སེམས་ཅན་འཆིང་བ་ལས་འགྲོལ་བའི་དོན་དུ་འབད་པ་བྱེད་པ་ནི། ནམ་མཁའ་འཆིང་བ་ལས་འགྲོལ་བའི་དོན་དུ་འབད་པ་བྱེད་པ་དང་མཚུངས་པར་བསྟན་པ་སྟེ། དེ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་གང་གིས་ཞེས་པ་ནས། རྩལ་བར་མོས་པ་དག་སྟེ་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ཡོངས་སུ་བཀྲོལ་བར་འཚལ་བའོ་ཞེས་པ་དང༌། གོ་ཆ་ཆེན་པོ་འཚལ་བའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཞི་ཤེས་ཀྱི་སྦྱོར་བ་བྱ་དཀའ་བ་ལ་མདོར་བསྟན་པ་ནི། བཅོམ་ལྡན་འདས་ཞེས་པ་ནས། བར་སྣང་ལ་འདེགས་པར་འཚལ་བའོ་ཞེས་པའི་བར་རོ། །རྒྱས་པར་བཤད་པ་ལ། དོན་བཤད་པ་དང༌། དཔེ་དོན་སྦྱར་བའོ། །དང་པོ་ནི། བཅོམ་ལྡན་འདས་ཞེས་པ་ནས། བྱང་ཆུབ་ཏུ་ཞུགས་པ་དེ་དག་ནི་གོ་ཆ་འཚལ་བའོ་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཞེས་པ་ནས་དཔའ་བོ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མ་མཆིས་པའི་གོ་ཆ་འཚལ་བའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་འཐད་པ་བསྟན་པ་ནི། དོན་དམ་པར་སེམས་ཅན་གྱི་དོན་དུ་འབད་པ་བྱེད་པ་ནི། ནམ་མཁའི་དོན་དུ་འབད་པ་བྱེད་པ་དང་མཚུངས་ཏེ། དེ་ཅིའི་སླད་དུ་ཞེ་ན། སྟོང་གསུམ་གྱི་འཇིག་རྟེན་འདི་སངས་རྒྱས་ཀྱིས་ཡོངས་སུ་གང་བར་འགྱུར་ནས། བསྐལ་པ་དཔག་ཏུ་མེད་པ་ཆོས་བསྟན་ཏེ། སངས་རྒྱས་རེ་རེས་ཀྱང་སེམས་ཅན་ཚད་མེད་པར་མྱ་ངན་ལས་འདས་ཀྱང༌། སེམས་ཅན་གྱི་ཁམས་ལ་བྲི་བ་དང་གང་བ་མེད་པའི་ཕྱིར་ཏེ། དོན་དམ་པར་སེམས་ཅན་དབེན་པའི་ཕྱིར་རོ། །དེ་སྟོན་པ་ནི། བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་འདི་ལྟ་སྟེ། དཔེར་ན་འདམ་བུའི་ཚལ་ལམ་ཞེས་པ་ནས། འགྲིབ་པའམ་གང་བར་མི་གདའོ། །དེའི་གཏན་ཚིགས་ཀྱང༌། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། དབེན་པའི་སླད་དུ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོང་གསུམ་འདི་ལ་སྦྱར་བ་དེ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་རེ་རེ་ཞིང་སྦྱར་བ་ནི། གལ་ཏེ་ཕྱོགས་བཅུ་རེ་རེ་ཞིང་ཞེས་པ་ནས་དབེན་པའི་སླད་དུ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། བཅོམ་ལྡན་འདས་རྣམ་གྲངས་དེས་ན་ཞེས་པ་ནས། ཡོངས་སུ་དཀྲོལ་བར་འཚལ་བ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་དོན་རྒྱན་ལས། བྱ་དཀའ་རྣམ་གསུམ་སྦྱོར་བ་དང༌། །ཞེས་པས་བསྟན་ཏོ། །སྦྱོར་བའི་འབྲས་བུ་བསྟན་པ་ནི། འཁོར་རྣམས་ཀྱི་ནང་ནས་དགེ་སློང་གཅིག་གིས། དོན་དམ་པར་སྐྱེ་འགག་མེད་ལ། ཐ་སྙད་དུ་རྣམ་བྱང་གི་ཆོས་རྣམས་ཡོད་པའི་ཚུལ་མི་འགལ་བ་ལ་ངོ་མཚར་སྐྱེས་ནས། ཤེར་ཕྱིན་ལ་བསྟོད་པ་མཛད་པ་ནི། དེ་ནས་དགེ་སློང་གཅིག་གཅིག་འདི་སྙམ་དུ་གྱུར་ཏེ་ཞེས་པ་ནས། ཕྱག་འཚལ་ལོ་སྙམ་པ་དང་ཞེས་པའི་བར་གྱིས་བསྟན་ཏེ། བདེན་གཉིས་མི་འགལ་བའི་ཚུལ་རྟོགས་ནས་ཤེར་ཕྱིན་ལ་ཕྱག་འཚལ་བའོ། །འདིའི་དོན་རྒྱན་ལས། སྐལ་བ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད། ཅེས་གསུངས་སོ། །ཤེར་ཕྱིན་གྱི་རྣལ་འབྱོར་ལ་བརྩོན་པ་སྲུང་བྱེད་གཞན་ལ་རག་མ་ལས་པར་སྟོན་པ་ལ། དང་པོ་ཤེར་ཕྱིན་གྱི་རྣལ་འབྱོར་ལ་ཇི་ལྟར་བརྩོན་པའི་ཚུལ་སྟོན་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། དེ་ནི་ནམ་མཁའ་སྟོང་པ་ལ་བརྩོན་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །སྲུང་བྱེད་གཞན་ལ་རག་མ་ལས་པ་སྟོན་པ་དངོས་ལ། དང་པོ་བརྒྱ་བྱིན་གྱིས་དྲིས་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། བསྐྱབ་པ་ཅི་ལྟ་བ་ཞིག་བགྱི། །བཅོམ་ལྡན་འདས་བདག་ལ་བཀའ་སྩལ་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏེ། ཤེར་ཕྱིན་ལ་བརྩོན་པའི་རྣལ་འབྱོར་པ་ཇི་ལྟར་བསྲུང་བར་བགྱི་ཞེས་དྲིས་པའོ། །དོན་དམ་པའི་དབང་དུ་བྱས་ནས་རབ་འབྱོར་གྱིས་བསྲུང་བྱ་སྲུང་བྱེད་མ་དམིགས་པར་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངམ་ཞེས་པའི་བར་གྱིས་གསུངས་ཏེ། དོན་དམ་པར་བསྲུང་བྱ་སྲུང་བྱེད་ཡོད་པ་སྤོང་བའི་ཚིག་སྨྲས་པའོ། །བརྒྱ་བྱིན་གྱིས་ཀྱང་རབ་འབྱོར་དང་རྗེས་སུ་མཐུན་པར་བརྗོད་པ་ནི། སྨྲས་པ་བཙུན་པ་རབ་འབྱོར་ཞེས་པ་ནས། རྗེས་སུ་མ་མཐོང་ངོ་ཞེས་པའི་བར་རོ། །རབ་འབྱོར་གྱིས་ཤེར་ཕྱིན་གྱི་རྣལ་འབྱོར་ཉིད་ཐ་སྙད་དུ་བསྲུང་བྱ་སྲུང་བྱེད་དུ་བསྟན་པ་ནི། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་ཞེས་པ་ནས། སྐྱབས་པར་འགྱུར་བ་དང་ཞེས་པའི་བར་གྱིས་བསྟན་ཏོ། །ཇི་སྐད་བཤད་པའི་ཤེར་ཕྱིན་ལ་མི་གནས་ན། མི་མ་ཡིན་གྱིས་གླགས་རྙེད་པ་དང༌། ཤེར་ཕྱིན་གྱི་རྣལ་འབྱོར་དང་བྲལ་བའི་ཉེས་པ་ཡོད་པར་བསྟན་པ་ནི། གལ་ཏེ་ཇི་སྐད་དུ་བསྟན་པའི་ཤེར་ཕྱིན་དང་ཞེས་པ་ནས། བྲལ་བར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་དམ་པར་བསྲུང་བྱའི་བྱང་ཆུབ་སེམས་དཔའ་མེད་པས་གང་གིས་ཀྱང་བསྲུང་བར་བྱར་མེད་པར་བསྟན་པ་ནི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་བསྲུང་བ་དང༌། སྐྱོང་བ་དང༌། ཞེས་པ་ནས། དེ་ནི་བསམ་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་དོན་དམ་པར་མེད་པས་དེ་ལ་བསྲུང་བ་དང་བསྐྱབ་པར་བྱ་བར་འདོད་པ་ནི། ནམ་མཁའ་དང༌། སྒྱུ་མ་དང༌། རྨི་ལམ་དང༌། སྒྲ་བརྙན་དང༌། མི་ཡོར་དང༌། སྤྲུལ་པ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་ལ་བསྲུང་བསྐྱབ་བྱ་བར་འདོད་པ་དང་མཚུངས་པས། བྱ་བར་མི་ནུས་པའི་དོན་ལ་འབད་པ་བྱེད་པ་ནི། དུབ་པའི་སྐལ་བ་ཅན་དུ་འགྱུར་རོ་ཞེས་བརྒྱ་བྱིན་དང་རབ་འབྱོར་གྱིས་དྲི་བ་དྲིས་ལན་གྱིས་གཏན་ལ་ཕབ་པའོ། །འདི་དག་གི་དོན་རྒྱན་ལས། གཞན་ལ་རག་ལས་མེད་གང་དང༌། །ཞེས་གསུངས་སོ། །ཇི་སྐད་བཤད་པའི་ཤེར་ཕྱིན་ལ་གནས་ན། ཕྱི་ནང་གི་དངོས་པོ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟར་ཁོང་དུ་ཆུད་པར་བསྟན་པ་དང༌། དེ་ལྟར་ཁོང་དུ་ཆུད་པས་རློམ་སེམས་དང་བྲལ་བའི་ཡོན་ཏན་འབྱུང་བར་བསྟན་པ་ལས། དང་པོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། སྤྲུལ་པ་ལྟ་བུའི་ཆོས་རྣམས་ཡོངས་སུ་ཤེས་པ་དང༌། དེ་ལྟར་ཡོངས་སུ་ཤེས་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །མངོན་རྟོགས་རྒྱན་ལས་ནི། སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་པས་བསྟན་ཏོ། །སྒྱུ་མའི་དཔེ་བདུན་ལས། སྔར་འགྱུར་རྣམས་ལ་ནི་ཆུ་ཟླའི་དཔེ་ཆད་པར་སྣང་ངོ༌། །ཆོས་རྣམས་རྨི་ལམ་ལྟ་བུ་ཤེས་པས། རློམ་སེམས་མི་འབྱུང་བའི་ཡོན་ཏན་ཡོད་པ་བསྟན་པ་ནི། དེ་ལྟར་ཡོངས་སུ་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་རློམ་སེམས་སུ་མི་བྱེད་ཅེས་སོགས་ཀྱིས་གསུངས་ཏེ། ཐོག་མར་བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲི་བ་བཀོད་པ་ནི། དེ་ལྟར་ཡོངས་སུ་ཤེས་པས་སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་པ་ཡིན་ཞེས་པ་ལ་སོགས་པས་བསྟན་ཏོ། །འདིར་དྲི་བའི་སྐབས་སུ་བདག་གིས་ཞེས་རློམ་སེམས་སུ་མི་བྱེད་ཅེས་པའི་འགྲེས་ཆད་པར་སྣང་ངོ༌། །ལན་ནི། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རློམ་སེམས་སུ་མི་བྱེད། ཅེས་སོགས་ཀྱིས་གསུངས་ཏེ། ངོ་བོ་དང༌། བྱེད་པ་དང༌། ལས་གསུམ་གྱི་སྒོ་ནས་རྨི་ལམ་རློམ་སེམས་སུ་མི་བྱེད་ན། གཟུགས་སོགས་རྨི་ལམ་ལ་སོགས་པའི་དཔེ་བདུན་གྱི་ཚུལ་དུ་རྟོགས་ནས། རྨི་ལམ་ལ་སོགས་དཔེ་བདུན་གྱི་ཚུལ་དུ་རྣམ་པ་གསུམ་གྱི་སྒོ་ནས་རློམ་སེམས་སུ་མི་འགྱུར་ཞེས་པའི་དོན་ཏེ། གཟུགས་ལ་རྨི་ལམ་ལ་སོགས་པའི་དཔེ་བདུན་སྦྱར་ནས་རྣམ་པ་གསུམ་གྱི་སྒོ་ནས་རློམ་སེམས་སུ་མི་འགྱུར་བར་བསྟན་པ་བཞིན་དུ། རྣམ་མཁྱེན་གྱི་བར་དུ་སྦྱར་ནས་གསུངས་སོ། །འདི་ནི་འབུམ་སྔ་འགྱུར་ལ་ཇི་ལྟར་སྣང་བ་བཞིན་བཀོད་པ་ཡིན་ནོ། །འོན་ཀྱང་སྔ་འགྱུར་ལ། དོན་གྱི་སྐབས་སུ། གཟུགས་བདག་གི་ཞེས་རློམ་སེམས་སུ་མི་བྱེད། ཅེས་པ་དང༌། དཔེའི་སྐབས་སུ་རྨི་ལམ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། ཅེས་སོགས་ཀྱི་འགྲེས་ཆད་པར་ངེས་པས། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་བདག་གིས་ཞེས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད། གཟུགས་ཀྱི་མཚན་མར་ཡང་རློམ་སེམས་སུ་མི་བྱེད་ཅེས་པའི་གཞུང་སྟོན་ནས་རྣམ་པ་བཞིའི་སྒོ་ནས་རློམ་སེམས་སུ་མི་འགྱུར་བར་བསྟན་པར་བྱའོ། །འདིའི་དོན་ནི། རྒྱན་ལས། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་གསུངས་སོ། །སྦྱོར་བའི་རྣམ་པ་མཉམ་པ་ཉིད་བསྟན་ཟིན་ཏོ། །ད་གཞི་ཤེས་ཀྱི་མཐོང་ལམ་མདོར་བསྟན་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་ཞེས་པ་ནས། སའི་ཕྱོགས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང༌། འཆད་པར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་པའི་དོན་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ནས་བཟུང་སྟེ་འོག་མིན་གྱི་མཐར་ཐུག་པའི་བར་གྱིས་ལྷ་རྣམས་ཀྱིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཤཱཀྱ་ཐུབ་པའི་མིང་ཅན་ཤ་སྟག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མིང་འདི་ཉིད་དང༌། ཚིག་འདི་ཉིད་དང་ཡི་གེ་འདི་ཉིད་ཀྱིས་སྟོན་པ་མཐོང་ཞིང༌། ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། རབ་འབྱོར་གྱི་མིང་ཅན་དང༌། བརྒྱ་བྱིན་གྱི་མིང་ཅན་འབའ་ཞིག་གིས་ལེའུ་འདི་ཉིད་ཞུ་བ་ཡང་མཐོང་ངོ་ཞེས་པའོ། །འཁོར་རྣམས་གཞི་ཤེས་ཀྱི་ཤེར་ཕྱིན་ལ་དད་པ་བསྐྱེད་པའི་ཕྱིར་དུ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་མ་འོངས་པའི་བྱམས་པ་ཡང་ས་ཕྱོགས་འདི་ཉིད་དུ་སངས་རྒྱས་ནས་ཤེར་ཕྱིན་སྟོན་ཅིང་འཆད་པར་འགྱུར། བསྐལ་པ་བཟང་པོའི་སངས་རྒྱས་གཞན་རྣམས་ཀྱང་ས་ཕྱོགས་འདི་ཉིད་དུ་སངས་རྒྱས་ནས། ཤེར་ཕྱིན་སྟོན་ཅིང་འཆད་པར་འགྱུར་རོ་ཞེས་པའོ། །རྒྱན་ལས། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང༌། །ཞེས་གསུངས་སོ། །མཐོང་ལམ་རྒྱས་པ་བཤད་པ་ལ། །མཚམས་སྦྱར་བ་ནི། གསོལ་པ། བཅོམ་ལྡན་འདས་ཞེས་པ་ནས། སྟོན་ཅིང་འཆད་པར་འགྱུར་རོ་ཞེས་རབ་འབྱོར་གྱིས་དྲིས་པའོ། །ཚུལ་ཇི་ལྟར་དྲིས་པ་ནི། ཆོས་གང་དུ་སྟོན་པར་འགྱུར་བ་དང༌། ཇི་ལྟར་སྟོན་པའི་ཚུལ་གཉིས་དྲིས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བྱམས་པ་སངས་རྒྱས་ནས་ཆོས་སྟོན་པའི་ཚེ། གཟུགས་རྟག་མི་རྟག་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། སྡུག་མི་སྡུག་དང༌། ཞི་མ་ཞི་དང༌། བཅིངས་གྲོལ་དང༌། དུས་གསུམ་གྱི་ཆོས་གང་དུ་ཡང་སྟོན་པར་མི་འགྱུར་རོ་ཞེས་བཤད་ནས། ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་འགྲེས་དེ་བཞིན་དུ་སྦྱར་ནས་སྟོན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་མེད་པས། ཆོས་གང་ཡང་ཆོས་གང་དུ་ཡང་སྟོན་པར་མི་འགྱུར་རོ་ཞེས་པའི་དོན་ནོ། །འདི་དག་གི་དོན་ནི་རྒྱན་ལས། གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་པ་དང་ཞེས་པའི་ཚིག་གིས་བསྟན་ཏོ། །འོ་ན་ཚུལ་ཇི་ལྟར་དུ་སྟོན་པར་འགྱུར་ཞེས་དྲིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ཅི་ཞིག་སྟོན་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ་ཞེས་སོགས་ཀྱིས་གསུངས་ཏེ། དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པས་མི་མཐུན་ཕྱོགས་ཀྱིས་མ་གོས་པས་རང་བཞིན་གྱིས་རྣམ་པར་དག་གོ་ཞེས་པའི་དོན་ནོ། །ཚུལ་དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་བཤད་དོ། །ཡོངས་སུ་དག་པའི་འགྲེས་སྟོན་པ་ནི། ཤེར་ཕྱིན་ཡང་རྣམ་པར་དག་པའི་གཟུགས་སོགས་ལས་ལོགས་སུ་མེད་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ་ཞེས་སྟོན་ཏེ། །ཚོར་བ་ཡོངས་སུ་དག་པ་དང༌། ཤེར་ཕྱིན་ཡོངས་སུ་དག་པ་གཉིས་སྦྱར་ནས། ཚུལ་དེ་ལྟར་རྣམ་མཁྱེན་གྱི་བར་དུ་སྦྱར་ཏེ་གསུངས་སོ། །ཡང་ན་ཤེར་ཕྱིན་ནི་དྲི་མས་ཡོངས་སུ་དག་གོ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་གསུངས་ཏེ། གཟུགས་དྲི་མས་ཡོངས་སུ་དག་པའི་ཕྱིར། ཡུལ་ཅན་ཤེར་ཕྱིན་ཡང་དྲི་མས་ཡོངས་སུ་དག་གོ་ཞེས་པའི་དོན་ནོ། །དེས་ན་སྔ་མས་རང་བཞིན་རྣམ་དག་དང༌། ཕྱི་མས་གློ་བུར་རྣམ་དག་བསྟན་པ་ཡིན་ནོ། །འགྲེས་ལྷག་མ་རྣམ་མཁྱེན་གྱི་བར་དུ་ཡང་དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་གྱིས་ཤེར་ཕྱིན་ཡོངས་སུ་དག་པའོ་ཞེས་ཞུས་པའི་དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་ཞིབ་ཏུ་བཀའ་སྩལ་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་པ་ནས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་པའི་བར་གྱིས་ནི། ཆོས་ཐམས་ཅད་སྐྱེ་འགག་མེད་པར་སྟོན་པའི་དོན་ཞིབ་ཏུ་དྲིས་པའོ། །དེའི་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ལ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང་ཞེས་སོགས་གསུངས་ཏེ། རྣམ་པར་དག་པའི་གཏན་ཚིགས་སུ་སྐྱེ་འགག་མེད་པ་བཤད་པའོ། །ཡང་ན་སྐྱེ་འགག་མེད་པ་ལ་རྣམ་པར་དག་པ་ཞེས་རྣམ་པར་དག་པའི་གདགས་གཞི་ངོས་བཟུང་བའོ། །ཡང་ན་སྐྱེ་འགག་སོགས་མེད་པའི་ཕྱིར་ཡུལ་ཅན་ཤེར་ཕྱིན་གྱིས་ཆོས་ཐམས་ཅད་རྣམ་པར་དག་པར་མཐོང་བས་ཡུལ་ཡོངས་སུ་དག་པ་ཞེས་བརྗོད་དོ། །ཆོས་གང་རྣམ་པར་དག་པར་རྟོགས་ཤེ་ན། གཟུགས་ཡོངས་སུ་དག་པའོ་ཞེས་གསུངས་ཏེ། གཟུགས་ཡོངས་སུ་དག་པར་རྟོགས་ཞེས་པའི་དོན་ནོ། །དེ་བཞིན་དུ་ཚོར་བ་སོགས་སྐྱེ་འགག་མེད་པའི་ཕྱིར་ཤེར་ཕྱིན་གྱིས་རྣམ་པར་དག་པར་མཐོང་ངོ༌། །གང་རྣམ་པར་དག་ཅེ་ན། ཚོར་བ་རྣམ་པར་དག་པའོ་ཞེས་སོགས་གསུངས་ཏེ། རྣམ་མཁྱེན་གྱི་བར་དུ་སྦྱར་བར་བྱ་བ་ཡིན་ནོ། །འདི་དག་གི་དོན། མངོན་རྟོགས་རྒྱན་ལས། གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་རྣམ་དག་དང༌། །མ་སྐྱེས་མ་འགག་ལ་སོགས་དང༌། །ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་གཏན་ཚིགས་གཞན་ཡང་སྨྲས་པ་ནི། རབ་འབྱོར་གཞན་ཡང་ནམ་མཁའ་ཡོངས་སུ་དག་པའི་ཕྱིར་ཞེས་པ་ནས། ནམ་མཁའ་ཡོངས་སུ་དག་པའོ་ཞེས་པའི་བར་གྱིས་གསུངས་ཏེ། ནམ་མཁའ་དཔེར་བསྟན་ནས་ཤེར་ཕྱིན་ཡོངས་སུ་དག་པར་བསྟན་པའོ། །རབ་འབྱོར་ནམ་མཁའ་ལ་འགོ་བ་མེད་པའི་ཕྱིར་ཞེས་པ་ནས། ཤེར་ཕྱིན་ཡོངས་སུ་དག་པ་ལགས་ཞེས་པའི་བར་གྱིས་ནི། ནམ་མཁའ་དྲི་མས་མ་གོས་པའི་དཔེས་ཤེར་ཕྱིན་དྲི་མས་མ་གོས་པར་བསྟན་པའོ། །འདི་དག་གི་དོན་རྒྱན་ལས། མཁའ་འདྲ་ཆགས་པ་སྤངས་པ་དང༌། །ཞེས་སོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་བཟུང་དུ་མེད་པའི་ཕྱིར་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་པའི་བར་གྱིས་ནི། ནམ་མཁའ་ལྟར་སྔོན་པོ་ལ་སོགས་པ་རྣམ་པའི་སྒོ་ནས་བཟུང་དུ་མེད་པར་བསྟན་ཏོ། །རྒྱན་ལས། ཡོངས་སུ་འཛིན་ལས་གྲོལ་བ་དང༌། །ཞེས་འབྱུང་ངོ༌། །ཡང་རབ་འབྱོར་འདི་ལྟ་སྟེ། ནམ་མཁའ་སྒྲ་བརྙན་ཞེས་པ་ནས། ཤེར་ཕྱིན་ཡོངས་སུ་དག་པའོ་ཞེས་པའི་བར་གྱིས་ནི། ནམ་མཁའ་སྒྲ་བརྙན་ལྟར་ཐ་སྙད་འདོགས་པར་བྱེད་པ་ཡང་མ་ཡིན། ཐ་སྙད་གདགས་པའི་ཡུལ་ཡང་མ་ཡིན་པའི་དཔེས་ཤེར་ཕྱིན་ཡོངས་སུ་དག་པར་བསྟན་ཏེ། རྒྱན་ལས། ངོ་བོ་ཉིད་ཀྱིས་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང༌། །ཞེས་གསུངས་སོ། །རབ་འབྱོར་གཞན་ཡང་ནམ་མཁའ་དམིགས་སུ་མེད་པའི་ཕྱིར་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ཞེས་པའི་བར་གྱིས་ནི། ནམ་མཁའ་ཡོངས་སུ་གཅོད་དུ་དམིགས་སུ་མེད་པའི་དཔེས། ཤེར་ཕྱིན་དམིགས་སུ་མེད་པར་བསྟན་ཏེ། རྒྱན་ལས། དམིགས་པ་མེད་པར་བྱེད་པ་དང༌། །ཞེས་གསུངས་སོ། །རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་པའི་བར་གྱིས་ནི། ཆོས་ཐམས་ཅད་སྐྱེ་འགག་མེད་པའི་གཏན་ཚིགས་ཀྱིས་ཤེར་ཕྱིན་ཡོངས་སུ་དག་པར་བསྟན་ཏེ། རྒྱན་ལས། ཤིན་ཏུ་རྣམ་དག་ཅེས་པའི་ཚིག་གིས་བསྟན་ཏོ། །འདི་དག་ཐམས་ཅད་ཀྱི་གནས་སྐབས་སུ། བཅོམ་ལྡན་འདས་ཀྱིས་གསུངས་པ་དང༌། རབ་འབྱོར་གྱིས་དེའི་འཐད་པ་དྲིས་པ་དང༌། འཐད་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་གསུམ་གསུམ་གྱིས་བཤད་པར་བྱའོ། །ཡོངས་སུ་དག་པར་བསྟན་པའི་ཤེར་ཕྱིན་ལ་དད་པ་བསྐྱེད་པའི་དོན་དུ་ཇི་སྐད་བཤད་པའི་ཤེར་ཕྱིན་ལ་གནས་པའི་རྣལ་འབྱོར་པ་ལ། ཚེ་འདིའི་ནད་ཞི་བ་དང༌། དུས་བཟང་པོ་ལ་ལྷའི་ཚོགས་འདུ་བའི་སྒོ་ནས་བསོད་ནམས་མང་དུ་འཕེལ་བར་བསྟན་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་ཞེས་པ་ནས། རབ་ཏུ་འཕེལ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་གཏན་ཚིགས་ནི། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རིན་པོ་ཆེའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཤེར་ཕྱིན་དགོས་འདོད་འབྱུང་བའི་རིན་པོ་ཆེར་འགྱུར་ཚུལ་རྒྱས་པར་བཤད་པ་ནི། རབ་འབྱོར་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ནི་འདི་ལྟ་སྟེ་ཞེས་པ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ་ཞེས་པའི་བར་གྱིས་གསུངས་ཏེ། སྔ་མས་ནི་ཚེ་འདི་ལ་འབྱུང་བའི་ཡོན་ཏན་བསྟན་ལ། འདི་དག་གིས་ནི་ཚེ་ཕྱི་མ་ལ་འབྱུང་བའི་ཡོན་ཏན་བསྟན་ཏོ། །དོན་ནི། ཤེར་ཕྱིན་ལ་བསླབ་པར་བྱ་བའི་ཆོས་རྒྱ་ཆེན་པོ་བསྟན་པས། དེ་ལ་བསླབས་ན་མངོན་མཐོའི་ཡོན་ཏན་རྒྱལ་རིགས་ཆེ་ཞིང་མཐོ་བ་ལ་སོགས་པ། ངེས་ལེགས་ཀྱི་ཡོན་ཏན་རྒྱུན་དུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་རྣམས་འབྱུང་ངོ༌། །ཞེས་བསྟན་པ་ཡིན་ནོ། །དོན་བསྡུ་བ་ནི། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ཞེས་བྱའོ་ཞེས་གསུངས་སོ། །རྒྱན་ལས་ནི། ནད་མི་འབྱུང་ཞེས་པ་དང༌། ངན་སོང་ཆད་ཅེས་པའི་ཚིག་གཉིས་ཀྱིས་བསྟན་ཏོ། །གོང་དུ་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་བསྟན་པ་ལ་བདེན་པར་ཞེན་པ་དགག་པའི་ཕྱིར་དུ་གསུངས་པ་ནི། ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་དེ་ནི་ཞེས་པ་ནས། དོར་བ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཞེས་པ་ནས། དོར་བར་བྱ་བའི་ཆོས་དེ་ལྟ་བུ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །མཐོང་ལམ་གྱི་ཤེར་ཕྱིན་ལ་མཚན་མ་དང་མ་འབྲེལ་བའི་ཡོན་ཏན་ཡོད་པར་བསྟན་པ་ལ། སྤྱིར་སྤྲོས་པའི་མཚན་མ་དང་མ་འབྲེལ་བར་བསྟན་པ་དང༌། མི་མཐུན་ཕྱོགས་ཀྱིས་མ་གོས་པའི་ཡོན་ཏན་ཡོད་པར་བསྟན་པ་གཉིས་སོ། །དང་པོ་ནི། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ལ་དགེ་བའམ་ཞེས་པ་ནས། ཆོས་གང་ཡང་དམིགས་སུ་མེད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །རབ་འབྱོར་རྣམ་གྲངས་དེས་ན་ཞེས་སོགས་ཀྱིས་ནི། སྔ་མ་གཏན་ཚིགས་སུ་ཉེ་བར་བཟུང་ནས་བསྒྲུབ་བྱའི་ཆོས་ལ་སྦྱར་བ་བསྟན་ཏོ། །གཉིས་པ་མི་མཐུན་ཕྱོགས་ཀྱིས་མ་གོས་པའི་ཡོན་ཏན་ནི། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ལ་ནི་ཆོས་གང་གིས་ཀྱང་འགོ་བ་མེད་དོ་ཞེས་པའོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། འགོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་དག་གི་དོན་ནི། རྒྱན་ལས། འབྲས་བུ་ནི། མངོན་དུ་བྱ་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འབྲེལ་དང༌། །ཞེས་སོགས་གསུངས་སོ། །བརྗོད་བྱའི་དངོས་པོ་དང༌། རྗོད་བྱེད་ཀྱི་མིང་གཉིས་ལ་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཤེར་ཕྱིན་བསྒོམ་པར་བསྟན་པ་ནི། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་གང་ལ་ཡང་མི་རྟོག་ན་ཤེར་ཕྱིན་བསྒོམས་པའི་གྲངས་སུ་ཆུད་དོ་ཞེས་པའོ། །དེའི་ཡོན་ཏན་སྟོན་པ་ནི། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པའོ་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་དུ་འགྲོའོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་དག་གི་དོན་ནི་རྒྱན་ལས། དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་གསུངས་སོ། །མཁྱེན་གསུམ་རྒྱས་པར་བསྟན་ཟིན་ཏོ།། ༈ མཁྱེན་གསུམ་གྱི་དོན་བསྡུ་བ་ལ། དང་པོ་རྣམ་མཁྱེན་གྱི་དོན་བསྡུ་བ་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་སྟོན་པའམ་ཞེས་པ་ནས། གཟུགས་མེད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན་ཞེས་པའི་བར་གྱིས་གསུངས་ཏེ། རྣམ་མཁྱེན་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས། གདུལ་བྱ་གཞན་ལ་ཆོས་སྟོན་པ་སོགས་ཀྱིས་བྱེད་པ་བཅུ་གསུམ་མེད་པ་དང༌། ཁམས་གསུམ་ལས་འདའ་བར་བྱེད་པའི་བྱེད་པ་དམིགས་སུ་མེད་དོ་ཞེས་པའི་དོན་ནོ། །ལམ་ཤེས་ཀྱི་དོན་བསྡུ་བ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་མ་ཡིན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན་ཞེས་པའི་བར་གྱིས་ནི། ལམ་ཤེས་ལ་བླང་དོར་གྱི་རྣམ་པར་རྟོག་པ་མི་མངའ་བར་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི། འདུས་བྱས་ཀྱི་ཁམས་འདོར་བ་མ་ཡིན། འདུས་མ་བྱས་ཀྱི་ཁམས་སྒྲུབ་པ་མ་ཡིན་ཞེས་པས་ནི། འདི་གཉིས་ལ་བཟང་ངན་དུ་མི་འབྱེད་ཅེས་པའི་དོན་ནོ། །གཞི་ཤེས་ཀྱི་དོན་བསྡུ་བ་ནི། དེའི་གཏན་ཚིགས་ཀྱིས་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དེ་བཞིན་དུ་གནས་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཞེས་སོགས་ཀྱིས་བླང་དོར་མི་མངའ་བའི་གཏན་ཚིགས་བསྟན་ཏེ། དོན་དམ་པར་བླང་དོར་མེད་པའི་སྟོང་པ་ཉིད་ཀྱི་ངང་ཚུལ་ལས་གཞན་དུ་མི་འགྱུར་བའི་ཕྱིར་རོ་ཞེས་པའི་དོན་ནོ། །དེ་ལ་ཆོས་ཉིད་ཅེས་པ་ནི། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དོ་ཞེས་པའི་དོན་ནོ། །ཆོས་ཀྱི་དབྱིངས་ནི་འདི་ལ་དམིགས་པས་འཕགས་པའི་ཆོས་རྣམས་འབྱུང་བའི་དོན་ནོ། །ཆོས་གནས་ཉིད་དང་ཞེས་པ་ནས། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་དོན་ནོ། །ཆོས་སྐྱོན་མེད་པ་ཉིད་ནི། འདི་ལ་དམིགས་པས་སྐྱོན་མེད་པ་ནི། འདི་ལ་དམིགས་པས་སྐྱོན་ཐམས་ཅད་ཡོངས་སུ་གཅོད་པའི་དོན་ནོ། །དེ་བཞིན་དུ་གནས་པ་ཞེས་པ་ནི། སྔར་གྱི་གནས་སྐབས་ལས་གཞན་དུ་མི་འགྱུར་བའི་དོན་ནོ། །གོང་དུ་བསྟན་པའི་ཤེར་ཕྱིན་ཟབ་མོ་དེ་ནི་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་ནས་གཞན་ལ་རྒྱས་པར་བསྟན་ཏོ་ཞེས་སྟོན་པ་ནི། དེ་ནི་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་སོ་ཞེས་པ་ནས། ཡང་དག་པར་སྟོན་ཏོ་ཞེས་པའི་བར་གྱིས་དེ་ལ་གསུངས་སོ་ཞེས་པ་སྤྱིར་བསྟན་པའོ། །སྟོན་ཏོ་ཞེས་པ་ནི་བརྗོད་བྱའི་དོན་ལ་སྦྱར་རོ། །བརྗོད་དོ་ཞེས་པ་ནི་ཚིག་ལ་སྦྱར་རོ། །འགྲེལ་ཏེ་ཞེས་པ་ནི་དགོངས་པར་བསྟན་པའོ། །རྣམ་པར་འབྱེད་དོ་ཞེས་པ་ནི་ཞིབ་ཏུ་བསྟན་པའོ། །གསལ་བར་མཛད་དོ་ཞེས་པ་ནི་ཚིག་དོན་གཉིས་ཀའོ། །ཡང་དག་པར་སྟོན་ཏོ་ཞེས་པ་ནི་ཕྱིན་ཅི་མ་ལོག་པའོ། །བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་ཟབ་མོ་བཤད་པ་ལ་ལྷའི་བུ་རྣམས་ཡི་རང་སྟེ་ངོ་མཚར་དུ་འགྱུར་པའི་ཚིག་སྙན་པའི་སྒྲ་ཕྱུང་ནས་ཤེར་ཕྱིན་དང་བཅོམ་ལྡན་འདས་གཉིས་ཀ་ལ་བསྟོད་པ་མཛད་པ་ནི། དེ་ནས་ལྷའི་བུ་སྟོང་ཕྲག་མང་པོ་ཞེས་པ་ནས། ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་ཆོས་ཀྱི་འཁོར་ལོ་གཉིས་པ་ཞེས་པའི་དོན་ནི། ཝ་ར་ན་སཱིར་འཕགས་པའི་བདེན་བཞི་ལ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དང་པོར་བཟུང་ནས། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་ཤེར་ཕྱིན་བསྐོར་བ་ནི། དེ་ལ་ལྟོས་པའི་གཉིས་པའོ། །དེ་ལ་གོང་དུ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་མོ་སྟེ་ཞེས་བྱ་བ་ལ་སོགས་པ་ཚིག་དགུ་བཅུ་རྩ་ལྔས་གནས་བརྟན་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་པར་མེད་པ་ལ་འཇུག་པ་རྒྱ་ཆེར་བསྟན་ཟིན་ནས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་པ་ལས་འཕྲོས་པའི་དོན་རྣམ་པ་བརྒྱད་ཀྱིས་འགྲེལ་ཏེ། དོན་དམ་པར་ཆོས་མེད་པ་དང༌། འཁོར་ལོ་མེད་པ་དང༌། བསྐོར་བ་མེད་པ་དང༌། བཤད་པའི་ངོ་བོ་ཉིད་མེད་པ་དང༌། འཆད་པ་པོ་མེད་པ་དང༌། ཉན་པ་པོ་མེད་པ་དང༌། རྟོགས་པ་མེད་པ་དང༌། རྟོགས་པ་པོའི་གང་ཟག་མེད་པའོ། །དེ་ལ་དང་པོ་ཆོས་མེད་པ་སྟོན་པ་ལ། བསྐོར་བའི་གྲངས་ཀྱི་ཆོས་མ་དམིགས་པ་དང༌། བསྐོར་བའི་བྱ་བ་མ་དམིགས་པ་དང༌། དེ་དག་གི་དོན་དྲིས་ལན་གྱིས་རྒྱས་པར་གཏན་ལ་དབབ་པའོ། །དང་པོ་ནི། གོང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ཞེས་པའི་དོན་ལ་ཞེན་པ་དགག་པའི་ཕྱིར་དུ། དེ་ནས་ཞེས་པ་ནས། གཅིག་ཏུ་བསྐོར་བ་ཡང་མ་ཡིན་ཞེས་པའི་བར་གྱིས་གསུངས་ཏེ། གཅིག་དང་གཉིས་སུ་བསྐོར་བའི་གྲངས་ཀྱང་མ་དམིགས་ཏེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་བསྐོར་བའི་བྱ་བ་ལ་ཞེན་པ་དགག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཞེས་པ་ནས། ཉེ་བར་གནས་པ་མ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །བྱ་བ་མ་དམིགས་པ་དེ་ཉིད་དྲིས་ལན་གྱི་སྒོ་ནས་གཏན་ལ་དབབ་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། སྟོང་པ་ཉིད་དེ་གང་ལགས་ཞེས་པའི་བར་ཏེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་འཁོར་བའི་བྱ་བ་མ་དམིགས་ཞེས་གསུངས་ན། སྟོང་པ་ཉིད་དེ་གང་ལགས་ཞེས་དྲིས་པའོ། །ལན་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་རང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་ཞེས་པའི་བར་གྱིས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་མོ་སྟེ་ཞེས་སོགས་ཚིག་དགུ་བཅུ་རྩ་ལྔས། གནས་བརྟན་རབ་འབྱོར་གྱིས་ཤེར་ཕྱིན་འདིས་ཆོས་ཐམས་ཅད་ལ་འཇུག་པ་རྒྱ་ཆེར་སྟོན་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་མོའོ། །ཞེས་པས་ནི། ཡུལ་རྒྱ་ཆེ་བ་ལ་དམིགས་པས་ཆེ་བར་བསྟན་པའོ། །ཆོས་ལ་འཇུག་པར་བསྟན་པ་ནི། ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་ཡོད་མེད་གཉིས་སུ་ཕྱེ་ནས་སྟོན་པ་སྟེ། དེ་ནི་ཆོས་ཐམས་ཅད་ཀྱིས་སྟོང་ལ་ཞེས་པས་བསྟན་ཏོ། །མངོན་པར་བྱང་ཆུབ་པ་ལ་འཇུག་པ་ནི། ཀུན་རྫོབ་ཏུ་མངོན་པར་བྱང་ཆུབ་པ་ཡང་སྟོན་ལ། དོན་དམ་པར་མངོན་པར་བྱང་ཆུབ་པ་མེད་པར་ཡང་སྟོན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཞེས་པ་ནས། འཚང་རྒྱ་བ་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་འཇུག་པ་ཡང་བདེན་པ་གཉིས་ཀྱི་སྒོ་ནས་བསྟན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཞེས་པ་ནས། འཁོར་བར་བགྱི་བ་མ་མཆིས་ཞེས་པའི་བར་གྱིས་བསྟན་ཏེ། ཐ་སྙད་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཡང་དོན་དམ་པར་ཆོས་ཀྱི་སྐོར་བ་མ་དམིགས་པའི་དོན་ནོ། །དེའི་འོག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཉིད་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། ཆོས་མེད་པ་དང༌། འཁོར་ལོ་མེད་པ་དང༌། བསྐོར་བ་མེད་པ་དང༌། བཤད་པ་མེད་པ་དང༌། འཆད་པ་པོ་མེད་པ་དང༌། ཉན་པ་མེད་པ་དང༌། རྟོགས་པ་མེད་པ་དང༌། རྟོགས་པ་པོ་མེད་པའོ། །དང་པོ་ནི། དེ་དག་གིས་ཆོས་གང་ཡང་ཡོངས་སུ་མཐོང་བའམ། མ་མཐོང་བ་མ་མཆིས་སོ་ཞེས་པས་བསྟན་ཏོ། །གཉིས་པ་འཁོར་ལོ་མེད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། ཆོས་ཐམས་ཅད་ཀྱང་ཤིན་ཏུ་མངོན་པར་མ་གྲུབ་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །བསྐོར་བ་མ་གྲུབ་པ་ནི། དེ་ཅིའི་སླད་དུ་ཞེ་ན་སྟོང་པ་ཉིད་ནི་འཁོར་བར་བགྱིད་པའམ་མི་འཁོར་བར་བགྱིད་པ་མ་ལགས་སོ་ཞེས་པ་ནས། སྨོན་པ་མ་མཆིས་པ་ནི་འཁོར་བར་བགྱིད་པའམ་མི་འཁོར་བར་བགྱིད་པ་མ་ལགས་སོ་ཞེས་པའི་བར་གྱིས་གསུངས་སོ། །རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་ཡིན་པས་འཁོར་བའི་བྱ་བ་མ་དམིགས་སོ་ཞེས་པའི་དོན་ནོ། །བཤད་པ་མེད་པ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་ཞེས་པ་ནས་ཡོངས་སུ་དག་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །འཆད་པ་མེད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེ་ཡང་ཞེས་པ་ནས། གང་སུས་ཀྱང་མ་བསྟན་ཞེས་པའི་བར་གྱིས་བསྟན་ཏོ། །ཉན་པ་མེད་པ་ནི་སུས་ཀྱང་མ་གཟུང་ཞེས་པའོ། །རྟོགས་པ་མེད་པ་ནི་སུས་ཀྱང་མངོན་སུམ་དུ་མ་བགྱིས་སོ་ཞེས་པའོ། །རྟོགས་པ་པོའི་གང་ཟག་མེད་པ་ནི། གང་སུས་ཀྱང་མངོན་སུམ་དུ་མ་བགྱིས་པ་དེ་ལ་ནི་ཞེས་པ་ནས། སྦྱིན་པའི་གནས་སུ་འགྱུར་བ་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གནས་མེད་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པ་རྣམ་པར་བཤད་པའོ།། ༈ སྐབས་བཞི་པའི་དོན་རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བ་བསྟན་པ་སུམ་ཅུ་པ་དམིགས་པ་མེད་པའི་ལེའུ་བཤད་པ། རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བ་སྟོན་པ་ལ་ལེའུ་བཅུ་དྲུག་ཡོད་པ་ལས། དང་པོ་དམིགས་པ་མེད་པའི་ལེའུ་སྟོན་ནོ། །དེ་ལ་མཁྱེན་པ་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་ཡོད་པ་ལས། དང་པོ་གཞི་ཤེས་ཀྱི་རྣམ་པར་སྟོན་པའི་དབང་དུ་བྱས་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་ཏེ། རབ་འབྱོར་གྱིས་བཤད་པ་དང༌། བཅོམ་ལྡན་འདས་ཀྱིས་དེའི་གཏན་ཚིགས་བཀོད་པའི་སྒོ་ནས་གསལ་བར་གསུངས་པ་གཉིས་གཉིས་ཀྱིས་བཤད་པར་བྱའོ། །དེ་ལ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་ནི། དེ་ལ་ཡུམ་འདི་ནི་གཞིའི་ཆོས་མ་མཆིས་པར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་མེད་པའི་ཕྱིར་རོ་ཞེས་པ་སྟེ། ནམ་མཁའ་ལྟར་དངོས་པོ་མེད་པའི་དོན་ནོ། །འདི་ནི་མཉམ་པ་ཉིད་དུ་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་བཟང་ངན་མེད་པར་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །མཉམ་པ་ཉིད་ཀྱི་དོད་ལ་བསྟན་བཅོས་ལས་སྐྱེ་བ་མེད་པ་ཤེས་བཤད་དོ། །འདི་ནི་དབེན་པར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཆད་ཀྱི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དོན་རྟོགས་པའི་ཕྱིར་རོ། །འདི་ནི་ཐུབ་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕས་ཀྱི་རྒོལ་བའི་ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པའི་ཕྱིར་རོ། །བསྟན་བཅོས་ལས་ནི་འདིའི་དོད་ལ་མི་རྫི་བ་ཞེས་བཤད་དོ། །ཀུན་འབྱུང་གི་རྣམ་པ་བཞི་ནི། འདི་ནི་གནས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། མིང་བཞིའི་ཕུང་པོ་དང་ལུས་མེད་པར་རྟོགས་པའི་ཕྱིར་རོ། །འོག་མ་རྣམས་ལ་ཡང་སྦྱར་ཚུལ་དེ་བཞིན་ནོ། །འདི་ནི་ཆོས་རྣམས་ནམ་མཁའ་ལྟར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་ནམ་མཁའ་དང་འདྲ་ཞེ་ན། དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར་རོ་ཞེས་པ་སྟེ། འདི་ཡང་བཤད་པའི་རྣམ་གྲངས་སོ། །བརྗོད་དུ་མ་མཆིས་པ་རྟོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་བརྗོད་དུ་མ་མཆིས་ཞེ་ན། བརྗོད་པའི་རྒྱུ་རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་དམིགས་སུ་མེད་པའི་ཕྱིར་རོ། །མིང་མ་མཆིས་པར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་མིང་མ་མཆིས་ཞེ་ན། ཚོར་བ་སོགས་དམིགས་སུ་མེད་པའི་ཕྱིར་རོ། །འགོག་པའི་རྣམ་པ་བཞི་ནི། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་མ་མཆིས་ཞེ་ན། ཆོས་ཐམས་ཅད་འགྲོ་བ་མེད་པའི་ཕྱིར་རོ། །ཡུམ་འདི་ནི་མི་འཕྲོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཅིའི་ཕྱིར་མི་འཕྲོགས་ཞེ་ན། ཆོས་ཐམས་ཅད་རྣམ་པའི་སྒོ་ནས་གཟུང་དུ་མེད་པའི་ཕྱིར་རོ། །སྐད་ཅིག་མ་མཆིས་པར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་སྐད་ཅིག་མ་མཆིས་ཞེ་ན། ཆོས་ཐམས་ཅད་བྱུང་ཞིང་ཟད་པའི་ཕྱིར་རོ། །བསྟན་བཅོས་ལས་ནི་མི་ཟད་པ་ཞེས་བཤད་དོ། །སྐྱེ་བ་མ་མཆིས་པར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་སྐྱེ་བ་མེད་ཅེ་ན། ཆོས་ཐམས་ཅད་སྐྱེ་འགག་མེད་པའི་ཕྱིར་རོ། །ད་ལམ་བདེན་གྱི་རྣམ་པ་བཅོ་ལྔ་ལས། ཉོན་སྒྲིབ་ཀྱི་གཉེན་པོའི་ལམ་བདེན་གྱི་རྣམ་པ་བཞི་ནི། བྱེད་པ་པོ་མ་མཆིས་པ་དང༌། ཤེས་པ་པོ་མ་མཆིས་པ་དང༌། འཕོ་བ་པོ་མ་མཆིས་པ་དང༌། འཇིག་པ་མ་མཆིས་པར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་དེ་དག་མ་མཆིས་ཤེ་ན། བྱེད་པ་པོ་དང༌། ཤེས་པ་པོ་དང༌། འཆི་འཕོ་དང༌། སྐྱེ་བ་དང༌། ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར་རོ། །ཤེས་སྒྲིབ་ཀྱི་གཉེན་པོ་ལམ་ཟག་བཅས་ཀྱི་རྣམ་པ་བཞི་ནི། ཕྱི་རོལ་དོན་གྱི་ཆོས་རྣམས་རྨི་ལམ་ལྟ་བུ་དང༌། སྒྲ་བརྙན་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། སྒྱུ་མ་ལྟ་བུར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། གཏན་ཚིགས་རིམ་པ་ལྟར། རྨི་ལམ་མཐོང་བ་དང༌། སྒྲ་བརྗོད་པ་དང༌། མེ་ལོང་ནང་གི་གཟུགས་དང༌། ཆུ་འབབ་པ་དང༌། མཚན་མ་དམིགས་སུ་མེད་པའི་ཕྱིར་རོ། །འདིར་མིག་ཡོར་ནི་མེ་ལོང་ནང་གི་གཟུགས་བརྙན་སྣང་བ་ལ་བཤད་དོ། །ཤེས་སྒྲིབ་ཀྱི་གཉེན་པོ་ཟག་པ་མེད་པའི་ལམ་གྱི་རྣམ་པ་དྲུག་ལ། དང་པོ་ནི། རྨོངས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཅིའི་ཕྱིར་རྨོངས་པ་མ་མཆིས་ཞེ་ན། མ་རིག་པའི་མུན་པ་དམིགས་སུ་མེད་པའི་ཕྱིར་རོ། །འདི་ཉི་ཁྲི་ལ་མི་སྣང་ཞིང༌། འགྲེལ་ཆུང་ནའང་མེད་དོ། །འདི་ལོགས་སུ་བགྲང་བ་ལྟར་ན། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་གཉིས་གཅིག་ཏུ་སྡུད་དགོས་ཏེ། གཞན་དུ་ན་ལམ་བདེན་གྱི་རྣམ་པ་བཅུ་དྲུག་ཏུ་འགྱུར་བས། རྒྱན་ལས། ལམ་ལ་དེ་ནི་བཅོ་ལྔར་བཤད་ཅེས་པ་དང་འགལ་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མ་མཆིས་པ་དང༌། དམིགས་སུ་མ་མཆིས་པ་དང༌། སྤྲོས་པ་མ་མཆིས་པ་དང༌། རློམ་སེམས་མ་མཆིས་པ་དང༌། མིག་གཡོ་བ་མ་མཆིས་པར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་གཏན་ཚིགས་ནི། རིམ་པ་ལྟར་ཀུན་ནས་ཉོན་མོངས་པ་མེད་པ་དམིགས་སུ་མེད་པ་དང༌། གང་བྱང་བར་བྱ་བའི་ཉོན་མོངས་པ་དང༌། གནས་དམིགས་སུ་མེད་པ་དང༌། སྤྲོས་པ་བཅོམ་པ་དང༌། རློམ་སེམས་བཅོམ་པ་དང༌། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ། །འབུམ་ལས་གོས་པ་མེད་པའི་རྣམ་པ་འདོད་ལ་དམིགས་སུ་མ་མཆིས་པ་ཞེས་གསུངས་སོ། །རྒྱན་ལས། མེད་པའི་རྣམ་པ་ནས་བཟུང་སྟེ། མིག་གཡོ་བ་ཡི་རྣམ་པའི་བར། །ཞེས་སོགས་ཚིག་བཅད་གཅིག་གསུངས་སོ། །གཞི་ཤེས་ཀྱི་རྣམ་པ་བསྟན་ཟིན་ཏོ། །ལམ་ཤེས་ཀྱི་རྣམ་པ་ལ། ཀུན་འབྱུང་གི་གཉེན་པོའི་རྣམ་པ་བརྒྱད་ནི། འབུམ་འགྱུར་གསར་པ་རྣམས་དང་བསྟན་བཅོས་ལས། འདོད་ཆགས་དང་བྲལ་བ་ཞེས་བཤད་ལ། འབུམ་རྙིང་ལས་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་སོ། །གཏན་ཚིགས་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་མ་ནོར་བ་ཡང་དག་པ་ཉིད་དུ་མངོན་པར་རྟོགས་པར་འཚང་རྒྱ་བར་བྱེད་པའི་ཕྱིར་རོ། །ཀུན་ནས་ལྡང་བ་མ་མཆིས་པ་དང་ཞེས་འབུམ་ལས་འབྱུང་ལ། འགྲེལ་ཆུང་ལས་མི་གནས་པ་ཞེས་བགྲངས་སོ། །ཞི་བ་དང༌། འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། སེམས་ཅན་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །གཏན་ཚིགས་ནི་རིམ་པ་ལྟར་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་མ་མཆིས་པ་དང༌། ཆོས་ཐམས་ཅད་མཚན་མ་མེད་ཅིང་དམིགས་སུ་མེད་པ་དང༌། འདོད་ཆགས་དང་ཞེ་སྡང་དམིགས་སུ་མེད་པར་རྟོགས་པ་དང༌། མི་ཤེས་པའི་མུན་པ་སེལ་བ་དང༌། སེམས་ཅན་མེད་པ་དང༌། ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ། །ལམ་བདེན་གྱི་རྣམ་པ་བདུན་ནི་རབ་ཏུ་སྤངས་པ་དང༌། མཐའ་གཉིས་སུ་མི་འགྱུར་བ་དང༌། ཐ་མི་དད་པ་དང༌། ཉམས་པ་མ་མཆིས་པ་དང༌། རྣམ་པར་རྟོག་པ་མ་མཆིས་པ་དང༌། ཚད་མ་མཆིས་པ་དང༌། ནམ་མཁའ་ལྟར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །གཏན་ཚིགས་ནི་རིམ་པ་ལྟར་ཀུན་ནས་ལྡང་བ་མེད་པ་དང༌། རྣམ་པར་སྤོང་བ་དང༌། ཆོས་ཐམས་ཅད་འདྲེས་པ་མེད་པ་དང༌། ཉན་རང་གི་ས་ལས་འདའ་བར་བྱེད་པ་དང༌། རྟོག་པ་ཐམས་ཅད་དམིགས་སུ་མེད་པ་དང༌། ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པ་དང༌། ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཕྱིར་རོ། །སྡུག་བསྔལ་གྱི་རྣམ་པ་བཞི་ནི། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསྟན་བཅོས་ལས་སྟོང་པ་ཉིད་ཀྱི་མཇུག་ཐོགས་སུ་བདག་མེད་སྦྱར་རོ། །གཏན་ཚིགས་རིམ་པ་བཞིན་དུ་ཆོས་ཐམས་ཅད་འཇིག་པ་མེད་པ་དང༌། ཆོས་ཐམས་ཅད་ཚོར་བར་སྦྱོར་བ་མེད་པ་དང༌། མངོན་པར་ཆགས་པ་མེད་པ་དང༌། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །འདིར་མི་རྟག་པའི་གཏན་ཚིགས་སུ་འཇིག་པ་མེད་པ་སྦྱར་བ་ནི། མི་རྟག་དོན་ནི་མེད་དོན་དང༌། །ཞེས་པ་དང་མཐུན་པར་བཤད་པའོ། །འགོག་བདེན་གྱི་རྣམ་པ་བཅུ་དྲུག་ནི། སྟོང་ཉིད་བཅུ་དྲུག་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། གཏན་ཚིགས་ནི་སྟོང་གཞིའི་ཆོས་ཅན་ནང་དང་ཕྱི་ལ་སོགས་པ་མི་དམིགས་པ་གཏན་ཚིགས་སུ་སྦྱར་བའོ། །སྟོང་པ་ཉིད་ཉི་ཤུའམ་བཅོ་བརྒྱད་ཡོད་པ་མ་ཡིན་ནམ་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་སྟོང་པ་ཉིད་གཉིས་ནི་འདུས་བྱས་དང་འདུས་མ་བྱས་སྟོང་པ་ཉིད་ཀྱི་ནང་དུ་འདུས་ལ། རང་གི་ངོ་བོ་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་གཉིས་ནི་རང་བཞིན་སྟོང་པ་ཉིད་ཀྱི་ནང་དུ་འདུས་སོ། །ད་རྣམ་མཁྱེན་གྱི་རྣམ་པ་སྟོན་པ་ལ། ཉན་ཐོས་དང་རྗེས་སུ་མཐུན་པའི་རྣམ་པ་སུམ་ཅུ་རྩ་བདུན་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །གཏན་ཚིགས་ནི། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་དང༌། དགེ་བ་དང༌། མི་དགེ་བ་དམིགས་སུ་མེད་པ་དང༌། རྫུ་འཕྲུལ་གྱི་རྐང་པ་སོགས་རང་གི་ངོ་བོ་དམིགས་སུ་མེད་པ་གཏན་ཚིགས་སུ་སྦྱར་ནས་གསུངས་སོ། །བྱང་ཆུབ་སེམས་དཔའ་དང་རྗེས་སུ་མཐུན་པ་སུམ་ཅུ་རྩ་བཞི་ནི། རྣམ་པར་ཐར་པའི་སྒོ་གསུམ། རྣམ་པར་ཐར་པ་བརྒྱད། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ། ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། འབུམ་ལས་ནི་ཉི་ཤུ་རྩ་དྲུག་ལས་མི་སྣང་ལ། འགྲེལ་པ་བྱེད་པ་དག་གིས། སྤོངས་ལམ་བཞི་དང་ཕར་ཕྱིན་བཅུ་གྲངས་ནས་སུམ་ཅུ་རྩ་བཞི་བྱེད་པར་སྣང་ངོ༌། །གཏན་ཚིགས་ནི། རྣམ་ཐར་སྒོ་གསུམ་གྱི་ཡུལ་མི་དམིགས་པ་དང༌། རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུ་མི་དམིགས་པ་དང༌། ཕར་ཕྱིན་དྲུག་དང་དེའི་མི་མཐུན་ཕྱོགས་མི་དམིགས་པ་ཉིད་དེའི་གཏན་ཚིགས་སུ་བཤད་དོ། །རྣམ་མཁྱེན་གྱི་ལམ་ཤེས་ཀྱི་རྣམ་པ་བསྟན་ཟིན་ཏོ། །ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ལ། འདི་ནི་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་ཀྱི་རྣམ་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ། སྟོབས་བཅུའི་ཡུལ་གྱི་རྣམ་པ་ཐམས་ཅད་མེད་པའི་ཕྱིར་རོ་ཞེས་པའི་དོན་ནོ། །འབུམ་ཕལ་ཆེ་བ་ལས་ནི། ཆོས་ཐམས་ཅད་ཐུབ་པ་མེད་པའི་ཕྱིར་རོ་ཞེས་གསུངས་ལ། འདི་ནི་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཞུམ་པ་མེད་པའི་ཕྱིར་རོ་ཞེས་པ་སྟེ། མི་མཐུན་ཕྱོགས་ཀྱིས་ཞུམ་པ་མེད་པའི་ལམ་གྱི་རྣམ་པ་དམིགས་སུ་མེད་པར་རྟོགས་པའི་ཕྱིར་རོ་ཞེས་པའི་དོན་ནོ། །འདི་ནི་སོ་སོ་ཡང་དག་རིག་པ་བཞིའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆགས་པ་དང་ཐོགས་པ་མེད་པའི་ཕྱིར་ཞེས་འབྱུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོ་སོ་ཡང་དག་པར་རིག་པ་ཞེས་བརྗོད་ལ། དེ་ཉིད་ཆགས་ཐོགས་མེད་པར་མཁྱེན་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་མེད་པས་ན་ཆགས་པ་མེད་པ་དང༌། ཤེས་བྱའི་སྒྲིབ་པ་མེད་པས་ན་ཐོགས་པ་མེད་པའོ། །འདི་ནི་སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །འདི་ནི་མ་འདྲེས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཉན་རང་གི་ས་ལས་འདས་པའི་ཕྱིར་རོ། །འདི་ནི་དེ་བཞིན་གཤེགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་ཀྱིས་བརྗོད་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པའི་ཕྱིར་རོ། །འདི་ནི་རང་བྱུང་གི་ཕ་རོལ་ཏུ་ཕྱིན་པ་སྟེ་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར་རོ། །འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །མངོན་རྟོགས་རྒྱན་ལས་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་སོ་དགུ་གསུངས་ལ། འབུམ་ལས་ནི། སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་ཞེས་གཅིག་ལྷག་པོ་སྣང་བས། རྒྱན་ལས། བཞི་བཅུ་དག་ཏུ་བཞེད་པ་ཡིན། །ཞེས་འབྱུང་བར་རིགས་སོ། །ལེའུ་སུམ་ཅུ་པ་རྣམ་པར་བཤད་པའོ།། ༈ སུམ་ཅུ་རྩ་གཅིག་པ་ཤེར་ཕྱིན་བྱང་ཕྱོགས་ཀྱི་རྒྱུད་དུ་དར་བ་སྟོན་པའི་ལེའུ་བཤད་པ། ཤེར་ཕྱིན་བྱང་ཕྱོགས་ཀྱི་རྒྱུད་དུ་དར་བར་སྟོན་པའི་ལེའུ་འདི་ལས་ནི། སྦྱོར་བ་པོ་རྟེན་གྱི་གང་ཟག་དང༌། སྦྱོར་བ་རང་གི་ངོ་བོ་དང༌། སྦྱོར་བའི་ཡོན་ཏན་རྣམས་བསྟན་ཏེ། དང་པོ་སྟོན་པ་ལ། བརྒྱ་བྱིན་གྱིས་རྟེན་གྱི་གང་ཟག་ལ་ཚིག་གིས་བསྔགས་པ་བརྗོད་པ་དང༌། ཤཱ་རིའི་བུའི་ཚིག་གིས་བསྔགས་པ་བརྗོད་པ་དང༌། ཡང་བརྒྱ་བྱིན་གྱི་ཚིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆེ་བ་བརྗོད་པའོ། །དང་པོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏོ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་སྙམ་པ་དང་ཞེས་པའི་བར་གྱིས་གསུངས། འདི་ལ་དང་པོ་ཉན་པའི་སྣོད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིགས་ཀྱི་བུ་དང་ཞེས་པ་ནས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཚིག་འཛིན་པའི་སྣོད་ནི་གང་འཛིན་ཅིང་འཆང་བ་དང་ཞེས་པ་ནས། ཀུན་ཆུབ་པར་བྱས་ནས་ཀྱང་ཞེས་པའི་བར་གྱིས་བསྟན་ཏོ། །དོན་མི་བརྗོད་པར་འཛིན་པ་ནི་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནས་དྲིས་སོ། །ཡོངས་སུ་ཞུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ནི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཤཱ་རིའི་བུས་རྟེན་གྱི་གང་ཟག་བརྗོད་པ་ལ་གཉིས་ཏེ། བསྔགས་པ་བརྗོད་པ་དངོས་དང་དེའི་འཐད་པ་བརྗོད་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་པ་ནས། སེམས་དཔའ་ཆེན་པོ་དང་འདྲ་བར་གཟུང་བར་བགྱིའོ་ཞེས་པའི་བར་གྱིས་བརྗོད་པ་བསྟན་ཏོ། །གཉིས་པ་འཐད་པ་ནི་བཟློག་པའི་སྒོ་ནས་བསྟན་ཏེ། དེ་ཅིའི་སླད་དུ་ཞེ་ན་ཞེས་སོགས་ཀྱིས་གསུངས་པ་ལ། འཐད་པ་དང་པོ་ནི། ཤེར་ཕྱིན་གྱི་རྟེན་གྱི་གང་ཟག་ནི་སྦྱིན་སོགས་ལ་སྤྱད་པ་སྔོན་དུ་སོང་བ་ཡིན་ཏེ། སྔོན་སྦྱིན་སོགས་ལ་མ་སྤྱད་པས་ཤེར་ཕྱིན་ཐོས་ཀྱང་མོས་པར་མི་ནུས་པའི་ཕྱིར་ཞེས་པ་སྟེ། བཅོམ་ལྡན་འདས་ཞེས་པ་ནས། མོས་པར་བགྱི་བར་མི་ནུས་ཞེས་པའི་བར་རོ། །འཐད་པ་གཉིས་པ་ནི། ད་ལྟ་ཡུམ་སྤོང་བར་སེམས་པ་དག་གིས་སྔོན་ཡང་ཡུམ་སྤངས་པ་ཡིན་ཏེ། ད་ལྟ་ཡུམ་བཤད་པའི་ཚེ། དད་པ་དང་མོས་པ་མ་མཆིས་པའི་ཕྱིར་ཞེས་པ་སྟེ། བཅོམ་ལྡན་འདས་རིགས་ཀྱི་བུའམ་ཞེས་པ་ནས། མ་མཆིས་པའི་སླད་དུ་སྟེ་ཞེས་པའི་བར་གྱི་བསྟན་ཏོ། །ད་ལྟ་དད་པ་དང་མོས་པ་མ་མཆིས་པ་དེ་དག་གིས་སྔོན་ཡང་ཤེར་ཕྱིན་སྟོན་པའི་གང་ཟག་ལ་བསྙེན་བཀུར་མ་བགྱིས་པ་དང༌། སྦྱིན་པའི་ཕར་ཕྱིན་ནས་མ་འདྲེས་པའི་བར་ལ་ཇི་ལྟར་བསྒོམས་པའི་ཚུལ་མ་ཞུས་ཤིང་མ་དྲིས་སོ་ཞེས་སྟོན་པ་ནི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་སྔོན་གྱི་མཐར་ཡང་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ཇི་ལྟར་བསྒོམ་པར་བགྱི་ཞེས་ཡོངས་སུ་མ་ཞུས་པ་དྲིས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ལྷའི་དབང་པོའི་ཚིག་གིས་ཤེར་ཕྱིན་གྱི་ཆེ་བ་བསྟན་པ་ལ་གསུམ་སྟེ། ཟབ་པས་མོས་པར་དཀའ་བར་སྟོན་པ་དང༌། ཡུམ་ལ་ཕྱག་འཚལ་བ་དང༌། དེའི་འཐད་པ་བརྗོད་པའོ། །དང་པོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མོས་པར་མི་འགྱུར་བ་ལྟ་ངོ་མཚར་ཡང་ཅི་ཆེ་ཞེས་པའི་བར་གྱིས་བསྟན་ཏེ། སྔོན་ཅུང་ཟད་ཐོས་པས་ཀྱང་མོས་པར་དཀའ་ན་སྔོན་མ་སྤྱད་པས་མོས་པར་འགྱུར་བ་ལྟ་ཡང་ཅི་སྨོས་ཞེས་པའི་དོན་ནོ། །གཉིས་པ་ནི། བཙུན་པ་ཤཱ་རིའི་བུ་ཡུམ་ལ་ཕྱག་འཚལ་ལོ་ཞེས་པ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བའོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་དོ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱན་ལས། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་སོགས་ཀྱིས་བསྟན་ཏོ། །སྦྱོར་བ་པོ་རྟེན་གྱི་གང་ཟག་བསྟན་ཟིན་ཏོ། །སྦྱོར་བ་སྟོན་པ་ལ། ཐོག་མར་བཅོམ་ལྡན་འདས་ཀྱིས་ཡུམ་ལ་བརྩོན་པར་གདམས་པ་དང༌། བརྒྱ་བྱིན་གྱིས་ཇི་ལྟར་བརྩོན་པའི་ཚུལ་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་ཞུས་པ་ལ་རྗེས་སུ་ཡི་རང་བར་མཛད་པ་དང༌། སྦྱོར་བ་རང་གི་ངོ་བོ་གཏན་ལ་དབབ་པ་དང་རྣམ་པ་བཞིས་བསྟན་ཏོ། །དང་པོ་ནི། རྣམ་མཁྱེན་ལ་གནས་པར་འདོད་པ་དང༌། ལམ་ཤེས་སྒྲུབ་པར་འདོད་པ་སོགས་དགོས་པ་བཅུ་བཞིའི་དོན་དུ་ཤེར་ཕྱིན་ལ་གནས་པ་དང༌། བརྩོན་པར་བྱ་བར་གདམས་པ་སྟེ། ཀཽ་ཤི་ཀ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འདོད་པའི་རིགས་ཀྱི་བུའམ་ཞེས་པ་ནས། དགེ་སློང་གི་དགེ་འདུན་བསྡུ་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ལྷའི་དབང་པོས་ཤེར་ཕྱིན་ལ་ཇི་ལྟར་གནས་པ་དང༌། ཡུལ་གང་ལ་བསླབ་པས་ཤེར་ཕྱིན་ལ་བརྩོན་པར་འགྱུར་ཞེས་ཞུས་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བརྩོན་པར་བགྱིད་པ་ལགས་ཞེས་པའི་བར་གྱིས་གསུངས་ཏེ། ཤེར་ཕྱིན་ལ་སྤྱོད་པའི་ཚེ་སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སློབ་ཚུལ་ཞེས་པའོ། །གསུམ་པ་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་གྱིས་ཞུ་བའི་ཚུལ་ལ་རྗེས་སུ་ཡི་རང་བར་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བྱུང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་སྦྱོར་བ་རང་གི་ངོ་བོ་སྟོན་པ་ལ། དང་པོ་གཟུགས་སོགས་ལ་མི་གནས་པའི་སྦྱོར་བ་ནི། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་སོགས་ཀྱིས་གསུངས་ཏེ། འདི་ལ་གཉིས་ལས། གཟུགས་སོགས་ལ་མི་གནས་པ་དང༌། དེའི་འཐད་པ་འགོད་པའོ། །དང་པོ་ནི། གཟུགས་ངོ་བོ་ཉིད་ཀྱིས་མེད་པས་དེ་ལ་མཚན་མར་འཛིན་པའི་ཚུལ་གྱིས་མི་གནས་ཏེ། གང་གི་ཚེ་གཟུགས་ལ་མཚན་མར་འཛིན་པའི་ཚུལ་གྱིས་མི་གནས་པ་དེའི་ཚེ། གཟུགས་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱེད་དོ་ཞེས་སྦྱར་ཏེ། ཇི་ལྟར་གནས་པ་དང་ཇི་ལྟར་བརྩོན་པའི་ཞུས་ལན་གྱིས་བསྟན་ཏོ། །ལྷག་མ་ཚོར་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྩོན་པའི་བར་དུ་བཤད་ཚུལ་འདི་བཞིན་ནོ། །གཉིས་པ་འཐད་པ་འགོད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གང་ལ་གནས་པར་བྱ་བ་དང་ཞེས་སོགས་ཀྱིས་གསུངས་ཏེ། གནས་པར་བྱ་བ་དང༌། བརྩོན་པར་བྱ་བའི་ཡུལ་མ་དམིགས་པའི་ཕྱིར་ཞེས་པའི་དོན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་མ་དམིགས་པའི་ཕྱིར་རོ་ཞེས་སྦྱར་རོ། །མི་སྦྱོར་བའི་སྦྱོར་བ་སྟོན་པ་ལ་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་སོགས་ཀྱིས་གསུངས་པ་འདི་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། འཐད་པའོ། །དང་པོ་ནི། གཟུགས་ལ་མི་སྦྱོར་མི་འབྱེད་དེ་ཞེས་སོགས་ཀྱི་གསུངས་ཏེ། ཁྱད་གཞི་གཟུགས་སོགས་ངོ་བོ་ཉིད་ཀྱིས་མེད་པས་གཅིག་ཏུ་མི་སྦྱོར་བ་དང༌། སོ་སོར་མི་འབྱེད་པ་སྟེ། འགྲེས་སྔ་མས་གནས་པ་བཀག་ལ། འདིས་བསྒྲུབ་པ་བཀག་པ་ནི་ཁྱད་པར་རོ། །གཟུགས་ལ་སྦྱར་བ་དེ་བཞིན་དུ། རྣམ་མཁྱེན་གྱི་བར་དུ་སྦྱར་བར་བྱའོ། །གཉིས་པ་འཐད་པ་འགོད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་གསུངས་ཏེ། གཟུགས་ལ་མི་སྦྱོར་མི་བྱེད་དེ། གང་ལ་སྦྱོར་བའི་ཡུལ་གཟུགས་སོགས་དུས་གསུམ་དུ་མི་དམིགས་པའི་ཕྱིར་ཞེས་པའོ། །དེ་ནི་གཟུགས་སོགས་སྔོན་གྱི་མཐའ་མི་དམིགས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབུས་མི་དམིགས་སོ་ཞེས་པའི་བར་དུ་གསུངས་སོ། །ད་ཟབ་པ་གཞི་ཤེས་ཀྱི་སྦྱོར་བ་དང༌། གཏིང་དཔག་དཀའ་བ་ལམ་ཤེས་དང༌། ཚད་མེད་པའི་སྦྱོར་བ་དང་གསུམ་སྟོན་ཏེ། དང་པོ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་སོགས་ཀྱིས་གསུངས་སོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ་ཞེས་བཤད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ཟབ་པའི་ཚུལ་རྟོགས་པའི་ཕྱིར། དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །གཉིས་པ་གཏིང་དཔག་དཀའ་བའི་སྦྱོར་བ་སྟོན་པ་ནི། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཏིང་དཔག་དཀའ་བའོ་ཞེས་སོགས་ཀྱིས་གསུངས་ཏེ། ཤེར་ཕྱིན་གཏིང་དཔག་དཀའ་བ་ཡིན་ཏེ། གཟུགས་ཀྱི་གནས་ཚུལ་གཏིང་དཔག་དཀའ་བར་རྟོགས་པའི་ཕྱིར། དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་སྦྱོར། ཚད་མེད་པའི་སྦྱོར་བ་སྟོན་པ་ནི། གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མ་མཆིས་པའོ་ཞེས་སོགས་ཀྱིས་གསུངས་ཏེ། ཤེར་ཕྱིན་ནི་ཚད་མེད་པ་ཡིན་ཏེ། གཟུགས་སོགས་ཀྱི་ཆོས་ཉིད་ཚད་མེད་པར་རྟོགས་པའི་ཕྱིར། དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་སྦྱར་རོ། །ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པའི་སྦྱོར་བ་གསུམ་བསྟན་ཟིན་ཏོ། །དེ་གསུམ་ལ་ཇི་ལྟར་སྤྱོད་པའི་ཐབས་ཤཱ་རིའི་བུས་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་ཟབ་པའི་སྦྱོར་བ་ལ་ཇི་ལྟར་སྤྱོད་པའི་ཚུལ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ཟབ་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སོགས་ཀྱིས་གསུངས་ཏེ། གཟུགས་སོགས་ཀྱི་ཆོས་ཉིད་ཟབ་པར་རྟོགས་ཀྱང༌། ཟབ་པའི་མཚན་མར་འཛིན་པའི་ཚུལ་དུ་མི་སྤྱོད་ན། ཤེར་ཕྱིན་ལ་སྤྱོད་པའི་གྲངས་སུ་འགྲོའོ་ཞེས་པའི་དོན་ནི། དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །ཟབ་པ་ལ་མཚན་མར་མི་འཛིན་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གཟུགས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་སོགས་གསུངས་ཏེ། ཟབ་པ་ནི་སྟོང་པ་ཉིད་ལ་བརྗོད་ན། སྟོང་པ་ཉིད་ནི་གཟུགས་སུ་མེད་པས་གཟུགས་མ་ཡིན་ནོ་ཞེས་བྱའོ། །དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །གཏིང་དཔག་དཀའ་བའི་ཤེར་ཕྱིན་ལ་སྤྱོད་ཚུལ་གསུངས་པ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་གཏིང་དཔག་དཀའ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སོགས་ཀྱིས་གསུངས་ཏེ། །གཟུགས་སོགས་ཀྱི་ཆོས་ཉིད་གཏིང་དཔག་དཀའ་བར་རྟོགས་ཀྱང༌། གཏིང་དཔག་དཀའ་བ་ཙམ་དུ་ཡང་མི་རྟོག་ན་ཤེར་ཕྱིན་ལ་སྤྱོད་པའི་གྲངས་སུ་འགྲོའོ་ཞེས་པའི་དོན་ནོ། །དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །གཏིང་དཔག་དཀའ་བ་ཙམ་དུ་ཡང་མི་སྤྱོད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ། གཟུགས་ཀྱི་གཏིང་དཔག་དཀའ་བ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་སོགས་ཀྱིས་གསུངས་ཏེ། གཏིང་དཔག་དཀའ་བ་ནི་སྟོང་པ་ཉིད་ལ་བརྗོད་ལ། སྟོང་པ་ཉིད་ལ་གཟུགས་མེད་པ་ན་གཟུགས་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་ཏེ་བཤད་དོ། །གསུམ་པ་ཚད་མེད་པའི་སྦྱོར་བ་ལ་སྤྱོད་ཚུལ་བཤད་པ་ནི། ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཚད་མེད་དོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སོགས་ཀྱིས་གསུངས་ཏེ། གཟུགས་སོགས་ཀྱི་ཆོས་ཉིད་ཚད་མེད་པར་རྟོགས་ཀྱང་ཚད་མེད་པའི་མཚན་མ་ཙམ་དུ་ཡང་མི་སྤྱོད་ན། ཤེར་ཕྱིན་སྤྱོད་པའི་གྲངས་སུ་འགྲོའོ་ཞེས་པའི་དོན་ནོ། །དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །ཚད་མེད་པ་ཙམ་དུ་ཡང་མི་རྟོག་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཞེས་སོགས་ཀྱིས་གསུངས་ཏེ། ཚད་མེད་པ་ནི་སྟོང་པ་ཉིད་ལ་བརྗོད་ལ། སྟོང་པ་ཉིད་ལ་གཟུགས་མེད་པས་གཟུགས་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །གཏན་ཚིགས་ཀྱི་འབྲེལ་ཉེ་བར་བསྡུ་བ་ནི། གཟུགས་སོགས་ཀྱི་ཟབ་པ་དང་གཏིང་དཔག་དཀའ་བ་དང༌། ཚད་མེད་པ་ཉིད་མཚན་མར་བཟུང་དུ་ཡོད་ན་གཞན་དུ་མི་འཐད་པས་གཟུགས་སོགས་ཀྱི་ངོ་བོར་ཡོད་དགོས་པ་ལས། དེར་མེད་པའི་ཕྱིར་མཚན་མར་རྟོག་པ་མི་འཐད་པའི་དོན་ནི། ཚེགས་ཆེན་ཡུན་རིང་རྟོགས་དཀའི་སྦྱོར་བ་སྟོན་པ་ལ། ཤ་ར་དྭ་ཏིའི་བུའི་ཚིག་གིས་ཐེག་པ་ལ་གསར་དུ་ཞུགས་པའི་མདུན་དུ་བཤད་པར་བྱ་བར་བསྟན་པ་དང༌། ཕྱིར་མི་ལྡོག་པའི་བྱང་སེམས་ཀྱི་མདུན་དུ་བཤད་པར་བྱ་བར་བསྟན་པ་དང༌། བརྒྱ་བྱིན་གྱིས་ཐེག་པ་ལ་གསར་དུ་ཞུགས་པའི་མདུན་དུ་བཤད་པར་མི་བྱ་བའི་དོན་དྲི་བ་དང༌། ཤཱ་རིའི་བུས་དེ་ལ་བསྟན་པའི་ཉེས་པ་རྒྱས་པར་བཤད་པ་དང་བཞིས་བསྟན་ཏེ། དང་པོ་ནི། ཤཱ་རིའི་བུས་གསོལ་པ་ཞེས་པ་ནས། ཐེ་ཚོམ་དང་ནེམ་ནུར་འཚལ་དུ་མཆིའོ་ཞེས་པའི་བར་གྱིས་བསྟན་ཏེ། ཤེར་ཕྱིན་ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པའི་ཕྱིར་གཞན་གྱིས་ཁོང་དུ་ཆུད་པར་དཀའ་བས། ལས་དང་པོ་པའི་མདུན་དུ་བཤད་ན་སྔངས་སྐྲག་དང་ཐེ་ཚོམ་སྐྱེས་པའི་ཉེས་པ་ཡོད་དོ་ཞེས་པའི་དོན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་ཞེས་པ་ནས། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས་བཤད་ན་ཅིའི་ཕྱིར་ཉེས་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། ཤཱ་རིའི་བུས་སྨྲས་པ་ཞེས་པ་ནས། འཚང་རྒྱ་བར་ཡང་དཀའ་བ་དེ་ལྟ་བུའི་ཡང་གནས་ཡོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ལུང་བསྟན་ཐོབ་པའི་སྦྱོར་བ་ནི། བརྒྱ་བྱིན་གྱིས་སྨྲས་པ་ཞེས་སོགས་ཀྱིས་གསུངས་ཏེ། ད་ལྟར་གྱི་མཚན་མའི་སྒོ་ནས་ལུང་བསྟན་པ་ཐོབ་པར་འགྱུར་བར་བསྟན་པ་དང༌། བཅོམ་ལྡན་འདས་ཀྱི་གསུང་གིས་དེ་ཉིད་གསལ་གདབ་པའོ། །དང་པོ་ནི། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ། ཡུམ་ཟབ་མོ་འདི་ཐོས་ནས་ཞེས་པ་ནས། ལུང་སྟོན་པར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པའོ་ཞེས་པའི་བར་གྱིས་གསུངས་ཏེ། ཡུམ་འཛིན་པ་སོགས་ཀྱི་སྔ་ལྟས་ལ། ཡུན་རིང་པོ་ནས་ཐེག་པ་ལ་ཞུགས་པ་རྣམས་ཀྱང༌། ཡོན་ཏན་སྔོན་དུ་སོང་ངོ་ཞེས་བསྟན་པའོ། །ཕྱིར་མི་ལྡོག་པའི་སྦྱོར་བ་བསྟན་པ་ལ། ཤཱ་རིའི་བུའི་ཚིག་གིས་དཔེས་བསྟན་པ་དང༌། དོན་བཤད་པ་དང༌། ཡུམ་འཛིན་པ་སོགས་ཀྱི་སྔ་ལྟས་ལ་ཐེག་པ་ལ་ཞུགས་པ་སོགས་ཀྱི་ཡོན་ཏན་སྔོན་དུ་སོང་བར་བསྟན་པ་དང༌། དེ་ཉིད་ཀྱི་སྒོ་ནས་ཕྱིར་མི་ལྡོག་པར་བསྟན་པ་དང་བཞིས་བསྟན་ཏེ། དང་པོ་ནི། ཤཱ་རིའི་བུས་གསོལ་པ་ཞེས་པ་ནས། ཉེ་བར་གྱུར་པར་རིག་པར་བགྱི་ཞེས་པའི་བར་དུ་གསུངས་ཏེ། རྨི་ལམ་གྱི་དཔེས་བསྟན་ཏོ། །དོན་བཤད་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཉིད་མ་ལོག་པ་ཞིག་ན་ཞེས་པ་ནས། ཉེ་བར་གྱུར་པར་རིག་པར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། བཅོམ་ལྡན་འདས་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པར་གྱུར་ཏེ་ཞེས་པ་ནས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཕྱིར་མི་ལྡོག་པར་རིག་པར་བགྱི་བ་དག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །ངེས་པར་འབྱུང་བའི་སྦྱོར་བ་ནི། འབྲོག་དགོན་པའི་དཔེས་བསྟན་པ་དང༌། །མི་མཐུན་ཕྱོགས་ཀྱིས་མི་འཇིགས་པའི་དཔེས་བསྟན་པ་དང༌། དེའི་འཐད་པ་བསྟན་པའོ། །དང་པོ་ནི། སྐྱེས་བུ་ལ་ལ་འབྲོག་དགོན་པ་ནས་འབྱུང་བའི་ཚེ། གྲོང་དང་ཉེ་བའི་མཚན་མ་མཐོང་བ་ན་འཇིགས་པ་མེད་པ་བཞིན་དུ། བླ་མེད་བྱང་ཆུབ་དང་ཉེ་བའི་མཚན་མ་མཐོང་བ་ན་ཉན་རང་དུ་ལྟུང་བའི་འཇིགས་པ་མེད་ཅེས་པའི་དོན་ནོ། །གཉིས་པ་འཐད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། སྔ་ལྟས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །བར་ཆད་མེད་པའི་སྦྱོར་བ་ལ། བཅོམ་ལྡན་འདས་ཀྱིས་བསྐུལ་ནས་ཤཱ་རིའི་བུས་དེའི་དཔེ་བསྟན་པ་དང༌། དོན་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ་ཞེས་པ་ནས། འདི་ཕན་ཆད་མི་རིང་ངོ་ཞེས་བགྱི་བར་རྟོགས་པར་འཚལ་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱ་མཚོ་དང་ཉེ་བའི་མཚན་མ་མཐོང་ན་རྒྱ་མཚོ་དང་ཉེ་བར་རིགས་པར་བགྱིའོ་ཞེས་པའི་དོན་ནོ། །དོན་ནི་བཅོམ་ལྡན་འདས་དེ་བཞིན་དུ་ཞེས་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱར་ཡོད་དོ་ཞེས་བགྱི་བར་རིག་པར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏེ། བྱང་ཆུབ་ཏུ་ལུང་བསྟན་པ་དང་ཉེ་བར་གནས་པ་དང༌། དེ་དག་གི་འཐད་པ་དང་གཉིས་བསྟན་ཏེ། དང་པོ་ནི། ཤེར་ཕྱིན་ཟབ་མོ་འདི་ཉན་ཅིང་འཛིན་པ་དང་ཞེས་པ་ནས། ཉེ་བར་གནས་པར་བལྟའོ་ཞེས་པའི་བར་གྱིས་བསྟན་ཏོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་སྟོན་ཏེ། ད་ལྟ་ཤེར་ཕྱིན་ཟབ་མོ་བལྟ་བ་སོགས་ཀྱི་ཕྱིར་རོ། །བྱང་ཆུབ་ལ་ཉེ་བའི་སྦྱོར་བ་ནི། དཔྱིད་ཀྱི་སྡོང་པོ་ལ་ལོ་འདབ་གསར་པས་ལྷག་པའི་དཔེས་བསྟན་ཏེ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། དཔྱིད་ཀྱི་དུས་ལ་བབ་སྟེ་ཞེས་པ་ནས། དགའ་ཞིང་སྤྲོ་ལ་ཡིད་བདེ་ཞིང་ཉམས་བདེ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །མྱུར་དུ་བྱང་ཆུབ་པའི་སྦྱོར་བ་ནི། བུད་མེད་སྦྲུམ་མ་བུ་མྱུར་དུ་བཙའ་བའི་དཔེས་བསྟན་ཏེ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་བུད་མེད་སྦྲུམ་མ་ནི་ཞེས་པ་ནས། རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བར་རིག་པར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཤཱ་རིའི་བུས་བསྟན་པའི་དཔེ་དོན་ལ་འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་བསྟོད་པ་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་སོགས་ཕྲེང་གཅིག་གོ །དེ་བཞིན་གཤེགས་པའི་མཐུས་བྱང་ཆུབ་སེམས་དཔའ་ལུང་བསྟན་པ་སོགས་ཡོངས་སུ་བཟུང་བ་ལ་རབ་འབྱོར་གྱི་ཚིག་གིས་བསྟོད་པ་མཛད་པ་ནི་ཞེས་པ་ནས། ངོ་མཚར་ཆེའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཞན་དོན་གྱི་སྦྱོར་བ་སྟོན་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། སྐྱེ་བོ་མང་པོ་ཕན་པ་དང་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བ་ནི། བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པར་ངོ་མཚར་ཏེ་ཞེས་པའི་བར་གྱིས་གསུངས་པ་འདི་ལ་གཉིས་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་རང་དགེ་བ་ལ་གནས་ནས་གཞན་ཡང་དགེ་བ་ལ་བསྐུལ་བར་མཛད་དོ་ཞེས་བཀའ་སྩལ་པ་དང༌། དེ་ལ་རབ་འབྱོར་གྱི་ཚིག་གིས་བསྟོད་པ་མཛད་པའོ། །དང་པོ་ནི། སྐྱེ་བོ་མང་བོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང་ཞེས་པ་ནས། གཞན་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་དག་པར་བསྐུལ་ལོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེ་སྐད་ཅེས་བཀའ་སྩལ་ཏེ་ཞེས་པ་ནས། ངོ་མཚར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །གོང་དུ་རབ་འབྱོར་གྱི་ཚིག་གིས་ཤེར་ཕྱིན་ལ་སྤྱོད་པ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་ངོ་མཚར་ཏོ་ཞེས་པ་ལས་འཕྲོས་ནས་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་ནི་བསྒོམ་པ་ཡོངས་སུ་རྫོགས་པ་ལ་རག་ལས་པས། ཇི་ཙམ་གྱིས་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་རབ་འབྱོར་གྱིས་དྲིས་པ་ནི། བཅོམ་ལྡན་འདས་ཇི་ལྟར་ན་བྱང་སེམས་ཆེན་པོ་རྣམས་ཀྱིས་ཞེས་པ་ནས། ཤེར་ཕྱིན་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་པའི་བར་རོ། །སྒོམ་པ་ཡོངས་སུ་རྫོགས་པའི་རྟགས་ནི་རྣམ་པ་བཞི་སྟེ། ཆོས་རྣམས་ཀྱི་འཕེལ་འགྲིབ་མི་མཐོང་བ་དང༌། ཆོས་རྣམས་ཀྱི་མཚན་ཉིད་མ་མཐོང་བ་དང༌། བསམ་གྱིས་མི་ཁྱབ་པའི་དོན་རྟོགས་པ་དང༌། བསམ་གྱིས་མི་ཁྱབ་པའི་རྟོག་པ་མི་འབྱུང་བའོ། །དང་པོ་ལ། འཕེལ་བ་མི་མཐོང་བའི་འགྲེས་དང༌། འགྲིབ་པ་མི་མཐོང་བའི་འགྲེས་གཉིས་གསུངས་ཏེ། འདི་གཉིས་ཀྱིས་འཕེལ་འགྲིབ་མེད་པའི་སྦྱོར་བ་བསྟན་ཏོ། །དེ་ལ་དང་པོ་འཕེལ་བ་མི་མཐོང་བའི་འགྲེས་ནི། ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་ཀྱི་འཕེལ་བ་མི་མཐོང་བ་ནས། རྣམ་མཁྱེན་གྱི་འཕེལ་བ་མི་མཐོང་བས་བསྒོམ་པ་ཡོངས་སུ་རྫོགས་པའི་བར་གྱི་འགྲེས་ཀྱིས་གསུངས་སོ། །འགྲིབ་པ་མི་མཐོང་བའི་འགྲེས་ནི། གཟུགས་ཀྱི་འགྲིབ་པ་མི་མཐོང་བ་ནས། རྣམ་མཁྱེན་གྱི་འགྲིབ་པ་མི་མཐོང་བས་བསྒོམ་པ་ཡོངས་སུ་རྫོགས་པའི་བར་གྱི་འགྲེས་ཀྱིས་གསུངས་སོ། །ཆོས་རྣམས་ཀྱི་མཚན་ཉིད་མི་མཐོང་བའི་འགྲེས་ནི། རབ་འབྱོར་བྱང་སེམས་ཆེན་པོ་ཤེར་ཕྱིན་ལ་སྤྱོད་པའི་ཚེ། ཆོས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་ཀྱིས་གསུངས་ཏེ། ཆོས་དང་ཆོས་མིན་མི་མཐོང་བ་དང༌། དུས་གསུམ་དང༌། དགེ་མི་དགེ་དང༌། ལུང་དུ་མ་བསྟན་པ་དང༌། འདུས་བྱས་འདུས་མ་བྱས་པ་དང༌། ཁམས་གསུམ་དང༌། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རྗེས་སུ་མི་མཐོང་བས་སྒོམ་པ་ཡོངས་སུ་རྫོགས་པའི་འགྲེས་ཀྱིས་བསྟན་ཏོ། །རྗེས་སུ་མི་མཐོང་བའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སྲོག་མེད་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བསམ་གྱིས་མི་ཁྱབ་པའི་སྦྱོར་བ་སྟོན་པ་ལ། དང་པོ་མདོར་བསྡུས་པ་ཙམ་སྨོས་པ་ནི། གསོལ་པ་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པར་བསྟན་ཏོ་ཞེས་པའོ། །འཁོར་རྣམས་ཀྱི་ཆེད་དུ་བཅོམ་ལྡན་འདས་ཀྱིས་ཞིབ་ཏུ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པར་བསྟན་ཏོ་ཞེས་སོགས་གསུངས་ཏེ། རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པའི་ཤེས་ཕྱིན་ཟབ་མོ་རྟོགས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་དུ་བསྟན་ཏོ་ཞེས་པའི་བར་ཏེ། ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་བཤད་ཚུལ་དེ་བཞིན་དུ་སྦྱར་རོ། །བཞི་པ་བསམ་གྱིས་མི་ཁྱབ་པ་ལ་ཡང༌། རྣམ་པར་མི་རྟོག་པ་ཤེར་ཕྱིན་གྱི་སྒོམ་པ་ཡོངས་སུ་རྫོགས་པར་བསྟན་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་སོགས་ཀྱིས་གསུངས་ཏེ། བསམ་གྱིས་མི་ཁྱབ་པའི་དོན་རྟོགས་ཀྱང༌། བསམ་གྱིས་མི་ཁྱབ་པ་ཙམ་དུའང་རྣམ་པར་མི་རྟོག་ན་ཤེར་ཕྱིན་གྱི་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་པའི་བར་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བཤད་ཚུལ་དེ་བཞིན་དུ་སྦྱར་རོ། །གོང་དུ་བསྟན་པའི་ཤེར་ཕྱིན་ཟབ་མོ་ལ་ཡིད་ཆེས་ནས་སྤྱོད་པར་འགྱུར་བ་སུ་ཞིག་མཆིས་ཞེས་པའི་དྲི་བ་ལན་དང་བཅས་པ་སྟོན་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །བསམ་གྱིས་མི་ཁྱབ་པའི་སྦྱོར་བ་བསྟན་ཟིན་ཏོ། །རྣམ་པར་མི་རྟོག་པའི་སྦྱོར་བ་བསྟན་པ་ལ། མི་རྟོག་པའི་དོན་དངོས་དང༌། དེའི་འཐད་པ་དང༌། འཐད་པ་དེ་ཉིད་སྔོན་དགེ་བའི་རྩ་བ་གོམས་པའི་རྟགས་སུ་བསྟན་པ་དང་གསུམ་གྱིས་བསྟན་པའི་དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་ཞེས་སོགས་ཀྱིས་གསུངས་ཏེ། དེ་ལ་གཟུགས་དང་གཟུགས་ཀྱི་མཚན་མ་དང༌། གཟུགས་ཀྱི་རང་བཞིན་དུ་མི་རྟོག་པ་གསུམ་སྨོས་པ་ནི། གཟུགས་ཞེས་མི་རྟོག མཚན་ཉིད་དུ་མི་རྟོག རང་བཞིན་དང་གནས་ཚུལ་ལ་མི་རྟོག་ཅེས་པ་སྟེ། རིམ་པ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་གཟུགས་སུ་མི་རྟོག མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་མཚན་མར་མི་རྟོག སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་རང་བཞིན་དུ་མི་རྟོག་ཅེས་པའི་དོན་ནོ། །མི་རྟོག་པ་དང་རྣམ་པར་མི་རྟོག་པ་གཉིས་སུ་སྨོས་པ་ནི། སྤྱིར་མི་རྟོག་པ་དང༌། བྱེ་བྲག་ཏུ་མི་རྟོག་པའོ། །བཤད་ཚུལ་དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །གཉིས་པ་མི་རྟོག་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཞེས་སོགས་ཀྱིས་གསུངས་ཏེ། ཤེར་ཕྱིན་ལ་སྤྱི་དང་བྱེ་བྲག་གཉིས་སུ་རྟོག་པར་བྱ་བ་མ་ཡིན་ཏེ། རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པའི་ཕྱིར་ཞེས་པའི་དོན་ཡིན་པས། གཟུགས་བསམ་གྱིས་མི་ཁྱབ་པ་ནས་རྣམ་མཁྱེན་བསམ་གྱིས་མི་ཁྱབ་པའི་བར་དུ་སྦྱར་ནས་བཤད་དོ། །གསུམ་པ་འཐད་པ་དེ་ཉིད་སྔོན་དགེ་བའི་རྩ་བ་གོམས་པའི་འཐད་པར་བསྟན་པ་ནི། རབ་འབྱོར་དེ་ལྟར་ན་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ་ལ་གཉིས་ཏེ། འབྲས་བུ་སྦྱིན་པར་བྱེད་པའི་ཤེར་ཕྱིན་ཟབ་པར་བསྟན་པ་དང༌། འབྲས་བུ་སྦྱིན་ཚུལ་དངོས་བསྟན་པའོ། །དང་པོ་ནི། ཤེར་ཕྱིན་བསམ་གྱིས་མི་ཁྱབ་པར་བསྟན་པ་ལས་འཕྲོས་ནས། བསམ་གྱིས་མི་ཁྱབ་པའི་ཕྱིར་ཟབ་བོ་ཞེས་བསྟན་ཏེ། དེ་ཡང་དེ་བཞིན་ཉིད་ཟབ་པ་ལ་གཟུགས་སོགས་ཟབ་པར་བཏགས་ནས་བསྟན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ་ཞེས་སོགས་ཀྱིས་བསྟན་ཏེ་གཟུགས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཡུལ་ཅན་ཤེར་ཕྱིན་ཟབ་བོ་ཞེས་པ་སྟེ། ཡུལ་ཟབ་པའི་མིང་ཡུལ་ཅན་ལ་བཏགས་ནས་བསྟན་ཏོ། །གཟུགས་ཀྱི་ཆོས་ཉིད་ཟབ་མོ་རྟོགས་པ་ལ་ཤེར་ཕྱིན་ཟབ་པར་བསྟན་པ་དེ་བཞིན་དུ། ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་བཤད་ཚུལ་དེ་བཞིན་དུ་སྦྱར་རོ། །གཉིས་པ་འབྲས་བུ་སྦྱིན་ཚུལ་དངོས་ནི། གསོལ་བ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོ་སྟེ། ཆོས་རིན་པོ་ཆེའི་ཕུང་པོ་རྣམས་བསྒྲུབ་པའོ་ཞེས་སོགས་ཀྱིས་གསུངས་པ་དེའི་དོན་ནི། རིན་པོ་ཆེ་དང་འདྲ་བའི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སོགས་པ་བསྒྲུབ་པའི་ཕྱིར། འབྲས་བུ་རིན་པོ་ཆེ་སྦྱིན་པར་བྱེད་པ་ཡིན་ནོ་ཞེས་སྟོན་ཏེ། གང་བསྒྲུབ་པ་ནི། དགེ་བ་བཅུ་དང༌། བསམ་གཏན་བཞི་ནས། རྣམ་མཁྱེན་དང་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་རྣམས་བསྒྲུབ་པའོ། །རྣམ་པར་དག་པའི་སྦྱོར་བ་ནི། གཟུགས་རྣམ་པར་དག་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དག་པའི་ཕུང་པོའོ་ཞེས་པའི་བར་གྱིས་གསུངས་ཏེ། ཤེར་ཕྱིན་རྣམ་པར་དག་པ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་རྣམ་པར་དག་པའི་གཟུགས་རྣམ་པར་དག་པའི་ཕྱིར་རོ། །ཞེས་པའི་དོན་ནོ། །ས་མཚམས་ཀྱི་སྦྱོར་བ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྟ་བུ་བསྟན་པའི་ཚེ་བར་ཆད་མང་དུ་འབྱུང་བ་ནི་ངོ་མཚར་ཆེའོ་ཞེས་པ་ནས། གལ་ཏེ་ལོའི་བར་གྱིས་བསྒོམ་པར་བྱས་ན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་ནོར་བུ་རིན་པོ་ཆེ་ལ་བར་ཆད་མང་དུ་འབྱུང་ངོ་ཞེས་པས་བསྟན་ཏོ། །ད་སྦྱོར་བའི་ཡོན་ཏན་བཅུ་བཞི་བསྟན་པ་ལ། དང་པོ་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། ཅི་ནས་ཀྱང་མི་འབྲི་བ་དང༌། མི་ཀླག་པ་དང་ཞེས་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་སྒོམ་པ་དེ་དག་ལ་བདུད་སྡིག་ཏོ་ཅན་དག་གིས་བར་ཆད་བྱ་བར་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཤཱཀྱ་ཐུབ་པའི་མཐུ་ལས་བདུད་ཀྱིས་བར་ཆད་བྱ་བར་མི་ནུས་པ་དང༌། ཕྱོགས་བཅུའི་སངས་རྒྱས་ཀྱི་མཐུས་བདུད་ཀྱིས་བར་ཆད་བྱ་བར་མི་ནུས་ཞེས་བསྟན་ཏོ། །སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་དགོངས་ཤིང་ཞེས་པ་ནས། དགོངས་པ་མཛད་པ་ནི་ཆོས་ཉིད་ཀྱི་དེ་བཞིན་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། ཡུམ་འབྲི་བ་དང༌། ཀློག་པ་དང༌། སྟོན་པ་སོགས་ལ་བདུད་ཀྱིས་བར་ཆད་བྱ་བར་མི་ནུས་ཏེ། དེ་དག་ལ་ཤཱཀྱ་ཐུབ་པས་དགོངས་པ་དང༌། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་ནི་ཆོས་ཉིད་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པའི་ཡོན་ཏན་ནི། ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབྲི་ཞིང་ཀློག་པ་དང༌། ཞེས་པ་ནས། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཤིང་ཐུགས་སུ་ཆུད་དོ་ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ཀྱི་མཐུས་ཡུམ་འབྲི་ཞིང་ཀློག་པ་དང༌། སྟོན་པ་སོགས་དེས་ཀྱང་འདི་དག་སངས་རྒྱས་ཀྱི་མཐུ་ཡིན་ནོ་སྙམ་པ་ཡིད་ལ་བྱ་བ་ཡིན་པར་བསྟན་པ་དང༌། དེ་ལ་ཤཱ་རིའི་བུས་དྲི་བ་བཀོད་པ་དང༌། བཅོམ་ལྡན་འདས་ཀྱིས་ཡུམ་འབྲི་བ་སོགས་དེ་དག་སངས་རྒྱས་ཀྱི་མཐུ་ཡིན་པར་བསྟན་པ་དང༌། ཤཱཀྱ་ཐུབ་པའི་སྤྱན་གྱིས་གཟིགས་པ་དང༌། ཕྱོགས་བཅུའི་སངས་རྒྱས་གྲངས་མེད་པ་དག་གིས་གཟིགས་སོ་ཞེས་པ་དང་དོན་ལྔས་བསྟན་ཏོ། །བྱང་ཆུབ་ལ་ཉེ་བར་གྱུར་པའི་ཡོན་ཏན་ནི། ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་ཞེས་པ་ནས། ཉེ་བར་གྱུར་ཏོ་ཞེས་བྱ་བར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་ཆེན་པོ་སོགས་འབྱུང་བའི་ཡོན་ཏན་ནི། ཡུམ་འབྲི་ཞིང་གླེགས་བམ་དུ་བྱས་ཏེ་འཆད་པ་དེ་དག་ལ། ཤེར་ཕྱིན་ལ་མོས་པ་མང་བར་འབྱུང་བ་དང༌། ཡུམ་ལ་མེ་ཏོག་སོགས་ཀྱིས་མཆོད་པ་བྱེད་པ་དང༌། དེ་ལྟར་བྱས་པས་དོན་ཆེན་པོ་འབྱུང་བ་དང༌། ངན་སོང་དུ་ནམ་ཡང་མི་སྐྱེ་བ་དང༌། སྦྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་དགེ་བའི་ཆོས་དང་ནམ་ཡང་མི་འབྲལ་བའི་ཡོན་ཏན་རྣམས་འབྱུང་ངོ་ཞེས་པ་རྣམས་ཀྱིས་བསྟན་ཏོ། །ཡུམ་སྤྱོད་པའི་ཡོན་ཏན་ནི། ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། དེ་བཞིན་གཤེགས་པ་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྤྱོད་པར་འགྱུར་ཏེ་ཞེས་སོགས་ཀྱིས་གསུངས་ཏེ། ལྷོ་ཕྱོགས་ཀྱི་རྒྱུད་ནས་སྤྱོད་པ་དང༌། ཡུལ་པ་ར་ཏ་ན་ན་དོན་བྱེད་པ་དང༌། བྱང་ཕྱོགས་ཀྱི་རྒྱུད་ནས་དོན་བྱེད་པ་དང༌། ལྔ་བརྒྱ་ཐ་མ་ལ་དོན་བྱེད་པ་དང་བཞིས་བསྟན་ཏེ། དང་པོ་ལ་གཉིས། དངོས་དང༌། ཕན་ཡོན་ནོ། །དང་པོ་ནི། ལྷོ་ཕྱོགས་ཀྱི་རྒྱུད་ནས་སྤྱོད་པར་འགྱུར་ཏེ་ཞེས་པ་ནས་མཆོད་པ་བྱེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྷོ་ཕྱོགས་ཀྱི་ཡུལ་ནི། །ཨུ་ཌིའི་ཡུལ་དང༌། སིང་ག་ལའི་ཡུལ་ལ་སོགས་པའོ། །གཉིས་པ་དེ་དག་གི་ཕན་ཡོན་ནི། དེ་དག་གི་དགེ་བའི་རྩ་བ་དེས་ཞེས་པ་ནས། རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་པ་ར་ཏ་ན་ནས་དོན་བྱེད་པ་ལ་ཡང་གཉིས་ཏེ། པ་ར་ཏ་ན་ན་ཇི་ལྟར་སྤྱོད་པ་དང༌། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། ཤཱ་རིའི་བུ་དེ་ལྟར་ཞེས་པ་ནས། མཆོད་པ་བྱེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཕན་ཡོན་ནི། དེ་དག་དགེ་བའི་རྩ་བ་དེས་ཞེས་པ་ནས། རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཕྱོགས་ཀྱི་རྒྱུད་ནས་སྤྱོད་པ་ལ་ཡང༌། སྤྱོད་ཚུལ་དངོས་དང༌། ཕན་ཡོན་ནོ། །དང་པོ་ནི། ཤཱ་རིའི་བུ་དེ་ལྟར་ཤེར་ཕྱིན་ཟབ་མོ་འདི་ཡུལ་པ་ར་ཏ་ན་ནས་བྱང་ཕྱོགས་ཀྱི་རྒྱུད་ལ་སྤྱོད་པར་འགྱུར་རོ་ཞེས་པ་ནས། མཆོད་པ་བྱེད་པར་འགྱུར་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཕན་ཡོན་ནི། དེ་དག་དགེ་བའི་རྩ་བ་དེས་ཞེས་པ་ནས། རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཕྱོགས་ཀྱི་རྒྱུད་ནི་ཁ་བ་ཅན་གྱི་ལྗོངས་སོ། །ལྔ་བརྒྱ་ཐ་མ་ལ་བྱ་བ་བྱེད་པར་བསྟན་པ་ལ་ཡང་གཉིས་ཏེ། ལྷོ་ཕྱོགས་བྱང་ཕྱོགས་གཉིས་ཀ་ལ་ཐུན་མོང་དུ་བྱ་བ་བྱེད་པ་དང༌། བྱེ་བྲག་ཏུ་བྱང་ཕྱོགས་སུ་བྱ་བ་བྱེད་པར་བསྟན་པའོ། །དང་པོ་ལ། དངོས་ཀྱི་དོན་དང༌། དེའི་གཏན་ཚིགས་དང༌། བྱ་བ་བྱེད་པའི་རབ་ཏུ་དབྱེ་བ་བསྟན་པའོ། །དང་པོ་ནི། ཤཱ་རིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཞེས་པ་ནས། ལྔ་བརྒྱ་ཐ་མ་ལ་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་ལྔ་བརྒྱ་ཐ་མ་ཞེས་པ་ནི། བརྒྱ་ཕྲག་ལྔས་བསྡུས་པ་ལ་ལྔ་བརྒྱའོ། །དམ་པའི་ཆོས་གནས་པའི་དུས་ནི། ལོ་ལྔ་སྟོང་ཞེས་གསུངས་ལ། ལོ་ལྔ་སྟོང་ལ་ལྔ་བརྒྱ་ཕྲག་བཅུར་བཞག་སྟེ། དེ་ལ་ལྔ་བརྒྱ་དང་པོ་ལ་དགྲ་བཅོམ་པ་དང༌། གཉིས་པ་ལ་ཕྱིར་མི་འོང་བ་དང༌། གསུམ་པ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་མང་སྟེ། འབྲས་བུའི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ་མོ། །སྒྲུབ་པའི་དུས་ཀྱང༌། ལྷག་མཐོང་གི་དུས་དང༌། ཏིང་ངེ་འཛིན་གྱི་དུས་དང༌། ཚུལ་ཁྲིམས་ཀྱི་དུས་ཏེ། ལྔ་བརྒྱ་ཕྲག་གསུམ་མོ། །ལུང་གི་དུས་ཀྱང༌། མངོན་པ་དང༌། མདོ་སྡེ་དང༌། འདུལ་བའི་སྡེ་སྣོད་དར་བའི་དུས་ཏེ་ལྔ་བརྒྱ་ཕྲག་གསུམ་མོ། །རྟགས་ཙམ་འཛིན་པའི་དུས་ནི་ལྔ་བརྒྱ་ཕྲག་གཅིག་སྟེ། ལྔ་བརྒྱ་ཐ་མ་ནི་དེ་ཉིད་དོ་ཞེས་འབུམ་ཊཱིཀ་གཉིས་ལས་གསུངས་མོད་ཀྱང༌། འཐད་པར་མ་མཐོང་སྟེ། རྟགས་ཙམ་འཛིན་པའི་དུས་སུ་ཤེར་ཕྱིན་གྱིས་སངས་རྒྱས་ཀྱི་མཛད་པ་བྱར་མེད་པའི་ཕྱིར་རོ། །དེས་ན་བསྟན་པ་མཚན་ཉིད་པ་གནས་པའི་ལྔ་བརྒྱ་ཐ་མ་ནི་འདུལ་བའི་སྡེ་སྣོད་སྤྱོད་པའི་དུས་ཡིན་ལ། དེ་དང་ཉེ་བས་མདོ་སྡེའི་སྡེ་སྣོད་སྤྱོད་པའི་དུས་ལ་ལྔ་བརྒྱ་ཐ་མ་ཞེས་གདགས་སོ། །གཉིས་པ་སངས་རྒྱས་ཀྱི་བྱ་བ་བྱེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དེ་བཞིན་གཤེགས་པའི་དགོངས་པའོ་ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་བྱ་བ་བྱེད་པའི་ཕྱིར་ཞེས་པའི་དོན་ནོ། །སངས་རྒྱས་ཀྱི་བྱ་བ་བྱེད་པའི་རབ་དབྱེ་བསྟན་པ་ལ། མདོར་བསྟན་པ་ནི། ཤཱ་རིའི་བུ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱས་པར་བཤད་པ་ལ། དངོས་ཀྱི་དོན་དང༌། དེ་དག་གི་འཐད་པ་བསྟན་པའོ། །དང་པོ་ལ་ཡང་ཤེར་ཕྱིན་འཛིན་པ་སོགས་ལ་སངས་རྒྱས་ཀྱིས་དགོངས་པ་དང༌། ཤེར་ཕྱིན་སྤྱོད་པའི་དགེ་རྩ་དེས་ངན་སོང་དུ་མི་ལྟུང་ཞིང་མྱ་ངན་ལས་འདས་པར་འགྱུར་བ་དང༌། དོན་གསུམ་གྱིས་བསྟན་ཏོ། །གཉིས་པ་དེ་དག་གི་འཐད་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་སོགས་ཀྱིས་གསུངས་ཏེ། སྤྱིར་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཤིང་ཡོན་ཏན་བརྗོད་པ་དང༌། ཕྱོགས་བཅུའི་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཤིང་ཡོན་ཏན་བརྗོད་པ་སྟེ་དོན་གཉིས་ཀྱིས་བསྟན་ཏོ། །དང་པོ་ནི། ཤཱ་རིའི་བུས་གསོལ་པ་ཞེས་པ་ནས། བསྔགས་སོ་ཞེས་པའི་བར་ཕྲེང་གཅིག་གིས་བསྟན་ཏོ། །གཉིས་པ་ནི། ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་ཞེས་སོགས་ནས། སངས་རྒྱས་དེ་དག་གིས་བརྗོད་དོ་བསྟོད་དོ་བསྔགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱེ་བྲག་ཏུ་བྱང་ཕྱོགས་སུ་དོན་བྱེད་ཚུལ་རྒྱས་པར་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སླད་མའི་དུས་སླད་མའི་ཚེ་ན་བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ་ཞེས་སོགས་ནས། སྐྲག་པར་མི་འགྱུར་བ་དེ་ལྟ་བུ་ནི་མི་མང་ངོ༌། །ཞེས་པའི་བར་གྱིས་བསྟན་ཏོ། །དེའི་འཐད་པ་ནི། སྐྲག་པར་མི་འགྱུར་བ་ནི་ཉུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤེར་ཕྱིན་ཐོས་ནས་མི་སྐྲག་པ་དེས་ནི། སངས་རྒྱས་མང་པོ་ལ་ཤེར་ཕྱིན་གྱི་དོན་ཡོངས་སུ་ཞུས་པ་དང༌། ཡོངས་སུ་དྲིས་པའི་ཕྱིར་རོ་ཞེས་པའི་དོན་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཡོངས་སུ་དྲིས་པའི་ཕྱིར་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །ཟག་པ་མེད་པའི་ཆོས་རྫོགས་པའི་ཡོན་ཏན་འབྱུང་བར་བསྟན་པ་ནི། གོང་གི་འཐད་པས་བསྟན་ཏེ། དེ་ཡང་ཅིའི་ཕྱིར་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་ནི། ཤེར་ཕྱིན་ཐོས་པའི་ཚེ་སངས་རྒྱས་མང་པོ་ལ་ཤེར་ཕྱིན་གྱི་དོན་དྲིས་པ་དང༌། ཐོས་པ་སྔོན་དུ་སོང་བ་ཡིན་ཏེ། ཕར་ཕྱིན་དྲུག་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བའི་ཕྱིར་རོ་ཞེས་པའི་དོན་ནོ། །སྨྲ་བའི་སྐྱེས་བུ་ཉིད་དུ་འགྱུར་བའི་ཡོན་ཏན་བསྟན་པ་ནི། ཤཱ་རིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བས་ཉེ་བར་བསྟན་པར་འགྱུར་ཏེ་ཞེས་པ་ནས། རྣམ་པ་དེ་ལྟ་བུ་ཉིད་དུ་བརྗོད་པར་འགྱུར་ཏེ་ཞེས་པའི་བར་ཏེ། ཚེ་དིའི་ལྔ་བརྒྱ་ཐ་མའི་དུས་སུ་ཤེར་ཕྱིན་སྤྱོད་པ་རྣམས་ལ་ཚེ་འདིའི་ཡོན་ཏན་འབྱུང་བ་དང༌། ཚེ་རབས་སྔ་མ་ལ་དགེ་བ་ཅི་བསགས་པ་དང༌། ཕྱི་མ་ལ་ཕན་ཡོན་ཅི་འབྱུང་བ་རྣམས་བསྟན་ཏོ། །བདུད་ཀྱིས་མི་ཕྱེད་པ་ཡི་ཡོན་ཏན་བསྟན་པ་ནི། ཤ་ར་དྭ་ཏིའི་བུ་ཞེས་པ་ནས། ཤེར་ཕྱིན་ཟབ་མོ་འདི་ལ་སྤོང་བ་གཞན་གྱིས་ལྟ་ཅི་སྨོས་ཞེས་པའི་བར་གྱི་བསྟན་ཏོ། །དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་སྐྱེ་བའི་ཡོན་ཏན་ནི། ཤཱ་རིའི་བུ་ཞེས་པ་ནས་དགེ་བ་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ་ཞེས་པའི་བར་ཕྲེང་གཅིག་གིས་བསྟན་ཏོ། །དམ་བཅས་པའི་དོན་ཇི་ལྟ་བ་བཞིན་བསྒྲུབ་པའི་ཡོན་ཏན་བསྟན་པ་ནི། འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཞེས་པ་ནས། ཕྱིར་མི་ལྡོག་པར་ལུང་བསྟན་པར་བགྱིའོ་ཞེས་བྱ་བའི་ཚིག་སྨྲས་སོ་ཞེས་པའི་བར་གྱིས་བསྟན་ཏེ། ཚེ་རབས་སྔ་མ་ལ་སངས་རྒྱས་ཀྱི་སྤྱན་སྔར་གཞན་གྱིས་དོན་བསྒྲུབ་པར་དམ་བཅས་པའོ་ཞེས་བསྟན་ཏོ། །དེ་ལྟར་དམ་འཆའ་བའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྗེས་སུ་དགོས་པར་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏེ། དམ་བཅས་པ་བཞིན་བྱེད་པ་ལ་དེ་བཞིན་གཤེགས་པ་ཐུགས་ཆེས་སོ་ཞེས་སྟོན་ནོ། །ཤཱ་རིའི་བུ་ཞེས་པ་ནས་ཕྱིར་མི་ལྡོག་པར་ལུང་སྟོན་པར་འགྱུར་རོ་ཞེས་པའི་བར་གྱིས་ནི། སྔར་ཇི་ལྟར་དམ་བཅས་པ་བཞིན་ཚེ་འདི་དང་ཕྱི་མ་ལ་ཡང་འབྱུང་བའི་ཡོན་ཏན་བསྟན་པའོ། །འབྲས་བུ་རྒྱ་ཆེན་པོ་འཛིན་པའི་ཡོན་ཏན་ནི། ཤཱ་རིའི་བུ་ཞེས་པ་ནས། དེ་བས་ཀྱང་ཆེས་རླབས་ཆེ་བའི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །སེམས་ཅན་གྱི་དོན་སྒྲུབ་པའི་ཡོན་ཏན་ནི། འདི་ལྟར་ཕྱིའམ་ནང་གི་དངོས་པོ་དེ་དག་ཀྱང་ཞེས་པ་ནས། ཡང་དག་པར་དགའ་བར་བྱེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་མ་འོངས་པའི་ཡོན་ཏན་འབྱུང་བར་ལུང་བསྟན་པ་ན། ཤཱ་རིའི་བུས་ཐམས་ཅད་མཁྱེན་པའོ་ཞེས་པའི་བསྟོད་པ་མཛད་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་དང་ཉན་ཐོས་ཀྱང་ཡོངས་སུ་མཁྱེན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ངེས་པར་ཐོབ་པའི་ཡོན་ཏན་ནི། སངས་རྒྱས་བཅོམ་ལྡན་འདས་གང་ཡང་ཞེས་པ་ནས། ཇི་སྐད་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལས་བརྩོན་འགྲུས་ཉམས་པར་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱན་ལས། བདུད་ཀྱི་མཐུ་བཅོམ་ལ་སོགས་པའི། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་གསུངས་སོ། །ལེའུ་སུམ་ཅུ་རྩ་གཅིག་པ་རྣམ་པར་བཤད་པའོ།།
༈ སུམ་ཅུ་རྩ་གཉིས་པ་སྦྱོར་བའི་བར་ཆད་ཀྱི་སྐྱོན་སོགས་བསྟན་པའི་ལེའུ་བཤད་པ། ལེའུ་འདི་ནས་སྦྱོར་བའི་བར་ཆད་ཀྱི་སྐྱོན་སྟོན་ཏེ། དེ་ལ་བར་ཆད་ཀྱི་ཆོས་ཞིབ་ཏུ་བསྙད་པའི་དོན་དུ། རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་དྲི་བ་མཛད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། ཅི་ལྟ་བུ་དག་མཆིས་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཡང་བཅོམ་ལྡན་འདས་ཀྱི་གསུང་གིས་སྐྱོན་བཞི་བཅུ་ཞེ་དྲུག་བསྟན་པ་དང༌། རིན་པོ་ཆེ་ལ་བར་ཆད་མང་བའི་དཔེས། ཤེར་ཕྱིན་ལ་འཇུག་པ་ལ་བར་ཆད་མང་བ་དང༌། དོན་གཉིས་ཀྱི་ལན་བསྟན་ཏེ། དང་པོ་ལ། བཞི་བཅུ་ཞེ་དྲུག་ཡོད་པ་ལས། བཅུ་ཚན་དང་པོ་ནི། རབ་འབྱོར་ཞེས་སོགས་ཀྱིས་གསུངས་ཏེ། ཚེགས་ཆེན་པོས་འཐོབ་པ་ནི། སྤོབས་པ་ཧ་ཅང་ཡང་ཆེས་འཕྱིས་ཏེ་སྐྱེས་ན་ཞེས་པ་ནས། སྤོབས་པ་སྐྱེ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། འཕྱིས་ཏེ་སྐྱེ་ན་ཞེས་པས་ནི་སྤོབས་པ་བུལ་བར་སྟོན་ནོ། །བདུད་ཀྱི་ལས་སུ་རིག་པར་བྱ་ཞེས་པ་ནི་འོག་མ་རྣམས་ཀྱི་མཇུག་ཏུ་ཡང་སྦྱར་རོ། །སྤོབས་པ་ཧ་ཅང་མྱུར་བ་ནི། ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །ལུས་ཀྱི་གནས་ངན་ལེན་ནི། གླལ་བ་དང༌། རྒོད་པ་དང༌། ཕན་ཚུན་བརྡེག་ཅིང་འདྲི་ན་ཞེས་པ་སྟེ་དོན་གསུམ་གྱིས་བསྟན་ཏོ། །སེམས་ཀྱི་གནས་ངན་ལེན་ནི། སེམས་གཡེང་བ་དང༌། ཆགས་པ་དང༌། རོ་མ་མྱང་ཞེས་པ་སྟེ་དོན་གསུམ་གྱིས་བསྟན་ཏོ། །རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཐོན་བྱེད་པ་སོགས་ནི། གླལ་ཞིང་ཞེས་སོགས་ལུས་ཀྱི་སྐྱོན་གསུམ་གྱིས་བསྐྱེད་པའི་ཁ་ཐོན་སོགས་དང༌། སེམས་གཡེང་བ་སོགས་ཡིད་ཀྱི་སྐྱོན་གྱིས་བསྐྱེད་པའི་ཁ་ཐོན་བྱེད་པའོ། །ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ནི། དྲིས་ལན་གཉིས་ཀྱིས་བསྟན་པའི་དང་པོ་དྲི་བ་ནི། བཅོམ་ལྡན་འདས་ཀྱི་ཞེས་པ་ནས། རོ་མི་མྱོང་བར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། དེ་དག་ལ་བཟོད་བརྩོན་པར་བྱ་དགོས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་ནི། ཤིང་གི་རྩ་བ་སྤངས་ནས་ཡན་ལག་ལ་འཇུ་བའི་དཔེས་བསྟན་ཏོ། །གྱ་ནོམ་པའི་རོ་མྱང་བ་ཉམས་པ་ནི། ཇོ་བོའི་ཟན་བོར་ནས་མི་ལ་ཟན་ཚོལ་བའི་དཔེ་དང༌། རྩ་བ་སྤངས་ནས་ཡལ་ག་ལ་འཇུ་བའི་དཔེས་བསྟན་ཏོ། །ཐེག་པའི་མཆོག་ཀུན་ཏུ་འཛིན་པ་ཉམས་པ་ནི། གླང་པོ་ཆེ་རྙེད་ནས་གླང་པོ་ཆེའི་རྗེས་ཚོལ་བའི་དཔེས་བསྟན་ཏོ། །ཆེད་དུ་བྱ་བ་ཉམས་པ་ནི། རྒྱ་མཚོ་དང་བ་ལང་གི་རྨིག་རྗེས་སྙོམ་པའི་དཔེས་བསྟན་ཏོ། །བཅུ་ཚན་གཉིས་པ་རྒྱུ་དང་འབྲས་བུ་འབྲེལ་པ་ཉམས་པ་ནི། ཉི་ཟླའི་དཔེས་རྣམ་རྒྱལ་ཁང་བཟང་བྱེད་པར་འདོད་པའི་དཔེས་བསྟན་ཏོ། །གོང་ན་མེད་པ་ཉམས་པ་ནི། ཁམས་ཀྱི་རྒྱལ་ཕྲན་དང་འཁོར་ལོས་བསྒྱུར་བ་མཉམ་པར་སེམས་པ་དང༌། རོ་རྒྱའི་ཟས་དང༌། དྲུག་ཅུ་པའི་ཟས་མཉམ་པར་སེམས་པ་དང༌། ནོར་བུ་བཻ་ཌཱུརྻ་དང་འཆིང་བུ་མཉམ་པར་སེམས་པའི་དཔེས་བསྟན་ཏོ། །འབྲས་བུ་སྐུ་གསུམ་ལས་ཉམས་པའི་དབྱེ་བས་དཔེ་གསུམ་མོ། །ཡུམ་མང་པོ་ལ་རྟོགས་པའི་སྤོབས་པ་འབྱུང་བ་ནི། རབ་འབྱོར་གཞན་ཡང་རིགས་ཀྱི་བུ་དང་ཞེས་སོགས་ཀྱི་བསྟན་ཏེ། གཟུགས་སོགས་ཡུལ་ལྔའི་སྤོབས་པ་དང༌། སྦྱིན་པ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤོབས་པ་སྐྱེ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་བདུད་ལས་སུ་འགྱུར་བའི་འཐད་པ་ནི། དེ་དག་མཚན་མ་མེད་པ་ལ་མཚན་མར་འཛིན་པའི་སྤོབས་པ་འབྱུང་བའི་ཕྱིར། མཚན་མ་མེད་པའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེས་པ་ནས། དམིགས་པ་མེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་གཏན་ཚིགས་ཀྱང་རབ་འབྱོར་ཞེས་པ་ནས། མི་དམིགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །ཁོང་ཁྲོའི་སྤོབས་པ་ནི། རབ་འབྱོར་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཡི་གེར་འབྲི་བ་ལ་མངོན་པར་ཞེན་པ་ནི། གོང་དུ་ཤེར་ཕྱིན་འབྲི་བའི་ཚེ་སྤོབས་པ་མང་དུ་བྱུང་ན་བདུད་ལས་སུ་འགྱུར་རོ་ཞེས་བཤད་པ་ན། འཁོར་འགའ་ཞིག་ཤེར་ཕྱིན་འབྲི་བར་བྱ་ཡོད་དམ་སྙམ་པའི་དོགས་པ་སེལ་བའི་ཕྱིར་ཞུས་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། འབྲི་བར་ནུས་སམ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་འཐད་པ་གཉིས་ཏེ། འཐད་པ་ཡང་ཕར་ཕྱིན་དྲུག་ནས་རྣམ་མཁྱེན་གྱི་བར་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་ཞེས་པ་ནས་བསྟན་ཏོ། །དོན་བསྡུ་བ་ནི། ངོ་བོ་ཉིད་མི་དམིགས་པ་ནས་འབྲི་བར་མི་ནུས་སོ་ཞེས་པའི་བར་འཕྲེང་གཅིག་གིས་བསྟན་ཏོ། །ཡི་གེ་ལ་མངོན་པར་ཞེན་པ་ནི། གསོལ་པ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་ཞེས་པ་ནས། ཡི་གེར་མངོན་པར་ཆགས་པ་ལགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །ཡི་གེ་ལ་ཞེན་པ་བདུད་ལས་སུ་འགྱུར་བའི་འཐད་པ་ནི། ཡི་གེ་མ་མཆིས་པའི་ཕྱིར་ཞེས་པ་སྟེ། ཕར་ཕྱིན་དྲུག་ཡི་གེ་མ་མཆིས་པ་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་ཡི་གེ་མ་མཆིས་པ་བསྟན་ཏོ། །ཡི་གེ་མེད་པ་ལ་མངོན་པར་ཞེན་པ་ནི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡི་གེ་མ་མཆིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་ལ་ཞེས་སོགས་ཀྱིས་གསུངས་ཏེ། ཡི་གེ་མ་མཆིས་པའི་ཕར་ཕྱིན་དྲུག་ནས་ཡི་གེ་མ་མཆིས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་ན་ཞེས་པའི་བར་གྱིས་གསུངས་སོ། །ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་སོགས་ཀྱིས་གསུངས་ཏེ། ཡུལ་ཡིད་ལ་བྱེད་པ་མང་པོ་བསྐྱེད་ན་ཞེས་སོགས་ཀྱིས་དངོས་དོན་བསྟན་ཏོ། །རྙེད་པ་དང༌། བཀུར་སྟི་དང་ཚིགས་སུ་བཅད་པའི་རོ་མྱང་བ་ནི། རབ་འབྱོར་གཞན་ཡང་ཡུམ་འདི་འབྲི་བའི་ཚེ་ཁེ་དང་བཀུར་སྟི་དང༌། ཚིགས་སུ་བཅད་པ་ཞེས་པ་ནས། བར་ཆད་དེ་ལྟ་བུ་དང་ལྡན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ལམ་མ་ཡིན་པའི་ཐབས་ལ་འཇུག་པ་ལ། ཐབས་ལ་མཁས་པ་དང་མཁས་པ་མ་ཡིན་པ་གཉིས་སུ་ཕྱེ་ནས་གསུངས་ཏེ། དང་པོ་ཐབས་ལ་མཁས་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཐབས་མཁས་པ་ཡང་རྒྱ་ཆེར་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཀྱང་ཐབས་མཁས་པ་རྒྱ་ཆེར་བཙལ་བར་བགྱིའོ་ཞེས་པའི་བར་གྱིས་གསུངས་སོ། །ཐབས་ལ་མཁས་པ་མ་ཡིན་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་པའི་བར་ཕྲེང་གཅིག་གིས་བསྟན་ཏོ། །བཅུ་ཚན་གཉིས་པ་བསྟན་ཟིན་ཏོ། །ལེའུ་སུམ་ཅུ་རྩ་གཉིས་པ་རྣམ་པར་བཤད་པའོ།། ༈ སུམ་ཅུ་རྩ་གསུམ་པ་འཇིག་རྟེན་བསྟན་པའི་ལེའུ་བཤད་པ། འཇིག་རྟེན་བསྟན་པའི་ལེའུ་འདི་ནས་སྐྱོན་གྱི་ལྷག་མ་རྣམས་དང༌། སེལ་བྱེད་ཀྱི་གཉེན་པོ་དང༌། གཞི་ཤེས་ཀྱི་ཤེས་མཚན་རྣམས་སྟོན་ནོ། །དང་པོ་ལ་ཡང་སྐྱོན་གྱི་རྣམ་གྲངས་ལྷག་མ་རྣམས་དང༌། རིན་པོ་ཆེ་ལ་བར་ཆད་མང་བའི་དཔེ་བསྟན་པའོ། །དང་པོ་ལ་བཅུ་ཚན་གསུམ་པ་དང་བཞི་པ་ནི། རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཞེས་པ་ནས། བསོད་སྙོམས་སྟེར་པའི་གྲོང་ཁྱེར་དུ་འགྲོ་དགོས་སོ་ཞེས་པ་དང༌། དེས་ཆོས་ཉན་པ་དེ་དག་ཕྱིར་ལྡོག་པར་བྱེད་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབྲི་བ་དང༌། ལུང་འབོག་པ་དང༌། ཁ་ཐོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། ཚིག་དོན་གོ་སླའོ། །བདུད་ཀྱིས་འབྱེད་པའི་སྦྱོར་བ་ནི། རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་ཞེས་པ་ནས། བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། བདུད་ཀྱིས་ཐབས་མིན་པ་ལ་སྦྱར་ནས་འདི་ནི་ཤེར་ཕྱིན་མ་ཡིན་ནོ་ཞེས་ཤེར་ཕྱིན་ལ་མོས་པ་ལྡོག་པར་བྱེད་དོ་ཞེས་བསྟན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའི་ཆ་བྱད་དུ་བྱས་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ཏེ། ཡང་དག་པའི་མཐའ་མངོན་སུམ་དུ་བྱས་ནས་རྒྱུན་དུ་ཞུགས་པ་སོགས་མངོན་དུ་གྱིས་ཤིག་ཅེས་ཟེར་ཞིང༌། ཚིག་ཐོས་པས་ཤེར་ཕྱིན་ལ་མི་སྤྱོད་ན་བདུད་ཀྱི་ལས་ཞེས་པ་བསྟན་ཏེ་དོན་གཉིས་ཀྱིས་བསྟན་ཏོ། །བཅོས་མ་ཉེ་བར་བསྒྲུབ་པ་ནི། ཤེར་ཕྱིན་ལ་སྤྱོད་པའི་ཚེ། བར་ཆད་མང་དུ་འབྱུང་བ་ཤེས་ནས་སྤང་བར་བྱའོ་ཞེས་པས་མདོར་བསྟན། སྤང་བར་བྱ་བ་དེ་གང་ལགས་ཞེས་དྲིས་པའི་ལན་གྱིས་རྒྱས་པར་བཤད་དེ། ཤེར་ཕྱིན་གྱི་གཟུགས་བརྙན་བདུད་ཀྱི་ལས་སུ་བསྟན་པ་ནས། དེ་ཡང་དེ་ལ་དགའ་བ་བསྐྱེད་ན། རབ་འབྱོར་དེ་ཡང་ཤེར་ཕྱིན་ཟབ་མོ་འདི་འབྲི་བ་དང༌། ལུང་འབོག་པ་དང༌། ཁ་ཐོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། བདུད་དགེ་སློང་གི་ཆ་བྱད་དུ་བྱས་ནས་ཉན་རང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། ཐེག་པ་ཆུང་ངུའི་དབང་དུ་བྱས་པའི་ཆོས་རྣམས་བསྟན་པ་ལ་བསམ་པ་ཉེ་བར་བསྟེན་ཏེ། དགའ་བ་བསྐྱེད་ནས་བདུད་ཀྱི་ལས་སོ་ཞེས་པའི་དོན་ནོ། །ཡུལ་ཇི་ལྟ་བ་བཞིན་མིན་པར་དགའ་བ་བསྐྱེད་པ་ནི། དོན་གསུམ་གྱིས་བསྟན་ཏེ། བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ནས་དེ་ལ་མོས་པ་དང༌། དགའ་བ་བསྐྱེད་དུ་གཞུག་པ་དང༌། སངས་རྒྱས་ལ་སོགས་པའི་དགེ་འདུན་ཉེ་བར་བསྟན་ནས། དེ་ལ་མོས་པ་ན་འདོད་པ་བསྐྱེད་དུ་གཞུག་པ་དང༌། ཡང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་དུ་མ་ལ་ཕྱིན་དྲུག་གི་སྤྱོད་པ་བསྟན་ནས། དེ་ལ་མངོན་པར་ཞེན་པའི་ཚུལ་གྱིས་འདོད་པ་བསྐྱེད་པ་དང་གསུམ་མོ། །དེ་ཡང་ཆགས་པར་བྱ་བའི་ཡུལ་མེད་པ་ལ་ཆགས་པར་བྱེད་པས་བདུད་ཀྱི་ལས་ཞེས་པའི་དོན་ནོ། །ཆགས་པར་བྱ་བའི་ཡུལ་མེད་པའི་འཐད་པ་ནི། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་གསུངས་ཏེ། གཟུགས་མེད་པ་ནས་རྣམ་མཁྱེན་མེད་པའི་བར་དུ་གསུངས་སོ། །གོང་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་མེད་པར་བསྟན་པ་ན། གང་ལ་འདོད་པ་བསྐྱེད་པར་བྱ་བའི་ཡུལ་སངས་རྒྱས་དང༌། བྱང་སེམས་དང༌། ཉན་རང་མེད་དོ། །ཅིའི་ཕྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་མེད་པ་ཡིན་ཅེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར་ཞེས་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བཤད་ཚུལ་དེ་བཞིན་དུ་སྦྱར་རོ། །རིན་པོ་ཆེ་ལ་བར་ཆད་མང་བའི་དཔེས་ཤེར་ཕྱིན་ལ་འཇུག་པ་ཉུང་བར་བསྟན་པ་ནི། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འདི་ནི་བར་ཆད་དུ་འགྱུར་བ་མང་སྟེ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་རླབས་པོ་ཆེ་དག་ལ། དོན་དེ་དག་གི་སེམས་མི་འཇུག་གོ་ཞེས་པའི་བར་གྱིས་བསྟན་ཏེ། རིན་པོ་ཆེ་ལ་བར་ཆད་མང་བའི་དཔེས་ཤེར་ཕྱིན་ལ་འཇུག་པ་ཤིན་ཏུ་ཉུང་ངོ་ཞེས་པའི་དོན་ནོ། །སྐྱོན་གྱི་དོན་བསྡུ་བ་ནི། རབ་འབྱོར་ཞེས་པ་ནས། བདུད་ཀྱི་ལས་འདི་དག་ཀྱང་འབྱུང་མོད་ཀྱི་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱན་ལས། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་གསུངས་སོ། །དེ་སེལ་བྱེད་ཀྱི་གཉེན་པོ་ནི། རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབྲི་ཞིང་ཀློག་པ་དང༌། ལུང་འབོག་པ་དང་ཞེས་སོགས་ཀྱིས་བསྟན་ཏེ། བར་ཆད་ཀྱི་ཆོས་རྣམས་ཐོས་པ་ན་འཁོར་འགའ་ཞིག་སེམས་ཞུམ་པ་སེལ་བ་དང༌། སྤྲོ་བ་བསྐྱེད་པའི་དོན་དུ་ཕྱིན་དྲུག་ནས་རྣམ་མཁྱེན་གྱི་བར་རྫོགས་པར་བྱེད་པ་ལ་འབད་ན། སངས་རྒྱས་ཀྱི་མཐུ་ཞུགས་པའི་རྟགས་ཡིན་པས་ད་ལྟར་དང་མ་འོངས་པའི་དུས་ན་ཡང་ཕྱིན་དྲུག་ནས་རྣམ་མཁྱེན་གྱི་བར་རྫོགས་པར་བྱེད་དོ་ཞེས་པ་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ན། རབ་འབྱོར་དེ་ནི་སངས་རྒྱས་ཀྱི་མཐུ་ཡིན་པར་རིག་པར་བྱ་སྟེ་ཞེས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཤེར་ཕྱིན་ཟབ་མོ་འདི་འབྲིའོ། །ཀློག་གོ །ལུང་འབོགས་སོ། །ཁ་ཐོན་བྱེད་དོ། །ཚུལ་བཞིན་ཡིད་ལ་བྱེད་དོ་ཞེས་པའི་བར་གྱིས་ནི་རྣམ་བྱང་གི་ཆོས་རྫོགས་པར་བྱེད་པ་ནི་སངས་རྒྱས་ཀྱི་མཐུ་ཡིན་པར་བསྟན་ཏོ། །ཤེར་ཕྱིན་ཟབ་མོ་འདི་ཡོངས་སུ་རྫོགས་པར་བྱེད་ཅེས་པ་ནས། རྣམ་མཁྱེན་ཡོངས་སུ་རྫོགས་པར་བྱེད་ཅེས་པའི་བར་གྱིས་ནི། སངས་རྒྱས་ཀྱི་བྱིན་རླབས་ཞུགས་པ་དེ་དག་ནི་ད་ལྟ་དང་མ་འོངས་པ་ན་ཡང་སྦྱིན་སོགས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་དོན་ནོ། །སྦྱིན་སོགས་ཡོངས་སུ་རྫོགས་པར་བྱེད་ཅིང་ཤེར་ཕྱིན་ལ་བརྩོན་པ་དེ་དག་ནི། སངས་རྒྱས་ཀྱིས་དགོངས་ཤིང་བྱིན་གྱིས་རློབ་པས་བར་ཆད་ཀྱིས་མི་ཚུགས་སོ་ཞེས་སྟོན་པ་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཤེར་ཕྱིན་བྲི་བ་ནས་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་པའི་འགྲེས་གསུངས་པས་བསྟན་ཏོ། །སེལ་བྱེད་ཀྱི་གཉེན་པོ་བསྟན་ཟིན་ཏོ། །ཤེར་ཕྱིན་ལ་བརྩོན་པ་ལ་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐྱེད་པའོ་ཞེས་སོགས་སོ། །དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་པ་ནས། གཟིགས་ཤིང་དགོངས་སོ་ཞེས་པའི་བར་གྱིས་བསྒྲུབ་བྱའི་ཆོས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བས་ན་ཞེས་པའི་བར་གྱིས་གཏན་ཚིགས་བསྟན་ཏོ། །འདིར་འབུམ་འགྱུར་རྙིང་པ་རྣམས་ལ། དཔེར་ན་བུད་མེད་ལ་ལ་ཞིག་ལ་བུ་ལྔའམ་ཞེས་སོགས་ཀྱི་མཐུན་དཔེ་ཆད་ནས་མི་སྣང་ངོ༌། །གཏན་ཚིགས་དེ་ཉིད་ཀྱི་འཐད་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཤེར་ཕྱིན་ཟབ་མོ་འབྲི་ཞིང་ཀློག་པ་ལ་སོགས་དེ་དག་ལ་སངས་རྒྱས་རྣམས་ཀྱིས་དགོངས་ཤིང་བསྲུང་བར་མཛད་པར་གཏན་ཚིགས་ཀྱི་སྒོ་ནས་རྒྱས་པར་བསྟན་ཟིན་ནས། མཇུག་བསྡུ་བ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་ཞེས་པ་ནས། རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བར་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཞི་ཤེས་ཀྱི་ཤེས་མཚན་སྟོན་པ་ལ་གཉིས་ཏེ། དྲི་བ་བཀོད་པ་དང༌། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། དེ་བཞིན་གཤེགས་པ་བསྐྲུན་པ་ལགས་འཇིག་རྟེན་འདི་དེ་བཞིན་གཤེགས་པས་གང་ལ་གསུངས་ཞེས་པའི་བར་གྱིས་ཤེར་ཕྱིན་གྱི་རྣལ་འབྱོར་པ་ལ་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་གཏན་ཚིགས་སུ་སངས་རྒྱས་བསྐྱེད་པ་དང་འཇིག་རྟེན་སྟོན་པའོ་ཞེས་གསུངས་པ་ལས་འཕྲོས་ནས་དེ་གཉིས་ལ་དྲི་བ་མཛད་པའོ། །ལན་ལ། དེ་བཞིན་གཤེགས་པ་འབྱུང་བའི་ཤེས་པ་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། རབ་འབྱོར་དེ་དག་གིས་ནི་དེ་བཞིན་གཤེགས་པ་བསྐྱེད་དོ་ཞེས་པའི་བར་གྱི་བསྟན་ཏེ། ཡུམ་གྱིས་དེ་བཞིན་གཤེགས་པ་བསྐྱེད་དོ། །ཞེས་དངོས་སུ་བསྟན་ནས་སྦྱོར་བའི་མཚན་ཉིད་དུ་བཤད་པའི་ཡུལ་ཅན་ཤེས་པ་ནི་སྦས་དོན་ནོ། །དོན་བསྡུ་བ་ནི། རབ་འབྱོར་དེ་བས་ན་ཞེས་པ་ནས། བསྐྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཤེས་པ་ལྷག་མ་བཅོ་ལྔ་སྟོན་པ་ལ། དང་པོ་འཇིག་རྟེན་འཇིག་པ་མེད་པར་སྟོན་པ་ལ་ཡང༌། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། འཇིག་རྟེན་གང་ལགས་ཞེས་པའི་བར་གྱིས་སྟོན་ནོ། །ལན་ནི་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། གསུངས་སོ་ཞེས་པའི་བར་གྱིས་སྟོན་ནོ། །རྒྱས་པར་བཤད་པ་ལ་དྲི་བ་བཀོད་པ་དང༌། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། གསོལ་པ་ཞེས་པ་ནས། ཕུང་པོ་ལྔ་སྟོན་པ་ལགས་ཞེས་པའི་བར་གྱིས་བསྟན་ཏེ། ཤེར་ཕྱིན་ལ་བརྟེན་ནས་ཇི་ལྟར་ཕུང་པོ་ལྔ་བསྟན། ཤེར་ཕྱིན་གྱིས་ཇི་ལྟར་ཕུང་པོ་ལྔ་རྟོགས་ནས་སྟོན་པ་ལགས་ཞེས་དྲི་བ་གཉིས་སོ། །གཉིས་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང་འཐད་པའོ། །དང་པོ་ནི། ཕུང་པོ་ལྔ་ཐ་སྙད་དུ་འཇིག་པའི་བདག་ཉིད་ཡིན་པས་འཇིག་པར་སྟོན་སྙམ་ན། ཤེར་ཕྱིན་དོན་དམ་པ་རྟོགས་པ་ཡིན་པས་ཤེར་ཕྱིན་སྟོན་པའི་ཚེ་ཕུང་པོ་འཇིག་པར་སྟོན་པ་མིན་ཞེས་པ་ནས། ད་ལྟར་བྱུང་བ་ཞེས་བྱ་བར་མི་སྟོན་ནོ་ཞེས་པའི་བར་གྱིས་སྟོན་ནོ། །གཉིས་པ་འཐད་པ་ནི། འཇིག་རྟེན་འཇིག་པ་སོགས་སུ་མི་སྟོན་པ་ཅི་ཞེ་ན། དོན་དམ་པར་སྟོང་ཉིད་ཡིན་པས་དེ་ལ་འཇིག་པ་མེད་དོ་ཞེས་སྟོན་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འཇིག་པ་མེད་དོ་ཞེས་པ་ནས། རབ་ཏུ་འཇིག་པ་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། འཇིག་རྟེན་སྟོན་པར་གསུངས་ཏེ་ཞེས་པའི་བར་གྱིས་སྟོན་ཏེ། ཤེར་ཕྱིན་གྱིས་འཇིག་རྟེན་འཇིག་པ་སོགས་སུ་རྟོགས་ནས་སྟོན་པ་མིན་གྱིས། དེ་ཁོ་ནར་འཇིག་རྟེན་འཇིག་པ་མེད་པར་རྟོགས་སོ་ཞེས་པའི་དོན་ནོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་ནི། རབ་འབྱོར་སེམས་ཅན་ཚད་མེད་དོ་ཞེས་པ་ནས། རབ་ཏུ་མཁྱེན་ཏོ་ཞེས་པའི་བར་གྱིས་བསྟན་ཏེ། ཤེར་ཕྱིན་ནི་ཐ་སྙད་དུ་གཞན་གྱི་སེམས་ཤེས་པ་དང་མཁྱེན་པར་སྟོན་ནོ། །དེ་ཁོ་ནར་སེམས་ཅན་དང་སེམས་ཅན་དུ་གདགས་པ་མཁྱེན་པ་དགག་པ་ནི། རབ་འབྱོར་ཤེར་ཕྱིན་ཟབ་མོ་འདི་ལ་ནི་སེམས་ཅན་མེད་དོ། །སེམས་ཅན་དུ་གདགས་པ་མི་དམིགས་ཞེས་སོགས་ཀྱིས་གསུངས་ཏེ། ཐ་སྙད་དུ་ཤེར་ཕྱིན་ལ་བརྟེན་ནས་གཞན་གྱི་སེམས་ཤེས་པ། དོན་དམ་པར་ནི་དེ་དག་མེད་ཅིང་མི་དམིགས་པས་དམིགས་སུ་མེད་པའི་ཚུལ་གྱིས་མཁྱེན་ཏོ་ཞེས་པའི་དོན་ནོ། །བཤད་ཚུལ་འདི་གཟུགས་མེད་ཅིང་གཟུགས་སུ་གདགས་པ་མི་དམིགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གདགས་པ་མི་དམིགས་པའི་བར་གྱིས་སྟོན་ཏེ། ཤེར་ཕྱིན་ལ་བརྟེན་ནས་སེམས་ཅན་སོགས་སུ་གདགས་པ་མེད་པར་བསྟན་པའི་སྒོ་ནས། ཤེར་ཕྱིན་འདི་འཇིག་རྟེན་སྟོང་པ་ཡིན་པར་བཤད་དོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། འཇིག་རྟེན་སྟོན་པ་ཡིན་ཞེས་པའི་བར་གྱིས་སྟོན་ནོ། །དྲི་བ་གཉིས་པ་ཤེར་ཕྱིན་གྱིས་ཕུང་པོ་ལྔ་ཇི་ལྟར་རྟོགས་ནས་སྟོན་པ་ལགས་བཞེས་པའི་ལས་ནི། ཤེར་ཕྱིན་ཟབ་མོ་འདི་ནི་གཟུགས་ངོ་བོ་ཉིད་མེད་པར་རྟོགས་པས་གཟུགས་སྟོན་པར་བྱེད་པ་མ་ཡིན་ནོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ་ཞེས་པའི་བར་གྱིས་སྟོན་ནོ། །དེ་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་བསྟན་ཏེ། དོན་དམ་པར་ཤེར་ཕྱིན་ཉིད་ཀྱང་མེད་ཅིང་མི་དམིགས་ན། གཟུགས་སོགས་དམིགས་པ་ལྟ་ག་ལ་ཡོད་ཅེས་པའི་དོན་ཏེ། ཤེར་ཕྱིན་མེད་ཅིང་མི་དམིགས་པ་གཏན་ཚིགས་སུ་བཟུང་ནས། གཟུགས་ནས་རྣམ་མཁྱེན་གྱི་བར་དམིགས་པ་ལྟ་ག་ལ་ཡོད་ཅེས་སྦྱར་རོ། །སེམས་བསྡུས་པ་དང༌། སྤྲོས་པ་ཤེས་པ་ནི། ཡུམ་ལ་བརྟེན་ནས་སེམས་བསྡུས་པ་དང༌། སྤྲོས་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ་ཞེས་པས་གསུངས་ཏེ་ཀུན་རྫོབ་ཏུ་མཁྱེན་ཚུལ་བསྟན་ཏོ། །དེ་ནི་རབ་འབྱོར་གཞན་ཡང་སེམས་ཅན་ཇི་སྙེད་གཅིག་གདགས་པས་ཞེས་པ་ནས། ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ་ཞེས་པའི་བར་གྱི་གསུངས་སོ། །དོན་དམ་པར་དམིགས་སུ་མེད་པའི་ཚུལ་གྱིས་མཁྱེན་ཚུལ་བསྟན་པ་ལ། དྲི་བ་དང༌། མཁྱེན་ཚུལ་དངོས་དང༌། མི་དམིགས་པའི་འཐད་པ་གསུམ་གྱིས་བསྟན་ཏེ། དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། མཁྱེན་ཞེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། བཅོམ་ལྡན་འདས་ཞེས་པ་ནས་ཆོས་ཉིད་ཀྱང་མི་དམིགས་པ་དང༌། སེམས་བསྡུས་པ་དང༌། སྤྲོས་པ་ལྟ་ཅི་སྨོས་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། ཆོས་ཉིད་དེས་ན་ཞེས་པ་ནས། མཁྱེན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སེམས་མི་ཟད་པའི་རྣམ་པ་མཁྱེན་པ་ལ། ཀུན་རྫོབ་ཏུ་མཁྱེན་ཚུལ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། མཁྱེན་ཏོ་ཞེས་པའི་བར་རོ། །དོན་དམ་པར་མཁྱེན་ཚུལ་རབ་འབྱོར་ཞེས་པ་ནས། ཅེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །མཁྱེན་ཚུལ་དངོས་ནི། སེམས་བསྡུས་པ་དང༌། གཡེང་བ་གཉིས་ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། སྟོང་པ་དང༌། ཞི་བ་དང༌། དབེན་པ་དང༌། དྲུག་གི་རྣམ་པ་མཁྱེན་པས་བསྟན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། མཁྱེན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །སེམས་འདོད་ཆགས་དང་བཅས་པ་མཁྱེན་ལ། ཐ་སྙད་དུ་མཁྱེན་ཚུལ་ནི། ཆགས་པ་ཡོད་མེད། ཞེ་སྡང་ཡོད་མེད། གཏི་མུག་ཡོད་མེད་ཇི་ལྟ་བ་བཞིན་དུ་མཁྱེན་པས་གསུངས་སོ། །དོན་དམ་པར་མཁྱེན་ཚུལ་ལ་སྔར་བཞིན། དྲི་བ་དང༌། མཁྱེན་ཚུལ་དངོས་དང༌། འཐད་པའོ། །དང་པོ་ནི། གསོལ་པ། བཅོམ་ལྡན་འདས་ཞེས་པ་ནས། རབ་ཏུ་མཁྱེན་པ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། ཇི་ལྟ་བ་ཉིད་མིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། ཆགས་སོགས་ནི་སེམས་ཀྱི་གནས་ཚུལ་མ་ཡིན་པས་གནས་ཚུལ་མཁྱེན་པའི་དོན་མི་དམིགས་པའི་ཚུལ་ལོ་ཞེས་པའི་དོན་ནོ། །དོན་དམ་པར་ཆགས་པ་ཡོད་མེད་མི་དམིགས་པ་དང༌། ཞེ་སྡང་ཡོད་མེད་མི་དམིགས་པ་དང༌། གཏི་མུག་ཡོད་མེད་མི་དམིགས་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། གཏི་མུག་དང་བྲལ་བའི་སེམས་དམིགས་པ་ལྟ་ཅི་སྨོས་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། དེ་ལྟར་ན་ཞེས་པ་ནས། གཏི་མུག་དང་བཅས་པའི་སེམས་ཞེས་བྱ་བ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །གོང་དུ་ཆགས་སོགས་ཡོད་མེད་མཁྱེན་ཚུལ་བསྟན་པ་དེ་ཉིད་ཞིབ་ཏུ་བསྙད་པའི་ཕྱིར་དུ་དྲི་བ་མཛད་པ་ནི། རབ་འབྱོར་ཞེས་པ་ནས། མཁྱེན་ཞེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །མཁྱེན་ཚུལ་ཞིབ་ཏུ་བཤད་པ་ལ། དམ་བཅའ་བ་ནི། རབ་འབྱོར་ཞེས་པ་ནས། འདོད་ཆགས་དང་བྲལ་བ་ཉིད་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན། སེམས་གཉིས་འགྲོགས་ཤིང་འཕྲད་པ་མེད་དེ་ཞེས་གསུངས་ཏེ། ཆགས་པ་ཡོད་མེད་ཀྱི་སེམས་གཉིས་སེམས་རྒྱུད་གཅིག་ལ་འགྲོགས་པ་མེད་པའི་ཕྱིར། ཆགས་པ་ཡོད་མེད་གཉིས་སེམས་རྒྱུད་གཅིག་ལ་དུས་གཅིག་ལ་མཁྱེན་པ་མ་ཡིན་གྱི། སོ་སོར་མཁྱེན་ནོ་ཞེས་པའི་དོན་ནོ། །དེ་བཞིན་དུ་ཞེ་སྡང་ཡོད་མེད་གཉིས་ཀྱང་ཕན་ཚུན་གཅིག་ཏུ་འགལ་བས་སོ་སོར་མཁྱེན་ནོ། །འགལ་བའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན། ཕན་ཚུན་འགྲོགས་ཤིང་ཕྲད་པ་མེད་པའི་ཕྱིར། དེ་བཞིན་དུ་ལྷག་མ་གཏི་མུག་དང་བཅས་མ་བཅས་པ་ལ་ཡང་སྦྱར་རོ། །དོན་ནི། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བྲལ་བར་མཁྱེན་པ་མ་ཡིན། བྲལ་བ་ལ་བཅས་པར་མཁྱེན་པ་མ་ཡིན་གྱི། སོ་སོར་མཁྱེན་ནོ། །དེ་དག་གི་དོན་ནི། ཕན་ཚུན་གཅིག་གཅིག་ཏུ་འགལ་བའི་ཕྱིར་ཏེ། ཕན་ཚུན་ཕྲད་ཅིང་འགྲོགས་པ་མེད་པའི་ཕྱིར་ཞེས་པའི་དོན་ནོ། །སེམས་རྒྱ་ཆེ་བ་མཁྱེན་པ་ནི། ཡུམ་ལ་བརྟེན་ནས་སེམས་ཅན་ཕ་རོལ་པོ་དང་གང་ཟག་ཕ་རོལ་པོའི་སེམས་རྒྱ་ཆེ་བ་ལ་རྒྱ་ཆེ་བར་མཁྱེན་པར་བསྟན་པས་གསུངས་སོ། །དོན་དམ་པར་མི་དམིགས་པར་མཁྱེན་ཚུལ་ལ་དྲི་བ་ནི། རབ་འབྱོར་ཞེས་པ་ནས། མཁྱེན་ཞེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །དོན་དམ་པར་མཁྱེན་ཚུལ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། འགྲོ་བར་འགྱུར་བ་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་དམ་པར་རྒྱ་ཆེ་ཆུང་དང་འཕེལ་འགྲིབ་སོགས་མེད་པའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མེད་པའི་ཕྱིར་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། རབ་ཏུ་མཁྱེན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སེམས་ཆེན་པོར་གྱུར་པ་ཞེས་པ་ནི། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བ་དང་གསུམ་གྱིས་བསྟན་ཏེ། དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། རབ་ཏུ་མཁྱེན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་དྲི་བ་དང༌། ཡུལ་མཁྱེན་ཚུལ་དང༌། འཐད་པ་འགོད་པའོ། །དང་པོ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། མཁྱེན་ཞེ་ན་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། མི་གཟིགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། ཅི་ཡང་གཟིགས་པ་མེད་པའི་ཚུལ་གྱིས་མཁྱེན་ནོ་ཞེས་པའི་དོན་ནོ། །མི་གཟིགས་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས། ངོ་བོ་ཉིད་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། རབ་ཏུ་མཁྱེན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སེམས་ཚད་མེད་པ་ཤེས་པ་ལ་ཡང༌། མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ་མོ། །རྒྱས་བཤད་ལ་དྲི་བ་དང༌། ཡུལ་མཁྱེན་ཚུལ་དང༌། དེའི་འཐད་པ་རྣམས་ཀྱིས་བསྟན་ཏེ། རབ་འབྱོར་གཞན་ཡང་ཞེས་པ་ནས། སེམས་ཅན་ཚད་མེད་པ་ཞེས་པའི་བར་དང༌། སེམས་ཅན་ཚད་མེད་པ་ཞེས་པ་ནས། རབ་ཏུ་མཁྱེན་ནོ་ཞེས་པའི་བར་གྱིས་སྟོན་ནོ། །སེམས་ཅན་བསྟན་དུ་མེད་པ་ཤེས་པ་ལ་ཡང༌། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །རྒྱས་པར་བཤད་པ་ལ། དྲི་བ་དང༌། མཁྱེན་ཚུལ་དང༌། དེའི་འཐད་པ་སྟེ། སེམས་ཅན་བསྟན་དུ་མེད་པ་མཁྱེན་པའི་ཚུལ་གྱིས་གསུངས་སོ། །སེམས་བལྟར་མེད་པ་ཤེས་པ་ལ་ཡང་བསྡུས་དོན་སྔ་མ་བཞིན་དུ་སྦྱར་ཏེ་བཤད་ན། རབ་འབྱོར་གཞན་ཡང་ཞེས་པ་ནས། རབ་ཏུ་མཁྱེན་ནོ་ཞེས་པའི་བར་གྱིས་བསྟན་ལ། འདི་ལ་འཐད་པ་བཀོད་པ་མི་སྣང་ངོ༌། །སེམས་གཡོ་འདུ་བཀྲམ་པ་སོགས་ཤེས་པ་ནི། མདོར་བསྟན། རྒྱས་བཤད། དོན་བསྡུས་གསུམ་གྱིས་བསྟན་ཏེ། དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། རབ་ཏུ་མཁྱེན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱས་པར་བཤད་པ་ལ་དྲི་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། རབ་ཏུ་མཁྱེན་ཞེས་པའི་བར་གྱིས་བསྟན་ཏོ། །མཁྱེན་ཚུལ་དངོས་ལ། སེམས་གཡོ་བ་དང༌། འདུ་བ་སོགས་ཕུང་པོ་ལ་བརྟེན་ནས་འཇུག་པར་མཁྱེན་པ་དང༌། སེམས་གཡོ་འདུ་བཀྲམ་པ་སོགས་ཀྱིས་ཡུལ་ལ་འཇུག་པའི་རྣམ་པའི་བྱེ་བྲག་ཕུང་པོ་ལ་བརྟེན་ནས་འབྱུང་བར་མཁྱེན་ཚུལ་བཤད་པ་དང་གཉིས་སོ། །དང་པོ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། གང་ཟག་ཕ་རོལ་པོ་དེ་དག་གི་སེམས་རབ་ཏུ་མཁྱེན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། རབ་ཏུ་མཁྱེན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་པ་ནས། དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བར་རབ་ཏུ་མཁྱེན་ཏོ་ཞེས་པའི་བར་གྱིས་གསུངས་ཏེ། དེ་ལ་རྟོགས་བྱ་ལྟ་བའི་རྣམ་པ་བཅུ་བཞི་སྟེ། བདག་དང་འཇིག་རྟེན་རྟག་མི་རྟག་སོགས་བཞི། མཐའ་དང་ལྡན་མི་ལྡན་སོགས་བཞི། ལུས་སྲོག་གཅིག་དང་ཐ་དད་པ་གཉིས། དེ་བཞིན་གཤེགས་པ་གྲོང་ནས་འབྱུང་མི་འབྱུང་སོགས་བཞི་སྟེ། མཐའ་བཅུ་བཞིར་ལྟ་བ་དེ་དག་ནི་ཕུང་པོ་ལྔ་ལ་བརྟེན་ནས། འབྱུང་བར་མཁྱེན་པ་ན་སེམས་གཡོ་བ་སོགས་མཁྱེན་པའོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། བཅུ་གསུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ་ཞེས་པའི་བར་གྱིས་གསུངས་སོ། །དེ་བཞིན་ཉིད་ཀྱི་རྣམ་པ་ཤེས་པ་ནི། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཡུམ་ཟབ་མོ་འདི་ལ་བརྟེན་ཏེ་གཟུགས་མཁྱེན་ཏོ་ཞེས་པ་ནས། དམིགས་སུ་མེད་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་པའི་བར་གྱིས་བསྟན་པ་འདི་ལ་གཉིས་ཏེ། ཕུང་པོ་ལྔའི་དེ་བཞིན་ཉིད་མཁྱེན་པ་དང༌། སེམས་གཡོ་འདུ་བཀྲམ་པ་གསུམ་གྱི་དེ་བཞིན་ཉིད་མཁྱེན་པའོ། །དང་པོ་ལ་གཟུགས་ཀྱི་དེ་བཞིན་ཉིད་མཁྱེན་ཚུལ་ནི། གཟུགས་ཇི་ལྟར་མཁྱེན་ཞེ་ན། གཟུགས་ཀྱི་དེ་བཞིན་ཉིད་དང་ཞེས་པ་ནས། དེ་ལྟར་མཁྱེན་ཏོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་ཉིད་ནི་སྤྲོས་པ་མེད་པའོ། །འགྱུར་བ་མེད་པ་ནི་དེ་བཞིན་ཉིད་ཀྱིས་སོ། །རྣམ་པར་རྟོག་པ་མེད་པ་ནི་མ་ནོར་བ་དེ་བཞིན་ཉིད་ཀྱིས་སོ། །མཚན་མ་མེད་པ་ནི་ཡང་དག་པའི་མཐའ་འོ། །བྱེད་པ་མེད་པ་ནི་བྱ་བ་དང་བྲལ་བའོ། །སྤྲོས་པ་མེད་པ་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སོ། །དམིགས་སུ་མེད་པ་ནི་དངོས་པོ་མེད་པའོ། །ཚོར་བ་སོགས་ཀྱི་དེ་བཞིན་ཉིད་ཀྱི་རྣམ་གྲངས་བཤད་ཚུལ་ཡང་དེ་བཞིན་དུ་ཡིན་ནོ། །གཉིས་པ་གཡོ་འདུ་བཀྲམ་གསུམ་སོགས་ཀྱི་དེ་བཞིན་ཉིད་མཁྱེན་ཚུལ་ནི། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་པ་ནས། དམིགས་སུ་མེད་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་པའི་བར་གྱིས་བསྟན་ཏེ། དེའི་དེ་བཞིན་ཉིད་མཁྱེན་ཚུལ་ཡང་སྔ་མ་བཞིན་ནོ། །ཐུབ་པས་དེ་བཞིན་ཉིད་རྟོགས་པ་ཞེས་པ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བཤད་པ་དང༌། དེ་ཐུགས་སུ་ཆུད་པར་བསྟན་པ་དང༌། རྟོགས་བྱའི་དེ་བཞིན་ཉིད་ཟབ་པའི་ཁྱད་པར་དང༌། དེ་ཐུགས་སུ་ཆུད་པའི་གང་ཟག་དང༌། ཟབ་པའི་གཏན་ཚིགས་དང༌། འཇིག་རྟེན་གང་ལ་གསུངས་པའི་དྲིས་ལན་བསྟན་པའོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐ་མི་དད་པར་བསྟན་པ་དང༌། དེ་གཏན་ཚིགས་ཀྱིས་བསྒྲུབ་པའོ། །དང་པོ་ནི། གཡོ་འདུ་བཀྲམ་གསུམ་གྱི་དེ་བཞིན་ཉིད། ཕུང་པོའི་དེ་བཞིན་ཉིད་དང༌། ཐ་མི་དད་པར་བསྟན་པ་ནས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་སྟེ་ཐ་མི་དད་པའི་དེ་བཞིན་ཉིད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། ཐ་མི་དད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་པ་ནི་དམ་བཅའ་འོ། །མི་ཟད་པའི་ཕྱིར་ཞེས་པ་ནི་གཏན་ཚིགས་སོ། །གཉིས་པ་དེ་བཞིན་ཉིད་ཐུགས་སུ་ཆུད་པར་བསྟན་པ་ནི། རབ་འབྱོར་དེ་ནི་ཞེས་པ་ནས། དེ་བཞིན་ཉིད་དེས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །གསུམ་པ་དེ་བཞིན་ཉིད་ཟབ་པའི་ཁྱད་པར་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། ཟབ་པ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ཟབ་པ་རྟོགས་པའི་རྟེན་གྱི་གང་ཟག་ནི། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ཞེས་པ་ནས། འདི་ལ་མོས་པར་འགྱུར་བ་ཞེས་པའི་བར་གྱིས་བསྟན་ཏོ། །ཟབ་པའི་འཐད་པ་བཀོད་པ་ནི། བཅོམ་ལྡན་འདས་ཞེས་པ་ནས། ཤིན་ཏུ་ཟབ་བོ་ཞེས་པའི་བར་ནི་དམ་བཅའ་འོ། །ཆོས་ཐམས་ཅད་མི་ཟད་པའི་ཕྱིར་ཞེས་སོགས་ནི་གཏན་ཚིགས་སོ། །འཇིག་རྟེན་གང་ལ་གསུངས་པའི་དྲིས་ལན་དངོས་ནི། རབ་འབྱོར་དེ་བཞིན་ཉིད་ནི་ཞེས་པ་ནས། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ་ཞེས་པའི་བར་གྱིས་གསུངས་སོ། །འཇིག་རྟེན་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པ་རྣམ་པར་བཤད་པའོ།། ༈ སུམ་ཅུ་རྩ་བཞི་པ་མི་མཉམ་པ་དང་མཉམ་པའི་ལེའུ་བཤད་པ། མི་མཉམ་པ་དང་མཉམ་པའི་ལེའུ་འདི་ནས་ལམ་ཤེས་དང༌། རྣམ་མཁྱེན་དང༌། ཤེས་མཚན་དང༌། ཁྱད་པར་གྱི་མཚན་ཉིད་དང་བཞི་སྟོན་ནོ། །དེ་ལ་དང་པོ་ལམ་ཤེས་ཀྱི་མཚན་ཉིད་ནི། སྟོང་གསུམ་གྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཤེར་ཕྱིན་ཟབ་མོའི་མཚན་ཉིད་དྲིས་པའི་ལན་གྱིས་རྒྱས་པར་གསུངས་ཏེ། དེ་ལ་དང་པོ་དྲི་བ་ནི། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་པ་ནས། ཤེར་ཕྱིན་ཟབ་མོའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་ལམ་ཤེས་ཀྱི་ཤེས་མཚན་བཅུ་དྲུག་བསྟན་པ་ལ། སྟོང་པ་ཉིད་ཀྱི་མཚན་ཉིད་ནི་དང་པོའོ། །མཚན་མ་མེད་པའི་མཚན་ཉིད་ནི་གཉིས་པའོ། །སྨོན་པ་མེད་པའི་མཚན་ཉིད་ནི་གསུམ་པའོ། །མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ནི་བཞི་པའོ། །སྐྱེ་བ་མེད་པའི་མཚན་ཉིད་ནི་ལྔ་པའོ། །འགག་པ་མེད་པའི་མཚན་ཉིད་ནི་དྲུག་པའོ། །ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པའི་མཚན་ཉིད་ནི་བདུན་པའོ། །དངོས་པོ་མེད་པའི་མཚན་ཉིད་ནི་བརྒྱད་པའོ། །ངོ་བོ་ཉིད་མེད་པའི་མཚན་ཉིད་ནི་དགུ་པའོ། །འགྲེལ་ཆུང་ལས་ངོ་བོ་ཉིས་ཅེས་གསུངས་པ་ནི་ནོར་བའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་ཞེས་པ་གཅིག་ལྷག་པོ་སྣང་ངོ༌། །མི་གནས་པའི་མཚན་ཉིད་ནི་བཅུ་པའོ། །འགྲེལ་ཆུང་ལས་ནི་འདི་ལ་རྟེན་མེད་པ་ཞེས་བཤད་དོ། །ནམ་མཁའི་མཚན་ཉིད་ནི་བཅུ་གཅིག་པའོ། །མཚན་ཉིད་དེ་དག་ལྷ་དང་མི་རྣམས་ཀྱི་གཞན་དུ་བྱ་བར་མི་ནུས་པ་ནི་བཅུ་གཉིས་པ་སྟེ། ལྷའི་བུ་དག་མཚན་ཉིད་དེ་དག་ནི་ཞེས་པ་ནས། ཤེས་པར་བྱེད་པ་དེ་ལྟ་བུ་མི་སྲིད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །མཚན་ཉིད་དེ་དག་གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་མངོན་པར་འདུས་མ་བྱས་པ་ནི་བཅུ་གསུམ་པའོ། །རྣམ་པར་མི་རྟོག་པ་ནི། ལྷའི་བུ་དག་མཚན་ཉིད་དེ་དག་ནི་ཞེས་པ་ནས། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། ནམ་མཁའི་དཔེས་མཚན་ཉིད་མེད་པར་བསྟན་པ་སྟེ་བཅུ་བཞི་པའོ། །གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་བསྟན་པ་ནི་བཅོ་ལྔ་པ་སྟེ། དེ་ནས་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་མཛད་པ་ངོ་མཚར་ཆེའོ་ཞེས་པའི་བར་གྱིས་གསུངས་སོ། །བཅུ་དྲུག་པ་དོན་དམ་པར་མཚན་ཉིད་མེད་པ་མཁྱེན་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་མཚན་ཉིད་སོ་སོར་ངོས་བཟུང་ནས་དེ་དག་མེད་པར་མཁྱེན་པས་བསྟན་ཏེ། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་གཟུགས་ནི་གཞིག་ཏུ་རུང་བའི་མཚན་ཉིད་དོ་ཞེས་པ་ནས། ཆགས་པ་མི་མངའ་བའི་ཡེ་ཤེས་ཅན་ཞེས་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱན་ལས། སྟོང་ཉིད་མཚན་མ་མེད་བཅས་དང༌། །ཞེས་སོགས་ཀྱིས་གསུངས་སོ། །ལམ་ཤེས་ཀྱི་ཤེས་མཚན་བསྟན་ཟིན་ཏོ། །རྣམ་མཁྱེན་གྱི་ཤེས་མཚན་སྟོན་པ་ལ། དེ་ནི་ཉིད་ཀྱི་ཆོས་བསྟན་ནས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་བྱེད་མེད་དང༌། །ཀུན་ཏུ་འཇུག་མཁྱེན་གང་ཡིན་དང༌། །མ་མཐོང་སྟོན་པར་མཛད་པ་དང༌། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་མཛད། །བསམ་མི་ཁྱབ་དང་ཞི་ཉིད་སྟོན། །དབེན་དང་མཐའ་ལས་འདས་སྟོང་དང༌། །དངོས་པོ་ངོ་བོ་ཉིད་སྟོང་དང༌། །ཞི་བ་དང་ནི་སྟོང་པ་དང༌། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་འགྱུར་རྙིང་པ་ལས་འབྱུང་བ་ལྟར་བཤད་པར་བྱ་སྟེ། དང་པོ་ཡུམ་ལ་བཀུར་སྟི་བྱེད་པར་ཤེས་པ་ནི། ཡུམ་ལ་དེ་བཞིན་གཤེགས་པས་བྱས་པ་དྲིན་དུ་བཟོ་བས་གསུངས་ཏེ། དེ་བཞིན་གཤེགས་པས་ཡུམ་ལ་བཀུར་སྟི་མཛད་པ་དང༌། དེ་དག་གི་འཐད་པ་དང༌། འཐད་པ་དེ་ཉིད་རྒྱས་པར་བཤད་པ་དང་གསུམ་གྱིས་བསྟན་ཏོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། མཆོད་པ་མཛད་པ་ནི་ཆོས་དང་ལྡན་པ་སྟེ་ཞེས་པའི་བར་གྱིས་བསྟན་པ་དེ་ལ། ཡུམ་གོམས་པར་བྱས་པ་ལས་དེ་བཞིན་གཤེགས་པ་འབྱུང་བའི་ཕྱིར། དེ་བཞིན་གཤེགས་པ་བསྐྱེད་པ་སྟེ་ཞེས་སྨོས་སོ། །འཇིག་རྟེན་སྟོན་པ་ཞེས་པ་ནི། ཡུམ་གྱིས་འཇིག་རྟེན་གྱི་གནས་ཚུལ་རྟོགས་ནས་གཞན་ལ་སྟོན་ཞེས་པའི་དོན་ནོ། །ཡུམ་ལ་བརྟེན་ནས་རང་དོན་དེ་བཞིན་གཤེགས་པ་ཐོབ་པ་དང༌། གཞན་དོན་འཇིག་རྟེན་སྟོན་པ་འབྱུང་བའི་ཕྱིར་ཡུམ་ལ་བརྟེན་ཞིང་རྣམ་པར་དཔྱོད་དེ། དེའི་སྒོ་ནས་ཡུམ་ལ་མཆོད་པ་མཛད་ཅེས་པའི་དོན་ནོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེས་སོགས་ཀྱིས་གསུངས་ཏེ། རང་གཞན་གྱི་དོན་ཐམས་ཅད་ནི་ཡུམ་གྱི་མཐུ་ལས་བྱུང་བར་མཁྱེན་པའི་ཕྱིར་ཞེས་པ་དང༌། སངས་རྒྱས་ནི་ཡུམ་གྱི་ཡོན་ཏན་རྟོགས་ནས་བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་བཟོ་བའོ་ཞེས་སྨྲ་བ་ནི་ཡང་དག་པར་སྨྲ་བ་ཡིན་ཏེ་ཞེས་པའི་དོན་ནོ། །གསུམ་པ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། བྱས་པ་དགོངས་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ཐབས་གང་ལ་བརྟེན་ནས་སངས་རྒྱས་མཉེས་པའི་རྒྱུ་དེ་ཉིད་ལ་བཀུར་སྟི་སོགས་མཛད་པའི་ཕྱིར་ཞེས་པའི་དོན་ཏེ། བྱས་པ་དྲིན་དུ་བཟོ་བའི་གཏན་ཚིགས་ཞིབ་ཏུ་བཤད་པའོ། །ཤེས་པ་གཉིས་པ་བྱེད་པ་པོ་མེད་པར་ཤེས་པ་ནི། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ཞེས་པ་ནས། བྱས་པ་མཁྱེན་པ་དང༌། བྱས་པ་དགོངས་པའོ་ཞེས་པའི་བར་གྱིས་གསུངས་ཏེ། བྱེད་པ་པོའི་བདག་ཉིད་མེད་པའི་ཕྱིར་ཆོས་ཐམས་ཅད་མ་བྱས་པར་ཐུགས་སུ་ཆུད་པ་དང༌། བསྐྱེད་བྱའི་ལུས་མེད་པའི་ཕྱིར་རྒྱུ་རྐྱེན་གྱིས་མ་བྱས་པར་ཐུགས་སུ་ཆུད་པ་དང༌། གཉིས་པ་ཡང་ཡུམ་ལ་བརྟེན་ནས་འབྱུང་བའི་ཕྱིར་བྱས་པ་ཤེས་ཤིང༌། བྱས་པ་དྲིན་དུ་བཟོ་བར་རིག་པས་དེ་ལྟར་དགོངས་པའོ་ཞེས་པའི་དོན་ནོ། །ཤེས་པ་གསུམ་པ་ཡེ་ཤེས་ཀུན་ལ་འཇུག་པར་མཁྱེན་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཆོས་ཐམས་ཅད་ལ་འཇུག་པའོ་ཞེས་པའི་བར་གྱིས་ནི་ཡེ་ཤེས་ཀུན་ཏུ་འཇུག་པར་བསྟན་ལ། རབ་འབྱོར་ཞེས་པ་ནས་འཇིག་རྟེན་སྟོན་པའོ་ཞེས་པའི་བར་གྱིས་རྒྱུ་མཚན་དེ་ཉིད་ཀྱིས་ཡུམ་དོན་གཉིས་ཀྱི་རྒྱུ་ཡིན་པར་བསྟན་ཏོ། །ཤེས་པ་བཞི་པ་མ་མཐོང་བའི་དོན་སྟོན་པའི་ཤེས་པ་ལ། དྲི་བ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ལ་བྱེད་པ་པོ་མ་མཆིས་ཤིང་མཐོང་པ་པོ་མ་མཆིས་ན་ཇི་ལྟར་ཡུམ་འདིས་དེ་བཞིན་གཤེགས་པ་བསྐྱེད་ཅིང་འཇིག་རྟེན་སྟོན་པ་ལགས། བཅོམ་ལྡན་འདས་དོན་དམ་པར་དེ་ལྟར་ཡིན་ནོ་ཞེས་རྗེས་སུ་ཡི་རང་བར་མཛད་པ་ནི། དེ་དེ་བཞིན་ནོ། །མཐོང་བ་པོ་མེད་པའོ་ཞེས་པའི་བར་གྱིས་བསྟན་ལ། དེའི་གཏན་ཚིགས་ནི་སྟོང་པ་ཞེས་པ་ནས། སྙིང་པོ་མེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་བསྒྲུབ་བྱ་དང་སྦྱོར་བ་ནི། རབ་འབྱོར་རྣམ་གྲངས་དེས་ན་ཞེས་པ་ནས། མཐོང་བ་པོ་མེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །མཐོང་བ་པོ་མེད་པའི་ཕྱིར་གཏན་ཚིགས་ཀྱི་རྣམ་གྲངས་གཞན་ཡང་སྟོན་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཁོང་དུ་ཆུད་པ་མིན་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་ནི། རབ་འབྱོར་ཞེས་པ་ནས། མཐོང་བ་པོ་མེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱུ་མཚན་དེ་ཉིད་ཀྱིས་ཡུམ་འདིར་རང་དོན་དེ་བཞིན་གཤེགས་པ་བསྐྱེད་པ་དང༌། གཞན་དོན་འཇིག་རྟེན་སྟོན་པའོ་ཞེས་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། སྟོན་པའོ་ཞེས་པའི་བར་གྱི་ཚིག་གཉིས་ཀྱིས་བསྟན་ཏོ། །མ་མཐོང་བའི་དོན་གྱི་སྒོ་ནས། འཇིག་རྟེན་སྟོན་ཚུལ་རྒྱས་པར་བཤད་པ་ནི། དེ་ཡང་གཟུགས་མཐོང་བ་མེད་པའི་ཚུལ་དུ་རྟོགས་པའི་ཕྱིར་འཇིག་རྟེན་སྟོན་པའོ་ཞེས་བཤད་དེ། ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་བཤད་ཚུལ་དེ་བཞིན་དུ་སྦྱར་རོ། །མཐོང་བ་མེད་པའི་དོན་རྟོགས་པ་དེ་བཞིན་གཤེགས་པ་བསྐྱེད་བྱེད་དུ་བསྟན་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། དེ་བཞིན་གཤེགས་པ་བསྐྱེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གོང་དུ་མཐོང་བ་མེད་པའི་ཕྱིར་འཇིག་རྟེན་སྟོན་ཞེས་བཤད་པ་དེ་ཉིད་ཞིབ་ཏུ་བཤད་པའི་ཕྱིར་གླེང་བསླང་བ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས་ཞེས་པ་ནས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས་ཞེས་པའི་བར་གྱིས་དྲིས་པའོ། །མ་མཐོང་བའི་དོན་བཤད་པ་དེ་ཉིད་ཞིབ་ཏུ་བསྙད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། གཟུགས་མཐོང་བ་མེད་པའི་ཚུལ་གྱིས་རྟོགས་པའི་ཕྱིར་འཇིག་རྟེན་འདི་ཡང་དག་པར་སྟོན་པའོ་ཞེས་སོགས་ཀྱིས་གསུངས་ཏེ། གཟུགས་ལ་དམིགས་པའི་ཤེས་པ་འབྱུང་བ་དེ་སྲིད་དུ། གཟུགས་ཀྱི་དེ་ཁོ་ན་ཉིད་མི་མཐོང་སྟེ། མིག་རབ་རིབ་ཀྱིས་མ་དག་པ་དེ་སྲིད་དུ་སྐྲ་ཤད་ཀྱིས་དབེན་པ་མི་མཐོང་བ་བཞིན་ནོ། །གཟུགས་ཀྱི་ཤེས་པ་མི་འབྱུང་བའི་ཚེ། གཟུགས་མཐོང་བ་མེད་པའི་ཚུལ་གྱིས་རྟོགས་པའི་ཕྱིར་འཇིག་རྟེན་འདི་ཡང་དག་པར་སྟོན་པའོ་ཞེས་བཤད་དོ། །དཔེར་ན་རབ་རིབ་དག་པ་ན་སྐྲ་ཤད་མི་སྣང་བ་བཞིན་ནོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་ཏེ་བཤད་པར་བྱའོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། འཇིག་རྟེན་སྟོན་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །འཇིག་རྟེན་སྟོང་ཉིད་རྣམ་པ་ནི། །ཞེས་པ་ནི་འོག་མ་རྣམས་ཀྱི་མདོར་བསྟན་ཡིན་པས་ལོགས་སུ་མི་བགྲང་ངོ༌། །ཤེས་པ་ལྔ་པ་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པ་ཤེས་པ་ལ། དང་པོ་དྲི་བ་འགོད་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཞེ་ན་ཞེས་པའི་བར་གྱིས་བསྟན་པའི་ལན་ནི། ཐོས་བྱུང་གི་ཤེས་རབ་བསྐྱེད་པའི་ཕྱིར་དུ་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པར་མཛད་པ་སྟེ། དེ་ལ་མདོར་བསྟན་པ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། སྟོང་པ་ཞེས་བརྗོད་དེ་ཞེས་པའི་བར་གྱིས་བཤད་དོ། །རྒྱས་པར་བཤད་པ་ནི། འཇིག་རྟེན་དུ་ཆོས་ཅི་དང་ཅི་སྟོན་པ་ཞེས་བརྗོད་ཅེ་ན། གཟུགས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་བརྗོད་དོ་ཞེས་པ་ནས། རྣམ་མཁྱེན་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་བརྗོད་དོ་ཞེས་པའི་བར་དུ་གསུངས་སོ། །དྲིས་པ་དང་མཐུན་པའི་ལན་བརྗོད་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། འཇིག་རྟེན་སྟོན་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ཐོས་བྱུང་གི་ཤེས་རབ་བསྐྱེད་པའི་ཆེད་དུ། འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པའི་ཕྱིར་ཤེར་ཕྱིན་བསྐྱེད་ཅིང་འཇིག་རྟེན་སྟོན་ནོ་ཞེས་པའི་དོན་ནོ། །ཤེས་པ་དྲུག་པ་འཇིག་རྟེན་སྟོང་ཉིད་དུ་ཤེས་པར་མཛད་པ་ལ། དྲི་བ་ནི། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply