགོད་པ་ནི། ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ་ཞེས་པ་སྟེ། གོང་དུ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་པ་ཉིད་ལ་གནས་པ་ཉིད་ཡུམ་ལ་གནས་པར་བསྟན་པ་ན། གནོད་སྦྱིན་ལ་སོགས་པའི་ཚིག་ནི་ངག་ཏུ་བརྗོད་པས་བརྗོད་བྱའི་དོན་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་ལ། ཤེར་ཕྱིན་གྱི་དོན་ནི་ངག་ཏུ་བརྗོད་པས་མི་རྟོགས་སོ་སྙམ་དུ་སེམས་པ་སྟེ། གང་གནོད་སྦྱིན་རྣམས་ཀྱི་ཞེས་པ་ནས། གཏན་ལ་ཕབ་པ་དེ་ནི་ཤེས་པར་མི་རུང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་བསམ་པ་ཤེས་ནས་དྲིས་པ་ནི། དེ་ནས་ཚེ་དང་ལྡན་པ་ཞེས་པ་ནས། དེ་ཤེས་པར་མི་རུང་ངམ་ཞེས་པས་སྟོན་ཏེ། ཤེར་ཕྱིན་གྱི་དོན་ནི་ངག་ཏུ་བརྗོད་པས་ཤེས་པར་མི་རུང་ངམ་ཞེས་དྲིས་པའོ། །ལན་བཏབ་པ་ནི། ལྷའི་བུ་རྣམས་ཀྱིས་སྨྲས་པ། འཕགས་པ་རབ་འབྱོར་ཤེས་པར་མི་རུང་ངོ་ཞེས་པའི་དོན་ཡིན་ཏེ། ངག་ཏུ་བརྗོད་དུ་མེད་པའི་དོན་རབ་འབྱོར་འཆད་དུ་གཞུག་པའི་ཕྱིར་སྨྲས་པའོ། །ལྷའི་བུའི་རྟོགས་པ་དང་མཐུན་པར་བརྗོད་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། ཤེས་པར་མི་རུང་ངོ་ཞེས་པ་འི་བར་གྱིས་བསྟན་ཏོ། །དེའི་དོན་ནི་ཡུམ་ནི་བརྗོད་དུ་མེད་པ་ཡིན་པས། ཡི་གེའི་སྒོ་ནས་མ་བརྗོད་དོ། །གང་མ་བརྗོད་པ་དེ་ཐོས་པར་མི་རུང་ངོ༌། །གང་མ་ཐོས་པ་དེ་ཚིག་ལས་ཤེས་པར་མི་རུང་ངོ་ཞེས་པའི་དོན་ནོ། །བརྗོད་དུ་མེད་པའི་གཏན་ཚིགས་སྨྲས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཡི་གེ་མེད་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏེ། བསྒོམས་པའི་སྟོབས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་ནོ་ཞེས་པའི་དོན་ནོ། །འདིས་རང་རྒྱལ་གྱི་རང་བྱང་ཆུབ་མངོན་དུ་བྱེད་ཚུལ་བསྟན་པ་ཡིན་ནོ། །ངག་ཏུ་བསྟན་པ་ནི་ཐ་སྙད་དུ་བཏགས་པ་ཙམ་གྱི་སྒོ་ནས་སྟོན་པར་ཟད་དོ། །དོན་དམ་པར་ཤེར་ཕྱིན་གྱི་དོན་སྟོན་པ་དང༌། ཉན་པ་དང༌། བྱེད་པ་མེད་པ་འཕགས་པའི་སྒོ་ནས་སྟོན་པ་ནི། ལྷའི་བུ་འདི་ལྟ་སྟེ། དཔེར་ན་ཞེས་པ་ནས། སུས་ཀྱང་ཤེས་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དེ་བཞིན་གཤེགས་པའི་སྤྲུལ་པས་འཁོར་རྣམ་བཞི་སྤྲུལ་ནས་དེ་ལ་ཆོས་སྟོན་པ་ན་སྟོན་པ་པོས་བསྟན་པའི་ཆོས་ཉིད་ཉན་པ་པོ་འགའ་ཞིག་གིས་ཐོས་པ་དང་ཤེས་པར་འགྱུར་བ་ཡོད་དམ་ཞེས་བརྒལ་བ་ན། རབ་འབྱོར་གྱིས་རྟོགས་པ་དང་མཐུན་པར་ལན་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དོ་ཞེས་པའོ། །སྤྲུལ་པའི་དཔེའི་སྒོ་ནས་བསྟན་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། སུས་ཀྱང་ཤེས་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཡང་ལྷའི་བུ་རང་ཉིད་ལ་དཔེ་དྲིས་ནས། དེ་དག་གི་ལན་བཏབ་ཚུལ་བསྟན་པ་ནི། ལྷའི་བུ་འདི་ལྟ་སྟེ་ཞེས་པ་ནས། བཙུན་པ་རབ་འབྱོར་དེ་ནི་མེད་དོ་ཞེས་པའོ། །དེ་དག་གི་ལན་བཏབ་པ་དང་མཐུན་པར་རབ་འབྱོར་གྱིས་བརྗོད་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། སུས་ཀྱང་ཤེས་པ་མེད་དོ་ཞེས་སྨྲས་པའོ། །ཡང་སྒྲ་བརྙན་དང༌། སྒྱུ་མའི་དཔེ་བསྟན་པས། ཐོས་པ་དང༌། ཤེས་པའི་ཆོས་སུ་མེད་པར་བསྟན་པ་ནི། ལྷའི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་གཉིས་ཞིག་རིའི་སུལ་དུ་འཁོད་དེ་ཞེས་པ་ནས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མེད་དོ། །སུས་ཀྱང་ཐོས་པ་མེད་དོ། །སུས་ཀྱང་ཤེས་པ་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །འདི་དག་གིས་ནི། རང་རྒྱལ་གྱིས་སྒྲ་བཅས་ཀྱི་སྒོ་ནས་ཆོས་སྟོན་པ་མེད་པར་བསྟན་ཏོ། །སྒྲའི་སྒོ་ནས་ཆོས་སྟོན་པ་མེད་ཀྱང༌། གཞན་ལ་ཆོས་ཀྱི་རྟོགས་པ་བསྐྱེད་པར་བསྟན་པ་ནི། དེ་ནས་ལྷའི་བུ་འདི་དག་འདི་སྙམ་དུ་སེམས་པར་གྱུར་ཏེ་ཞེས་པ་ནས། ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་ལ་འཇུག་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་དག་གི་དོན་རྒྱན་ལས། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་པ་ནས། སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །ཞེས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཟབ་པའི་དོན་ལ་སྒྲོ་འདོགས་གཅོད་པའི་སྒོ་ནས། བཟུང་བའི་དོན་གྱི་རྣམ་པར་རྟོག་པ་སྤོང་བར་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ཏེ། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ་ཞེས་སོགས་ཀྱིས་གསུངས་ཏེ། གོང་དུ་ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ། ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བར་འཇུག་སྙམ་དུ་སེམས་པར་འགྱུར་བ་དེ་དག་གིས། ཟབ་པ་དང་ཕྲ་བ་ལ་འཛིན་པ་ཞུགས་པ་སེལ་བའི་དོན་དུ་གསུངས་སོ། །འགྲེས་ནི། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་སོ། །དོན་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རང་གི་ངོ་བོས་སྟོང་པས། ཟབ་པ་དང་ཕྲ་བའི་སྤྲོས་པ་དང་ཡང་བྲལ་ལོ་ཞེས་པའི་དོན་ནོ། །བཏགས་པའི་དོན་ལ་སྒྲོ་འདོགས་གཅོད་པ་ནི། གོང་དུ་ངོ་བོས་སྟོང་པས་ཟབ་པ་དང་ཕྲ་བ་དང་བྲལ་བར་བསྟན་པ་ན། ལྷའི་བུ་དག་གཟུགས་ནས་བྱང་ཆུབ་ཀྱི་བར་བཏགས་པ་ཙམ་ཡང་མེད་དོ་སྙམ་པའི་བསམ་པ་འགོད་པ་ནི། དེ་ནས་ལྷའི་བུ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཆོས་བསྟན་པ་འདི་ལ་གཟུགས་སུ་བཏགས་པ་མེད་དོ་ཞེས་པ་ནས། བྱང་ཆུབ་ཏུ་བཏགས་པ་མེད་དོ་ཡི་གེ་རྣམས་སུ་བཏགས་པ་མེད་དོ་སྙམ་པ་དང་ཞེས་པའི་བར་གྱིས་གསུངས་སོ། །ལྷའི་བུ་དེ་དག་གི་བསམ་པ་ཤེས་ནས་རབ་འབྱོར་གྱིས་ལན་བཏབ་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་བུ་དག་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་དེ་དེ་བཞིན་ནོ་ཞེས་པ་ནས་སུས་ཀྱང་ཤེས་པ་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །སྨྲ་བསམ་ལས་འདས་པའི་ཟབ་མོའི་དོན་འདི་ལ་བྱང་ཆུབ་ཐོབ་པར་འདོད་པའི་རིགས་ཅན་གསུམ་ཀས་འཇུག་དགོས་པར་བསྟན་པ་ནི། ལྷའི་བུ་དག་དེ་ལྟ་བས་ན་ལ་ལ་ཞིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་ཅིང་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བརྒྱ་བྱིན་གྱི་ལེའུ་སྟེ་བཅོ་ལྔ་པ་རྣམ་པར་བཤད་པའོ།།  ༈ བཅུ་དྲུག་པ་རྟོགས་པར་དཀའ་བའི་ལེའུ་བཤད་པ། རྟོགས་པར་དཀའ་བའི་ལེའུ་སྟོན་ཏེ། འདི་དོགས་པ་རྣམ་གསུམ་སེལ་བ་ལས། ཆོས་ཉན་པ་ལ་དོགས་པ་སེལ་བ་ལ། རྟོགས་པ་ནི་གལ་ཏེ་དོན་དམ་པར་བརྗོད་དུ་མེད་པ་ཡིན་ན། འཆད་པ་པོ་དང་ཉན་པ་པོ་ཡང་མེད་པས་ཆོས་ཉན་པ་པོ་ཡང་མེད་པར་འགྱུར་རོ་སྙམ་པ་སྟེ། དེ་ནས་ལྷའི་བུ་དེ་དག་ཅེས་པ་ནས། ཇི་ལྟ་བུ་དག་བཙལ་བར་བྱ་སྙམ་པའི་བར་གྱིས་བསྟན་ཏོ། །རབ་འབྱོར་གྱིས་ལྷ་དེ་དག་གི་བསམ་པ་ཡོངས་སུ་ཤེས་ནས་དེ་དག་གི་དོགས་པ་སེལ་བའི་ཕྱིར་དུ་ལན་སྨྲས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་སེམས་ཀྱིས་ཞེས་སོགས་གསུངས་ཏེ། དངོས་སུ་གཟུང་བའི་ཡུལ་བདེན་པ་མེད་པར་སྒྱུ་མའི་དཔེས་བསྟན་ནས། ཤུགས་ལ་ཡུལ་ཅན་ལ་སྒྲོ་འདོགས་མ་ཆོད་པར་སྟོན་པའི་ཕྱིར། གཟུང་རྟོག་སྤངས་པ་ལ། འཛིན་རྟོག་མ་སྤངས་པར་བསྟན་ཏོ། །དེ་ལ་ལྷ་རྣམས་ཀྱི་དོགས་པ་སེལ་བའི་དོན་དུ། ལྷའི་བུ་དག་གིས་ཆོས་བསྟན་པ་ནི་སྒྱུ་མ་ལྟ་བུ་ཞེས་པ་ནས། ཅི་ཡང་མངོན་སུམ་དུ་བྱེད་པ་མེད་དོ་ཞེས་པའི་བར་གྱིས་ནི། དོན་དམ་པར་ཆོས་བསྟན་པ་དང་ཉན་པ་པོ་མེད་པར་བསྟན་ཏོ། །ཡང་གོང་དུ་ཆོས་བསྟན་པ་ནི་སྒྱུ་མ་ལྟ་བུ། ཉན་པ་ཡང་སྒྱུ་མ་ལྟ་བུ་ཞེས་པ་ལས་འཕྲོས་ནས། ལྷ་དག་གིས་དྲིས་པ་ནི། བཙུན་པ་རབ་འབྱོར་ཅི་སེམས་ཅན་དེ་དག་ཅེས་པ་ནས། སྤྲུལ་པ་ལྟ་བུ་ཡིན་ནམ་ཞེས་པའི་བར་གྱིས་དྲིས་སོ། །ལན་དངོས་ནི། དེ་དེ་བཞིན་ཏེ་ཞེས་པ་ནས། སྒྱུ་མ་ལྟ་བུ་ཞེས་པའི་བར་གྱིས་གསུངས་སོ། །རྨི་ལམ་དང་སྒྱུ་མའི་དཔེ་དེ་ཉིད་གཟུགས་ནས་བྱང་ཆུབ་ཀྱི་བར་དུ་སྦྱར་ནས་བསྟན་པ་ནི། ལྷའི་བུ་དག་གཟུགས་ཀྱང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའོ་ཞེས་པ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་པའི་བར་གྱིས་གསུངས་སོ། །འདིས་གཟུང་རྟོག་སྤངས་པ་བསྟན་ཏོ། །མྱ་ངན་ལས་འདས་པ་དངོས་པོར་འཛིན་པ་འགའ་ཞིག་གིས་མ་བཟོད་ནས། དེ་ནས་ལྷའི་བུ་དེ་དག་གིས་ཞེས་པ་ནས། མྱ་ངན་ནས་འདས་པའམ་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུར་བཤད་དམ་ཞེས་པའོ། །དེ་ལ་རབ་འབྱོར་གྱིས་གལ་གཟུངས་ནས་ལན་སྨྲས་པ་ནི། ལྷའི་བུ་དག་ཅེས་པ་ནས། བདག་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ་ཞེས་པའི་བར་གྱིས་གསུངས་སོ། །དེའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། གཉིས་སུ་བྱར་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །རྟོགས་པ་པོའི་གང་ཟག་ལ་སྒྲོ་འདོགས་གཅོད་པར་བསྟན་པ་ནི། གང་ཟག་དྲུག་དང་བྱང་ཆུབ་སེམས་དཔའ་དུ་མས་ཕྱོགས་གཅིག་ཏུ་རབ་འབྱོར་ལ་དྲི་བ་མཛད་པ་ནི། ཤཱ་རིའི་བུ་ཞེས་པ་ནས། སུ་དག་ཡིད་ཆེས་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་དང༌། རྟོགས་པར་དཀའ་བ་དང༌། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་མ་བཟོད་ནས་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་བསྟན་པའི་ཚུལ་འདི་ལ་སུ་ཞིག་ཡིད་ཆེས་པར་འགྱུར་ཞེས་དྲིས་པའོ། །ཀུན་རྫོབ་ཀྱི་དབང་དུ་བྱས་ནས་ཡིད་ཆེས་པར་འགྱུར་བའི་གང་ཟག་ཡོད་པར་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། འདི་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ་འདི་ལ་ཡིད་ཆེས་པར་འགྱུར་ཞེས་པའི་བར་གྱིས་གསུངས་སོ། །ཟབ་པ་ཞེས་པ་ནི། བློ་ཞན་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་རོ། །བལྟ་བར་དཀའ་བ་ནི། སྒོ་ལྔའི་དབང་ཤེས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །རྟོགས་པར་དཀའ་བ་ནི། ཡིད་ཀྱི་རྣམ་ཤེས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞི་བ་ནི། ཉོན་མོངས་པ་ཞི་བའི་ཕྱིར་རོ། །གྱ་ནོམ་པ་ནི། སྡུག་བསྔལ་ཞི་བའི་ཕྱིར་རོ། །ཕྲ་བ་ནི། སྤྲོས་པ་ཐམས་ཅད་ཞི་བའི་ཕྱིར་རོ། །གཞན་མ་ཡིན་པ་ནི་སོ་སོ་རང་གིས་རིག་པར་བྱ་བའི་ཕྱིར་རོ། །རྟོག་གེའི་ཡུལ་མ་ཡིན་པ་ནི། བསམ་པ་ལས་འདས་པའི་ཕྱིར་རོ། །མཁས་པ་ནི། ཆོས་ཇི་ལྟ་བ་བཞིན་མཁས་པ་ལ་རྒྱུ་ཡིན་པའི་ཕྱིར་རོ། །ཤིན་ཏུ་འཕགས་པ་ནི། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་གནས་ཡིན་པའི་ཕྱིར་རོ། །མཁས་པ་དང་མཛངས་པས་རིག་པར་བྱ་བ་ནི། ཉན་རང་གི་སྤྱོད་ཡུལ་མ་ཡིན་གྱི། ཕྱིར་མི་ལྡོག་པའི་བྱང་སེམས་ཀྱིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་དག་གིས་ཡིད་ཆེས་པར་བྱ་བའི་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོས་བཟུང་ནས། ཡིད་ཆེས་པ་པོའི་གང་ཟག་ངོས་བཟུང་བ་ནི། བདེན་པ་མཐོང་བའི་གང་ཟག་གམ་ཞེས་པ་ནས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་བདེན་པ་མཐོང་བ་དང༌། དགྲ་བཅོམ་པ་དང༌། བསམ་པ་རྫོགས་པ་གསུམ་ནི་འཕགས་པ་ཡིན་ལ། ལྷག་མ་སྔོན་གྱི་དགེ་བ་ལ་བྱ་བ་བྱས་པ་སོགས་ནི་སོ་སོ་སྐྱེ་བོ་ཡིན་པར་བཤད་དོ། །འདིར་བཤད་པའི་འཕགས་པ་གསུམ་ཉན་ཐོས་ཡིན་ཡང༌། ཤེར་ཕྱིན་ལ་ཡིད་ཆེས་པའི་གང་ཟག་ཏུ་བསྟན་པ་ནི། དེ་ལྟ་བུ་ཡོད་པ་སྲིད་པའི་མཚན་གཞིའི་དཔེར་བརྗོད་དུ་བསྟན་ཅིང༌། ཡིད་ཆེས་པ་ཞེས་པ་ནི། མངོན་སུམ་དུ་མ་རྟོགས་པར་འབུམ་ཊཱིཀ་ལས་བཤད་དོ། །འོན་ཀྱང་འདིར་བརྒྱད་སྟོང་འགྲེལ་པ་ལས། རང་རྒྱལ་གྱི་ལམ་རྟེན་གྱི་གང་ཟག་བསྟན་པར་འདོད་དོ། །རྒྱན་ལས། རྟེན་གྱི་ཞེས་གསུངས་སོ། །འཐད་པའི་དོན་ནི། འདི་རང་རྒྱལ་གྱི་ལམ་སྦས་དོན་ཡིན་གྱི་དངོས་སུ་གསུངས་པ་མེད་ལ། དངོས་བསྟན་ནི། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་རྒྱལ་གྱི་ལམ་མི་དམིགས་པར་ཤེས་པ་ཡིན་པས། དེ་དག་གི་རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའ་བསྟན་པར་རིགས་སོ། །དེ་ལ་བདེན་པ་མཐོང་བ་ནི། མཐོང་ལམ་དུ་གནས་པ་ཡིན་ལ། དགྲ་བཅོམ་པ་ཟག་པ་ཟད་པ་ནི། ཉོན་མོངས་པ་སྤངས་པའི་ལྡོག་པ་ནས་བསྟན་ཏེ། ས་དང་པོར་ཉོན་མོངས་པ་མ་ལུས་པ་སྤངས་པའི་ཕྱིར་བསམ་པ་ཡོངས་སུ་རྫོགས་པ་ནི། སྐད་ཅིག་མ་བཅུ་དྲུག་ཡོངས་སུ་རྫོགས་པར་ཐོབ་པའོ། །དེ་དག་གིས་ཀུན་རྫོབ་ཏུ་ཡིད་ཆེས་པའི་གང་ཟག་ངོས་བཟུང་ནས། དོན་དམ་པར་ཡིད་ཆེས་པ་དང་ཡུམ་ལེན་པ་མེད་པར་བསྟན་པ་ནི། གཟུགས་སྟོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་ཞེས་སོགས་ཀྱིས་གསུངས་ཏེ། དོན་དམ་པར་ཆོས་གང་ཡང་ཡོད་པ་མ་ཡིན་པས། གཟུགས་སྟོང་ཞེས་བྱ་བར་རྟོག་པ་དང༌། སྟོང་པ་ཉིད་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པ་མེད་པ་སྟེ། ཆོས་ཅན་དང་ཆོས་ཉིད་གཉིས་ཀ་ལ་འཛིན་པའི་རྣམ་པར་རྟོག་པ་སྤངས་པའོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་མཚན་མ་ཡོད་མེད། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཞི་བ་དང༌། དབེན་པར་རྣམ་པར་རྟོག་པར་མི་འགྱུར་བ། སྟོང་པ་ཉིད་ལ་སོགས་པ་བདུན་ཡང༌། གཟུགས་སོགས་སུ་རྣམ་པར་རྟོག་པར་མི་འགྱུར་བར་བསྟན་ཏོ། །ཡང་ཕུང་པོ་ལྔ་སྟོང་ཉིད་སོགས་ཆོས་བདུན་དང་སྦྱར་ནས་བཤད་པ་དེ་བཞིན་དུ། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང༌། རྒྱུན་ཞུགས་སོགས་འབྲས་བུ་བཞི་དང༌། རང་བྱང་ཆུབ་དང༌། ལམ་ཤེས་དང༌། རྣམ་མཁྱེན་དང༌། འདུས་བྱས་དང་འདུས་མ་བྱས་ལ་ཐུག་པའི་བར་དུ། སྟོང་པ་ཉིད་དང༌། མཚན་མ་མེད་པ་སོགས་ཀྱི་ཆོས་བདུན་དུ་རྣམ་པར་མི་རྟོག་པ་དང༌། ཆོས་བདུན་པོ་ཡང་དེ་དག་གི་ངོ་བོ་རྣམ་པར་མི་རྟོག་པའོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་དོན་དམ་པར་ཡིད་ཆེས་པ་མེད་པར་བསྟན་པ་ནི། ལྷའི་བུ་རྣམ་གྲངས་དེས་ན་ཞེས་པ་ནས། ཡིད་ཆེས་པར་བྱེད་པ་སུ་ཡང་མེད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཡིད་ཆེས་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། དོན་དམ་པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ཡང་མེད་པའི་ཕྱིར། དེ་ལ་ཡིད་ཆེས་པ་ཞེས་པའི་དོན་ནོ། །དྲུག་པ་ཆོས་སྟོན་པ་ལ་དོགས་པ་གཅོད་པ་ནི། གོང་དུ་ཆོས་གང་ཡང་མ་བརྗོད། མ་བཤད་དོ་ཞེས་དམ་བཅས་པ་ལ། ཤཱ་རིའི་བུས་བརྒལ་བ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྫུ་འཕྲུལ་གྱི་རྣམ་པར་རྩེ་བ་རྣམས་ཀྱང་མ་བསྟན་ནམ་ཞེས་པའི་བར་གྱིས་གསུངས་ཏེ། འདི་ནི་ལུང་གི་གནོད་བྱེད་འགོད་པའོ། །ཐེག་པ་གསུམ་བཤད་པ་དང༌། ས་བཅུ་ཡོངས་སུ་བཟུང་བ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་ཡང་མ་བསྟན་ནམ། ཞེས་རྩོད་པའོ། །ཡང་གནོད་བྱེད་ཀྱི་ཐལ་འགྱུར་འགོད་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། བརྫུས་ཏེ་སྐྱེ་བར་འགྱུར་ཞེས་མི་བྱའམ་ཞེས་པའི་བར་གྱིས་གསུངས་སོ། །ཤཱ་རིའི་བུས་རྩོད་པ་ལ་རབ་འབྱོར་གྱིས་ལན་འདེབས་པ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་སོགས་ཀྱིས་གསུངས་ཏེ། ཐ་སྙད་ཀྱི་དབང་དུ་བྱས་ན། ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བ་ནས། ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པར་འགྱུར་རོ་ཞེས་པའི་བར་དུ་ཤཱ་རིའི་བུས་དྲིས་པའི་ཆོས་དེ་དག་རབ་འབྱོར་གྱིས་བཟླས་ནས། དེ་དེ་བཞིན་ནོ་ཞེས་པའི་ཚུལ་གྱིས་ལན་བཏབ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་མོ། །ཉན་ཐོས་ཀྱི་ཐེག་པ་དང་ཞེས་པ་ནས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ་ཞེས་པའི་བར་གྱིས་ལན་བཏབ་བོ། །དེ་ལ་སྤོབས་པ་བདུན་གྱི་དོན་བཤད་པ་ལས། ཐོགས་པ་མེད་པའི་སྤོབས་པ་ནི། ཤེས་རབ་དང༌། དྲན་པ་ཕུན་སུམ་ཚོགས་པས་ཆོས་ཀྱི་ཚིག་དོན་སྟོན་པ་ལ་ཐོགས་པ་མེད་དོ། །རྒྱུན་འཆད་པ་མེད་པའི་སྤོབས་པ་ནི། བར་སྐབས་སུ་སྤོབས་པ་ཡོངས་སུ་གཏུགས་པ་མེད་པའོ། །མཉམ་པར་བཞག་པའི་སྤོབས་པ་ནི། དྲན་པ་ཉམས་པ་མེད་པའོ། །རིགས་པའི་སྤོབས་པ་ནི། ཚད་མ་དང་མི་འགལ་བར་ཆོས་སྟོན་པའོ། །འབྲེལ་བའི་སྤོབས་པ་ནི། སྔ་ཕྱི་འབྲེལ་བར་ཆོས་སྟོན་པའོ། །དོན་དང་ལྡན་པའི་སྤོབས་པ་ནི། ངེས་པར་ལེགས་པ་ལས་བརྩམས་པའི་ཆོས་སྟོན་པའོ། །མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་ནི། འཇིག་རྟེན་ལས་འདས་པའི་ལམ་སྟོན་པའོ། །ཤཱ་རིའི་བུའི་རྩོད་པ་ལ་དོན་དམ་གྱི་དབང་དུ་བྱས་ནས་ལན་འདེབས་པ་ནི། གང་མི་དམིགས་པའི་ཚུལ་གྱིས་ཞེན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་ཚུལ་གྱིས་རྣམ་པ་དེ་ལྟ་བུར་འགྱུར་རོ་ཞེས་པའི་བར་དུ་གསུངས་ཏེ། ཐེག་པ་གསུམ་གྱི་རྒྱ་ཆེར་བསྟན་པ་སོགས་ཀུན་རྫོབ་ཏུ་བསྟན་པར་ཟད་ཀྱི། དོན་དམ་པར་ནི་བདག་དང་སེམས་ཅན་ལ་སོགས་པ་ནས། རྣམ་མཁྱེན་ལ་ཐུག་པའི་བར་མི་དམིགས་པའི་ཕྱིར། གང་ཡང་བཤད་པ་མེད་དོ་ཞེས་པའི་དོན་ནོ། །དེས་ན་དོན་དམ་པར་མི་དམིགས་པའི་ཚུལ་གྱིས་ཐ་སྙད་དུ་བསྟན་པར་ཟད་དོ་ཞེས་པའི་དོན་ནོ། །དོན་དམ་པར་མི་དམིགས་པའི་ཚུལ་གྱིས་གོང་དུ་སྨོས་པའི་ཆོས་དེ་དག་གི་སྟོན་པའི་གཏན་ཚིགས་དྲིས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཞེས་པ་ནས། ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པ་ཡིན་ཞེས་པའི་བར་གྱིས་དྲིས་སོ། །ལན་ནི། དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་སོགས་ཀྱིས་སྟོན་ཏེ། ཐེག་པ་གསུམ་ནས་སྤོབས་པ་བདུན་གྱི་བར་དོན་དམ་པར་མི་དམིགས་ཏེ། ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅོ་བརྒྱད་ཀྱི་ཕྱིར་རོ། །དེས་ན་དེ་དག་དོན་དམ་པར་མི་དམིགས་པ་ཉིད་མི་དམིགས་པའི་ཚུལ་གྱིས་བསྟན་པ་ཡིན་ནོ། །དེ་དག་གིས་ནི་མི་དམིགས་པའི་ཚུལ་གྱིས་གཏན་ཚིགས་བསྟན་པ་ཡིན་ནོ། །དེ་དག་སྟོན་པའི་མདོ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་ཀྱི་ཕྱིར། མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཡོངས་སུ་བཟུང་བ་དང༌། ས་བཅུའི་བར་གྱི་སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་ཐུག་པར་བསྟན་པ་དང༌། མངོན་ཤེས་དང༌། རྫུ་འཕྲུལ་དང༌། རྫུས་ཏེ་སྐྱེ་བ་དང༌། མངོན་ཤེས་ཉམས་པ་མེད་པ་དང༌། སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང༌། སངས་རྒྱས་ལ་མཆོད་པའི་དགེ་བའི་རྩ་བ་དང༌། ཐོབ་པ་རྒྱུན་མི་འཆད་པ་དང༌། མཉམ་པར་བཞག་པ་དང༌། སྤོབས་པ་ཕུན་སུམ་ཚོགས་པ་སྟེ། ཆོས་བཅུ་རྣམས་ལ་རེ་རེ་ལ་ཡང་སྟོང་པ་ཉིད་བཅོ་བརྒྱད་རྟགས་སུ་སྦྱར་བས་གསུངས་ཏེ། ལེའུ་བཅུ་དྲུག་པ་ཡོངས་སུ་རྫོགས་པའི་བར་དུ་གསུངས་སོ། །རྟོགས་པར་དཀའ་བའི་ལེའུ་སྟེ་བཅུ་དྲུག་པ་རྣམ་པར་བཤད་པའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*