མཆོད་པར་བྱ་བ་ལྟ་ཅི་སྨོས་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་བྱང་ཆུབ་གསུམ་གྱི་རྩ་བར་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་ཞེས་པ་ནས། ཐོབ་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །སྐུ་གདུང་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་རྣམ་པར་བཤད་པའོ།། ༈ ཉེར་བཞི་པ་བསོད་ནམས་ཀྱི་ལེའུ་བཤད་པ། བསོད་ནམས་ཀྱི་ལེའུ་འདི་ནས་བསྟོད་པ་གསུམ་པ་ནས་བསྔགས་པ་ཡོངས་སུ་རྫོགས་པའི་བར་དུ་གསུངས་པ་ལ། དང་པོ་བསྟོད་པ་གསུམ་པ་ནི། འཛམ་བུའི་གླིང་གི་སེམས་ཅན་དགེ་བ་བཅུ་ལ་བཀོད་པ་བས་བསོད་ནམས་མང་བ་དང༌། ཤེར་ཕྱིན་གླེགས་བམ་དུ་བྲིས་ཏེ་ཁ་ཏོན་དུ་བྱ་བའི་ཕྱིར་དུ། གཞན་ལ་བྱིན་ན་བསོད་ནམས་མང་དུ་འཕེལ་བ་དང༌། དེ་ཉམས་སུ་ལེན་པའི་བྱང་ཆུབ་སེམས་དཔའ་ཡང་མཆོད་པར་འོས་པའི་འཐད་པ་དང་གསུམ་གྱིས་གསུངས་སོ། །བསྟོད་པ་བཞི་པ་ནི། གླིང་བཞི་པའི་སེམས་ཅན་དགེ་བ་བཅུའི་ལམ་ལ་བཀོད་པ་བས་ལྷག་པ་དང༌། ལྔ་པ་ནི་སྟོང་དང་པོ་དང༌། དྲུག་པ་ནི་སྟོང་གཉིས་པ་དང༌། བདུན་པ་ནི་སྟོང་གསུམ་པ་དང༌། བརྒྱད་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དགེ་བ་བཅུ་ལ་བཀོད་པ་བས་ལྷག་པ་དང༌། དགུ་པ་ནི། འཛམ་བུ་གླིང་གི་སེམས་ཅན་བསམ་གཏན་བཞི་དང༌། ཚད་མེད་བཞི་དང༌། གཟུགས་མེད་པ་བཞི་དང༌། མངོན་པར་ཤེས་པ་ལྔ་ལ་བཀོད་པ་བས། བསོད་ནམས་ལྷག་པར་བསྟན་ཏོ། །བཀུར་བ་དང་པོ་ནི། གླིང་བཞི་པའི་སེམས་ཅན་བསམ་གཏན་སོགས་བཞི་ལ་བཀོད་པ་དང༌། བཀུར་བ་གཉིས་པ་ནི། སྟོང་དང་པོའི་སེམས་ཅན་བསམ་གཏན་སོགས་བཞི་ལ་བཀོད་པ་བས་ལྷག་པ་དང༌། བཀུར་བ་གསུམ་པ་ནི། སྟོང་གསུམ་དང༌། བཀུར་བ་བཞི་པ་ནི། ཕྱོགས་བཅུའི་འཇིག་རྟེན་དང༌། བཀུར་བ་ལྔ་པ་ནི། ཤེར་ཕྱིན་ཚུལ་བཞིན་ཡིད་ལ་བྱེད་པ་དང༌། བཀུར་བ་དྲུག་པ་ནི། ཤེར་ཕྱིན་རྣམ་པ་དུ་མར་ཕྱེ་ཞིང་གཏན་ལ་འབེབས་པ་དང༌། བཀུར་བ་བདུན་པ་ནི། ཕྱོགས་བཅུའི་སངས་རྒྱས་ལ་བསྙེན་བཀུར་བྱེད་པ་ལས་ལྷག་པའོ། །བཀུར་བ་བརྒྱད་པ་ནི། མངོན་པར་ཞེན་པའི་ཚུལ་གྱིས་སྦྱིན་སོགས་ལས་མི་དམིགས་པའི་ཚུལ་གྱིས་སྤྱོད་པ་ལྷག་པ་དང༌། བཀུར་བ་དགུ་པ་ནི། ཡུམ་གྱི་གཟུགས་བརྙན་མི་རྟག་སོགས་སུ་སྟོན་པ་ལས། མི་རྟག་སོགས་སུ་མི་དམིགས་པའི་ཚུལ་གྱིས་གཞན་ལ་སྟོན་པས་བསྟན་ཏོ། །བསྔགས་པ་དང་པོ་ནི། འཛམ་བུ་གླིང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་རྒྱུན་དུ་ཞུགས་པ་ལ་བཀོད་པ་དང༌། གཉིས་པ་ཕྱིར་འོང་བ་དང༌། གསུམ་པ་ཕྱིར་མི་འོང༌། བཞི་པ་དགྲ་བཅོམ། ལྔ་པ་རང་རྒྱལ། དྲུག་པ་བྱང་ཆུབ་ལ་བསྐུལ་བ། བདུན་པ་ཕྱིར་མི་ལྡོག་པ། བརྒྱད་པ་བླ་ན་མེད་པའི་བྱང་ཆུབ་ལ་བསྐུལ་བ། དགུ་པ་གཞན་མྱུར་དུ་སངས་རྒྱ་བར་འདོད་པ་ལས། བྱང་ཆུབ་སེམས་དཔའ་འགའ་ཞིག་གིས་ཤེར་ཕྱིན་དོན་དང་ལྡན་པ། ཡི་གེ་དང་ལྡན་པ་རྒྱ་ཆེར་བསྟན་པས་བསོད་ནམས་ཆེ་བར་གསུངས་སོ། །དེ་ལ་དང་པོ་བསྟོད་པ་གསུམ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ་ཞེས་སོགས་ཀྱིས་གསུངས་པ་ལས། འཛམ་བུའི་གླིང་གི་སེམས་ཅན་དགེ་བ་བཅུ་པ་བཀོད་པ་ལས། ཤེར་ཕྱིན་གཞན་ལ་བྱིན་པ་བསོད་ནམས་འཕེལ་བར་བསྟན་པ་དང༌། དེའི་འཐད་པ་རྒྱས་པར་བསྟན་པ་གཉིས་ཀྱིས་སྟོན་ནོ། །དང་པོ་གང་ལ་ཁྱད་པར་བྱ་བའི་ཡུལ་ནི། འཛམ་བུའི་གླིང་གི་ཞེས་པ་ནས། བདེ་བར་གཤེགས་པ་མང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །ཁྱད་པར་དུ་འཕགས་པའི་ངོ་བོ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། མང་དུ་འཕེལ་ལོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཐད་པ་ལ་ཡང་འགྲེས་གཉིས་ཡོད་པ་ལས། འགྲེས་དང་པོ་ལ་ཡང་ཤེར་ཕྱིན་བྱིན་པའི་བསོད་ནམས་མང་བར་བསྟན་པ་དང༌། ཞར་ལ་སྦྱིན་པ་པོའི་བྱང་སེམས་མཆོད་པར་འོས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དངོས་དང་འཕྲོས་དོན་ནོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དེ་ལྟ་བུའི་ཆོས་མང་པོ་རྒྱ་ཆེར་བསྟན་ཏོ་ཞེས་པས་གསུངས་སོ། །གཉིས་པ་འཕྲོས་དོན་ནི། ཀཽ་ཤི་ཀ་ཟག་པ་མེད་པའི་ཆོས་རྒྱ་ཆེར་བསྟན་པ་དེ་དག་གང་ཞེ་ན་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཤེར་ཕྱིན་གཞན་ལ་སྦྱིན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ལ་མཆོད་པར་འོས་པའི་འཐད་པ་བསྟན་པ་ནི། ཀཽ་ཤི་ཀ་སེམས་ཅན་གཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ན་ཞེས་པ་ནས། ཕུ་དུད་དུ་བྱས་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ནོ། །འགྲེས་གཉིས་པ་ལ་ཡང་གཉིས་ཏེ། འཕགས་པའི་ཡོན་ཏན་ཐོབ་པར་འགྱུར་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་འབྱུང་བར་བསྟན་པའོ། །དང་པོ་ལ་ཡང་དངོས་དོན་དང་འཕྲོས་དོན་གཉིས་སོ། །དང་པོ་ནི། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཕྲོས་དོན་ནི། ཀཽ་ཤི་ཀ་ཟག་པ་མེད་པའི་ཆོས་ནི་ཞེས་སོགས་སྔར་ལྟར་རོ། །གཉིས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་འབྱུང་བར་བསྟན་པ་ལ། ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་ཞེས་པ་ནས་འཕེལ་བར་བྱེད་པར་ཤེས་པར་བྱའོ་ཞེས་པའི་བར་གྱིས་ནི་དམ་བཅའ་བསྟན་ཏོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ་ཞེས་པའི་བར་གྱིས་གསུངས་སོ། །བསྟོད་པ་བཞི་པ་ཡང་འགྲེས་གཉིས་ལས། འགྲེས་དང་པོ་ནི། ཀཽ་ཤི་ཀ་འཛམ་བུ་གླིང་གི་སེམས་ཅན་རྣམས་ལྷ་ཞོག་གི་ཞེས་སོགས་ཀྱིས་གསུངས་ཏེ། དངོས་དོན་དང་འཕྲོས་དོན་སྔ་མ་བཞིན་དུ་བཤད་དོ། །འགྲེས་གཉིས་པ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ན་ཞེས་པ་ནས། རྫོགས་པའི་སངས་རྒྱས་རྣམས་ཀྱང་ཡོད་དོ་ཞེས་པའི་བར་གྱིས་གསུངས་སོ། །བསྟོད་པ་ལྔ་པ་ཡང་འགྲེས་གཉིས་ལས། འགྲེས་དང་པོ་ནི། ཀཽ་ཤི་ཀ་གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཞོག་གི་ཞེས་སོགས་ཀྱིས་གསུངས་ཏེ། འདི་ལ་ཡང་འགྲེས་གཉིས་ལས། དངོས་དོན་འཕྲོས་དོན་སྔ་མ་བཞིན་ནོ། །འགྲེས་གཉིས་པ་ནི་ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་ཞེས་པ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ་ཞེས་པའི་བར་གྱིས་གསུངས་སོ། །བསྟོད་པ་དྲུག་པ་ལ་ཡང་འགྲེས་གཉིས་ཡོད་པ་ལས་འགྲེས་དང་པོ་ནི། ཀཽ་ཤི་ཀ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཕྱུར་བུར་ལྟ་ཞོག་གི་ཞེས་སོགས་ཀྱིས་གསུངས་ཏེ། དངོས་དོན་དང་འཕྲོས་དོན་སྔ་མ་བཞིན་ནོ། །འགྲེས་གཉིས་པ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་ཞེས་པ་ནས། འགྲེས་སྔ་མ་དང་མཚུངས་སོ། །བསྟོད་པ་བདུན་པ་ལ་ཡང་འགྲེས་གཉིས་ལས། དང་པོ་ནི་ཀཽ་ཤི་ཀ་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་འབྲིང་པོ་ལྟ་ཞོག་གི་ཞེས་སོགས་ཀྱིས་གསུངས་ཏེ། དངོས་དོན་དང་འཕྲོས་དོན་སྔ་མ་བཞིན་ནོ། །འགྲེས་གཉིས་པ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་ཞེས་སོགས་ཏེ་འགྲེས་སྔ་མ་བཞིན་ནོ། །བསྟོད་པ་བརྒྱད་པ་ལ་ཡང་འགྲེས་གཉིས་ལས། དང་པོ་ནི། ཀཽ་ཤི་ཀ་ཕྱོགས་བཅུ་རེ་རེ་ཞིང་ཞེས་སོགས་ཀྱིས་གསུངས་ཏེ། དངོས་དོན་དང་འཕྲོས་དོན་སྔ་མ་བཞིན་ནོ། །འགྲེས་གཉིས་པ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་ཞེས་སོགས་སྔ་མ་བཞིན་དུ་སྦྱར་རོ། །བསྟོད་པ་དགུ་པ་ལ་ཡང་འགྲེས་གཉིས་ཀྱིས་སྟོན་ཏེ། དང་པོ་ནི། ཀཽ་ཤི་ཀ་གཞན་ཡང་འཛམ་བུ་གླིང་གི་མི་ཞེས་སོགས་ཀྱིས་གསུངས་ཏེ། དངོས་དོན་དང་འཕྲོས་དོན་སྔ་མ་བཞིན་ནོ། །འགྲེས་གཉིས་པ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་ཞེས་སོགས་གསུངས་ཏེ། སྔ་མ་བཞིན་ནོ། །བཀུར་བ་དང་པོ་ལ་ཡང་འགྲེས་གཉིས་ལས། འགྲེས་དང་པོ་ནི། ཀཽ་ཤི་ཀ་འཛམ་བུ་གླིང་གི་ཞེས་སོགས་ཀྱིས་གསུངས་ཏེ། དངོས་དོན་དང་འཕྲོས་དོན་དང་སྐབས་ཀྱི་དོན་ལ་ཉེ་བར་སྦྱར་བ་སྔ་མ་བཞིན་ནོ། །འགྲེས་གཉིས་པ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་ཞེས་སོགས་སྔ་མ་བཞིན་ནོ། །བཀུར་བ་གཉིས་པ་ལ་ཡང་འགྲེས་གཉིས་ལས། དང་པོ་ནི། ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་ཞེས་སོགས་ཀྱིས་གསུངས་ཏེ། འཐད་པ་དངོས་དང༌། འཕྲོས་དོན་དང་སྐབས་ཀྱི་དོན་ལ་སྦྱར་བ་སྟེ་སྔ་མ་བཞིན་ནོ། །འགྲེས་གཉིས་པ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་ཞེས་སོགས་ཏེ། འགྲེས་སྔ་མ་བཞིན་ནོ། །བཀུར་བ་གསུམ་པ་ལ་ཡང་འགྲེས་གཉིས་ལས། དང་པོ་ནི། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་སོགས་ཀྱིས་གསུངས་ཏེ། འཐད་པ་དངོས་དང་འཕྲོས་དོན་ལ་ཉེ་བར་སྦྱར་བ་སྟེ་སྔ་མ་བཞིན་ནོ། །འགྲེས་གཉིས་པ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་ཞེས་སོགས་ཏེ་སྔ་མ་བཞིན་ནོ། །བཀུར་བ་བཞི་པ་ལ་ཡང་འགྲེས་གཉིས་ལས། དང་པོ་ནི། ཀཽ་ཤི་ཀ་ཞེས་སོགས་ཏེ་སྦྱར་ཚུལ་སྔ་མ་བཞིན་ནོ། །འགྲེས་གཉིས་པ་ཡང་སྔ་མ་བཞིན་ནོ། །བཀུར་བ་ལྔ་པ་ལ་ཡང་འགྲེས་གཉིས་ལས། དང་པོ་ནི། ཀཽ་ཤི་ཀ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཞེས་སོགས་ཀྱིས་སྟོན་ཏེ། འགྲེས་གཉིས་པ་ཡང་སྔ་མ་བཞིན་ནོ། །ཤར་ཕྱོགས་ཀྱི་འགྲེས་ལ་སྦྱར་བ་བཞིན་དུ་འགྲེས་ལྷག་མ་ཕྱོགས་ཐམས་ཅད་ལ་སྦྱར་རོ། །བཀུར་བ་དྲུག་པ་ནི། ཤེར་ཕྱིན་འཛིན་པ་ནས་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་ཆོས་ལྔ་ལ་གནས་པའི་བསོད་ནམས་འཕེལ་བས་གསུངས་ཏེ། ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞེས་སོགས་སོ། །འདི་ལ་ཡང་བསོད་ནམས་འཕེལ་བར་བཤད་པ་དངོས་དང༌། ཚུལ་བཞིན་ཡིད་ལ་བྱེད་པའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་ན་ཞེས་པ་ནས། མངོན་པར་ཤེས་པ་ལྔ་ལ་བཀོད་པ་ནི་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཚུལ་བཞིན་ཡིད་ལ་བྱེད་པ་རྒྱས་པར་བཤད་པ་ནི། དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་འདི་ཡིན་ཞེས་སོགས་ཏེ། ཕར་ཕྱིན་དྲུག་ནས་རྣམ་མཁྱེན་གྱི་བར་ལ་མཐའ་གཉིས་སུ་འཛིན་པ་བཀག་པའི་ཚུལ་གྱིས་གསུངས་སོ། །བཀུར་བ་བདུན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་ལ། རྣམ་པ་དུ་མར་ཕྱེ་ཞིང་གཏན་ལ་འབེབས་པར་བྱེད་པ་དང༌། ཤེར་ཕྱིན་གྱི་དོན་གཉིས་དང་གཉིས་མེད་དུ་ལྟ་བ་བཀག་པ་དང༌། མཚན་མ་ཡོད་མེད་དུ་ལྟ་བ་བཀག་པས་གསུངས་ཏེ། ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་ཤེར་ཕྱིན་གཞན་ལ་ཞེས་པ་ནས། བདག་འབའ་ཞིག་གིས་ཞེས་པའི་བར་དང༌། ཡིད་ལ་བྱ་བས་ནི་མ་ཡིན་ནོ་ཞེས་པའི་བར་གྱིས་གསུངས་སོ། །བཀུར་བ་བརྒྱད་པ་ནི། ཀཽ་ཤི་ཀ་གཞན་ཡང་ཞེས་པ་ནས་བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད་པ་དང་ལྡན་པར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །བཀུར་བ་དགུ་པ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་མཆོད་པ་བས། ཤེར་ཕྱིན་གཞན་ལ་བྱིན་པ་བསོད་ནམས་ཆེ་བས་གསུངས་ཏེ། ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་ཞེས་པ་ནས། འོག་ཕྱོགས་ཀྱི་དེ་བཞིན་གཤེགས་པ་མཆོད་པ་ལ་སྦྱར་བའི་བར་གྱིས་གསུངས་སོ། །བཀུར་བ་བསྟན་ཟིན་ཏོ། །བསྔགས་པ་དང་པོ་ནི། ཕར་ཕྱིན་ལ་དམིགས་པ་སྤྱོད་པ་བས། མི་དམིགས་པའི་ཚུལ་གྱིས་ཤེར་ཕྱིན་གཞན་ལ་རྒྱ་ཆེར་སྟོན་པ་བསོད་ནམས་འཕེལ་བས་གསུངས་ཏེ། ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས། བསྐལ་པ་ཚད་མེད་གྲངས་མེད་པར་མི་དམིགས་པའི་ཚུལ་གྱིས་ཞེས་པ་ནས། དེ་ལྟར་ཁོང་དུ་ཆུད་པ་མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན་ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །ཞེས་པའི་བར་གྱིས་གསུངས་སོ། །བསྔགས་པ་གཉིས་པ་ནི། གཞན་ལ་ཤེར་ཕྱིན་གྱི་གཟུགས་བརྙན་སྟོན་པ་བཀག་ནས་ཡང་དག་པའི་ཤེར་ཕྱིན་སྟོན་པ་ལ་གདམས་པས་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་མ་འོངས་པའི་དུས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་འབྱུང་སྟེ་ཞེས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་པའི་ཚུལ་གྱིས་སྤྱོད་པ་བཀག་ནས། མི་དམིགས་པའི་ཚུལ་གྱིས་ཤེར་ཕྱིན་གཞན་ལ་རྒྱ་ཆེར་སྟོན་པ་བསོད་ནམས་འཕེལ་བའི་རིམ་པས་གསུངས་ཏེ། ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་བསྐལ་པ་ཚད་མེད་གྲངས་མེད་པར་དམིགས་པའི་ཚུལ་གྱིས་ཞེས་པ་ནས། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལས་འཕྲོས་པའི་དོན་བཤད་པ་ལ་གཉིས་ཏེ། དམིགས་པའི་ཚུལ་གྱིས་སྤྱོད་པ་ངོས་བཟུང་བ་དང༌། དེའི་ཉེས་དམིགས་བཤད་པའོ། །དེ་ལ་དང་པོ་ནི། དམིགས་པའི་ཚུལ་གྱིས་སྤྱོད་པ་ཞེས་གསུངས་ན། དམིགས་པ་ཅི་ལྟ་བུ་ཞེ་ན། དེ་ལ་དམིགས་པ་ནི་འདི་ཡིན་ཏེ་ཞེས་པ་ནས། དེས་ཤེས་རབ་དེ་ལྟར་བསྒོམས་པས་ཤེས་རབ་ཉིད་དུ་འགྱུར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ཉེས་དམིགས་ནི། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལྟར་དམིགས་པ་ལ་སྤྱོད་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བསྔགས་པ་གཉིས་པ་སྟོན་པ་ལ་དྲི་བ་ནི། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱོད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་པ་ནས། ཤེར་ཕྱིན་གྱི་བར་དུ་དྲི་བའོ། །ལན་ལ། འཁོར་གསུམ་མི་དམིགས་པའི་ཚུལ་གྱིས་སྤྱོད་པར་བྱའོ་ཞེས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་ཞེས་པ་ནས། ཤེར་ཕྱིན་ཡོངས་སུ་རྫོགས་པར་འགྱུར་ཞེས་པའི་བར་གྱིས་གསུངས་སོ། །རང་གིས་བསྒོམས་པ་ལྟར་གཞན་ལ་ཡང་བསྟན་པར་བྱའོ་ཞེས་བསྟན་པ་ནི། ཀཽ་ཤི་ཀ་ཞེས་པ་ནས། ཡི་གེ་དང་ལྡན་པར་བསྟན་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །བསྔགས་པ་གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་མ་འོངས་པའི་དུས་ན་ཞེས་སོགས་ཀྱིས་གསུངས་ཏེ། འདི་ལ་གཉིས། ཤེར་ཕྱིན་གྱི་གཟུགས་བརྙན་གཞན་ལ་སྟོན་པ་བཤད་པའི་འགྲེས་དང༌། གཉེན་པོ་ཤེར་ཕྱིན་ཚུལ་བཞིན་དུ་གཞན་ལ་སྟོན་པའི་འགྲེས་སོ། །དང་པོ་ནི། ཀཽ་ཤི་ཀ་མ་འོངས་པའི་དུས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་འབྱུང་སྟེ་ཞེས་པ་ནས། དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྗེས་སུ་དགའ་བར་གྱིས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག་ཅེས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་དེ་ལྟར་སྟོན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཞེས་པའི་བར་དུ་གསུངས་ཏེ་བམ་པོ་གཅིག་ཙམ་སྣང་ངོ༌། །དེ་ཡང་དངོས་གཞི་དམིགས་པའི་ཚུལ་གྱིས་ཤེར་ཕྱིན་གྱི་བསྒོམ་ཚུལ་དང༌། དམིགས་པའི་ཚུལ་གྱིས་ཤེར་ཕྱིན་བསྒོམས་པས་ཡོན་ཏན་ཐོབ་ཚུལ་དང༌། དམིགས་པའི་ཚུལ་གྱིས་རྗེས་དགེ་བ་བྱང་ཆུབ་ཏུ་བསྔོ་བའི་སྒོ་ནས་ཤེར་ཕྱིན་གྱི་གཟུགས་བརྙན་སྟོན་ཚུལ་དང་གསུམ་གྱིས་ཤེས་པར་བྱའོ། །གཉིས་པ་གཟུགས་བརྙན་དུ་སྟོན་པའི་གཉེན་པོ་ཤེར་ཕྱིན་ཚུལ་བཞིན་དུ་གཞན་ལ་བསྟན་པའི་འགྲེས་ནི། སྔར་ལས་བཟློག་པའི་ཚུལ་གྱིས་གསུངས་ཏེ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སྟོན་ན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་པ་ལགས་ཞེས་པ་ནས། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ནི་ཆེས་མང་དུ་འཕེལ་གྱི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དག་གིས་ནི་མ་ཡིན་ནོ་ཞེས་པའི་བར་དུ་གསུངས་ཏེ། དེ་ལ་ཤེར་ཕྱིན་བསྒོམས་ཤིག་ཅེས་པ་ནི་གདམས་པའོ། །ཚུལ་ཇི་ལྟར་དུ་བསྒོམ་སྙམ་ན། གཟུགས་མི་རྟག་ཅེས་བྱ་བར་ཡང་དག་པར་མི་བལྟ་ཞིག་ཅེས་པའོ། །དེའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་རང་བཞིན་གྱིས་སྟོང་སྟེ་ཞེས་པའོ། །རང་བཞིན་མེད་པ་གང་ཡིན་པ་དེ་ཉིད་དངོས་པོར་མེད་ཅེས་བསྟན་ཏོ། །དེ་ཡང་གཟུགས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ་ཞེས་པའོ། །དངོས་པོ་མེད་པར་རྟོགས་པ་ཉིད་ཤེར་ཕྱིན་དུ་བསྟན་པ་ནི། དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཞེས་པའོ། །ཤེར་ཕྱིན་ལ་དམིགས་པའི་ཚུལ་གྱིས་མི་འཇུག་པར་བསྟན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་གཏན་ཚིགས་ནི་ཁྱད་གཞི་གཟུགས་ཀྱང་མེད་ན་ཁྱད་ཆོས་རྟག་མི་རྟག་ག་ལ་ཡོད་ཅེས་པའི་ཚུལ་གྱིས་སྟོན་པའོ། །ཇི་སྐད་བཤད་པ་དེ་ཉིད་ཤེར་ཕྱིན་གྱི་གཟུགས་བརྙན་མི་སྟོན་པའི་འཐད་པ་ནི། ཀཽ་ཤི་ཀ་དེ་ལྟར་ཞེས་པ་ནས། གཟུགས་བརྙན་མི་སྟོན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །བཤད་ཚུལ་དེ་བཞིན་དུ་འགྲེས་ལྷག་མ་རྣམས་ལ་ཡང་སྦྱར་རོ། །བསྔགས་པ་བཞི་པ་ནི། འཛམ་བུའི་གླིང་དང༌། གླིང་བཞི་པ་དང༌། སྟོང་གཅིག སྟོང་གཉིས་དང༌། སྟོང་གསུམ་དང༌། ཕྱོགས་བཅུའི་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་བསོད་ནམས་ལས་ཤེར་ཕྱིན་གཞན་ལ་རྒྱ་ཆེར་བཤད་ཅིང་འཛིན་དུ་གཞུག་པ་ལ་བསྐུལ་བའི་བསོད་ནམས་ཆེ་བར་བསྟན་པའི་འགྲེས་དྲུག་གོ །བསྔགས་པ་ལྔ་པ་ནི། གླིང་བཞི་པ་ནས་ཕྱོགས་བཅུའི་སེམས་ཅན་གྱི་བར་ཕྱིར་འོང་དང་ཕྱིར་མི་འོང་དང༌། དགྲ་བཅོམ་པ་དང༌། རང་རྒྱལ་གྱི་བར་ལ་བཀོད་པའི་བསོད་ནམས་ལས་ཤེར་ཕྱིན་གཞན་ལ་བསྟན་པའི་བསོད་ནམས་ཆེ་བར་བསྟན་པ་ཡང༌། འཛམ་བུའི་གླིང་དང་གླིང་བཞི་པ་སོགས་ལ་སྦྱར་བའི་བྱེ་བྲག་འགྲེས་དྲུག་ཏུ་བཤད་པས་བསྟན་ཏོ། །བསྔགས་པ་དྲུག་པ་ནི། རྫོགས་པའི་བྱང་ཆུབ་ཏུ་འཛིན་ཏུ་འཇུག་པའི་བསོད་ནམས་ལས་གཞན་ལ་ཤེར་ཕྱིན་བཤད་པའི་བསོད་ནམས་ཆེ་བར་འཛམ་བུའི་གླིང་ལ་སོགས་པ་ལ་སྦྱར་བའི་བྱེ་བྲག་གིས་འགྲེས་དྲུག་ཏུ་བཤད་པས་བསྟན་ཏོ། །བསྔགས་པ་བདུན་པ་ནི། ཕྱིར་མི་ལྡོག་པའི་ས་ལ་བཀོད་པའི་བསོད་ནམས་ལྷག་པའི་འགྲེས་དྲུག་སྔར་བཞིན་དུ་སྦྱར་རོ། །བསྔགས་པ་བརྒྱད་པ་ནི། བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པ་ལས་བསོད་ནམས་ལྷག་པས་བསྟན་ཏོ། །བསྔགས་པ་དགུ་བ་ནི། ཕྱིར་མི་ལྡོག་པ་དེ་དག་ལ་ཤེར་ཕྱིན་བསྟན་པ་ལས་ཀྱང༌། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ལ་ཤེར་ཕྱིན་བསྟན་པ་བསོད་ནམས་ཆེ་བར་བསྟན་པའི་འགྲེས་དྲུག་གིས་བསྟན་ཏེ། དེ་དག་གི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སྙིང་རྗེ་ཆེན་པོས་མནར་བའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏོ། །སྔར་བཅོམ་ལྡན་འདས་ཀྱིས་རྒྱུན་དུ་ཞུགས་པ་སོགས་ལ་བཀོད་པ་ལས་ཤེར་ཕྱིན་གཞན་ལ་བྱིན་པ་བསོད་ནམས་ཆེ་བ་དང་མཐུན་པར་བརྗོད་པ་ལ་བརྒྱ་བྱིན་གྱི་འགྲེས་བསྟན་པ་དང༌། དེའི་འོག་ཏུ་རྗེས་སུ་ཡི་རང་བའི་འགྲེས་བསྟན་པ་དང་གཉིས་ལས། དང་པོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་སོགས་ཀྱིས་གསུངས་ཏེ། དོན་ནི་གདམས་པ་དང་རྗེས་སུ་བསྟན་པའི་སྒོ་ནས་གཞན་ལ་ཤེར་ཕྱིན་བསྟན་པར་བྱ་བ་ཡིན་ཏེ། དེ་ལྟར་བསྟན་པའི་སྔར་རྒྱུན་ཞུགས་སོགས་ལ་བཀོད་པ་ལས་བསོད་ནམས་ཆེས་མང་དུ་འཕེལ་བའི་ཕྱིར་ཏེ། དེ་ཡང་ཅིའི་སླད་དུ་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ལ་ཇི་ཙམ་ཉེ་བར་འགྱུར་བ་དེ་དག་ལ་གདམས་པ་དང་རྗེས་སུ་བསྟན་པ་མཛད་པས། གཞན་ལ་ཡང་གདམས་པ་དང་རྗེས་སུ་བསྟན་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ན་བླ་ན་མེད་བྱང་ཆུབ་ལ་ཉེ་བ་དེ་དག་ལ་ཤེར་ཕྱིན་གདམས་པ་དང་རྗེས་སུ་བསྟན་པའི་སྒོ་ནས་བསྟན་པར་བྱ་བ་ཡིན་ཏེ། སྔར་རྒྱུན་ཞུགས་སོགས་ལ་བཀོད་པར་བསྟན་པ་ལས། ཤེར་ཕྱིན་གཞན་ལ་བསྟན་པ་བསོད་ནམས་འཕེལ་བའི་ཕྱིར་ཏེ། དེ་ལས་སྔ་མ་ལྟར། གདམས་པ་དང་རྗེས་སུ་བསྟན་པ་གཞན་ཡང་འབྱུང་བའི་ཕྱིར་རོ་ཞེས་པའོ། །གཉིས་པ་རྗེས་སུ་ཡི་རང་བའི་འགྲེས་ལ། རབ་འབྱོར་གྱིས་ལྷའི་དབང་པོའི་ཚིག་ལ་རྗེས་སུ་ཡི་རང་བར་མཛད་པ་དང༌། རྗེས་སུ་ཡི་རང་བར་མཛད་པའི་འཐད་པ་བསྟན་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་སྨྲས་པ་ཞེས་པ་ནས། ཕན་གདགས་ཤིང་ཡོངས་སུ་བསྐྱང་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་འབྱུང་ངོ་ཞེས་པ་ནས། ཐེག་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་ལེའུ་ཡོངས་སུ་རྫོགས་པའི་བར་དུ་གསུངས་སོ། །བརྒྱ་བྱིན་གྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་རྣམ་པར་བཤད་པའོ།། ༈ ཉེར་ལྔ་པ་རྗེས་སུ་ཡི་རང་དང་བསྔོ་བའི་ལེའུ་བཤད་པ། ལེའུ་འདི་ནས་བསྔོ་བ་དང་རྗེས་སུ་ཡི་རང་བ་གཉིས་སྟོན་པ་ལས། དང་པོ་བསྔོ་བ་ལ་བཅུ་གཉིས་ཀྱིས་ཡོངས་སུ་བསྔོ་བ་ཁྱད་པར་ཅན་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། གནས་བརྟན་རབ་འབྱོར་ལ་སྨྲས་པ་ཞེས་སོགས་ཀྱིས་གསུངས་ཏེ། དེ་ལ་ཉན་རང་གི་བསོད་ནམས་ལས་ཁྱད་པར་དུ་འཕགས་པར་བསྟན་པ་དང༌། དོགས་པ་གཅོད་པའི་དོན་དུ་བརྒལ་ལན་གྱིས་གཏན་ལ་དབབ་པའོ། །དང་པོ་ནི། བྱང་སེམས་ཀྱི་རྗེས་སུ་ཡི་རང་གི་བསོད་ནམས་དང༌། བསོད་ནམས་ཀྱི་དངོས་པོ་གསུམ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ་བླ་མེད་བྱང་ཆུབ་ཏུ་བསྔོ་བ་འདི་ཉིད། ཉན་རང་གི་བསོད་ནམས་བྱ་བའི་དངོས་པོ་གསུམ་ལས་རབ་ཏུ་གྱུར་པ་ཡིན་ཞེས་བསྟན་ཏེ། བཙུན་པ་རབ་འབྱོར་ཞེས་པ་ནས། མི་མཉམ་པ་དང་མཉམ་པ་ཞེས་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་གསུངས་ཏེ། ཉན་རང་ནི་རང་ཉིད་འདུལ་བའི་ཆེད་ཡིན་ལ། བྱང་སེམས་ནི་སེམས་ཅན་གཞན་གྱི་དོན་དུ་བསྔོ་བ་མཛད་པའི་ཕྱིར་རོ་ཞེས་པའི་དོན་ནོ། །ཚིག་ནི་འདི་ལྟར་ཉན་ཐོས་དང་ཞེས་པ་ནས། བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་པའི་བར་རོ། །གཉིས་པ་དོགས་པ་གཅོད་པའི་དོན་དུ་རྒལ་ལན་གྱིས་དོན་གཏན་ལ་དབབ་པ་ལ། དང་པོ་བརྒལ་བ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། དངོས་པོ་དེ་དག་དང་དམིགས་པ་དེ་དག་རིགས་ཀྱི་བུ་དེ་དག་གིས་ཇི་ལྟར་མཚན་མར་བྱས་པ་དེ་བཞིན་དུ་དམིགས་སུ་ཡོད་པ་ཡིན་ནམ་ཞེས་པའི་བར་གྱིས་བསྟན་ཏེ། རབ་འབྱོར་གྱིས་བྱམས་པ་ལ་དྲི་བ་བཀོད་པའོ། །རྗེས་སུ་ཡི་རང་བར་བྱ་བའི་དངོས་པོ་དང༌། རྗེས་སུ་ཡི་རང་བ་དང༌། རྗེས་སུ་ཡི་རང་བའི་བསོད་ནམས་ལ་དམིགས་ནས་བྱང་ཆུབ་ཏུ་བསྔོ་བར་བྱེད་ན། ཇི་ལྟར་དམིགས་ཤིང་མཚན་མར་བཟུང་བ་དེ་བཞིན་དུ་ཡོད་པ་ཡིན་ནམ། གལ་ཏེ་ཡོད་ན་དམིགས་པ་དང་བཅས་པའི་སྐྱོན་དུ་འགྱུར་རོ་ཞེ་ན་ཞེས་པའོ། །བྱམས་པས་ལན་སྨྲས་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ཞེས་པ་ནས། དམིགས་སུ་ཡོད་པ་མ་ཡིན་ནམ་ཞེས་པའི་བར་གྱིས་གསུངས་ཏེ། དོན་དམ་པའི་དབང་དུ་བྱས་ནས་གསུངས་སོ། །རབ་འབྱོར་གྱིས་སླར་ཡང་རྩོད་པ་སྨྲས་པ་ནི། གལ་ཏེ་དམིགས་ཡུལ་གྱི་དགེ་བ་སོགས་དེ་དག་དང༌། བསྔོ་བའི་བྱང་ཆུབ་ཀྱང་མེད་ན། རང་བཞིན་གྱི་དགེ་བ་ལ་དམིགས་ནས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་འདི་མེད་པ་ལ། ཡོད་པར་སྒྲོ་བཏགས་པས་ཕྱིན་ཅི་ལོག་ཏུ་འགྱུར་བ་མ་ཡིན་ནམ་ཞེས་རྩོད་པ་སྟེ། རབ་འབྱོར་གྱིས་སྨྲས་པ་གལ་ཏེ་དེ་ལྟར་ཞེས་པ་ནས། ཕྱིན་ཅི་ལོག་ཏུ་མ་གྱུར་དམ་ཞེས་པའི་བར་གྱིས་བསྟན་ཏེ། དགེ་རྩ་སོགས་ཀྱི་དངོས་པོ་དང༌། དམིགས་པ་མེད་པ་ཇི་ལྟ་བར་བསྔོས་པའི་བྱང་ཆུབ་ཀྱང་མེད། དེ་བཞིན་དུ་སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡང་མེད་ན། བསྔོ་བའི་དངོས་པོ་སོགས་གང་ཞིག་ཡིན་ཏེ་མེད་པ་ཉིད་དུ་འགྱུར་རོ་ཞེས་པ་ནི་རྩོད་པའོ། །བྱམས་པས་ལན་སྨྲས་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དག་ནི་མཚན་མ་དང་བཅས་པའི་ཚུལ་གྱིས་མི་བསྔོ་ཡི། མཐའ་གཉིས་སྤངས་པའི་ཚུལ་གྱིས་ཡོངས་སུ་བསྔོའོ། །དགེ་བའི་བཤེས་གཉེན་གྱིས་མ་ཟིན་པ་དག་ནི་མཚན་མ་དང་བཅས་པའི་ཚུལ་གྱིས་བསྔོའོ་ཞེས་གསུངས་པ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ཞེས་པ་ནས། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་ཞེས་པའི་བར་གྱིས་གསུངས་ཏེ། ཡང་དག་པའི་བསྔོ་བ་དང༌། ཡང་དག་པ་མ་ཡིན་པའི་བསྔོ་བ་གཉིས་སུ་ཕྱེ་ནས་གསུངས་སོ། །དེས་ན་ཐེག་པ་ལ་གསལ་དུ་ཞུགས་པ་རྣམས་ནི་དམིགས་པ་མེད་པའི་ཚུལ་གྱིས་བསྔོ་བ་བཤད་པའི་སྣོད་མ་ཡིན་པས་དེའི་མདུན་དུ་བཤད་པར་མི་བྱའོ། །ཞེས་པ་སྟོན་པ་ནི། བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི་ཞེས་པ་ནས། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མི་བཤད་དོ་ཞེས་པའི་བར་གྱིས་བཤད་དོ། །དེའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས། མེད་པར་འགྱུར་བའི་ཕྱིར་ཞེས་པའི་བར་གྱིས་བསྟན་ཏོ། །འོ་ན་སུ་ཞིག་ལ་བསྟན་པར་བྱ་སྙམ་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བཤད་ཅིང་བསྟན་ཏོ་ཞེས་པ་ནས། དེའི་མདུན་དུ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་བཤད་པར་བྱའོ་བསྟན་པར་བྱའོ། །དེས་ནི་དེ་ཐོས་ནས་མི་འཇིགས། མི་དངངས། སྐྲག་པར་མི་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་ཞེས་པ་ནས། དེ་ལྟར་ཡོངས་སུ་བསྔོ་བར་བྱ་ཞེས་པའི་བར་གྱིས་བསྟན་ཏོ། །མཚན་མར་བྱས་ནས་བསྔོ་བ་ནི་རྣམ་པ་བཞིས་མི་རིགས་པར་བསྟན་ཏེ། རྗེས་སུ་ཡི་རང་བའི་སེམས་དང༌། བསོད་ནམས་བྱ་བའི་དངོས་པོ་དང༌། དམིགས་པ་དང༌། བསྔོ་བའི་སེམས་གསུམ་གཅིག་གི་དུས་སུ་གཅིག་འགགས་པས་ཕྲད་པ་མེད་པ་ནི་དང་པོའོ། །བསྔོ་བྱའི་སེམས་དང་བསྔོ་བའི་སེམས་གཉིས་ཕྲད་པ་མེད་པ་ནི་གཉིས་པའོ། །གསུམ་པ་ནི་སེམས་ཀྱི་རང་བཞིན་བསྔོ་བར་མི་ནུས་པའོ། །བཞི་པ་ནི་དངོས་པོར་མེད་པས་བསྔོ་བར་མི་ནུས་པའོ། །དང་པོ་ནི། རབ་འབྱོར་གྱིས་སྨྲས་པ། བྱམས་པ་སེམས་གང་གིས་རྗེས་སུ་ཡི་རང་ཞིང་ཞེས་པ་ནས། གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། རྗེས་སུ་ཡི་རང་དང༌། དགེ་བའི་རྩ་བ་དང༌། བསྔོ་བར་བྱེད་པའི་སེམས་རྣམས་སྐད་ཅིག་རེ་རེ་ཟད་ཅིང་འགགས་པར་འགྱུར་བ་ཡིན་པའི་ཕྱིར། གང་ཞིག་གང་གིས་གང་དུ་བསྔོ་བར་བྱ་ཞེས་པའི་དོན་ནོ། །གཉིས་པ་ནི། ཅི་སེམས་ཀྱིས་སེམས་ཡོངས་སུ་བསྔོའམ་ཞེས་པ་ནས་ཕྲད་པར་འགྱུར་བ་མེད་དེ་ཞེས་པའི་བར་གྱིས་གསུངས་སོ། །གསུམ་པ་ནི། སེམས་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ཡང་བསྔོ་བར་མི་ནུས་སོ་ཞེས་པའོ། །བཞི་པ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མེད་པའོ་ཞེས་པའི་བར་གྱིས་གསུངས་སོ། །དོན་དམ་པར་མི་དམིགས་པར་ཤེས་པའི་ཚུལ་གྱིས་བསྔོས་ན་བསྔོ་བ་ཡང་དག་པར་འགྱུར་ཞེས་བསྟན་པ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་པ་ནས་ཡོངས་སུ་བསྔོ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱུད་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔོ་བ་ནི་ཡོངས་སུ་དག་པར་འགྱུར་ན། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། མི་དམིགས་པའི་བསྔོ་ཚུལ་བསྟན་པ་དེ་ལ་སྐྲག་པ་སྐྱེ་བར་མི་འགྱུར་རམ། དེ་དག་གིས་ཐབས་ཇི་ལྟར་བསྔོ་བར་བྱ་ཞེས་དྲི་བ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །དམིགས་པ་མེད་པའི་བསྔོ་བ་ནི་མཚན་མ་མེད་པའི་ཚུལ་གྱིས་བསྔོ་བའི་ཐབས་བསྟན་པ་ལ། འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་ཆེད་དུ་བྱམས་པ་ལ་དམིགས་ནས་སྨྲས་པའི་ལན་གྱིས་གསུངས་ཏེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་དམིགས་ནས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་མི་དམིགས་པའི་ཚུལ་དང༌། མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད་ན་ཞེས་པའི་བར་དུ་གསུངས་ཏེ། མི་དམིགས་པའི་ཚུལ་གྱིས་བསྔོ་བ་བསྟན་པ་ཡིན་ནོ། །དེ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མོས་པར་འགྱུར་བ་དང༌། དགེ་བའི་བཤེས་གཉེན་གྱིས་ཟིན་པ་དང༌། དགེ་བའི་བཤེས་གཉེན་དེས་ཀྱང་ཕར་ཕྱིན་དྲུག་གི་གཏམ་གྱིས་རྗེས་སུ་འཛིན་པར་འགྱུར་བ་དང༌། ཤེར་ཕྱིན་དང་མི་བྲལ་བའི་ཐབས་སྟོན་པས་རྗེས་སུ་འཛིན་པར་འགྱུར་བའི་ཕན་ཡོན་ཡོད་པར་སྟོན་ཏེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མང་བ་དང་ཞེས་པ་ནས། བྱང་ཆུབ་སེམས་དཔའི་རིགས་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་འབྲལ་བར་མི་འགྱུར་རོ་ཞེས་པའི་བར་དུ་གསུངས་སོ། །འདི་ནས་ཕྱིན་ཅི་མ་ལོག་པའི་བསྔོ་བ་སྟོན་པ་ལ་འགྲེས་ནས་པ་དགུ་ལས། འགྲེས་དང་པོས་ཕྱིན་ཅི་མ་ལོག་པའི་བསྔོ་བ་སྟོན་པ་ལ། བྱམས་པས་རབ་འབྱོར་ལ་དྲི་བ་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཞེས་པ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ནི་རབ་འབྱོར་གྱིས་སྨྲས་པ། བྱམས་པ་གལ་ཏེ་ཞེས་པ་ནས། འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར། ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར། ཞེས་པའི་བར་རོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཡང་དག་པར་རྗེས་སུ་མཐོང་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསྔོ་བ་བླ་ན་མེད་པ་སྟེ་འགྲེས་དང་པོའོ། །འགྲེས་གཉིས་པ་ནི་དབེན་པའི་བསྔོ་བ་སྟོན་པ་སྟེ། དོན་དམ་པར་བསྔོ་བ་མེད་པའི་ཚུལ་གྱིས་བསྔོ་བ་ཡིན་ནོ་ཞེས་པའི་ཚུལ་གྱི་སྟོན་པ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་ཞེས་པ་ནས། དེ་ལྟར་ཡོངས་སུ་བསྔོས་ན་ནི་འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ་ཞེས་པའི་བར་གྱིས་གསུངས་ཏེ། ཕུང་པོ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རང་བཞིན་གྱིས་དབེན་པའི་ཚུལ་དུ་ཤེས་ནས་བསྔོས་ན། བསྔོ་བ་ཡོངས་སུ་དག་པ་ཡིན་ནོ་ཞེས་པའི་དོན་ནོ། །འགྲེས་གསུམ་པས་དགེ་བའི་རྩ་བ་རྣམས་དུས་གསུམ་གྱི་སངས་རྒྱས་ཀྱི་རང་བཞིན་དུ་དྲན་པའི་བསྔོ་བ་སྟོན་པ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མཚན་མའི་ཚུལ་གྱིས་ཞེས་པ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །འགྲེས་བཞི་པས་ཐབས་ལ་མཁས་པའི་བསྔོ་བ་སྟོན་པ་ནི། བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་ཞེས་པ་ནས། ཡོངས་སུ་བསྔོ་བ་ཡིན་ཞེས་པའི་བར་ནི་དྲི་བའོ། །ལན་ནི་རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །འགྲེས་ལྔ་པས་མཚན་མ་མེད་པའི་བསྔོ་བ་སྟོན་པ་ནི། མཚན་མར་མི་བྱེད་པ་དང་ཡོངས་སུ་བསྔོ་བ་གཉིས་འགལ་ལོ་སྙམ་དུ་གཞན་དག་སེམས་པར་བྱེད་ན་ཇི་ལྟར་ལན་འདེབས་ཞེས་དྲིས་པ་དང༌། གནས་བརྟན་རབ་འབྱོར་གྱིས་ཡང་དག་པར་བསྔོ་བར་འདོད་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ་ཞེས་གསུངས་པ་ནི། བྱམས་པས་སྨྲས་པ་ཞེས་པ་ནས། མཚན་མ་མེད་པར་བྱས་ཏེ། ཡོངས་སུ་བསྔོ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དོགས་པ་གཅོད་པའི་དོན་དུ་མཚན་མེད་ཀྱི་བསྔོ་བའི་མི་མཐུན་ཕྱོགས་མཚན་བཅས་ངོས་བཟུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་དམིགས་པའི་འདུ་ཤེས་ཅན་དང་མཚན་མའི་འདུ་ཤེས་ཅན་གྱིས་ཡོངས་སུ་བསྔོ་བ་དོན་ཆེ་བར་མ་གསུངས་སོ་ཞེས་པ་ནས། དེ་དེ་ལྟར་ཡོངས་སུ་བསྔོས་ན། དེ་བཞིན་གཤེགས་པ་ལ་སྐུར་པ་བཏབ་པར་འགྱུར་རོ། །དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་སྨྲས་པ་ཡང་མ་ཡིན་ནོ། །ཆོས་བཞིན་དུ་སྨྲ་བ་ཡང་མ་ཡིན་པར་འགྱུར་ཏེ་ཞེས་པའི་བར་གྱིས་གསུངས་སོ། །འགྲེས་དྲུག་པས། སངས་རྒྱས་རྗེས་སུ་ཡི་རང་གི་བསྔོ་བ་སྟོན་པ་ནི། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཇི་ལྟར་ན་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་སྟེ་ཡོངས་སུ་བསྔོ་བར་བྱ་ཞེས་པ་ནས། དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་སྨྲ་བ་དང༌། ཆོས་བཞིན་དུ་སྨྲ་བར་འགྱུར་རོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བསྔོ་བ་དེ་དུག་མེད་ཅིང་བདུད་རྩིའི་མཐར་ཕྱིན་པར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །འགྲེས་བདུན་པས་ཁམས་གསུམ་དུ་གཏོགས་པ་མ་ཡིན་པའི་བསྔོ་བ་བསྟན་པ་ནི། གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དགེ་བའི་རྩ་བ་རྣམས་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ་ཞེས་སོགས་ཀྱིས་གསུངས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་ཁམས་གསུམ་དུ་མ་གཏོགས་པ་དང་དུས་གསུམ་དུ་མ་གཏོགས་པའི་ཚུལ་གྱིས་བསྔོ་བ་ནི་བསྔོ་བ་ཡང་དག་པའོ་ཞེས་སྟོན་ནོ། །ཁམས་གསུམ་དུ་མ་གཏོགས་པ་དང༌། དུས་གསུམ་དུ་མ་གཏོགས་པ་ནི་མཚན་མའི་ཚུལ་ལམ་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མི་ནུས་སོ། །དེའི་གཏན་ཚིགས་བཤད་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མེད་དེ་ཞེས་པའི་ཚུལ་དུ་གཟུགས་ལ་སྦྱར་བ་དེ་བཞིན་དུ་རྣམ་མཁྱེན་གྱི་བར་དང་ཁམས་གསུམ་གྱི་བར་དུ་སྦྱར་ནས། དེ་ལྟར་ཤེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསྔོ་བ་དུག་མེད་པ་ཡིན་ཏེ། བདུད་རྩིའི་མཐའ་ཕྱིན་ཏོ་ཞེས་པ་ནི་དོན་བསྡུ་བའོ། །འགྲེས་བརྒྱད་པས་ཁམས་གསུམ་དུ་མ་གཏོགས་པའི་ཚུལ་དུ་བསྔོ་བ་ལས་གཞན་དུ་མཚན་མའི་ཚུལ་གྱིས་བསྔོས་ན་ཉེས་པ་དང་བཅས་པ་ཡིན་ནོ་ཞེས་སྟོན་པ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་མཚན་མའི་ཚུལ་ལམ་དམིགས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་ན་ལོག་པར་ཡོངས་སུ་བསྔོ་བ་ཡིན་གྱི་ཡང་དག་པ་ཡོངས་སུ་བསྔོ་བ་མ་ཡིན་ནོ་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །གཏན་ཚིགས་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་དུག་དང་བཅས་པའི་ཕྱིར་རོ་ཞེས་པས་བསྟན་ཏོ། །འགྲེས་དགུ་པ་ནི། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། རབ་འབྱོར་ཁྱོད་སྟོན་པའི་བྱ་བ་བྱེད་པ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། རབ་འབྱོར་གྱིས་གོང་དུ་མཚན་མ་མེད་པའི་ཚུལ་གྱིས་བསྔོ་བ་བཤད་པ་འདི་ཉིད་ལ་བསྟོད་པ་མཛད་ནས་ཆོས་ཉིད་ཀྱི་ཚུལ་དུ་མི་དམིགས་པར་བསྔོ་བར་གསུངས་པ་ནི། སྟོན་པའི་བྱ་བ་བྱེད་པ་ཡིན་ནོ་ཞེས་སྟོན་ནོ། །འདི་ནི་བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བ་ཆུང་འབྲིང་ཆེན་པོ་གསུམ་བསྟན་ཏེ། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས་ཆགས་པ་མེད་པའི་བསྔོ་བ་བསོད་ནམས་ཆེ་བར་བསྟན་པ་ནི་དང་པོའོ། །སེམས་ཅན་དེ་དག་རྒྱུན་དུ་ཞུགས་པ་ནས་རང་བྱང་ཆུབ་ལ་བཀོད་པ་བས། ཆགས་པ་མེད་པའི་བསྔོ་བ་བསོད་ནམས་ལྷག་པ་ཞེས་བྱ་བ་ནི་གཉིས་པའོ། །སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔར་འགྱུར་བ་རྣམས་ལ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱིས་དེ་དག་རེ་རེ་ལའང་རྐྱེན་བཞི་དང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བྱས་པའི་བསོད་ནམས་ལས། མ་ཆགས་པའི་བསྔོ་བ་ལྷག་པར་བསྟན་པ་ནི་གསུམ་པའོ། །བསོད་ནམས་ཆེན་པོ་འབྱུང་བའི་འགྲེས་དང་པོ་ནི། བཅོམ་ལྡན་འདས་གལ་ཏེ་བསོད་ནམས་བགྱི་བའི་དངོས་པོ་དེ་ལ་གཟུགས་སུ་མཆིས་ལགས་ན་ནི་ཞེས་པ་ནས། དཔེ་དང་རྒྱུར་ཡང་མི་བཟོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་འཐད་པའི་གཏན་ཚིགས་བཀོད་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་པ་དང༌། བསམ་གཏན་བཞི་དང་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྔོ་བ་ཤིན་ཏུ་ཆེའོ་ཞེས་པའི་བར་གྱིས་བསྟན་ཏེ། དམིགས་པའི་འདུ་ཤེས་ཅན་གྱིས་བསྔོ་བ་ལས་མཚན་མ་མེད་པའི་ཚུལ་གྱིས་བསྔོ་བ་ཁྱད་པར་དུ་འཕགས་པར་སྟོན་ནོ། །དེའི་འོག་ཏུ་སུམ་ཅུ་རྩ་གསུམ་ནས་བཟུང་སྟེ། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་དམིགས་པ་མེད་པའི་བསྔོ་བ་ལ་བསྟོད་པ་མཛད་པའི་འགྲེས་དང༌། སྟོང་གསུམ་གྱི་སེམས་ཅན་བྱང་ཆུབ་ཏུ་ཞུགས་པ་དེ་དག་གིས་སངས་རྒྱས་ཉན་རང་དང་བཅས་པའི་དགེ་བ་ལ་དམིགས་བཅས་ཀྱིས་རྗེས་སུ་ཡི་རང་བ་དང་བསྔོ་བ་ལས་བྱང་ཆུབ་ཏུ་ཞུགས་པའི་གང་ཟག་གཅིག་གིས་དེ་དག་གི་དགེ་བ་ལ་དམིགས་མེད་ཀྱི་རྗེས་སུ་ཡི་རང་བ་དང་བསྔོ་བ་ཁྱད་པར་འཕགས་པའི་འགྲེས་དང་གཉིས་ཀྱིས་བསྟན་ཏོ། །དང་པོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་སྟོང་ཕྲག་ཏུ་མ་དང་འགྲོགས་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་ཞེས་པ་ནས། རིགས་ཀྱི་བུ་མོ་སྔ་མ་ཐབས་མཁས་པ་དང་མི་ལྡན་པ་དམིགས་པའི་སྤྱོད་པ་ཅན་དེ་དག་གི་དགེ་བའི་རྩ་བ་དེ་དག་ཟིལ་གྱིས་མནན་པ་ངོ་མཚར་ཆེའོ་ཞེས་སྒྲར་བསྒྲགས་ཏེ་དབྱིངས་སུ་བརྗོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཞུང་འདི་དག་གི་དོན་ནི་སུམ་ཅུ་རྩ་གསུམ་ནས་བཟུང་ནས། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལྷ་རྫས་ཀྱིས་མཆོད་ནས། དམིགས་སུ་མ་མཆིས་པ་དང༌། མཚན་མ་མ་མཆིས་པ་དང༌། མངོན་པར་ཞེན་པ་བགྱིད་པ་མ་མཆིས་པའི་ཚུལ་གྱིས་བསྔོ་བ་ཁྱད་པར་དུ་འཕགས་པར་བསྟོད་པ་མཛད་དོ། །ཞེས་པའི་དོན་ནོ། །འགྲེས་གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷ་རྣམས་དང་ཞེས་པ་ནས། དམིགས་སུ་མེད་པའི་ཚུལ་གྱིས་བསྔོ་བ་འདི་ནི་མཆོག་ཅེས་བྱའོ་ཞེས་སོགས་ཁྱད་པར་དུ་འཕགས་པའི་རྣམ་གྲངས་བཅུ་གསུམ་གསུངས་པས་བསྟན་ཏོ། །འདིས་ནི་སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་བླ་མེད་བྱང་ཆུབ་ཏུ་བཅུག་པ་ཞིག་གིས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཉན་རང་དང་བཅས་པའི་སེམས་བསྐྱེད་པ་ནས་བཟུང་སྟེ། དམ་པའི་ཆོས་མ་ནུབ་ཀྱི་བར་གྱི་དམིགས་བཅས་ཀྱི་རྗེས་སུ་ཡི་རང་བ་དང་བསྔོ་བ་ལས། སེམས་ཅན་གཅིག་བྱང་ཆུབ་ཏུ་ཞུགས་པའི་དམིགས་མེད་ཀྱི་རྗེས་སུ་ཡི་རང་དང་བསྔོ་བ་ཁྱད་པར་དུ་འཕགས་སོ་ཞེས་བསྟན་ཏོ། །རྗེས་སུ་ཡི་རང་ལ་དྲི་བ་དང༌། ལན་གཉིས་ཀྱིས་བསྟན་ཏེ། དང་པོ་ནི། གོང་དུ་དམིགས་པ་མེད་པའི་རྗེས་སུ་ཡི་རང་ཁྱད་པར་དུ་འཕགས་པར་བསྟན་པ་ལ་དྲི་བ་སྟེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། མཉམ་པ་མ་མཆིས་པ་དང༌། མཉམ་པ་དང་མཉམ་པར་གྱུར་པ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ལ་རྗེས་སུ་ཡི་རང་སྟོན་པའི་འགྲེས་གསུམ་སྟེ། དགེ་བའི་རྩ་བ་དེ་དང་ལེན་གཏོང་མི་དམིགས་པར་རྟོགས་པའི་སྒོ་ནས་རྗེས་སུ་ཡི་རང་བའི་འགྲེས་དང༌། རྣམ་པར་གྲོལ་བར་རྟོགས་པའི་སྒོ་ནས་རྗེས་སུ་ཡི་རང་བའི་འགྲེས་དང༌། ཕྱོགས་བཅུའི་སངས་རྒྱས་ལ་བསྙེན་བཀུར་བྱས་པའི་དགེ་བ་མི་དམིགས་པའི་རྗེས་སུ་ཡི་རང་ལྷག་པར་བསྟན་པའི་འགྲེས་སོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་འདས་པ་དང༌། མ་བྱོན་པ་དང་ཞེས་པ་ནས། མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཞེས་པའི་བར་གྱིས་གསུངས་ཏེ། དེ་ལ་མི་ལེན་མི་གཏོང་ཞེས་སོགས་ཀྱི་དོན་ནི། དགེ་བའི་རྩ་བ་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་གཏོང་ལེན་མི་དམིགས་དང༌། སློབ་མི་སློབ་དང༌། དམིགས་པ་ཡོད་མེད་དང༌། སྐྱེ་འགག་སོགས་གང་དུ་ཡང་གྲུབ་པ་མེད་པས་སྤྲོས་པ་མེད་པའི་ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་རྗེས་སུ་ཡི་རང་བར་བྱའོ་ཞེས་པའི་དོན་ནོ། །འགྲེས་གཉིས་པ་ནི་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་འདས་པ་དང༌། མ་འོངས་པ་དང་ཞེས་པ་ནས། རབ་འབྱོར་རྗེས་སུ་ཡི་རང་བ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་པའི་བར་ཏེ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཉན་རང་དང་བཅས་པའི་དང་པོ་སེམས་བསྐྱེད་པ་ནས་དམ་པའི་ཆོས་མ་ནུབ་ཀྱི་བར་དུ་ཕྱིན་དྲུག་དང༌། ཟག་མེད་ཀྱི་ཕུང་པོ་ལྔ་དང༌། སངས་རྒྱས་ཀྱི་ཆོས་ཇི་སྙེད་དང༌། སེམས་ཅན་ཐམས་ཅད་ཀྱི་དགེ་བ་ཇི་སྙེད་པ་ལ་རྗེས་སུ་ཡི་རང་བར་བྱའོ། །ཚུལ་ཇི་ལྟར་རྗེས་སུ་ཡི་རང་ན། རྣམ་པར་གྲོལ་བ་སྟེ། གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པར་རྟོགས་པར་བྱས་ནས་རྗེས་སུ་ཡི་རང་བར་བྱའོ། །ཆོས་གང་དང་གང་རྣམ་པར་དག་པར་རྟོགས་པར་བྱ་ཞེ་ན། ཕུང་པོ་ལྔ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང༌། ཟག་མེད་ཀྱི་ཕུང་པོ་ལྔ་དང༌། དུས་གསུམ་དང་ཐེག་གསུམ་གྱི་མྱང་འདས་རྣམས། རྣམ་པར་དག་པར་རྟོགས་པར་བྱའོ། །དེ་དག་གདོད་མ་ནས་རྣམ་པར་དག་པས་བཅིངས་གྲོལ་དང༌། ཞེན་མ་ཞེན་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་འགགས་པ་དང༌། འཕོ་བ་དང༌། འཇིག་པ་མེད་པར་རྟོགས་པའི་ཚུལ་ལ་རྗེས་སུ་ཡི་རང་བ་ནི་མཆོག་ཏུ་བསྟན་པའོ། །འགྲེས་གསུམ་པ་ནི། རབ་འབྱོར་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་ཞེས་པ་ནས། བསྔོ་བའི་ལེའུ་ཡོངས་སུ་རྫོགས་པའི་བར་དུ་གསུངས་སོ། །ཕྱོགས་བཅུའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་འགའ་ཞིག་གིས་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱས་པ་དང༌། དམིགས་བཅས་ཀྱི་སྒོ་ནས་སྦྱིན་སོགས་དྲུག་ལ་སྤྱོད་པ་བས། མི་དམིགས་པའི་ཚུལ་གྱིས་རྗེས་སུ་ཡི་རང་བ་མཆོག་ཏུ་བསྟན་པའོ། །བསོད་ནམས་ཆེན་པོ་འབྱུང་བའི་འགྲེས་ཡན་ཆད་མངོན་རྟོགས་རྒྱན་ཏུ་ཡང་བསྟན་ལ། ལྷག་མ་རྣམས་ནི་རྒྱན་གྱིས་མ་བསྡུས་སོ། །རྗེས་སུ་ཡི་རང་བ་དང་བསྔོ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པ་རྣམ་པར་བཤད་པའོ།། ༈ ཉེར་དྲུག་པ་བསྒྲུབ་པའི་ལེའུ་བཤད་པ། བསྒྲུབ་པའི་ལེའུ་འདི་ནས་སྒྲུབ་པ་བསྒོམ་ལམ་སྟོན་ཏེ། གོང་དུ་རྗེས་སུ་ཡི་རང་བ་དང༌། བསྔོ་བའི་བསོད་ནམས་རྒྱ་ཆེན་པོ་ཐོས་ནས། ཤཱ་རིའི་བུ་དད་པ་སྐྱེས་ཤིང༌། འཁོར་རྣམས་ཀྱང་དད་པ་བསྐྱེད་པའི་ཕྱིར་དུ་ཚིག་བཅུ་བདུན་གྱིས་ཤེར་ཕྱིན་ལ་བསྟོད་པ་བརྩམས་ཏེ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་དག་པའི་སླད་དུ་སྣང་བར་བགྱི་ཞེས་པ་ནས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པའོ་ཞེས་པའི་བར་གྱིས་གསུངས་སོ། །ཚིག་བཅུ་བདུན་གྱིས་བསྟོད་པ་ནི། རྣམ་པར་དག་པའི་སླད་དུ་ཞེས་པ་ནི་དང་པོའོ། །ཕྱག་བགྱི་བར་འོས་པ་ནི་གཉིས་པའོ། །མ་གོས་པ་ནི་བཞི་པའོ། །རབ་རིབ་མ་མཆིས་པ་ནི་ལྔ་པའོ། །མཆོག་ཏུ་བགྱིད་པ་ནི་དྲུག་པའོ། །བདེ་བར་བགྱིད་པ་ནི་བདུན་པའོ། །མཆོག་ཏུ་བགྱིད་པ་ནི་བརྒྱད་པའོ། །ཤུལ་སྟོན་པ་ནི་དགུ་པའོ། །ཐམས་ཅད་མཁྱེན་པ་ཉིད་དུ་བགྱིད་པ་ནི་བཅུ་པའོ། །སངས་རྒྱས་ཀྱི་ཆོས་བསྐྱེད་པ་ནི་བཅུ་གཅིག་པའོ། །མ་སྐྱེས་མ་འགགས་པ་ནི་བཅུ་གཉིས་པའོ། །འཁོར་བའི་གཉེན་པོ་ནི་བཅུ་གསུམ་པའོ། །མགོན་དུ་བགྱིད་པ་ནི་བཅུ་བཞི་པའོ། །སྟོབས་བཅུ་བགྱིད་པ་ནི་བཅོ་ལྔ་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་བཅུ་དྲུག་པའོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པ་ནི་བཅུ་བདུན་པའོ། །གོང་དུ་ཤེར་ཕྱིན་ལ་ཚིག་བཅུ་བདུན་གྱིས་བསྟོད་པ་མཛད་པ་ནི། ཤེར་ཕྱིན་ལ་ཇི་ལྟར་གུས་པར་བྱ་བ་ཡིན་ཞེས་དྲིས་པ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་པ་ནས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བགྱི་ཞེས་པའི་བར་གྱིས་བསྟན་ཏེ། འདིས་ཇི་ལྟར་གུས་པར་བྱ་ཞེས་དྲི་བ་ཡིན་གྱི། ཇི་ལྟར་གནས་པར་བྱ་ཞེས་དྲི་བ་མ་ཡིན་ཏེ། དེ་ནི་བརྒྱ་བྱིན་གྱི་དྲི་བ་ལན་དང་བཅས་པས་བསྟན་ཟིན་པའི་ཕྱིར་རོ། །གུས་པར་བྱ་བའི་ཚུལ་སྟོན་པ་ནི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཤཱ་རིའི་བུ་སྟོན་པ་ལ་ཇི་ལྟར་བྱ་བ་དེ་བཞིན་དུ་ཞེས་པ་ནས། ཕྱག་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོན་པ་ཡིན་ཏེ། སྟོན་པ་ཡང་གཞན་མ་ཡིན་ཞེས་པ་ནས་སྟོན་པའོ་ཞེས་པའི་བར་གྱིས་གསུངས་སོ། །གཏན་ཚིགས་དེའི་ཡང་འཐད་པ་སྟོན་པ་ནི། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འབྱུང་ངོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་འབྱུང་ངོ་ཞེས་པའི་བར་དུ་གསུངས་སོ། །མངོན་རྟོགས་རྒྱན་ལས། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཅེས་གསུངས་པ་ལ་ངོ་བོ་ཉིད་ཀྱི་དོན་བསྟན་ཟིན་ཏོ། །མཆོག་ཉིད་ཀྱི་དོན་བསྟན་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུའི་ཞུ་བ་འདི་གང་ལས་སྐྱེས་ཞེས་སོགས་ཀྱིས་སྟོན་ཏེ། རྗེས་སུ་ཡི་རང་དང་བསྔོ་བ་ཡང་ཤེར་ཕྱིན་གྱིས་ཟིན་པས། དམིགས་བཅས་ཀྱི་དགེ་བ་ལས་ཁྱད་པར་དུ་འཕགས་པར་གསུངས་པ་དེ་ལྟར་ན་ཤེར་ཕྱིན་ཉིད་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར། ཁྱད་པར་བྱེད་ཆོས་གང་གི་གཙོ་བོར་གྱུར་པ་ཡིན་སྙམ་ནས་ཞུ་བ་སྐྱེས་སོ་ཞེས་པའི་དོན་ནོ། །ཁྱད་པར་བྱེད་ཆོས་དངོས་སྟོན་པ་ནི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་པ་ནས། ཟིལ་གྱིས་གནོན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །ཕར་ཕྱིན་གཞན་ལས་ཤེར་ཕྱིན་གཙོ་བོ་ཡིན་པར་དཔེའི་སྒོ་ནས་སྟོན་པ་ནི། ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ཞེས་སོགས་ཏེ། དཔེ་དོན་སྦྱར་བ་དང༌། གཙོ་བོའི་དོན་རྒྱས་པར་བཤད་པ་གཉིས་ཀྱིས་བསྟན་པའི་དང་པོ་ནི། དམུས་ལོང་བརྒྱའམ་ཞེས་པ་ནས། འཇུག་པར་ལྟ་ག་ལ་ནུས་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི་ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་ལྔ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། ཀཽ་ཤི་ཀ་དེ་བས་ན་ཞེས་པ་ནས། གོང་ན་མེད་པ་ཞེས་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཀུན་ལ་མངོན་པར་འདུ་མི་བྱེད་ཅེས་པའི་ཚིག་གི་དོན་བཤད་པ་ནི། དེས་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཀྱིས་གསུངས་ཏེ། དོན་དམ་པར་བསྒྲུབ་ཏུ་མེད་པར་རྟོགས་པའི་ཚུལ་གྱིས་ཤེར་ཕྱིན་མངོན་པར་སྒྲུབ་པར་བསྟན་པའི་འགྲེས་དང༌། དེའི་གཏན་ཚིགས་བསྟན་པའི་འགྲེས་གཉིས་ཀྱིས་བསྟན་ཏོ། །དང་པོ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཇི་ལྟར་མངོན་པར་སྒྲུབ་པར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་སོགས་ཀྱིས་གསུངས་ཏེ། དོན་དམ་པར་གཟུགས་ནས་རྣམ་མཁྱེན་གྱི་བར་བསྒྲུབ་ཏུ་མེད་པར་རྟོགས་པའི་ཚུལ་གྱིས་ཤེར་ཕྱིན་མངོན་པར་བསྒྲུབ་པར་བྱའོ་ཞེས་པའི་ཚུལ་གྱིས་བསྟན་པ་ཡིན་ནོ། །གཉིས་པ་དེའི་འཐད་པ་བསྟན་པའི་འགྲེས་ལ་གཉིས་ལས་དང་པོ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་གཟུགས་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པར་བགྱི་ཞེས་པ་ནས་བརྩམས་ནས་རྣམ་མཁྱེན་གྱི་བར་དུ་དྲིས་པས་བསྟན་ཏོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་མངོན་པར་འདུ་བྱ་བ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་སོགས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་མངོན་པར་འདུ་བྱ་བ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། དམིགས་པ་མེད་པ་དང༌། འཇིག་པ་མེད་པ་སྟེ། སྒྲོ་འདོགས་གཅོད་ཚུལ་རྣམ་པ་ལྔའི་སྒོ་ནས་སྟོང་པ་ཉིད་དུ་རྟོགས་པའི་ཚུལ་གྱིས་བསྒྲུབ་པར་བྱའོ་ཞེས་པའི་དོན་ནོ། །ཆོས་རྣམས་དམིགས་སུ་མེད་པར་ནི། གཏོད་པར་བྱེད་པ་ཞེས་པའི་དོན་སྟོན་པ་ལ་གཉིས་ལས། དྲི་བ་ནི། བཅོམ་ལྡན་འདས་དེ་ལྟར་མངོན་པར་བསྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཐོབ་པར་བགྱིད་ཅེས་པའོ། །ལན་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། གྲངས་སུ་འགྲོའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱས་པར་བཤད་པ་ལ། གང་ཐོབ་པར་མི་བྱེད་པ་བསྟན་པའི་འགྲེས་དང༌། ཐོབ་པར་བྱེད་པ་བསྟན་པའི་འགྲེས་དང༌། གཉིས་འཛིན་གྱི་འདུ་ཤེས་ལས་ཤེར་ཕྱིན་ལས་རིང་དུ་འགྱུར་བར་བསྟན་པའི་འགྲེས་དང༌། ཤེར་ཕྱིན་ལ་ཡིད་ཆེས་པ་མ་ཡིན་པའི་འགྲེས་དང༌། ཆེ་ཆུང་སོགས་ཀྱི་བྱེད་པ་མི་དམིགས་པར་བསྟན་པའི་འགྲེས་དང་ལྔའོ། །དང་པོ་ལ་གོང་དུ་ཆོས་གང་ཡང་ཐོབ་པར་མི་བྱེད་པ་དེའི་ཚེ་ཞེས་བསྟན་པ་ལ་དྲི་བ་ལན་དང་བཅས་པས་གསུངས་ཏེ། གསོལ་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་ཐོབ་པར་མི་བགྱིད་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མི་དགེ་བའི་ཆོས་རྣམས་མི་བྱེད་དོ་ཞེས་པ་ནས། དེའི་ཕྱིར་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་བརྒྱ་བྱིན་གྱིས་དོགས་པ་འགོད་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་དམ་ཞེས་པའི་བར་རོ། །དོན་དམ་པའི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཐོབ་པར་མི་བྱེད་དམིགས་པར་མི་བྱེད་ཅེས་པའི་བར་དུ་གསུངས་སོ། །དོན་དམ་པར་ཐོབ་པར་མི་བྱེད་པའི་གཏན་ཚིགས་ཞིབ་ཏུ་བཤད་པའི་ཕྱིར་དུ་ཞུས་པ་ནི་བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། མི་བགྱིད་པ་ལགས་ཞེས་པའི་བར་རོ། །བཅོམ་ལྡན་འདས་ཀྱིས་ལན་གསུངས་པ་ནི། རྣམ་མཁྱེན་ལ་མིང་དང་མཚན་མར་འཛིན་པའི་ཚུལ་གྱིས་ཐོབ་པར་མི་བྱེད་དོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཞེས་པ་ནས། དེ་བཞིན་དུ་ཐོབ་པར་མི་བྱེད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །འགྲེས་གཉིས་པ་ནི། འོ་ན་ཤེར་ཕྱིན་གྱིས་རྣམ་མཁྱེན་ཐོབ་པར་གསུངས་པ་མི་འཐད་དོ་སྙམ་པའི་དོགས་པ་བཀོད་པ་ནི། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་ཐོབ་པར་བགྱི་བ་ལགས་ཞེས་པའོ། །ལན་གསུངས་པ་ནི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ་ཞེས་པ་ནས། གང་ཡང་ཐོབ་པར་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་གང་ལ་ཡང་མངོན་པར་མ་ཞེན་པའི་ཚུལ་གྱིས་ཐོབ་པར་བྱེད་ཀྱི། མངོན་པར་ཞེན་པའི་ཚུལ་གྱིས་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ལ་བརྒྱ་བྱིན་གྱིས་བསྟོད་པ་མཛད་པ་ནི། བརྒྱ་བྱིན་གྱིས་གསོལ་པ་ཞེས་པ་ནས། ཉེ་བར་གནས་པ་ངོ་མཚར་ཆེའོ་ཞེས་པའི་བར་གྱིས་བསྟན་ཏོ། །འགྲེས་གསུམ་པ་ནི། བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའི་དོན་གྱིས་གསུངས་ཏེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཀྱིས་སྟོན་ཏེ། དོན་ནི། ཐོབ་པར་བགྱིད་པ་དང་མི་བགྱིད་པའི་འདུ་ཤེས་གཉིས་སུ་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་དོར་བ་ཡིན་ནོ། །ཤེར་ཕྱིན་ལ་སྙིང་པོ་མེད་པར་འདུ་ཤེས་ནའང་རིང་དུ་འདོར་བ་ཡིན་ནོ་ཞེས་བསྟན་ཏོ། །འགྲེས་བཞི་པ་ཡིད་ཆེས་པ་དང༌། ཡིད་ཆེས་པ་མ་ཡིན་པའི་རྣམ་དབྱེའི་འགྲེས་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ཆོས་གང་ལ་ཡང་ཡིད་མི་ཆེས་པར་འགྱུར་བ་ལགས་ཞེས་པའི་བར་རོ། །ལན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་བྲལ་གྱི་དོན་རྟོགས་པ་ལ་ཡིད་ཆེས་པས་གཟུགས་ལ་མངོན་པར་ཞེན་པའི་ཚུལ་གྱིས་ཡིད་ཆེས་པར་མི་འགྱུར་རོ་ཞེས་པ་སྟེ། ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་གསུངས་སོ། །དེའི་འཐད་པ་འཁོར་རྣམས་ལ་ཞིབ་ཏུ་བསྟན་པའི་ཆེད་དུ། རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཞེས་པ་ནས། མི་འགྱུར་བ་ལགས་ཞེས་པའི་བར་རོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་རོ་ཞེས་སོགས་ཏེ། གཟུགས་བདེན་པར་མི་དམིགས་པས། གཟུགས་བདེན་པར་མི་དམིགས་པར་རྟོགས་པའི་ཤེར་ཕྱིན་ལ་ཡིད་ཆེས་སོ་ཞེས་པའི་དོན་ནོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་གསུངས་སོ། །གོང་དུ་བཤད་པའི་ཤེར་ཕྱིན་ལ་རབ་འབྱོར་གྱིས་བསྟོད་པ་མཛད་པ་ནི། གསོལ་པ་བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་པ་སྟེ། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་སྤངས་པས་འཁོར་གསུམ་དུ་རྟོག་པའི་ཕ་རོལ་ཏུ་ཕྱིན་པས་ཆེན་པོའོ་ཞེས་བསྟོད་པའོ། །འགྲེས་ལྔ་པ་བྱ་བ་མ་དམིགས་པར་བསྟན་པའི་འགྲེས་ནི། དོན་གཉིས་ཀྱིས་བསྟན་ཏེ། ཤེར་ཕྱིན་ཆེན་པོར་འཇོག་པའི་འཐད་པ་རྒྱས་པར་བསྟན་པ་དང༌། ཞར་ལ་ཤེར་ཕྱིན་གྱི་མི་མཐུན་ཕྱོགས་བསྟན་པའོ། །དང་པོ་ལ་དྲི་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། རྒྱུ་གང་གིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆེན་པོ་ཡིན་ཞེས་པའོ། །ལན་ལ་ཆེ་ཆུང་དུ་མི་བགྱིད་པའི་འགྲེས་དང༌། འདུ་བ་དང་ཡངས་པར་མི་བགྱིད་པའི་འགྲེས་དང༌། ཚད་མཆིས་མ་མཆིས་སུ་མི་བགྱིད་པའི་འགྲེས་དང༌། རྒྱ་ཆེ་ཆུང་དུ་མི་བགྱིད་པའི་འགྲེས་དང༌། མཐུ་དང་ལྡན་མི་ལྡན་དུ་མི་བགྱིད་པའི་འགྲེས་དང་ལྔའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་གཟུགས་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་ཅེས་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་ཅེས་པའི་བར་གྱིས་གསུངས་སོ། །གཉིས་པ་ནི་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུ་བར་མི་བགྱིད། ཡངས་པར་མི་བགྱིད་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་ཅེས་པའི་བར་དུ་གསུངས་སོ། །འགྲེས་གསུམ་པ་ནི། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཚད་མཆིས་པར་མི་བགྱིད་མ་མཆིས་པར་མི་བགྱིད་དོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཚད་མཆིས་པར་མི་བགྱིད་མ་མཆིས་པར་མི་བགྱིད་དོ་ཞེས་པའི་བར་དུ་གསུངས་སོ། །འགྲེས་བཞི་པ་ནི། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་རྒྱ་ཆེན་པོར་མི་བགྱིད། རྒྱ་ཆུང་ངུར་མི་བགྱིད་དོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་རྒྱ་ཆེན་པོར་མི་བགྱིད་རྒྱ་ཆུང་ངུར་མི་བགྱིད་ཅེས་པའི་བར་དུ་གསུངས་སོ། །འགྲེས་ལྔ་པ་ནི། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་མཐུ་དང་ལྡན་པར་མི་བགྱིད། མཐུ་དང་མི་ལྡན་པར་མི་བགྱིད་དོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་མི་བགྱིད། མཐུ་མ་མཆིས་པར་མི་བགྱིད་དོ་ཞེས་པའི་བར་དུ་གསུངས་སོ། །གཏན་ཚིགས་རྒྱས་པར་བསྟན་ཟིན་ཏོ། །གཏན་ཚིགས་དང་བསྒྲུབ་བྱའི་ཆོས་སྦྱར་ནས་བསྟན་པ་ནི། བཅོམ་ལྡན་འདས་རྣམ་གྲངས་དེས་ན་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཞར་ལ་ཤེར་ཕྱིན་གྱི་མི་མཐུན་ཕྱོགས་ངོས་བཟུང་བའི་འགྲེས་སྟོན་པ་ལ་ཡང་སྔ་མ་ལྟར་ལྔ་སྟེ། དང་པོ་ནི། ཕྱིན་དྲུག་ལ་བརྟེན་ནས་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་ཆེ་ཆུང་དུ་མི་བགྱིད་པར་འདུ་ཤེས་པ་ཉིད་མི་མཐུན་ཕྱོགས་སུ་བསྟན་པའི་འགྲེས་དང༌། འགྲེས་གཉིས་པ་ནི་ཕྱིན་དྲུག་ལ་བརྟེན་ནས། གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་འདུ་བ་དང་ཡངས་པར་མི་བགྱིད་པར་འདུ་ཤེས་པ་ཉིད་མི་མཐུན་ཕྱོགས་སུ་བསྟན་པ་དང༌། འགྲེས་གསུམ་པ་ནི་ཕྱིན་དྲུག་ལ་བརྟེན་ནས་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་ཚད་ཡོད་མེད་དུ་མི་བྱེད་པར་འདུ་ཤེས་པ་ཉིད་མི་མཐུན་ཕྱོགས་སུ་བསྟན་པ་དང༌། འགྲེས་བཞི་པ་ནི། ཕྱིན་དྲུག་ལ་བརྟེན་ནས་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་རྒྱ་ཆེ་ཆུང་དུ་མི་བགྱིད་པར་འདུ་ཤེས་པ་ཉིད་མི་མཐུན་ཕྱོགས་སུ་བསྟན་པ་དང༌། འགྲེས་ལྔ་པ་ནི་ཕྱིན་དྲུག་ལ་བརྟེན་ནས་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་མཐུ་དང་ལྡན་མི་ལྡན་དུ་མི་བྱེད་པར་འདུ་ཤེས་པ་ཉིད་མི་མཐུན་ཕྱོགས་སུ་བསྟན་པའོ། །དེ་དག་གི་གཏན་ཚིགས་ནི། དེ་ཅིའི་སླད་དུ་ཞེ་ན། གང་གཟུགས་ཆེ་བར་བགྱིད་པའམ་ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་སྦྱར་བ་ནི་འགྲེས་དང་པོའི་འཐད་པའོ། །འགྲེས་གཉིས་པ་འཐད་པ་ནི། གང་གཟུགས་འདུ་བར་བགྱིད་པའམ་ཡངས་པར་བགྱིད་པ་དེ་ནི་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་སྦྱར་བས་བསྟན་ཏོ། །འགྲེས་གསུམ་པའི་འཐད་པ་ནི། གཟུགས་ཚད་མཆིས་པར་བགྱིད་པའམ་མ་མཆིས་པར་བགྱིད་པ་དེ་ནི་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་སྦྱར་བས་གསུངས་སོ། །འགྲེས་བཞི་པའི་འཐད་པ་ནི། གཟུགས་རྒྱ་ཆེན་པོར་བགྱིད་པ་དང་རྒྱ་ཆུང་ངུར་བགྱིད་པ་ནི་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་སྦྱར་བས་བསྟན་ཏོ། །འགྲེས་ལྔ་པའི་འཐད་པ་ནི། གཟུགས་མཐུ་དང་ལྡན་པར་བགྱིད་པའམ་མཐུ་མ་མཆིས་པར་བགྱིད་པ་ཞེས་སོགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་སྦྱར་བས་གསུངས་སོ། །དེ་དག་གིས་ཤེར་ཕྱིན་གྱི་མི་མཐུན་ཕྱོགས་མཚན་འཛིན་གྱི་འདུ་ཤེས་ངོས་བཟུང་བ་བསྟན་ཟིན་ནས། དེ་ཉིད་སྔར་ཇི་ལྟ་བ་བཞིན་བཟླས་ནས་བྱང་ཆུབ་སེམས་དཔའི་སྐྱོན་དུ་བསྟན་པ་ནི། བཅོམ་ལྡན་འདས་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཆེ་བར་བགྱིད་པའམ་ཆུང་བར་བགྱིད་པའམ་ཞེས་སོགས་ཀྱིས་གསུངས་ཏེ། སྔ་མ་བཞིན་དུ་འགྲེས་ལྔར་ཕྱེ་ནས་སྔར་གྱི་རིམ་པ་བཞིན་དུ་བྱང་ཆུབ་སེམས་དཔའི་སྐྱོན་དུ་བསྟན་ཏོ། །གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་ཆེ་ཆུང་སོགས་གཉིས་གཉིས་སུ་འདུ་ཤེས་པ་ཉིད་བྱང་ཆུབ་སེམས་དཔའི་སྐྱོན་དུ་འགྱུར་བའི་འཐད་པ་བརྗོད་པ་ནི། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམིགས་པའི་འདུ་ཤེས་ཅན་ལ་བྱང་ཆུབ་ཅེས་བགྱི་བ་མ་མཆིས་ཏེ་ཞེས་པས་བསྟན་ཏེ། བྱང་ཆུབ་ཐོབ་པ་མ་མཆིས་ཞེས་པའི་དོན་ནོ། །གོང་དུ་དམིགས་པའི་འདུ་ཤེས་ཅན་གྱིས་བྱང་ཆུབ་མི་འཐོབ་ཅེས་བསྟན་པ་ན། འོ་ན་ཚུལ་ཅི་ལྟ་བུས་འཐོབ་སྙམ་པའི་དོགས་པ་བསལ་བའི་དོན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་བཅུས་བསྟན་ཏེ། འདིས་རྒྱན་ལས། དོན་ཆེན་ཉིད་ཅེས་གསུངས་པའང་སྟོན་ནོ། །ཆེན་པོ་བཅུ་ནི་སྐྱེ་བ་མེད་པ་དང༌། རང་བཞིན་མེད་པ་དང༌། དངོས་པོ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། མེད་པ་དང༌། བསམ་གྱིས་མི་ཁྱབ་པ་དང༌། འཇིག་པ་མེད་པ་དང༌། སངས་རྒྱ་བ་མེད་པ་དང༌། སྟོབས་ཡོངས་སུ་གྲུབ་པ་མེད་པའོ། །ཉི་ཁྲི་ལས་ནི་རྣམ་གྲངས་བཅུ་གཉིས་བསྟན་ཏོ། །རྣམ་གྲངས་དང་པོ་སྟོན་པའི་འགྲེས་ནི། དེ་ནི་འདི་ལྟར་སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ་ཞེས་སོགས་ཀྱིས་གསུངས་ཏེ། ཐོག་མར་སེམས་ཅན་སྐྱེ་བ་མ་མཆིས་པར་བསྟན་པ་འདིས་ནི། གང་ཟག་གི་བདག་མེད་པ་གསུམ་བསྟན་ཏོ། །ཉི་ཁྲི་ལས་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་སྦྱར་ནས་ཀྱང་གསུངས་མོད་ཀྱི། འདིར་མི་སྣང་ངོ༌། །གཟུགས་སྐྱེ་བ་མ་མཆིས་པའི་སླད་དུ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱར་ནས་གསུངས་སོ། །རང་བཞིན་མ་མཆིས་པའི་འགྲེས་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། དངོས་པོ་མ་མཆིས་པ་སོགས་ཀྱིས་ལྷག་མ་བརྒྱད་ལ་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་གསུངས་ནས་སྔ་མ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བའི་བསྟོད་པ་བརྗོད་པ་རྒྱས་པར་བསྟན་པའི་མཇུག་བསྡུ་བ་ནི། བཅོམ་ལྡན་འདས་རྣམ་གྲངས་དེས་ཀྱང་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་པ་ལ་སོགས་པས་གསུངས་སོ། །སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པ་རྣམ་པར་བཤད་པའོ།། ༈ ཉེར་བདུན་པ་རྣམ་དག་སྒོམ་ལམ་སྐྱེ་བའི་རྒྱུ་སོགས་བསྟན་པའི་ལེའུ་བཤད་པ། ལེའུ་འདི་ནས་རྣམ་དག་སྒོམ་ལམ་སྐྱེ་བའི་རྒྱུ་དང༌། མི་སྐྱེ་བའི་རྒྱུ་དང༌། རྣམ་དག་སྒོམ་ལམ་དངོས་བསྟན་པའོ། །དེ་ལ་མདོའི་འབྲེལ་ནི། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་བསྟན་པའི་ཡོན་ཏན་ཤཱ་རིའི་བུས་ཐོས་ནས་དད་པ་སྐྱེས་ནས་དྲི་བ་ལྔ་དྲིས་སོ། །དེ་ལ་དྲི་བ་དང་པོ་བཞི་རིམ་པ་བཞིན་དུ་སྟོན་པ་ལ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་པ་ནས་འདིར་མཆིས་པ་ལགས་ཞེས་པས་ནི་དྲི་བ་དང་པོ་བསྟན་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཇི་སྲིད་གཅིག་ནས་ཞེས་པ་ནས། བྱང་ཆུབ་ཏུ་ཞུགས་པ་ལགས་ཞེས་པས་དྲི་བ་གཉིས་པ་བསྟན་ཏོ། །དེ་བཞིན་གཤེགས་པ་ཞེས་པ་ནས། བསྙེན་བཀུར་བ་ལགས་ཞེས་པའི་བར་གྱིས་དྲི་བ་གསུམ་པ་བསྟན་ཏོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། ཇི་སྲིད་གཅིག་ནས་སྤྱད་པ་ལགས་ཞེས་པའི་བར་གྱིས་དྲི་བ་བཞི་པ་བསྟན་ཏོ། །འདི་དག་གི་ལན་གྱིས་ནི་རྣམ་དག་སྒོམ་ལམ་སྐྱེ་བའི་རྒྱུ་བསྟན་པ་ཡིན་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། འདིར་འོངས་ཤིང་འདིར་སྐྱེས་པ་སྟེ་ཞེས་པས་ནི་དྲི་བ་དང་པོ་དང༌། སངས་རྒྱས་ཇི་ཙམ་བསྙེན་བཀུར་བའི་ལན་གསུངས་སོ། །ཤ་ར་དྭ་ཏིའི་བུ་ཞེས་པ་ནས་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ་ཞེས་པའི་བར་གྱིས་ནི། ཇི་ཙམ་ནས་བྱང་ཆུབ་ཏུ་ཞུགས་པ་དང༌། ཡུན་ཅི་ཙམ་ནས་ཕར་ཕྱིན་ལ་སྤྱད་པ་ལགས་ཞེས་པའི་དྲི་བ་གཉིས་ཀྱི་ལན་བསྟན་ཏོ། །དེ་སེམས་དང་པོ་བསྐྱེད་ཕྱིན་ཆད་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོང་བའོ་ཞེས་པས་ནི་ཚེ་སྔ་མ་ནས་འདིར་སྐྱེ་བའི་ཚེ་ཡང་ཕྱིན་དྲུག་དང་མ་བྲལ་བར་བསྟན་ཏེ། དྲི་བ་སྔ་ཕྱི་གཉིས་ཀྱི་ལན་གྱི་རྣམ་གྲངས་གསུངས་སོ། །དེ་དེ་ནས་བཟུང་སྟེ་ཞེས་པ་ནས། འདིར་འོངས་ཤིང་འདིར་སྐྱེས་པ་སྟེ་ཞེས་པའི་བར་གྱིས་ནི། ཚེ་སྔ་མ་ཡང་སངས་རྒྱས་ཀྱི་བསྙེན་བཀུར་དང་མ་བྲལ་བར་བསྟན་ཏེ། དྲི་བ་གསུམ་པའི་ལན་གྱི་རྣམ་གྲངས་གསུངས་སོ། །དེ་ལྟར་སྤྱོད་པའི་ཕན་ཡོན་བསྟན་པ་ལ་གཉིས་ཏེ། སྟོན་པ་དང་འདྲ་བར་འཛིན་པའི་སེམས་བསྐྱེད་པ་དང༌། སྔར་ཤེར་ཕྱིན་སྤྱོད་པའི་རྒྱུ་མཐུན་རྗེས་སུ་འབྲང་བའོ། དང་པོ་ནི། ཤཱ་རིའི་བུ་ཞེས་པ་ནས། རྗེས་སུ་འབྲང་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་ཏེ། སྔོན་ཤེར་ཕྱིན་མཐོང་བ་དང་ཐོས་པ་ལ་བརྟེན་ནས་ཚེ་འདིར་ཡང་ཤེར་ཕྱིན་མཐོང་བ་དང་ཐོས་པས་སྟོན་པ་དང་འདྲ་བའི་འདུ་ཤེས་སྐྱེའོ་ཞེས་པའི་དོན་ནོ། །གཉིས་པ་ནི། ཤཱ་རིའི་བུ་ཞེས་པ་ནས། རྗེས་སུ་འབྲང་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་ཏེ། སྔར་ཡང་ཤེར་ཕྱིན་མི་དམིགས་པའི་ཚུལ་དུ་རྟོགས་པ་ལྟར་འདིར་ཡང་དེ་བཞིན་དུ་རྟོགས་སོ་ཞེས་པའི་དོན་ནོ། །སངས་རྒྱས་བརྟེན་དང་སྦྱིན་སོགས་དང༌། །ཞེས་པའི་དོན་བསྟན་ཟིན་ཏོ། །ཐབས་ལ་མཁས་པ་གང་ཡིན་དང༌། །ཞེས་སོགས་ཀྱི་དོན་སྟོན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཀྱིས་གསུངས་ཏེ། གོང་དུ་ཤེར་ཕྱིན་མཐོང་བ་དང་ཐོས་པར་བསྟན་པ་ན། དེ་ལ་ཡོད་པར་འཛིན་པ་སྐྱེས་པའི་ལོག་རྟོག་བསལ་བའི་ཕྱིར་དུ་ཞུས་པ་སྟེ། ཉན་པའམ་ལྟ་བར་ནུས་སམ་ཞེས་པའི་ཚུལ་གྱིས་དྲིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཉན་པ་མེད་དོ་བལྟ་བ་མེད་དོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་ནི་དེ་དག་གིས་མི་ཐོས་མི་མཐོང་ཞེས་པའི་བར་གྱིས་གསུངས་སོ། །དྲི་བ་ལྔ་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ཡུན་རིང་པོ་ཇི་སྲིད་གཅིག་ནས་སྤྱོད་པ་ལགས་ཞེས་པའི་བར་རོ། །ལན་ལ་ཤེར་ཕྱིན་དང་མཐུན་པར་སྤྱོད་པ་དང་མི་མཐུན་པར་སྤྱོད་པ་གཉིས་སུ་ཕྱེ་ནས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་རྣམ་པར་ཕྱེ་ཞིང་བཤད་དགོས་ཏེ་ཞེས་པའོ། །དང་པོ་ཤེར་ཕྱིན་དང་མཐུན་པར་སྤྱད་པ་ངོས་བཟུང་བ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་དོ་ཞེས་པའི་བར་གྱིས་གསུངས་སོ། །ཤེར་ཕྱིན་དང་མི་མཐུན་པར་སྤྱད་པ་བཤད་པ་ནི། རྣམ་དག་མི་སྐྱེ་བའི་རྒྱུ་བསྟན་པས་གསུངས་ཏེ། དེ་ལ་འགལ་རྐྱེན་དངོས་ཆོས་སྤོང་བ་དང༌། ཆོས་སྤོང་གི་རྒྱུ་བཞི་དང༌། ཤེར་ཕྱིན་ལ་མོས་པ་དཀའ་བར་བསྟན་པའོ། །དང་པོ་ལ་བདེན་འཛིན་གྱི་ལྟ་བའི་དབང་གིས་ཡུམ་ལ་མི་མོས་པ་དང༌། མི་མོས་པའི་དབང་གིས་ཆོས་སྤོང་གི་ལས་བསགས་པ་དང༌། ཆོས་སྤོང་གི་ལས་བསགས་པས་རྣམ་པར་སྨིན་པ་མི་ཟད་པ་མྱོང་བ་དང༌། མཚམས་མེད་ལྔའི་ལས་ལས་ཉེས་པ་ལྕི་བར་བཤད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་ཞེས་པ་ནས། ལུས་དང་སེམས་མཐུན་པར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། དངོས་པོར་ལྟ་བའི་དབང་གིས་སྦྱིན་སོགས་ལ་སྤྱོད་ཀྱང་ཤེར་ཕྱིན་ཟབ་མོ་བསྟན་པའི་ཚེ། དེ་ལ་མ་མོས་པར་ལོགས་ཤིག་ཏུ་འདོང་བའོ། །ཞེས་བསྟན་ཏོ། །གཉིས་པ་ནི། དེ་དག་ནི་ཤེས་རབ་འཆལ་པར་འགྱུར་བའི་ལས་སོག་པ་ཡིན་ཏེ་ཞེས་པ་ནས། ལས་བྱས་ཤིང་བསགས་པ་དེས་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ལ་ཐོག་མར་དམྱལ་བའི་སྡུག་བསྔལ་བསྟན་པ་ནི། ལོ་མང་པོ་དང༌། ལོ་བརྒྱ་ཕྲག་མང་པོ་དང༌། རླུང་གིས་ཡོངས་སུ་འཇིག་པ་མ་བྱུང་གི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སོགས་སོ། །ཡི་དྭགས་དང་དུད་འགྲོའི་སྡུག་བསྔལ་ནི། དེ་དག་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་བྱུང་ནས་ཀྱང་ཞེས་པ་ནས། གཤིན་རྗེའི་འཇིག་རྟེན་ཏུ་སྐྱེ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །མིར་སྐྱེས་ཀྱང་སྡུག་བསྔལ་ཉམས་སུ་མྱོང་བར་བསྟན་པ་ནི། དེ་དག་དེར་སྐྱེས་ནས་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བའི་ལས་ཟད་ནས། ཅི་སྟེ་བརྒྱ་ལམ་དུ་མིའི་སྐྱེ་བ་ཐོབ་ན་ཡང་ཞེས་པ་ནས། དགེ་འདུན་གྱི་སྒྲ་མེད་པ་དེ་དག་ཏུ་རྟག་ཏུ་སྐྱེ་བར་འགྱུར་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་རྣམ་སྨིན་མི་བཟད་པ་ཉམས་སུ་མྱོང་བར་བསྟན་པ་ལ། དངོས་ཀྱི་དོན་བརྗོད་པ་དང༌། གཏན་ཚིགས་བསྟན་པ་དང༌། ཆོས་སྤོང་གི་ཉེས་པའི་རྣམ་གྲངས་གཞན་ཡང་བསྟན་པའོ། །དང་པོ་ནི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས་གཟུགས་བརྙན་ཙམ་དུ་ཡང་མི་སྤྱོད་དོ་ཞེས་པའི་བར་དུ་གསུངས་པ་དང༌། ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། འགྲོགས་པར་ལྟ་ཅི་སྨོས་ཀྱང་མི་སྨོས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཐད་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ། དེ་ལྟ་བུ་དག་ནི་ཆོས་ལ་སྐྱོན་ཏུ་བཏགས་པར་རིག་པར་བྱ་སྟེ་ཞེས་པ་ནས། གཤིན་རྗེའི་འཇིག་རྟེན་པར་རིག་པར་བྱ་སྟེ་ཞེས་པའི་བར་གྱིས་གསུངས་སོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་སྟོན་ཏེ། འཐད་པ་དངོས་བསྟན་པ་དང༌། ཞར་ལ་ཆོས་སྤོང་གི་ལས་ཀྱིས་མ་གོས་པར་བྱ་བར་གདམས་པ་དང༌། ཆོས་སྤོང་གི་ལས་ཀྱི་བྱེད་པ་རྒྱས་པར་བསྟན་པའོ། །དང་པོ་ནི། གང་ཟག་ཆོས་ལ་སྐྱོན་འདོགས་པ་དེའི་ལུས་ཀྱི་ཚད་ཐོས་ནས་ཞེས་པ་ནས། གཤིན་རྗེའི་འཇིག་རྟེན་དུ་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། བསྟན་པ་དེ་ཉིད་ཀྱིས་ཀྱང་མ་བྱུང་བའི་སྐྱེ་བོ་རྣམས་ལ་སྣང་བར་བྱས་པར་འགྱུར་རོ་ཞེས་པ་སྟེ། ཆོས་སྤོང་གི་ལས་ཁོང་དུ་ཆུད་པར་འགྱུར་བའོ། །གཉིས་པ་ཆོས་སྤོང་གི་ལས་མི་བྱ་བར་གདམས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་དེ་ལྟར་ལགས་སོ་ཞེས་པ་ནས། ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཤིན་ཏུ་བསྡམས་པར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ཆོས་སྤོང་གི་ལས་བྱེད་པ་རྒྱས་པར་བསྟན་པ་ནི། ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཀྱིས་སྟོན་པ་འདི་ལ་གཉིས། ཆོས་སྤོང་གི་ལས་ཀྱི་ངོ་བོ་དང༌། དེའི་བྱེད་པ་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཚིག་གི་ལས་བགྱིས་ཤིང་བསགས་པས་ནི་ཆོས་འཇིག་པར་འགྱུར་བའི་ལས་བགྱིས་ཤིང་བསགས་པར་འགྱུར་རོ་ཞེས་པ་སོགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཆོས་ལ་སྐྱོན་བཏགས་ཤིང་ཕྱིར་སྤངས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་སྤོང་གི་ལས་ཀྱི་བྱེད་པ་རྒྱས་པར་བཤད་པ་ནི། ཆོས་དང༌། དགེ་འདུན་དང༌། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྤངས་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤངས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པའི་བར་དུ་གསུངས་པ་དང༌། རྣམ་པར་སྨིན་པ་མི་བཟད་པ་ཉམས་སུ་མྱོང་བར་ཡང་བསྟན་ཏེ། བསོད་ནམས་མ་ཡིན་པའི་ཕུང་པོ་ཞེས་པ་ནས། དཔག་ཏུ་མེད་པ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ཆོས་སྤང་གི་ལས་ཀྱི་རྒྱུ་བཞི་བསྟན་པ་ལ། དང་པོ་དྲི་བ་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། སླར་སྤོང་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ལ་གཉིས་ཀྱིས་དང་པོ་མདོར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྐྱེས་བུ་གླེན་པ་དེ་དག་ལས་རྣམ་པ་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤོང་བར་འགྱུར་རོ། །ཞེས་གསུངས་སོ། །རྒྱུ་བཞི་པོ་འདི་དག་གི་དོན། མངོན་རྟོགས་རྒྱན་ལས། བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། ཟབ་མོའི་ཆོས་ལ་མ་མོས་དང༌། ཕུང་པོ་ལ་སོགས་མངོན་ཞེན་དང༌། སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །ཞེས་གསུངས་སོ། །ཆོས་སྤོང་གི་ལས་ཀྱི་ངོ་བོ་རྣམས་ནི་མངོན་རྟོགས་རྒྱན་གྱིས་མ་བསྡུས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། གསོལ་པ། བཞི་གང་ཞིག་ལགས་ཞེས་སོགས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གླེན་པ་གང་ཞེས་པ་ནས། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕྱིར་སྤོང་བར་འགྱུར་རོ་ཞེས་པའི་བར་གྱིས་རྒྱུ་དང་པོ་བསྟན་ཏོ། །ཆོས་ཟབ་མོ་རྣམས་ལ་ཞེས་པ་ནས། ཕྱིར་སྤོང་བར་འགྱུར་རོ་ཞེས་པའི་བར་གྱིས་ནི་རྒྱུ་གཉིས་པ་བསྟན་ཏོ། །རབ་འབྱོར་སྐྱེས་བུ་གླེན་པ་དེ་དག་ནི་ཞེས་པ་ནས། ཕྱིར་སྤོང་བར་འགྱུར་རོ་ཞེས་པའི་བར་གྱིས་རྒྱུ་གསུམ་པ་བསྟན་ཏོ། །རབ་འབྱོར་སྐྱེས་བུ་གླེན་པ་དེ་དག་ནི་ཞེ་སྡང་གི་སྤྱོད་པ་ཅན་ཡིན་ཏེ་ཞེས་པ་ནས། སྤོང་བར་འགྱུར་རོ་ཞེས་པའི་བར་གྱིས་ནི་རྒྱུ་བཞི་པ་བསྟན་ཏོ། །གསུམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཟབ་པས་མོས་པར་དཀའ་བ་བསྟན་པ་ལ། དངོས་ཀྱི་དོན་དང༌། ཟབ་པས་ཟབ་པའི་དོན་ཅི་བསྟན་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་པ་ནས། མོས་པར་དཀའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་དྲི་བ་ནི། གསོལ་པ། བཅོམ་ལྡན་འདས་དེ་ལྟར་མོས་པར་དཀའ་བའི་ཤེར་ཕྱིན་དེ་ཇི་ཙམ་དུ་ཟབ་པ་ལགས་ཞེས་པ་སྟེ། ཟབ་པས་མོས་པར་དཀའ་ན་ཅི་ཙམ་དུ་ཟབ་པ་ལགས་ཞེས་དྲིས་པའོ། །དེའི་ལན་བཅོམ་ལྡན་འདས་ཀྱིས་གསུངས་པ། མ་བཅིངས་མ་གྲོལ་བར་བཤད་པ་དང༌། རྣམ་པར་དག་པར་བཤད་པ་དང༌། ཀུན་ཏུ་མཐའ་ཡས་པར་བཤད་པ་དང༌། ཆགས་པ་དང་མ་ཆགས་པར་བཤད་པ་སྟེ། རྣམ་པ་བཞིས་བསྟན་ཏོ། །དང་པོ་ལ། སྤྱིར་མ་བཅིངས་མ་གྲོལ་བའི་སྒོ་ནས་ཤེར་ཕྱིན་ཟབ་པར་བསྟན་པ་དང༌། ཞར་ལ་བྱེ་བྲག་དུས་གསུམ་ལ་སྦྱར་ནས་མ་བཅིངས་མ་གྲོལ་བར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ལ་བཅིང་བྱའི་གཟུགས་ངོ་བོ་ཉིད་མེད་པས། བཅིང་བྱའི་གཟུགས་ནི་སྔར་ལས་ཉོན་གྱིས་མ་བཅིངས་པས་ཕྱིས་དེ་ལས་གྲོལ་བ་མེད་པའི་ཕྱིར་མ་གྲོལ་བ་ཞེས་སྨྲས་སོ། །གཏན་ཚིགས་ནི་བཅིང་བྱའི་གཟུགས་མེད་པའི་ཕྱིར་རོ། །འོ་ན་ཐ་སྙད་དུ་གཟུགས་སུ་སྣང་བ་དང་འགལ་ལོ་སྙམ་ན། དོན་དམ་པར་གཟུགས་རང་བཞིན་མེད་པ་ཉིད་ལ་ཐ་སྙད་དུ་གཟུགས་སུ་སྣང་བས་གཟུགས་ཞེས་གདགས་སོ་ཞེས་བཤད་དོ། །གཟུགས་ལ་བཤད་པ་དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་བཤད་དོ། །བྱེ་བྲག་དུས་གསུམ་ལ་སྦྱར་ནས་བཅིངས་གྲོལ་མེད་པར་བསྟན་པ་ནི། རབ་འབྱོར་གཟུགས་ནི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བས་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱི་གསུངས་ཏེ། གཟུགས་འདས་པའི་དུས་སུའང་མ་བཅིངས་མ་གྲོལ་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ། །མ་འོངས་པའི་དུས་སུ་ཡང་མ་བཅིངས་མ་གྲོལ། དེ་ལྟར་ཡང་མ་བཅིངས་མ་གྲོལ་ཏེ། ངོ་བོ་ཉིད་མེད་པའི་ཕྱིར། དོན་དམ་པར་ངོ་བོ་ཉིད་མེད་ཀྱང་ཐ་སྙད་དུ་གཟུགས་སུ་སྣང་བ་ལ་གཟུགས་སུ་ཐ་སྙད་འདོགས་སོ་ཞེས་བཤད་པར་བྱའོ། །ལྷག་མ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལྟར་ཟབ་པས་ན་མོས་པར་དཀའོ་ཞེས་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མོས་པར་དཀའོ་ཞེས་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དང་རྗེས་སུ་མཐུན་པར་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མོས་པར་དཀའོ་ཞེས་པའི་བར་དུ་གསུངས་སོ། །དེ་ལྟར་མ་བཅིངས་མ་གྲོལ་བའི་འགྲེས་ཀྱིས་འཁོར་འདས་རང་བཞིན་མེད་པར་བསྟན་ཟིན་ནས། ད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པར་བསྟན་པར་བྱ་བའི་ཕྱིར། གཉིས་པ་རྣམ་པར་དག་པའི་འགྲེས་བསྟན་པའི་སྒོ་ནས་ཤེར་ཕྱིན་ཟབ་པར་བསྟན་པ་ལ་གཉིས་ཏེ། རྣམ་དག་སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཟུགས་སོགས་ཀྱི་རྣམ་དག་དང་འབྲས་བུའི་རྣམ་དག་ཐ་མི་དད་པར་བསྟན་པའི་འགྲེས་དང༌། ཡང་གཟུགས་སོགས་ཀྱི་རྣམ་དག་དང༌། ཤེར་ཕྱིན་གྱི་རྣམ་དག་ཐ་མི་དད་པར་བསྟན་པའི་འགྲེས་དང་གཉིས་སོ། །དང་པོ་ནི། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་འབྲས་བུ་རྣམ་པར་དག་པའོ་ཞེས་སོགས་ཏེ། འབྲས་བུ་ནི་མྱ་ངན་ལས་འདས་པ་ལ་བརྗོད་དོ། གཟུགས་ལ་སྦྱར་བ་དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། འགྲེས་གཉིས་པ་གཟུགས་སོགས་ཀྱི་རྣམ་དག་དང༌། ཤེར་ཕྱིན་གྱི་རྣམ་དག་ཐ་མི་དད་པར་བསྟན་པའི་འགྲེས་ནི། རབ་འབྱོར་གཞན་ཡང་གཟུགས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་སོགས་ཀྱིས་གསུངས་ཏེ། ཐ་མི་དད་པར་བསྟན་པ་དང༌། དེའི་གཏན་ཚིགས་གཉིས་ཀྱིས་བསྟན་ཏོ། དང་པོ་ནི། གཟུགས་ཡོངས་སུ་དག་པ་ཉིད་ཡུམ་ཡོངས་སུ་དག་པ། ཡུམ་ཡོངས་སུ་དག་པ་ཉིད་གཟུགས་ཡོངས་སུ་དག་པའོ་ཞེས་པས་བསྟན་ཏོ། །གཉིས་པ་གཏན་ཚིགས་ལ། ཚིག་བཞི་སྨོས་ཏེ། གཉིས་སུ་མེད་པ་དང༌། གཉིས་སུ་བྱར་མེད་པ་དང༌། སོ་སོ་མ་ཡིན་པ་དང༌། ཐ་མི་དད་པའོ། དེ་ལ་སློབ་དཔོན་སེངྒེ་བཟང་པོས། དང་པོ་གཉིས་ཀྱི་བཤད་པར་རིམ་པ་བཞིན་དུ་ཕྱི་མ་གཉིས་སྦྱར་རོ། འབུམ་ཊཱིཀ་ལས་ནི། དོན་ལ་གཉིས་སུ་མེད་དེ། སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར། བློས་གཉིས་སུ་བྱར་མེད་དེ། ཐ་དད་དུ་དབྱེར་མི་ནུས་པའི་ཕྱིར། སོ་སོ་མ་ཡིན་ཏེ། སྤུ་རིས་མི་འདྲ་བ་མེད་པའི་ཕྱིར། ཐ་དད་དུ་མེད་དེ། གཅིག་ལས་གཅིག་ལོགས་ཤིག་ཏུ་མེད་པའི་ཕྱིར་ཞེས་པ་ལྟར་བཤད་ན་ལེགས་སོ། །སྔར་འབྲས་བུའི་དག་པ་དང་སྦྱོར་བའི་སྐབས་སུ་རྣམ་པར་དག་པ་ཞེས་སྨོས་ལ། འདིར་ཤེར་ཕྱིན་གྱི་དག་པ་དང་སྦྱོར་བའི་སྐབས་སུ་ཡོངས་སུ་དག་པ་ཞེས་སྨོས་པའི་ཁྱད་པར་གང་ཡིན་ཞེ་ན། སྔར་རང་བཞིན་གྱིས་རྣམ་པར་དག་པའི་ལྡོག་པ་ནས་བསྟན་ལ། འདིར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲི་མ་དག་བྱེད་དང༌། གཟུགས་སོགས་ནི་དྲི་མ་དག་པར་བྱ་བའི་ཡུལ་ཡིན་པས། བྱེ་བྲག་ཏུ་ཡོངས་སུ་དག་པ་ཞེས་སྨོས་སོ། །གཟུགས་ལ་བཤད་པ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །དེ་ལྟར་འབྲས་བུའི་རྣམ་དག་དང་ཤེར་ཕྱིན་གྱི་རྣམ་དག་གི་འགྲེས་འདི་གཉིས་ཀྱིས་ནི། གང་ཟག་བཞིའི་རྣམ་དག་ཐུན་མོང་དུ་བསྟན་པ་ཡིན་ནོ། །རྣམ་དག་སོ་སོ་བཤད་པ་ལ། གང་ཟག་གི་བདག་མེད་ཀྱི་རྣམ་པར་དག་པ་དང༌། ཉོན་མོངས་པ་མེད་པའི་རྣམ་དག་གི་འགྲེས་གཉིས་ཀྱིས་ནི། ཉན་ཐོས་ཀྱི་རྣམ་དག་བསྟན་ལ། རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་དག་གིས་ནི་རང་རྒྱལ་གྱི་རྣམ་དག་བསྟན་ཏོ། །ཕར་ཕྱིན་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་རྣམ་དག་གིས་ནི། བྱང་སེམས་ཀྱི་རྣམ་དག་བསྟན་ལ། ལྷག་མ་རྣམས་ཀྱིས་ནི་སངས་རྒྱས་ཀྱི་རྣམ་དག་བསྟན་ཏོ། །དེ་ལ་དང་པོ་གང་ཟག་གི་བདག་མེད་ཀྱི་རྣམ་དག་གི་འགྲེས་ནི། རབ་འབྱོར་གཞན་ཡང་བདག་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཞེས་སོགས་ཀྱིས་གསུངས་ཏེ། བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་བདག་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་སྟེ། རྣམ་པ་བཅུ་གཉིས་པོ་གཟུགས་ཀྱི་ཕུང་པོ་ལ་སྦྱར་བ་དང༌། དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་འགྲེས་རྐང་རེ་རེ་ལ་བཅུ་གཉིས་བཅུ་གཉིས་སྦྱར་ནས་གསུངས་སོ། །ཉོན་མོངས་པ་མེད་པའི་འགྲེས་ལ། རྣམ་དག་གི་འགྲེས་དང༌། ཡོངས་དག་གི་འགྲེས་གཉིས་སོ། །དང་པོ་ལ་ཡང་འདོད་ཆགས་ཀྱི་རྣམ་དག་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། ཞེ་སྡང་གི་རྣམ་དག་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། གཏི་མུག་གི་རྣམ་དག་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང་གསུམ་མོ། །ཡོངས་དག་གི་འགྲེས་ལ་ཡང༌། འདོད་ཆགས་ཀྱི་ཡོངས་དག་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། ཞེ་སྡང་གི་ཡོངས་དག་དེ་བཞིན་དུ་སྦྱར་བ་དང༌། གཏི་མུག་གི་ཡོངས་དག་དེ་བཞིན་དུ་སྦྱར་བ་དང་གསུམ་མོ། །འདིར་རྣམ་དག་ནི་རང་བཞིན་རྣམ་དག་གི་ལྡོག་པ་ནས་བསྟན་ཏོ། །ཡོངས་དག་ནི་གློ་བུར་རྣམ་དག་གི་སྒོ་ནས་བསྟན་ཏོ། །ཉན་ཐོས་ཀྱི་རྣམ་དག་བསྟན་ཟིན་ཏོ། །རང་རྒྱལ་གྱི་རྣམ་དག་ནི་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་དག་གིས་གསུངས་ཏེ། ཇི་ལྟར་གསུངས་པའི་ཚུལ་ནི། སྔ་མའི་རྣམ་དག་ཕྱི་མའི་རྣམ་དག་དང་སྦྱར། དེ་ཡང་དེའི་ཕྱི་མའི་རྣམ་དག་དང་སྦྱར་ནས་ལུ་གུ་རྒྱུད་ཀྱི་ཚུལ་དུ་གསུངས་ཏེ། དཔེར་ན་མ་རིག་པ་རྣམ་དག་དང༌། འདུ་བྱེད་ཀྱི་རྣམ་དག་གཉིས་སྦྱར། འདུ་བྱེད་ཀྱི་རྣམ་དག་དང་རྣམ་པར་ཤེས་པའི་རྣམ་དག་གཉིས་སྦྱར། རྣམ་པར་ཤེས་པའི་རྣམ་དག་དང་མིང་དང་གཟུགས་ཀྱིས་རྣམ་དག་སྦྱར་བའི་ཚུལ་གྱིས་གསུངས་སོ། །བྱང་ཆུབ་སེམས་དཔའི་རྣམ་དག་ནི་ཕར་ཕྱིན་དྲུག་ནས་རྣམ་མཁྱེན་གྱི་བར་དུ་སྔ་མ་སྔ་མའི་རྣམ་དག་ཕྱི་མ་ཕྱི་མའི་རྣམ་དག་དང་སྦྱར་ནས་ལུག་གུ་རྒྱུད་ཀྱི་ཚུལ་དུ་གསུངས་སོ། །ཕར་ཕྱིན་དྲུག་ལ་སྦྱར་ཚུལ་ནི། ལུགས་ལས་ལྡོག་པའི་ཚུལ་གྱིས་སྦྱར་ནས་གསུངས་སོ། །བཞི་པ་སངས་རྒྱས་ཀྱི་རྣམ་དག་ལ་འགྲེས་སྦྱོར་ཚུལ་ལ། རྣམ་མཁྱེན་ཐ་མར་སྨོས་པ་དང༌། རྣམ་མཁྱེན་ཐོག་མར་སྨོས་པ་གཉིས་ལས། དང་པོ་ནི། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང༌། གཟུགས་རྣམ་པར་དག་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་སོགས་ཀྱིས་གསུངས་ཏེ། ཚིགས་གསུམ་དང་སྦྱར་ནས་གསུངས་པ་ལས། ཐོག་མར་སྨོས་པའི་ཤེར་ཕྱིན་དང༌། ཐ་མར་སྨོས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཉིས་པོ་གཟུགས་ནས་རེག་པ་དྲུག་གི་བར་དུ་སྦྱར་ནས་གསུངས་པའི་སྡེ་ཚན་གཅིག་གོ །ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཐོག་མར་སྨོས་ནས། ཐ་མར་སྨོས་པའི་རྣམ་མཁྱེན་གཉིས་གཟུགས་ནས་རེག་པ་དྲུག་གི་བར་དུ་སྦྱར་ནས་གསུངས་པ་ནི། འགྲེས་ཀྱི་སྡེ་ཚན་གཉིས་པའོ། །དེ་བཞིན་དུ་བརྩོན་འགྲུས་ཐོག་མར་སྨོས་པའི་སྡེ་ཚན་དང༌། དེ་བཞིན་དུ་བཟོད་པ་ཐོག་མར་སྨོས་པའི་སྡེ་ཚན་དང༌། ཚུལ་ཁྲིམས་ཐོག་མར་སྨོས་པའི་སྡེ་ཚན་དང༌། སྦྱིན་པ་ཐོག་མར་སྨོས་པའི་སྡེ་ཚན་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་དབྱེ་བས་སྡེ་ཚན་དྲུག་གོ །དེ་ནས་ཐོག་མར་ནང་སྟོང་པ་ཉིད་སྨོས་པ་དང༌། ཐ་མར་རྣམ་མཁྱེན་སྨོས་པ་གཉིས་གཟུགས་ནས་རིག་པ་དྲུག་གི་བར་དུ་སྦྱར་བའི་སྡེ་ཚན་ཏེ། ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་དུ་ཐོག་མར་འགྲེས་རྐང་རེ་རེ་སྨོས་ནས། ཐ་མར་ཀུན་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོས་ཏེ། གཟུགས་ནས་རེག་པ་དྲུག་གི་བར་དུ་སྦྱར་ནས་བཤད་པར་བྱའོ། །དེ་ལྟར་ན་འགྲེས་ཀྱི་སྡེ་ཚན་གཟུགས་ནས་མ་འདྲེས་པའི་བར་དང༌། དེའི་འོག་ཏུ་རྒྱུན་ཞུགས་ལ་སོགས་པའི་གང་ཟག་དྲུག་དང༌། དེ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་བའི་དབྱེ་བས་འགྲེས་ཀྱི་སྡེ་ཚན་དྲུག་ཅུའོ། །སངས་རྒྱས་ཀྱི་རྣམ་དག་གི་འགྲེས་གཉིས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོག་མར་སྨོས་ནས། ཐ་མར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོས་ཏེ། གཟུགས་ནས་རེག་པ་དྲུག་གི་བར་དུ་སྦྱར་བའི་འགྲེས་ཀྱི་སྡེ་ཚན་གཅིག་དང༌། དེ་ནས་ཡང་ཐོག་མར་རྣམ་མཁྱེན་སྨོས་ནས་ཐ་མར་བསམ་གཏན་སྨོས་པའི་འགྲེས་ཀྱི་སྡེ་ཚན་དང༌། དེ་ནས་ཐ་མར་བརྩོན་འགྲུས་སྨོས་པའི་སྡེ་ཚན་དང༌། དེ་ནས་ཐ་མར་བཟོད་པ་སྨོས་པའི་སྡེ་ཚན་དང༌། དེ་ནས་ཚུལ་ཁྲིམས་སྨོས་པའི་སྡེ་ཚན་དང༌། དེ་ནས་སྦྱིན་པ་སྨོས་པའི་སྡེ་ཚན་ཏེ་དྲུག་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་རྣམ་དག་དང༌། དུས་གསུམ་གྱི་རྣམ་དག་རྣམས་སོ། །དེ་ལྟར་ན་འདིར་རྣམ་དག་གི་འགྲེས་ལ། འགྲེས་ཀྱི་ཐོག་མ་འཕོ་ལ། ཐ་མ་མི་འཕོ་བ་དང༌། ཐ་མ་འཕོ་ལ་ཐོག་མ་མི་འཕོ་བའི་འགྲེས་དང༌། ཐོག་མཐའ་གཉིས་ཀ་མི་འཕོ་ལ། བར་འཕོ་བའི་འགྲེས་དང༌། ཐོག་མཐའ་གཉིས་ཀ་འཕོ་ལ་བར་མི་འཕོ་བའི་འགྲེས་དང་མུ་བཞི་ཡོད་དོ། །སངས་རྒྱས་ཀྱི་རྣམ་དག་གི་སྐབས་སུ་ཕྱིན་དྲུག་ནས་རྣམ་མཁྱེན་གྱི་བར་དུ་འཕོ་ལ། ཐ་མར་སྨོས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་འཕོ་བ་ནི་མུ་དང་པོའི་དཔེའོ། །ཐོག་མ་མི་འཕོ་ལ་ཐ་མ་འཕོ་བ་ནི། བདག་ཡོངས་སུ་དག་པས་གཟུགས་ཡོངས་སུ་དག་པ་སྟེ་ཞེས་བྱ་བ་ལྟ་བུ་སྟེ། ཐོག་མར་སྨོས་པའི་བདག་མི་འཕོ་ལ། སྦྱར་བའི་འགྲེས་རེ་རེ་ནས་འཕོ་བའི་ཕྱིར། ཐོག་མཐའ་གཉིས་ཀ་མི་འཕོ་ལ། དབུས་འཕོ་བའི་འགྲེས་ནི། ཐོག་མར་སྨོས་པའི་ཤེར་ཕྱིན་དང༌། ཐ་མར་སྨོས་པའི་རྣམ་མཁྱེན་གཉིས་མི་འཕོ་ལ། བར་དུ་སྨོས་པའི་སྦྱར་ས་གཟུགས་དང་ཚོར་བ་སོགས་རེ་རེ་ནས་འཕོ་བའི་ཕྱིར་རོ། །ཐོག་མཐའ་གཉིས་ཀ་འཕོ་བ་ལ་བར་མི་འཕོ་བའི་འགྲེས་ནི། གཟུགས་ནས་ཚོར་བ་སོགས་འགྲེས་གང་འོག་ཐམས་ཅད་ཀྱིས་སྦྱར་བ་ཡིན་པའི་ཕྱིར་མི་འཕོ་ལ། གོང་འོག་གཉིས་ནི་འཕོ་བ་དེ་རྣམས་ཡིན་ནོ། །ལེའུ་ཉི་ཤུ་རྩ་བདུན་པ་རྣམ་པར་བཤད་པའོ།། ༈ ཉེར་བརྒྱད་པ་རྣམ་པར་དག་པའི་ལེའུ་བཤད་པ། བྱང་ཆུབ་སེམས་དཔའི་རྣམ་དག་གི་རབ་ཏུ་དབྱེ་བ་ལ། ས་དགུ་ལ་བརྟེན་པའི་སྒོམ་ལམ་སྟོན་ཏེ། དེ་ལ་མདོའི་འབྲེལ་ནི། གོང་དུ་ཤཱ་རིའི་བུས་རྣམ་པར་དག་པ་བཤད་པ་ཐོས་ནས། འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་གླེང་བསླངས་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་པར་དག་པ་སྟོན་པའི་ཚིག་དགུ་རིམ་གྱིས་གསུངས་པ་ལ། དང་པོ་ཟབ་པ་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་དག་པ་འདི་ནི་ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་སོགས་ཀྱིས་གསུངས་ཏེ། གོང་དུ་བསྟན་པའི་རྣམ་པར་དག་པ་གཏན་ཚིགས་སུ་བཟུང་ནས་ཟབ་པར་བསྟན་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །ཚིག་གཉིས་པོ་སྣང་བའི་དོན་གཏན་ལ་འབེབས་པ་ལ། བཅོམ་ལྡན་འདས་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་སྣང་བའོ་ཞེས་སོགས་ཀྱིས་གསུངས་ཏེ། གོང་དུ་བསྟན་པའི་རྣམ་པར་དག་པ་ནི་ཆོས་ཅན་ནོ། །སྣང་བ་ནི་ཆོས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་གཏན་ཚིགས་ཏེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ་ཞེས་པའི་དོན་ནོ། །ཚུལ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱར་བ་ནས་བཟུང་སྟེ། རྣམ་ཤེས་ཀྱི་བར་ལ་སྦྱར་ནས་བཤད་དོ། །ཚིག་གསུམ་པའི་དོན། ཉིང་མཚམས་སྦྱོར་བ་མ་མཆིས་པ་སྟོན་པ་ནི། ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་ཞེས་སོགས་ཀྱིས་གསུངས་ཏེ། ལས་ཉོན་གྱིས་ཉིང་མཚམས་སྦྱོར་བ་མ་མཆིས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པའི་དོན་ནོ། །འདི་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་བཤད་དོ། །ཚིག་བཞི་པའི་དོན་ཀུན་ནས་ཉོན་མོངས་པ་མེད་པའི་དོན་སྟོན་པ་ནི། གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་སོགས་ཀྱིས་གསུངས་ཏེ། ཀུན་ནས་ཉོན་མོངས་པ་མ་མཆིས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་ཆོས་སུ་བཟུང་ནས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་གཏན་ཚིགས་སུ་བཀོད་ནས་བཤད་དེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཞེས་པའི་དོན་ནོ། །འདི་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་བཤད་དོ། །ཚིག་ལྔ་པའི་དོན། ཐོབ་པ་དང་མངོན་པར་རྟོགས་པ་མ་མཆིས་པ་སྟོན་པ་ནི། གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི། ཐོབ་པར་བགྱི་བ་དང༌། མངོན་པར་རྟོགས་པར་བགྱི་བ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་སོགས་ཀྱིས་གསུངས་ཏེ། ཤཱ་རིའི་བུས་བསྟན་པ་ལ་འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། བཅོམ་ལྡན་འདས་ཀྱིས་དེའི་འཐད་པ་བསྟན་པའི་སྒོ་ནས་གཏན་ལ་ཕབ་པའོ། །རྣམ་པར་དག་པ་ལ་ཐོབ་པ་དང་མངོན་པར་རྟོགས་པ་མ་མཆིས་པའི་དོན་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། རྣམ་པར་དག་པ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་སོགས་ཀྱིས་རྒྱས་པར་བསྟན་ཏེ། དོན་དམ་པར་རྣམ་པར་དག་པའི་ཕྱིར་ཐོབ་པ་དང་མངོན་པར་རྟོགས་པ་མེད་དོ། །དེ་བས་ན་རྣམ་པར་དག་པར་བསྟན་ཏོ་ཞེས་པའི་དོན་ནོ། །འདི་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་གསུངས་ཏེ། ཚིག་བཞི་པ་ཡན་ཆད་ཀྱི་དོན་ལའང་བཤད་ཚུལ་འདི་བཞིན་དུ་སྦྱར་རོ། །ཚིག་དྲུག་པ་མངོན་པར་མ་གྲུབ་པའི་དོན་སྟོན་པ་ནི། བཅོམ་ལྡན་འདས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་གཏན་ཚིགས་བཀོད་པ་ནི། ཤིན་ཏུ་རྣམ་པར་དག་པའོ་ཞེས་པའོ། །འཁོར་རྣམས་འཛིན་དུ་གཞུག་པའི་དོན་དུ་སླར་ཡང་དྲིས་པ་ནི། བཅོམ་ལྡན་འདས་གང་མངོན་པར་མ་གྲུབ་པས་རྣམ་པར་དག་པ་ལགས་ཞེས་པ་སྟེ། ཆོས་གང་དང་གང་མངོན་པར་མ་གྲུབ་པ་ལ་རྣམ་པར་དག་པར་བརྗོད་ཅེས་པའི་དོན་ནོ། །བཅོམ་ལྡན་འདས་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་མངོན་པར་མ་གྲུབ་པ་ལ་རྣམ་པར་དག་པར་བརྗོད་ཅེས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ་ཞེས་པ་ནས་བཟུང་སྟེ། རྣམ་མཁྱེན་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ་ཞེས་པའི་བར་དུ་གསུངས་སོ། །ཚིག་བདུན་པའི་དོན་འདོད་ཁམས་སུ་སྐྱེ་བ་མ་མཆིས་པར་སྟོན་པ་ལ། ཤཱ་རིའི་བུས་སྨྲས་པ་ནི། བཅོམ་ལྡན་འདས་རྣམ་པར་དག་པ་ནི་འདོད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་གཏན་ཚིགས་གསུངས་པ་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་པའོ། །འཁོར་རྣམས་འཛིན་དུ་གཞུག་པའི་དོན་དུ་སླར་ཡང་བཅོམ་ལྡན་འདས་ལ་དྲིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་སོགས་སོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་སོགས་ཀྱིས་གསུངས་ཏེ། རྣམ་པར་དག་པ་ནི་འདོད་ཁམས་སུ་སྐྱེ་བ་མ་ཡིན་ཏེ། འདོད་པའི་ཁམས་རང་བཞིན་གྱིས་རྣམ་པར་མི་དམིགས་པའི་ཕྱིར་ཞེས་པའོ། །ལྷག་མ་གཟུགས་ཀྱི་ཁམས་སུ་སྐྱེ་བ་མ་ཡིན་ཞེས་པའི་བར་དུ་སྦྱར། ཚིག་བརྒྱད་པའི་དོན་འཚལ་བ་མ་མཆིས་པ་སྟོན་པ་ནི། མདོར་བསྟན་པ་དང་སོ་སོར་བཤད་པའོ། །དང་པོ་ནི། རྣམ་པར་དག་པ་ནི། འཚལ་བ་མ་མཆིས་ཞེས་པའོ། །དེའི་གཏན་ཚིགས་བཀའ་སྩལ་པ་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པའོ། །དེའི་དོན་རྒྱས་པར་ཤེས་པར་འདོད་ནས་དྲིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་སོགས་སོ། །ལན་ནི་རྣམ་པར་དག་པ་ལ་ཤེས་པ་མེད་དེ། ཆོས་ལ་སེམས་མེད་པའི་ཕྱིར་རོ་ཞེས་པའོ། །གཉིས་པ་སོ་སོར་བཤད་པ་ནི། རྣམ་པར་དག་པ་ནི་གཟུགས་མ་འཚལ་བ་སྟེ་ཤེས་པ་མ་ཡིན་ནོ། །དེའི་གཏན་ཚིགས་བཀའ་སྩལ་པ་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པའོ། །དེ་ཉིད་སླར་ཡང་གསལ་བར་རྟོགས་པར་འདོད་ནས་དྲིས་དྲིས་པ་ནི། གསོལ་པ་ཞེས་སོགས་སོ། །ལན་ནི། རྣམ་པར་ནི་གཟུགས་མི་ཤེས་ཏེ། གཟུགས་རང་གིས་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་པའོ། །འཆད་ཚུལ་འདི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །ཚིག་དགུ་པའི་དོན་ཕན་གནོད་མེད་པར་བསྟན་པ་ལ། ཤཱ་རིའི་བུས་སྨྲས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་སོགས་སོ། །བཅོམ་ལྡན་འདས་ཀྱིས་གཏན་ཚིགས་བཀའ་སྩལ་པ་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་སྟེ། ཤེར་ཕྱིན་དང་རྣམ་མཁྱེན་གཉིས་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་ཞེས་པའོ། །དེ་ཉིད་འཁོར་རྣམས་ཀྱི་གསལ་བར་འཛིན་དུ་གཞུག་པའི་དོན་དུ་དྲིས་པ་ནི། གསོལ་པ་ཞེས་སོགས་སོ། །ལན་ནི་ཤེར་ཕྱིན་གྱིས་རྣམ་མཁྱེན་ལ་ཕན་གནོད་མི་བགྱིད་དེ། རྟག་ཏུ་ཆོས་ཉིད་སྟོང་པ་ཉིད་ཀྱི་ངོ་བོར་གནས་པའི་ཕྱིར་ཞེས་པའོ། །དེ་ལྟར་ན་རྣམ་དག་སྟོན་པའི་ཚིག་དགུས་སྒོམ་ལམ་དགུ་རིམ་པ་བཞིན་དུ་བསྟན་ཏོ། །དེའི་དོན་རྒྱན་ལས། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་སོགས་གསུངས་སོ། །ཐུན་མོང་དུ་ཡུམ་རྟོགས་ཚུལ་སྟོན་པ་ལ། དང་པོ་ཚིག་ལ་ལེན་པ་མ་མཆིས་པ་སྟོན་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་སོགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདོད་མ་ནས་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ནི། ཆོས་གང་ཡང་ཡོངས་སུ་ལེན་པ་སྟེ་འཛིན་པ་མ་མཆིས་ཞེས་པའི་དོན་ནོ། །གཏན་ཚིགས་བཀའ་སྩལ་པ་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་སྟེ། ཤེར་ཕྱིན་གཟུང་འཛིན་གཉིས་ཀས་རྣམ་པར་དག་པའི་ཕྱིར་ཞེས་པའི་དོན་ནོ། །འཁོར་རྣམས་གསལ་བར་འཛིན་དུ་གཞུག་པའི་དོན་དུ། ཤཱ་རིའི་བུས་ཞུས་པ་ནི། གསོལ་པ་ཞེས་སོགས་སོ། །ལན་ལ་གཏན་ཚིགས་ནི། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ངང་ལས་མི་གཡོ་བའི་ཕྱིར་ཞེས་པའོ། །རྣམ་པར་དག་པའི་ཁྱད་ཆོས་བཅུ་ཤཱ་རིའི་བུ་དང༌། བཅོམ་ལྡན་འདས་ཀྱི་དྲིས་ལན་གྱིས་གཏན་ལ་ཕབ་པ་བསྟན་ཟིན་ཏོ། །འདི་དག་གིས་ནི་ཀླན་ཀའི་ཡུལ་བསྟན་ཏེ། འདིའི་དོན་རྒྱན་ལས། ཁམས་གསུམ་པ་ཡི་རྣམ་པ་ཅན། །འཇལ་དང་གཞལ་བྱ་མཉམ་པ་ཉིད། །ཞེས་གསུངས་སོ། །ཀླན་ཀ་སྤོང་བ་ལ། རབ་འབྱོར་དང་བཅོམ་ལྡན་འདས་ཀྱི་དྲིས་ལན་གྱིས་རྣམ་པར་དག་པའི་ཁྱད་ཆོས་ལྷག་མ་གསུམ་སྟོན་པ་སྟེ། དང་པོ་དངོས་པོ་ཡོད་པ་མིན་པའི་ཆོས་སྟོན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ་སོགས་པས་སྟོན་ཏེ། རབ་འབྱོར་གྱིས་སྨྲས་པ་ནི། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། གཟུགས་རྣམ་པར་དག་པའོ་ཞེས་པའོ། །དེའི་དོན་ནི་བདག་གདོད་མ་ནས་མེད་ལ། དེ་བཞིན་དུ་གཟུགས་ཀྱང་གདོད་མ་ནས་ངོ་བོ་ཉིད་ཀྱིས་མེད་དེ་ཞེས་པའི་དོན་ནོ། །བཅོམ་ལྡན་འདས་ཀྱིས་གཏན་ཚིགས་བཀའ་སྩལ་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་གསུངས་ཏེ། བདག་དང་གཟུགས་གཉིས་ཀ་རང་བཞིན་གྱིས་རྣམ་པར་དག་པ་རོ་གཅིག་པའི་ཕྱིར་རོ་ཞེས་པའི་དོན་ནོ། །འཁོར་རྣམས་འཛིན་དུ་གཞུག་པའི་དོན་དུ་སླར་ཡང་དྲིས་པ་ནི། གསོལ་པ་ཞེས་སོགས་སོ། །ལན་ནི་བདག་མེད་པའི་ཕྱིར་དངོས་པོར་མེད་ལ། དེ་བཞིན་དུ་གཟུགས་དངོས་པོར་མེད་པ་ལ་ནི། ཤིན་ཏུ་རྣམ་པར་དག་ཞེས་བརྗོད་དོ། །གཏན་ཚིགས་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་སྦྱར་རོ། །གཟུགས་ལ་སྦྱར་ནས་བཤད་པ་བཞིན་དུ་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྦྱར་ནས་བཤད་དོ། །རྒྱུན་ཞུགས་ནས་རྣམ་མཁྱེན་གྱི་བར་དུ་ནི། བདག་མེད་པའི་ཕྱིར་ཞེས་པའི་གཏན་ཚིགས་མ་སྦྱར་བས་ཉན་ཐོས་པ་འགའ་ཞིག རྒྱུན་ཞུགས་སོགས་རང་གི་མཚན་ཉིད་ཡོད་པར་ཞེན་པ་དགག་པའི་ཕྱིར་དུ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཞེས་པ་གཏན་ཚིགས་སྦྱར་ཏེ་དྲིས་ལན་སྔ་མ་བཞིན་དུ་སྦྱར་ནས་བཤད་དོ། །ཚིག་བཅུ་གཉིས་པ་དང་བཅུ་གསུམ་པའི་དོན། ཐོབ་པར་བགྱི་བ་མ་ལགས་ཏེ། མངོན་པར་རྟོགས་པར་བགྱི་བ་མ་ལགས་པ་གཉིས་པོ་སྟོན་པ་ནི། མཐའ་གཉིས་སུ་མ་མཆིས་ཤིང༌། རྣམ་པར་དག་པ་ཞེས་གསུངས་པ་ནི། ཐོབ་པར་བགྱི་བ་དང་མངོན་པར་རྟོགས་པར་བགྱི་བ་མ་ལགས་སོ་ཞེས་བཤད་དོ། །གཏན་ཚིགས་བཀའ་སྩལ་པ་ནི། ཤིན་ཏུ་རྣམ་པར་དག་པ་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་ཞེས་པའོ། །འཁོར་རྣམས་འཛིན་དུ་གཞུག་པའི་དོན་དུ་རབ་འབྱོར་གྱིས་སླར་དྲིས་པ་ནི། གསོལ་པ་ཞེས་སོགས་སོ། །དེའི་གཏན་ཚིགས་བཀའ་སྩལ་པ་ནི། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པའི་ཕྱིར་རོ་ཞེས་པའི་དོན་ནོ། །འདིའི་དོན་རྒྱན་ལས། དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་དེ་ཡི་གཉེན་པོར་འདོད། །ཅེས་གསུངས་སོ། །རྣམ་པར་དག་པའི་ཆོས་བཅུ་གསུམ་གཏན་ལ་ཕབ་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པར་བསྟན་ཏོ། །མ་བཅིངས་མ་གྲོལ་བ་དང་རྣམ་པར་དག་པའི་འགྲེས་གཉིས་བཤད་ཟིན་ཏོ། །གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པར་བསྟན་ཟིན་པའི་དོན་ལ། འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། གསུམ་པ་མཐའ་ཡས་པའི་འགྲེས་བཤད་པ་ནི་གསོལ་པ། བཅོམ་ལྡན་འདས་བདག་ཀུན་ཏུ་མཐའ་ཡས་པའི་ཕྱིར། གཟུགས་ཀུན་ཏུ་མཐའ་ཡས་པའོ་ཞེས་སོགས་ཏེ། བདག་དངོས་པོར་མ་གྲུབ་པས། མཐའ་ལས་འདས་པའི་རིགས་པས་གཟུགས་ནས་རྣམ་མཁྱེན་ལ་ཐུག་པའི་བར་ཡང་མཐའ་ལས་འདས་པར་སྟོན་པ་སྟེ། གཅིག་སྟོང་པ་ཉིད་དུ་གྲུབ་པའི་རིགས་པས་གཞན་ཡང་སྟོང་པ་ཉིད་དུ་གྲུབ་པར་སྟོན་ནོ། །བསྟན་བཅོས་ལས་ཀྱང༌། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་གསུངས་སོ། །བདག་མཐའ་ལས་འདས་པ་མཚོན་བྱེད་དུ་བྱས་པ་ནི་རྟོགས་སླ་བས་སོ། །མཐའ་ཡང་རྣམ་པ་གཉིས་ཏེ། རྟག་ཆད་ཀྱི་མཐའ་དང༌། ཐོག་མཐའ་དབུས་གསུམ་ལ་མཐར་བརྗོད་པའོ། །མཐའ་དེ་དག་ཐམས་ཅད་ལས་འདས་པས་ན་མཐའ་ཡས་སོ། །རབ་འབྱོར་གྱིས་སྨྲས་པ་ནི་བདག་ཀུན་ཏུ་མཐའ་ཡས་པའོ་ཞེས་སོགས་སོ། །བཅོམ་ལྡན་འདས་ཀྱིས་གཏན་ཚིགས་སྤྱིར་བཀའ་སྩལ་པ་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་པའོ། །འཁོར་རྣམས་འཛིན་དུ་གཞུག་པའི་དོན་དུ་དྲིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་སོགས་སོ། །ཁྱད་པར་གྱི་གཏན་ཚིགས་བཀའ་སྩལ་པ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །སྐབས་གཉིས་པའི་དོན་ལམ་ཤེས་བསྟན་ཟིན་ཏོ།། ༈ སྐབས་གསུམ་པའི་དོན་གཞི་ཤེས་བསྟན་པ། ༈ སྐབས་གསུམ་པའི་དོན་གཞི་ཤེས་སྟོན་པ་ལ། དེ་ལ་གཉེན་པོ་སྲིད་ཞི་ལ་མི་གནས་པའི་གཞི་ཤེས་བསྟན་པ་དང༌། འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར་བསྟན་པ་དང༌། མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་རྒྱས་པར་སྟོན་པ་དང༌། ཤེར་ཕྱིན་ཉམས་སུ་ལེན་ཚུལ་གྱི་སྦྱོར་བ་བཤད་པ་དང༌། ཡུམ་ལ་སྤྲོས་པ་གཅོད་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་གང་དེ་ལྟར་རྟོགས་པ་ནི་ཞེས་པ་ནས་བཟུང་སྟེ། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གོང་དུ་ཟབ་པར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའི་མཁྱེན་པ་ནི། བྱང་ཆུབ་སེམས་དཔའི་ཡིན་ནོ་ཞེས་སྟོན་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གསར་དུ་ལྷགས་པའི་འཁོར་རྣམས་ཀྱིས་རྟོགས་བྱའི་ཤེར་ཕྱིན་ཇི་ལྟར་ཟབ་སྙམ་ན། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་གསུངས་སོ། །ཟབ་མོ་དེ་ལྟར་རྟོགས་པའི་ཤེར་ཕྱིན་བྱང་ཆུབ་སེམས་དཔའི་ཡིན་གྱི། ཅིའི་ཕྱིར་སངས་རྒྱས་ཀྱི་མ་ལགས་ཞེས་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་སོགས་སོ། །ལན་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །གོང་དུ་ཟབ་པར་བསྟན་པའི་ཤེར་ཕྱིན་ལ་ཚུལ་ཇི་ལྟར་སྤྱད་པས་ཤེར་ཕྱིན་གྱི་གྲངས་སུ་འགྲོ་ཞེ་ན། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་རོ། །ཇི་ལྟར་ཤེར་ཕྱིན་སྤྱོད་པའི་ཚེ། ཚུ་རོལ་གྱི་འགྲམ་མམ། ཕ་རོལ་གྱི་འགྲམ་མམ། གཉིས་ཀྱི་བར་ན་མི་གནས་ཤེ་ན། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་སོ། །འཁོར་རྣམས་འཛིན་དུ་གཞུག་པའི་དོན་དུ་འཐད་པ་དེ་ཉིད་གསལ་བར་སྟོན་པའི་དོན་དུ་དྲིས་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། རབ་འབྱོར་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་དག་གི་དོན་ནི་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིན། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་སོ། །གཉིས་པ་འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར་བསྟན་པ་ནི། ཤེར་ཕྱིན་ལ་བདེན་པར་འཛིན་པའི་ཚུལ་གྱིས་འདུ་ཤེས་ན། ཤེར་ཕྱིན་ལས་རིང་བར་བསྟན་པ་ལ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། རིང་དུ་སྤོང་བའི་ཞེས་པའི་བར་བཤད་དོ། །རབ་འབྱོར་གྱི་ཚིག་ལ་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཡི་རང་བ་མཛད་ནས། དེ་དང་རྗེས་སུ་མཐུན་པར་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མིང་དུ་ཡང་ཆགས་པ་ཡིན་ལ། མཚན་མར་ཡང་ཆགས་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་མིང་ནི་གཟུགས་ཞེས་པ་ལྟ་བུའོ། །མཚན་མ་ནི་དོན་གཟུགས་སུ་རུང་བ་ལྟ་བུའོ། ཆགས་པ་ནི། འབྲལ་བར་དཀའ་བའི་ཚུལ་གྱིས་འཇུག་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ལ་རབ་འབྱོར་གྱིས་དྲི་བ་མཛད་པ་ནི། གསོལ་པ་བཅོམ་ལྡན་ཇི་ལྟར་ན། མིང་དུ་ཡང་ཆགས་ཤིང༌། མཚན་མར་ཡང་ཆགས་པ་ལགས་ཞེས་པས་སོ། །བཅོམ་ལྡན་འདས་ཀྱིས་ལན་གསུངས་པ་ནི། ཐོག་མར་མིང་ལ་བདེན་པར་འཛིན། དེ་ནས་མཚན་མར་འཛིན། དེ་ནས་མངོན་པར་ཞེན་པའི་ཚུལ་གྱིས་ཆགས་པས་ཤེར་ཕྱིན་རིང་དུ་སྤོང་བར་འགྱུར་བ་ཡིན། གཞན་ཡང་མཚན་མར་བཟུང་ནས་རློམས་སེམས་སུ་བྱེད་ཅིང་ཆགས་པས་ཀྱང་རིང་དུ་སྤོང་བར་འགྱུར་ཞེས་རྣམ་གྲངས་གཉིས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཞེས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སྤོང་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །མཚན་མ་མེད་པའི་ཚུལ་གྱིས་རྟོགས་ན་ཉེ་བར་འགྱུར་བར་བསྟན་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཞེས་པ་ནས་ངོ་མཚར་ཆེའོ་ཞེས་པའི་བར་གྱིས་གསུངས་སོ། །འདི་དག་གི་དོན་རྒྱན་ལས། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །དེའི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་གསུངས་པས་འདི་དག་གིས་ཆགས་པ་དང་མ་ཆགས་པའི་རབ་དབྱེ་མདོ་ཙམ་བསྟན་ཟིན་ཏོ། །རྒྱས་པར་སྟོན་པ་ལ་དྲི་བ་ནི། གོང་དུ་ཆགས་པ་དང་མ་ཆགས་པ་གཉིས་སུ་བསྟན་པ་ནི། ཤཱ་རིའི་བུས་རབ་འབྱོར་ལ་ཆགས་པ་ནི་གང་ཡིན་མ་ཆགས་པ་ནི་གང་ཡིན་ཞེས་དྲིས་པའོ། །ལན་རབ་འབྱོར་གྱིས་གསུངས་པ་ལ། གཞི་ལ་མཚན་འཛིན་བསྟན་པ་དང༌། ལམ་ལ་མཚན་འཛིན་བསྟན་པ་དང་དེ་དག་གི་གཉེན་པོ་བསྟན་པ་དང༌། འབྲས་བུ་ལ་མཚན་འཛིན་དང་དེའི་གཉེན་པོ་བསྟན་པའོ། །དང་པོ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མ་མཁས་པས་གཟུགས་སྟོང་པའོ་སྙམ་དུ་འདུ་ཤེས་ན་ཆགས་པའོ་ཞེས་པ་ནས། ད་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཞེས་པའི་བར་དུ་གསུངས་སོ། །འདི་ལ་ཡང་དོན་གཉིས་ཏེ། སྟོང་པ་ཉིད་ཀྱི་མཚན་མར་འཛིན་པ་ཆགས་པར་བསྟན་པ་དང༌། དུས་གསུམ་ལ་མཚན་མར་འཛིན་པ་ཆགས་པར་བསྟན་པའོ། །དང་པོ་ནི། གཟུགས་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ་ཞེས་པ་ནས། རྣམ་མཁྱེན་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ་ཞེས་པའི་བར་གྱིས་གསུངས་སོ། །གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པ་ཉིད་མཚན་མར་བཟུང་ནས། ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པས་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བསྟན་ཏོ། །གཉིས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་པ་ནས། ད་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །ལམ་ལ་མཚན་མར་འཛིན་པ་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དམིགས་པའི་ཚུལ་གྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཆགས་པའོ་ཞེས་པ་ནས། རྣམ་མཁྱེན་ལ་སྤྱོད་ན་ཆགས་པའོ། །ཞེས་པའི་བར་གྱིས་གསུངས་སོ། །རྒྱན་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །དུས་གསུམ་རྟོགས་པའི་ཆོས་རྣམས་དང༌། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་སོ། །མ་ཆགས་པའི་རབ་དབྱེ་གཞི་ལ་མཚན་མར་འཛིན་པའི་གཉེན་པོ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ཀྱི་ཆགས་པ་མེད་པ་གང་ཞེས་ཟེར་བ་ནི་ཞེས་པ་ནས། ད་ལྟར་བྱུང་བའི་ཆོས་རྣམས་ལ་ད་ལྟར་བྱུང་བའི་ཆོས་རྣམས་ཞེས་བྱ་བར་འདུ་ཤེས་པ་མེད་དོ་ཞེས་པའི་བར་གྱིས་ནི་གཞི་མཚན་འཛིན་གྱི་གཉེན་པོ་བསྟན་ཏོ། །ལམ་ལ་མཚན་འཛིན་གྱི་གཉེན་པོ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་བདག་གིས་སྦྱིན་པ་ཞིག་སྦྱིན་ནོ་ཞེས་པ་ནས། མེད་ཅིང་མི་རྒྱུ་སྟེ་ཞེས་པའི་བར་གྱིས་གསུངས་ཏེ། འཁོར་གསུམ་རྣམ་པར་རྟོག་པ་མི་རྒྱུ་བའི་དོན་ནོ། །དེའི་གཏན་ཚིགས་ནི། ནང་སྟོང་པ་ཉིད་ནས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཞེས་པ་ནས། ཆགས་པ་མེད་པ་དག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །འདིར་གཞི་ལ་མཚན་འཛིན་གྱི་གཉེན་པོ་མངོན་རྟོགས་རྒྱན་གྱིས་མ་བསྡུས་ལ། ཇི་སྐད་བཤད་པའི་ལམ་ལ་མཚན་འཛིན་གྱི་གཉེན་པོ་ནི། རྒྱན་ལས། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་སོགས་ཀྱིས་བསྟན་ཏོ། །ལྷའི་དབང་པོ་བརྒྱ་བྱིན་དང་རབ་འབྱོར་གྱི་དྲིས་ལན་གྱིས་ལམ་ལ་མཚན་མར་འཛིན་པ་གཞན་ཡང་བསྟན་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ལ་སོགས་པས་བསྟན་པ་འདི་ལ་གཉིས། ལམ་གྱི་ངོ་བོ་ལ་མཚན་མར་འཛིན་པ་དང༌། སྤྱོད་པའི་ཁྱད་པར་མཚན་མར་འཛིན་པའོ། །དང་པོ་ནི། བཙུན་པ་རབ་འབྱོར་རྣམ་གྲངས་གང་གིས་ན་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་འདུ་ཤེས་པ་དང་ཞེས་སོགས་ཀྱིས་གསུངས་ཏེ། རྣམ་བྱང་གི་ཆོས་རྣམས་ལ་མཚན་མར་འདུ་ཤེས་པ་དང་ཞེས་སོགས་ཀྱིས་གསུངས་ཏེ། རྣམ་བྱང་གི་ཆོས་རྣམས་ལ་མཚན་མར་འདུ་ཤེས་པ་ཡང༌། ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པས་མི་མཐུན་ཕྱོགས་སུ་འགྱུར་བའི་དོན་ནོ། །གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་འདུ་ཤེས་པར་གྱུར་ཏེ་ཞེས་པ་ནས། ཤེར་ཕྱིན་ལ་སྤྱོད་པར་མི་ནུས་པ་ཞེས་པའི་བར་གྱིས་གསུངས་ཏེ། བསྔོ་བྱ་སྔོ་བྱེད་བསྔོ་ས་གསུམ་ལ་མངོན་པར་ཞེན་པ་ཡང་གནས་ཚུལ་ལ་ཕྱིན་ཅི་ལོག་ཡིན་པས་མི་མཐུན་ཕྱོགས་ཡིན་ནོ། །ཞེས་པའི་དོན་ནོ། །བསྔོ་བྱ་སྔོ་བྱེད་དུ་བདེན་པར་འཛིན་པ་ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གཟུགས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་རྣམ་མཁྱེན་གྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་པའི་བར་དུ་གསུངས་སོ། །རྒྱན་ལས། རྒྱལ་ལ་སོགས་པ་ཆགས་པ་ཕྲ། །ཞེས་གསུངས་སོ། །བརྒྱ་བྱིན་དང་རབ་འབྱོར་གྱི་དྲིས་ལན་གྱི་ལམ་ལ་མཚན་འཛིན་རྒྱས་པར་བསྟན་པ་དེའི་གཉེན་པོ་སྟོན་པ་ནི། ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཞིག བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྟན་ཏམ་ཞེས་པ་ནས། དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་པའི་བར་དུ་གསུངས་ཏེ། སེམས་བསྐྱེད་དང་སྦྱིན་སོགས་ནས་རྣམ་མཁྱེན་གྱི་བར་མི་དམིགས་པར་རྟོགས་པ་ལ་རང་གནས་ནས་གཞན་ལ་ཡང་སྟོན་ཅིང་འཛིན་པ་ལ་ཡང་དག་པར་བསྐུལ་བ་དང༌། ཡང་དག་པར་སྤྲོ་བ་བསྐྱེད་པར་བྱེད་པའི་སྒོ་ནས་མི་མཐུན་ཕྱོགས་སྤོང་བར་བསྟན་ཏོ། །འདིའི་དོན་རྒྱན་ལས། གཞན་དག་དེ་ལ་སྦྱོར་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། ཞེས་གསུངས་སོ། །འདི་དག་གིས་གཞི་ལམ་ལ་མཚན་མར་འཛིན་པ་དང༌། དེ་དག་གི་གཉེན་པོ་རྒྱས་པར་བསྟན་ཟིན་ཏོ། །རབ་འབྱོར་གྱིས་མི་མཐུན་ཕྱོགས་རྒྱས་པ་གཉེན་པོ་དང་བཅས་པ་བསྟན་པ་ལ། བཅོམ་ལྡན་འདས་ཀྱིས་རྗེས་སུ་ཡི་རང་བ་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ལེགས་སོ་ཞེས་པའི་བར་གྱིས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཆགས་པ་ཕྲ་མོ་མི་མཐུན་ཕྱོགས་སུ་བསྟན་པ་ནི། འབྲས་བུ་ལ་མཚན་མར་འཛིན་པ་སྟེ། རབ་འབྱོར་དེ་བས་ན་ཁྱོད་ལ་ཆགས་པའི་རྣམ་པ་དེ་བས་ཀྱང་ཕྲ་བ་དག་བསྟན་པར་བྱ་ཞེས་སོགས་ཀྱིས་གསུངས་ཏེ་ཐོག་མར་རབ་འབྱོར་ལ་ཉན་པར་བསྐུལ་བ་དང༌། འབྲས་བུ་སངས་རྒྱས་ལ་མཚན་མར་འཛིན་པ་ཡིད་ལ་བྱེད་པ་དང༌། དུས་གསུམ་གྱིས་སངས་རྒྱས་ཀྱི་ཐོག་མཐའ་བར་གསུམ་གྱི་དགེ་བ་ལ་མཚན་མར་དམིགས་པས་བསྔོ་བ་དང༌། སངས་རྒྱས་དང་ཉན་རང་ཐམས་ཅད་ཀྱི་དགེ་རྩ་མཚན་མར་དམིགས་པའི་ཚུལ་གྱིས་བསྔོ་བ་རྣམས་མི་མཐུན་ཕྱོགས་སུ་གཏན་ལ་ཕབ་པ་དང༌། དོན་རྣམ་པ་བཞིས་བསྟན་ཏེ། དང་པོ་ནི། དེ་དག་ཤིན་ཏུ་ལེགས་པར་ཉོན་ལ་ཞེས་པ་ནས། ཕྱིར་ཉན་ཏོ་ཞེས་པའི་བར་གྱི་བསྟན་ཏོ། །གཉིས་པ་ནི། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་བཀའ་སྩལ་ཏོ་ཞེས་པ་ནས་མཚན་མར་ཡིད་ལ་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་ཅི་ཙམ་དུ་ཞེས་པ་ནས། ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པའོ་ཞེས་པའི་བར་གྱིས་གསུངས་སོ། །བཞི་པ་ནི། གང་ཡང་དེ་བཞིན་གཤེགས་པ་ཞེས་པ་ནས། དེ་ཙམ་དུ་ཆགས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་མི་མཐུན་ཕྱོགས་སུ་འགྱུར་བའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས་ཡིད་ལ་བྱ་བ་མ་ཡིན་ནོ། །ཞེས་པའི་བར་གྱིས་གསུངས་སོ། །མཚན་མར་ཡིད་ལ་བྱ་བ་མ་ཡིན་པའི་འཐད་པ་ནི། གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ་ཞེས་པའོ། །ཟབ་པའི་དོན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། རྣམ་པར་དབེན་པའི་ཕྱིར་རོ་ཞེས་པའི་བར་གྱིས་གསུངས་སོ། །ཟབ་པར་བསྟན་པའི་དོན་ལ། གུས་པར་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་པའོ། །འདི་དག་ནི་དོན་རྒྱན་ལས། རྒྱལ་ལ་སོགས་པ་ཆགས་པ་ཕྲ། །ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་གསུངས་སོ། །འབྲས་བུ་ལ་མཚན་མར་འཛིན་པའི་གཉེན་པོ་སྟོན་པ་ལ་གཉིས་ཏེ། དང་པོ་རྟོགས་བྱའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཞེས་པ་ནས། གང་མ་བྱས་པ་དེ་ནི་མངོན་པར་འདུ་མ་བྱས་པའོ། །ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་མ་བྱས་པ་ནི་རྒྱུ་རྐྱེན་གྱིས་མ་བསྐྱེད་པའོ། །མངོན་པར་འདུ་མ་བྱས་པ་ནི་བསོད་ནམས་དང་བསོད་ནམས་མིན་པའི་ལས་གང་གིས་ཀྱང་བྱེ་བྲག་ཏུ་མ་བྱས་པའོ། །སུས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་པ་ནས། ཐོབ་བྱེད་ཀྱི་ཤེར་ཕྱིན་རང་བཞིན་གྱིས་སྟོང་པའི་ཕྱིར་ཞེས་པའོ། །ཆོས་ཀྱི་རང་བཞིན་ནི་གཉིས་མ་ཡིན་ཏེ། ཆོས་ཀྱི་རང་བཞིན་གཅིག་ཏུ་ཟད་དོ་ཞེས་པ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་ཚུལ་དུ་རང་བཞིན་གཅིག་ཅེས་པའི་དོན་ནོ། །རྟོགས་བྱའི་ཤེར་ཕྱིན་བཤད་ཟིན་ཏོ། །གཉིས་པ་དེ་ཤེས་ནས་མི་མཐུན་ཕྱོགས་སྤངས་པར་བསྟན་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་དག་གི་དོན་ནི། རྒྱན་ལས། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་པས་བསྟན་ཏོ། །ཤེར་ཕྱིན་ལ་མཚན་མར་འཛིན་པ་མི་མཐུན་ཕྱོགས་སུ་འགྱུར་བའི་འཐད་པ་གཉིས་པ་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མངོན་པར་འཚང་མ་རྒྱས་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏེ། ཡོངས་གཅོད་དུ་གྲུབ་པའི་ཚུལ་གྱིས་མཚན་མར་འཛིན་པ་མི་མཐུན་པའི་ཕྱོགས་ཡིན་ཏེ། ཡོངས་གཅོད་དུ་གྲུབ་པའི་ཚུལ་དུ་རྟོགས་པར་དཀའ་བ་ཡིན་པའི་ཕྱིར་ཏེ། སུས་ཀྱང་ཡོངས་གཅོད་དུ་མ་རྟོགས་པའི་ཕྱིར་རོ་ཞེས་པའི་དོན་ནོ། །ཡང་འབྲས་བུ་ལ་མཚན་མར་འཛིན་པ་མི་མཐུན་ཕྱོགས་ཡིན་པའི་འཐད་པ་གསུམ་པ་བསྟན་པ་ནི། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་པའོ། །གཏན་ཚིགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་སེམས་ཀྱིས་མ་ཤེས་སོ། །གཟུགས་ཀྱིས་མ་ཤེས་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་ཤེས་སོ་ཞེས་པའི་བར་དུ་གསུངས་ཏེ། ཤེར་ཕྱིན་བདེན་པའི་མཚན་མར་གྲུབ་པ་མིན་ཏེ། བདེན་འཛིན་གྱི་བློས་བསམ་གྱིས་མི་ཁྱབ་པའི་ཕྱིར། སེམས་ཀྱི་མ་ཤེས། གཟུགས་ནས་རྣམ་མཁྱེན་གྱི་བར་གང་གིས་ཀྱང་མ་ཤེས་པའི་ཕྱིར་ཞེས་པའི་དོན་ནོ། །འདི་དག་གི་དོན་རྒྱན་ལས། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བ་བཤད། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་གསུངས་སོ། །རྒྱན་ལས་གཟུགས་ནས་རྣམ་མཁྱེན་གྱི་བར་གང་དུའང་ཤེས་བྱར་མ་གྲུབ་པ་དང༌། འདིར་གང་གིས་ཀྱང་མི་ཤེས་པར་བསྟན་པ་གཉིས་དོན་གཅིག་སྟེ། གང་དུའང་ཤེས་བྱར་མ་གྲུབ་ན། གང་གིས་ཀྱང་མི་ཤེས་པའི་དོན་འགྲུབ་པའི་ཕྱིར་རོ། །འོན་ཀྱང༌། གཟུགས་ལ་སོགས་པས་མི་ཤེས་ཕྱིར། །ཞེས་བསྒྱུར་ན་ལེགས་པར་སྣང་ངོ༌། །རྣམ་པར་དག་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པ་རྣམ་པར་བཤད་པའོ།། ༈ ཉེར་དགུ་པ་གནས་མེད་པའི་ལེའུ་བཤད་པ། གནས་པ་མེད་པའི་ལེའུ་འདི་ནས། གཞི་ཤེས་ཀྱི་སྦྱོར་བ་དང༌། སྦྱོར་བའི་མཉམ་ཉིད་དང༌། ཞུགས་འབྲས་མཐོང་ལམ་དང༌། མཁྱེན་གསུམ་གྱི་དོན་བསྡུ་བ་རྣམས་གསུངས་སོ། །སྦྱོར་བ་སྟོན་པ་ལ་ཡང་གཉིས་ཏེ། སྦྱོར་བའི་ཡུལ་ཤེར་ཕྱིན་གྱི་མཚན་ཉིད་གཏན་ལ་དབབ་པ་དང༌། སྦྱོར་བ་རང་གི་ངོ་བོ་གཏན་ལ་དབབ་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བགྱིད་པ་མ་མཆིས་པའོ་ཞེས་སོགས་ཀྱིས་གསུངས་ཏེ། བགྱིད་པ་མ་མཆིས་པའི་དོན་ནི། །བྱ་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་འཐད་པ་བཀའ་སྩལ་པ་ནི། རབ་འབྱོར་བྱེད་པ་པོ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་གཟུགས་མི་དམིགས་པ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའོ་ཞེས་པའི་བར་དུ་གསུངས་ཏེ། དོན་དམ་པར་བྱ་བ་དང་བྱེད་པ་གཉིས་ཀ་མ་གྲུབ་པས་གང་ཡང་མི་དམིགས་པའི་ཚུལ་གྱིས་རྟོགས་པ་ནི་ཤེར་ཕྱིན་ནོ་ཞེས་པའི་དོན་ནོ། །གཉིས་པ་སྦྱོར་བ་རང་གི་ངོ་བོ་ནི། ཤེར་ཕྱིན་ལ་ཚུལ་ཇི་ལྟར་སྤྱོད་པ་དྲིས་པའི་ལན་གྱིས་གསུངས་ཏེ། དེ་ལ་དང་པོ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ཇི་ལྟར་སྤྱད་པར་བགྱི་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ལ་སྤྱོད་པ་བཀག་པའི་སྦྱོར་བ་བསྟན་པ་དང༌། གང་ལ་སྦྱོར་བའི་ཡུལ་གྱི་ཁྱད་པར་བཤད་པ་དང༌། སྦྱོར་བའི་ངོ་བོ་དབྱེ་བ་བསྟན་པ་དང༌། སྦྱོར་བའི་བྱེད་པ་བསྟན་པ་དང་བཞིས་ཤེས་པར་བྱའོ། །དང་པོ་ལའང་གཞིའི་ངོ་བོ་དང་ཁྱད་པར་ལ་སྤྱོད་པ་བཀག་པ་ལྷན་ཅིག་ཏུ་སྟོན་ཏེ། དང་པོའི་ཚིག་རེ་རེས་ནི་རང་གི་ངོ་བོ་ལ་སྤྱོད་པ་བཀག་པ་ཡིན་ལ། དེའི་འོག་ཏུ་རྟག་མི་རྟག་དང་བདེ་སྡུག་ལ་སྤྱོད་པ་བཀག་པ་སོགས་ཀྱིས་ནི་ཁྱད་པར་ལ་སྤྱོད་པ་བཀག་པ་བསྟན་ཏོ། །དེའི་འོག་ཏུ་དེ་ཅིའི་ཕྱིར་ཞེས་སོགས་ཀྱིས་ནི་གཏན་ཚིགས་བསྟན་ཏོ། །དེ་ལ་དང་པོ་གཟུགས་ཀྱི་འགྲེས་ལ་སྦྱར་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཞེས་པ་ནས། གལ་ཏེ་གཟུགས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་པའི་བར་གྱིས་ནི་ངོ་བོ་ལ་སྤྱོད་པ་བཀག་པ་བསྟན་ཏོ། །དེའི་འོག་ཏུ་གཟུགས་རྟག་མི་རྟག་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། སྡུག་མི་སྡུག་སྟེ་ཁྱད་པར་གྱི་ཆོས་བརྒྱད་ལ་སྤྱོད་པ་བཀག་པས་ནི་ཁྱད་པར་གྱི་ཆོས་ལ་སྤྱོད་པ་བཀག་པ་བསྟན་ཏོ། །ཁྱད་པར་གྱི་ཆོས་ལ་སྤྱོད་པ་བཀག་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་དེ་ལྟ་བུའི་གཟུགས་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཟུགས་ལ་ཇི་ལྟར་བཤད་པ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་ངོ་བོ་ལ་སྤྱོད་པ་བཀག་པ་དང༌། ཁྱད་པར་ལ་སྤྱོད་པ་བཀག་པ་དང༌། དེ་དག་གི་འཐད་པ་དང་དོན་གསུམ་གསུམ་གྱིས་སྦྱར་ཏེ་བསྟན་པར་བྱའོ། །གཞིའི་ངོ་བོ་དང་ཁྱད་པར་ལ་སྤྱོད་པ་བཀག་པ་བསྟན་ཟིན་ཏོ། །གཟུགས་སོགས་ཡོངས་སུ་རྫོགས་མ་རྫོགས་ལ་སྤྱོད་པ་བཀག་པ་སྟོན་པ་ལ། དང་པོ་མ་རྫོགས་པ་ལ་སྤྱོད་པ་བཀག་པ་སྟོན་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། སྤྱོད་དོ་ཞེས་པའི་བར་གྱིས་གསུངས་སོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སྤྱོད་དོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་ཚིག་སྔ་མས་ནི། གཟུགས་མ་རྫོགས་པ་ལ་ཞེན་པའི་ཚུལ་གྱིས་མི་སྤྱོད་ན། ཡུམ་ལ་སྤྱོད་དོ་ཞེས་བསྟན་ལ། ཕྱི་མ་རྣམས་ཀྱིས་ནི། གཟུགས་ཡོངས་སུ་མ་རྫོགས་པ་ཉིད་ནི་གདོད་མ་ནས་མེད་པས་གཟུགས་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་ན་ཡུམ་ལ་སྤྱོད་དོ་ཞེས་བསྟན་ཏེ། ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་སོ། །གཟུགས་ལ་སྦྱར་བ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་བཤད་པར་བྱའོ། །ཡོངས་སུ་རྫོགས་པ་ལ་སྦྱར་བའི་འགྲེས་ནི། ཉི་ཁྲི་ལ་འདུག་ཀྱང་འབུམ་རྣམས་ལ་འཆད་པར་སྣང་ངོ༌། །འོན་ཀྱང་རྫོགས་པ་ལ་སྦྱར་བའི་འགྲེས་ཁ་བསྐངས་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་སྔ་མ་ལྟར་སྦྱར་རོ། །རྫོགས་མ་རྫོགས་ཀྱི་དོན་ནི་བརྒྱད་སྟོང་འགྲེལ་པ་ལས། ཡོན་ཏན་གྱི་རྟེན་དུ་རྫོགས་མ་རྫོགས་ལ་འཆད་ལ། གནོད་འཇོམས་ལས་ནི། སྒོམ་པའི་རྟེན་དུ་རྫོགས་མ་རྫོགས་ལ་འཆད་དོ། །ཆགས་པ་དང་མ་ཆགས་པ་ལ་སྤྱོད་པ་བཀག་པ་ནི། གོང་དུ་ཆགས་པ་དང་མ་ཆགས་པ་གང་ལགས་ཞེས་དྲིས་པའི་ལན་དུ། ཆགས་པ་དང་མ་ཆགས་པའི་རབ་དབྱེ་རྒྱས་པར་བསྟན་པ་ལ་ངོ་མཚར་བའི་ཚིག་གིས་བསྟོད་པ་ལས་འཕྲོས་ནས་གསུངས་ཏེ། གསོལ་པ་བཅོམ་ལྡན་འདས་དེ་ལྟར་ལགས་ན་ཞེས་པ་ནས། ཆགས་པ་དང་མ་ཆགས་པ་ལེགས་པར་བསྟན་ཏོ་ཞེས་པའི་བར་གྱིས་ནི་གང་ལས་འཕྲོས་པའི་ཡུལ་བསྟན་ཏོ། །དེ་ནས་འཕྲོས་པ་ནི་རབ་འབྱོར་གཞན་ཡང་ཞེས་སོགས་ཀྱིས་གསུངས་ཏེ། ཆགས་པ་དང་མ་ཆགས་པ་ལེགས་པར་བསྟན་ཏོ་ཞེས་གསུངས་པ་ལ་བརྟེན་ནས། འགའ་ཞིག་དེ་ལ་མངོན་པར་ཞེན་པ་སྐྱེས་པ་སེལ་བའི་དོན་དུ། གཟུགས་ལ་ཆགས་པའམ་མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་པ་ནས། རྣམ་མཁྱེན་ལ་ཆགས་པའམ་མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་པའི་བར་གྱིས་གསུངས་སོ། །ཆགས་པ་དང་མ་ཆགས་པ་ལ་སྤྱོད་པ་བཀག་པའི་ཚུལ་གྱིས་ཡུམ་ལ་སྤྱོད་པའི་ཕན་ཡོན་བསྟན་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་གཟུགས་ལ་ཆགས་པའམ་མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཆགས་པའམ་མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ་ཞེས་པའི་བར་དུ་གསུངས་ཏེ། གཉིས་འཛིན་གྱི་ཤེས་སྒྲིབ་སྤངས་པའི་ཡོན་ཏན་འབྱུང་བར་བསྟན་པའོ། །དེའི་དོན་མངོན་རྟོགས་རྒྱན་ལས། གཟུགས་སོགས་དེ་མི་རྟག་སོགས་དང༌། །དེ་མ་རྫོགས་དང་རབ་རྫོགས་དང༌། །དེ་ལ་ཆགས་པ་མེད་ཉིད་ལ། །སྤྱོད་པ་བཀག་པའི་སྦྱོར་བ་དང༌། །ཞེས་པས་བསྟན་ཏོ། །སྤྱོད་པ་བཀག་པའི་སྦྱོར་བ་བསྟན་ཟིན་ཏོ། །གཉིས་པ་གང་ལ་སྦྱོར་བའི་ཡུལ་གྱི་ཁྱད་པར་བཤད་པ་ལ། བསྟན་མ་བསྟན་གྱིས་འཕེལ་འགྲིབ་ཏུ་མི་འགྱུར་བ་དང༌། ནམ་མཁའི་དཔེས་ལེགས་ཉེས་བརྗོད་པས་འཕེལ་འགྲིབ་དང༌། ཆགས་པ་དང༌། ཁོང་ཁྲོ་བ་མེད་པར་བསྟན་པའོ། །དང་པོ་ལ་རབ་འབྱོར་གྱི་ཚིག་གིས་འཕེལ་འགྲིབ་མེད་པར་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ངོ་མཚར་ཆེའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མི་འཕེལ་ལོ་ཞེས་པའི་བར་གྱིས་བསྟན་ཏོ། །གཞན་ལ་བརྗོད་ཀྱང་སྔར་མེད་གསར་དུ་འཕེལ་བ་མེད་ལ། མ་བརྗོད་ཀྱང་སྔར་ཡོད་གསར་དུ་འགྲིབ་པ་མེད་ཅེས་པའི་དོན་ནོ། །ནམ་མཁའི་དཔེས་ལེགས་ཉེས་བརྗོད་ཀྱང་འཕེལ་འགྲིབ་དང༌། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བར་མི་འགྱུར་བར་བསྟན་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། བསྟན་ཀྱང་དེ་བཞིན་མ་བསྟན་ཀྱང་དེ་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏོ། །འདི་དག་གི་དོན་རྒྱན་ལས། མི་འགྱུར་བྱེད་པོ་མིན་པ་དང༌། ཞེས་པས་བསྟན་ཏོ། །སྦྱོར་བའི་ངོ་བོའི་དབྱེ་བ་སྟོན་པ་ལ། དང་པོ་བྱ་དཀའ་བའི་རྣམ་མཁྱེན་གྱི་སྦྱོར་བ་སྟོན་པ་ལ། ངོ་བོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ནི་དཀའ་བ་བགྱིད་པའོ་ཞེས་པའི་བར་གྱིས་གསུངས་ཏེ། ཤེར་ཕྱིན་ལ་བརྩོན་པས་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཐོབ་པ་ནི། དཀའ་བའི་བྱ་བ་བྱེད་པའོ་ཞེས་བསྟན་ཏོ། །དཀའ་བ་བྱེད་པའི་དོན་བསྟན་པ་ལ། དྲི་བ་བཀོད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པའོ། །ཤེར་ཕྱིན་ལ་བརྩོན་པས་དཀའ་བ་བྱེད་ཚུལ་བསྟན་པ་ནི། བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་སོགས་ཀྱིས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ནམ་མཁའ་སྒོམ་པ་དང་མཚུངས་ཏེ། ནམ་མཁའ་སྒོམ་པ་ནི་གཟུགས་སོགས་ཀྱི་མཚན་མ་གང་ཡང་ཡིད་ལ་བྱར་མེད་པ་བཞིན་དུ། ཤེར་ཕྱིན་བསྒོམ་པ་ལ་ཡང་སྤྲོས་པའི་མཚན་མ་གང་ཡང་ཡིད་ལ་བྱ་བ་མེད་པའི་ཚུལ་གྱིས་བསྒོམ་པ་ཡིན་ནོ། །ཇི་ལྟར་ནམ་མཁའ་ལ་གཟུགས་སོགས་ཀྱི་མཚན་མ་བྱར་མེད་ཅེ་ན་ནམ་མཁའ་ལ་ནི་གཟུགས་མ་མཆིས་སོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་མཆིས་སོ་ཞེས་པའི་བར་གྱིས་གསུངས་སོ། །ལམ་ཤེས་ཀྱི་སྦྱོར་བ་བྱ་དཀའ་བ་སྟོན་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་གོ་ཆ་འདི་འཚལ་བ་དེ་དག་ནི། ཕྱག་བགྱི་བར་འོས་པའོ་ཞེས་པ་ནས། བྱང་ཆུབ་ཏུ་ཞུགས་པ་དེ་དག་ནི་གོ་ཆ་འཚལ་བའོ་ཞེས་པའི་བར་གྱིས་གསུངས་སོ། །དོན་དམ་པར་སེམས་ཅན་མེད་པས། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།