སྟོང་ཕྲག་བརྒྱ་པའི་རྣམ་འགྲེལ་གྱི་སྨད་ཕྱོགས། ཀ༽

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་རྣམ་འགྲེལ་གྱི་སྨད་ཕྱོགས་བཞུགས་སོ།།

༈ བཅུ་བདུན་པ་མཐའ་ཡས་ལུང་བསྟན་གྱི་ལེའུ་བཤད་པ། ༈ འདི་ནས་མཐའ་ཡས་པའི་ལེའུ་སྟོན་ཏེ། འདིས་མེ་ཏོག་གི་དཔེའི་སྒོ་ནས་ཆོས་ཐམས་ཅད་མ་སྐྱེས་པ་དང༌། ངེས་འབྱེད་ཆ་མཐུན་བཞི་དང༌། །བྱང་ཆུབ་སེམས་དཔའི་མཐོང་ལམ་དང༌། དེའི་ཕན་ཡོན་དགུ་བསྟན་ཏོ། །དེ་དག་རྒྱས་པར་སྟོན་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་གྱིས་དེ་ལྟར་ཞེས་སོགས་ཀྱིས། ལྷའི་བུ་རྣམས་ལ་སྐྱེ་བ་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་མཚན་མ་བསྟན་པའི་ཕྱིར་དུ། མེ་ཏོག་གི་མཆོད་པ་བསྟན་ཏེ། གནས་བརྟན་རབ་འབྱོར་གྱིས་ཤེར་ཕྱིན་གྱི་ཆོས་བསྟན་པ་ལ་མཆོད་པའི་ཕྱིར་དུ་མེ་ཏོག་སྤྲུལ་ནས། སངས་རྒྱས་ལ་སོགས་པ་ལ་གཏོར་བར་མཛད་དོ། །འདི་ལ་དགོས་པ་གཉིས་ཏེ་སྔོན་བྱུང་གི་དགོས་པ་ནི། ཤེར་ཕྱིན་ལ་མཆོད་པའི་ཕྱིར་ཡིན་ལ། རྗེས་སུ་འཇུག་པའི་དགོས་པ་ནི། ཕྱིས་འབྱུང་གི་གདུལ་བྱས་ཀྱང་ཤེར་ཕྱིན་སྟོན་པ་དང་ཉན་པ་ལ་མཆོད་པ་བྱ་དགོས་པར་བསྟན་ཏོ། །མེ་ཏོག་སྤྲུལ་ནས་མཆོད་པ་བྱེད་པ་པོ་ནི། ལྷའི་དབང་པོ་བརྒྱ་བྱིན་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞི་ནས་འོག་མིན་གྱི་མཐའ་ཐུག་པའི་བར་གྱི་ལྷ་རྣམས་སོ། །མེ་ཏོག་གཏོར་བ་དང༌། མངོན་པར་གཏོང་བ་དང༌། རབ་ཏུ་གཏོར་བ་ཞེས་ལན་གསུམ་གསུངས་པ་ནི། དང་པོ་དང༌། བར་པ་དང༌། ཐ་མ་གསུམ་གྱི་བྱེ་བྲག་གིས་བསྟན་ཏོ། །དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས་མེ་ཏོག་གིས་ཐམས་ཅད་ཁེབས་པར་བསྟན་པ་ནི། མེ་ཏོག་དེ་དག་གིས་གཏོར་མ་ཐག་ཏུ་ཞེས་པ་ནས་གནས་པར་གྱུར་ཏོ་ཞེས་པའི་བར་རོ། །དེའི་ཚེ་གནས་བསྟན་རབ་འབྱོར་གྱིས་མེ་ཏོག་དེ་དག་ནི་སྤྲུལ་པ་ཡིན་གྱི་རང་བཞིན་གྱིས་མ་སྐྱེས་པའོ་སྙམ་དུ་སེམས་པར་གྱུར་པ་ནི། དེ་ནས་གནས་བརྟན་རབ་འབྱོར་ཞེས་པ་ནས། དེ་དག་ནི་ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །བརྒྱ་བྱིན་གྱིས་རབ་འབྱོར་དང་རྟོགས་པ་མཐུན་པར་བརྗོད་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གང་ལ་མ་སྐྱེས་པ་དེ་ཞེས་པའི་ལན་སྨྲས་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། མེ་ཏོག་ཀྱང་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། མེ་ཏོག་དེ་དག་ཀྱང་མ་སྐྱེས་པར་བསྟན་པས། ཤེར་ཕྱིན་ལྷག་པར་ཟབ་པར་བསྟན་པ་ཡིན་ནོ། །བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲི་བ་མཛད་པ་ནི། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་མེ་ཏོག་འབའ་ཞིག་མ་བྱུང་བར་མ་ཟད་དམ། འོན་ཏེ་གཟུགས་སོགས་ཀྱང་མ་བྱུང་ཞེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། མེ་ཏོག་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། རྒྱུན་དུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་དུ་ཡང་མ་སྐྱེས་པའོ་ཞེས་སྟོན་པ་སྟེ། ཀཽ་ཤི་ཀ་གཟུགས་ཀྱང་མ་བྱུང་བ་སྟེ་ཞེས་པ་ནས། དེ་བཞིན་གཤེགས་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དེ་བཞིན་གཤེགས་པ་མ་ཡིན་ནོ་ཞེས་པའི་བར་གྱིས་གསུངས་སོ། །དོན་ནི། གང་མ་སྐྱེས་པ་དེ་ནི་དངོས་པོར་མེད་པས། གཟུགས་མ་ཡིན་པ་ནས། དེ་བཞིན་གཤེགས་པ་མ་ཡིན་ནོ་ཞེས་པའི་བར་གྱིས་བཤད་དོ། །ངེས་འབྱེད་ཆ་མཐུན་དྲོད་ཀྱི་དམིགས་རྣམ་སྟོན་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ་ཞེས་སོགས་ཏེ། གོང་དུ་གང་མ་སྐྱེས་པ་དེ་དངོས་པོར་མེད་པས། གཟུགས་ནས་རྣམ་མཁྱེན་གྱི་བར་གང་གི་ཡང་རང་བཞིན་མ་ཡིན་ཞེས་བསྟན་པའི་དོན་བརྒྱ་བྱིན་གྱིས་རྟོགས་ནས། ཤེར་ཕྱིན་ཟབ་པ་ལ་ངོ་མཚར་རྨད་དུ་གྱུར་ནས་བསྟན་པའོ། །གང་ལ་ངོ་མཚར་དུ་གྱུར་ཞེ་ན་བཏགས་པ་དང་ཡང་མི་འགལ་ལ་ཆོས་ཉིད་དུ་ཡང་སྟོན་པའི་རྟོགས་པའི་ཤེས་རབ་ལའོ། །དེ་ནས་བརྒྱ་བྱིན་གྱིས་ཇི་ལྟར་བསམ་པའི་དོན་བདེན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བསྟོད་པ་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ་ཞེས་པ་ནས། ཆོས་ཉིད་ཀྱང་སྟོན་ནོ་ཞེས་པའི་བར་རོ། །ཡང་བཏགས་པ་དང་ཡང་མི་འགལ་ལ་ཆོས་ཉིད་ཀྱང་སྟོན་པའི་དོན་སྟོན་འཁོར་རྣམས་ཀྱིས་ཤེས་པའི་ཕྱིར། བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ཞུས་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། སྟོན་པ་ལེགས་སོ་ཞེས་པའི་བར་གྱིས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཏགས་པ་དང་ཆོས་ཉིད་མི་འགལ་བ་རྒྱས་པར་གསུངས་པ་ནི། དེ་སྐད་ཅེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་གཟུགས་ནི་བཏགས་པ་ཙམ་མོ་ཞེས་པ་ནས། སངས་རྒྱས་ལ་ཐུག་པའི་བར་དུ་གསུངས་སོ། །དོན་ནི་བཏགས་པ་ཙམ་གང་ཡིན་པ་དེ་ཉིད་དོན་དམ་པར་ཡོད་པ་མ་ཡིན་ལ། དེ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་པའི་དོན་ནོ། །མི་འགལ་བའི་གཏན་ཚིགས་ནི། ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་འགལ་བར་མི་བྱེད་ལ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་ནི་བཏགས་པ་དང་ཆོས་ཉིད་དུ་སྟོན་པ་མི་འགལ་ཏེ། དོན་དམ་པར་འགལ་བའི་དངོས་པོ་མེད་པ་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རོ་ཞེས་པའི་དོན་ནོ། །ཐ་སྙད་དུ་བཏགས་པ་ཙམ་དང༌། དོན་དམ་པར་ཆོས་ཉིད་ཡིན་པར་མི་འགལ་བར། རྒྱས་པར་བསྟན་པའི་དོན་རབ་འབྱོར་གྱིས་མཇུག་བསྡུས་ཏེ་སྨྲས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས། བཏགས་པ་ཙམ་དུ་བསྟན་ཏོ་ཞེས་པའི་བར་ཏེ། ཁོ་བོས་དེ་གསུས་འགལ་བ་མེད་པར་བསྟན་པ་དེ་ཉིད་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་ནོ་ཞེས་པའི་དོན་ནོ། །སྔར་བརྒྱ་བྱིན་གྱིས་དྲི་བ་གསུམ་པོ་དྲིས་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་པའི་ལན་སྟོན་པ་ལ། རྩེ་མོའི་དམིགས་རྣམ་སྟོན་པ་ནི། ཀཽ་ཤི་ཀ་བྱང་སེམས་ཆེན་པོས་ཀྱང་དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་མདོར་བསྟན་པའི་ཚུལ་གྱིས་གསུངས་སོ། །ཇི་ལྟར་བསླབ་པའི་ཚུལ་རྒྱས་པར་བསྟན་པ་ནི། ཀཽ་ཤི་ཀ་དེ་ལྟར་སློབ་པ་ནི་གཟུགས་ལ་མི་སློབ་སྟེ་ཞེས་སོགས་ཀྱིས་གསུངས་ཏེ། གཟུགས་ལ་མི་སློབ་པའི་ཚུལ་གྱིས་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཅིའི་ཕྱིར་གཟུགས་ལ་མི་སློབ་ཅེ་ན། བསླབ་པར་བྱ་བའི་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ་ཞེས་གཟུགས་ལ་མི་སློབ་པའི་ཚུལ་གྱིས། སློབ་ཚུལ་གཏན་ཚིགས་དང་བཅས་པ་སྟོན་ནོ། །གཟུགས་ལ་སྦྱར་བ་དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །ཡང་གོང་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བཤད་པ་དེ་ཉིད་ཀྱི་གཏན་ཚིགས་བཤད་པ་ནི། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་ཞེས་པའི་བར་གྱིས་གསུངས་སོ། །མཐོང་བྱེད་ལ་དོགས་པ་བཅས་ཟིན་ནས། མཐོང་བྱ་མཐོང་བྱེད་གཉིས་ཀྱི་ཚུལ་དུ་ཡོད་པ་དགག་པ་ནི། གཟུགས་མཐོང་བྱེད་དེ་མ་གྲུབ་སྟེ། སྟོང་པ་ཉིད་ཀྱིས་སོ། །གཟུགས་མཐོང་བྱའི་ཚུལ་དུ་རྗེས་སུ་མི་མཐོང་སྟེ། སྟོང་པ་ཉིད་ཀྱིས་སོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱར་རོ། །འདི་ནས་ཆོས་ཉིད་སྟོང་པ་ཉིད་ལ་སློབ་པ་དང༌། ཆོས་ཅན་རྣམ་པར་བྱང་བ་ལ་སློབ་ཚུལ་གཉིས་བསྟན་ཏོ། །དང་པོ་ལ་ཡང་སློབ་ཚུལ་གཉིས་ལས། སློབ་ཚུལ་དང་པོ་མདོར་བསྟན་པ་ནི། ཀཽ་ཤི་ཀ་དེ་ལྟར་གང་སྟོང་པ་ཉིད་འདི་ལ་མི་སློབ་པ་དེ་ནི་གཉིས་སུ་མེད་པས་སྟོང་པ་ཉིད་ལ་སློབ་པ་སྟེ་ཞེས་པའོ། །དོན་ནི་སྟོང་པ་ཉིད་དུ་རོ་གཅིག་པས། སྟོང་པ་ཉིད་ལ་སློབ་པའི་དོན་ནོ། །དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །སྟོང་པ་ཉིད་ལ་སློབ་ཚུལ་གཉིས་པ་ནི། ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་ཞེས་གསུངས་ཏེ། ཆོས་རྣམས་སྟོང་པ་ཉིད་དུ་རོ་གཅིག་པ་ལ་མཐའ་གཉིས་སུ་བྱར་མེད་པར་རྟོགས་པའི་ཚུལ་གྱིས་སྟོང་པ་ཉིད་ལ་སློབ་ཅེས་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །ཆོས་ཅན་རྣམ་པར་བྱང་བ་ལ་སློབ་ཚུལ་བསྟན་པ་ནི། དེ་ནི་གཉིས་སུ་བྱར་མེད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ་ཞེས་སོགས་ཀྱིས་སྟོན་ཏེ། སྟོང་པ་ཉིད་ལ་གཉིས་སུ་བྱར་མེད་པའི་ཚུལ་གྱིས་སློབ་པ་གང་ཡིན་པ་དེ་ནི་སྦྱིན་སོགས་ནས་རྣམ་མཁྱེན་ལ་ཐུག་པའི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་མཐའ་གཉིས་སུ་བྱར་མེད་པར་རྟོགས་པའི་ཚུལ་གྱིས་སློབ་བོ། །གཉིས་སུ་མེད་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་པ་རྣམ་བྱང་གི་ཆོས་ལ་སློབ་པའི་ཕན་ཡོན་བསྟན་པ་ནི། གཉིས་སུ་མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གང་སློབ་པ་དང༌། ཞེས་པ་ནས་གཉིས་སུ་མེད་པར་སངས་རྒྱས་ཀྱི་ཆོས་ཚད་མེད་པ་གྲངས་མེད་པ་ལ་སློབ་ཅེས་པའི་བར་གྱིས་གསུངས་ཏེ། སྦྱིན་སོགས་ནས་རྣམ་མཁྱེན་ལ་ཐུག་པའི་བར་རྣམ་བྱང་གི་ཆོས་རྣམས་ལ། གཉིས་སུ་མེད་པའི་ཚུལ་གྱིས་བསླབ་པས། སངས་རྒྱས་ཀྱི་ཆོས་ཚད་མེད་གྲངས་མེད་པ་ལ་ཡང་སློབ་པར་འགྱུར་ཞེས་བསྟན་པ་ཡིན་ནོ། །གཉིས་སུ་བྱར་མེད་ཅེས་གསུངས་པ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པས་གཅིག་གི་སྟོང་པ་ཉིད་ལ་བསླབ་པས། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་བསླབ་པར་འགྱུར་བ་ཡིན་པའི་ཕྱིར། སྟོང་པ་ཉིད་རིགས་མི་འདྲ་བ་སོ་སོར་བསླབ་པར་བྱར་མེད་ཅེས་པའི་དོན་དུ་བཤད་དོ། །གཉིས་སུ་བྱར་མེད་པར་སློབ་པའི་ཚུལ་གྱི་འགྲེས་བསྟན་ཟིན་ནས། འཕེལ་འགྲིབ་མེད་པར་སློབ་པའི་ཚུལ་གྱིས་ཤེར་ཕྱིན་ལ་སློབ་པའི་འགྲེས་བསྟན་པ་ནི། གཉིས་སུ་བྱར་མེད་པར་སངས་རྒྱས་ཀྱི་ཆོས་ཚད་མེད་གྲངས་མེད་པ་ལ་གང་སློབ་པ་དེ་ནི། གཟུགས་འཕེལ་བར་བྱ་བ་དང༌། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ་ཞེས་སོགས་གསུངས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ལ་དཀར་པོའི་ཕྱོགས་འཕེལ་བ་དང༌། ནག་པོའི་ཕྱོགས་འགྲིབ་པར་བྱ་བའི་ཕྱིར་དུ་གཟུགས་སོགས་ལ་དམིགས་ནས་མི་སློབ་པའི་ཚུལ་གྱིས་ཤེར་ཕྱིན་ལ་སློབ་པར་བསྟན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །རྩེ་མོའི་དམིགས་རྣམ་བསྟན་ཟིན་ཏོ། །སྦྱོར་ལམ་བཟོད་པའི་དམིགས་རྣམ་བསྟན་པ་ལ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་འཕེལ་འགྲིབ་མེད་པར་རྟོགས་པའི་ཚུལ་གྱིས་སློབ་པ་དེ་ནི་ཞེས་པའམ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་འཕེལ་འགྲིབ་ཀྱི་ཚུལ་དུ་མི་སློབ་པ་གང་ཡིན་པ་དེ་ནི་གཉེན་པོ་ཡོངས་སུ་བཟུང་བ་དང༌། སྤང་བྱ་མེད་པར་བྱ་བའི་ཕྱིར་དུ་གཟུགས་སོགས་ལ་དམིགས་ནས་མི་སློབ་པ་ཉིད་ལ་སློབ་པར་བསྟན་པའོ། །གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱར་རོ། །རབ་འབྱོར་གྱིས་གཉེན་པོ་ལེན་པ་དང༌། སྤང་བྱ་མེད་པར་བྱ་བའི་ཕྱིར་མི་སློབ་ཅེས་བསྟན་པ་ལ་མ་བཟོད་ནས། ཤཱ་རིའི་བུས་ཡིད་མ་རངས་པའི་སྒོ་ནས་དྲི་བ་མཛད་པའི་ཚུལ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་སོགས་ཀྱིས་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཤེར་ཕྱིན་ལ་སློབ་པ་ནི། གཉེན་པོ་ལེན་པ་དང་མི་མཐུན་ཕྱོགས་མེད་པར་བྱ་བའི་ཕྱིར་དུ་སློབ་པ་ཡིན་ན་ཅིའི་ཕྱིར་དེ་དག་གི་ཕྱིར་དུ་མི་སློབ་པ་ཡིན་ཞེས་འདྲི་བ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དྲི་བ་མཛད་པ་སྦྱར་རོ། །ཡང་ན་རབ་འབྱོར་གྱིས་ཡོངས་སུ་བཟུང་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་ཅེས་སྨྲས་པའི་གཏན་ཚིགས་ཞིབ་ཏུ་འཆད་དུ་བཞུགས་པའི་ཕྱིར་གཟུགས་ཡོངས་སུ་བཟུང་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན་ནམ་ཞེས་པ་ནས་རྣམ་མཁྱེན་གྱི་བར་དུ་ཚུལ་དེ་ལྟ་བུས་དྲིས་སོ། །དེ་ནས་རབ་འབྱོར་གྱིས་སྔར་ཡོངས་སུ་བཟུང་བ་དང༌། མེད་པར་བྱ་བའི་ཕྱིར་དུ་མི་སློབ་ཅེས་ཇི་སྐད་བསྟན་པ་བཞིན་ཡིན་ཞེས་པའི་ཚུལ་གྱིས་ལན་འདེབས་པ་ནི། གཟུགས་ཡོངས་སུ་བཟུང་བ་དང་མེད་པའི་ཕྱིར་མི་སློབ་བོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱར་ནས་གསུངས་སོ། །ཡོངས་སུ་བཟུང་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་ཅེས་སྨྲས་པ་དེ་ཉིད་ཀྱི་གཏན་ཚིགས་ཤཱ་རིའི་བུས་དྲི་བ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱར་སེམས་དཔའ་ཆེན་པོས་ཅིའི་ཕྱིར་ན་གཟུགས་ཡོངས་སུ་བཟུང་བ་དང་མེད་པར་བྱ་བའི་ཕྱིར། མི་སློབ་པ་ཡིན་ཞེས་པ་དྲིས་ནས་བཟུང་ནས། ཅིའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཟུང་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན་ཞེས་པའི་བར་གྱིས་དྲིས་སོ། །ལན་བཏབ་པ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། དེ་ནི་འདི་ལྟར་ཞེས་སོགས་གསུངས་ཏེ། གཟུགས་ལ་ཡོངས་སུ་འཛིན་པ་མེད་དེ་ཞེས་པ་ནི་དམ་བཅའ་བའོ། །དེ་ཉིད་འཐད་པའི་སྒོ་ནས་བཤད་པ་ནི། གཟུགས་ལ་ཡོངས་སུ་མི་འཛིན་ཏོ་ཞེས་པ་ནི་བསྒྲུབ་བྱའི་ཆོས་སོ། །དེའི་གཏན་ཚིགས་ནི། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ཞེས་པའོ། །དོན་ནི། དོན་དམ་པར་གཟུང་འཛིན་མེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རོ། །གཟུང་འཛིན་མེད་པ་དེ་བས་ན་ཡོངས་སུ་བཟུང་བ་དང་མེད་པར་བྱ་བའི་ཕྱིར་ཐམས་ཅད་ལ་སྦྱར་རོ། །བཤད་ཚུལ་དེ་ཉིད་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་བཤད་དོ། །ཕན་ཡོན་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འབྱུང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །ཡང་ན་གཟུང་བ་དང་འཛིན་པ་མ་དམིགས་པའི་ཚུལ་གྱིས་ཤེར་ཕྱིན་ལ་བསླབ་པའི་ཕན་ཡོན་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འབྱུང་ངོ་ཞེས་པའི་བར་གྱིས་བསྟན་ཏེ། ཚུལ་དེ་ལྟར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སློབ་ཅེས་པའི་དོན་ནོ། །ཆོས་མཆོག་གི་དམིགས་རྣམ་ལ། ཤེར་ཕྱིན་ལ་བསླབ་ན་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་ཞེས་བསྟན་པ་དེ་ཉིད་འཁོར་རྣམས་ཀྱིས་འཛིན་དུ་གཞུག་པར་བྱ་བའི་ཕྱིར། ཤཱ་རིའི་བུས་དྲི་བ་མཛད་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ལྟར་སློབ་པའི་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ཡིན་ནམ་ཞེས་པའི་བར་གྱིས་དྲིས་སོ། །ལན་ལ་གཟུང་འཛིན་གཉིས་སུ་མ་དམིགས་པའི་ཚུལ་གྱིས་སློབ་ན་འབྱུང་ངོ་ཞེས་ལན་བརྗོད་པ་ནི། རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་སློབ་པའི་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར། རབ་འབྱོར་ཁྱོད་ཡོངས་སུ་འཛིན་པ་མེད་པའི་ཚུལ་གྱིས་སློབ་ན། རྣམ་མཁྱེན་དུ་འབྱུང་བར་འགྱུར་ཞེས་སྨྲས་ན། ཚུལ་དེ་ལྟར་བསླབ་པས་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ཞེས་པ་ལ་གཏན་ཚིགས་དྲིས་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས་ཇི་ལྟར་འབྱུང་བར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ཀྱི་སྐྱེ་བ་མི་མཐོང༌། ཞེས་སོགས་གསུངས་པ་སྟེ། གཟུང་འཛིན་གཉིས་སུ་མ་དམིགས་པའི་ཚུལ་གྱིས་བསླབ་ན་རྣམ་མཁྱེན་ཐོབ་པའི་གེགས་སྤྲོས་པ་བཅུ་མ་དམིགས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །ཅིའི་ཕྱིར་སྤྲོས་པ་བཅུ་མ་དམིགས་ཤེ་ན། དེ་ནི་འདི་ལྟར་མེད་ཅིང༌། གཟུགས་གཟུགས་ཀྱི་རང་བཞིན་གྱིས་མེད་ཅིང༌། མི་དམིགས་པའི་ཕྱིར་ཞེས་པའོ། །སྤྲོས་པ་བཅུ་ནི་སྐྱེ་འགག་གཉིས། བླང་དོར་གཉིས། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གཉིས། སོགས་པ་དང་འབྲི་བ་གཉིས། འགྲིབ་པ་དང་འཕེལ་བ་གཉིས་ཏེ་བཅུའོ། །དེ་ལ་གཟུགས་དོན་དམ་པར་དངོས་པོ་མེད་པས་སྐྱེ་བ་མེད་དོ། །སྐྱེ་བ་མེད་པས་འགག་པ་མེད་དོ། །སྐྱེ་བ་པ་མེད་པས་བླང་བ་མེད་དོ། །བླང་བ་མེད་པས་དོར་བ་མེད་དོ། །དོར་བ་མེད་པས་ཀུན་ནས་ཉོན་མོངས་པ་མེད་དོ། །བླང་བ་མེད་པས་རྣམ་པར་བྱང་བ་མེད་དོ། །འདུས་པའི་ཆོས་མེད་པས་སོགས་པ་མེད་དོ། །དེ་མེད་པས་སྔར་ཡོད་པ་འབྲི་བ་ཡང་མེད་དོ། །འབྲི་བ་མེད་པས་འགྲིབ་པ་མེད་དོ། །སོགས་པ་མེད་པས་འཕེལ་བ་མེད་དོ་ཞེས་བཤད་དོ། །དོན་ཉེ་བར་བསྡུ་བ་ནི། གཟུང་འཛིན་གཉིས་སུ་མ་དམིགས་པར་བསླབ་པས། རྣམ་མཁྱེན་དུ་འབྱུང་བར་འགྱུར་ཏེ། རྣམ་མཁྱེན་འདོད་པའི་གེགས་སྤྲོས་པ་བཅུ་མ་དམིགས་པའི་ཕྱིར་རོ། །གཟུགས་ལ་གཟུགས་ཀྱི་ངོ་བོ་ཉིད་མེད་ཅིང་མི་དམིགས་པའི་ཕྱིར་རོ་ཞེས་པའི་དོན་ནོ། །གཟུགས་ཀྱི་འགྲེས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྦྱར་ནས་བཤད་པར་བྱའོ། །དོན་དམ་པར་སྤྲོས་པ་བཅུ་མེད་པའི་ཕྱིར་ཆོས་གང་ལ་ཡང་མི་སློབ་པ་དང༌། གང་དུ་ཡང་འབྱུང་བ་མེད་པའི་ཚུལ་གྱིས་སློབ་ན། རྣམ་མཁྱེན་དུ་འབྱུང་ངོ་ཞེས་དོན་བསྡུས་གསུངས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འབྱུང་ངོ་ཞེས་པའི་བར་གྱིས་གསུངས་སོ། །ཆོས་མཆོག་གི་དམིགས་རྣམ་བསྟན་ཟིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་མཐོང་ལམ་ནི། གོང་དུ་ཤེར་ཕྱིན་ལ་བསླབ་པ་རྣམ་མཁྱེན་དུ་འབྱུང་ངོ་ཞེས་བསྟན་པ་ལས་འཕྲོས་ནས། རྣམ་མཁྱེན་དུ་འབྱུང་བའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གང་ལས་བཙལ་བར་བྱ་སྙམ་པའི་བརྒྱ་བྱིན་གྱིས་དྲི་བ་མཛད་པའི་ལན་གྱིས་གསུངས་ཏེ། དང་པོ་མདོར་བསྟན་པ་ལ་དྲི་བ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལས་བཙལ་བར་བྱ་ཞེས་པའི་བར་གྱིས་བསྟན་ཏོ། །ཤཱ་རིའི་བུས་ལན་སྨྲས་པ་ནི། རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་གསུངས་སོ། །དེ་ཡང་རབ་འབྱོར་གྱི་ལེའུ་ལས། རབ་འབྱོར་གྱིས་ཤཱ་རིའི་བུ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་ཚུལ། །རབ་འབྱོར་གྱི་ལེའུ་ལས་བསྟན་པས་དེར་ཤེས་པར་བྱའོ་ཞེས་པའི་དོན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡིན་ན། ཅིའི་ཕྱིར་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱ་བ་ཡིན། རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་དེ་ཁྱོད་ཀྱི་མཐུ་འམ་བྱིན་རླབས་ཀྱིས་ཡིན་པ་ཞེས་དྲིས་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས་དེ་ནི་ཁྱོད་གྱི་མཐུའམ་ཁྱོད་ཀྱི་བྱིན་རླབས་སམ་ཞེས་པའི་བར་གྱིས་དྲིས་སོ། །ཡང་ན་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱ་ཞེས་སྨྲས་ན། ཤཱ་རིའི་བུ་ལ་རབ་འབྱོར་གྱིས་ཤེར་ཕྱིན་བསྟན་པ་དེ། རབ་འབྱོར་ཁྱོད་ཀྱི་མཐུ་ཡིན་ནམ་ཞེས་དྲིས་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། ཁྱོད་ཀྱི་བྱིན་གྱིས་བརླབས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །རབ་འབྱོར་གྱིས་ལན་སྨྲས་པ་ནི། བདག་གི་མཐུ་དང་བྱིན་རླབས་མ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ནས་བརྒྱ་བྱིན་གྱིས། དེ་སུའི་མཐུ་སུའི་བྱིན་རླབས་ཡིན་ཞེས་དྲིས་སོ། །དེ་ལ་དེ་བཞིན་གཤེགས་པའི་མཐུ་དང་བྱིན་རླབས་ཡིན་ནོ་ཞེས་ལན་བཏབ་བོ། །སླར་ཡང་བརྒྱ་བྱིན་གྱིས་ཆོས་ཐམས་ཅད་བྱིན་རླབས་མེད་པ་ཡིན་ན། ཅིའི་ཕྱིར་དེ་སྐད་དུ་སྨྲ་ཞེས་རྒོལ་བ་ནི། བཙུན་པ་རབ་འབྱོར་ཞེས་པ་ནས། ཅིའི་ཕྱིར་དེ་བཞིན་གཤེགས་པའི་བྱིན་རླབས་ཡིན་ཞེས་སྨྲ་ཞེས་པའོ། །དོན་དམ་པར་བྱིན་རླབས་མེད་པའི་གཏན་ཚིགས་སྨྲས་པ་ནི། དོན་དམ་པར་བྱིན་རླབས་མེད་པའི་ཆོས་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་ལ། དེ་བཞིན་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་ཞེས་པ་དེས་དོན་དམ་པར་བྱིན་རླབས་མེད་པའི་ཆོས་ཉིད་དང༌། དེ་བཞིན་གཤེགས་པ་གཉིས་ག་ཐ་དད་དུ་བྱར་མེད་ལ། དེ་བཞིན་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་པའི་ཕྱིར་ཞེས་པའི་དོན་ནོ། །རབ་འབྱོར་གྱིས་བརྒྱ་བྱིན་གྱིས་སྨྲས་པའི་དོན་དང་མཐུན་པར་བསྟོད་པ་ནི། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པའི་བར་གྱིས་གསུངས་སོ། །གཏན་ཚིགས་ཀྱང་བརྒྱ་བྱིན་གྱིས་སྨྲས་པ་དེ་ཉིད་བཟླས་ཏེ་བསྟན་པ་ནི། བྱིན་གྱིས་རླབས་པའི་ཆོས་ཉིད་ཅེས་པ་ནས། ཡོད་པར་མི་དམིགས་སོ་ཞེས་པའི་བར་གྱིས་གསུངས་སོ། །དོན་དམ་པར་བྱིན་རླབས་མེད་པའི་གཏན་ཚིགས་གཞན་ཡང་སྨྲས་པ་ནི། བྱིན་རླབས་མེད་པའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་བརྟེན་པའི་ཚུལ་དུ་མི་དམིགས་ལ། དེ་བཞིན་གཤེགས་པ་ལ་ཡང་བྱིན་གྱིས་རླབས་པའི་ཆོས་ཉིད་བརྟེན་པའི་ཚུལ་གྱིས་མི་དམིགས་པའི་ཕྱིར་ཏེ། དོན་དམ་པར་ཐ་མི་དད་པའི་ཕྱིར་རོ། །དོན་ནི་དེ་བཞིན་གཤེགས་པ་ལ་དོན་དམ་པར་བྱིན་རླབས་མི་དམིགས་ཏེ། བྱིན་རླབས་མེད་པའི་ཆོས་ཉིད་ལས་ཐ་མི་དད་པའི་ཕྱིར་དང༌། དེ་བཞིན་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་པའི་ཕྱིར། ཆོས་ཉིད་དང་དེ་བཞིན་གཤེགས་པ་རྟེན་དང་བརྟེན་པའི་ཚུལ་དུ་ཡོད་དོ་སྙམ་ན། བྱིན་རླབས་མེད་པའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་བརྟེན་པར་མི་དམིགས་པའི་ཕྱིར་ཏེ། སྟོང་པ་ཉིད་དུ་རོ་གཅིག་པས་ཐ་མི་དད་པའི་ཕྱིར་རོ་ཞེས་པའི་དོན་ནོ་དེ་བཞིན་ཉིད་ཀྱི་འགྲེས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཡང་གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་ཞེས་སོགས་སྔ་མ་བཞིན་དུ་སྦྱར་ནས་རྣམ་མཁྱེན་གྱི་བར་དུ་གསུངས་སོ། །དོན་དམ་པར་དེ་བཞིན་ཉིད་མ་ཡིན་པ་མེད་ལ། དེ་བཞིན་ཉིད་ལ་དོན་དམ་པ་མ་ཡིན་པ་མེད་པས་དེ་བཞིན་གཤེགས་པ་ཡང་མེད་ལ། དེ་བཞིན་ཉིད་ལ་ཡང་གུད་ན་ཡང་དེ་བཞིན་གཤེགས་པ་མེད་པའི་ཕྱིར་ཞེས་པའི་དོན་ནོ། །དོན་དམ་པར་ཆོས་ཉིད་ལ་མ་གཏོགས་པར་གཞན་མེད་པའི་ཕྱིར། བྱིན་གྱིས་བརླབས་པ་ཡང་མེད་ལ། བྱིན་རླབས་ཀྱི་སྤྲོས་པ་མེད་པའི་ཆོས་ཉིད་ཙམ་དུ་ཟད་དོ། །དེ་བཞིན་གཤེགས་པ་ཡང་མེད་དེ། བྱིན་རླབས་ཀྱི་སྤྲོས་པ་མེད་པའི་ཆོས་ཉིད་དེ་ཉིད་ཀྱང་མ་ཡིན་ལ། དེ་ལས་གུད་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་པའི་ཕྱིར་དང༌། བྱིན་རླབས་ཡོད་མེད་ཀྱི་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་ཀྱང་དེ་བཞིན་གཤེགས་པ་མ་ཡིན་ལ། དེ་བཞིན་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་ཡོད་མར་མི་དམིགས་པའི་ཕྱིར་ཞེས་སྨྲས་སོ། །བརྒྱ་བྱིན་གྱི་ཚིག་དེ་ལ་རབ་འབྱོར་གྱིས་རྗེས་སུ་ཡི་རང་བར་མཛད་པ་ནི། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པའོ། །བརྒྱ་བྱིན་གྱིས་སྨྲས་པའི་གཏན་ཚིགས་དེ་ཉིད་བཟླས་ཏེ་བསྟན་པ་ནི། བྱིན་རླབས་མེད་པའི་ཞེས་པ་ནས། ཡོད་པར་མི་དམིགས་སོ་ཞེས་པའི་བར་རོ། །དེ་ཉིད་རྒྱས་པར་སྟོན་པ་ལ་འགྲེས་གཉིས་གསུངས་ཏེ། རྟེན་དང་བརྟེན་པ་བཀག་པའི་སྒོ་ནས་མེད་པར་བསྟན་པ་དང༌། ལེན་པ་དང་བྲལ་བ་བཀག་པའི་སྒོ་ནས་མེད་པར་བསྟན་པའི་འགྲེས་སོ། །དང་པོ་ནི། བྱིན་རླབས་མེད་པའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་བརྟེན་པར་མི་དམིགས། དེ་བཞིན་གཤེགས་པ་ལ་ཡང་བྱིན་རླབས་མེད་པའི་ཆོས་ཉིད་བརྟེན་པར་མི་དམིགས་པའི་ཕྱིར་ཏེ། དོན་དམ་པར་ཐ་དད་མེད་པའི་ཕྱིར། དེ་བཞིན་ཉིད་ཀྱི་འགྲེས་ལ་ཡང་དེ་བཞིན་དུ་སྦྱར་ནས། སླར་ཡང་གཟུགས་ཀྱི་དེ་བཞིན་ཉིད་ནས་གཟུགས་ཀྱི་ཆོས་ཉིད་ལ་ཡང༌། དེ་བཞིན་གཤེགས་པ་རྟེན་དང་བརྟེན་པར་མི་དམིགས་སོ་ཞེས་པ་ནས། རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་དང་ཆོས་ཉིད་གཉིས་ལ་རྟེན་དང་བརྟེན་པར་གྲུབ་པ་དགག་པའི་ཚུལ་གྱིས་གསུངས་སོ། །རྟེན་དང་བརྟེན་པ་བཀག་པའི་འགྲེས་བསྟན་ཟིན་ནས། འགྲེས་གཉིས་པ་ལྡན་པ་དང་བྲལ་བ་བཀག་པའི་སྒོ་ནས། དེ་བཞིན་གཤེགས་པ་མེད་པར་བསྟན་པ་ནི། ཀཽ་ཤི་ཀ་དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་དེ་བཞིན་ཉིད་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ཞེས་སོགས་ཏེ། གཟུགས་ཀྱི་དེ་བཞིན་ཉིད་དང་ཆོས་ཉིད་གཉིས་ལ་ལྡན་པ་དང་བྲལ་བ་གཉིས་ཀ་བཀག་པ་དང༌། གཟུགས་ཀྱི་དེ་བཞིན་ཉིད་མ་ཡིན་པ་དང༌། ཆོས་ཉིད་མ་ཡིན་པ་གཉིས་ལ་ཡང་ལྡན་བྲལ་གཉིས་ཀ་བཀག་པ་སྟེ། མཐའ་བཞི་དང་བྲལ་བའི་སྒོ་ནས་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པ་ལ་ལྷས་སྦྱིན་རྒྱན་དང་ལྡན་པ་དེ་བཞིན་དུ། དེ་བཞིན་ཉིད་ལྡན་པ་ཡང་མ་ཡིན། སྔར་ཡོད་གསར་དུ་བྲལ་བ་ཡང་མ་ཡིན་ནོ། །གཟུགས་ཀྱི་འགྲེས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ། རྣམ་མཁྱེན་གྱི་བར་དུ་གསུངས་སོ། །འདི་དག་གི་དོན་རྒྱན་ལས། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་དང་བརྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །ཞེས་གསུངས་སོ། །དོན་དམ་པར་དེ་བཞིན་གཤེགས་པ་དང༌། དེའི་བྱིན་རླབས་མེད་པར་བསྟན་པ་ན། སུ་ཞིག་གི་མཐུ་ཡིན་སྙམ་པའི་དོགས་པ་བཅད་པ་ནི། ཀཽ་ཤི་ཀ། དེ་བཞིན་ཞེས་པ་ནས། དེའི་བྱིན་རླབས་སོ་ཞེས་པའི་བར་གྱིས་གསུངས་ཏེ། ལྡན་པ་དང་སྤྲོས་པ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ནི། དེ་བཞིན་གཤེགས་པའི་མཐུ་སྟེ། དོན་དམ་པར་བྱིན་རླབས་མེད་པའི་ཚུལ་གྱིས་ཐ་སྙད་དུ་དེའི་བྱིན་རླབས་ཡིན་པར་བསྟན་ཏོ། །སྔར་ཀཽ་ཤི་ཀས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལས་བཙལ་བར་བྱ་ཞེས་དྲིས་པའི་ལན་ཤཱ་རིའི་བུས་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱ་ཞེས་ཁུངས་བསྟན་པའི་དོན་རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་ནི། ཀཽ་ཤི་ཀ་ཞེས་སོགས་ཀྱིས་བསྟན་ཏོ། །རབ་འབྱོར་གྱི་ལེའུ་སྔར་བསྟན་ཟིན་པ་མ་ཡིན་ནམ་ཞེ་ན། དེ་ལ་འབྲིང་དུ་བསྟན་པ་ཙམ་ཡིན་ལ། འདིར་ནི་དེ་ཉིད་ཞིབ་ཏུ་འཆད་པར་བྱེད་པ་སྟེ། ཀཽ་ཤི་ཀ་གཟུགས་ལས་ཀྱང་བཙལ་བར་མི་བྱའོ་ཞེས་སོགས་ཀྱིས་བསྟན་ཏོ། །དེ་ལ་གཟུགས་ལས་ཀྱང་བཙལ་བར་མི་བྱ་ཞེས་པ་ནི་གཟུགས་དང་གཅིག་མ་ཡིན་པས་སོ། །གཟུགས་ལས་གཞན་ན་ཡང་བཙལ་བར་མི་བྱ་ཞེས་པ་ནི། གཟུགས་ལས་གཞན་དུ་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་བཤད་པར་བྱའོ། །དེའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཏེ། གང་ལས་བཙལ་བར་བྱ་བའི་ཡུལ་དང༌། ཚོལ་བ་པོའི་བྱང་ཆུབ་སེམས་དཔའ་དང༌། བཙལ་བར་བྱ་བ་གང་ཡིན་པའི་ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པའི་ཕྱིར་ཏེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར། འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། གཟུགས་མེད་པ། བལྟར་མེད་པ། ཐོགས་པ་མེད་པའི་ཕྱིར་རོ། །དེ་ལ་གཟུགས་མེད་པ་ནི་གཟུགས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །བལྟར་མེད་པ་ནི་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཐོགས་པ་མེད་པ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །བཤད་ཚུལ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱར་རོ། །ཡང་གོང་དུ་བཙལ་བར་བྱ་བའི་ཤེར་ཕྱིན་དང༌། བཙལ་བར་བྱ་བའི་ཡུལ་དང་ཚོལ་བ་པོ་རྣམས་མཚན་ཉིད་མེད་པའོ་ཞེས་བསྟན་པ་དེ་ཉིད་ལས། བྱེ་བྲག་ཏུ་ཤེར་ཕྱིན་མཚན་ཉིད་མེད་པར་བསྒྲུབ་པའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་སོགས་ཀྱིས་གསུངས་ཏེ། ཆོས་ཅན་གཟུགས་ཀྱང་ཤེར་ཕྱིན་མ་ཡིན། དེ་ལས་གུད་ན་ཡང་ཤེར་ཕྱིན་མེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་དང༌། ཆོས་ཉིད་གཉིས་ཀྱང་དེ་བཞིན་ཉིད་མ་ཡིན། དེ་ལས་གུད་ན་ཡང་ཤེར་ཕྱིན་མེད་དོ་ཞེས་པའོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་གཅིག་དང་ཐ་དད་དུ་མེད་པར་གོང་དུ་བསྟན་ཟིན་པ་དེ་དག་གི་གཏན་ཚིགས་བརྗོད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དེ་ལྟར་ཆོས་ཐམས་ཅད་མེད་ཅིང་དམིགས་པ་མེད་པས་ན་ཞེས་པའོ། །སྔར་གྱི་དེ་ཉིད་བཟླས་ནས་བསྒྲུབ་བྱའི་ཆོས་སུ་བཀོད་པ་ནི། གཟུགས་ཀྱང་ཤེར་ཕྱིན་མ་ཡིན། གཟུགས་ལས་གུད་ན་ཡང་ཤེར་ཕྱིན་མེད་དོ་ཞེས་གསུངས་ཏེ། གཏན་ཚིགས་དང་སྔར་གྱི་དེ་ཉིད་བཟླས་ཏེ་བསྒྲུབ་བྱའི་ཆོས་འགོད་ཚུལ་རྣམ་མཁྱེན་ལ་ཐུག་པའི་བར་དུ་སྦྱར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་བཙལ་བའི་ཚུལ་བརྗོད་ཟིན་ཏོ། །ཡུམ་བཙལ་བའི་ཚུལ་གྱིས་ཆོས་བཤད་པ་འདི་ལ། ངོ་མཚར་བ་དང་བཟང་བར་བསྟན་པའི་ཕྱིར། བརྒྱ་བྱིན་གྱི་འགྲེས་ཀྱིས་རྩ་བའི་ཚིག་རྣམ་པ་བཞི་བཀོད་དེ། ཤེར་ཕྱིན་ཆེ་བར་བསྟན་པ་དང༌། ཚད་མེད་པར་བསྟན་པ་དང༌། དཔག་ཏུ་མེད་པར་བསྟན་པ་དང༌། མཐའ་ཡས་པར་བསྟན་པའོ། །བཞི་པོ་འདི་དག་གི་དོན་ནི། རྒྱན་ལས། ཆེན་པོ་ཚད་མ་མེད་བཅས་དང༌། །ཚད་མེད་པ་དང་མཐའ་ཡས་དང༌། །ཞེས་གསུངས་སོ། །ཤེར་ཕྱིན་ལ་བསླབ་ཚུལ་དེ་ལྟ་བུས་ཤེར་ཕྱིན་ལ་བསླབ་ནས། རིགས་ཅན་གསུམ་གྱིས་རང་རང་གི་བྱང་ཆུབ་ཐོབ་པར་འགྱུར་བའི་ཡོན་ཏན་ཡོད་པར་བསྟན་པ་ནི། དེ་ལ་བསླབས་ཤིང་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ནི་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་བརྒྱ་བྱིན་གྱིས་ཤེར་ཕྱིན་རྒྱ་ཆེ་བ་ལ་སོགས་པའི་ཡོན་ཏན་ཁྱད་པར་བཞི་ལྡན་དུ་བསྟན་པ་དེ་ཉིད་ལ། འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། རབ་འབྱོར་གྱིས་དོན་དེ་ལ་རྗེས་སུ་ཡི་རང་བ་མཛད་ནས། བརྒྱ་བྱིན་གྱིས་སྨྲས་པ་དེ་ཉིད་བཟླས་ཏེ་སྟོན་པ་ནི། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །རྒྱ་ཆེ་བ་ལ་སོགས་པའི་བཤད་སྦྱར་བཞི་པོ་ཉེ་བར་བཟུང་ནས། དང་པོ་རྒྱ་ཆེ་བའི་ཁྱད་པར་བསྟན་པ་ནི། ཤེར་ཕྱིན་འདི་ཞེས་པ་ནི་ཆོས་ཅན་ནོ། །རྒྱ་ཆེ་བ་ཡིན་ཏེ་ཞེས་པ་ནི་བསྒྲུབ་བྱའི་ཆོས་སོ། །གཟུགས་རྒྱ་ཆེ་བའི་ཕྱིར་ཞེས་པ་ནི་གཏན་ཚིགས་སོ། །གཏན་ཚིགས་དེ་ཉིད་ཀྱི་འཐད་པ་ཡང་བསྟན་པ་ནི། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང༌། དབུས་མི་དམིགས་ཞེས་པས་བསྟན་ཏོ། །དེ་ལ་སྔོན་གྱི་མཐའ་ནི་བྱུང་ངོ་ཞེས་པའོ། །ཕྱི་མའི་མཐའ་ནི་འབྱུང་བར་འགྱུར་བའོ། །དབུས་ནི་ཡོད་དོ་ཞེས་བྱའོ། །དེ་ལྟར་ཐོག་མཐའ་དབུས་གསུམ་མ་དམིགས་པའི་ཕྱིར་རྒྱ་མ་ཆད་པས་ན་ཆེ་བ་ཞེས་བརྗོད་དོ། །ཚུལ་དེ་ལྟར་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །དོན་བསྡུ་བ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་ནི་རྒྱ་ཆེ་བ་ཡིན་ཏེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ལ་སོགས་པ་བསྟན་ཏོ། །གསུམ་པ་ཚད་མེད་པའི་ཁྱད་པར་བསྟན་པ་ནི། ཤེར་ཕྱིན་འདི་ཞེས་པ་ནི་ཆོས་ཅན་ནོ། །ཚད་མེད་པ་ཡིན་ཏེ་ཚད་མེད་པ་ཞེས་པ་ནི་བསྒྲུབ་བྱའི་ཆོས་སོ། །ཚད་མེད་པའི་ཕྱིར་ཞེས་པ་ནི་གཏན་ཚིགས་སོ། །གཏན་ཚིགས་དེ་ཉིད་ཀྱི་ཡང་འཐད་པ་བསྟན་པ་ནི། གཟུགས་ཀྱི་ཚད་ཀྱང་དམིགས་སུ་མེད་དོ་ཞེས་པ་སྟེ། དོན་དམ་པར་མེད་པས་ཚད་འདི་ཙམ་མོ་ཞེས་གཟུང་དུ་མེད་པའི་དོན་ནོ། །ནམ་མཁའ་ནི་དམིགས་སུ་མེད་པས་ཚད་དམིགས་སུ་མེད་པའོ། །གཟུགས་ལ་སྦྱར་བ་དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་སྦྱར་བར་བྱའོ། །དོན་བསྡུ་བ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ན་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །འབུམ་གྱི་གནོད་འཇོམས་ལས་ནི། ཁྱད་པར་དང་པོ་རྒྱ་ཆེ་བ་དང༌། གཉིས་པ་ཚད་མེད་པ་དང༌། གསུམ་པ་དཔག་ཏུ་མེད་པ་དང༌། བཞི་པ་མཐའ་ཡས་པར་འཆད་པ་ལྟར་ན། ཚད་མེད་པའི་འགྲེས་དང་མཐའ་མེད་པའི་འགྲེས་ཀྱི་བར་འདིར། དཔག་ཏུ་མེད་པའི་འགྲེས་ཆད་པར་སྣང་ངོ༌། །ཁྱད་པར་བཞི་པ་མཐའ་ཡས་པར་སྟོན་པ་ལ། སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པ་གཉིས་སོ། །དང་པོ་ལ་ཤེར་ཕྱིན་འདི་ཞེས་པ་ནི་ཆོས་ཅན་ནོ། །མཐའ་ཡས་པ་ནི་བསྒྲུབ་བྱའི་ཆོས་སོ། །གཟུགས་མཐའ་ཡས་པའི་ཕྱིར་ཞེས་པ་ནི་གཏན་ཚིགས་སོ། །གཏན་ཚིགས་དེ་ཉིད་ཀྱི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་མཐའ་དང་དབུས་མི་དམིགས་སོ་ཞེས་པའོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་ལ་སྦྱར་རོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན་ཞེས་སོགས་ཀྱིས་ནི། གོང་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་མཐའ་ཡས་པར་བསྟན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསྟན་པོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། དམིགས་པ་མཐའ་ཡས་པའི་སྒོ་ནས་དང༌། སེམས་ཅན་མཐའ་ཡས་པའི་སྒོ་ནས་བསྟན་པའོ། །དང་པོ་ལ་ཡང་རྣམ་མཁྱེན་མཐའ་ཡས་པ་དང༌། ཆོས་ཉིད་མཐའ་ཡས་པ་དང༌། དེ་བཞིན་ཉིད་མཐའ་ཡས་པའོ། །དེ་ལ་དང་པོ་དམིགས་པ་མཐའ་ཡས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པར་བསྟན་པ་ནི། ཀཽ་ཤི་ཀ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་གཉིས་ལ་བརྒྱ་བྱིན་གྱིས་དྲི་བ་མཛད་པ་ནི། བརྒྱ་བྱིན་གྱིས་སྨྲས་པ་ཞེས་པ་ནས། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་པའི་བར་གྱིས་བསྟན་ཏེ། དམིགས་པ་མཐའ་ཡས་པ་ཞེས་པ་ནས། དམིགས་པ་ཇི་ལྟ་བུ་ཞིག་མཐའ་ཡས་པས་ཤེར་ཕྱིན་མཐའ་ཡས་པར་བརྗོད་ཅེས་པའོ། །རྣམ་མཁྱེན་གྱི་དམིགས་པ་མཐའ་ཡས་པས་མཐའ་ཡས་པར་བརྗོད་དོ་ཞེས་ལན་བཏབ་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་པ་མཐའ་ཡས་པའི་ཕྱིར་ཞེས་སོགས་སོ། །ཆོས་ཉིད་མཐའ་ཡས་པས་མཐའ་ཡས་པར་བསྟན་པ་ནི། ཆོས་མཐའ་ཡས་པའི་ཕྱིར་ཞེས་སོགས་ཀྱིས་སྟོན་ནོ། །ཆོས་གང་མཐའ་ཡས་པས་མཐའ་ཡས་པར་བརྗོད་ཅེས་བརྒྱ་བྱིན་གྱིས་དྲི་བ་ནི། བརྒྱ་བྱིན་གྱིས་སྨྲས་པ་ཞེས་སོགས་སོ། །ཆོས་དབྱིངས་མཐའ་ཡས་པས་མཐའ་ཡས་པར་བསྟན་པ་ནི། ཆོས་ཀྱི་དབྱིངས་མཐའ་ཡས་པའི་ཕྱིར་ཞེས་སོགས་སོ། །གསུམ་པ་དེ་བཞིན་ཉིད་མཐའ་ཡས་པའི་འཐད་པས་མཐའ་ཡས་པར་བསྟན་པ་ནི། དེ་བཞིན་ཉིད་དམིགས་པ་མཐའ་ཡས་པའི་ཕྱིར་རོ་ཞེས་སོགས་ཀྱིས་སྟོན་ནོ། །དྲི་བ་ནི་བརྒྱ་བྱིན་གྱིས་སྨྲས་པ་ཞེས་སོགས་སོ། །ལན་ནི་དེ་བཞིན་ཉིད་མཐའ་ཡས་པའི་ཕྱིར་ཞེས་ལན་བཏབ་བོ། །གཉིས་པ་སེམས་ཅན་མཐའ་ཡས་པའི་གཏན་ཚིགས་ཀྱིས་མཐའ་ཡས་པར་བསྟན་པ་ནི། སེམས་ཅན་མཐའ་ཡས་པའི་ཕྱིར་རོ་ཞེས་སོགས་ཀྱིས་བསྟན་ཏོ། །བརྒྱ་བྱིན་གྱིས་དྲིས་པ་ནི། བཙུན་པ་རབ་འབྱོར་ཞེས་པ་ནས། མཐའ་ཡས་པའི་ཞེས་བྱ་ཞེས་པའི་བར་གྱིས་བསྟན་ཏོ། །རབ་འབྱོར་གྱིས་བརྒྱ་བྱིན་ལ། སེམས་ཅན་མེད་པའི་གཏན་ཚིགས་འཆད་དུ་གཞུག་པའི་ཕྱིར། སླར་དྲིས་པ་ནི། ཀཽ་ཤི་ཀ་ཅི་སྙམ་དུ་སེམས་ཞེས་སོགས་སོ། །ལན་བཏབ་པ་ནི། དེ་ནི་ཆོས་ཀྱི་ཚིག་བླ་དྭགས་མ་ཡིན་ཞེས་པ་ནས། མིང་དུ་བཏགས་པའོ་ཞེས་པའི་བར་གྱིས་བསྟན་ཏེ། མིང་ཙམ་དུ་ཟད་ཀྱི་དོན་དམ་པར་མེད་དོ་ཞེས་པའི་དོན་ནོ། །རབ་འབྱོར་གྱིས་སྨྲས་པ་ཞེས་སོགས་ཀྱིས་ནི། ཤེར་ཕྱིན་ནས་སེམས་ཅན་དུ་བཤད་པ་ཡོད་དམ་སྟེ་མེད་ཅེས་པའོ། །བརྒྱ་བྱིན་གྱིས་རབ་འབྱོར་དང་མཐུན་པར་ལན་བརྗོད་པ་ནི། བཙུན་པ་རབ་འབྱོར་དེ་ནི་མེད་དོ་ཞེས་པའོ། །རབ་འབྱོར་གྱིས་ཡང་སྨྲས་པ་ནི། ཀཽ་ཤི་ཀ་གང་སེམས་ཅན་དུ་བཤད་པ་མེད་པ་དེ་ལ། སེམས་ཅན་མཐའ་ཡས་པ་གང་ཡང་མེད་དེ་ཞེས་གསུངས་ཏེ། སེམས་ཅན་མ་བསྟན་པའི་ཕྱིར། སེམས་ཅན་མཐའ་ཡས་པ་ཡང་མ་བསྟན་ཞེས་པའི་དོན་ནོ། །ཡང་དེའི་འོག་ཏུ། ཀཽ་ཤི་ཀ་གལ་ཏེ། དེ་བཞིན་གཤེགས་པ་ཞེས་པ་ནས་འགག་པར་འགྱུར་བ་ཡོད་དམ་ཞེས་པའི་བར་དུ་གསུངས་ཏེ། ཀུན་རྫོབ་ཏུ་སེམས་ཅན་ཞེས་ངག་ཏུ་བརྗོད་པ་ཙམ་གྱིས། དོན་དམ་པར་ཡོད་པ་མ་ཡིན་པ་འཆད་དུ་གཞུག་པའི་ཕྱིར། བརྒྱ་བྱིན་ལ་དྲིས་པའོ། །བཙུན་པ་རབ་འབྱོར་དེ་ནི་མེད་དོ་ཞེས་པ་ནི་ལན་ནོ། །གཏན་ཚིགས་སྨྲས་པ་ནི། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གདོད་མ་ནས་རྣམ་པར་དག་པའི་ཕྱིར་རོ་ཞེས་པའོ། །ཤེར་ཕྱིན་མཐའ་ཡས་པ་རྒྱས་པར་སྟོན་པའི་དོན་བསྡུ་བ་ནི། རབ་འབྱོར་གྱིས་ཞེས་པ་ནས། མཐའ་ཡས་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས་རབ་འབྱོར་གྱིས་བསྟན་ཏོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་ཕན་ཡོན་དང༌། སྦས་དོན་རྒྱན་ལས། སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །ཞེས་པ་ནས། རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ཞེས་པའི་བར་རྒྱན་ལས་གསུངས་པའི་སྦས་དོན་རྣམས་སྟོན་ཏེ། དེ་བཞིན་གཤེགས་པ་ཉིད་དུ་འཛིན་པའི་ཡོན་ཏན་ནི། བཅོམ་ལྡན་འདས་བདག་གིས་ཞེས་པ་ནས། གཟུང་བར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏོ། །གོང་དུ་ཆེད་དུ་བརྗོད་པའི་སྐབས་སུ། ཆོས་འདི་ལེགས་པར་བཤད་དོ་ཞེས་གསུངས་པ་དེ་ཉིད་བཤད་བྱར་བཟུང་ནས། ཤེར་ཕྱིན་ལེགས་པར་བཤད་པའི་ཚུལ་སྟོན་པ་ནི། ཆོས་གང་ཡང་དམིགས་སུ་མ་མཆིས་ཏེ། གཟུགས་སམ་ཚོར་བའམ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་པའམ། ཡང་ན་ཤེར་ཕྱིན་དང་མ་བྲལ་བ་ནི། དེ་བཞིན་གཤེགས་པས་བཟུང་ཞེས་བཤད་ན། གང་དང་མི་འབྲལ་བར་བྱ་བའི་ཆོས་གང་ཡིན་སྙམ་པའི་དོགས་པ་གཅོད་པའི་དོན་དུ། ཆོས་གང་ཡང་དམིགས་སུ་མ་མཆིས་ཏེ་ཞེས་སོགས་གསུངས་ཏེ། ཆོས་གང་ཡང་དམིགས་སུ་མ་མཆིས་པར་རྟོགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་དང་མ་བྲལ་བ་ལ་དེ་བཞིན་གཤེགས་པས་གཟུང་ངོ་ཞེས་པའི་དོན་ནོ། །ཆོས་གང་དང་གང་མ་མཆིས་པར་རྟོགས་སྙམ་ན། གཟུགས་སམ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཆོས་གང་ཡང་མ་མཆིས་མ་དམིགས་ཞེས་པའི་བར་གྱིས་གསུངས་ཏེ། འདི་དག་གིས་ནི་ཆོས་གང་ཡང་མ་མཆིས་པར་རྟོགས་པའི་ཤེས་རབ་དང་ལྡན་པར་བསྟན་ཏོ། །ཐབས་ཀྱི་ཆ་སྟོན་པ་ནི། དོན་དམ་པར་ཆོས་གང་ཡང་མ་དམིགས་ཀྱང༌། ཐ་སྙད་དུ་ཐེག་པ་གསུམ་དང་འབྲེལ་དགོས་པར་མཆིས་ཏེ་ཞེས་པ་ནས། སངས་རྒྱས་ཀྱི་ཐེག་པའོ་ཞེས་པའི་བར་རོ། །དོན་ཉེ་བར་བསྡུ་བ་ནི། ཤཱ་རིའི་བུ་དག་ཅེས་པ་ནས་བཟུང་བར་བྱའོ་ཞེས་པའི་བར་རོ། །མི་དམིགས་པའི་ཚུལ་གྱིས་བསླབ་པས་ཤེར་ཕྱིན་དང་མ་བྲལ་བའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སངས་རྒྱས་ཀྱི་ཐེག་པ་བཤད་དོ་ཞེས་པའི་བར་ཏེ། འདི་ལས་ཐེག་པ་གསུམ་ཆར་རྒྱ་ཆེར་བསྟན་པས། འདི་ལ་བསླབ་ན་ཤེར་ཕྱིན་དང་མི་འབྲལ་བས་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ཞེས་པའི་དོན་ནོ། །དེ་བཞིན་གཤེགས་པ་ཉིད་དུ་བཟུང་བར་བྱ་ཞེས་བསྟན་པ་ལ་ཞེན་པ་བཀག་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་ཡང་དེ་བཞིན་གཤེགས་པ་མི་དམིགས་ཞེས་སོགས་ཀྱིས་གསུངས་ཏེ། དོན་དམ་པར་སྦྱིན་སོགས་ནས་རྣམ་མཁྱེན་གྱི་བར་དེ་བཞིན་གཤེགས་པ་མ་ཡིན་ལ། དེ་ལས་གཞན་དུ་ཡང་བཙལ་དུ་མེད་དོ་ཞེས་པའི་དོན་ཏེ་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །གོང་དུ་བསྟན་པ་ལྟར་ཆོས་གང་ཡང་མི་དམིགས་པ་དང༌། དེ་བཞིན་གཤེགས་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་ན། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་སློབ་པར་འགྱུར་ཞེས་བསྟན་པ་ནི། ལྷའི་བུ་དག་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འདི་དག་ལ་སློབ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་བོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་གང་ཡང་མི་དམིགས་པའི་ཚུལ་དུ་བསླབ་པའི་ཕན་ཡོན་བསྟན་པ་ནི། དེ་བས་ན་ལྷའི་བུ་དག་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་བྲལ་བའི་ཚུལ་ནི་གཉིས་ཏེ། ཆོས་གང་ཡང་མ་དམིགས་པའི་ཚུལ་གྱིས་སློབ་པ་དང༌། དེ་བཞིན་གཤེགས་པ་མ་དམིགས་པའི་ཚུལ་གྱིས་སློབ་པས་ཤེར་ཕྱིན་དང་མི་བྲལ་བའི་ཚུལ་གཉིས་དང༌། དེ་དག་གི་ཕན་ཡོན་ཡང་གཉིས་ཏེ། དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱ་བ་དང༌། དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་སྟེ། འདི་དག་གིས་ནི་དེ་དག་རྒྱས་པར་བསྟན་པ་ཡིན་ནོ། །སྔོན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་སྤྱོད་པས་སངས་རྒྱས་སུ་ལུང་བསྟན་པའི་ཡོན་ཏན་འབྱུང་བར་བསྟན་པ་ལས། དང་པོ་ཤེར་ཕྱིན་དང་མ་བྲལ་བར་སྤྱོད་པའི་ཚུལ་བསྟན་པ་ནི། ལྷའི་བུ་དག་གང་གི་ཚེ་ང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་ཚད་མེད་པ་གཞན་དག་དང་ཡང་མ་བྲལ་བར་གྱུར་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་བརྟེན་ནས་ལུང་བསྟན་པ་ནི། ལྷའི་བུ་དག་དེའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་པ་ནས། བྱང་ཆུབ་ཏུ་ལུང་བསྟན་པའོ་ཞེས་པའི་བར་གྱིས་གསུངས་སོ། །འདིས་ནི་སྔར་ཤེས་ཕྱིན་ལ་སྤྱད་པས་བྱང་ཆུབ་ཏུ་ལུང་བསྟན་པའི་ཡོན་ཏན་འབྱུང་བར་བསྟན་ནས། མ་འོངས་པ་ན་ཡང་ཤེར་ཕྱིན་ལ་སྤྱད་པས་ཡོན་ཏན་དེ་དག་འབྱུང་བར་ཤུགས་ལ་བསྟན་པ་ཡིན་ནོ། །དེ་ལ་བསྐལ་པ་བཟང་པོ་ཞེས་པ་ནི། ཤཱཀྱ་ཐུབ་པ་སངས་རྒྱས་པའི་བསྐལ་པ་འདི་ལ་བྱའོ། །ཤཱཀྱ་ཐུབ་པ་ཞེས་པ་ནི། ཤཱཀྱའི་རིགས་ཡིན་ཅིང༌། མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པ་ལ་བྱའོ། །དེ་བཞིན་གཤེགས་པ་ཞེས་པ་ནི། ཆོས་རྣམས་ཀྱི་རང་བཞིན་ཐུགས་སུ་ཆུད་པའོ། །དགྲ་བཅོམ་པ་ནི། ཉོན་མོངས་པ་རྣམས་བཅོམ་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་ནི། གཏི་མུག་གི་གཉིད་སངས་ཏེ། བློ་གྲོས་རྒྱས་པའི་ཕྱིར་རོ། །མཁྱེན་པ་དང་རྐང་པར་ལྡན་པ་ཞེས་པ་ལ། མཁྱེན་པ་ནི་ལྷག་པའི་ཤེས་རབ་བོ། །རྐང་པ་ནི་ལྷག་པའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ནོ། །བདེ་བར་གཤེགས་པ་ནི་བྱང་ཆུབ་ཀྱི་ལམ་ལ་བདེ་བར་ཞུགས་ཏེ། ཕྱིར་མི་ལྡོག་པའི་ཚུལ་དུ་གཤེགས་པའོ། །འཇིག་རྟེན་མཁྱེན་པ་ནི། འཇིག་རྟེན་པ་རྣམས་སྐལ་བ་དང་ལྡན་མི་ལྡན་གཟིགས་པའོ། །མཁྱེན་པ་ནི་འདུལ་བའི་དུས་ལ་བབ་མ་བབ་མཁྱེན་པའོ། །བླ་ན་མེད་པ་ནི་གཞན་ལས་མཆོག་ཏུ་གྱུར་པའོ། །སྐྱེས་བུ་འདུལ་བ་ནི། ཐབས་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱ་འདུལ་བའོ། །ཁ་ལོ་བསྒྱུར་བ་ནི། མྱ་ངན་ལས་འདས་པ་ལ་ཕྱོགས་པར་བྱེད་པའོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ནི། ལྷ་དང་མི་རྣམས་ལ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་སྟོན་པའི་ཕྱིར་རོ། །བཅོམ་ལྡན་འདས་ནི་བདུད་བཞི་བཅོམ་ཞིང་ལེགས་པ་དྲུག་དང་ལྡན་པའི་ཕྱིར་རོ། །ལེགས་པ་དྲུག་ནི། གཟུགས་དང༌། གྲགས་པ་དང༌། དབང་ཕྱུག་དང༌། དཔལ་དང༌། ཡེ་ཤེས་དང༌། བརྩོན་འགྲུས་སོ། །འདས་པ་ནི། འཇིག་རྟེན་གྱི་སྟོན་པ་རྣམས་ལས་ཡོན་ཏན་ཕུལ་དུ་བྱུང་བའི་ཕྱིར་དོན་ཉེ་བར་བཟུང་ནས་ལོ་ཙྪ་བས་བཀའ་བཅད་ཀྱིས་བསྣན་པའོ། །དེའི་འོག་ཏུ་སྔར་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར་དུ་མི་སློབ་ཅེས་བསྟན་པ་དེ་ཉིད་འདིར་བཟླས་ནས། མི་ལེན་མི་འདོར་བའི་ཚུལ་གྱིས་སློབ་པ་དང༌། ལུང་སྟོན་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡོངས་སུ་འཛིན་པ་མི་འགལ་བའི་ཚུལ་རྟོགས་ནས། ལྷ་རྣམས་ཀྱིས་ངོ་མཚར་བར་བསྟོད་པ་ནི། དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ལེན་མི་འདོར་བའི་ཚུལ་གྱིས་བྱང་སེམས་ཆེན་པོ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མཐུན་པར་འཛིན་པ་ནི་ངོ་མཚར་ཆེའོ་ཞེས་པའི་བར་གྱིས་བསྟན་ཏེ། མངོན་པར་རྟོགས་པའི་རྒྱན་ལས། བླང་མེད་དོར་བ་མེད་སོགས་དང༌། །ཞེས་པའི་དོན་ཀྱང་བཤད་དོ། །འདི་མན་ཆད་ནས་བཤད་པའི་ཤེར་ཕྱིན་འདིའི་ཕན་ཡོན་རྒྱས་པར་བསྟན་ཏེ། དེ་ལ་ཐོག་མར་གླགས་མི་རྙེད་པ་དང༌། དུས་མིན་གྱི་འཆི་བ་མེད་པ་དང༌། འཇིགས་པ་སོགས་མི་འབྱུང་བ་དང༌། ལྷ་རྣམས་ཀྱིས་བསྲུང་བ་སྟེ་ཕན་ཡོན་བཞིའོ། །དེ་ལ་དང་པོ་སྟོན་པ་ནི། དེ་ལ་ཐོག་མར་ཤེར་ཕྱིན་འདི་ཉན་ཅིང་སྒོམ་པ་ལ་བདུད་ཀྱི་བར་ཆད་མི་ནུས་པར་སྟོན་པ་ནི། ལྷའི་བུ་ལ་སོགས་པའི་འཁོར་རྣམས་འདུས་པར་མཁྱེན་ནས། དེ་དག་དཔང་པོར་བཙུགས་ཏེ་ཤེར་ཕྱིན་བསྟན་པ་སོགས་ལ་བར་ཆད་བྱ་མི་ནུས་པར་རྒྱས་པར་སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དང༌། དགེ་སློང་མ་དང་ཞེས་པ་ནས་ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་དེ་དག་ནི། བདུད་སྡིག་ཅན་དང༌། བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་འཛིན་པ་ཞེས་པ་ནི་ཚིག་དོན་མི་བརྗེད་པར་འཛིན་པའོ། །འཆང་བ་ནི་གླེགས་བམ་དུ་བྲིས་ཏེ་འཆང་བའོ། །ཀློག་པ་ནི་ཐོས་པའི་ཤེས་རབ་ཀྱིས་སོ། །ཀུན་ཆུབ་པར་བྱེད་པ་ནི་བསམ་པའི་ཤེས་རབ་ཀྱིས་སོ། །སྒོམ་པ་ནི་སྒོམ་པའི་ཤེས་རབ་ཀྱིས་སོ། །གཞན་ལ་རྒྱ་ཆེར་བསྟན་པ་ནི། འཕེལ་བར་བྱ་བའི་ཕྱིར་ཚིག་དོན་ཞིབ་ཏུ་འཆད་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་གནས་ཚུལ་དང་མཐུན་པར་ཡིད་ལ་བྱེད་པའོ། །རྣམ་མཁྱེན་གྱི་སེམས་དང་མ་བྲལ་བ་ནི། ཐེག་དམན་གྱི་སེམས་དང་མ་འདྲེས་པར་གཞན་དོན་དུ་དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །བདུད་ཀྱིས་གླགས་མི་རྙེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་སོགས་ཀྱིས་གསུངས་ཏེ། འདི་ལ་གཉིས་ཤེས་རབ་ཀྱི་སྟོབས་ཀྱིས་གླགས་མི་རྙེད་པ་དང༌། བསམ་པ་ཕུན་ཚོགས་ཀྱི་སྒོ་ནས་གླགས་མི་རྙེད་པའོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་པ་ནས་བྱིན་གྱིས་བརླབས་པར་འགྱུར་རམ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་གཟུགས་སྟོང་པ་ཉིད་དུ་བྱིན་གྱིས་བརླབས་པར་འགྱུར་ཞེས་པ་ནི། གཟུགས་སྟོང་པ་ཉིད་དུ་རྟོགས་པས། དེའི་ངོས་ནས་གཟུགས་ཀྱང་མི་དམིགས་པ་ཉིད་དུ་འགྱུར་རོ་ཞེས་པའི་དོན་ནོ། །གཟུགས་སྟོང་པ་ཉིད་དུ་རྟོགས་པས་གླགས་མི་རྙེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། གནས་མི་རྙེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་སྟོང་པ་ཉིད་དུ་ཁོང་དུ་ཆུད་པས་གནོད་བྱ་དང་གནོད་བྱེད་གཉིས་ཀ་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པའི་ཕྱིར་དང༌། སྟོང་པ་ཉིད་ཀྱིས་ཕན་ཚུན་གནོད་པ་བྱར་མེད་པའི་ཕྱིར་རོ། །ཡང་ན་གནོད་བྱ་དང་གནོད་བྱེད་ཀྱིས་བསྟན་པའི་ཕུང་པོ་ལྔ་སྟོང་པ་ཉིད་དུ་རྟོགས་པ་དེ་དག་མི་དམིགས་པའི་ཕྱིར། གཉིས་ཀ་སྟོང་པ་ཉིད་དུ་རྟོགས་ན་ཀླན་ཀ་མི་རྙེད་པ་དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ནང་འཕྲད་ལ་ཕན་ཚུན་གནོད་པར་བྱར་མེད་པའི་ཕྱིར་ཞེས་པ་སྟེ། དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །ཡང་སྟོང་པ་ཉིད་དུ་རྟོགས་པས་གླགས་མི་རྙེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་དེ་ནི་འདི་ལྟར་གང་གིས་གླགས་རྙེད་པར་འགྱུར་བ་དང༌། གནས་སྐབས་གང་དུ་གང་ཟག་གང་ལ་གླགས་རྙེད་པར་འགྱུར་བའི་ཕྱིར་རོ། །དེ་དག་གིས་ཤེས་རབ་ཀྱི་འཐད་པས་གླགས་མི་རྙེད་པར་བསྟན་ཟིན་ཏོ། །བསམ་པ་ཕུན་སུམ་ཚོགས་པའི་འཐད་པས་ཀླན་ཀ་མི་རྙེད་པར་བསྟན་པ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཅེས་བྱ་བ་ནི་ཆོས་ཅན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཤིན་ཏུ་བསྒོམས་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དུས་མ་ཡིན་པར་འཆི་བ་མེད་པའི་ཕན་ཡོན་བསྟན་པ་ནི། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་ནི་ཞེས་པ་ནི་ཆོས་ཅན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བསྙེན་བཀུར་བྱས་པའི་ཕྱིར་རོ་ཞེས་པའི་བར་རོ། །ཕན་ཡོན་དང་ལྡན་པས་ཉམས་སུ་ལེན་དགོས་པར་གདམས་པ་ནི། ཀཽ་ཤི་ཀ་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་ཡང་མ་བྲལ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཡང་གསུམ་པ་འཇིག་པ་སོགས་མི་འབྱུང་བའི་ཕན་ཡོན་བསྟན་པ་ནི། ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་ཞེས་པ་ནས། དེ་དག་ནི་ཞེས་པའི་བར་ནི་ཆོས་ཅན་ནོ། །ཁྱིམ་སྟོང་པ་ན་འདུག་ཀྱང་རུང་སྟེ་ཞེས་པ་ནས་དངངས་པར་མི་འགྱུར་རོ་ཞེས་པའི་བར་གྱིས་ནི་བསྒྲུབ་བྱའི་ཆོས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ནང་སྟོང་པ་ཉིད་ཀྱིས་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་སྒོམ་ཞེས་སོགས་ཀྱིས་ནི་གཏན་ཚིགས་བསྟན་ཏེ། སྟོང་པ་ཉིད་བཅོ་བརྒྱད་ཤིན་ཏུ་གོམས་པའི་ཕྱིར་ཞེས་པའི་དོན་ནོ། །འདི་དག་གི་དོན་རྒྱན་ལས། སྟོང་པ་ཉིད་དང༌། ཞེས་པས་གསུངས་སོ། །བཞི་པ་ལྷ་རྣམས་ཀྱིས་བསྲུང་བའི་ཕན་ཡོན་ནི། དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཞེས་པ་ནས། འདི་སྐད་ཅེས་གསོལ་ཏོ་ཞེས་པའི་བར་གྱིས་ནི་ལྷ་རྣམས་ཀྱིས་བསྲུང་བར་ཞུས་པའོ། །བཅོམ་ལྡན་འདས་བདག་ཅག་གིས་ཞེས་པ་ནས་བསྐྱང་བ་དང༌། བསྐྱབ་པར་བགྱིའོ་ཞེས་པའི་བར་གྱིས་ནི་བསྲུང་བར་དམ་བཅས་པ་བསྟན་ཏོ། །གཏན་ཚིགས་ནི། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་མཆིས་ན། སེམས་ཅན་དམྱལ་བ་རྣམས་ཀྱང་རྒྱུན་ཆད་པར་འགྱུར་ཞེས་པ་ནས། སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་འབྱུང་བར་འགྱུར་ཞེས་པའི་བར་གྱིས་གསུངས་སོ། །འཐད་པ་འདིའི་དོན་རྒྱན་ལས། སངས་རྒྱས་ཉིད་ནི་འཐོབ་པ་དང༌། །ཞེས་སོགས་གསུངས་སོ། །དོན་བསྡུ་བ་ནི། བཅོམ་ལྡན་འདས་རྣམ་གྲངས་དེས་ན་ཞེས་པ་ནས། བསྐྱང་བ་དང༌། བསྐྱབ་པར་བགྱིའོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་བསྲུང་བ་ནི་ལུས་ཀྱི་བདེ་བ་ཐམས་ཅད་བསྒྲུབ་པའོ། །སྐྱོབ་པ་ནི་ཕྱི་རོལ་གྱི་གནོད་པ་ལས་སོ། །ཡང་ན་ལུས་ཀྱི་གནོད་པ་མི་འབྱུང་བ་ནི་བསྲུང་བའོ། །སྐྱོང་བ་ནི་བདེ་བ་བསྒྲུབ་པའོ། །བསྐྱབ་པས་ནི་ནང་གི་གནོད་པ་ལས་སོ། །དེའི་འོག་ཏུ་དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ནི། ལྷ་རྣམས་ཀྱིས་བསྲུང་བར་དམ་བཅས་པ་སྟེ། རྗེས་སུ་ཡི་རང་བར་དམ་བཅས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན་ཞེས་པ་ནས། སངས་རྒྱས་ཆོས་དགེ་འདུན་དཀོན་མཆོག་འབྱུང་བར་འགྱུར་རོ་ཞེས་པའི་བར་ནི། འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་སོགས་ཀྱི་ལྷ་རྣམས་ཀྱི་སྨྲས་པ་དེ་ཉིད་བཟླས་ཏེ་བསྟན་པའོ། །དེ་བས་ན་ཞེས་པ་ནས། གོང་དུ་བསྐྱབ་པར་བྱ་ཞེས་པའི་བར་གྱིས་ནི། ཇི་སྐད་བཤད་པའི་ཡོན་ཏན་དང་ལྡན་པས་བསྲུང་བ་སོགས་བྱེད་པ་ལ་གདམས་པ་མཛད་པའོ། །ཡང་ཤེར་ཕྱིན་ལ་མཆོད་པའི་བྱང་སེམས་ལ་རིམ་འགྲོ་བྱ་བ་སོགས་སུ་སེམས་བསྐྱེད་པར་གདམས་པ་ནི། ཀཽ་ཤི་ཀ་གང་ཞེས་པ་ནས། མཆོད་པར་བྱ་བར་སེམས་སོ་ཞེས་པའི་བར་བསྟན་ཏོ། །ཡང་ཤེར་ཕྱིན་ལ་སྤྱོད་པའི་བྱང་སེམས་ལ། རིམ་འགྲོ་སོགས་བྱེད་པར་རིགས་སོ་ཞེས་བསྟན་པ་ནི། ལྷ་དང་མི་དང་ལྷ་མ་ཡིན་དང་ཞེས་པ་ནས། བསྐྱབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་ལ་མཆོད་པ་སོགས་བྱས་པ་ལ། བསོད་ནམས་མང་དུ་འཕེལ་བ་དཔེའི་སྒོ་ནས་བསྟན་པ་ནི། ཀཽ་ཤི་ཀ་ཞེས་པ་ནས། བསོད་ནམས་མང་དུ་འཕེལ་ལོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་རིམ་གྲོ་བྱ་བ་ནི་བཟའ་བ་སོགས་པའི་སྒོ་ནས་མཆོད་པའོ། །བཀུར་སྟེ་བྱ་བ་ནི་གཞན་ལས་མཆོག་ཏུ་བྱ་བའོ། །ཕུ་དུད་དུ་བྱ་བ་ནི་ཕྱག་བྱ་བ་ལ་སོགས་པའོ། །མཆོད་པར་བྱ་བ་ནི་མེ་ཏོག་ལ་སོགས་པའོ། །བསོད་ནམས་འཕེལ་བའི་འཐད་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། ཀཽ་ཤི་ཀ་ཞེས་པ་ནས། བསྐྱབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །མཐའ་ཡས་ལུང་བསྟན་གྱི་ལེའུ་སྟེ་བཅུ་བདུན་པའོ།།  ༈ བཅོ་བརྒྱད་པ་ཡོན་ཏན་ཡོངས་སུ་བཟུང་བའི་ལེའུ་བཤད་པ། ཡོན་ཏན་ཡོངས་སུ་བཟུང་བའི་ལེའུ་འདི་ནས། མཐོང་ལམ་གྱི་ཡོན་ཏན་ལྷག་མ་བདུན་དང༌། སྒོམ་ལམ་གྱི་བྱེད་པ་གཉིས་བསྟན་ཏོ། །མཐོང་ལམ་གྱི་ཡོན་ཏན་བདུན་ནི། རྣམ་པར་བྱང་བ་ཀུན་སྡུད་པ་དང༌། ཉམས་ང་སེལ་བ་དང༌། ནད་ཀུན་སེལ་བ་དང༌། མྱང་འདས་སོགས་ལ་འཛིན་པ་ཞི་བ་དང༌། སངས་རྒྱས་རྣམས་ཀྱིས་བསྲུང་བ་དང༌། སྲོག་མི་གཅོད་པ་སོགས་དང༌། སྦྱིན་སོགས་བྱང་ཆུབ་ཏུ་བསྔོ་བའི་ཡོན་ཏན་ནོ། །དང་པོ་ལ་ཞར་ལས་བྱུང་བ་དང༌། དངོས་ཀྱི་དོན་ནོ། །དང་པོ་ནི། ཚེ་འདིར་ཐོབ་པའི་ཕན་ཡོན་དང༌། འདི་ཕྱི་གཉིས་ཀར་ཐོབ་པའི་ཕན་ཡོན་དང༌། རིགས་ཕུན་སུམ་ཚོགས་པ་སོགས་བཅུ་དང༌། སྤྲུལ་པས་གཞན་ལ་ཆོས་སྟོན་པའོ། །དང་པོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་དང་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དགེ་བའི་རྩ་བ་གང་གིས་ཞེས་པ་ནས། སངས་རྒྱས་པར་མ་གྱུར་གྱི་བར་དུ། དྲན་པ་མི་ཉམས་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། རིགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་ཞེས་པ་ནས། གཟུགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། ཐབས་མཁས་པ་དག་ཀྱང་སངས་རྒྱས་ཀྱི་སྐུས་མངོན་པར་སྤྲུལ་ནས་ཞེས་པ་ནས། ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང༌། སེམས་ཅན་རྣམས་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་གསུམ་ལ་འདུ་བ་ནི་ངོ་མཚར་ཆེའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དངོས་ཀྱི་དོན་ནི། ཤེར་ཕྱིན་གྱིས་རྣམ་པར་བྱང་བའི་ཡོན་ཏན་ཐམས་ཅད་སྡུད་པ་སྔོན་དུ་བཏང་སྟེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ནས་ཞེས་སོགས་ཀྱིས་བསྟན་ཏེ། ཤེར་ཕྱིན་གྱིས་རྣམ་བྱང་གི་རིགས་ཐམས་ཅད་བསྡུས་པས། ཤེར་ཕྱིན་ཡོངས་སུ་བཟུང་བས་དཀར་པོའི་ཆོས་ཐམས་ཅད་ཡོངས་སུ་བཟུང་ཞེས་པའི་དོན་ནོ། །ཚིག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ཉམས་ང་སེལ་བའི་ཡོན་ཏན་ལ་གཉིས་ཏེ། དང་པོ་ནི། ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་དང༌། ཡོངས་སུ་བཟུང་བ་དང་ཞེས་པ་ནས། བརྒལ་བར་དཀའ་བ་དེ་དག་གི་བསམ་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ་ཞེས་པའི་བར་གྱིས་ནི་དམ་བཅའ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་སོགས་ནས། ཚེ་རབས་གཞན་ལ་འབྱུང་བའི་ཡོན་ཏན་དང་ལེགས་པ་དག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། ཀཽ་ཤི་ཀ་གཞན་ཡང་སའི་ཕྱོགས་གང་ན་ཞེས་པ་ནས། སྡུག་བསྔལ་མཐར་ཕྱིན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནད་ཀུན་སེལ་བའི་ཡོན་ཏན་ནི། ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། རྩི་མ་གི་ཞེས་བྱ་བ་དུག་ཐམས་ཅད་ཞི་བར་བྱེད་པ་ཡོད་དེ་ཞེས་པ་ནས། དེ་ཉིད་དུ་མེད་པར་འགྱུར་ཏེ། རྣམ་པར་འཕེལ་བར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །རྩི་མ་གི་ཏའི་དཔེས། མི་མཐུན་ཕྱོགས་ཞི་བར་བསྟན་པ་ཡིན་ནོ། །དེ་དག་གི་འཐད་པ་བསྟན་པ་ནི། བཞི་པ་མྱ་ངན་ལས་འདས་པ་འཛིན་པ་སོགས་ཞི་བའི་ཡོན་ཏན་ཏེ། དེ་ཡང་དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་སྟེ་ཞེས་པ་ནས། ཀཽ་ཤི་ཀ་ཡུམ་འདི་ནི་སྡིག་ཏོ་མི་དགེ་བའི་ཆོས་དེ་དག་ཞི་བར་བྱེད་པ་ཡིན་ཏེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ་ཞེས་པའི་བར་གྱིས་གསུངས་སོ། །ལྔ་པ་སངས་རྒྱས་ཀྱིས་བསྲུང་བ་ལ་སོགས་པའི་ཕན་ཡོན་ལ་གཉིས་ཏེ། དངོས་ཀྱི་དོན་ནི། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་པོ་ཆེན་པོ་བཞི་དང་ཞེས་པ་ནས། བསྲུང་བ་དང༌། བསྐྱབ་པ་དང་བསྐྱང་བ་མཛད་དེ་ཞེས་པའི་བར་གྱིས་གསུངས་སོ། །ཞར་ལ་དགེ་བའི་ཆོས་རྣམས་ཡོངས་སུ་འཕེལ་བའི་ཕན་ཡོན་བསྟན་པ་ནི། དེ་ནི་མི་དགེ་བའི་ཆོས་རྣམས་ཡོངས་སུ་སྤངས་ཤིང༌། དགེ་བའི་ཆོས་རྣམས་རྣམ་པར་འཕེལ་བར་འགྱུར་ཏེ་ཞེས་པ་ནས། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མི་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །དྲུག་པ་སྲོག་མི་གཅོད་པ་མ་ལ་སོགས་པའི་ཕན་ཡོན་ནི། དེ་ཚིག་བླང་བར་འོས་པ་དང་ལྡན་པར་འགྱུར་རོ། །ཚིག་རན་པ་དང་འོས་པར་འགྱུར་རོ་ཞེས་པ་ནས། གཞན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཡང༌། དེ་དག་གིས་ལེགས་པར་བརྗོད་པ་དང༌། རྗེས་སུ་དགའ་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་ཏེ། རང་རྣམ་པར་བྱང་བའི་ཆོས་ལ་གནས་པ་དང༌། གཞན་བསྐུལ་བ་དང༌། ལེགས་པར་བརྗོད་པ་དང༌། རྗེས་སུ་དགའ་བ་སྟེ་བཞི་བཞིས་བསྟན་ཏོ། །བདུན་པ་དགེ་བ་བྱང་ཆུབ་ཏུ་བསྔོ་བའི་ཡོན་ཏན་བསྟན་པ་ལ། བསྔོ་བ་དངོས་དང༌། ཕྱིན་དྲུག་རྫོགས་པར་མ་བྱས་པའི་ཉེས་དམིགས་ཁོང་དུ་ཆུད་ཅིང་སྐྱེ་བ་དྲན་པ་སོགས་ཀྱི་ཡོན་ཏན་ནི། དང་པོ་ནི། དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་ཡང༌། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་ཞེས་པ་ནས། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། དྲན་པ་སྐྱེ་བར་འགྱུར་ཏེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་མི་འགྱུར་རོ་ཞེས་བྱ་བར་དྲན་པ་སྐྱེ་བར་འགྱུར་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །མཐོང་ལམ་གྱི་ཕན་ཡོན་རྒྱས་པར་བསྟན་པའི་མཇུག་བསྡུ་བ་ནི། ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུའམ་རིགས་ཡི་བུ་མོ་ཞེས་པ་ནས་ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ་ཞེས་པའི་བར་གྱིས་བཤད་དོ། །མཐོང་ལམ་ཕན་ཡོན་དང་བཅས་པ་བསྟན་ཟིན་ཏོ། །སྒོམ་ལམ་གྱི་བྱེད་པ་ལ་དྲུག་ལས། དང་པོ་ཀུན་ནས་ཞི་བ་དང༌། ཐམས་ཅད་ལ་འདུད་པའི་བྱེད་པ་གཉིས་སྟོན་པ་ནི། བརྒྱ་བྱིན་གྱིས་ཤེར་ཕྱིན་ལ་སྤྱོད་པ་ལ། འདི་དང་གཞན་གྱི་ཡོན་ཏན་འབྱུང་བར་རྟོགས་ནས། ཡོན་ཏན་དེ་ལྟ་བུ་དང་ལྡན་ཡང་ང་རྒྱལ་སྐྱེ་བར་མི་འགྱུར་བའི་དོན་འཆད་དུ་གཞུག་པའི་གླེང་བསླང་བའི་དོན་དུ། བཅོམ་ལྡན་འདས་ཀྱིས་ཀཽ་ཤི་ཀ་ལ་དྲི་བ་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ཇི་ལྟར་ན་ཞེས་པ་ནས། ང་རྒྱལ་མེད་པའི་དོན་དུ་ཉེ་བར་གནས་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །བརྒྱ་བྱིན་གྱིས་ལན་གསོལ་པ་ལ་གཉིས་ཏེ། རྒྱུ་དེས་ཐབས་ལ་མི་མཁས་པ་དག་ལ་ང་རྒྱལ་སྐྱེ་བར་བསྟན་པ་དང༌། ཐབས་ལ་མཁས་པ་ལ་ང་རྒྱལ་མི་འབྱུང་བར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལྟར་འཇིག་རྟེན་པའི་ཆོས་རྣམས་ལ་སྤྱོད་པའི་ཚེ། བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས། ང་རྒྱལ་དུ་འགྱུར་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཐབས་ལ་མཁས་པ་ལ་ང་རྒྱལ་མི་སྐྱེ་བར་བསྟན་པ་ནི། དེ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འདུལ་བ་དང༌། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ་ཞེས་པས་མདོར་བསྟན་ཏེ། དེ་ལ་འདུལ་བ་དང་ང་རྒྱལ་མ་མཆིས་ཞེས་པའི་ཚིག་གཉིས་ཀྱིས་ནི། ཀུན་ནས་ཞི་བ་དང༌། འདས་པའི་བྱེད་པ་གཉིས་ལྷན་ཅིག་ཏུ་བསྟན་པ་ཡིན་ནོ། །རྒྱས་པར་བཤད་པ་ནི་བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། བཅོམ་ལྡན་འདས་དེ་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་སེམས་ཆེན་པོས་ཡོངས་སུ་འདུལ་བ་དང༌། ང་རྒྱལ་མ་མཆིས་པའི་གནས་སུ་ཉེ་བར་གནས་སོ་ཞེས་པའི་བར་དུ་གསུངས་སོ། །ཡོན་ཏན་ཡོངས་སུ་བཟུང་བའི་ལེའུ་སྟེ་བཅོ་བརྒྱད་པའོ།།  ༈ བཅུ་དགུ་པ་མཆོད་རྟེན་ལ་བསྙེན་བཀུར་བྱས་པའི་ལེའུ་བཤད་པ། མཆོད་རྟེན་ལ་བསྙེན་བཀུར་བྱས་པའི་ལེའུ་འདི་ནས། སྒོམ་ལམ་གྱི་བྱེད་པ་ལྷག་མ་དང༌། རང་དོན་མོས་པ་དགུ་སྟོན་ནོ། །དང་པོ་ཉོན་མོངས་པ་ལས་རྒྱལ་བར་བྱེད་པ་ལ། ཞར་ལས་བྱུང་བའི་དོན་དང༌། དངོས་ཀྱི་དོན་ནོ། །དང་པོ་ནི་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞེས་པ་ནས། མཚོན་གྱིས་བཏབ་ན་ལུས་ལ་ཕོག་ཅིང་འཇུག་པར་མི་འགྱུར་རོ་ཞེས་པའི་བར་རོ། །དངོས་ཀྱི་དོན་ནི། དེ་དག་གི་འཐད་པས་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་པ་ནས་བག་ལ་ཉལ་བའི་མཚོན་དང༌། མདའ་ཡང་བཅོམ་པའི་ཕྱིར་ཏེ་ཞེས་པས་བསྟན་ཏོ། །དོན་བསྡུ་བ་ནི་ཀཽ་ཤི་ཀ་རྣམ་གྲངས་དེས་ན་ཞེས་པ་ནས། ཟུག་པར་མི་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏོ། །གནོད་པས་མི་བརྫི་བའི་ཕན་ཡོན་བསྟན་པ་ནི། ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་པ་ནས། དུག་བླུད་དམ་ཆུར་བོར་ཡང་རུང་སྟེ། དེ་དག་ཐམས་ཅད་ཀྱིས་དེ་ལ་གནོད་པར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་འཐད་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། རིགས་སྔགས་ཆེན་མོའི་ཞེས་སོགས་ཀྱིས་བསྟན་ཏོ། །ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེར་ཕྱིན་ཟབ་མོ་འཛིན་ཅིང་འཆང་བ་དང༌། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང༌། ཁ་ཏོན་དུ་བྱེད་ཅིང་སེམས་ཤིང་ཡིད་ལ་བྱེད་པ་གཅིག་འཐབ་པའི་ནང་ན་འདུག་ལ། གཡུལ་ངོར་ཆས་པའི་ཚེ། ཞེས་པ་ནས་མཚོན་གྱིས་བཏབ་ན་ལུས་ཕོག་ཅིང་འཇུག་པར་མི་འགྱུར་ཞེས་བཤད་པ་དང༌། ཡང་འོག་ནས་ཀཽ་ཤི་ཀ་གཞན་ཡང་ཞེས་པ་ནས། ཆུར་བོར་ཡང་རུང་སྟེ། དེ་དག་ཐམས་ཅད་ཀྱིས་དེ་ལ་གནོད་པར་མི་འགྱུར་རོ་ཞེས་པའི་བར་གྱིས་གསུངས་ཏེ། སྔ་ཕྱིའི་བཤད་པ་གཉིས་ཀྱིས་གནོད་པས་བརྫི་བ་མེད་པའི་བྱེད་པ་བསྟན་ལ། སྔ་མའི་འཐད་པའི་སྐབས་སུ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཡུན་རིང་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ་ཞེས་པ་ནས་བག་ལ་ཉལ་བའི་མཚོན་དང་མདའ་ཡང་བཅོམ་པའི་ཕྱིར་ཏེ་ཞེས་པའི་བར་དུ་གསུངས་པའི་འཐད་པ་དང༌། ཕྱི་མའི་འཐད་པའི་སྐབས་སུ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཞེས་པ་ནས། རིགས་སྔགས་གོང་ན་མེད་པ་སྟེ་ཞེས་པའི་བར་གྱི་འཐད་པ་སྟེ། སྔ་ཕྱིའི་འཐད་པ་གཉིས་ཀྱིས་ནི། ཉོན་མོངས་པ་ལས་རྒྱལ་བའི་བྱེད་པ་བསྟན་ཏོ། །མངོན་པར་རྟོགས་པའི་རྒྱན་ལས། ཉོན་མོངས་པ་ལས་རྒྱལ་བའི་བྱེད་པ་སྔོན་དུ་བསྟན་པ་ཡིན་ནོ། །དེ་ནི་ཚིགས་སུ་བཅད་པ་སྦྱར་བདེ་བའི་དོན་དུའོ། །རིགས་སྔགས་ཞེས་པ་ནི་ཉོན་མོངས་པ་འདུལ་བར་བྱེད་པ་ཡིན་ནོ། །ཆེན་མོ་ནི་གཞན་ལས་ཁྱད་པར་དུ་འཕགས་པའོ། །བླ་ན་མེད་པ་དང༌། གོང་ན་མེད་པ་ནི། འདི་ལས་ལྷག་པ་གཞན་མེད་པའི་ཕྱིར་རོ། །རིགས་སྔགས་འདི་ལ་བསླབ་པའི་ཡོན་ཏན་གོང་དུ་བསྟན་པའི་འཐད་པ་དེ་ཉིད་ཀྱིས། གནོད་པ་མི་འབྱུང་བར་བསྟན་པ་ནི། རིགས་སྔགས་འདི་ལ་ཞེས་པ་ནས་གནོད་པར་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །རིགས་སྔགས་འདི་ལ་བསླབ་པས་གནོད་པ་མི་འབྱུང་བའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་སོགས་ཀྱིས་གསུངས་སོ། །འཐད་པ་ཡང་གཉིས་ཏེ། གང་ཟག་གི་བདག་མེད་རྟོགས་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའོ། །དང་པོ་ནི། འདི་ལྟར་ཞེས་པ་ནས་མཐོང་བ་པོ་མི་དམིགས་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ནི། གཟུགས་མི་དམིགས་ཞེས་པ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་ཞེས་པའི་བར་གྱིས་གསུངས་སོ། །རྟགས་དང་བསྒྲུབ་བྱའི་ཆོས་སྦྱར་ནས་དོན་བསྡུ་བ་ནི། དེ་ལྟར་མི་དམིགས་པས་ན་ཞེས་པ་ནས། གནོད་པར་མི་བྱེད་དེ་ཞེས་པའི་བར་གྱིས་གསུངས་སོ། །བྱང་ཆུབ་ཐོབ་པའི་བྱེད་པ་ནི། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་ཞེས་པ་ནས། རྣམ་པར་བལྟ་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ཞེས་པ་ནི་ཡུམ་འཛིན་ཅིང་འཆང་བ་སོགས་ཞེས་སྦྱར་རོ། །དེ་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། འདས་པའི་དེ་བཞིན་གཤེགས་པ་ཞེས་པ་ནས། མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པའི་བར་གྱིས་བསྟན་ཏེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་འདི་ལ་བསླབ་པས་སངས་རྒྱས་ཤིང་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ་ཞེས་པའི་དོན་ནོ། །བྱང་ཆུབ་ཐོབ་པའི་བྱེད་པ་བསྟན་ཟིན་ཏོ། །མི་མ་ཡིན་གྱིས་གླགས་མི་རྙེད་པའི་ཕན་ཡོན་བསྟན་པ་ནི། ཀཽ་ཤི་ཀ་གཞན་ཡང་ཞེས་པ་ནས། གླགས་རྙེད་པར་མི་འགྱུར་རོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། འཐད་པའི་ཕྱིར་ཞེས་པའི་བར་གྱིས་བསྟན་ཏོ། །ལྷ་རྣམས་ཀྱིས་བསྲུང་བའི་བྱེད་པ་བསྟན་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་པ་ནས། བསྐྱབ་པ་དང༌། བསྐྱང་བར་བྱེད་དེ་ཞེས་པའི་བར་དང༌། ལྷའི་བུ་དེ་དག་འོངས་ནས་ཀྱང་ཞེས་པ་ནས། ལྡང་བར་འགྱུར་ཏེ་ཞེས་པའི་བར་གྱིས་བསྟན་ཏེ་བྱེད་པ་འདི་གཉིས་ཀྱང༌། གནོད་པས་རྫི་བ་མེད་པའི་ནང་དུ་བསྡུའོ། །ཀཽ་ཤི་ཀ་ཞེས་པ་ནས་དེ་དག་ཡོད་པར་འགྱུར་ཞེས་པའི་བར་འཕྲེང་གཅིག་གིས་ནི་དོན་བསྡུ་བ་བསྟན་ཟིན་ཏོ། །རྟེན་གྱི་བྱེད་པ་བསྟན་པ་ནི། ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། བྱང་ཆུབ་ཀྱི་སྙིང་པོའི་འམ་ཞེས་པ་ནས། བཀུར་སྟི་བྱ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་ལ་ཡང་གཉིས་ཏེ། ས་ཕྱོགས་དེ་ལ་བཞུགས་ནས་སངས་རྒྱས་པའི་ཕྱིར་ཞེས་པའི་འཐད་པ་དང༌། ས་ཕྱོགས་དེ་ལ་བཞུགས་ནས་གདུལ་བྱ་མངོན་མཐོ་དང་ཞེས་པ་ནས་ཕྲིན་ལས་མཛད་པའི་ཕྱིར་ཞེས་པའི་བར་གྱིས། ས་ཕྱོགས་མཆོད་པའི་རྟེན་ཉིད་དུ་འོས་པར་བསྟན་པའོ། །དེ་ལ་བྱང་ཆུབ་ཀྱི་སྙིང་པོའམ་ཞེས་པ་ནི། མངོན་པར་རྫོགས་པར་སངས་རྒྱས་པའི་ས་ཕྱོགས་སམ་ཞེས་པའོ། །འཁོར་རམ་ཞེས་པ་ནི་དེའི་ཉེ་འཁོར་རམ་ཞེས་པའོ། །སྙིང་པོ་བྱང་ཆུབ་ཀྱི་ནང་ན་ཞེས་པ་ནི། ས་ཕྱོགས་དེའི་ནང་ན་ཞེས་པའོ། །ས་ཕྱོགས་དེ་ལ་གཞན་གྱིས་མཆོད་པར་བསྟན་པ་ནི། མེ་ཏོག་དང་ཞེས་པ་ནས། བཀུར་སྟི་བྱ་བར་འགྱུར་ཏོ། །ཞེས་པའི་བར་རོ། །གཏན་ཚིགས་ནི། ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མཆོད་རྟེན་དུ་བྱས་པས་ཞེས་པའི་བར་གྱིས་བསྟན་ཏོ། །སྒོམ་ལམ་གྱི་བྱེད་པ་བསྟན་ཟིན་ཏོ། །སྒོམ་ལམ་མོས་པ་ནི། རྒྱན་ལས། མོས་པ་རང་གི་དོན་དང་ནི། །ཞེས་པ་ནས། རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་པའི་བར་གྱི་ཚིགས་སུ་བཅད་པ་གཉིས་ལས། སྦས་དོན་གྱི་ཚུལ་དུ་སྟོན་པའི་མདོ་ནི། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་ཞེས་སོགས་ཀྱི་མདོ་དེས། རང་དོན་མོས་པ་ཆུང་ངུའི་ཆུང་ངུ་སྟོན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཏེ། ཞེས་སོགས་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་པ་དང༌། ཡུམ་ལ་མཆོད་པ་བསོད་ནམས་གང་ཆེ། ཞེས་དྲིས་པའི་ལན་གྱིས་ཡུམ་ལ་མཆོད་པ་བསོད་ནམས་ཆེ་བ་དང་དེའི་འཐད་པ་དང་བཅས་པ་བསྟན་པར་མཛད་དོ། །དེ་ལ་དང་པོ་དྲི་བ་ནི། བརྒྱ་བྱིན་གྱིས་གསོལ་པ་ཞེས་པ་ནས། དེ་གཉིས་ལས་གང་གིས་བསོད་ནམས་ཀྱི་ཕུང་པོ་མང་དུ་འཕེལ་བ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ཤེར་ཕྱིན་ལ་མཆོད་པ་བསོད་ནམས་ཆེ་བའི་འཐད་པ་བརྒྱ་བྱིན་གྱིས་འཆད་དུ་གཞུག་པའི་དོན་དུ། བརྒྱ་བྱིན་རང་ཉིད་ལ་སླར་དྲིས་པ་ནི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ་ཞེས་པ་ནས། ལུང་སྟོན་ཅིག་ཅེས་པའི་བར་དང༌། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་ཞེས་པ་ནས། སྐུ་འདི་ལྟ་བུ་མངོན་པར་གྲུབ་པར་འགྱུར་ཞེས་པའི་བར་གྱིས་དྲིས་སོ། །ལན་ནི། བརྒྱ་བྱིན་གྱིས་གསོལ་པ་ཞེས་པ་ནས། སྐུ་འདི་ལྟ་བུ་ཡང་མངོན་པར་གྲུབ་བོ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ་བརྒྱ་བྱིན་གྱི་ཚིག་ལ་རྗེས་སུ་ཡི་རང་བར་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། དེ་དེ་བཞིན་ཏེ། ཞེས་པའི་བར་དང༌། དེ་ནས་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། སྐུ་འདི་འདྲ་བ་ཡང་མངོན་པར་གྲུབ་བོ་ཞེས་པའི་བར་དུ་གསུངས་པ་དང༌། འཐད་པ་གཞན་ཡང་གསུངས་པ་ནི། ཀཽ་ཤི་ཀ་ངའི་སྐུ་འདི་ལྟ་བུ་བརྙེས་པས་ནི། དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་ཡང་མི་འགྲོ་སྟེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་མཆོད་པ་བྱས་པར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །དོན་ནི་སྐུ་གདུང་གི་མཆོད་རྟེན་ལ་མཆོད་པ་བྱས་པས་ནི། རྣམ་མཁྱེན་ལ་མཆོད་པ་བྱས་པར་མི་འགྱུར་ལ། ཤེར་ཕྱིན་ལ་མཆོད་པ་བྱས་པས་རྣམ་མཁྱེན་ལ་མཆོད་པ་བྱས་པར་འགྱུར་ཏེ། ཤེར་ཕྱིན་ནི་རྣམ་མཁྱེན་གྱི་གཞི་ཡིན་པའི་ཕྱིར་རོ། །འཐད་པ་དེ་ཉིད་ཀྱི་སྒོ་ནས་ཡུམ་ལ་ཐོས་བསམ་གྱིས་འཇུག་པ་དང༌། མཆོད་པ་བྱ་བར་འོས་པར་གདམས་པ་ནི། ཀཽ་ཤི་དེ་བས་ན་ཞེས་པ་ནས། མཆོད་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་ནི་སྐུ་གདུང་གི་མཆོད་རྟེན་ལས། ཤེར་ཕྱིན་ལ་མཆོད་པ་བསོད་ནམས་མང་བར་བསྟན་པ་དང་པོའོ། །བསོད་ནམས་མང་བར་བསྟན་པ་གཉིས་པ་ནི། ཀཽ་ཤི་ཀ་གང་ལ་ལས་དེ་བཞིན་གཤེགས་པ་ཞེས་པ་ནས། བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་ནི་ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་འདི་ལས་བྱུང་ངོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་བྱུང་ངོ༌། །ཞེས་པའི་བར་དུ་གསུངས་སོ། །རང་དོན་མོས་པ་ཆུང་ངུའི་ཆུང་ངུ་བསྟན་ཟིན་ཏོ། །ཆུང་ངུའི་འབྲིང་པོ་བསྟན་པ་ནི། ཤེར་ཕྱིན་ལ་མོས་པ་དང་མཆོད་པ་ཤིན་ཏུ་རྙེད་པར་དཀའ་བས་བསྟན་ཏེ། དེ་ལ་བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་མི་ཞེས་པ་ནས། མཐུ་ཆེ་བར་མ་འཚལ་དམ་ཞེས་པའི་བར་ནི་དྲི་བ་སྟེ། འཛམ་བུའི་གླིང་ན། ཤེར་ཕྱིན་ལ་མཆོད་པ་སོགས་བྱེད་པ་ལས། མི་བྱེད་པ་དག་གྲངས་དང་མཐུ་ཆེ་བ་མ་ལགས་སམ། ཞེས་དྲིས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་བ་སྤྱོད་པ་ཉུང་བ་དང༌། དེ་བས་རྣམ་བྱང་གི་ཆོས་ལ་སྤྱོད་པ་ཉུང་བ་དང༌། དེ་ལས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཤིན་ཏུ་ཉུང་བར་བརྒྱ་བྱིན་འཆད་དུ་གཞུག་པའི་དོན་དུ། ཀཽ་ཤི་ཀ་ལ་དྲི་བ་མཛད་པ་དང༌། དགེ་བ་སྤྱོད་པ་སྔ་མ་སྔ་མ་ལས། ཕྱི་མ་ཕྱི་མ་ཉུང་བར་བསྟན་པའི་ཚུལ་གྱིས་གསུངས་ཏེ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་གླིང་གི་མི་དེ་དག་ལས། གང་སངས་རྒྱས་ལ་མོས་པ་མི་ཕྱེད་པ་དང་ལྡན་པ་དང་ཞེས་པ་ནས། དེ་བས་ཀྱང་འཛམ་གླིང་གི་མི་ལས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི། ཆེས་ཉུང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །བརྒྱ་བྱིན་གྱིས་སྨྲས་པའི་དོན་ལ་འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། བརྒྱ་བྱིན་གྱི་ཚིག་ལ་རྗེས་སུ་ཡི་རང་བར་མཛད་ནས། བརྒྱ་བྱིན་གྱིས་ཞུས་པ་དང་རྗེས་སུ་མཐུན་པར་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ་ཞེས་པ་ནས་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་ཞེས་པའི་བར་དུ་གསུངས་པ་དང༌། བརྒྱ་བྱིན་གྱིས་ཞུས་པ་ལས་ཀྱང་གཞན་སྟོན་པ་ནི། དེ་བས་ཀྱང་བྱང་ཆུབ་ཏུ་སྤྱོད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་ཞེས་པའི་བར་གྱིས་གསུངས་སོ། །དེའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོས་མ་སྒོམ་པའི་ཕྱིར་རོ་ཞེས་པའི་བར་གྱིས་གསུངས་སོ། །གཏན་ཚིགས་དེ་ཉིད་དང་སྔར་གསུངས་པའི་དམ་བཅའ་དེ་ཉིད་སྦྱར་ནས་སྟོན་པ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ན་ཞེས་པ་ནས། བྱང་ཆུབ་ཏུ་སྤྱོད་པ་ནི་ཆེས་ཉུང་བར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དཀོན་མཆོག་གསུམ་ལ་མོས་པ་དང༌། མངོན་མཐོ་དང་ངེས་ལེགས་ཀྱི་ཆོས་ལ་སྤྱོད་པ་ཉུང་བ་དང༌། དེ་བས་བླ་མེད་བྱང་ཆུབ་ལ་ཞུགས་པ་ཉུང་བར་འཛམ་བུའི་གླིང་གི་མི་ལ་སྦྱར་ནས་བཤད་པ་བསྟན་ཟིན་ནས། འཛམ་བུ་གླིང་གི་སྲོག་ཆགས་སྤྱི་ལ་སྦྱར་ནས། སྔར་ཇི་ལྟར་གསུངས་པ་ལྟར་རྗེས་སུམ་ཐུན་པར་བརྗོད་པ་ནི། ཀཽ་ཤི་ཀ་མི་རྣམས་ལྟ་ཞོག་གི། དེ་ཇི་སྙམ་དུ་སེམས། འཛམ་བུ་གླིང་གི་སྲོག་ཆགས་རྣམས་ལས་ཞེས་པ་ནས། དེ་བས་གང་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་ཞེས་པའི་བར་གྱིས་གསུངས་སོ། །བླ་མེད་བྱང་ཆུབ་ཀྱི་སྤྱོད་པ་ལ་ཞུགས་པ་དེ་དག་ལས་ཀྱང་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ཆེས་ཉུང་བར་སྟོན་པ་ལ། ཐོག་མར་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ལ་སྦྱར་བ་ནི། ཀཽ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཞེས་པ་ནས། རང་སངས་རྒྱས་ཀྱི་ས་ལ་གནས་པར་མཐོང་ངོ་ཞེས་པའི་བར་གྱིས་བསྟན་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཚད་མེད་པ་བྱང་ཆུབ་ཏུ་སྤྱོད་པ་དེ་དག་ལས་ཀྱང་ཕལ་ཆེར་ཐེག་དམན་གྱི་ས་ལ་གནས་པ་ཡིན་གྱི། ཕྱིར་མི་ལྡོག་པའི་ས་ལ་གནས་པ་ནི་ཉུང་ངོ་ཞེས་པའི་དོན་ནོ། །ཉན་པ་དཀོན་པར་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སྒྲུབ་པར་དཀའ་འོ་ཞེས་པའི་བར་གྱིས་གསུངས་སོ། །དེ་བཞིན་དུ་ཕྱོགས་ལྷག་མ་རྣམས་ལ་ཡང་སྦྱར་རོ། །དེ་བས་ན་ཤེར་ཕྱིན་ཉན་པ་དང་འཆད་པ་སོགས་ལ་འབད་དགོས་པར་གདམས་པ་ནི། ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ་ཞེས་པ་ནས་མཆོད་པར་བྱའོ་ཞེས་པའི་བར་དུ་གསུངས་སོ། །ཤེར་ཕྱིན་ལ་ཉན་པ་དང་མཆོད་པར་འོས་པའི་འཐད་པ་གཞན་ཡང་བསྟན་པ་ནི། དགེ་བའི་ཆོས་གང་ཇི་སྙེད་པ་གཞན་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་འདུས་ཏེ་ཞེས་པའོ། །འོ་ན་ཤེར་ཕྱིན་འབའ་ཞིག་ལ་སློབ་པར་བྱ་བ་ཡིན་གྱི། སྦྱིན་སོགས་ཀྱི་ཆོས་ལ་སློབ་པར་བྱ་བ་མ་ཡིན་ནོ་སྙམ་ན། སྦྱིན་སོགས་དེ་དག་ཀྱང་གཟུང་བར་བྱ་ཞེས་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱ་སྟེ་ཞེས་པའི་བར་གྱིས་བསླབ་དགོས་པར་བསྟན་ཏོ། །གདུལ་བྱ་སྦྱིན་སོགས་དེ་དག་ལ་སློབ་ཚུལ་རྒྱས་པར་སྟོན་པ་ནི། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་པ་ནས། དེ་དག་ཀྱང་བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཏེ། ང་སྔོན་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱང་ཤེར་ཕྱིན་དང་དེའི་སྦྱིན་སོགས་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང༌། གཞན་ཡང་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ལ་བསླབ་པར་མཛད་པས། སངས་རྒྱས་པའི་ཕྱིར་ཞེས་པའི་དོན་ནོ། །བདག་ཅག་གིས་ཀྱང་དེའི་རྗེས་སུ་བསླབ་པར་བྱ་ཞེས་པ་ནི་རྗེས་སུ་འཇུག་པར་དམ་བཅས་པའོ། །འདས་པའི་སངས་རྒྱས་རྣམས་ཀྱིས་བསླབ་པ་ལྟར་དེའི་རྗེས་སུ་བསླབ་དགོས་པའི་གཏན་ཚིགས་བསྟན་པ་ནི། འདི་ལྟ་སྟེ་ཞེས་པ་ནས། བསྟན་པ་ཡང་དེ་ཉིད་དེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་གྱིས་གསུངས་ཏེ། སྟོན་པ་དང་བསྟན་པ་གཉིས་ཀ་ཡིན་པའི་ཕྱིར་རོ་ཞེས་པའི་དོན་དོ། །སྟོན་པ་དང་བསྟན་པ་གཉིས་ཀ་ཡིན་པའི་ཕྱིར་རོ་ཞེས་པའི་དོན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་སློབ་པ་དང་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་ཏོ་ཕྱིན་པར་འགྱུར་རོ་ཞེས་བྱ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །འདིར་ཕར་ཕྱིན་དྲུག་ལས་ཤེར་ཕྱིན་དང་པོར་བསླབ་པ་ནི། བསླབ་པར་བྱ་བའི་གཙོ་བོ་ཡིན་པའི་ཕྱིར་རོ། །གང་ཟག་བཞིའི་ཐ་མར་རྒྱུན་དུ་ཞུགས་པ་སྨོས་པ་ནི། གོ་རིམ་འཁྲུགས་པར་མངོན་པས་གང་ཟག་བཞི་པོའི་ཐོག་མར་སྦྱར་རོ། །ཤེར་ཕྱིན་ལ་བརྟེན་ནས་གང་ཟག་བཞི་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པར་གྱུར་པ་དང་འགྱུར་བ་དེ་བས་ན། ཤེར་ཕྱིན་ལ་སེམས་བརྟན་པར་བྱ་དགོས་པར་བསྟན་པ་ནི། ཀཽ་ཤི་ཀ་དེ་བས་ན་ཞེས་པ་ནས། བསྟན་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །ཤེར་ཕྱིན་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པར་འགྱུར་བས། སེམས་བརྟན་པར་བྱ་དགོས་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཅེས་པ་ནས། སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ་ཞེས་པས་བསྟན་ཏོ། །འདིར་ཡང་ཤེར་ཕྱིན་གཙོ་བོ་ཡིན་པས་ཐོག་མར་བསྟན་པ་ཡིན་ནོ། །དམ་བཅའ་དང་གཏན་ཚིགས་ཀྱི་འཐད་པ་སྦྱར་ཚུལ། ཤེར་ཕྱིན་ལ་སྦྱར་བ་བཞིན་དུ། བསམ་གཏན་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་བར་བྱའོ། །རང་དོན་མོས་པ་ཆུང་ངུའི་འབྲིང་པོ་བསྟན་ཟིན་ཏོ། །རང་དོན་མོས་པ་ཆུང་ངུའི་ཆེན་པོ་སྟོན་པ་ནི། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར་ཞེས་པ་ནས། བསོད་ནམས་རྒྱ་ཆེན་མང་དུ་འཕེལ་ལོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་རྒྱུ་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ཆེ་ཆུང་གི་ཚད་དཔག་ཚད་ཕྱེད་པ་བྱས་པ་ལ། ཇི་སྲིད་འཚོའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་ལ་སོགས་པས་མཆོད་པའི་བསོད་ནམས་ལས་ཤེར་ཕྱིན་བྲིས་ཤིང་འཛིན་པ་དང༌། མཆོད་པ་སོགས་བསོད་ནམས་ཆེ་བར་བསྟན་པ་སྟེ། འདི་ནི་མཆོད་རྟེན་གཅིག་ལ་མཆོད་པ་དཔེར་བརྗོད་པའོ། །རང་དོན་མོས་པ་འབྲིང་གི་ཆུང་ངུ་ནི། འཛམ་བུའི་གླིང་མཆོད་རྟེན་གྱིས་བཀང་བ་ལ་མཆོད་པ་དཔེར་བརྗོད་ནས་གསུངས་པ་སྟེ། ཀཽ་ཤི་ཀ་མཆོད་རྟེན་གཅིག་ལྟ་ཞོག་གི་ཞེས་པ་ནས་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་པའི་བར་གྱིས་གསུངས་སོ། །རང་དོན་མོས་པ་འབྲིང་གི་འབྲི་ནི། གླིང་བཞི་པ་མཆོད་རྟེན་གྱིས་བཀང་བ་ལ་མཆོད་པའི་དཔེས་བསྟན་ཏེ། ཀཽ་ཤི་ཀ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི་ཞེས་པ་ནས། བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་པའི་བར་གྱིས་གསུངས་སོ། །རང་དོན་མོས་པ་འབྲིང་གི་ཆེན་པོ་ནི། སྟོང་གསུམ་མཆོད་རྟེན་གྱིས་བཀང་བའི་བསོད་ནམས་དཔེར་བརྗོད་ནས་གསུངས་པ་སྟེ། ཀཽ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི་ཞེས་པ་ནས། བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་པའི་བར་གྱིས་གསུངས་སོ། །དེ་བཞིན་དུ་རང་དོན་མོས་པ་ཆེན་པོའི་ཆུང་ངུ་ནི། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་མཆོད་རྟེན་གྱིས་བཀང་བ་དང༌། རང་དོན་མོས་པ་ཆེན་པོའི་འབྲིང་པོ་ནི། སྟོང་གསུམ་མཆོད་རྟེན་གྱིས་བཀང་བ་དང༌། རང་དོན་མོས་པ་ཆེན་པོའི་ཆེན་པོ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བཀང་བ་ལ་མཆོད་པ་བས། ཡུམ་འཛིན་པ་དང་མཆོད་པ་སོགས་བསོད་ནམས་མང་བར་བསྟན་པས་གསུངས་པར་མཛད་དོ། །དེ་དག་གི་འཐད་པ་བསྟན་པ་ནི། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེར་ཕྱིན་འདིའི་ནང་དུ་ཆོས་ཐམས་ཅད་འདུས་ཏེ་ཞེས་པ་ནས། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏོ། །ཕྱིན་ཏོ། །ཕྱིན་པར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །གསུམ་དུ་བསྟན་པ་ནི་དུས་གསུམ་གྱི་དབྱེ་བས་ཕྱེ་བ་ཡིན་ནོ། །མཆོད་རྟེན་ལ་བསྙེན་བཀུར་བྱས་པའི་ལེའུ་སྟེ་བཅུ་དགུ་པའོ།།  ༈ ཉི་ཤུ་པ་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་བཤད་པ། ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་འདི་ལས། སྔ་མའི་དོན་བསྡུ་དང༌། གཉིས་དོན་མོས་པ་ཆུང་ངུའི་ཆུང་ངུ་ལ་ཡོན་ཏན་བཅུ་ཡོད་པ་ལས། ཡོན་ཏན་དང་པོ་བདུན་དང་གཉིས་དོན་མོས་པ་ཆུང་ངུས་སྟོན་པ་སྟེ། དང་པོ་ནི། བརྒྱ་བྱིན་གྱིས་སྨྲས་པའི་ཚིག་ལ། འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། བརྒྱ་བྱིན་གྱི་ཚིག་ལ་རྗེས་སུ་ཡི་རང་བར་མཛད་ནས། དེ་དང་མཐུན་པར་བརྗོད་པ་ནི། དེ་ནས་ཞེས་པ་ནས། བསོད་ནམས་མང་དུ་འཕེལ་ལོ་ཞེས་པའི་བར་རོ། །དཀོན་མཆོག་གསུམ་གྱི་གདུང་མི་ནུབ་པ་དང༌། ལྷ་མ་ཡིན་གྱི་དགྲ་བཟློག་པ་དང༌། ངན་སོང་ལས་ཐར་ནས་ལྷའི་གནས་སུ་སྐྱེ་བ་དང༌། ངན་སོང་སྦྱོང་བ་དང༌། སྡུག་བསྔལ་ཐམས་ཅད་ཞི་བ་དང༌། འཇིག་རྟེན་གྱི་ཉེར་འཚེ་ཞི་བ་དང༌། ཚེ་རབས་གཞན་དུ་ཐོབ་པའི་ཡོན་ཏན་ནོ། །དང་པོ་གཉིས་དོན་མོས་པ་ཆུང་ངུ་སྟོན་པ་ནི། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་ཤིང་ཞེས་པ་ནས་དཔག་ཏུ་མེད་པར་འཕེལ་ལོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་ཡོན་ཏན་བཅུ་གཅིག་ཡོད་པའི་དང་པོ་བདུན་སྟོན་ཏེ། དེ་ལ་རྣམ་བྱང་གི་ཆོས་ཐམས་ཅད་ཀྱི་རྩ་བར་བསྟན་པ་ནི། བསོད་ནམས་འཕེལ་བའི་འཐད་པས་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བྱང་ཆུབ་བོ་ཞེས་པའི་བར་ཏེ། ཡོན་ཏན་དང་པོ་བསྟན་ཟིན་ཏོ། །ཡོན་ཏན་གཉིས་པ་སྔ་མ་ལས་ཆེས་ཆེར་ཁྱད་པར་དུ་འཕགས་པར་བསྟན་པ་ནི། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེར་ཕྱིན་འདི་བྲིས་ཏེ། ཞེས་པ་ནས། དཔེར་ཡང་ཉེ་བར་མི་འགྲོ། རྒྱུར་ཡང་ཉེ་བར་མི་བཟོད་དོ་ཞེས་པའོ། །དེ་དག་གི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཏེ། དཀོན་མཆོག་གསུམ་གྱི་གདུང་མི་ནུབ་པའི་ཡོན་ཏན་ཏེ་ཡོན་ཏན་གཉིས་པའོ། །ཚིག་ནི། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་སྲིད་དུ་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོད་དོ་ཞེས་པའི་བར་གྱིས་གསུངས་སོ། །ཡོན་ཏན་དེ་དག་དང་ལྡན་པས་ཤེར་ཕྱིན་ལ་འབད་དགོས་པར་ལྷ་རྣམས་ལ་བརྒྱ་བྱིན་གྱིས་བསྐུལ་བར་མཛད་པ་ནི། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀླག་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །རྣམ་བྱང་གི་ཆོས་ཐམས་ཅད་འདི་ལས་བྱུང་བའི་ཡོན་ཏན་ཡོད་པ་བསྟན་པ་ནི། གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ཆུབ་པར་བྱའོ་ཞེས་པ་ནས། རྫོགས་པའི་བྱང་ཆུབ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྷ་མ་ཡིན་གྱི་དགྲ་བཟློག་པའི་ཡོན་ཏན་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུངས་ཤིག ཅེས་པ་ནས། རྣམ་པར་འཕེལ་བར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ངན་སོང་ལས་ཐར་ནས། ལྷའི་གནས་སུ་སྐྱེ་བའི་ཡོན་ཏན་ནི། ལྷའི་བུ་དང་བུ་མོ་གང་དག་ཤི་འཕོ་བའི་ཚེ་ཞེས་པ་ནས། ལྷའི་གནས་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་པའི་བར་གྱིས་སྟོན་ནོ། །བྱང་ཆུབ་ཐོབ་པའི་ཡོན་ཏན་ནི། དེའི་འཐད་པས་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སངས་རྒྱས་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཤེར་ཕྱིན་ལ་བསླབ་པས་སངས་རྒྱ་བའི་འཐད་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་འདུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །རིགས་སྔགས་དང་འདྲ་བར་སྡུག་བསྔལ་ཞི་བྱེད་དུ་བསྟན་པ་ནི། བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་པ་ནས། མི་མཉམ་པ་དང་མཉམ་པའི་རིག་སྔགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་རིགས་སྔགས་ཆེན་མོའི་ཞེས་པ་ནི། སྡུག་བསྔལ་ཞི་བའི་ཡོན་ཏན་ཐམས་ཅད་ཐོབ་པར་བྱེད་པའི་ཕྱིར་རོ། །བླ་ན་མེད་པའི་རིགས་སྔགས་ནི། དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །མི་མཉམ་པ་དང་མཉམ་པ་ཞེས་པ་ནི། མི་མཉམ་པ་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་ལ། དེ་དང་མཉམ་པའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་རོ། །རིགས་སྔགས་སུ་བསྟན་པའི་གཏན་ཚིགས་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས་དགེ་བའི་ཆོས་ཐམས་ཅད་སྡུད་པའོ་ཞེས་པའི་བར་རོ། །འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། བརྒྱ་བྱིན་གྱིས་སྨྲས་པ་ལ་རྗེས་སུ་ཡི་རང་བར་མཛད་ནས། དེ་དང་རྗེས་སུ་མཐུན་པར་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མི་མཉམ་པ་དང་མཉམ་པའི་རིགས་སྔགས་སོ་ཞེས་པའི་བར་གྱིས་གསུངས་སོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་སོགས་ཀྱིས་གསུངས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་རིགས་སྔགས་དང་འདྲ་བའི་ཤེར་ཕྱིན་ལ་བརྟེན་ནས་སངས་རྒྱས་ཤིང༌། རྒྱ་བར་འགྱུར་བའི་ཕྱིར་རོ། །དེ་ཚེ་རབས་གཞན་དུ་འབྱུང་བའི་ཕན་ཡོན་བསྟན་པ་ནི། དེ་དག་གི་གཏན་ཚིགས་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་པ་མ་ཡིན་ཞེས་པའི་བར་དང༌། ཡང་ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཡོད་ན་ཞེས་པ་ནས། དགེ་བ་བཅུའི་ལམ་རྣམས་འཇིག་རྟེན་དུ་གདགས་སུ་ཡོད་པ་ཡིན་ཞེས་པ་དང༌། སངས་རྒྱས་འཇིག་རྟེན་དུ་གདགས་སུ་ཡོད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །ཟླ་བའི་དཀྱིལ་འཁོར་གྱི་དཔེས་དཀར་པོའི་ཆོས་ཐམས་ཅད་འབྱུང་བའི་རྒྱུར་བསྟན་པ་ནི། ཀཽ་ཤི་ཀ་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ཡོད་ན་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་པའི་ཐབས་མཁས་པ་དེ་ཡང༌། ཤེར་ཕྱིན་ལས་བྱུང་བར་རིག་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །འདི་ཕྱི་གཉིས་ཀའི་ཡོན་ཏན་འབྱུང་བར་བསྟན་པ་ལ། དང་པོ་མདོར་བསྟན་པ་ནི། ཀཽ་ཤི་ཀ་གཞན་ཡང་ཞེས་པ་ནས། འདི་དག་དང་ལྡན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་ཞིབ་ཏུ་ཤེས་པར་འདོད་ནས། བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་གསོལ་པ་ནི། བཅོམ་ལྡན་འདས་ཞེས་པ་ནས། ཡོན་ཏན་གང་དུ་འགྱུར་བ་ལགས་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་དེ་ཉིད་ཞིབ་ཏུ་གསུངས་པ་ལ་གཉིས་ཏེ། ཚེ་འདིའི་ཉེར་འཚེ་ཞི་བ་དང༌། ཕྱི་མའི་ཡོན་ཏན་དུ་མ་འབྱུང་བར་བསྟན་པའོ། །དང་པོ་ནི་ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་ཞེས་པ་ནས། ཚེ་འདིའི་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཕྱི་མའི་ཡོན་ཏན་དུ་མ་འབྱུང་བར་བསྟན་པ་ནི། ཀཽ་ཤི་ཀ་ཚེ་རབས་གཞན་གྱི་ཡོན་ཏན་གང་དག་དང་ལྡན་པར་འགྱུར་ཞེ་ན། འདི་ལྟ་སྟེ་ཞེས་པ་ལ་སོགས་པས་སྟོན་པར་མཛད་དེ། མངོན་མཐོའི་ལམ་དང་མི་འབྲལ་བ་ནི་དང་པོའོ། །རྣམ་བྱང་གི་ཆོས་དང་ཡོངས་སུ་མི་འབྲལ་བ་ནི་གཉིས་པའོ། །དམན་པའི་གནས་སུ་མི་སྐྱེ་བ་ནི་གསུམ་པའོ། །མཚན་དང་ལྡན་པར་འགྱུར་བ་ནི་བཞི་པའོ། །སངས་རྒྱས་ཀྱི་ཞིང་དུ་བརྫུས་ཏེ་སྐྱེ་བ་ནི་ལྔ་པའོ། །མངོན་ཤེས་དང་མི་འབྲལ་བ་ནི་དྲུག་པའོ། །སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ནི་བདུན་པའོ། །སེམས་ཅན་སྨིན་པར་བྱེད་པ་ནི་བརྒྱད་པའོ། །སངས་རྒྱས་ཀྱི་ཞིང་དག་པར་འགྱུར་བ་ནི་དགུ་པའོ། །དོན་བསྡུ་བ་ནི། ཀཽ་ཤི་ཀ་དེ་བས་ན་ཞེས་པ་ནས། ཚེ་རབས་གཞན་དུ་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་སྟེ་ཉི་ཤུ་པའོ།།  ༈ ཉེར་གཅིག་པ་ཀུན་ཏུ་རྒྱུ་བཟློག་པའི་ལེའུ་བཤད་པ། ཀུན་ཏུ་རྒྱུ་བཟློག་པའི་ལེའུ་འདི་ནས། གཉིས་དོན་མོས་པ་ཆུང་ངུའི་ཡོན་ཏན་བཞི་བསྟན་ཏེ། ཀུན་ཏུ་རྒྱུ་བཟློག་པ་དང༌། བདུད་བཟློག་པ་དང༌། དཀོན་མཆོག་གསུམ་འབྱུང་བ་དང༌། སྟོན་པ་དང་མཚུངས་པར་གནས་པའོ། །དང་པོ་ནི། དེ་ནས་མུ་སྟེགས་ཅན་གཞན་དང༌། ཀུན་ཏུ་རྒྱུ་བ་གླགས་ལྟ་བའི་བསམ་པ་ཅན་བརྒྱ་ཙམ་ཞིག་ཅེས་པ་ནས། དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ་ཞེས་པའི་བར་གྱིས་གསུངས་ཏེ་སེམས་ཅན་གང་ལ་མི་མཐུན་ཕྱོགས་ཀྱི་གནོད་པ་མེད་པ་ནི། ཤེར་ཕྱིན་ཡོངས་སུ་བཟུང་བའི་ཡོན་ཏན་ཏེ། མི་མཐུན་ཕྱོགས་དང་བྲལ་བ་དེ་དག་ཐམས་ཅད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །ཡང་ན་མི་མཐུན་ཕྱོགས་ཞི་བར་འདོད་པའི་སེམས་ཅན་དེ་དང་དེ་དག་གིས། ཤེར་ཕྱིན་ཡོངས་སུ་བཟུང་ངོ་ཞེས་གདམས་པ་མཛད་པ་སྟེ། གཏན་ཚིགས་ནི་སྔ་མ་བཞིན་ནོ། །གཉིས་པ་བདུད་བཟློག་པ་ནི། དེ་ནས་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་པར་འགྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་སོགས་ནས། བདུད་སྡིག་ཏོ་ཅན་དེ་དག་ཉིད་སྒོ་དེ་ཉིད་ནས་ཕྱིར་བཟློག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །དཀོན་མཆོག་གསུམ་འབྱུང་བའི་ཡོན་ཏན་བསྟན་པ་ནི། དེ་ནས་འཁོར་དེ་ན་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷའི་བུ་དང་ཞེས་པ་ནས། མགོན་དང་བཅས་ཤིང་མུན་པ་དང་བྲལ་བར་ངས་ཤེས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞར་ལས་བྱུང་བའི་དོན་ནི། དེ་ནས་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་ནས། ཤེར་ཕྱིན་ཡིད་ལ་བྱེད་པ་ལ་གླགས་མི་རྙེད་པར་བསྟན་པའི་སྒོ་ནས་དོན་བསྡུ་བ་ནི། དེ་ནས་ལྷའི་བུ་དེ་དག་གིས་ཞེས་པ་ནས། གླགས་མི་རྙེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྷ་རྣམས་ཀྱིས་བསྲུང་ཞིང་སྟོན་པའི་འདུ་ཤེས་བསྐྱེད་པའི་ཕན་ཡོན་ནི། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་རིགས་ཀྱི་བུའམ་ཞེས་པ་ནས། སྟོན་པ་དང་མཚུངས་པ་ཙམ་དུ་བདག་ཅག་སེམས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དགེ་བའི་རྩ་བ་སྔོན་དུ་སོང་བའི་མཚན་མ་དང་ལྡན་པའི་ཡོན་ཏན་ལ་བཞི་སྟེ། དགེ་རྩ་ཁྱད་པར་ཅན་དང་ལྡན་པ་དང༌། སྔོན་ཚེ་དགེ་བའི་རྩ་བ་བྱས་པ་དང༌། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་བཞིའོ། །ཚིག་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཤེར་ཕྱིན་འཛིན་པ་དང༌། འཆང་བ་སོགས་ལ་ཇི་སྐད་བཤད་པའི་ཡོན་ཏན་དེ་ལྟར་འབྱུང་བའི་འཐད་པ་འགོད་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཞེ་ན་ཞེས་སོགས་ཏེ། རྣམ་མཁྱེན་ཡིད་ལ་བྱེད་པ་དང་མི་འབྲལ་བའི་ཕྱིར་ཞེས་པའི་དོན་ནོ། །ཤེར་ཕྱིན་ཡིད་ལ་བྱས་པས་རྣམ་མཁྱེན་དང་མི་འབྲལ་བ་ཡིན་ཏེ། ཤེར་ཕྱིན་ལས་རྣམ་མཁྱེན་བཙལ་བ་དང༌། རྣམ་མཁྱེན་ལས་ཤེར་ཕྱིན་བཙལ་བར་བྱ་བ་ནི་འདི་ལྟ་སྟེ་ཞེས་པ་ནས། བཙལ་བར་བགྱིས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་འཐད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། གཉིས་སུ་བགྱི་བར་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་དེ་དང་རྗེས་སུ་མཐུན་པར་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། གཉིས་སུ་བྱར་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །ཀུན་ཏུ་རྒྱུ་བཟློག་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།  ༈ ཉེར་གཉིས་པ་ཤེར་ཕྱིན་གྱི་ལེའུ་བཤད་པ། མཆོད་རྟེན་གྱི་ལེའུ་འདི་ནས། གཉིས་དོན་མོས་པ་བརྒྱད་སྟོན་པ་ལས། གཉིས་དོན་མོས་པ་ཆུང་ངུའི་འབྲིང་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཀྱིས་གསུངས་པར་མཛད་པ་ལས། བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡོངས་སུ་བརྗོད་པར་མཛད་པ་དེ་ལྟར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད། ཅེས་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་མིང་ཡོངས་སུ་བརྗོད་པ་མ་མཛད། ཅེས་པའི་བར་གྱིས་ནི། ཤེར་ཕྱིན་སངས་རྒྱས་ཀྱི་ཆོས་ཀྱི་གཙོ་བོ་ཡིན་པའི་གླེང་བསླང་བའི་དོན་དུ། བཅོམ་ལྡན་འདས་ལ་ཀུན་དགའ་བོས་ཅིའི་སླད་དུ་ཤེར་ཕྱིན་འབའ་ཞིག་གི་ཡོན་ཏན་བསྔགས་ལ། གཞན་ལ་དེ་ཙམ་དུ་མི་བསྔགས་པ་ཅི་ལགས་ཞེས་ཞུས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་སྟེ་ཞེས་པ་ནས། ཐོག་མར་འགྲོ་བའོ། །ཀུན་ཏུ་འདྲེན་པའོ་ཞེས་པའི་བར་གྱིས་ནི། ཤེར་ཕྱིན་ལ་གཙོ་བོར་བསྔགས་པའི་འཐད་པ་བསྟན་པ་ཡིན་ནོ། །དེ་ལ་ཐོག་མར་འགྲོ་བའི་དོན་ནི། དགེ་བའི་རྩ་བ་རྣམ་མཁྱེན་ཡིད་བྱེད་ཀྱི་སེམས་ནི། དགེ་བའི་རྩ་བ་རྣམ་མཁྱེན་དུ་ཡོངས་སུ་བསྔོ་བ་ཡིན་ལ། དེ་དག་ཀྱང་ཤེས་རབ་ཀྱི་བྱེད་པ་ཡིན་པས་སྔོན་དུ་འགྲོ་དགོས་པའི་དོན་དེ་ཡིན་ནོ། །ཀུན་ཏུ་འདྲེན་པའི་དོན་ནི། ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་རྣམ་མཁྱེན་དུ་འགྱུར་བ་ཡིན་གྱི། མ་ཟིན་ན་མི་འགྱུར་བའི་དོན་ནི། ཀུན་དགའ་བོ་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཤེས་རབ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་པའི་བར་དུ་གསུངས་པ་ནི། རྣམ་མཁྱེན་དུ་ཡོངས་སུ་བསྔོ་བའི་ཤེས་རབ་ཀྱིས་མ་ཟིན་པ་ནི། ཕ་རོལ་ཏུ་ཕྱིན་པར་འགྱུར་བ་ཡིན་ནམ་སྟེ་མ་ཡིན་ནོ་ཞེས་པའི་དོན་ནོ། །འོ་ན་ཕ་རོལ་ཏུ་ཕྱིན་པར་འགྱུར་བའི་ཐབས་གང་ལགས་ཞེས་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ལྟ་ལགས་ན་ཞེས་པ་ནས། ཇི་ལྟར་ཡོངས་སུ་བསྔོ་བའི་ཤེས་རབ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཞེས་པའི་བར་གྱིས་དྲིས་སོ། །དོན་དམ་པར་གཉིས་སུ་མེད་ཅིང་མི་སྐྱེ་བ་དང༌། མི་དམིགས་པ་ཉིད་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གཉིས་སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི་ཞེས་པ་ནས། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་པའི་བར་གྱིས་གསུངས་ཏེ། གཉིས་སུ་མེད་པ་དང༌། མི་སྐྱེ་བ་དང༌། མི་དམིགས་པའི་ཚུལ་གྱིས་བསྔོས་ན་ཕ་རོལ་ཏུ་ཕྱིན་པར་འགྱུར་ཞེས་པའི་དོན་ནོ། །གཉིས་སུ་མ་མཆིས་པ་གསུམ་གྱི་སྒོ་ནས་བསྔོས་ན། ཕ་རོལ་ཏུ་ཕྱིན་པར་འགྱུར་ཞེས་བཀའ་སྩལ་པར་མཛད་ན། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ལགས་ཞེས་དྲིས་པ་ནི། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཕ་རོལ་ཏུ་ཕྱིན་པར་འགྱུར་ན། ཇི་ལྟར་བྱས་པས་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་འགྱུར་ཞེས་དྲིས་པའོ། །ལན་ལ་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པས། གཉིས་སུ་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་འགྱུར་ལ། དེས་ཟིན་པས་ཕ་རོལ་ཏུ་ཕྱིན་པར་འགྱུར་ཞེས་གསུངས་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་གཉིས་སུ་མེད་པའི་ཚུལ་དང་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉིས་སུ་མ་མཆིས་པའི་ཚུལ་གྱིས་སོ་ཞེས་པའི་བར་དུ་གསུངས་སོ། །གོང་དུ་གཉིས་སུ་མ་མཆིས་པའི་ཚུལ་གྱིས་རྟོགས་ན་ཕ་རོལ་ཏུ་ཕྱིན་པར་འགྱུར་ཞེས་རྒྱས་པར་བསྟན་པ་དེ་ལ། གཉིས་སུ་མ་མཆིས་པའི་ཚུལ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང་ཞེས་པ་ནས། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉིས་སུ་མ་མཆིས་པ་ལགས་ཞེས་པའི་བར་དུ་གསུངས་ཏེ། གཉིས་སུ་མེད་པའི་དོན་ཞིབ་ཏུ་ཤེས་པར་འདོད་ནས་བཅོམ་ལྡན་འདས་ལ་ཞུས་པའོ། །ཡང་ན་གཉིས་སུ་མེད་པའི་ཚུལ་གྱིས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པར་འགྱུར་ཞེས་པའི་དོན་དྲིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ་ཞེས་པ་ནས། རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བསྟན་པ་ནི་ལན་གསུངས་ཏེ། དོན་ནི་གཟུགས་ལ་སོགས་པ་གཉིས་སུ་མ་མཆིས་ཏེ། འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་སུ་ཡོད་ན་ཡུལ་ཅན་ཤེར་ཕྱིན་ལས་ལོགས་སུ་དམིགས་པར་རིགས་པ་ལས། གཟུགས་དང་ཕ་རོལ་ཏུ་ཕྱིན་པ་འདི་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་པའི་ཕྱིར་ཞེས་པའི་དོན་ནོ། །དེ་བཞིན་དུ་བྱང་ཆུབ་ཀྱི་བར་དུ་སྦྱར་རོ། །ཤེར་ཕྱིན་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་བའི་འཐད་པ་མཇུག་བསྡུ་བ་ནི། ཀུན་དགའ་བོ་དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་འདི་དག་གི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ་ཞེས་པའི་བར་དུ་གསུངས་ཏེ། སྔོན་དུ་འགྲོ་བའི་གཏན་ཚིགས་དང་བསྒྲུབ་བྱའི་ཆོས་སྦྱར་ནས་བསྟན་པའོ། །སྔོན་དུ་འགྲོ་བའི་ཚུལ་ས་ཆེན་པོའི་དཔེའི་སྒོ་ནས་ཀྱང་སྟོན་པ་ནི། ས་ཆེན་པོ་ལ་ས་བོན་བཏབ་པ་ལ། རྒྱུ་རྐྱེན་འཚོགས་པར་གྱུར་ན་མྱུ་གུ་རྣམ་པར་འཕེལ་བ་ཡང་ས་ཆེན་པོ་ལ་བརྟེན་པས་ས་ཆེན་པོ་ནི་དེ་དག་གི་གནས་ཡིན་པའི་ཕྱིར་རོ། །དེ་བས་ན་ས་གཞི་ལ་བརྟེན་ནས་ས་བོན་དེ་དག་ལས་མྱུ་གུ་སྐྱེ་བར་འགྱུར་རོ། །དཔེ་དེ་བཞིན་དུ་ཤེར་ཕྱིན་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་རྣམ་པར་འཕེལ་བའི་ཕྱིར་ཞེས་པ་སྟེ། ས་གཞི་དཔེར་བླངས་ནས། ཤེར་ཕྱིན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུའི་གཙོ་བོ་ཡིན་པར་སྟོན་པ་ཡིན་ནོ། །བཤད་ཚུལ་དེ་ཉིད་ནང་སྟོང་པ་ཉིད་རྣམ་པར་འཕེལ་ལོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་ལོ་ཞེས་པའི་བར་དུ་སྦྱར་བར་བྱའོ། །ཤེར་ཕྱིན་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་རྒྱས་པར་བསྟན་ཟིན་པ་མཇུག་བསྡུ་བ་ནི། ཀུན་དགའ་བོ་དེ་བས་ན་ཞེས་སོགས་ཀྱིས་གསུངས་ཏེ། ཤེར་ཕྱིན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྔོན་དུ་འགྲོ་སྟེ། སྔར་བཤད་པ་ལྟར་ཕ་རོལ་ཏུ་ཕྱིན་པ་ལྔ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒྲུབ་བྱ་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་དོན་མོས་པ་ཆུང་ངུའི་ཆེན་པོ་སྟོན་པར་མཛད་པ་ལས་བརྩམས་ཏེ། ཤེར་ཕྱིན་འཛིན་པ་སོགས་ཀྱི་ཡོན་ཏན། སྔར་ལས་ཀྱང་རྒྱ་ཆེ་ཞིང་གྲངས་མང་བ་བཤད་པའི་སྐབས་དབྱེ་བའི་ཕྱིར་དུ། བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་བསྐུལ་བར་མཛད་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། དེ་དག་ཐམས་ཅད་བཀའ་མ་སྩལ་ཏོ་ཞེས་པའི་བར་གྱིས་བསྟན་ཏེ། ཡོན་ཏན་རྒྱས་པར་བདག་ལ་བཀའ་མ་སྩལ་པས། རྒྱས་པར་བཤད་དགོས་ཞེས་བསྐུལ་བའི་ཚིག་གོ །དེ་ལ་ཐོག་མར་བརྒྱ་བྱིན་གྱིས་ཤེར་ཕྱིན་གྱི་ཡོན་ཏན་གྱི་མགོ་ཙམ་ཞིང་གླེང་སྟེ་བསྟན་པ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང༌། བཅང་བ་དང༌། ཀླག་པ་དང༌། སྤེལ་བ་དང༌། ཚུལ་བཞིན་དུ་ཡིད་ལ་བགྱིས་པ་ན། དགེ་བ་བཅུའི་ལམ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་པ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །འདི་དག་གིས་ཤེར་ཕྱིན་གྱི་ཡོན་ཏན་མདོ་ཙམ་ཞིག་བསྟན་པའོ། །རྒྱས་པར་སྟོན་པའི་དོན་དུ་གླེང་བསླངས་པ་ལྟར། དེ་དང་མཐུན་པར་བཅོམ་ལྡན་འདས་ཀྱིས་རྒྱས་པར་སྟོན་པ་ནི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཡུམ་འདི་བཟུང་བ་དང༌། བཅང་བ་དང༌། ཀླག་པ་དང༌། ཀུན་ཆུབ་པར་བྱས་པ་དང༌། ཚུལ་བཞིན་ཡིད་ལ་བྱས་པ་དེའི་ཡོན་ཏན་ནི། དེ་ཙམ་དུ་ཡང་མ་ཟད་དེ་ཞེས་སོགས་ཀྱིས་སྟོན་ཏེ། གོང་དུ་ཡོན་ཏན་ཐམས་ཅད་བདག་ལ་བཀའ་མ་བསྩལ་ཞེས་གསོལ་བའི་ལན་དུ། ཡོན་ཏན་རྒྱས་པར་སྟོན་པ་ལས་བརྩམས་ཏེ་གསུངས་པ་ཡིན་ནོ། །དེ་ཡང་དེ་བཞིན་གཤེགས་པའི་ཟག་མེད་ཀྱི་ཕུང་པོ་ལྔ་ཐོབ་པའི་ཡོན་ཏན་དང༌། དེ་དག་ལ་ཉན་ཐོས་ཀྱི་ཟག་མེད་ཀྱི་ཕུང་པོ་ལྔས་ཐོབ་པའི་ཡོན་ཏན་དང༌། དེ་དག་གི་འཐད་པ་དང༌། ཡོན་ཏན་དེ་དག་ཤེར་ཕྱིན་བྲིས་ཤིང་འཛིན་པ་སོགས་ལ་འབྱུང་བར་བསྟན་པ་དང༌། ཡུམ་འདི་འཛིན་པ་ལ་བརྒྱ་བྱིན་གྱིས་བསྲུང་བར་དམ་བཅས་པ་སྟེ་ལྔ་བསྟན་ཏོ། །དེ་ལ་དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། ཀཽ་ཤི་ཀ་ཞེས་པ་ནས་དཔེར་ཡང་ཉེ་བར་མི་འགྲོ། རྒྱུར་ཡང་མི་བཟོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཉན་ཐོས་དང་ཞེས་པ་ནས། ཆོས་གང་ཡང་ཡོངས་སུ་ཤེས་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི་ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དང་ཞེས་པ་ནས། དེ་བཞིན་དུ་ཐོབ་པར་ངས་བཤད་དོ། །ཞེས་པའི་བར་གྱིས་བསྟན་ཏོ། །ལྔ་པ་ནི། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་ཞེས་པ་ནས་བཅང་བར་བགྱིའོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་དོན་མོས་པ་འབྲིང་གི་ཆུང་ངུ་སྟོན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཞེས་སོགས་ཀྱིས་གསུངས་ཏེ། དེ་ལ་ལྷ་རྣམས་ཀྱི་སྤོབས་པ་ཉེ་བར་བསྒྲུབས་པའི་ཡོན་ཏན་དང༌། ཆོས་སྟོན་པ་ལ་སེམས་ཞུམ་པ་མེད་པའི་ཡོན་ཏན་དང༌། གཞན་གྱིས་གླགས་མི་རྙེད་པའི་ཡོན་ཏན་དང༌། ཞུམ་པ་དང༌། སྐྲག་དདངས་མི་སྐྱེ་བའི་ཡོན་ཏན་དང་བཞིས་བསྟན་ཏོ། །དང་པོ་ནི། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་པ་ནས། ཚེ་འདིའི་ཡོན་ཏན་འདི་ཡང་ཡོངས་སུ་ཟིན་པར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ནི། འཁོར་རྣམ་བཞི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ཚེ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཐ་མི་དད་དོ་ཞེས་པའི་བར་གྱིས་གསུངས་སོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་གཏེར་ཡིན་ལ་ཞེས་པ་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་སུས་ཀྱང་གླགས་མི་རྙེད་དོ་ཞེས་པའི་བར་གྱིས་གསུངས་སོ། །བཞི་པ་ནི། ཀཽ་ཤི་ཀ་གཞན་ཡང་ཞེས་པ་ནས། སྐྲག་པར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ་ཞེས་པའི་བར་གྱིས་གསུངས་སོ། །དོན་བསྡུ་བ་ནི། ཀཽ་ཤི་ཀ་ཞེས་པ་ནས། ཚེ་འདིའི་ཡོན་ཏན་འདི་དག་ཡོངས་སུ་ཟིན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་དོན་མོས་པ་འབྲིང་གི་འབྲིང་སྟོན་པ་ནི། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་སོགས་ཀྱིས་གསུངས་ཏེ། དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གང་ཟག་ཐམས་ཅད་ཀྱིས་ཡིད་དུ་འོང་བ་དང༌། སྤོབས་པ་མི་འཕྲོགས་པར་འགྱུར་བའི་ཡོན་ཏན་གཉིས་ཀྱིས་བསྟན་ཏེ། དང་པོ་ནི། ཕ་དང་མ་དང་གཉེན་བཤེས་དང་ཞེས་པ་ནས་ལྷ་མ་ཡིན་དུ་བཅས་པས་ཀྱང་དགོངས་ཤིང་ཡིད་དུ་འོང་བར་བྱ་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། ཀཽ་ཤི་ཀ་ཞེས་པ་ནས། ཚེ་འདིའི་ཡོན་ཏན་འདི་དག་ཀྱང་ཡོངས་སུ་ཟིན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་དོན་མོས་པ་འབྲིང་གི་ཆེན་པོ་ནི། ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞེས་སོགས་ཀྱིས་གསུངས་ཏེ། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་ལ་སོགས་པ་དང་ལྷ་མ་ཡིན་དང༌། ཀླུ་དང༌། གནོད་སྦྱིན་ལ་སོགས་པ་ཆོས་ཉན་པར་ལྷགས་པར་འགྱུར་བའི་ཡོན་ཏན་ཡོད་པར་བསྟན་པ་སྟེ། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷའི་བུ་ཞེས་པ་ནས། ཕྱིར་ལྡང་བར་སེམས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་དོན་མོས་པ་ཆེན་པོའི་ཆུང་ངུ་སྟོན་པ་ནི། ལྷ་རྣམས་ཀྱིས་ཕྱག་བྱས་ཏེ་འདུད་པ་བྱས་ནས་ཕྱིར་དོང་བའི་འགྲེས་ཀྱིས་གསུངས་ཏེ། དེ་དག་གིས་ཀྱང་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ་ཞེས་པ་ནས། འདུད་པ་བྱས་ནས་ཕྱིར་དོང་ངོ་ཞེས་པའི་བར་དང༌། ཡང་ལྷ་རྣམས་ཀྱིས་དེ་དག་བསྲུང་བའི་དོན་དུ་འདོང་བའི་འགྲེས་ཏེ་འགྲེས་གཉིས་ཀྱིས་བསྟན་ཏོ། །དེ་དག་གི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བདེ་བའི་དོན་དུ་ཉེ་བར་གནས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་དོན་མོས་པ་ཆེན་པོའི་འབྲིང་ནི། འདིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས། ཞེས་པ་ནས། འདིར་འོག་མིན་གྱི་ལྷ་རྣམས་འོངས་སོ་ཞེས་བགྱི་བར་ཇི་ལྟར་འཚལ་བར་འགྱུར་ཞེས་པའི་བར་གྱིས་ནི་དྲི་བ་བསྟན་ཏེ། གོང་དུ་ལྷ་རྣམས་ཀྱིས་ཤེར་ཕྱིན་འཛིན་པ་སོགས་ཀྱིས་བྱང་ཆུབ་སེམས་དཔའ་ལ་ཆོས་ཉན་པའི་ཕྱིར་དང༌། བསྲུང་བའི་དོན་དུ་འོངས་ཞེས་སྨྲ་ན། འོང་བར་ཇི་ལྟར་ཤེས་ཞེས་འདྲི་བའོ། །དྲི་བཟང་པོ་འོང་བའི་རྟགས་ལས་ཤེས་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དེའི་གནས་ཀྱི་འཁོར་ཀུན་ཏུ་ཡང་གཙང་སྦྲ་མེད་པའི་སྤྱོད་པར་འགྱུར་བ་མི་བྱ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །སྣང་བ་ཆེན་པོ་མཐོང་ན་ལྷ་འོང་བའི་རྟགས་སུ་བསྟན་པ་དང༌། གཙང་སྦྲ་དང་ལྡན་པས་ཡུམ་ལ་སྤྱོད་ན་ལྷ་ཉེ་བར་འོང་བ་དང༌། གནོད་བྱེད་ཀྱི་ལྷ་ཆུང་ངུ་གུད་དུ་འདོང་བ་དང༌། ལྷ་ཆེན་པོ་རྣམས་ལ་མོས་པ་རྒྱ་ཆེན་པོ་སྐྱེ་བ་དང༌། གཙང་སྦྲའི་སྒོ་ནས་ཡུམ་ལ་སྤྱོད་ན་སེམས་ལས་སུ་རུང་བ་དང༌། རྨི་ལམ་བཟང་པོ་རྨི་བའོ། །རྨི་ལམ་ཡང་འདི་ལྟ་སྟེ། མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་འཁོར་མང་པོས་བསྐོར་བ་དག་གིས་ཆོས་སྟོན་པ་རྨི་ལམ་དུ་མཐོང་བར་འགྱུར་བའོ། །ཆོས་སྟོན་པ་ནི་འདི་ལྟ་སྟེ། སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་པའི་བར་རོ། །གཞན་ཡང་རྨི་ལམ་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བ་དང༌། འཚང་རྒྱ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཆོས་སྣ་ཚོགས་པ་ཉན་པ་ལ་འགྲོ་བ་དང༌། རྣམ་མཁྱེན་སྒྲུབ་པ་དང༌། སེམས་ཅན་སྨིན་པ་དང༌། ཞིང་དག་པ་བཟུང་བ་དང༌། བདུད་ཕམ་པར་བྱའོ་ཞེས་ཟེར་བ་དག་ཀྱང་ཐོས་པ་དང༌། ཕྱོགས་བཅུའི་སངས་རྒྱས་རྣམས་ཆོས་སྟོན་པའི་སྒྲ་ཐོས་པ་དང༌། དེ་དག་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མྱ་ངན་ལས་འདས་པའི་མཆོད་རྟེན་ལ་མཆོད་པ་བྱེད་པའི་བར་ཐམས་ཅད་རྨི་ལམ་དུ་མཐོང་བ་དང༌། བདེ་བར་ཉལ་བ་ཞེས་པ་ནས། རྫས་ཀྱི་འདུ་ཤེས་ཆུང་བར་འགྱུར་རོ་ཞེས་པ་ནས་ཡོན་ཏན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ལྷ་དང༌། ཀླུ་ལ་སོགས་པས་ལུས་ལ་གཟི་མདངས་བསྐྱེད་པར་འགྱུར་བའི་ཡོན་ཏན་རྣམས་བསྟན་ཏོ། །ཇི་སྐད་བཤད་པའི་ཡོན་ཏན་ཚེ་འདི་ཉིད་ལ་ཡོངས་སུ་བཟུང་བར་འདོད་པས་ཤེར་ཕྱིན་ཉན་པ་སོགས་ལ་འབད་པར་བྱའོ་ཞེས་གདམས་ངག་ཏུ་བསྟན་པ་ནི། ཀཽ་ཤི་ཀ་རིགས་ཀྱི་བུའམ་ཞེས་པ་ནས་མི་འབྲལ་བར་བྱའོ་ཞེས་པའི་བར་དང༌། ཡང་ཀཽ་ཤི་ཀ་དེ་སྟེ་ཞེས་པ་ནས། འགྲོ་བ་མང་པོ་ལ་བདེ་བའི་དོན་དུ་ཞུགས་པ་ཡིན་ཞེས་པའི་བར་གྱིས་གདམས་ངག་ཏུ་མཛད་ནས་གསུངས་སོ། །གཉིས་དོན་མོས་པ་ཆེན་པོའི་ཆེན་པོ་ནི། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་དང་ཞེས་པ་ནས། དེའི་བསོད་ནམས་མང་དུ་འཕེལ་གྱི་ཞེས་པའི་བར་དང༌། ཡང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ན་ཞེས་པ་ནས་མཆོད་པར་བྱས་པ་ནི་མ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏོ། །ཤེར་ཕྱིན་གྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་རྣམ་པར་བཤད་པའོ།།  ༈ ཉེར་གསུམ་པ་སྐུ་གདུང་གི་ལེའུ་བཤད་པ། སྐུ་གདུང་གི་ལེའུ་འདི་ནས་གཞན་དོན་མོས་པ་དགུ་སྟོན་པ་ལས། གཞན་དོན་མོས་པ་ཆུང་ངུའི་ཆུང་ངུ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་ཁྱོད་ཀྱིས་འཛམ་བུ་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་ཕྱུར་བུར་གང་བ་ཞིག་ཀྱང་རྙེད་ཅེས་པ་ནས། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །འདི་ཡང་སྐུ་གདུང་དང་ཤེར་ཕྱིན་གཉིས་ལས་ཤེར་ཕྱིན་གདམས་པར་བསྟན་པ་དང༌། དེའི་འཐད་པ་དང༌། ཤཱ་རིའི་བུ་དོན་དམ་པར་བླང་དོར་མེད་པར་བསྟན་པ་དང༌། བརྒྱ་བྱིན་གྱིས་དོན་དམ་པར་དེ་དང་རྗེས་སུ་མཐུན་པར་བརྗོད་པ་དང༌། དེའི་འཐད་པ་བསྟན་པ་རྣམས་ཀྱིས་གསུངས་སོ། །དང་པོ་ནི། ཀཽ་ཤི་ཀ་ཁྱོད་ཀྱིས་ཞེས་པ་ནས་བླང་བར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་གཏན་ཚིགས་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། ཕུ་དུད་དང་མཆོད་པར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་བླང་དོར་མེད་པར་སྟོན་པ་ལ། དང་པོ་རྩོད་པ་འགོད་པ་ནི། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་ཞེས་སོགས་ཀྱིས་གསུངས་ཏེ། དོན་དམ་པར་བླང་དོར་མེད་པ་ཡིན་ན། ཅིའི་ཕྱིར་དེ་གཉིས་ལ་བླང་དོར་མཛད། དོན་དམ་པར་བླང་དོར་མེད་པ་ཡང་ཇི་ལྟར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་འཛིན་པ་དང་དོར་བར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་བསྒྲུབ་པ་མ་ཡིན་ཞེས་པའི་བར་གྱིས་གཏན་ཚིགས་བསྟན་ནས་རྩོད་པའོ། །བརྒྱ་བྱིན་གྱིས་ཤཱ་རིའི་བུ་ལ་ལན་སྨྲས་པ། དོན་དམ་པའི་དབང་དུ་བྱས་ན་དེ་དེ་བཞིན་ནོ་ཞེས་སྔར་ཤཱ་རིའི་བུས་སྨྲས་པ་དེ་ཉིད་བཟླས་ཏེ། ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་བསྒྲུབ་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཡིན་ནོ་ཞེས་པའི་བར་དུ་གསུངས་སོ་ཞེས་བྱ་བར་ཤེས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་ལན་བཏབ་པ་ཡིན་ནོ། །དོན་དམ་པའི་དབང་དུ་བྱས་ནས། སླར་ཡང་བླང་དོར་མེད་པའི་ཚུལ་དང༌། དེའི་འཐད་པ་གཞན་བསྟན་པའི་སྒོ་ནས་ཀྱང་ལན་བཏབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ་ཞེས་པ་ནས། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ལ། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་པའི་བར་དུ་གསུངས་སོ། །གཞན་དོན་མོས་པ་ཆུང་ངུའི་འབྲིང་པོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི། ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད་ཀྱིས་ཡོངས་སུ་བསྒོམས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཀྱང༌། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའ་བའོ་ཞེས་པའི་བར་གྱིས་གསུངས་སོ། །འདིས་སྐུ་གདུང་ལས་ཤེར་ཕྱིན་ལ་གདམས་པའི་འཐད་པ་སྟོན་པར་མཛད་པ་ཡིན་ནོ། །དེ་ལ་ཤེར་ཕྱིན་ལ་གདམས་པའི་ཕན་ཡོན་དང༌། ཤེར་ཕྱིན་ལ་སྤྱོད་པ་ལ་འཇིགས་པ་མི་འབྱུང་བ་དང༌། མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་དུ་མ་བསྟན་པ་དང་གསུམ་མོ། །དང་པོ་ལ་ཕྱག་བགྱི་བར་འོས་པ་ནི། དེ་ལ་བསླབ་པ་སྟེ་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་པ་ནི། སངས་རྒྱ་བའི་ཕན་ཡོན་ཏེ་ཕན་ཡོན་དང་པོའོ། །གཉིས་པ་ནི་བརྒྱ་བྱིན་གྱིས་ཆོས་འཆད་པའི་ཆོས་བཟང་ལྷའི་མདུན་ས་ན། ལྷ་རྣམས་ཀྱིས་ཕྱག་བྱེད་པའི་དཔེས་སངས་རྒྱས་དང་ཉན་རང་རྣམས་ཀྱང་འདི་ལས་བྱུང་ངོ་ཞེས་པའི་ཚུལ་གྱིས་ཕྱག་དང་མདུད་པ་བགྱི་པས་སྟོན་པ་ནི། བཅོམ་ལྡན་འདས་གང་གི་ཚེ་བདག་ཆོས་བཟང་ལྷའི་འཁོར་དུ་ཞེས་པ་ནས། ཕྱག་བགྱིས་ཤིང་འདུད་པ་བགྱིས་ནས་སླར་མཆི་བར་འགྱུར་རོ་ཞེས་པའོ། །གསུམ་པ་ནི། སྐུ་གདུང་ལ་མཆོད་པ་ཡང་ཤེར་ཕྱིན་གྱི་རྒྱུ་མཐུན་དུ་བསྟན་པ་འཐད་པ་དང་བཅས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་ཞེས་པ་ནས། ཡོངས་སུ་སྒྲུབ་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། སྐབས་ཀྱི་དོན་དང་སྦྱར་བ་ནི། བཅོམ་ལྡན་འདས་དེ་ལྟ་བས་ན་ཞེས་པ་ནས་འདི་ཉིད་ལེན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །མི་མཐུན་ཕྱོགས་ཀྱི་འཇིགས་པ་མི་འབྱུང་བ་ལ་གཉིས་ལས། དོན་དངོས་ནི། ཆོས་ཀྱི་ཁོངས་སུ་གཏོགས་པའི་ཡིད་ཀྱིས་ཞེས་པ་ནས། རྗེས་སུ་མི་མཐོང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཐད་པ་སྟོན་པ་ལ་ཡང་གཉིས་ཏེ། དངོས་ཀྱི་འཐད་པ་དང༌། འཐད་པ་དེ་ཉིད་གཏན་ཚིགས་གཞན་གྱིས་བསྒྲུབ་པའོ། །དང་པོ་ནི། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན་ཞེས་སོགས་ཏེ། ཚིག་བཞི་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རྣམ་མཁྱེན་གྱི་བར་ལ་སྦྱར་བས་སྟོན་པར་མཛད་དོ། །མཚན་མ་མ་མཆིས་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རྟགས་མ་མཆིས་པ་ནི་རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །བརྗོད་དུ་མ་མཆིས་པ་ནི་ཚིག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །སྨོས་སུ་མེད་པ་ནི་སྒྲའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་ནི་སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར་ཞེས་པ་ནི་ཉི་ཁྲི་ལ་ཡོད་ཀྱི་འབུམ་ལ་མེད་དོ། །འཐད་པ་དེ་ཉིད་གཏན་ཚིགས་གཞན་གྱིས་བསྒྲུབ་པ་ནི། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མཆིས་པ་ཞིག་ལགས་ཏེ། མཚན་མ་མ་མཆིས་པ་ཞིག་མ་ལགས་ན་ནི་ཞེས་སོགས་ཀྱི་གསུངས་ཏེ། གལ་ཏེ་མཚན་མ་ཡོད་ན་ནི། དེ་བཞིན་གཤེགས་པས་མཚན་མ་ཡོད་པར་ཐུགས་སུ་ཆུད་ནས། མཚན་མ་མེད་པར་ཆོས་སྟོན་པར་མི་རིགས་པ་ལས་སྟོན་པའི་ཕྱིར་ཞེས་པའོ། །ལྷག་མ་རྟགས་མ་མཆིས་པ་དང༌། བརྗོད་དུ་མ་མཆིས་པ་དང༌། སྨོས་སུ་མ་མཆིས་པ་གསུམ་ལ་ཡང་སྦྱར་རོ། །འཐད་པ་དེ་ཉིད་སྐབས་ཀྱི་དོན་དང་ཉེ་བར་སྦྱོར་བ་ནི། བཅོམ་ལྡན་འདས་དེ་བས་ན་ཞེས་པ་ནས། མཆོད་པར་བགྱི་བར་འོས་པའོ་ཞེས་པའི་བར་གྱིས་གསུངས་སོ། །མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་དུ་མ་བསྟན་པ་ནི། བཅོམ་ལྡན་འདས་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཅིང་འཆང་བ་དང་ཞེས་སོགས་ཀྱིས་གསུངས་ཏེ། ངན་འགྲོའི་འཇིགས་པ་མེད་པ་དང༌། ཐེག་པ་དམན་པར་མི་ལྟུང་བ་དང༌། དེ་བཞིན་གཤེགས་པ་མཐོང་བ་དང༌། སེམས་ཅན་སྨིན་པ་དང་མི་འབྲལ་བ་དང༌། སངས་རྒྱས་མཆོད་ཅིང་སངས་རྒྱས་ཀྱི་ཞིང་དུ་འགྲོ་བས་བསྟན་ཏོ། །གཞན་དོན་མོས་པ་ཆུང་ངུའི་ཆེན་པོ་ནི། བཅོམ་ལྡན་འདས་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཞེས་སོགས་ཀྱིས་གསུངས་ཏེ། སྟོང་གསུམ་སྐུ་གདུང་གིས་བཀང་བ་ལས་ཤེར་ཕྱིན་གདམས་པ་དང་དེའི་འཐད་པས་གསུངས་སོ། །གཞན་དོན་མོས་པ་འབྲིང་པོའི་ཆུང་ངུ་ནི། སངས་རྒྱས་མཐོང་བ་གླེགས་བམ་བྲིས་པ་མཐོང་བ་དང་མཚུངས་པ་དང༌། གསུང་རབ་ཡན་ལག་བཅུ་གཉིས་བཤད་པ་ཤེར་ཕྱིན་བཤད་པ་དང་མཚུངས་པ་དང༌། འཐད་པ་དང་བཅས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། ཤེར་ཕྱིན་གྱི་གླེགས་བམ་ལ་མཆོད་པ་གཉིས་མཚུངས་པ་སྟེ། ཚིག་ནི། བཅོམ་ལྡན་འདས་དེ་ལྟ་བས་ན། གང་དེ་བཞིན་གཤེགས་པ་མཐོང་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པ་མཐོང་བ་དེ་ནི་ཞེས་པ་ནས། འཇིགས་པ་ཐམས་ཅད་ཞི་བར་བགྱིས་པའོ་ནད་ཐམས་ཅད་རབ་ཏུ་སེལ་བའོ་ཞེས་པའི་བར་གྱིས་གསུངས་སོ། །གཞན་དོན་མོས་པ་འབྲིང་གི་འབྲིང་ནི། སྐྱེས་བུ་ནོར་གྱི་བདག་པོ་གཞན་ལ་འཇིགས་པ་དང་བཅས་པ། རྒྱལ་པོ་ལ་བརྟེན་ན་མི་འཇིགས་པ་ཐོབ་པའི་དཔེས། ཤེར་ཕྱིན་ལ་བརྟེན་ནས་མི་འཇིགས་པ་ཐོབ་པའི་ཕན་ཡོན་གྱིས་གསུངས་ཏེ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ནོར་གྱིས་བདག་པོ་ཞིག་འཇིགས་ནས། རྒྱལ་པོ་ལ་གནས་ཤིང་རྒྱལ་པོ་ལ་བརྟེན་ཞེས་པ་ནས། དེ་ལྟར་སེམས་ཅན་རྣམས་ཀྱིས་སངས་རྒྱས་ཀྱི་དོན་དུ་ཉེ་བར་གནས་སོ་ཞེས་པའི་བར་གྱིས་གསུངས་སོ། །གཞན་དོན་མོས་པ་འབྲིང་གི་ཆེན་པོ་ནི། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་འདྲ་བར། རིན་པོ་ཆེའི་དཔེས་བསྟན་ཏེ། འཇིག་རྟེན་གྱི་ཁམས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཆིས་པའི་འཇིག་རྟེན་གྱི་ཁམས་ཞེས་སོགས་ཏེ། ནོར་བུའི་དཔེས་འདོད་པའི་དོན་བསྒྲུབ་ཅིང་མི་མཐུན་ཕྱོགས་སེལ་བས་ནོར་བུ་དང་མཚུངས་པར་བརྗོད་དོ། །ནོར་བུ་ཡང་ལྷའི་ནོར་བུ་དཔེར་ལེན་གྱི། མིའི་ནོར་བུ་དཔེར་ལེན་པ་མ་ཡིན་ནོ། །དེ་ལྟར་ན་ཤེར་ཕྱིན་ནོར་བུ་དང་མཚུངས་པར་བརྗོད་པ་ཡིན་ནོ། །སྐུ་གདུང་ནི་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་དང༌། རྣམ་མཁྱེན་གྱི་བར་གྱི་སྣོད་དུ་གྱུར་པས་ནོར་བུའི་སྣོད་དང་མཚུངས་པར་བསྟན་ཏོ། །ནོར་བུའི་མཐུས་ནོར་བུའི་སྣོད་ཀྱང་ཡོན་ཏན་དང་ལྡན་པ་བཞིན་དུ། ཤེར་ཕྱིན་གྱི་མཐུས་ཇི་སྐད་བཤད་པའི་ཡོན་ཏན་གྱི་སྣོད་དུ་གྱུར་པའི་སྐུ་གདུང་ཡང་ཡོན་ཏན་དང་ལྡན་ན་ནོར་བུ་དང་འདྲ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་ཡང་ཅི་སྨོས་ཞེས་པའི་དོན་ནོ། །གཞན་དོན་མོས་པ་ཆེན་པོའི་ཆུང་ངུ་ནི། ཕྱོགས་བཅུའི་འཇིག་རྟེན་སྐུ་གདུང་གིས་བཀང་བ་ལས། ཤེར་ཕྱིན་གདམས་པའི་འཐད་པ་དང་བཅས་པས་སྟོན་ཏེ། གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་པ་ནས། འདི་ཉིད་ལེན་ནོ་ཞེས་པའི་བར་གྱིས་ནི་ཤེར་ཕྱིན་གདམས་པ་ཉིད་བསྟན་པ་ཡིན་ལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལས་བྱུང་བ་ནི་ཞེས་པ་ནས། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་ཡང་རིམ་གྲོ་དང༌། བཀུར་སྟི་དང༌། ཕུ་དུད་དང༌། མཆོད་པ་བགྱིད་པར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །གཞན་དོན་མོས་པ་ཆེན་པོའི་འབྲིང་པོ་ནི། བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་དང་གྲངས་མ་མཆིས་པ་དག་ན་ཞེས་པ་ནས། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། རང་སངས་རྒྱས་ཀྱི་ཆོས་ཁོ་ན་ཉེ་བར་བསྒྲུབ་པ་མ་ཡིན། སོ་སོ་སྐྱེ་བོའི་ཆོས་རྣམས་འདོར་བ་མ་ཡིན་ཞེས་པའི་བར་གྱིས་གསུངས་ཏེ། སངས་རྒྱས་ཀྱི་སྐུ་མཐོང་བ་དང༌། སངས་རྒྱས་ཀྱི་སྐུ་མཐོང་བར་འདོད་པས་ཡུམ་བཟུང་དགོས་པ་སོགས་ཀྱིས་གདམས་པ་དང༌། དེ་དག་གི་འཕྲོས་དོན་བཤད་པ་དང་གསུམ་གྱིས་བསྟན་ཏོ། །དང་པོ་ནི། ཆོས་ཀྱི་སྐུ་དང་ཞེས་པ་ནས། སངས་རྒྱས་རྣམས་མཐོང་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ནི། དེ་བས་ན་ཞེས་པ་ནས། ཆོས་ཉིད་ཚུལ་བཞིན་དུ་ཡང་ཡིད་ལ་བགྱིའོ་ཞེས་པའི་བར་གྱིས་གསུངས་སོ། །གསུམ་པ་འཕྲོས་དོན་ནི། ཆོས་ཉིད་དེ་དག་གང་ཡིན་སྙམ་པའི་དྲིས་ལན་གྱིས་སྟོན་ཏེ། བཅོམ་ལྡན་འདས་གཉིས་པོ་འདི་དག་ནི། ཆོས་ཉིད་དེ། གཉིས་གང་ཞེ་ན། འདུས་བྱས་རྣམས་ཀྱི་མཚན་ཉིད་དང༌། འདུས་མ་བྱས་རྣམས་ཀྱི་མཚན་ཉིད་དོ་ཞེས་པས་ནི་མདོར་བསྟན་ཏོ། །དེ་ལ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ནི་ཆོས་ཉིད་གང་ལགས་ཞེས་སོགས་ཀྱིས་ནི་རྒྱས་པར་བཤད་དོ། །འཕྲོས་དོན་གཉིས་པ་ནི། སྔར་ཆོས་ཉིད་ཚུལ་བཞིན་དུ་ཡིད་ལ་བགྱིའོ་ཞེས་བརྒྱ་བྱིན་གྱིས་སྨྲས་པ་ལ་འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། དེ་ལ་རྗེས་སུ་ཡི་རང་བར་མཛད་པ་ནི། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པའོ། །ཀུན་རྫོབ་ཀྱི་དབང་དུ་བྱས་ནས་དེའི་འཐད་པ་བསྟན་པ་ནི། འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་ཞེས་པ་ནས། རང་བྱང་ཆུབ་ཐོབ་བོ། །འཐོབ་བོ། །འཐོབ་པར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །དེ་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏེ་ཞེས་པས་གསུངས་སོ། །ཇི་ལྟར་བསྟན་པའི་ཚུལ་བསྟན་པ་ནི། དེ་དག་གི་མཚན་མ་མེད་པའི་ཚུལ་དང་ཞེས་པ་ནས། སྤང་བ་མེད་པའི་ཚུལ་གྱིས་བསྟན་ཏེ་ཞེས་པའི་བར་གྱིས་བཤད་དོ། །དེ་ཡང་འཇིག་རྟེན་པའི་ཐ་སྙད་ཀྱི་ཚུལ་གྱིས་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱང་ཐ་སྙད་དུ་ཡིན་གྱི་དོན་དམ་པར་མ་ཡིན་ནོ་ཞེས་འཐད་པ་དང་བཅས་ཏེ་བསྟན་པའོ། །གཞན་དོན་མོས་པ་ཆེན་པོའི་ཆེན་པོ་སྟོན་པ་ནི། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ་ཞེས་པ་ནས། ལེའུ་ཉི་ཤུ་རྩ་གསུམ་པ་ཡོངས་སུ་རྫོགས་པའི་བར་དུ་གསུངས་སོ། །ཕར་ཕྱིན་ཐམས་ཅད་ཀྱི་དོན་དུ་ཤེར་ཕྱིན་སྔོན་དུ་འགྲོ་བར་བསྟན་པ་དང༌། ཤེར་ཕྱིན་གཙོ་བོ་ཡིན་པ་ཤིང་དང་གྲིབ་མའི་དཔེ་བླངས་ཏེ་བསྟན་པ་དང་གཉིས་སོ། །དེ་ལ་དང་པོ་ལ། ཀུན་རྫོབ་ཏུ་མཁྱེན་པ་རྒྱ་ཆེ་བའི་སྒོ་ནས་ཆེན་པོར་སྟོན་པ་དང༌། དོན་དམ་པར་གང་ཟག་དང༌། ཆོས་ཀྱི་བདག་གཉིས་ཀ་མ་དམིགས་པས། ཤེས་རབ་ཆེ་བའི་སྒོ་ནས་ཆེན་པོར་སྟོན་པ་དང༌། རྒྱུ་མཚན་དེའི་སྒོ་ནས་ཕར་ཕྱིན་གཞན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་དང་གསུམ་གྱིས་བསྟན་ཏོ། །དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡང་འཚལ་ཏེ་ཞེས་པས་བསྟན་ཏོ། །གཉིས་པ་ལ། གང་ཟག་གི་བདག་མ་དམིགས་པ་ནི། སེམས་ཅན་དུ་དམིགས་པ་མ་མཆིས་སོ་ཞེས་པ་ནས། མཐོང་བ་པོ་དམིགས་སུ་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཀྱི་བདག་མ་དམིགས་པ་ནི། གཟུགས་སུ་དམིགས་པ་མ་མཆིས་སོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་དམིགས་པ་མ་མཆིས་ཏེ་ཞེས་པའི་བར་གྱིས་གསུངས་སོ། །དམ་བཅའ་དང་གཏན་ཚིགས་སྦྱར་ནས་སྟོན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་པ་ནས། ངོ་བོ་ཉིད་ནི་དེ་ལ་མ་མཆིས་སོ་ཞེས་པའི་བར་གྱིས་གསུངས་སོ། །བརྒྱ་བྱིན་གྱིས་མ་དམིགས་པའི་དོན་བཤད་པ་ལ། འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། བརྒྱ་བྱིན་གྱི་ཚིག་ལ་བསྟོད་ནས། བཅོམ་ལྡན་འདས། རང་ཉིད་ཀྱིས་ཀྱང་མ་དམིགས་པའི་ཚུལ་རྒྱས་པར་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ་ཞེས་པ་ནས། རྣམ་པ་ཐམས་ཅད་མི་དམིགས་པའི་ཚུལ་དང་ཞེས་པའི་བར་གྱིས་གསུངས་སོ། །བཞི་པ་ཕར་ཕྱིན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བསྟན་པ་ནི། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། སྔོན་དུ་འགྲོ་བའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཛམ་བུའི་ཤིང་དང༌། དེའི་གྲིབ་མའི་དཔེས་བསྟན་པ་ནི། ཀཽ་ཤི་ཀ་འདི་ལྟར་ཏེ། དཔེར་ན་འཛམ་བུའི་གླིང་གི་ཤིང་རྣམས་ཞེས་སོགས་ཀྱིས་སྟོན་ཏེ། ཤིང་གི་གྲིབ་མ་ཤིང་ལ་བརྟེན་ཏེ་འབྱུང་བ་དང་འདྲ་བར། །ཡོན་ཏན་གཞན་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འབྱུང་ངོ་ཞེས་པའི་ཚུལ་གྱིས་སྟོན་པར་མཛད་པ་དང༌། ཡང་ཤིང་ལ་ལོ་མ་དང་མེ་ཏོག་སྣ་ཚོགས་པ་ཡོད་ཀྱང༌། ཤིང་གི་གྲིབ་མ་བྱེ་བྲག་མེད་པ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་ལ་སོ་སོ་ཐ་དད་པ་ཡོད་ཀྱང༌། ཤེར་ཕྱིན་གྱིས་ཟིན་པ་ན་བྱེ་བྲག་མི་དམིགས་པར་བསྟན་ཏོ། །ཤེར་ཕྱིན་ཡོན་ཏན་ཆེན་པོ་དང་ལྡན་པར་སྟོན་པ་ནི། བཅོམ་ལྡན་འདས་ཡུམ་ནི་ཡོན་ཏན་ཐམས་ཅད་བགྱིད་པའི་སླད་དུ་ཕན་ཡོན་ཆེན་པོ་དང་ལྡན་པའོ་ཞེས་པ་ནས། ཡོན་ཏན་མཐའ་ཡས་པ་དང་ལྡན་པའོ་ཞེས་པོའི་བར་གྱིས་བསྟན་ཏོ། །བསྟོད་པ་དང༌། བཀུར་བ་དང༌། བསྔགས་པ་གསུམ་སྟོན་པ་ལས། དང་པོ་བསྟོད་པ་དང་པོ་ནི། ཤེར་ཕྱིན་གླེགས་བམ་དུ་བགྱིས་ཏེ་མཆོད་པ་སོགས་རང་གིས་སྤྱད་པ་དང༌། གཞན་ལ་བྱིན་པ་བསོད་ནམས་གང་ཆེ་ཞེས་དྲིས་ལན་དང་བཅས་པ་སྟོན་པ་ལ། དང་པོ་བརྒྱ་བྱིན་གྱིས་དྲི་བ་ནི། བཅོམ་ལྡན་འདས་རིགས་ཀྱི་བུའམ་ཞེས་པ་ནས། དེ་གཉིས་ལས་གང་གི་བསོད་ནམས་ཆེས་འཕེལ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཁྱད་པར་དེ་ཉིད་བརྒྱ་བྱིན་འཆད་དུ་གཞུག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་ཀཽ་ཤི་ཀ་ལ་དྲིས་ནས་ལུང་སྟོན་ཅིག་ཅེས་བསྐུལ་བ་ནི། ཀཽ་ཤི་ཀ་དེ་བས་ཁྱོད་ཉིད་ལ་དྲིའོ། །ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལུང་སྟོན་ཅིག་ཅེས་དྲིས་པ་ནས། དེ་དག་ལ་གང་གི་བསོད་ནམས་འཕེལ་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །བརྒྱ་བྱིན་གྱིས་རང་གིས་སྤྱོད་པ་བས་གཞན་ལ་བྱིན་པ་བསོད་ནམས་ཆེ་བ་གཏན་ཚིགས་དང་བཅས་པ་བསྟན་པ་ནི། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཞེས་པ་ནས་སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། བརྒྱ་བྱིན་གྱིས་སྨྲས་པ་ལ་བསྟོད་པ་ནས། གཞན་ལ་བྱིན་པར་བསོད་ནམས་ཆེ་བར་སྔར་བརྒྱ་བྱིན་གྱིས་སྨྲས་པ་དེ་ཉིད་བཟླས་ཏེ་བསྟན་ནས་འཐད་པ་གཞན་ཡང་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ནས། དེའི་བསོད་ནམས་འཕེལ་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །བསྟོད་པ་གཉིས་པ་ནི། ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་བསྟན་པ་བཞིན་དུ། གཞན་གྱི་དྲུང་དུ་སོང་སྟེ། བཤད་ཅིང་བསྟན་པ་ཞེས་པ་ནས། ཕུ་དུད་དུ་བྱའོ། །མཆོད་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །འཐད་པ་ལ་གཉིས་ཏེ། དོན་དམ་གྱི་དབང་དུ་བྱས་པ་དང༌། ཀུན་རྫོབ་ཀྱི་དབང་དུ་བྱས་པའོ། །དང་པོ་ནི། དེ་ལྟར་སྟོན་པའི་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་བཅོམ་ལྡན་འདས་དང་འདྲ་བར་ཞེས་པ་ནས། ཚངས་པ་མཚུངས་པར་སྤྱོད་པ་ལ་ལ་ཞིག་ཡིན་པར་བསམ་མོ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་བསྟན་པ་ལ་འཐད་པ་གཉིས་ཀྱིས་མཆོད་པར་བྱ་བར་འོས་པར་བསྟན་པ་དང་བྱང་ཆུབ་གསུམ་གྱི་རྩ་བར་བསྟན་པའོ། །དང་པོ་ནི། ཤེར་ཕྱིན་སྟོན་པ་ཡིན་པར་བསྟན་པ་དང༌། དེ་ཉིད་ཀྱིས་མཆོད་པར་འོས་པར་བསྟན་པ་དང་གཉིས་སོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ཏེ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་རྣམས་ལ་གུད་ན་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཤིང་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། ཀཽ་ཤི་ཀ་དེ་བས་ན་ཞེས་པ་ནས། སིལ་སྙན་སྣ་ཚོགས་ཀྱིས་རིམ་འགྲོར་བྱ་བ་དང༌། བཀུར་སྟིར་བྱ་བ་དང༌། ཕུ་དུད་དུ་བྱ་བ་དང༌།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*