རབ་འབྱོར་གཞན་ཡང་ཞེས་པ་ནས། སྟོང་ངོ་ཞེས་བྱ་བར་བརྗོད་ཅེ་ན་ཞེས་པའི་བར་རོ། །ལན་ལ་མདོར་བསྟན་པ་ནི། འཇིག་རྟེན་སྟོང་ཞེས་བྱ་བར་ཤེས་པར་བྱེད་དེ་ཞེས་པ་ནས། འཇིག་རྟེན་སྟོན་པའོ་ཞེས་པའི་བར་རོ། །རྒྱས་པར་བཤད་པ་ལ་དྲི་བ་ནི། རབ་འབྱོར་ཞེས་པ་ནས། ཇི་ལྟར་སྟོན་ཞེས་པའི་བར་རོ། །ལན་ནི། འཇིག་རྟེན་ན་གཟུགས་སྟོང་ངོ་ཞེས་བྱ་བར་སྟོན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ངོ་ཞེས་བྱ་བར་སྟོན་ཞེས་པའི་བར་རོ། །དྲི་བ་དང་མཐུན་པའི་ལན་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། འཇིག་རྟེན་སྟོན་པའོ་ཞེས་པའི་བར་གྱིས་བསྟན་ཏེ། འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་བསྐྱེད་པའི་དོན་དུ་འཇིག་རྟེན་སྟོང་ཉིད་དུ་ཤེས་པར་མཛད་པའི་ཕྱིར། ཤེར་ཕྱིན་བསྐྱེད་ཅིང་འཇིག་རྟེན་སྟོན་ཞེས་པའོ། །གཞན་རྣམས་ལ་དེ་བཞིན་གཤེགས་པ་བསྐྱེད་ཅིང་ཞེས་སྨོས་ལ། འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པ་དང་ཤེས་པར་མཛད་པའི་སྐབས་སུ་ནི། ཤེར་ཕྱིན་བསྐྱེད་ཅིང་ཞེས་སྨོས་པ་ནི། གཞན་དང་མི་འདྲ་བའི་ཁྱད་པར་རོ། །སེང་གེ་བཟང་པོའི་འགྲེལ་པ་ལས། འདིའི་མཇུག་ཐོགས་སུ་འཇིག་རྟེན་སྟོང་པ་ཉིད་དུ་མཐོང་བར་མཛད་པ་བྱུང་ཡང༌། འབུམ་ལས་བསམ་གྱིས་མི་ཁྱབ་པའི་ཤེས་པ་འབྱུང་སྟེ་ཞེས་པ་བདུན་པའོ། །དེ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན་ཏེ་ཞེས་པའི་བར་རོ། །གཉིས་པ་རྒྱས་བཤད་ནི། ཇི་ལྟར་བསམ་གྱིས་མི་ཁྱབ་པར་སྟོན་ཞེ་ན། གཟུགས་བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན་ཏོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་ཅེས་བྱ་བའི་བར་གྱིས་བསྟན་ཏེ། རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་རྟོགས་ནས་འཇིག་རྟེན་དུ་བསམ་གྱིས་མི་ཁྱབ་པར་སྟོན་ནོ་ཞེས་པའི་དོན་ནོ། །བརྒྱད་པ་དབེན་པ་ཤེས་པའི་འགྲེས་དང༌། དགུ་པ་མཐའ་ལས་འདས་པ་ཤེས་པའི་འགྲེས་དང༌། བཅུ་པ་ངོ་བོ་ཉིད་སྟོང་པ་ཤེས་པའི་འགྲེས་དང༌། བཅུ་གཅིག་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཤེས་པའི་འགྲེས་ཏེ། བཞི་པོ་འདི་སེང་གེ་བཟང་པོས་མཛད་པའི་འགྲེལ་པའི་གཞུང་ལ་ནི་མི་སྣང་ངོ༌། །བཅུ་གཉིས་པ་ཞི་བ་ཤེས་པའི་འགྲེས་ནི། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་ཞི་ཞེས་སྟོན་ཏེ་ཞེས་སོགས་ཀྱིས་བསྟན་ཏོ། །བཅུ་གསུམ་པ་འཇིག་རྟེན་སྟོང་པ་ཉིད་དུ་མཐོང་བར་མཛད་པའི་ཤེས་པ་ནི། འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བའི་འགྲེས་ཀྱིས་སྟོན་ནོ། །བཅུ་བཞི་པ་ནི་འཇིག་རྟེན་འདི་འདུ་ཤེས་མི་འགྱུར་བ་དང༌། བཅོ་ལྔ་པ་ནི་འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་མི་འགྱུར་བ་དང་གཉིས་པོའི་འཐད་པ་དང་བཅས་པས་བསྟན་ཏེ། མདོར་བསྟན། རྒྱས་བཤད། དྲི་བ་དང་སྦྱར་བའི་ལན་གསུམ་གསུམ་གྱིས་བཤད་པར་བྱའོ། །འགྲེལ་ཆུང་ལས་ནི། གནས་དང་གུས་པར་བྱ་བ་སོགས། དང་པོ་ལྔ་སོ་སོར་བགྲངས་ཤིང༌། དབེན་པ་དང༌། མཐའ་ལས་འདས་པ་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་བཞི་པོ་མི་འདྲེན་ལ། འཇིག་རྟེན་འདིའི་འདུ་ཤེས་དང༌། ཕ་རོལ་གྱི་འདུ་ཤེས་གཉིས་སོ་སོར་བགྲངས་ནས་བཅུ་དྲུག་ཏུ་གྲངས་ངེས་པར་མཛད་དོ། །འབུམ་ལས་ནི་དང་པོ་ལྔ་སོ་སོར་མི་བགྲང་བར་གཅིག་ཏུ་བྱས་ནས་དབེན་པ་བཞིའི་འགྲེས་སོ་སོར་འབྱུང་བ་ལྟར་སོ་སོར་བགྲངས་ནས་བཅོ་ལྔ་བྱེད་པར་སྣང་ངོ༌། །རྒྱན་གྱི་གོ་རིམ་དང༌། ད་ལྟའི་འབུམ་རྣམས་ཀྱི་གོ་རིམ་ཡང་མི་མཐུན་པར་སྣང་སྟེ། འཇིག་རྟེན་སྟོང་པ་ཉིད་དུ་མཐོང་བར་མཛད་པ་ཤེས་པའི་འགྲེས་ཞི་བ་དང༌། འདུ་ཤེས་འགོག་པའི་བར་དུ་འབྱུང་ལ། རྒྱན་ལས་ནི། འཇིག་རྟེན་ཤེས་པར་མཛད་པའི་མཇུག་ཐོགས་ཉིད་དུ་འབྱུང་ངོ༌། །དབེན་པ་སོགས་བཞིའི་འགྲེས་ཀྱི་དོན་ད་ལྟའི་མངོན་པར་རྟོགས་པའི་རྒྱན་ལ་མི་སྣང་བ་ནི་གཞུང་ཆད་པར་མངོན་ནོ། །ཤེས་མཚན་བསྟན་ཟིན་ཏོ། །ཁྱད་པར་གྱི་མཚན་ཉིད་སྟོན་པ་ལ། བསམ་མི་ཁྱབ་དང་མི་མཉམ་དང༌། །ཞེས་སོགས་བཅུ་དྲུག་ལས། དང་པོ་བསམ་གྱིས་མི་ཁྱབ་པ་སོགས་བཞི་སྟོན་པ་ལ། རབ་འབྱོར་གྱི་ཚིག་གིས་བཤད་པའི་སྐབས་དབྱེ་བ་དང༌། བཅོམ་ལྡན་འདས་ཀྱིས་དོན་གསལ་བར་མཛད་པ་དང༌། དེའི་ཕན་ཡོན་བཤད་པ་དང་གསུམ་གྱིས་སྟོན་ནོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ་ཞེས་པ་ནས། མི་མཉམ་པ་དང་མཉམ་པའི་སླད་དུ་ཉེ་བར་གནས་སོ་ཞེས་པའི་བར་རོ། །སྔར་བསྟན་པའི་ཤེས་མཚན་གྱིས་ནི་ཡུམ་གྱིས་སངས་རྒྱས་ཀྱི་སྔོན་གྱི་སྤྱོད་པ་ལ་ཕན་འདོགས་པ་ཡིན་པར་བསྟན་ལ། འདི་ནས་ནི་སངས་རྒྱས་ཀྱི་བྱ་བ་བྱེད་དོ་ཞེས་བསྟན་པ་ནི་ཁྱད་པར་རོ། །གཉིས་པ་བཅོམ་ལྡན་འདས་ཀྱིས་དེ་ཉིད་གསལ་བར་བསྟན་པ་ལ། མདོར་བསྟན། དེ་ཉིད་འཐད་པའི་སྒོ་ནས་གསལ་བར་བཤད། བསམ་གྱིས་མི་ཁྱབ་པ་སོགས་ཀྱི་དོན་ལ་ཞེན་པ་དགག་པ་དང་གསུམ་གྱིས་བསྟན་ཏོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། དོན་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་དོན་ཆེན་པོ་ནི། སེམས་ཅན་གྱི་ཕྱིར་ཉེ་བར་གནས་པ་དང༌། དོན་བསམ་གྱིས་མི་ཁྱབ་པ་དང༌། དཔག་ཏུ་མེད་པ་དང༌། གཞལ་དུ་མེད་པ་དང༌། མི་མཉམ་པ་དང༌། མཉམ་པ་རྟོགས་པའི་ཕྱིར་ཉེ་བར་གནས་སོ་ཞེས་པའི་དོན་ནོ། །མངོན་རྟོགས་རྒྱན་ལས། དོན་ཆེན་པོའི་སླད་དུ་ཞེས་པའི་དོན་མི་འབྱུང་བ་ནི། བསམ་གྱིས་མི་ཁྱབ་པ་སོགས་བཞི་ལས་ལོགས་སུ་མེད་པ་ལ་དགོངས་སོ། །གཉིས་པ་འཐད་པའི་སྒོ་ནས་རྒྱས་པར་བསྟན་པ་ལ། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་སོགས་སུ་རྟོགས་པའི་རྟགས་ཀྱིས་བྱ་བ་ཉེ་བར་གནས་པར་བསྟན་པ་དང༌། དེ་ཉིད་ལས་འཕྲོས་པའི་དྲིས་ལན་བཤད་པའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན་ཞེས་པ་ནས། སངས་རྒྱས་རྣམས་ཀྱི་དོན་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། སངས་རྒྱས་དང་དེ་བཞིན་གཤེགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་སོགས་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས་མི་མཉམ་པ་དང་མཉམ་པ་ལགས་སམ་ཞེས་པའི་བར་གྱིས་བསྟན་ཏོ། །སངས་རྒྱས་བསམ་གྱིས་མི་ཁྱབ་པ་སོགས་ཡིན་པར་མ་ཟད། གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་བསམ་གྱིས་མི་ཁྱབ་པ་སོགས་ཡིན་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ལ་སོགས་པས་སངས་རྒྱས་བསམ་གྱིས་མི་ཁྱབ་པ་སོགས་སུ་བསྟན་པ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དེ་བཞིན་དུ་བསྟན་པའོ། །དོན་བསྡུ་བ་ནི། རབ་འབྱོར་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ་ཞེས་པའོ། །གསུམ་པ་འཐད་པ་བཀོད་པའི་དོན་ལ་ཞེན་པ་དགག་པ་ལ་གཉིས་ཏེ། འཁོར་སྔ་ན་གནས་པ་རྣམས་ཀྱི་ཞེན་པ་དགག་པ་དང༌། གསར་དུ་ལྷགས་པ་རྣམས་ཀྱི་ཞེན་པ་དགག་པའོ། །དང་པོ་ནི། འགའ་ཞིག་གོང་དུ་བསམ་གྱིས་མི་ཁྱབ་པ་སོགས་སུ་བསྟན་པ་དང༌། སེམས་སེམས་བྱུང་ཞིག་གིས་དམིགས་སུ་རུང་བ་ཞིག་ཡོད་དམ་སྙམ་པའི་དོགས་པ་དགག་པས་བསྟན་ཏེ། རབ་འབྱོར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི་སེམས་མི་དམིགས་སོ། །སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མི་དམིགས་སོ་ཞེས་པ་ལ་སོགས་པས་གསུངས་ཏེ། གཟུགས་བསམ་གྱིས་མི་ཁྱབ་པ་སོགས་སུ་བསྟན་པ་ཡང་མི་དམིགས་ཏེ། གཟུགས་ཀྱང་སེམས་དང་སེམས་ལས་བྱུང་བས་མི་དམིགས་ཞེས་པའི་དོན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བཤད་ཚུལ་དེ་བཞིན་དུ་སྦྱར་རོ། །ཡང་གཟུགས་བསམ་གྱིས་མི་ཁྱབ་པ་སོགས་སུ་གོང་དུ་བསྟན་པ་དེ་ཉིད་སེམས་དང་སེམས་ལས་བྱུང་བ་སོགས་ཀྱིས་དམིགས་པའི་ཡུལ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་འཐད་པ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་གཟུགས་བསམ་གྱིས་མི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་མི་མཉམ་པ་དང་མཉམ་པ་མ་མཆིས་པ་ལགས་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ། དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང༌། མི་མཉམ་པ་དང་མཉམ་པ་མ་མཆིས་པ་ལགས་ཞེས་པའི་བར་གྱིས་དྲི་བ་བསྟན་ཏོ། །གཟུགས་བསམ་གྱིས་མི་ཁྱབ་པ་སོགས་སེམས་དང་སེམས་ལས་བྱུང་བ་དག་གིས་མི་དམིགས་ཏེ། བསམ་པ་དང༌། དཔག་པ་དང༌། ཚད་དང༌། མཉམ་པ་དང༌། མི་མཉམ་པ་མི་དམིགས་པའི་ཕྱིར་ཞེས་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །ཡང་གོང་དུ་འཐད་པར་བཀོད་པ་དེ་ཉིད་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་དུ་རབ་འབྱོར་གྱིས་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་གཟུགས་ལ་བསམ་པ་དང༌། དཔག་པ་དང༌། ཚད་དང༌། མཉམ་པ་དང༌། མི་མཉམ་པ་མི་དམིགས་པ་ལགས་ཞེས་པ་ནས། ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསམ་པ་དང༌། དཔག་པ་དང༌། ཚད་དང༌། མཉམ་པ་དང༌། མི་མཉམ་པ་མི་དམིགས་པ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །གཟུགས་ཀྱི་ངོ་བོའི་གནས་ཚུལ་བསམ་གྱིས་མི་ཁྱབ་པ་དང༌། དཔག་ཏུ་མེད་པ་དང༌། གཞལ་དུ་མེད་པ་དང༌། མི་མཉམ་པ་དང༌། མཉམ་པ་དེའི་ཕྱིར་གཟུགས་ལ་བསམ་པ་དང༌། དཔག་པ་དང༌། ཚད་དང༌། མཉམ་པ་དང༌། མི་མཉམ་པ་མི་དམིགས་སོ་ཞེས་བསྟན་ཏེ། གཟུགས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སོགས་ཀྱི་ཕྱིར། གཟུགས་བློས་བསམ་པར་བྱ་བ་སོགས་སུ་མི་དམིགས་སོ་ཞེས་པའི་དོན་ནོ། །དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་ཏེ་བཤད་པར་བྱའོ། །གཉིས་པ་གསར་དུ་ལྷགས་པའི་འཁོར་རྣམས་ཀྱི་ཞེན་པ་དགག་པའི་དབང་དུ་བྱས་ནས། འཁོར་འགའ་ཞིག་བསམ་གྱིས་མི་ཁྱབ་པ་ལ་སོགས་སུ་བསྟན་པ་དེ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་དམིགས་སུ་མེད་པར་བསྟན་པ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས་གཟུགས་གང་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་དེ་ལ། གཟུགས་དམིགས་སུ་ཡོད་དམ་ཞེས་པ་ནས་རྣམ་མཁྱེན་དམིགས་སུ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ་ཞེས་པའི་བར་དུ་གསུངས་སོ། །དོན་བསྡུ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མི་མཉམ་པ་དང་མཉམ་པའོ་ཞེས་པའི་བར་ཕྲེང་གཅིག་གིས་བསྟན་ཏོ། །གོང་དུ་བསམ་གྱིས་མི་ཁྱབ་པ་སོགས་དེ་དག་གི་ངེས་ཚིག་རྒྱས་པར་བཤད་པ་ནི། རབ་འབྱོར་དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་བསམ་པ་དང་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་ནི་གཞལ་དུ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་སོགས་རྒྱས་པར་བསྟན་པའི་ཕན་ཡོན་བཤད་པ་ནི། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སྟོང་ཕྲག་ཉི་ཤུ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ་ཞེས་པའི་བར་གྱིས་སྟོན་ནོ། །མི་མཉམ་པ་དང་མཉམ་པའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པ་རྣམ་པར་བཤད་པའོ།། ༈ སུམ་ཅུ་རྩ་ལྔ་པ་འདུས་པའི་ལེའུ་བཤད་པ། ཀུན་འབྱུང་གི་བདེན་པ་རྟོགས་པའི་ཁྱད་མཚན་བཞི་ལས། དང་པོ་འཕགས་པ་ཀུན་སྡུད་ཅེས་པའི་དོན་སྟོན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡུམ་འདི་ནི་ཟབ་པ་སྟེ་ཞེས་སོགས་ཀྱིས་གསུངས་ལ། དེ་ལ་ཡང་རབ་འབྱོར་གྱི་ཚིག་གིས་བཤད་པའི་སྐབས་དབྱེ་བ་དང༌། བཅོམ་ལྡན་འདས་ཀྱིས་དེའི་དོན་བཤད་པ་དང་གཉིས་ཀྱིས་སྟོན་ནོ། །དང་པོ་ནི། བཅོམ་ལྡན་འདས་ཞེས་པ་ནས། མི་མཉམ་པ་དང་མཉམ་པའི་སླད་དུ་ཉེ་བར་གནས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་དམ་བཅའ་བཀོད་དེ། ཡུམ་དུ་རྣམ་བྱང་ཐམས་ཅད་འདུས་པའི་རྟགས་ཀྱིས་བསྒྲུབ་པ་དང༌། དམ་བཅའ་བཀོད་དེ་འཛིན་པ་དང་ཆགས་པ་མ་མཆིས་པའི་རྟགས་ཀྱིས་བསྒྲུབ་པ་དང༌། དོན་གཉིས་ཀྱིས་བསྟན་ཏོ། །དང་པོ་ལ་དམ་བཅའ་བ་ནི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ་ཞེས་པ་ནས། ཉེ་བར་གནས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་བསྟན་ཏེ། ཤེར་ཕྱིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ནས་རྣམ་མཁྱེན་གྱི་བར་དུ་འདུས་པར་བསྟན་པ་དང༌། ཤེར་ཕྱིན་གྱིས་རྣམ་བྱང་གི་ཆོས་ཐམས་ཅད་ཀྱི་བྱ་བ་བྱེད་པར་བློན་པོའི་དཔེ་བསྟན་པ་དང༌། དེ་དག་གི་དོན་བསྡུས་པ་དང་གསུམ་གྱིས་བསྟན་ཏོ། །དང་པོ་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་འདུས་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། དེ་དག་གི་བྱ་བ་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་དེ་བས་ན་ཞེས་པ་ནས། ཉེ་བར་གནས་པའོ་ཞེས་པའི་བར་གྱིས་སྟོན་ནོ། །གཉིས་པ་ལ་ཡང་དམ་བཅའ་འགོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་པ་ནས། མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཏན་ཚིགས་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་བསྟན་ཏེ། དེ་ལ་ཡང་འཛིན་པ་དང་ཆགས་པ་མེད་པར་བསྟན་པ་དང༌། དེ་ལས་འཕྲོས་པའི་དྲིས་ལན་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། གཟུགས་ལ་ཡོངས་སུ་འཛིན་པ་མེད་པ་དང༌། མངོན་པར་ཆགས་པ་མེད་པར་ཉེ་བར་གནས་པའོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་འཛིན་པ་མེད་པ་དང་མངོན་པར་ཆགས་པ་མེད་པར་ཉེ་བར་གནས་པའོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་དེ་དག་ལས་འཕྲོས་པའི་དྲིས་ལན་ལ་ཡང་གཉིས་ཏེ། འཐད་པ་དྲི་བ་དང༌། འཐད་པ་འགོད་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཡུམ་འདི་གཟུགས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་ཞེས་པ་ནས། ཇི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང༌། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་གཏན་ཚིགས་འགོད་པ་ལ། གཟུང་འཛིན་གྱི་བྱ་བ་འགོག་པ་དང༌། གཟུང་བྱ་མ་མཐོང་བས་འཛིན་པ་འགོག་པ་དང༌། མངོན་པར་གཟུང་བ་དང༌། ཆགས་པ་མི་བྱ་བར་གདམས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་སོགས་ཀྱིས་གསུངས་ཏེ། གཟུགས་གང་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ་ཞེས་པ་ནི་མཐོང་བ་སྤོང་བའི་ཚིག་གོ །ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང༌། མཐོང་ངམ་ཞེས་པའི་བར་ནི་མཐོང་བྱེད་དང༌། མཐོང་བྱ་གཉིས་ཀ་སྤོང་བའི་ཚིག་གོ །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པའི་ཚིག་གིས་ནི་དེ་དང་རྗེས་སུ་མཐུན་པར་བརྗོད་པའོ། །བཤད་ཚུལ་དེ་བཞིན་དུ་ཚོར་བ་ནས། རྫོགས་པའི་བྱང་ཆུབ་ཀྱི་བར་དུ་སྦྱར་ནས་བཤད་པར་བྱའོ། །གཉིས་པ་གཟུང་བྱ་མ་མཐོང་བས་འཛིན་པ་འགོག་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་ངས་ཀྱང་གཟུགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མི་འཛིན། ཡོངས་སུ་མི་འཛིན་པས་ཉེ་བར་མི་ལེན་ཏོ་ཞེས་སོགས་ཀྱིས་གསུངས་ཏེ་དང་པོར་མི་འཛིན། ཕྱིས་ཉེ་བར་མི་ལེན་ནོ་ཞེས་སྦྱར་ཏེ། ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་ཡང་སྦྱར་རོ། །གསུམ་པ་ཡོངས་སུ་བཟུང་བ་དང་ཆགས་པར་མི་བྱ་བར་གདམས་པ་ནི། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ལ་མངོན་པར་ཆགས་པར་མི་བྱའོ་ཞེས་པ་ནས། རྣམ་མཁྱེན་དང་དེ་བཞིན་གཤེགས་པ་ལ་མངོན་པར་ཆགས་པར་མི་བྱའོ། །ཡོངས་སུ་བཟུང་བར་མི་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །མཁས་པས་རིག་པར་བྱ་བའི་ཁྱད་པར་སྟོན་པ་ནི། དེ་ནས་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་ལྷ་དེ་དག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཀྱིས་གསུངས་ཏེ། ཡུམ་ཟབ་པའི་ཁྱད་པར་དང༌། ཡུམ་ལ་མོས་པའི་གང་ཟག་ཡོན་ཏན་ཁྱད་པར་ཅན་དང་ལྡན་པར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། འཚལ་བར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏེ། རྟོགས་བྱའི་ཡུམ་ཟབ་པ་དང༌། རྟོགས་བྱེད་ཀྱི་བློ་ཁྱད་པར་གསུམ་དང་ལྡན་པས་ཤེས་པར་བྱའོ། །གཉིས་པ་ནི། བཅོམ་ལྡན་འདས་སེམས་ཅན་གང་ཡང་ཞེས་པ་ནས། དགེ་བའི་རྩ་བ་བསྐྱེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཐུན་མོང་མ་ཡིན་པའི་ཤེས་པའི་ཁྱད་པར་བསྟན་པ་ནི། བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་སོགས་ནས། བཟོད་པ་ཐོབ་པའི་བཟོད་པར་འདུ་ཤེས་སོ་ཞེས་སོགས་ཀྱི་བར་གྱིས་བསྟན་པ་འདི་ལ་གཉིས་ཏེ། དོན་དངོས་དང༌། འཐད་པ་བསྟན་པའོ། །དང་པོ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་དད་པའི་རྗེས་སུ་འབྲང་བ་ན། རང་སངས་རྒྱས་ཀྱི་བར་དུ་གྱུར་པའི་ཤེས་པ་དང༌། སྤངས་པ་བས་ཡུམ་ལ་མོས་པ་མཆོག་ཏུ་གྱུར་པར་བསྟན་པར་གསུངས་སོ། །གཉིས་པ་འཐད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་སོགས་ཀྱིས་གསུངས་ཏེ། དད་པའི་རྗེས་སུ་འབྲང་བ་ན་རང་སངས་རྒྱས་ཀྱི་བར་གྱི་ལམ་གྱི་བྱེད་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་བཟོད་པའི་ནང་དུ་འདུས་པའི་ཕྱིར་ཞེས་པའི་བར་གྱིས་གསུངས་སོ། །མངོན་པར་ཤེས་པ་མྱུར་བའི་ཁྱད་པར་ནི། དོན་འགོད་པ་དང་འཐད་པ་གཉིས་ཀྱིས་བསྟན་པའི་དང་པོ་ནི། མདོ་སྡེ་གཞན་ལ་བསླབ་པ་ལས་འདི་ལ་ཞུགས་པ་མྱུར་དུ་བྱང་ཆུབ་པར་འགྱུར་ཞེས་པའོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་གསུངས་ཏེ། བསླབ་པར་བྱ་བ་རྒྱ་ཆེར་འབྱུང་བས་ཤེས་བྱའི་སྒྲིབ་པ་སྤོང་བའི་ཐབས་མང་བའི་ཕྱིར། མྱུར་དུ་འཚང་རྒྱ་བར་འགྱུར་རོ་ཞེས་པའི་དོན་ནོ། །འཕེལ་འགྲིབ་མེད་པའི་ཁྱད་པར་ལ། དངོས་ཀྱི་དོན་དང་ཞར་ལས་བྱུང་བའོ། །དང་པོ་ནི། གོང་དུ་ཡུམ་ལ་སྤྱོད་པ་བསོད་ནམས་ཆེ་བར་བསྟན་པའི་དོན་ལྷ་རྣམས་ཀྱིས་ཐོས་ནས་ཡུམ་ལ་བསྟོད་པ་མཛད་པས་གསུངས་ཏེ། དེ་ནས་འདོད་པ་ན་སྤྱོད་པ་ནས་འཕེལ་བར་མི་གདའ་འོ་ཞེས་པས་བསྟན་པ་འདི་ལ་ཡང་གཉིས་ཏེ། དཔག་ཏུ་མ་མཆིས་པ་ལ་སོགས་པའི་ཆོས་ཉིད་ཀྱི་དོན་རྟོགས་པས་བྱང་ཆུབ་ཏུ་ངེས་པར་འབྱུང་བ་དང༌། བྱང་ཆུབ་ཏུ་ངེས་པར་འབྱུང་ཡང་ཆོས་ཉིད་ཀྱི་དོན་ལ་འཕེལ་འགྲིབ་མེད་པར་བསྟན་པའོ། །དང་པོ་ནི། སེམས་ཅན་དཔག་ཏུ་མ་མཆིས་པ་ལ་སོགས་པའི་ཆོས་ཉིད་ཀྱི་དོན་རྟོགས་པའི་ཤེར་ཕྱིན་ལ་བསླབ་པས་དད་པའི་རྗེས་སུ་འབྲང་བ་ནས་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་བར་བསྟན་ཏོ། །གཉིས་པ་ནི། འབྱུང་ཞིང་འབྱུང་བར་གྱུར་པའང་མི་གདའ་འོ་ཞེས་པའི་བར་རོ། །ཞར་ལས་བྱུང་བའི་དོན་ནི། འདོད་པ་ན་སྤྱོད་པ་ནས། གཟུགས་ན་སྤྱོད་པའི་ཁམས་སུ་འགོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །སྒྲུབ་པའི་ཁྱད་པར་ལ་གཉིས་ཏེ། གང་ཟག་གི་སྐྱེ་བའི་ཁྱད་པར་དང༌། དེ་ཤེས་པར་བྱེད་པའི་རྒྱུ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཅི་མིའི་ནང་ནས་ཤི་འཕོས་ནས་མིའི་ནང་དུ་སྐྱེས་པའོ་ཞེས་པ་ལ་སོགས་པས་གསུངས་ཏེ། བ་གྲུས་མ་བེའུ་མི་དོར་བའི་དཔེས་སྔོན་ཡང་ཤེར་ཕྱིན་ལ་སྤྱད་པས་ད་ལྟར་དང་མ་འོངས་པ་ན་ཡང་ཤེར་ཕྱིན་མི་འདོར་བའི་དོན་ནོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས། མོས་པས་བསྐྱེད་པ་མོས་པར་འགྱུར་བར་བསྟན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སྔོན་ཤེར་ཕྱིན་ལ་ཚུལ་བཞིན་དུ་སྤྱད་པའི་རྒྱུས་མིའི་ནང་ནས། ཤི་འཕོས་ནས་མིའི་ནང་དུ་སྐྱེས་ཏེ། སྐྱེས་མ་ཐག་ཏུ་ཤེར་ཕྱིན་ལ་མོས་པར་འགྱུར་རོ་ཞེས་པའི་དོན་ནོ། །ཡང་དག་པར་གྲུབ་པའི་ཁྱད་པར་ལ་གཉིས་ཏེ། ཡུམ་གྱིས་སྣོད་དང་ལྡན་པར་འགྱུར་བ་དང༌། སྣོད་མ་ཡིན་པར་བསྟན་པའོ། །དང་པོ་ལ་ཡང་གཉིས་ཏེ། སངས་རྒྱས་ཀྱི་ཞིང་གཞན་ནས་སྐྱེ་བ་དང༌། དགའ་ལྡན་ནས་སྐྱེ་བའི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། དངོས་དང་འཐད་པའོ། །དང་པོ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། རྣམ་གྲངས་སུ་མཆིས་སམ་མ་མཆིས་ཞེས་པའི་བར་རོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཚུལ་བཞིན་ཡིད་ལ་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། སྔོན་ཡང་སངས་རྒྱས་ལ་བསྙེན་བཀུར་བྱས་པ་ལས་འདིར་སྐྱེས་ཏེ། སྔོན་གྱི་བག་ཆགས་ལ་བརྟེན་ནས་ཡུམ་ལ་མོས་པ་སོགས་རང་གི་ངང་གིས་འབྱུང་བའི་དོན་ནོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་བསྟན་ཏེ། སྔོན་སངས་རྒྱས་ལ་བརྟེན་ནས་ཡུམ་ལ་མོས་པ་སོགས་ཀྱིས་སྒོ་ནས་རིམ་གྱིས་ཞུགས་པས་ད་ལྟར་ཡང་ཡུམ་གྱི་ཆོས་སྤྱོད་ནི་རང་གི་ངང་གིས་འཇུག་པའི་ཡོན་ཏན་ཐོབ་པ་ནི་ཆོས་ཉིད་དོ་ཞེས་པའི་དོན་ནོ། །གཉིས་པ་དངོས་ཀྱི་དོན་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། འདིར་སྐྱེས་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་སྣོད་དང་མི་ལྡན་པ་ལ། སྔོན་ཡུམ་ལ་སྤྱད་པ་དང༌། ཅུང་ཟད་ཙམ་ལས་མ་སྤྱད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བ་གང་གིས་ཞེས་སོགས་ཀྱིས་བསྟན་ཏེ། དེ་ལ་ཡང་དང་པོ་མདོར་བསྟན་པ་ནི། སྔོན་གྱི་མཐར་ཞེས་པ་ནས་སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱས་པར་བསྟན་པ་ནི། རབ་འབྱོར་གཞན་ཡང་ཞེས་སོགས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་མ་དྲིས་ཡོངས་སུ་མ་བརྟགས། མ་བྱས་པས། སེམས་ནེམ་ནུར་དང༌། རྨོངས་པ་དང༌། ཞུམ་པ་དང༌། རྣམ་པ་གཞན་དུ་འགྱུར་རོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཀྱང་ཡོངས་སུ་མ་དྲིས་ཡོངས་སུ་བརྟགས་པ་མ་བྱས་པའི་རྒྱུས་སེམས་ཀྱི་རྣམ་པ་གཞན་དུ་འགྱུར་བའི་བར་གྱིས་གསུངས་སོ། །གཉིས་པ་ཅུང་ཟད་ཙམ་ལས་མ་སྤྱད་པ་ནི། རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའ་ཐེག་པ་བ་གང་གིས་སྔོན་གྱི་མཐར་ཤེར་ཕྱིན་ཟབ་མོ་འདི་ཐོས་ནས་ཡོངས་སུ་མ་དྲིས་ཞེས་སོགས་ཀྱིས་གསུངས་ཏེ། སྔོན་ཡུན་རིང་པོར་མ་སྤྱད་པས་སྤོབས་པ་ཉམས་ཤིང་དམན་པ་དང༌། དེའི་འཐད་པ་དང༌། ཡུམ་ལ་ཡུན་རིང་པོར་མ་སྤྱད་པས་དམན་པར་ལྟུང་བའོ། །དང་པོ་ནི། དེ་ནི་ཉིན་གཅིག་གོ་ཞེས་པ་ནས། ཡོངས་སུ་འདྲི་བ་དང་མི་ལྡན་པར་འགྱུར་ཏེ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཤིང་བལ་གྱི་ཟེགས་མ་བཞིན་དུ་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། ཤེར་ཕྱིན་ལ་ཡུན་རིང་དུ་མ་སྤྱད་པས། མོས་པ་སྤྲིན་བར་གྱི་ཉི་མ་བཞིན་དུ་འགྱུར་ཞིང་ཤེར་ཕྱིན་ལ་མཐའ་གཅིག་ཏུ་མི་འཇུག་གོ་ཞེས་པའི་དོན་ནོ། །གསུམ་པ་ནི། རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བ་འདི་ནི་ཡུན་རིང་པོ་ནས་ཐེག་པ་ལ་ཞུགས་པ་མ་ཡིན་པར་རིག་པར་བྱ་སྟེ་ཞེས་པ་ནས། ལེའུ་ཡོངས་སུ་རྫོགས་པའི་བར་དུ་གསུངས་སོ། །དོན་ནི་ཚེ་རབས་སྔ་མ་ལ་ཤེར་ཕྱིན་ལ་ཚུལ་བཞིན་དུ་ཡུན་རིང་དུ་མ་སྤྱད་པས་ཉན་རང་གི་ས་གཉིས་པོ་གང་ཡང་རུང་བ་ཞིག་ཏུ་ལྟུང་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་མཐར་ཡང་ཤེར་ཕྱིན་ལ་མ་སྤྱད་གཞན་ལ་ཕན་མ་བཏགས་པའི་དོན་ནོ། །འདུས་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པ་རྣམ་པར་བཤད་པའོ།། ༈ སུམ་ཅུ་རྩ་དྲུག་པ་གྲུའི་ལེའུ་བཤད་པ། གྲུའི་ལེའུ་སྟོན་པ་ལ་གཉིས་ཀྱི་ཁྱད་པར་སྟོན་པ་ནི། རབ་འབྱོར་འདི་ལྟ་སྟེ་རྒྱ་མཚོའི་དབུས་སུ་གྲུ་ཞིག་ལ། དེའི་མི་རྣམས་ཤིང་ངམ་ཤིང་དུམ་མམ་ཞེས་སོགས་ཀྱིས་གསུངས་ཏེ། རྒྱ་མཚོའི་གྲུ་ཞིག་པའི་དཔེས་བར་ཆད་དང་བཅས་པ་དང༌། གྲུ་ལ་ཟག་ལྷན་ལེགས་པར་བྱས་པའི་དཔེས་བར་ཆད་མེད་པ་གཉིས་སུ་ཕྱེ་ནས། ཐབས་ཤེས་རབ་ཀྱི་མིག་བུ་དང་བྲལ་མ་བྲལ་གྱི་བྱེ་བྲག་གིས་མངོན་མཁྱེན་ཐོབ་མི་ཐོབ་གཉིས་སུ་གསུངས་པའོ། །ཤེས་རབ་ཀྱི་མིག་བུ་དང་བྲལ་བ་ནི་གྲུ་ཞིག་པའི་དཔེ་བཀོད་ནས། རབ་འབྱོར་དཔེ་དེ་བཞིན་དུ་ཡུམ་ལ་དད་པ་དང་མོས་པ་ཙམ་ཡོད་ཀྱང༌། དང་པོར་མི་འབྲི། བར་དུ་ཁ་ཏོན་དུ་མི་བྱེད་དེ། ཐ་མར་ཚུལ་བཞིན་དུ་ཡིད་ལ་མི་བྱེད་པ་དེ་དང༌། བར་མ་དོར་རྣམ་མཁྱེན་མ་ཐོབ་པར་ཉན་རང་གི་ས་མངོན་དུ་བྱེད་པ་བསྟན་ཏོ། །ཕར་ཕྱིན་ནས་རྣམ་མཁྱེན་མི་འབྲི་བའི་བར་དུ་སྦྱར་རོ། །ཤེས་རབ་ཀྱི་དམིགས་པའི་ཁྱད་པར་བསྟན་པ་ནི། རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་གྱིས་གསུངས་སོ། །རྟེན་གྱི་ཁྱད་པར་སྟོན་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། བུད་མེད་དང༌། སྐྱེས་པ་ལ་ལ་ཞིག བུམ་པ་མ་བསྲེགས་ཤིང་ཞེས་སོགས་ཀྱིས་གསུངས་སོ། །འདི་ལ་གཉིས་ཏེ། བུམ་པ་སོ་མ་བཏང་བའི་དཔེས། ཐབས་ཤེས་རབ་གཉིས་མི་ལྡན་པས། བར་མ་དོར་ཉན་རང་དུ་ལྟུང་བར་བསྟན་པ་དང༌། བུམ་པ་སོ་ལེགས་པར་བཏང་བའི་དཔེས་ཐབས་ཤེས་རབ་གཉིས་དང་ལྡན་པས་ཉན་རང་གི་སར་མི་ལྟུང་བར་བསྟན་པའོ། །དང་པོ་ནི། སོ་མ་བཏང་བས་ཆུ་བཅུས་ཏེ་ཞེས་པ་ནས། བར་མ་དོར་ཉེ་ཞོར་ལྟུང་བར་ཤེས་པར་བྱའོ། །ཉེ་ཞོར་འབྱུང་བའི་དོན་གང་ཞེ་ན། རབ་འབྱོར་ཞེས་པ་ནས། རང་སངས་རྒྱས་ཀྱི་སའོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་འདི་ལྟ་སྟེ། སྐྱེས་པ་དང༌། བུད་མེད་ལ་ལ་ཞིག བུམ་པ་སོ་ལེགས་པར་བཏང་བས་ཞེས་པ་ནས། བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །མཐའ་དག་པའི་ཁྱད་པར་སྟོན་པ་ནི། རྒྱ་མཚོའི་གྲུ་ཟག་ལྷན་དང་བཅས་པ་དང༌། མ་བྱས་པའི་དཔེས་སྦྱིན་པ་ནས། རྣམ་མཁྱེན་གྱི་བར་བསྒྲུབ་པའི་ཡན་ལག་ཚང་མ་ཚང་གི་བྱེ་བྲག་གིས་རྫོགས་པའི་བྱང་ཆུབ་ཐོབ་མ་ཐོབ་ཀྱི་བྱེ་བྲག་གཉིས་གསུངས་སོ། །ཡོངས་སུ་འཛིན་པའི་ཁྱད་པར་ནི། སྐྱེས་བུ་རྒས་ཤིང་ཉམ་ཆུང་བ་ལྡང་བའི་དཔེས་ཐབས་དང༌། ཤེས་རབ་གཉིས་དང་བྲལ་བས་ཉན་རང་གི་སར་ལྟུང་བ་དང༌། ཐབས་ཤེས་གཉིས་ཀྱི་རྟེན་དང་ལྡན་པས་ཉན་རང་དུ་མི་ལྟུང་བའི་འགྲེས་གཉིས་ཀྱིས་གསུངས་སོ། །དེའི་དང་པོ་ལ་དྲི་བ་ནི། གསོལ་པ་ཞེས་པ་ནས། མི་ལྟུང་བ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ཤེས་རབ་དང་བྲལ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་ཏེ། སྦྱིན་པ་ལ་མངོན་པར་ཞེན་པ་དང་བཅས་པ་ནི་ལྟུང་བའི་རྒྱུ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མི་ལྟུང་བའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་དག་མེད་པའི་ཕྱིར་དང༌། ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་ལས་རིང་དུ་སོང་བའི་དོན་ནོ། །གཞན་ཡང༌། སྦྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བའི་ཕྱིར་ཞེས་པའི་དོན་ནོ། །བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་ནི། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་སར་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་འབྱུང་ངོ་ཞེས་པའོ། །གཉིས་པ་ཐབས་དང་བྲལ་བ་ནི། རབ་འབྱོར་ཇི་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བ་ཐབས་མི་མཁས་པ་ཡིན་ཞེ་ན་ཞེས་པ་ལ་སོགས་པས་གསུངས་ཏེ། ཐབས་དང་བྲལ་བས་ཕྱིན་དྲུག་ལ་འཇུག་པ་དང༌། སྦྱིན་པ་ནས་ཤེས་རབ་ཀྱི་བར་རློམ་སེམས་སུ་བྱེད་པའོ། །དེ་དག་གི་འཐད་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་གསུངས་ཏེ། སངས་རྒྱས་ཀྱི་རྒྱུར་གྱུར་པའི་སྦྱིན་སོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རློམ་སེམས་དེ་དག་མེད་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པས་སོ་ཞེས་སོགས་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་རྟོག་པ་མེད་པ་དེ་ལྟ་ཡིན་ཡང་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་ལས་རིང་དུ་སོང་བར་མི་ཤེས། དེ་མི་ཤེས་པས་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་མ་བཟུང་བའི་ཕྱིར། ཉན་རང་གི་སར་ལྟུང་བས་རྣམ་མཁྱེན་མི་ཐོབ་བོ་ཞེས་བཤད་དོ། །གཉིས་པ་ཐབས་ཤེས་རབ་གཉིས་ཀྱི་རྟེན་དང་ལྡན་པས་ཉན་རང་དུ་མི་ལྟུང་བའི་འགྲེས་བཤད་པ་ལ་གཉིས་ཏེ། ཤེས་རབ་དང་ལྡན་པ་དང༌། ཐབས་དང་ལྡན་པའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་མཁས་པས་ཡོངས་སུ་བཟུང་བ་དང་ཞེས་པ་ནས། རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འགྲུབ་པར་འགྱུར་ཞེས་པའི་འགྲེས་དང༌། རབ་འབྱོར་དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བ་ཞེས་པ་ནས། དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མི་ལྟུང་ངོ་ཞེས་པའི་བར་འགྲེས་གཉིས་ཀྱིས་གསུངས་ཏེ། སྔ་མ་ནི་རྒྱས་པར་བཤད་པ་དང༌། ཕྱི་མ་ནི་དོན་བསྡུ་བའི་ཚུལ་དུ་གནས་སོ། །གཉིས་པ་ཐབས་ལ་མཁས་པ་དང་ལྡན་པ་ནི། རབ་འབྱོར་ཇི་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བ་ཐབས་མཁས་པས་ཡོངས་སུ་བཟུང་བ་ཡིན་ནོ་ཞེས་པ་ནས། ལེའུ་སུམ་ཅུ་རྩ་དྲུག་པ་ལ་ཐུག་པའི་བར་དུ་གསུངས་ཏེ། ཐབས་དང་ལྡན་པས་ཕྱིན་དྲུག་ལ་འཇུག་པ་དང༌། ཕྱིན་དྲུག་ལ་རློམ་སེམས་སུ་མི་བྱེད་པ་དང༌། དེའི་འཐད་པ་བསྟན་པ་དང༌། ཕྱིན་དྲུག་ནས་རྣམ་མཁྱེན་གྱི་བར་དུ་ཡོངས་སུ་བཟུང་བས། ཉན་རང་གི་སར་མི་ལྟུང་བར་རྣམ་མཁྱེན་དུ་འབྱུང་བ་ཉིད་ཀྱིས་རྒྱས་པར་བསྟན་པའོ། །གྲུའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པ་རྣམ་པར་བཤད་པའོ།། ༈ སུམ་ཅུ་རྩ་བདུན་པ་ངོ་བོ་ཉིད་ཀྱི་ལེའུ་བཤད་པ། ངོ་བོ་ཉིད་ཀྱི་ལེའུ་སྟོན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཀྱིས་བསྟན་པ་འདི་ལ་གཉིས་ཏེ། དང་པོར་རོ་མྱོང་བ་མེད་པའི་ཁྱད་པར་བསྟན་པ་ལ་གསུམ་སྟེ། རོ་མྱོང་བ་མེད་པའི་ཐབས་ཞུ་བ་དང༌། དེའི་ཐབས་བཤེས་གཉེན་ལ་བསྟེན་པ་དང༌། ཐབས་ཀྱི་གདམས་ངག་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། བསྙེན་བཀུར་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ལ་གསུམ་སྟེ། དགེ་བ་བྱང་ཆུབ་བསྔོ་བའི་གདམས་ངག དངོས་པོར་རྟོག་པ་དགག་པའི་གདམས་ངག འདོད་པ་བསྐྱེད་པ་དགག་པའི་གདམས་ངག་གོ །དང་པོ་ནི། དེ་དག་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ་ཞེས་པ་ནས། བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག་ཅེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རིགས་ཀྱི་བུ་ཁྱོད་ཅེས་སོགས་ཀྱིས་གསུངས་ཏེ། གཟུགས་སུ་རྟོག་པར་མ་བྱེད་ཅིག་ཅེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྟོག་པར་མ་བྱེད་ཅིག་ཅེས་པའི་བར་དུ་གསུངས་སོ། །དེ་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཏེ། རྟོག་པས་གཟུགས་ལ་ཡོངས་སུ་མ་བརྟགས་པར་གཟུགས་སྟོང་པ་ཉིད་དུ་རྟོགས་པས་རྣམ་མཁྱེན་ཐོབ་པར་བྱེད་པའི་ཕྱིར་ཞེས་པ་ཏེ་རྣམ་མཁྱེན་གྱི་བར་དུ་བཤད་ཚུལ་དེ་བཞིན་ནོ། །གསུམ་པ་ནི། རིགས་ཀྱི་བུ་ཁྱོད་གཟུགས་ལ་འདོད་པ་མ་བསྐྱེད་ཅིག་དེ་ཅིའི་ཕྱིར་ཞེ་ན། གཟུགས་སོ་ཞེས་ཐ་སྙད་འདོགས་པ་ཉིད་དོན་དམ་པར་འདོད་པར་བྱ་བའི་ཡུལ་དུ་མེད་པའི་ཕྱིར་ཞེས་པའི་དོན་ཏེ། དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་མ་བསྐྱེད་ཅིག་དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་པའི་བར་གྱིས་བཤད་ཚུལ་ཡང་དེ་བཞིན་ནོ། །ཐུན་མོང་གི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་བྱ་བར་འགྱུར་རོ། །བྱེད་པའི་མཚན་ཉིད་བསྟན་པ་ལ་ཡང་གཉིས་ཏེ། རྒྱས་བཤད། ཤེར་ཕྱིན་ལ་མོས་པའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། དོན་དམ་པར་དཀའ་བ་སྤྱོད་པ་དང༌། ཀུན་རྫོབ་གཞན་གྱི་དོན་བྱེད་པའོ། །དང་པོ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། དཀའ་བ་བྱེད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། རབ་འབྱོར་གྱི་ཚིག་དང་བཅོམ་ལྡན་འདས་ཀྱིས་གསུངས་པ་གཉིས་ཡིན་ནོ། །གོང་དུ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་པ་ལས་འཕྲོས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གནས་པ་ལ་གཞན་གྱི་དོན་བྱང་ཆུབ་དོན་གཉེར་ནི་དཀའ་བ་སྤྱོད་པ་སྟེ། དོན་དམ་པར་དོན་དུ་གཉེར་བར་བྱེད་པའི་ཆོས་དེ་དག་མེད་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་ནི། རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བསྟན་བཅོས་ཀྱི་བྱེད་པ་བཅུ་གཅིག་དང༌། མདོའི་ཚིག་གོ་རིམ་བཞིན་དུ་སྦྱར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། བྱེད་བ་བཅུ་གཅིག་ཡོད་པ་ལས། དང་པོ་ཕན་པའི་བྱེད་པ་ནི། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་ཅིང་ཞེས་སོགས་ཀྱིས་བསྟན་ཏེ། དེ་ཡང་དྲི་བ་དང༌། ལན་དང༌། དོན་བསྡུས་པ་གསུམ་གྱིས་བསྟན་ཏོ། །དང་པོ་ནི། རབ་འབྱོར་ཞེས་པ་ནས་ཡིན་ཞེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། མི་འཇིགས་པ་བཞིའི་བྲ་ཐང་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་དེ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱུད་ལྔའི་འགྲོ་བ་མ་འོངས་པའི་བྱེད་པའོ། །གཉིས་པ་བདེ་བའི་བྱེད་པ་ཡང་སྔར་བཞིན་དྲི་བ་དང༌། ལན་དང༌། དོན་བསྡུ་བ་དང་གསུམ་གྱིས་བསྟན་ཏོ། །དང་པོ་ནི། རབ་འབྱོར་ཞེས་པ་ནས། ཡིན་ཞེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། རབ་ཏུ་འགོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། ཞུགས་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །སྐྱོབ་པའི་བྱེད་པ་ལ་ཡང་སྔར་བཞིན་གསུམ་ལས། དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། འཇིག་རྟེན་གྱི་མགོན་བྱེད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་འདི་ལ་ཞེས་པ་ནས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས་འཇིག་རྟེན་གྱི་མགོན་བྱེད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །སྔ་མའི་རྣམ་སྨིན་དང་བྲལ་ནས་དེའི་རྣམ་སྨིན་ལ་སྐྱོབ་པར་བྱེད་པའོ། །སྐྱབས་ཀྱི་བྱེད་པ་ལ་ཡང་སྔ་མ་ལྟར་གསུམ་ལས། དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས་འཇིག་རྟེན་གྱི་སྐྱབས་བྱེད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་འདི་ལ་ཞེས་པ་ནས་ཕུང་པོ་མ་ལུས་པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟློས་པའི་བར་གྱིས་བསྟན་ཏེ། ཚེ་འདིའི་རྣམ་སྨིན་དང་བྲལ་བར་བྱས་ནས། ཕྱི་མའི་རྣམ་སྨིན་གྱི་ཕུང་པོ་ལ་སྐྱོབ་པར་བྱེད་པའོ། །དེ་ལ་སྔ་མ་ནི་ལྷག་བཅས་ཀྱི་མྱང་འདས་དང༌། ཕྱི་མ་ནི་ལྷག་མེད་ཀྱི་མྱང་འདས་ལ་འགོད་པའོ། །དོན་བསྡུ་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། འཇིག་རྟེན་གྱི་སྐྱབས་སུ་གྱུར་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གནས་ཀྱི་བྱེད་པ་ལ་ཡང་སྔ་མ་ལྟར་གསུམ་ལས། དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་པ་ཡིན་ཞེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། སེམས་ཅན་གྱི་རྟེན་དུ་གྱུར་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པས། འཁོར་བ་དང་འདྲེས་པ་མེད་པར་ཆོས་སྟོན་ནོ་ཞེས་པའི་དོན་ནོ། །གཉིས་པ་རྒྱས་བཤད་ནི། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་འདྲེ་བ་མེད་པ་ལགས་ཞེས་སོགས་ཀྱིས་སྟོན་ཏེ། མྱང་འདས་ཐོབ་པར་བྱེད་པ་ལ་སྡུག་བསྔལ་གྱི་རྒྱུ་བདེན་འཛིན་ཟློག་དགོས་ལ་དེ་ལྡོག་པ་ལ་འཁོར་བ་དང་འདྲེ་བ་མེད་པར་རང་བཞིན་སྟོང་པ་ཉིད་ཀྱི་ཆོས་སྟོན་པའི་དབང་དུ་བྱས་ནས་འདྲེ་བ་མེད་པའི་དོན་རྒྱས་པར་བཤད་དེ། དེ་ལ་གཟུགས་ཀྱི་འདྲེ་བ་མེད་པ་གང་ཡིན་པ་ནི། འཁོར་བའི་ཆོས་དང་འདྲེ་བ་མེད་དེ། རང་བཞིན་གྱིས་སྟོང་པས་སོ། །གཟུགས་དང་འདྲེ་བ་མེད་པ་གང་ཡིན་པ་དེ་ནི། གཟུགས་ཀྱི་སྐྱེ་བ་མེད་པ་སྟེ་སྐྱེ་བ་མེད་པ་ནི་འཁོར་བའི་ཆོས་དང་འདྲེ་བ་མེད་པས་སོ། །སྐྱེ་བ་མེད་པ་ནི་འགག་པ་མེད་པ་སྟེ། འགག་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། གཟུགས་ལ་སྐྱེ་འགག་མེད་པ་ནི་གཟུགས་དང་འདྲེ་བ་མེད་པ་སྟེ། ནམ་མཁའ་དང་ཀུན་ཏུ་རོ་གཅིག་པའི་ཕྱིར་རོ། །གཟུགས་ལ་བཤད་པ་དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །དེ་ཡང་རབ་འབྱོར་དེ་ལྟར་ཞེས་པ་ནས། ཆོས་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །དཔུང་གཉེན་བྱེད་པ་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། དཔུང་གཉེན་དུ་གྱུར་པ་ཡིན་ཞེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལན་ལ་གཉིས་ཏེ། མཉམ་པ་ཉིད་ཀྱི་ཆོས་བསྟན་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། ཆོས་སྟོན་ཏོ་ཞེས་པའི་བར་གྱིས་མདོར་བསྟན་ཏོ། །གཟུགས་ཞེས་པ་ནི་འཁོར་བའི་ཆོས་སོ། །ཕ་རོལ་ནི་མྱང་འདས་སོ། །གཟུགས་མ་ཡིན་ནོ་ཞེས་པ་ནི་མྱ་ངན་ལས་འདས་པ་ནི་འཁོར་བ་མ་ཡིན་ནོ་ཞེས་པའི་དོན་ནོ། །དེས་ན་གཟུགས་ནི་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཏེ། ཕུང་པོ་ལ་སོགས་པའི་མཚན་མ་དང་མ་འབྲེལ་བའི་ཕྱིར་ཞེས་ཤེས་པར་བྱའོ། །ཡང་ན་གཟུགས་ཀྱི་ཕ་རོལ་རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་པའི་ཆོས་བསྟན་ན། ཆོས་ཀྱི་དབྱིངས་རྟོགས་པར་འགྱུར་བས་སེམས་ཅན་གྱི་དཔུང་གཉེན་དུ་འགྱུར་རོ་ཞེས་བསྟན་པ་སྟེ། གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །གཟུགས་སོགས་ཆོས་ཐམས་ཅད་རང་བཞིན་མེད་པར་མཉམ་པར་བསྟན་པ་ནི། རབ་འབྱོར་གཟུགས་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་པའོ། །གཉིས་པ་རྩོད་པ་སྤོང་བ་ལ། དང་པོ་རྩོད་པ་འགོད་པ་ནི། གསོལ་པ་གང་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་དེ་ལྟར་ལགས་ན་ནི་ཞེས་པའི་བར་ནི་སྔ་མ་རྗེས་སུ་བརྗོད་པ་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཞལ་གྱིས་བཞེས་པའི་དོན་ནོ། །ཐལ་འགྱུར་འགོད་པ་ལ། བྱང་སེམས་ཆེན་པོ་ཞེས་པ་ནི་ཆོས་ཅན་ནོ། །འཚང་རྒྱ་བར་འགྱུར་རོ་ཞེས་པ་ནི་དམ་བཅའ་འོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་གཏན་ཚིགས་བསྟན་ཏེ། གཟུགས་ཀྱི་ཕ་རོལ་མྱང་འདས་ཀྱི་གནས་སྐབས་ན་རྣམ་པར་རྟོག་པ་གང་ཡང་མེད་པའི་ཕྱིར། ད་ལྟ་ཉིད་ནས་རྣམ་པར་རྟོག་པ་མེད་པར་འགྱུར་རོ། །དེ་ལྟར་ན་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་པའི་དོན་ནོ། །རྩོད་ཚུལ་གྱི་འགྲེས་འདི་ཡང་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །ཕ་རོལ་ལ་རྣམ་པར་རྟོག་པ་མ་མཆིས་པའི་འཐད་པ་འགོད་པ་ནི། འདི་ནི་གཟུགས་སོ་ཞེས་པ་ནས། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བགྱི་བའི་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །རབ་འབྱོར་གྱི་རྩོད་པ་སྤོང་བའི་ཚུལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་དོན་དམ་པར་གཏན་ཚིགས་ཞལ་གྱིས་བཞེས་པ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རྣམ་པར་རྟོག་པ་གང་ཡང་མེད་པའི་འགྲེས་ཀྱིས་གསུངས་སོ། །དེའི་ཡང་གཏན་ཚིགས་བསྟན་པ་ནི། འདི་ནི་གཟུགས་སོ་ཞེས་པ་ནས། གཟུགས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་བའི་རྣམ་པར་རྟོག་པ་གང་ཡང་མེད་པའོ་ཞེས་པའི་བར་གྱིས་གསུངས་སོ། །དོན་དམ་པར་མཉམ་པ་ཉིད་ཡིན་ཡང༌། ཀུན་རྫོབ་ཏུ་བྱང་ཆུབ་སེམས་དཔའ་ཕྱིས་འཚང་རྒྱ་བར་འགྱུར་བ་དང༌། གཞན་དོན་དུ་ཆོས་སྟོན་པའི་འབད་རྩོལ་གྱིས་དཀའ་བ་སྤྱོད་དགོས་པས་ན། ཁྱབ་པ་མ་ངེས་པར་བསྟན་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཞེས་པ་ནས། དཀའ་བ་སྤྱོད་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། དེ་ལྟར་ན་ཞེས་པ་ནས། འཇིག་རྟེན་གྱི་དཔུང་གཉེན་དུ་འགྱུར་བ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གླིང་གི་བྱེད་པ་ལ་ཡང་གསུམ་སྟེ། དང་པོ་གླེང་བསླང་བ་ནི། རབ་འབྱོར་ཇི་ལྟར་ན་འཇིག་རྟེན་གྱིས་གླིང་དུ་གྱུར་པ་ཡིན་ཞེས་སོགས་ཀྱིས་བསྟན་པ་དེ་ཉིད་རྒྱས་པར་བཤད་པ་ལ་གསུམ་སྟེ། སྲེད་པས་མ་གོས་པའི་གླིང་དང༌། མུན་པ་སེལ་བས་སྣང་བའི་བྱེད་པ་དང༌། མྱང་འདས་འདྲེན་པས་དེད་དཔོན་གྱི་བྱེད་པའོ། །དང་པོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་ངམ་ཞེས་པ་ནས་གླིང་ཞེས་བྱ་བ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བཤད་པ་ནི། རབ་འབྱོར་དེ་བཞིན་དུ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ་ཞེས་པའི་བར་གྱིས་གསུངས་ཏེ། ཆུས་ཡོངས་སུ་བསྐོར་བ། དབུས་ཀྱི་ཆུ་དང་བྲལ་བའི་གླིང་ལ་གླིང་ཞེས་བརྗོད་པ་ལྟར་སྔོན་གྱི་མཐའ་འཁོར་བ་དང༌། ཕྱི་མའི་མཐའ་མྱ་ངན་ལས་འདས་པའི་སྲིད་པའི་ཆུས་ཡོངས་སུ་མ་གོས་པར་བསྟན་ཏོ། །རབ་འབྱོར་སྔོན་གྱི་མཐའ་ཞེས་པ་ནས་མྱ་ངན་ལས་འདས་པ་སྟེ་ཞེས་པའི་བར་གྱིས་ནི་འཁོར་འདས་ཀྱི་སྲེད་པ་ཡོངས་སུ་ཆད་པའི་མྱ་ངན་འདས་པ་ངོས་བཟུང་བའོ། །དོན་བསྡུ་བ་ནི། རབ་འབྱོར་ཞེས་པ་ནས། གླིང་དུ་གྱུར་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །དང་པོ་ལ་གླེང་བསླང་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། སྣང་བར་གྱུར་པ་ཡིན་ཞེས་པའི་བར་རོ། །དེ་ཉིད་ཞིབ་ཏུ་བཤད་པ་ནི། རབ་འབྱོར་འདི་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། སེམས་ཅན་རྣམས་ཐོག་མ་མེད་པའི་དུས་ནས་འཁོར་བའི་མུན་ནག་ན་འཁོར་ཞིང་མ་རིག་པས་བསྒྲིབས་ཏེ། ཡང་དག་པའི་ལྟ་བ་ལ་མ་ཕྱོགས་པ་རྣམས་བྱང་སེམས་ཐབས་ལ་མཁས་པས་ཡང་དག་པའི་ལྟ་བའི་འོད་ཀྱིས་གདུལ་བྱའི་མི་ཤེས་པའི་མུན་པ་སེལ་བས་འཇིག་རྟེན་པའི་སྣང་བར་གྱུར་པ་ཡིན་ནོ་ཞེས་བསྟན་ཏོ། །ཡང་དག་པའི་ལྟ་བའི་འོད་ཀྱིས་གདུལ་བྱའི་མུན་པ་ཇི་ལྟར་སེལ་སྙམ་པའི་དོགས་པ་བསལ་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས་འོད་འབྱིན་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། འདི་ལ་འགྲེས་གཉིས་ཡོད་དོ། །གསུམ་པ་དེད་དཔོན་གྱི་བྱེད་པ་ནི། རབ་འབྱོར་ཇི་ལྟར་ཞེས་པ་ནས། དེད་དཔོན་དུ་གྱུར་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། དེད་དཔོན་གྱིས་འཁོར་རྣམས་རིན་པོ་ཆེའི་གླིང་དུ་འདྲེན་པ་བཞིན་དུ། བྱང་སེམས་ཀྱིས་ཀྱང་གདུལ་བྱ་ལ་ཐེག་པ་ཆེན་པོའི་ལམ་བསྟན་པས། འཁོར་བའི་ཉེས་པ་དང་བྲལ་བར་བྱས་ནས་མྱང་འདས་སུ་འདྲེན་པར་བྱེད་པའོ། །ཡོངས་འདྲེན་གྱི་བྱེད་པ་ལ་ཡང་དང་པོ་གླེང་བསླང་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཡོངས་སུ་འདྲེན་པར་གྱུར་པ་ཡིན་ཞེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་རྒྱས་པར་བཤད་པ་ནི། རབ་འབྱོར་འདི་ལ་ཞེས་སོགས་ཀྱིས་བསྟན་ཏེ། མ་འོངས་པ་ན་སངས་རྒྱས་པའི་དུས་སུ་གཟུགས་སོགས་སྐྱེ་བ་མེད་པའི་དོན་རྟོགས་པའི་ཆེད་དུ་ཆོས་སྟོན་པར་མཛད་པ་སྟེ། ཚོར་བའི་སྐྱེ་འགག་སོགས་མེད་པར་རྟོགས་པའི་ཆེད་དུ་ཆོས་སྟོན་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་སྦྱར་ཏེ་བཤད་དོ། །དོན་བསྡུ་བ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། ཡོངས་སུ་འདྲེན་པར་གྱུར་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྷུན་གྱིས་གྲུབ་པའི་བྱེད་པ་བསྟན་པ་ལ། དོན་བསྟན་པ་དང༌། འཐད་པ་བཤད་པ་གཉིས། དང་པོ་ལ་དྲི་བའི་ཚུལ་གྱིས་གླེང་བསླང་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་པ་ཡིན་ཞེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་རྒྱས་པར་བསྟན་པ་ནི། མ་འོངས་པ་ན་སངས་རྒྱས་པའི་དུས་སུ། གཟུགས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆོས་སྟོན་པའི་བྱེད་པ་སྟོན་པ་ཡང་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་བཤད་དེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་ནམ་མཁའ་དང་འདྲ་བའི་ཚུལ་དུ་ཆོས་སྟོན་པ་ལ་བརྟེན་ནས་རྣམ་མཁྱེན་གྱི་ལམ་ལ་འཇུག་པའི་ཕྱིར་ལམ་དུ་གྱུར་པ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །ལྷུན་གྱིས་གྲུབ་པའི་དོན་ནི། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་རྟོགས་པས་འབད་རྩོལ་གྱི་མཚན་མ་མི་དམིགས་པའི་ཕྱིར་ལྷུན་གྱིས་གྲུབ་པར་བཤད་དོ། །གཟུགས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མེད་པ་སྟེ། དེ་ནི་མི་འགྲོ་མི་འོང་ཞེས་སོགས་ཀྱིས་གསུངས་པ་ནི། ལམ་ཡོད་ན་འགྲོ་འོང་ཡོད་སྙམ་པའི་རྣམ་པར་རྟོག་པ་སེལ་བའི་ཕྱིར་དུ་གསུངས་ཏེ། འགྲོ་འོང་གི་དོན་མེད་པར་རྟོགས་པ་ཉིད་ཐེག་པ་ཆེན་པོའི་ལམ་ཡིན་པས་དེའི་ཚུལ་གྱིས་ཆོས་སྟོན་ནོ་ཞེས་བཤད་པར་བྱ་སྟེ། རྣམ་མཁྱེན་གྱི་བར་དུ་སྦྱར་ནས་བཤད་དོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས་ལམ་དུ་གྱུར་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཐད་པ་བཤད་པ་ནི། འགྲོ་འོང་མེད་པ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་བསྟན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཆོས་ཅན་འགྲོ་འོང་མེད་དེ། སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཡིན་པའི་ཕྱིར་ཏེ། སྟོང་པ་ཉིད་ཀྱི་ངང་ཚུལ་ལས་མི་འདའ་བའི་ཕྱིར། ཁྱབ་པ་མ་ངེས་པ་སྤོང་བ་ནི། དེ་ཅིའི་ཕྱིར་ཞེ་ན་སྟོང་པ་ཉིད་ལ་ནི་འགྲོ་བའམ། འོང་བ་མི་དམིགས་པའི་ཕྱིར་ཞེས་པའོ། །ལྷག་མ་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་ལ་སྦྱར་རོ། །ཐེག་པ་གསུམ་གྱི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་ལ་གསུམ་ལས། དང་པོ་བྱང་སེམས་ཀྱི་འབྲས་བུ་མངོན་དུ་མི་བྱེད་པ་ནི། སྐྱེ་འགག་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང་ཞེས་པས་བསྟན་ཏོ། །རང་རྒྱལ་གྱི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་ནི། རྨི་ལམ་དང༌། སྒྱུ་མ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། སྨིག་རྒྱུ་དང༌། ཆུ་ཟླ་དང༌། སྤྲུལ་པ་དང༌། ཀུན་ཏུ་མཐའ་ཡས་པ་དང༌། དབྱུང་བ་དང༌། མི་དབྱུང་བ་མེད་པ་དང༌། དབྲི་བསྣན་མེད་པ་དང༌། འགྲོ་འོང་མེད་པ་དང༌། བླང་དོར་མེད་པ་དང༌། ཕྲད་པ་དང་བྲལ་བ་མེད་པ་དང༌། འདྲི་བ་དང་མི་འདྲི་བ་མེད་པའི་ངང་ཚུལ་ཅན་གཏན་ཚིགས་སུ་བཀོད་ནས་འགྲོ་འོང་མེད་པར་བསྒྲུབ་པས་བསྟན་ཏོ། །ཉན་ཐོས་ཀྱི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་ནི། མུ་སྟེགས་ཅན་གྱིས་ཡོངས་སུ་བཏགས་པ་ཀུན་རྫོབ་ཙམ་དུ་ཡང་ཡོད་པ་མིན་པའི་བདག་དང༌། སེམས་ཅན་དང༌། སྲོག་དང༌། འགྲོ་བ་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་བདག་དང༌། སྤྱོད་པ་པོ་དང༌། བྱེད་པ་པོ་དང༌། བྱེད་དུ་འཇུག་པ་པོ་དང༌། སློང་བ་པོ་དང༌། ཡོངས་སུ་སློང་བ་པོ་དང༌། ཚོར་བ་པོ་དང༌། ཚོར་བར་བྱེད་པ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་མེད་པའི་ངང་ཚུལ་ཅན་གཏན་ཚིགས་སུ་བཀོད་ནས་འགྲོ་འོང་མེད་པར་བསྒྲུབ་པ་དང༌། མུ་སྟེགས་པས་བཏགས་པའི་སྡུག་པ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་སྡུག་པ་དང་ཞེས་གསུངས་ཏེ། འདིར་འགྱུར་ཅུང་ཟད་འཁྲུགས་པས་སྡུག་པའི་རྗེས་ཐོགས་སུ་སྦྱར་བར་རིགས་སོ། །དེ་ཡང་དུག་གསུམ་དང༌། ལྟ་བའི་རྣམ་པ་དང་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་ཀའི་ཐུན་མོང་ནི། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཉམ་པ་ཉིད་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། མི་གཡོ་བའི་ངང་ཚུལ་ཅན་གཏན་ཚིགས་སུ་བཀོད་ནས་འགྲོ་འོང་མེད་པར་བསྒྲུབ་པའོ། །རྟེན་གྱི་བྱེད་པ་ནི། རབ་འབྱོར་ཆོས་ཐམས་ཅད་གཟུགས་ཀྱི་ངང་ཚུལ་ཅན་ཏེ། ངང་ཚུལ་དེ་ལས་མི་འདའོ་ཞེས་པ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ངང་ཚུལ་ཅན་ཏེ། ངང་ཚུལ་དེ་ལས་མི་འདའོ་ཞེས་པའི་བར་དུ་སྦྱར་ཏེ་བཤད་པར་ཉི་ཁྲི་སྣང་བ་ལས་གསུངས་སོ། །འོན་ཀྱང་དབེན་པའི་ངོ་བོ་ཉིད་བསྟན་པའི་མཇུག་ཐོགས་སུ་གསོལ་པ། བཅོམ་ལྡན་འདས་ཞེས་པ་ནས། སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་རོ། །ཞེས་འབྱུང་བས། དེ་ཉིད་ཀྱིས་བསྟན་པར་རིགས་ཏེ། འགྲོ་འོང་མེད་པར་བསྟན་པའི་འགྲེས་ཡོངས་སུ་རྫོགས་པའི་མཇུག་ཐོགས་སུ་ཡར་དྲངས་ནས་བཤད་པར་བྱའོ། །གཉིས་པ་བྱེད་པའི་ཡུམ་ལ་མོས་པའི་ཕན་ཡོན་ནི། གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཞེས་པ་ནས། ཡུམ་ལ་མོས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ངོ་བོ་ཉིད་ཀྱི་ལེའུ་སྟེ་སུམ་ཅུ་རྩ་བདུན་པ་རྣམ་པར་བཤད་པའོ།། ༈ སུམ་ཅུ་སོ་བརྒྱད་ལ་འགག་པ་མེད་པའི་ལེའུ་བཤད་པ། ངོ་བོ་ཉིད་ཀྱི་མཚན་ཉིད་སྟོན་པ་ལ་བཅུ་དྲུག་ལས། མཁྱེན་གསུམ་གྱི་སྦྱོར་བའི་ཐུན་མོང་གི་ངོ་བོ་བདུན་དང༌། སོ་སོའི་ངོ་བོ་ཉིད་གསུམ་དང༌། ཡང་ཐུན་མོང་གི་ངོ་བོ་ཉིད་གསུམ་དང༌། ཡང་སོ་སོའི་ངོ་བོ་ཉིད་གསུམ་དུ་འཕགས་པས་བཤད་དོ། །དང་པོ་ལ་ཡང་བྲལ་བའི་ངོ་བོ་ཉིད་བཞི་དང༌། ལྡན་པའི་ངོ་བོ་ཉིད་གསུམ་ལས། དང་པོ་ལ་དྲི་བ་བཞི་འགོད་པ་ནི། གསོལ་པ་ཞེས་པ་ནས། རྣམ་པ་ཇི་ལྟ་བུ་ཞིག་ཏུ་འགྱུར་ཞེས་པའི་བར་རོ། །དེ་ལ་དྲི་བ་ནི་རིམ་པ་བཞིན། དང་པོ་ཉོན་མོངས་ཀྱི་རང་བཞིན་གྱིས་དབེན་པའི་ངོ་བོ་ཉིད་ནི། བཅོམ་ལྡན་འདས་ཞེས་པ་ནས། གཏི་མུག་རྣམ་པར་བསལ་བས་དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཉོན་མོངས་ཀྱི་རྟགས་ཀྱིས་དབེན་པ་ནི། དུས་གསུམ་གྱི་ཚུལ་གྱིས་དབེན་པའི་རང་བཞིན་གྱིས་གསུངས་སོ། །ཉོན་མོངས་ཀྱི་མཚན་མས་དབེན་པའི་ངོ་བོ་ཉིད་ནི། དུས་གསུམ་གྱི་མཚན་མས་དབེན་པའི་རང་བཞིན་དུ་འགྱུར་བས་གསུངས་སོ། །མི་མཐུན་ཕྱོགས་ཀྱི་རྟོག་པས་དབེན་པའི་ངོ་བོ་ཉིད་ནི། དུས་གསུམ་གྱི་རྣམ་པས་དབེན་པའི་རང་བཞིན་གྱིས་གསུངས་སོ། །གཉེན་པོའི་རྟོག་པས་དབེན་པ་ནི། ཉི་ཁྲི་ལ་ཡོད་ཀྱང་འདི་ལ་ཆད་པར་སྣང་ངོ༌། །བྱ་དཀའ་བའི་ངོ་བོ་ཉིད་ལ། དོན་བཀོད་པ་དང༌། འཐད་པ་བཤད་པའོ། །དང་པོ་དོན་དམ་པར་སེམས་ཅན་མ་དམིགས་ཀྱང༌། ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་དུ་གོ་ཆ་བགོ་བ་ནི། ཉན་རང་གིས་བྱ་དཀའ་བའི་སྤྱོད་པ་ཡིན་པས་བྱ་དཀའ་བ་ཞེས་བཤད་དེ། རབ་འབྱོར་གྱི་ཚིག་དང༌། བཅོམ་ལྡན་འདས་ཀྱིས་རྗེས་སུ་བརྗོད་པ་གཉིས་ཀྱིས་གསུངས་སོ། །གཉིས་པ་ནི། ཚུལ་ཇི་ལྟར་བགོ་སྙམ་ན། གཟུགས་ལ་མངོན་པར་ཞེན་པའི་ཚུལ་གྱིས་བགོ་བ་མིན་ཏེ། ཡུལ་གཟུགས་དང༌། སྤྱོད་པ་པོ་བྱང་ཆུབ་སེམས་དཔའ་དང༌། གོ་ཆ་ཡང་དམིགས་སུ་མེད་པའི་ཕྱིར། དེའི་ཕྱིར་ན་གོ་ཆ་དེ་ནི་གཟུགས་དང་འབྲེལ་བ་མ་ཡིན་ཞེས་བཤད་པར་བྱའོ། །ཤུགས་ལ་འཁོར་གསུམ་མི་དམིགས་པའི་ཚུལ་གྱིས་གོ་ཆ་བགོས་ཞེས་བསྟན་ཏོ། །ལྷག་མ་ཚོར་བ་ནས་རྒ་ཤིའི་བར་དང༌། སྤྱོད་པ་པོའི་སྐྱེས་བུའི་རྣམ་གྲངས་དང༌། རྣམ་གྲངས་ཀྱི་འགྲེས་རྣམ་མཁྱེན་གྱི་བར་དུ་བཤད་ཚུལ་དེ་བཞིན་དུ་བཤད་པར་བྱའོ། །འཐད་པ་རྒྱས་པར་བཤད་པའི་དོན་བསྡུ་བ་ནི། རབ་འབྱོར་ཞེས་པ་ནས། ཆོས་ཐམས་ཅད་དང་འབྲེལ་བ་མ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །མཐའ་གཅིག་ཏུ་ངེས་པའི་ངོ་བོ་ཉིད་ནི། སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་དོན་དུ་གོ་ཆ་བགོས་པ་ནི། ཉན་རང་གི་གོ་སྐབས་མ་མཆིས་པས་གསུངས་ཏེ། གསོལ་པ་ཞེས་པ་ནས། གནས་མ་མཆིས་སོ་ཞེས་པའི་བར་རོ། །དེ་དག་གི་འཐད་པ་བསྟན་པ་ནི། སེམས་ཅན་རིས་སུ་མ་ཕྱེ་བར་ཐམས་ཅད་ཀྱི་དོན་དུ་གོ་ཆ་བགོས་པས་གསུངས་ཏེ། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། གོ་ཆ་བགོས་སོ་ཞེས་པའི་བར་རོ། །མི་དམིགས་པའི་ངོ་བོ་ཉིད་སྟོན་པ་ལ། འཁོར་གསུམ་མི་དམིགས་པའི་སྒོམ་པ་དང༌། དངོས་པོའི་ཆོས་སྟོན་པ་དགག་པའོ། །དང་པོ་ནི། གསོལ་པ་ཞེས་པ་ནས། གང་དུ་ཡང་སྒོམ་པར་མི་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏོ། །འཐད་པ་སྟོན་པ་ལ་མདོར་བསྟན་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། མ་མཆིས་ཏེ་ཞེས་པའི་བར་གྱིས་བཤད་དོ། །རྒྱས་པར་བཤད་པ་ནི། བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་སོགས་ཀྱིས་སྟོན་པ་ལ། ནམ་མཁའ་བསྒོམ་པ་ཞེས་པ་ནི། ནམ་མཁའ་ལྟར་མཚན་མ་མེད་པར་བསྒོམ་ཞེས་པའི་དོན་ནོ། །གང་མཚན་མ་མེད་པར་བསྒོམ་ཞེ་ན། ཆོས་ཐམས་ཅད་དོ། །དེ་ཉིད་སྟོན་པ་ནི་མ་མཆིས་པར་བསྒོམ་པ་དང༌། ཡོངས་སུ་འཛིན་པ་མ་མཆིས་པའི་བསྒོམ་ཚུལ་གྱིས་བསྟན་ཏོ། །ཚུལ་དེ་ལྟར་བསྒོམ་པ་ནི། བསྒོམ་པ་རྣམ་པར་བསྒོམ་པའོ། །ཞེས་པ་འདིའི་དོན་ནོ། །ཆོས་གང་དང་གང་མཚན་མ་མཆིས་པར་བསྒོམ་པ་དྲི་བ་ནི། བཅོམ་ལྡན་འདས་ཞེས་པ་ནས། སྒོམ་པ་ཡིན་ཞེས་པའི་བར་རོ། །ལན་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་མཚན་མ་མཆིས་པའི་ཚུལ་གྱིས་བསྒོམ་ཞེས་པ་ནི། གསོལ་པ་བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་གཟུགས་རྣམ་པར་བསྒོམ་པའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་སོ། །འདིར་རྟེན་འབྲེལ་གྱི་འགྲེས་ཀྱི་མཇུག་ཐོགས་སུ་བྱེད་པའི་སྐྱེས་བུའི་འགྲེས་ཀྱང་གསུངས་སོ། །མངོན་པར་ཞེན་པ་བཀག་པའི་ངོ་བོ་ཉིད་ནི། ཞེན་པ་མེད་པས་ཕྱིར་མི་ལྡོག་པར་བརྟག་པར་བྱ་བ་དང༌། དད་པ་ཙམ་གྱིས་གཞན་གྱི་རྗེས་སུ་མི་འཇུག་པ་དང༌། གཞན་གྱིས་མི་འཕྲོགས་པས་ཕྱིར་མི་ལྡོག་པར་བཟུང་བ་དང༌། མོས་པ་བརྟན་པས་ཡུམ་ལ་མི་འབྲལ་བ་དང༌། སྔོན་གྱི་བྱེད་པས་ཡུམ་ལ་རིམ་གྱིས་འཇུག་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ལ་སོགས་པས་གསུངས་ཏེ། ཕྱིར་མི་ལྡོག་པའི་བྱང་སེམས་བརྟག་པར་བྱའོ་ཞེས་པ་ནི། ཤེར་ཕྱིན་འདིས་ཕྱིར་མི་ལྡོག་པའམ་འོན་ཏེ་མ་ཡིན་ཞེས་བརྟགས་པའོ། །མངོན་པར་ཆགས་པ་མེད་དམ་ཞེས་པ་ནི། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་མངོན་པར་ཞེན་པ་མི་བསྐྱེད་ཅིང་མི་གནས་ན་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་བརྟག་པར་བྱའོ་ཞེས་བསྟན་ཏོ། །མདོ་འདི་ལས་ནི། མངོན་པར་ཆགས་པ་མེད་དམ་ཞེས་སྔོན་ལ་སྟོན་ནས། ཕྱིར་མི་ལྡོག་པར་བརྟག་པར་བྱའོ་ཞེས་རྗེས་སུ་སྟོན་པ་ནི། མངོན་པར་ཆགས་པ་ཡོད་ན་ཕྱིར་ལྡོག་ལ། མངོན་པར་ཆགས་པ་མེད་པའི་ཕྱིར་ཕྱིར་མི་ལྡོག་པར་བྱའོ་ཞེས་པས་སྟོན་ཏེ། རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །གཉིས་པ་ནི་ཕྱིར་མི་ལྡོག་པ་ཞེས་པ་ནས། ཕ་རོལ་གྱི་དད་པས་མི་འགྲོའམ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། ཕྱིར་མི་ལྡོག་པ་ཞེས་པ་ནས། འཕྲོགས་པ་མ་ཡིན་ནམ་ཞེས་པའི་བར་གྱིས་བསྟན་ཏེ། དད་པ་ཙམ་གྱིས་རྗེས་སུ་འགྲོ་བ་དང༌། གཞན་གྱིས་འཕྲོགས་པ་ཡིན་མིན་བརྟགས་ནས། གཞན་གྱི་རྗེས་སུ་འགྲོ་བའམ་འཕྲོགས་པ་ཡིན་ན་ཕྱིར་ལྡོག་ལ། དེ་ལྟ་མ་ཡིན་ན་ཕྱིར་མི་ལྡོག་གོ་ཞེས་པའི་དོན་ནོ། །བཞི་པ་ནི། ཕྱིར་མི་ལྡོག་གོ་ཞེས་པ་ནས་བྲལ་བར་མ་གྱུར་ཏམ་ཞེས་ཡོངས་སུ་བརྟག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། བྲལ་མ་བྲལ་བརྟགས་ནས་སྔར་བཞིན་དུ་བཤད་པར་བྱའོ། །ལྔ་པ་ནི། ཕྱིར་མི་ལྡོག་སྟེ་ཞེས་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཕྱིར་ཞེས་པའི་བར་གྱིས་བསྟན་ཏེ། ད་ལྟ་ཤེར་ཕྱིན་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་ན། སྔོན་ཡང་ཤེར་ཕྱིན་ལ་ཚུལ་བཞིན་དུ་ཡིད་ལ་བྱས་པར་རིག་པར་བྱ་སྟེ། ད་ལྟ་ཡང་ཚུལ་དེ་བཞིན་དུ་ཡིད་ལ་བྱེད་པའི་ཕྱིར་ཞེས་པའི་དོན་ནོ། །གཞན་གྱིས་སྨྲས་པ་ལ་སྙིང་པོར་མི་བྱེད་པ་དང༌། ཉོན་མོངས་པས་མི་འཕྲོགས་པ་དང༌། ཕྱིན་དྲུག་དང་མ་བྲལ་བ་དང༌། ཤེར་ཕྱིན་ལ་མི་སྐྲག་པར་གོང་ནས་གོང་དུ་འཛིན་པ་སོགས་ཀྱི་ཡོན་ཏན་དང་ལྡན་ན། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་པའི་དོན་ནོ། །དམིགས་པའི་ངོ་བོ་ཉིད་བཤད་པ་ལ་གཉིས་ཏེ། དོན་དངོས་དང༌། འཐད་པ་བསྟན་པའོ། །དང་པོ་ལ་དྲི་བ་བཀོད་པ་ནི། གསོལ་པ། བཅོམ་ལྡན་འདས་ཞེས་པ་ནས། ཤེར་ཕྱིན་ཟབ་མོ་འདི་ལ་ཇི་ལྟར་བརྟག་པར་བགྱི་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ལ་མདོར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་ཡུམ་ལ་བརྟག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་རྒྱས་བཤད་ནི། གསོལ་བ། བཅོམ་ལྡན་འདས་ཞེས་པ་ནས་བརྩམས་ནས་སྤྲུལ་པ་ལ་གཞོལ་བའི་བསམ་པས་ཤེར་ཕྱིན་ཟབ་མོ་འདི་ལ་རྟོག་པར་འགྱུར་ཞེས་པའི་བར་གྱིས་གསུངས་ཏེ། མངོན་པར་རྟོགས་པའི་དུས་སུ་ལྷག་མཐོང་གི་རྟོགས་པར་བསྟན་ཏོ། །གཉིས་པ་ལ་བརྟགས་པའི་སྒོ་ནས་སྐྱོན་བརྗོད་པ་ནི། རྟོག་པར་གྱུར་ན་ཞེས་སྔ་མ་བཞིན་དུ་རྗེས་སུ་བརྗོད་དེ། གཟུགས་ལ་རྟོག་པ་ལགས་སམ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟོག་པ་ལགས་སམ་ཞེས་པའི་བར་གྱིས་རྩོད་པའོ། །ལན་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་གང་ལ་ཡང་མི་རྟོག་པར་ལན་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་སེམས་ཆེན་པོ་གཟུགས་ལ་རྟོག་པ་མ་ཡིན་ཞེས་པ་ནས། རྣམ་མཁྱེན་ལ་རྟོག་པ་མ་ཡིན་ཞེས་པའི་བར་གྱིས་གསུངས་ཏེ། ཆོས་གང་ལ་ཡང་མཚན་མར་མི་འཛིན་ཅིང་མི་ལྡོག་གོ་ཞེས་པའི་དོན་ནོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཏེ། མངོན་པར་རྟོགས་པའི་ཡུལ་ལས་འདས་པའི་ཕྱིར་ཞེས་པའི་དོན་ནོ། །དེའི་གཏན་ཚིགས་ཀྱང༌། གང་གིས་ཀྱང་མངོན་པར་རྫོགས་པར་མཚང་རྒྱ་བར་མི་ནུས་པ་སྟེ་ཞེས་བཤད་པ་སྟེ། དེ་ནི་གང་གིས་ཀྱང་རྟོགས་པར་མི་ནུས་ཞེས་པའི་དོན་ནོ། །དེ་ཉིད་རྒྱས་པར་བསྟན་པ་ནི། གཟུགས་ཀྱི་མ་ཡིན་ནོ་ཞེས་པ་ནས། རྣམ་མཁྱེན་གྱི་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་ཡང་གཏན་ཚིགས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་ཞེས་པའི་དོན་ནོ། །དེའི་གཏན་ཚིགས་བསྟན་པ་ནི། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་ཞེས་སོགས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་ཐ་མི་དད་པའི་ཕྱིར་ཞེས་པའི་དོན་ནོ། །འགག་པ་མེད་པའི་ལེའུ་སྟེ། སུམ་ཅུ་རྩ་བརྒྱད་པ་རྣམ་པར་བཤད་པའོ།། ༈ སུམ་ཅུ་རྩ་དགུ་པ་བྱང་སེམས་ཀྱི་བསླབ་པ་ལ་རྣམ་པར་བཞག་པའི་ལེའུ་བཤད་པ། འཇིག་རྟེན་དང་མི་མཐུན་པའི་ངོ་བོ་ཉིད་ལ་གསུམ་སྟེ། འཇིག་རྟེན་དང་མི་མཐུན་པའི་རང་བཞིན། ཐུན་མོང་མ་ཡིན་པའི་དོན། ཤེར་ཕྱིན་བསྒོམ་པའི་སྣོད་མ་ཡིན་པ་ངོས་བཟུང་བའོ། །དང་པོ་ནི། གོང་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རོ་གཅིག་པའི་དོན་ལྷ་རྣམས་ཀྱིས་རྟོགས་ནས། དེ་ལྟ་བུའི་ཟབ་མོ་བཤད་པ་ལ་ཡི་རང་སྟེ། བཅོམ་ལྡན་འདས་ལ་མཆོད་པ་མཛད་པ་ནི། དེ་ནས་འདོད་པ་ན་ཞེས་པ་ནས། ཕྱོགས་གཅིག་ཏུ་འཁོད་དོ་ཞེས་པའི་བར་རོ། །ཟབ་པའི་དོན་དངོས་ནི། གོང་དུ་བཅོམ་ལྡན་འདས་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་དེ་ཉིད་ནི། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་སོ། །དེ་ཉིད་རྟོགས་པར་དཀའ་བར་བསྟན་པ་ནི། ཞེས་སྟོན་པ་ནི་འདི་ལྟ་སྟེ་ཞེས་པ་ནས། ཡིད་ཆེས་པར་དཀའ་འོ་ཞེས་པའི་བར་གྱིས་གསུངས་སོ། །འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། ལྷ་རྣམས་ཀྱིས་བརྗོད་པ་དེ་ཉིད་ལ་རྗེས་སུ་ཡི་རང་བར་མཛད་ནས། དེ་དང་རྗེས་སུ་མཐུན་པར་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང༌། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་དེ་དེ་བཞིན་ནོ་ཞེས་པ་ནས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་རོ་གཅིག་པར་བསྟན་པའི་འགྲེས་གསུངས་སོ། །དེ་ཡང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རོ་གཅིག་པའི་དོན་དེ། གཞན་གྱིས་རྟོགས་པར་དཀའ་བ་ལ་དགོངས་ནས། རེ་ཞིག་ཆོས་ཀྱི་འཁོར་ལོ་མ་བསྐོར་བར་བཞུགས་ཞེས་སྟོན་པ་ནི། ལྷའི་བུ་དག་དོན་གྱི་དབང་དེ་གཟིགས་ཞེས་པ་ནས། ཚད་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་པའི་བར་གྱིས་བསྟན་ཏེ། སྔོན་གྱི་སངས་རྒྱས་རྣམས་རེ་ཞིག་ཆོས་མི་གསུངས་པར་བཞུགས་པ་སྟེ། དེའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་གསུངས་ཏེ། རྟོགས་པར་དཀའ་བ་དང༌། སྔར་ཡང་ཐུགས་སུ་མ་ཆུད། ད་ལྟ་ཡང་མི་ཆུད་པ་དང༌། ཕྱིས་ཀྱང་ཆུད་པར་མི་འགྱུར་བའི་ཕྱིར་ཞེས་པའི་དོན་ནོ། །ཟབ་པ་དེ་ཉིད་བཤད་པ་ལ་མདོར་བསྟན་པ་ནི། གང་ལ་གཉིས་སུ་ཀུན་ནས་རྒྱུ་བ་མེད་པ་དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་པ་སྟེ། རྣམ་པར་རྟོག་པའི་རྒྱུ་བ་མེད་པར་བསྟན་ཏོ། །དེ་ཉིད་ཟབ་པའི་དཔེ་དང་གཏན་ཚིགས་བསྟན་པ་ནི། ལྷའི་བུ་དག་ནམ་མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ་ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་ཟབ་པ་དང༌། བྱེད་པའི་སྐྱེས་བུ་སྦྱར་བའི་ཟབ་པ་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ་ཞེས་པས་བསྟན་ཏོ། །སྔར་ལྷ་རྣམས་ཀྱིས་བཟུང་བའི་ཕྱིར་མ་ཡིན། མི་བཟུང་བའི་ཕྱིར་མ་ཡིན་ཞེས་བཤད་པ་དེ་ཉིད་ལ་འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། བཅོམ་ལྡན་འདས་ཀྱིས་དེ་ལ་རྗེས་སུ་ཡི་རང་བར་མཛད་ནས། དེ་ཉིད་བཟླས་ཏེ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ནས། རྣམ་མཁྱེན་བཟུང་བའི་ཕྱིར་བསྟན་པ་མ་ཡིན། མི་བཟུང་བའི་ཕྱིར་བསྟན་པ་མ་ཡིན་ཞེས་པའི་བར་དུ་གསུངས་སོ། །གསུམ་པ་ཤེར་ཕྱིན་བསྒོམ་པའི་སྣོད་མ་ཡིན་པ་ངོས་བཟུང་བ་ལ། ལྷའི་བུ། གང་ཡང་གཟུགས་བཟུང་བའི་ཕྱིར་རམ། མི་བཟུང་བའི་ཕྱིར་སྤྱོད་པ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཟུང་བའི་ཕྱིར་རམ་མི་བཟུང་བའི་ཕྱིར་སྤྱོད་པ་ཞེས་པའི་བར་གྱིས་ནི་གཏན་ཚིགས་བསྟན་ཏོ། །དེ་དག་གིས་ནི་ཞེས་པ་ནི་ཆོས་ཅན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མི་ནུས་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པར་མི་ནུས་ཞེས་པའི་བར་གྱིས་ནི་བསྒྲུབ་བྱའི་ཆོས་བསྟན་ཏོ། །ཐོགས་པ་མེད་པའི་ངོ་བོ་ཉིད་ལའང་གཉིས་ཏེ། རྣམ་བྱང་གི་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པར་བསྟན་པ་དང༌། ཅི་སྙེད་པ་ལ་ཡེ་ཤེས་ཐོགས་མེད་དུ་འཇུག་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་འདི་ནི་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་སྟེ་ཞེས་སོགས་ཀྱིས་གསུངས་ཏེ། གོང་དུ་བཟུང་བ་དང་མི་བཟུང་བའི་ཕྱིར་སྤྱོད་པས་ཤེར་ཕྱིན་བསྒོམ་པར་མི་ནུས་ཞེས་དངོས་སུ་བསྟན་པ་ན། ཚུལ་ཇི་ལྟ་བུས་ཤེར་ཕྱིན་བསྒོམ་པ་ལ་འཇུག་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ། བཟུང་བ་དང་མི་བཟུང་བའི་མཐའ་གཉིས་དང་བྲལ་བར་རྟོགས་ནས་ཤེར་ཕྱིན་ལ་སྤྱོད་པ་ནི་རྣམ་པར་བྱང་བའི་ཆོས་ཐམས་ཅད་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར། དེའི་སྒོ་ནས་འཇུག་ན་ཤེར་ཕྱིན་སྒོམ་པར་འགྱུར་ཞེས་པའི་དོན་ཏེ། ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་དུ་གསུངས་སོ། །གཉིས་པ་ཇི་སྙེད་པ་ལ་འཇུག་པའི་ཡེ་ཤེས་ནི། ཆོས་གང་ལ་ཡང་ཐོགས་པ་མ་མཆིས་ཏེ་ཞེས་པའོ། །ཆོས་གང་ལ་ཐོགས་པ་མ་མཆིས་ཤེ་ན། གཟུགས་ལ་ཐོགས་པ་མ་མཆིས་པ་ནས། རྣམ་མཁྱེན་ལ་ཐོགས་པ་མ་མཆིས་པའི་བར་དང༌། ཆོས་འདི་ནི་ནམ་མཁའ་དང་ཞེས་པ་ནས། ཐོགས་པ་མ་མཆིས་པའི་མཚན་ཉིད་དོ་ཞེས་པའི་བར་གྱིས་གསུངས་སོ། །ཆོས་ཐམས་ཅད་རྟོགས་པས་ཐོགས་པ་མ་མཆིས་པར་བརྗོད་ན། ཆོས་ཐམས་ཅད་ཇི་ལྟར་རྟོགས་ཤེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་བ་མི་དམིགས་པར་རྟོགས་ཞེས་སྟོན་པ་ནི། ཆོས་འདི་ནི་གཟུགས་ཀྱི་སྐྱེ་བ་མི་དམིགས་པ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་མི་དམིགས་པའི་སླད་དུ། སྐྱེ་བ་མ་མཆིས་སོ་ཞེས་པའི་བར་གྱིས་གསུངས་སོ། །གཞི་མེད་པའི་ངོ་བོ་ཉིད་སྟོན་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པ་ཉིད་རོ་གཅིག་པས་གང་ལ་ཡང་མི་བརྟེན་པའི་ཕྱིར། རྟེན་མི་དམིགས་པའི་དོན་གྱིས་གསུངས་ཏེ། ཆོས་འདི་ནི་གཟུགས་ཀྱི་རྟེན་མི་དམིགས་པ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་མི་དམིགས་པའི་སླད་དུ་བརྟེན་པ་མི་དམིགས་པའོ་ཞེས་པའི་བར་གྱིས་གསུངས་སོ། །དོན་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རྟེན་མི་དམིགས་པས། ཤེར་ཕྱིན་གྱིས་དེ་དག་བརྟེན་པ་མི་དམིགས་པར་རྟོགས་ཞེས་པའི་དོན་ནོ། །འགྲོ་བ་མེད་པའི་ངོ་བོ་ཉིད་ལ་བཞི་སྟེ། རབ་འབྱོར་དེ་བཞིན་གཤེགས་པ་ལས་སྐྱེས་པར་བསྟན་པ་དང་ཆོས་ཐམས་ཅད་ཀྱི་ཆོས་དབྱིངས་ཐ་མི་དད་པར་བསྟན་པ་དང༌། ཆོས་སྟོན་པའི་ཆེ་བ་བརྗོད་པ་དང༌། དོན་བསྡུས་པའི་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། དྲི་བས་མདོར་བསྟན་པ་དང༌། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། གོང་དུ་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། རྟེན་མེད་པར་བཤད་པ་ལ། ལྷའི་བུ་རྣམས་ཡི་རང་བའི་བློ་སྐྱེས་ནས་གནས་བརྟན་རབ་འབྱོར་ལ་བསྟོད་པ་མཛད་པས་གསུངས་ཏེ། དེ་ནས་འདོད་པ་ན་སྤྱོད་པ་དང་ཞེས་པ་ནས། བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་པའོ་ཞེས་པའི་བར་རོ། །གཏན་ཚིགས་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། སྨོན་པ་མ་མཆིས་པ་ཉིད་ལས་བརྩམས་ཤིང་སྟོན་ནོ་ཞེས་པའི་བར་གྱིས་གསུངས་སོ། །བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་པའི་དོན་ཡང་གཉིས་ཏེ། བཅོམ་ལྡན་འདས་དང་ཆོས་ཟབ་མོ་སྟོན་པར་མཚུངས་པ་དང༌། དེ་བཞིན་ཉིད་དུ་མཚུངས་པ་ལ་རྗེས་སུ་སྐྱེས་པར་བརྗོད་པའོ། །གཏན་ཚིགས་འདི་ནི་དང་པོའི་དབང་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་ལས་བརྩམས་ཏེ་སྟོན་པ་ལྟར། རབ་འབྱོར་གྱིས་ཀྱང་དེ་ལས་བརྩམས་ནས་ཆོས་སྟོན་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་དྲིས་ལན་གྱིས་རྒྱས་པར་བཤད་པ་ལ། དང་པོ་རབ་འབྱོར་གྱིས་དྲི་བ་གླེང་བསླང་བ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ཞེ་ན་ཞེས་པའི་བར་རོ། །ལན་ལ་མ་འོངས་པ་དང་མ་སོང་བར་མཚུངས་པའི་སྒོ་ནས་རྗེས་སུ་སྐྱེས་པར་བསྟན་པ་དང༌། རྟག་ཏུ་གནས་པར་མཚུངས་པས་རྗེས་སུ་སྐྱེས་པར་བསྟན་པ་དང༌། འགྱུར་བ་མེད་ཅིང་རྟོག་པ་མེད་པའི་སྒོ་ནས་རྗེས་སུ་སྐྱེས་པར་བསྟན་པ་དང༌། གཉིས་སུ་བྱར་མེད་པ་བསྟན་པའི་སྒོ་ནས་རྗེས་སུ་སྐྱེས་པར་བསྟན་པ་དང༌། དོན་དམ་པར་སྐྱེ་བ་མེད་པར་མཚུངས་པའི་སྒོ་ནས་རྗེས་སུ་སྐྱེས་པར་བསྟན་པ་དང༌། དེ་བཞིན་གཤེགས་པ་དང་དུས་གསུམ་མཉམ་པ་ཉིད་དུ་བསྟན་པའོ། །དང་པོ་ལ་དངོས་ཀྱི་དོན་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མ་འོངས་པ་དང་མ་སོང་བ་དེ་བཞིན་དུ་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང༌། དེ་དང་རྗེས་སུ་མཐུན་པས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་སྟོན་པ་ནི། གནས་བརྟན་རབ་འབྱོར་དེ་ནི་ཞེས་པ་ནས། རྗེས་སུ་སྐྱེས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཞར་ལ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐ་མི་དད་པར་བསྟན་པ་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅེས་པ་ནས། དེ་བཞིན་ཉིད་ཀྱང་དེ་ལྟ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་བཞིན་ཉིད་དངོས་པོར་ཡོད་པ་དགག་པ་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ཡང་དེ་བཞིན་ཉིད་མིན་ནོ་ཞེས་གསུངས་ཏེ། དེ་བཞིན་ཉིད་དེ་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །གཏན་ཚིགས་བསྒྲུབ་བྱ་ལ་སྦྱོར་བ་ནི། དེ་ལྟར་ན་ཞེས་སོགས་སོ། །དུས་རྟག་ཏུ་གནས་པར་མཚུངས་པའི་སྒོ་ནས་རྗེས་སུ་སྐྱེས་པར་བསྟན་པ་ནི། དེ་བཞིན་གཤེགས་པ་ཞེས་པ་ནས། རྗེས་སུ་སྐྱེས་སོ་ཞེས་པའི་བར་རོ། །གསུམ་པ་ནི། ཇི་ལྟར་དེ་བཞིན་གཤེགས་པའི་ཞེས་སོགས་ཏེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ལ་འགྱུར་བ་མེད་ཅིང་རྟོག་པ་མེད་པ་དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དེ་བཞིན་ནོ་ཞེས་པའོ། །གཉིས་སུ་བྱར་མེད་པའི་སྒོ་ནས་རྗེས་སུ་སྐྱེས་པར་བསྟན་པ་ལ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོགས་པ་མེད་པར་མཚུངས་པའི་སྒོ་ནས་གཉིས་སུ་མེད་པར་བསྟན་པ་དང་མ་བྱས་པ་དང༌། དེ་བཞིན་ཉིད་དུ་མ་གྱུར་པ་མེད་པའི་སྒོ་ནས་གཉིས་སུ་བྱར་མེད་པར་སྟོན་པ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་ཞེས་པ་ནས། གཉིས་སུ་བྱར་མེད་པ་སྟེ་ཞེས་པའི་བར་རོ། །གཏན་ཚིགས་བསྒྲུབ་བྱ་ལ་སྦྱོར་བ་ནི། དེ་ལྟར་ན་ཞེས་པ་ནས། རྗེས་སུ་སྐྱེས་སོ་ཞེས་པའི་བར་རོ། །འགྱུར་བ་མེད་པར་མཚུངས་པ་དང༌། གཉིས་སུ་བྱར་མེད་པར་བསྟན་པའི་སྒོ་ནས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་རྒྱས་པར་བཤད་པ་ཟིན་པའི་དོན་བསྡུ་བ་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཐམས་ཅད་དུ་འགྱུར་བ་མེད་ཅིང་ཞེས་པ་ནས། རྗེས་སུ་སྐྱེས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །འདིའི་བཤད་པ་སྔ་ཕྱི་གཉིས་ལ་དོན་དང་རྒྱས་བསྡུས་ཀྱི་ཁྱད་པར་ཆེར་མི་འདུག་པས་འགྱུར་གཞན་དང་བསྲེས་ནས་རྣམ་གྲངས་སུ་སྨོས་པར་མངོན་ནོ། །དོན་དམ་པར་སྐྱེ་བ་མེད་པར་མཚུངས་པའི་སྒོ་ནས་རྗེས་སུ་སྐྱེས་པར་བསྟན་ལ། དང་པོར། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སོ་སོར་ཡོད་པ་མ་ཡིན་པ་ནི་ཇི་ལྟར་ཞེས་པ་ནས་ཀུན་ནས་ཡོད་པ་མ་ཡིན་ནོ་ཞེས་པའི་བར་རོ། །སྔར་ལྟར་ཕྱིས་ཀྱང་དེ་བཞིན་དུ་གནས་པར་བསྟན་པ་ནི། དེ་ནམ་ཡང་ཞེས་པ་ནས་དེ་བཞིན་ཉིད་དོ་ཞེས་པའི་བར་རོ། །ཐ་སྙད་དུ་རྗེས་སུ་སྐྱེས་པར་བརྗོད་ཀྱང༌། དོན་དམ་པར་གདོད་མ་ནས་ཐ་མི་དད་པར་བསྟན་པ་ནི། དེ་བཞིན་དུ་ཞེས་པ་ནས་རྗེས་སུ་སྐྱེས་པ་མེད་པ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་བསྒྲུབ་བྱ་ལ་སྦྱོར་བ་ནི། དེ་ལྟར་ཞེས་པ་ནས་རྗེས་སུ་སྐྱེས་སོ་ཞེས་བྱ་སྟེ་ཞེས་པའི་བར་རོ། །ལན་གཉིས་སྨོས་པ་ནི། ནན་ཏན་གྱི་ཚིག་གོ །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐ་མི་དད་པར་བསྟན་པ་ལ། མདོར་བསྟན་པ་ནི། འདས་པའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ་ཞེས་པ་ནས། གཉིས་སུ་བྱར་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་རབ་འབྱོར་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་དབྱེར་མེད་པའི་དོན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཅན་རེ་རེ་ལ་སྦྱར་ནས་གསུངས་སོ། །ཞར་ལ་དེ་བཞིན་གཤེགས་པའི་ངེས་ཚིག་བསྟན་པ་ནི། འདི་ནི་རབ་འབྱོར་ཞེས་པ་ནས། མིང་འཐོབ་པར་འགྱུར་བའོ་ཞེས་པའི་བར་རོ། །གསུམ་པ་ཆོས་སྟོན་པའི་ཆེ་བ་སྟོན་པ་ནི། དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ་ཞེས་པ་ནས། དབུས་དམའ་ན་ནི་མཐའ་མཐོ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་མཇུག་བསྡུ་བ་ནི། དེ་ནས་འདོད་པ་ན་སྤྱོད་པ་དང་ཞེས་པ་ནས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ངོ་མཚར་རོ་ཞེས་ཚིག་ཏུ་བརྗོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །སྐྱེ་བ་མེད་པའི་ངོ་བོ་ཉིད་ལ་གཉིས་ཏེ། སྐྱེ་བ་མེད་པ་དངོས་དང༌། དེའི་འཐད་པའོ། །དང་པོ་ནི། གོང་དུ་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་ཞེས་བཤད་པ་ལ་འཁོར་འགའ་ཞིག་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་ཡོད་པར་འདོད་པ་བསལ་བའི་དོན་དུ་རྗེས་སུ་མ་སྐྱེས་པའི་དོན། གཟུགས་སོགས་ཆོས་ཅན་རེ་རེ་ལ་སྦྱར་ནས་གསུངས་པ་སྟེ། དེ་ནས་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་གཏམ་དེ་ཉིད་ཀྱི་རྒྱུད་ནས་བཟུང་སྟེ། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། འདུས་མ་བྱས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཐམས་ཅད་མེད་ཅིང་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་བཞིན་ཉིད་མི་དམིགས་པའི་ངོ་བོ་ཉིད་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཆོས་བསྟན་པའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། ཤཱ་རིའི་བུས་བསྟན་པ་དང༌། དེ་བཞིན་གཤེགས་པས་དེ་དང་མཐུན་པར་བཀའ་སྩལ་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཀྱིས་གསུངས་སོ། །དེ་ལའང་གཉིས་ཏེ། དེ་བཞིན་ཉིད་ཟབ་པར་བསྟན་པ་དང༌། དངོས་པོར་གྲུབ་པ་དགག་པའོ། །དང་པོ་ནི། བཅོམ་ལྡན་འདས་དེ་བཞིན་ཉིད་དང་ཞེས་པ་ནས་ཟབ་པ་སྟེ་ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་ཉིད་ཅེས་པ་ནི། སྔར་ཇི་ལྟ་བ་དེ་བཞིན་དུ་ཕྱིས་ཀྱང་གནས་པའོ། །མ་ནོར་བ་ཞེས་པ་ནི་ཕྱིན་ཅི་ལོག་དང་བྲལ་བའོ། །གཞན་མ་ཡིན་པ་ནི་སྔར་ལས་གཞན་དུ་མི་འགྱུར་བའོ། །ཆོས་ཉིད་ནི་ཆོས་ཀྱི་གནས་ཚུལ་ཡིན་པས་སོ། །ཆོས་ཀྱི་དབྱིངས་ནི་འདི་ལ་དམིགས་པས་འཕགས་པའི་རྟོགས་པ་སྐྱེ་བའི་ཕྱིར་རོ། །ཆོས་ཀྱི་གནས་ནི་ཡོན་ཏན་གྱི་རྟེན་བྱེད་པས་སོ། །ཆོས་སྐྱོན་མེད་པ་ནི་འདི་ལ་དམིགས་པས་སྐྱོན་གཅོད་པའི་ཕྱིར་རོ། །ཡང་དག་པའི་མཐའ་ནི་འདི་ལས་གཞན་དུ་ཡང་དག་པ་བཙལ་དུ་མེད་པའི་ཕྱིར་རོ། །གཉིས་པ་ནི་ཆོས་ཅན་གཟུགས་མི་དམིགས་ན། །དེའི་དེ་བཞིན་ཉིད་དམིགས་པར་ག་ལ་འགྱུར་ཞེས་པ་སྟེ། རྣམ་མཁྱེན་གྱི་བར་དུ་དེ་བཞིན་དུ་སྦྱར་རོ། །གཉིས་པ་བཅོམ་ལྡན་འདས་ཀྱིས་དེ་དང་རྗེས་སུ་མཐུན་པར་བཀའ་སྩལ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཞེས་སོགས་ཏེ། འདི་ལའང་དེ་བཞིན་ཉིད་ཟབ་པར་བསྟན་པ་དང༌། དངོས་པོར་གྲུབ་པ་དགག་པའོ། །དང་པོ་ནི། དེ་དེ་བཞིན་ནོ་ཞེས་པ་ནས། ཟབ་པ་སྟེ་ཞེས་པའི་བར་རོ། །གཉིས་པ་ནི། འདི་ལ་གཟུགས་མི་དམིགས་ཞེས་སོགས་ཀྱིས་གསུངས་ཏེ། ཆོས་ཅན་གཟུགས་མི་དམིགས་ན། དེའི་དེ་བཞིན་ཉིད་དམིགས་པར་ག་ལ་འགྱུར་ཞེས་བཤད་པར་བྱ་སྟེ། རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །གཉིས་པ་ཆོས་བསྟན་པའི་འབྲས་བུ་ལའང་གཉིས་ཏེ། འབྲས་བུའི་དབྱེ་བ་དང༌། ཞར་ལ་ཡོངས་སུ་ཉམས་པའི་ཆོས་ཅན་བཤད་པའོ། །དང་པོ་ནི། ཤ་ར་དྭ་ཏིའི་བུ་དེ་བཞིན་ཉིད་དང༌། མ་ནོར་བའི་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཡོངས་སུ་ཉམས་པའི་ཆོས་ཅན་དྲུག་ཅུ། ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ཏེ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ལ་ཐབས་ཤེས་དང་བྲལ་བས་ཐེག་དམན་དུ་ལྟུང་བར་བསྟན་པ་དང༌། མ་བྲལ་ན་མི་ལྟུང་བའི་རྣམ་དབྱེ་བཞིར་བཤད་པ་དང༌། ལྟུང་བའི་དཔེ་བསྟན་པ་དང༌། དཔེ་དེས་མཚོན་པའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གིས་ནི། སངས་རྒྱས་ལྔ་བརྒྱ་བསྙེན་བཀུར་ཏེ། ཐམས་ཅད་དུའང་སྦྱིན་པ་བྱིན་ཞེས་པ་ནས་ཡང་དག་པའི་མཐའ་མངོན་དུ་བགྱིས་ཤིང་ཉན་ཐོས་དང་རང་སངས་རྒྱས་སུ་འགྱུར་ལ་ཞེས་པའི་བར་གྱིས་ནི་ཐབས་ཤེས་གཉིས་དང་བྲལ་བས་ཉན་རང་དུ་ལྟུང་བར་བསྟན་ཏོ། །འདིར་ཡང་དག་པའི་མཐའ་སྨོས་པ་ནི་དམན་པའི་མྱང་འདས་སོ། །ཐབས་དང་ཤེས་རབ་དང་མ་བྲལ་བས་མི་ལྟུང་བ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་པ་ནས། འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཐབས་ཤེས་དང་བྲལ་ན་ཉན་རང་དུ་ལྟུང་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། རང་སངས་རྒྱས་དག་ཏུ་འགྱུར་རོ་ཞེས་པའི་བར་རོ། །མ་བྲལ་ན་མི་ལྟུང་བ་ནི། ཤཱ་རིའི་བུ་ཞེས་པ་ནས་འཚང་རྒྱའོ་ཞེས་པའི་བར་རོ། །ལྟུང་བ་དང་མི་ལྟུང་བའི་རབ་དབྱེ་བཞིར་ཕྱེ་བ་བསྟན་ཟིན་ཏོ། །ལྟུང་བའི་དཔེ་བསྟན་པ་ནི། ཤཱ་རིའི་བུ་འདི་ལྟ་སྟེ་བྱ་ཞིག་ཅེས་པ་ནས། འདབ་མ་མཆིས་པ་དེ་ནི་དེ་ལྟར་འགྱུར་དུ་གདོན་མི་འཚལ་ལོ་ཞེས་པའི་བར་གྱིས་བསྟན་ཏོ། །དཔེ་དེས་མཚོན་པའི་དོན་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཞེས་པ་ནས། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་དེ་ལྟར་འགྱུར་དུ་གདོན་མི་ཟའོ་ཞེས་པའི་བར་གྱིས་བསྟན་ཏེ། ཐབས་ཤེས་དང་བྲལ་ན་སྦྱིན་སོགས་དྲུག་ལ་སྤྱོད་པ་དང༌། ཟག་མེད་ཀྱི་ཕུང་པོ་ལ་སློབ་པ་དང༌། རྣམ་ཐར་སྒོ་གསུམ་ལ་སློབ་ཀྱང་ཉན་རང་དུ་ལྟུང་ཞེས་པའི་དོན་བཤད་དེ། མཚན་ཉིད་བསྟན་ཟིན་ཏོ། །ཐར་པ་ཆ་མཐུན་སྟོན་པ་ལ། ངོ་བོའི་སྒོ་ནས་མདོར་བསྟན་པ་དང༌། རྣམ་པའི་སྒོ་ནས་རྒྱས་པར་བཤད་པ་དང༌། རྣམ་པའི་རབ་ཏུ་དབྱེ་བ་བསྟན་པའོ། །དང་པོ་ནི། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་པ་ནས། ཤེར་ཕྱིན་དང་ཐབས་མཁས་པ་དང་མ་བྲལ་ཏེ་ཞེས་པའི་བར་ཕྲེང་གཅིག་ལས་མི་སྣང་ཞིང་ཐབས་ལ་མཁས་པ་དང་མ་བྲལ་བར་ཕྱིན་དྲུག་ལ་སྤྱོད་པའི་འགྲེས་ཙམ་ལས་མི་སྣང་ལ། ཉི་ཁྲི་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་ཞིང་མཚན་མར་མི་འཛིན་ཞེས་པའི་འགྲེས་ཀྱི་བར་དུ་གསུངས་པས་རྒྱས་པ་ནི་ཆད་པར་མངོན་ནོ། །གཉིས་པ་ལ། སངས་རྒྱས་སོགས་མི་དད་པ་དང་ཞེས་པའི་དོན་སྟོན་པ་ནི། འདས་པ་དང༌། མ་བྱོན་པ་དང་ཞེས་པ་ནས་རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་བར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་པ་དེ་ལ་དུས་གསུམ་གྱི་སངས་རྒྱས་སྨོས་པས་ནི། དད་པའི་ཡུལ་སངས་རྒྱས་དཀོན་མཆོག་བསྟན་ཏོ། །དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་སོགས་དང༌། རྣམ་ཐར་སྒོ་གསུམ་སོགས་ཀྱིས་ནི་ཆོས་དཀོན་མཆོག་བསྟན་ཏོ། །ཆོས་དངོས་སུ་བསྟན་པས་རྟེན་གྱི་དགེ་འདུན་ཤུགས་ལ་འཕངས་པ་ཡིན་གྱི་དངོས་སུ་ནི་མ་ཟིན་ཏོ། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །ཞེས་པའི་དོན་ནི། གོང་གི་འཐད་པས་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་བསྟན་ཏོ། །དེ་ཡང་གོང་དུ་ཐབས་མཁས་པ་དང་མ་བྲལ་བར་སངས་རྒྱས་སོགས་ལ་དད་པ་ནི་ཉན་རང་དུ་མི་ལྟུང་སྟེ། ཅིའི་ཕྱིར་ན་སེམས་བསྐྱེད་པ་ནས་བཟུང་སྟེ་སྦྱིན་སོགས་ལ་མཚན་མར་མི་འཛིན་པའི་ཚུལ་གྱིས་སྤྱོད་པའི་ཕྱིར་ཞེས་པའི་དོན་ཏེ། འདིར་སྦྱིན་སོགས་ལ་སྤྱོད་ཚུལ་བསྟན་ནས། རྣམ་མཁྱེན་གྱི་བར་དུ་མཚན་མར་འཛིན་པའི་སྒོམ་ཚུལ་སྦྱར་ཏེ་བཤད་དོ། །བསམ་པ་ཕུན་ཚོགས་དྲན་པ་དང༌། །ཞེས་པའི་དོན་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན་ཞེས་པ་ནས། ཐེ་ཚོམ་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཐབས་ཤེས་གཉིས་གཙོ་བོ་ཡིན་པ་ལྟར་ན། ཐབས་ཤེས་གཉིས་དང་མ་བྲལ་བའི་བསམ་པ་ཕུན་སུམ་ཚོགས་པས་བྱང་ཆུབ་ཐོབ་པར་ཐེ་ཚོམ་མ་མཆིས་པའི་དོན་ནོ། །རྣམ་པར་མི་རྟོག་ཏིང་འཛིན་དང༌། །ཞེས་པའི་དོན་ནི། སྔ་མའི་འཐད་པས་གསུངས་ཏེ། ཐབས་ཤེས་གཉིས་དང་ལྡན་པའི་བསམ་པ་ཕུན་སུམ་ཚོགས་པས་སངས་རྒྱ་བ་དེ་ཅིའི་སླད་དུ་ཞེ་ན། སེམས་བསྐྱེད་པ་ནས་བཟུང་སྟེ་གང་ཟག་གང་འཚང་རྒྱ་བ་དང༌། ཐབས་གང་གིས་འཚང་རྒྱ་བ་དང༌། ཆོས་གང་འཚང་རྒྱ་བའི་གཟུགས་ནས་རྣམ་མཁྱེན་གྱི་བར་གང་ཡང་མ་མཆིས་པར་རྟོགས་པའི་ཕྱིར་ཞེས་པའི་དོན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དང་ལ་ཡང་མི་རྟོག་པའི་དོན་ནོ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ངོས་བཟུང་བ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་ཞེས་པ་ནས། ཐེ་ཚོམ་མ་མཆིས་པར་རིག་པར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏེ། ཐབས་ཤེས་དང་བྲལ་ན་རྫོགས་པའི་བྱང་ཆུབ་ལས་ལྡོག་པར་ཐེ་ཚོམ་མ་མཆིས་པའི་དོན་ནོ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་ཚུལ་དངོས་བཤད་པ་ནི། བཅོམ་ལྡན་འདས་དེ་ཅིའི་སླད་དུ་བྱང་སེམས་ཆེན་པོ་བླ་མེད་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱར་བར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏེ། ཐབས་མཁས་དང་མ་བྲལ་བར་མི་རྟོག་པའི་ཚུལ་གྱིས་ཕར་ཕྱིན་དྲུག་ནས་རྣམ་མཁྱེན་གྱི་བར་གྱི་བསྒོམ་ཚུལ་བསྟན་ཏོ། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་ཅེས་པའི་དོན་ནི། དེ་ནས་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་ཞེས་སོགས་ཀྱིས་གསུངས་ཏེ། ལྷའི་བུ་དག་གིས་བཤད་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་དང་རྗེས་སུ་མཐུན་པར་བཀའ་སྩལ་པ་དང༌། དེའི་འཐད་པ་དང་གསུམ་གྱིས་བསྟན་པའི་དང་པོ་ནི། བཅོམ་ལྡན་འདས་དེ་ལྟར་ཞེས་པ་ནས། འབྱུང་བར་དཀའ་འོ་ཞེས་པའི་བར་གྱིས་བསྟན་ཏེ། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་ཤེས་པའི་སྒོ་ནས་འཚང་རྒྱ་བར་བགྱི་ལ། དོན་དམ་པར་རྟོགས་བྱའི་རྣམ་པ་དང༌། ཐོབ་བྱེད་ཀྱི་བྱང་ཆུབ་ཀྱང་མི་དམིགས་པའི་ཕྱིར་བྱང་ཆུབ་ཐོབ་པར་དཀའ་བ་སྟེ། བྱང་ཆུབ་འཐོབ་པར་བྱར་མེད་པའི་ཚུལ་དུ་བདེན་གཉིས་ཀྱི་རྣམ་པ་ཤེས་པའི་སྒོ་ནས་ཤེས་རབ་བསྟན་པ་ཡིན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། མ་དམིགས་ཞེས་པའི་བར་རོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྣམ་པར་དག་པའི་ཕྱིར་རོ་ཞེས་པའི་བར་རོ། །གསུམ་པ་རྣམ་པའི་རབ་དབྱེ་བཤད་པ་ལ་དབྱེ་བ་དངོས་དང༌། ཞར་ལ་རྟགས་ཀྱི་དབྱེ་བ་བསྟན་པའོ། །དང་པོ་ལ་ཆེན་པོ་དང༌། འབྲིང་དང༌། ཆུང་ངུའོ། །དང་པོ་ནི། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་ཞེས་པའི་དོན་སྟོན་པ་ནི། འདི་ལ་རྟོགས་པར་སླ་བར་བསྟན་པ་དང༌། དེའི་འཐད་པ་དང༌། ཁྱབ་པ་མ་ངེས་པའི་སྐྱོན་སྤང་བ་དང༌། གཏན་ཚིགས་མ་གྲུབ་པ་སྤང་བའོ། །དང་པོ་ནི། གོང་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཏུ་འབྱུང་བར་དཀའ་བོ་ཞེས་གསུངས་པའི་དགོངས་པ་རབ་འབྱོར་རང་གིས་ཇི་ལྟར་རྟོགས་པའི་དོན་བརྗོད་པས་གསུངས་ཏེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཞེས་པ་ནས། འཚང་རྒྱ་བར་བགྱི་བའི་ཆོས་དེ་ལྟ་བུ་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བྱང་ཆུབ་ནི་འབྱུང་བར་དཀའ་འོ་ཞེས་པའི་དོན་ནི། དོན་དམ་པར་བྱང་ཆུབ་ཏུ་འབྱུང་བར་བྱར་མེད་པའི་དོན་ཏེ། བྱང་ཆུབ་ཏུ་འབྱུང་བ་མེད་པའི་དོན་རྟོགས་ན་འཚང་རྒྱ་བར་སླའོ་ཞེས་པའི་དོན་ནོ། །དོན་དམ་པར་ཡང་འཚང་རྒྱ་བར་བྱར་མེད་པའི་འཐད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། དེ་ལྟ་བུ་མ་མཆིས་སོ་ཞེས་པའི་བར་གྱིས་གསུངས་སོ། །དེའི་ཡང་གཏན་ཚིགས་བསྟན་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། སྟོང་པ་སྟེ་ཞེས་པའི་བར་རོ། །ཁྱབ་པ་མ་ངེས་པ་སྤང་བ་ནི། ཆོས་གང་འཕེལ་བར་བགྱི་བའི་སླད་དུའམ། ཡོངས་སུ་འགྲིབ་པར་བགྱི་བའི་སླད་དུ་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་སླའོ་ཞེས་པའི་བར་གྱིས་བསྟན་ཏེ། དོན་དམ་པར་སྟོང་པ་ཉིད་ཡིན་པས་གཉེན་པོ་འཕེལ་བ་དང༌། སྤང་བྱ་འགྲིབ་པའི་སླད་དུ་གང་བསླབ་པར་བྱ་བའི་སྦྱིན་པ་གཏོང་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་བསླབ་པར་བྱ་བའི་ཆོས་སྦྱིན་སོགས་དེ་དག་ཀྱང་མ་མཆིས་པའི་ཕྱིར་དང༌། མངོན་པར་འཚང་རྒྱ་བའི་གང་ཟག་དང༌། ཐབས་གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། གང་མངོན་པར་འཚང་རྒྱ་བའི་ཆོས་དེ་དག་ཀྱང་རང་བཞིན་གྱིས་སྟོང་པའི་ཕྱིར། འདི་ལྟ་བུའི་ཚུལ་རྟོགས་ན་འཚང་རྒྱ་བར་སླ་ཞེས་པ་ནི། བཅོམ་ལྡན་འདས་རྣམ་གྲངས་དེས་ན་ཞེས་པ་ནས། སླའོ་ཞེས་པའི་བར་རོ། །གཏན་ཚིགས་མ་གྲུབ་པ་སྤང་བ་ནི། གོང་དུ་ཆོས་ཐམས་ཅད་སྟོང་པ་སྟེ་ཞེས་གསུངས་པ་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ་ཞེས་སོགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །རྟུལ་པོས་རྟོགས་དཀའ་བར་བཞེད། །ཅེས་པའི་དོན་སྟོན་པ་ལ། དོན་དངོས་དང༌། འཐད་པ་དང༌། རྩོད་པ་སྤོང་བའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། འཚང་རྒྱ་བར་དཀའ་སྟེ་ཞེས་པའི་བར་གྱིས་བསྟན་ཏེ། ཐམས་ཅད་སྟོང་པ་ཉིད་ཡིན་པའི་རྣམ་གྲངས་དེས་ན། རྟོགས་པར་དཀའ་བས་འཚང་རྒྱ་བར་དཀའ་འོ་ཞེས་པའི་དོན་ནོ། །གཉིས་པ་འཐད་པ་ལ་གཉིས། ཐབས་དང་བྲལ་བ་དང༌། ཤེས་རབ་དང་བྲལ་བའོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། འཚང་རྒྱའོ་སྙམ་དུ་མི་སེམས་སོ་ཞེས་པའི་བར་ཏེ། དབང་པོ་རྟུལ་པོ་ཉན་རང་གི་རིགས་ཅན་ནི། མཐའ་གཅིག་ཏུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་ཀུན་སློང་དྲག་པོ་མེད་པའི་ཕྱིར། གཉིས་པ་ཤེས་རབ་དང་བྲལ་བ་ནི། དེ་ཅིའི་ཕྱིར་ཞེ་ན་མཚན་མ་མེད་པའི་དོན་ལ་དམིགས་མི་ནུས་ལ། ཆོས་ཐམས་ཅད་ནི་མཚན་མ་མེད་པ་ནམ་མཁའ་དང་མཉམ་པའི་ཕྱིར་ཞེས་པའི་དོན་ཏེ། དེ་ནི་འདི་ལྟ་ཞེས་པ་ནས། ཕྱིར་ཞེས་པའི་བར་གྱིས་བསྟན་ཏོ། །མཚན་མར་དམིགས་ན་འཚང་རྒྱ་བར་དཀའ་ལ་འོན་ཀྱང་མཚན་མ་མེད་པ་ནམ་མཁའ་ལྟར་བསྒོམ་ན་འཚང་རྒྱའོ་ཞེས་སྟོན་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། འཚང་རྒྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྩོད་པ་སྤང་བ་ནི། མཚན་མ་མེད་པ་ནམ་མཁའ་ལྟར་མ་བསྒོམས་ཀྱང་འཚང་རྒྱ་བར་སླའོ་ཞེ་ན། དེ་ལ་ཁས་བླངས་བརྗོད་པ་ནི། གལ་ཏེ་ཞེས་པ་ནས། མོད་ན་ནི་ཞེས་པའི་བར་རོ། །ད་ལྟའི་འབུམ་འགྱུར་ཕལ་ཆེར་ལས། མོས་པར་བྱེད་ཀྱང་ཞེས་འབྱུང་བར་སྣང་མོད་ཀྱང་གནོད་འཇོམས་ལས་མོས་པར་མི་བྱེད་ཀྱང་ཞེས་འབྱུང་བ་ཉིད་དག་པར་མངོན་ནོ། །ཐལ་བ་འགོད་པ་ནི། བྱང་ཆུབ་སེམས་དཔའ་འམ་ཞེས་པ་ནས། ལྡོག་པར་ཡང་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་ལ་ཉེ་བར་སྦྱོར་བ་ནི། ཚེ་དང་ལྡན་པ་ཞེས་པ་ནས། སླ་བ་མིན་པར་ཤེས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཐར་པ་ཆ་མཐུན་འབྲིང་སྟོན་པ་ལ་གསུམ་སྟེ། དོན་དམ་པར་ཕྱིར་ལྡོག་པ་མི་དམིགས་པ་དང༌། དེ་ལ་རྩོད་པ་འགོད་པ་དང༌། རྩོད་པ་དེ་ཉིད་ལ་སྐྱོན་སྤང་བའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། རྣམ་པ་དྲུག་གིས་སྟོན་ཏེ། གཟུགས་ཕྱིར་ལྡོག་གམ་དེ་ལས་གཞན་པ་ཞིག་ཕྱིར་ལྡོག་གམ་གཟུགས་སོགས་ཀྱི་དེ་བཞིན་ཉིད་ཕྱིར་ལྡོག་གམ། དེ་ལས་གཞན་པ་ཞིག་ཕྱིར་ལྡོག་གམ། དེ་བཞིན་ཉིད་ཀྱི་ངོ་བོ་ཕྱིར་ལྡོག་གམ། དེ་ལས་གཞན་པ་ཞིག་ཕྱིར་ལྡོག་གམ་ཞེས་པ་སྟེ། འགྲེས་དྲུག་གིས་སྟོན་ནོ། །འགྲེས་དང་པོ་ནི། གཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་གམ་ཞེས་པ་ནས་རྣམ་མཁྱེན་གྱི་བར་དུ་གསུངས་སོ། །འགྲེས་གཉིས་པ་ནི། གཟུགས་ལས་གུད་ན་ཡང་ཞེས་པ་ནས། རྣམ་མཁྱེན་གྱི་བར་དུ་གསུངས་སོ། །འགྲེས་གསུམ་པ་ནི། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཞེས་པ་ནས། རྣམ་མཁྱེན་གྱི་བར་དུ་གསུངས་སོ། །འགྲེས་ལྔ་པ་ནི། དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་རྣམ་གྲངས་བརྒྱད་སྨྲོས་ནས། དེ་ཕྱིར་མི་ལྡོག་པའི་འགྲེས་ཀྱིས་གསུངས་སོ། །འགྲེས་དྲུག་པ་ནི། དེ་དག་ལས་གཞན་པ་ཕྱིར་མི་ལྡོག་པའི་འགྲེས་ཀྱིས་གསུངས་སོ། །གཉིས་པ་དོན་བསྡུ་བ་ནི། སྨྲས་པ་དེ་ལྟར་ཞེས་པ་ནས། གང་ཞིག་ཡོད་དམ་ཞེས་པའི་བར་གྱིས་བསྟན་ཏེ། དོན་དམ་པའི་བདེན་པའི་ཚུལ་དུ་གོང་དུ་བསྟན་པའི་གཟུགས་སོགས་ཀྱི་ཆོས་དེ་དག་མི་དམིགས་ན་ཕྱིར་ལྡོག་པའི་ཆོས་གང་ཞིག་ཡོད་དེ་མེད་ཅེས་པའོ། །གཉིས་པ་རྩོད་པ་འགོད་པ་ནི། གནས་བརྟན་རབ་འབྱོར་གྱིས་ཞེས་པ་ནས། སངས་རྒྱས་ཀྱི་ཐེག་པ་བ་གཅིག་ཏུ་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། ཕྱིར་ལྡོག་པ་མེད་པའི་ཆོས་ཀྱི་ཚུལ་དང༌། གཟུགས་སོགས་དང་དེ་དག་ལས་གཞན་པ་ལྡོག་པ་མེད་པའི་རྣམ་པ་དེས་བསྟན་པ་ལྟར་ན། བྱང་སེམས་གང་ཡང་ལྡོག་པ་མེད་པར་འགྱུར་རོ། །ལྡོག་པ་མེད་པ་དེ་ལྟར་འདོད་ན། ཉན་རང་གི་རིགས་ཅན་དང༌། ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་གསུམ་པོ་དེ་དག་གི་བྱང་ཆུབ་གསུམ་རྣམ་པར་གཞག་པ་མེད་པར་འགྱུར་རོ། །དེ་ལྟར་འདོད་ན་ཉན་རང་གི་རིགས་ཅན་གྱི་ཐེག་པ་བ་མེད་པར། སངས་རྒྱས་ཀྱི་རིགས་ཅན་གྱི་ཐེག་པ་བ་གཅིག་པུར་འགྱུར་རོ་ཞེས་པའོ། །གསུམ་པ་རྩོད་པ་སྤང་བ་ལའང་གསུམ་སྟེ། བྱམས་གང་གི་ཚིག་གིས་ཤཱ་རིའི་བུ་ལ་དྲི་བར་བསྐུལ་བ་དང༌། དྲི་བ་བཀོད་པ་དངོས་དང༌། དོན་སྤོང་བའི་དྲི་བ་སྔོན་དུ་བཏང་བའི་ལན་ནོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས་ཞེས་པ་ནས། དྲི་དགོས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བྱམས་གང་གི་ཚིག་གིས་ཤཱ་རིའི་བུ་ལ་བསྐུལ་ནས། རབ་འབྱོར་གྱིས་སངས་རྒྱས་ཀྱི་ཐེག་པ་གཅིག་ཀྱང་འདོད་མི་འདོད་དྲི་དགོས་སོ་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་ནས་ཚེ་དང་ལྡན་པ་ཞེས་པ་ནས། འདོད་དམ་ཞེས་པའི་བར་གྱིས་བསྟན་ཏེ། བྱམས་གང་གི་ཚིག་གིས་བསྐུལ་བ་ལྟར། ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །གསུམ་པ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་ལ་སངས་རྒྱས་ཀྱི་ཐེག་པ་པའོ་ཞེས་བྱ་བར་སེམས་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། རབ་འབྱོར་གྱི་ཚིག་གིས་དོན་དམ་པར་དེ་བཞིན་ཉིད་དུ་རོ་གཅིག་པ་ལ་ཐེག་པ་གསུམ་ལ་སོགས་པ་དགག་པའི་དྲི་ཚིག་དང༌། ཤཱ་རིའི་བུས་དགག་པ་ཁས་བླངས་པའི་ལན་གསུངས་པ་ཡིན་པས་དོན་དམ་པར་དེ་བཞིན་ཉིད་དུ་རོ་གཅིག་པ་ལ་ཚིག་དེ་ལྟ་བུའི་དབྱེ་བ་མེད་དེ་ཞེས་པའི་དོན་དང༌། རབ་འབྱོར་གྱིས་དོན་དམ་པར་དེ་དག་མི་དམིགས་ན་རྒྱུ་ཅི་ལས་ཐེག་པ་གསུམ་དུ་འགྱུར་ཞེས་དགག་པ་སྨྲས་པའོ། །ཐར་པ་ཆ་མཐུན་གྱི་རྟགས་བསྟན་པ་ལ། རབ་འབྱོར་གྱི་ཚིག་གིས་བསྟན་པ་དང༌། བཅོམ་ལྡན་འདས་ཀྱི་གསུངས་ཀྱིས་བཀའ་སྩལ་པའོ། །དང་པོ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་བྱེ་བྲག་མེད་པར་བསྟན་པ་ལ། སྐྲག་དངངས་མེད་ན། བླ་མེད་བྱང་ཆུབ་ཏུ་འགྱུར་བའི་རྟགས་ཡིན་ནོ་ཞེས་བསྟན་པའོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། འབྱུང་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ། ཟབ་མོའི་དོན་ལ་ཐེ་ཚོམ་མེད་པ་བྱང་ཆུབ་ཏུ་འབྱུང་བར་བསྟན་པ་ལ་བསྟོད་ནས། རབ་འབྱོར་གྱིས་སྨྲས་པ་དང་རྗེས་སུ་མཐུན་པར་བཀའ་སྩལ་པའོ། །བྱང་ཆུབ་ཏུ་འབྱུང་བར་འགྱུར་ཞེས་བཀའ་སྩལ་ན། བྱང་ཆུབ་གསུམ་གང་གིས་ངེས་པར་འབྱུང་ཞེས་དྲིས་པ་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། གང་གིས་འབྱུང་བར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་གསུམ་ལས་བླ་མེད་བྱང་ཆུབ་ཀྱིས་ངེས་པར་འབྱུང་ཞེས་ལན་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། འབྱུང་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཐར་པ་ཆ་མཐུན་བསྟན་ཟིན་ཏོ། །ངེས་འབྱེད་ཆ་མཐུན་བསྟན་པ་ལ། མཚམས་སྦྱར་བ་ནི། བྱང་ཆུབ་ཏུ་འབྱུང་བར་འགྱུར་ཞེས་བསྟན་པ་ན། བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པའི་འཁོར་རྣམས་ཀྱི་དོན་དུ་བསྒྲུབ་པ་ལ་ཇི་ལྟར་གནས་པར་བགྱི་ཞེས་ཞུས་པ་ནས། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། གནས་པར་བགྱི་ཞེས་པའི་བར་རོ། །ངེས་འབྱེད་ཆ་མཐུན་གྱི་རྣམ་པ་དངོས་སྟོན་པ་ལ་གཉིས་ཏེ། བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པའོ། །དང་པོ་ནི་དྲོད་ཀྱི་རྣམ་པ་བཤད་པས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ་ཞེས་པ་ནས། རུས་གཅིག་པའི་སེམས་ཀྱིས་དམིགས་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །དེ་ལ་དྲོད་ཆུང་ངུ་ལ་རྣམ་པ་གཉིས། འབྲིང་པོ་ལ་གསུམ། ཆེན་པོ་ལ་ལྔའོ། །གཉིས་པ་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་པ་ལ་ཡང་གཉིས་ཏེ། སྦྱོར་བ་ཕུན་སུམ་ཚོགས་པ་དངོས་དང༌། དེའི་འབྲས་བུ་བསྟན་པའོ། །དང་པོ་ལ་རྩེ་མོ་དང༌། བཟོད་པ་དང༌། ཆོས་མཆོག་གི་རྣམ་པ་གསུམ་ལས། དང་པོ་རྩེ་མོ་སྟོན་པ་ལ་ཡང་རྣམ་པ་གསུམ་སྟེ། དང་པོ་ཆུང་ངུའི་རྣམ་པ་ལ། བསོད་ནམས་ཀྱི་ལས་མི་དགེ་བ་བཅུ་སྤང་བ་དང༌། མི་གཡོ་བའི་ལས་བསམ་གཏན་སོགས་ལ་འཇུག་པའོ། །དང་པོ་ནི། བདག་གིས་ཀྱང་སྲོག་གཅོད་པ་སྤང་བར་བྱ་ཞེས་པ་ནས། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ་ཞེས་པའི་བར་དུ་གསུངས་སོ། །དེ་དག་ཐམས་ཅད་ལ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་དགོས་པར་བསྟན་པ་ནི། དེ་ལྟར་ན་ཞེས་པ་ནས། མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། གཞན་གང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྩེ་མོ་འབྲིང་ནི། བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་པ་ནས། མཐུན་པས་དགའ་བར་བྱས་ཏེ་ཞེས་པའི་བར་གྱིས་གསུངས་སོ། །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་དགོས་པ་ནི། དེ་ལྟར་ན་ཞེས་པ་ནས། གནས་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །རྩེ་མོ་ཆེན་པོ་ལ་བཞི་སྟེ། དངོས་འཛིན་སྤོང་བ་ལ་སྦྱོར་བ་དང༌། ཐུན་མོང་བའི་ལམ་ལ་སྦྱོར་བ་དང༌། ཐུན་མོང་མ་ཡིན་པ་ལ་སྦྱོར་བ་དང༌། རྟེན་འབྲེལ་གྱི་ལམ་ལ་སྦྱོར་བའོ། །དང་པོ་ནི། བདག་གིས་ཀྱང་ནང་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱ་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། བདག་གིས་ཀྱང་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པར་བྱའོ་ཞེས་པ་ནས། གཟུངས་ཀྱི་སྒོ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཕྱོགས་སོ་བདུན། འཕགས་པའི་བདེན་པ་བཞི། བསམ་གཏན་བཞི། ཚད་མེད་པ་བཞི། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི། རྣམ་པར་ཐར་པ་བརྒྱད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ། རྣམ་ཐར་སྒོ་གསུམ། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་ལ་གནས་ནས་གཞན་དེ་ལ་འགོད་པའོ་ཞེས་པས་བསྟན་ཏོ། །གསུམ་པ་ནི། བདག་གིས་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་རྫོགས་པར་བྱ་ཞེས་པ་ནས། མ་འདྲེས་པ་ལ་འགོད་པའི་བར་གྱིས་གསུངས་སོ། །བཞི་པ་ནི། བདག་གིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་ནས། མཐུན་པས་དགའ་བར་བྱ་སྟེ་ཞེས་པའི་བར་གྱིས་གསུངས་སོ། །མི་དམིགས་པའི་ཤེས་རབ་ཀྱིས་ཟིན་དགོས་པ་ནི། དེ་ལྟར་ཞེས་པ་ནས། གནས་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །བཟོད་པ་ཆུང་ངུ་ནི། བདག་གིས་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ་ཞེས་པ་ནས། དགའ་བར་བྱའོ་ཞེས་པའི་བར་གྱིས་གསུངས་ཏེ། བདེན་བཞི་ཡོངས་སུ་ཤེས་པས་གསུངས་སོ། བཟོད་པ་འབྲིང་ནི། བདག་གིས་ཀྱང་རྒྱུན་དུ་ཞུགས་པ་ཞེས་སོགས་ནས། ཡང་དག་པའི་མཐའ་མངོན་དུ་མི་བྱ་ཞེས་པའི་བར་གྱིས་གསུངས་སོ། །ཚིག་ནི་མཐུན་པས་དགའ་བར་བྱ་ཞེས་པ་མན་ཆད་དོ། །བཟོད་པ་ཆེན་པོ་ནི། བདག་གིས་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱ་ཞེས་པ་ནས། མཐུན་པས་དགའ་བར་བྱ་སྟེ་ཞེས་པའི་བར་རོ། །མི་དམིགས་པའི་ཤེས་རབ་ཀྱི་ཟིན་དགོས་པ་ནི། དེ་ལྟར་ཞེས་པ་ནས། གནས་པར་བྱའོ་ཞེས་པའི་བར་རོ། །ཆོས་མཆོག་ཆུང་ངུའི་རྣམ་པ་ནི། སེམས་ཅན་ཡོངས་སུ་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པས་གསུངས་སོ། །འབྲིང་པོ་ནི། བྱང་སེམས་ཀྱི་མངོན་ཤེས་བསྐྱེད་པ་ལ་འགོད་པ་སོགས་ཀྱིས་གསུངས་སོ། །ཆོས་མཆོག་ཆེན་པོ་ནི། བདག་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པར་བྱ་ཞེས་པ་ནས། དམ་པའི་ཆོས་གནས་པ་ཡོངས་སུ་འཛིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་ཞེས་པའི་བར་གྱིས་བསྟན་ཏོ། །མི་དམིགས་པའི་ཤེས་རབ་ཀྱིས་ཟིན་དགོས་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། གནས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། དེ་ལྟར་ཞེས་པ་ནས། ཐབས་ལ་མཁས་པ་བསླབ་པར་བྱའོ་ཞེས་པའི་བར་རོ། །སྦྱོར་བའི་འབྲས་བུ་སྟོན་པ་ལ་གཉིས་ཏེ། སྒྲིབ་པ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་དང༌། ཆོས་སྟོན་པའི་འབྲས་བུའོ། །དང་པོ་ནི། དེ་ལྟར་སློབ་ཅིང་དེ་ལྟར་གནས་པས་དེའི་གཟུགས་སྒྲིབ་པ་མེད་པར་འགྱུར་རོ་ཞེས་སོགས་ཀྱིས་གསུངས་ཏེ། བསམ་སྦྱོར་ཕུན་སུམ་ཚོགས་པ་དེ་ལ་གོང་དུ་བསྟན་པ་དེ་ལྟར་སློབ་ཅིང༌། སློབ་པ་དེ་ཕྱིས་ཀྱང་དེ་ལྟར་དུ་གནས་པས་གཟུགས་རང་བཞིན་མཐོང་བ་ལ་སྒྲིབ་པ་མེད་པར་འགྱུར་རོ་ཞེས་བཤད་པར་བྱའོ། །དེ་བཞིན་དུ་ཚོར་བ་ནས་རྣམ་མཁྱེན་གྱི་བར་དང༌། བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་དང༌། ཚེ་ཕུན་སུམ་ཚོགས་པ་དང༌། དམ་པའི་ཆོས་གནས་པ་དང༌། སྒྲིབ་པ་མེད་པར་འགྱུར་བའི་བར་དུ་གསུངས་སོ། །གཉིས་པ་ཡོངས་སུ་འཛིན་པ་མེད་པ་ལ་གཉིས་ཏེ། དོན་འགོད་པ་དང༌། འཐད་པ་བཤད་པའོ། །དང་པོ་ནི་སྔ་མའི་འཐད་པས་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྔོན་གྱི་མཐའ་ནས་གཟུགས་ཡོངས་སུ་མ་བཟུང་ཞེས་སོགས་ཀྱིས་བསྟན་པ་ནི། གཟུགས་ཀྱི་རང་བཞིན་མཐོང་བ་ལ་སྒྲིབ་པ་མེད་པ་ཡིན་ཏེ། གཟུགས་ཀྱི་གནས་ཚུལ་མཐོང་བས་གཟུགས་བདེན་པར་ཡོངས་སུ་མ་བཟུང་བའི་ཕྱིར་ཞེས་སྟོན་ཏེ། ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །དེའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ཡོངས་སུ་བཟུང་དུ་མེད་པ་གང་ཡིན་པ་དེ་ནི་གཟུགས་མིན་ཞེས་སོགས་ཀྱིས་བསྟན་ཏེ། གཟུགས་ཡོངས་སུ་བཟུང་དུ་མེད་པའི་ཚུལ་གྱིས་རྟོགས་པ་འཕེལ་བ་གང་ཡིན་པ་དེ་ནི་གཟུགས་ཡོངས་སུ་འཛིན་པ་མ་ཡིན་པའི་ཕྱིར་ཞེས་པ་སྟེ། ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱོར་རོ། །གསུམ་པ་ཆོས་སྟོན་པའི་འབྲས་བུ་ནི། བྱང་ཆུབ་སེམས་དཔའི་གནས་འདི་བཤད་པའི་ཚེ། བྱང་ཆུབ་སེམས་དཔའ་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་སེམས་ཀྱི་བསླབ་པ་ལ་རྣམ་པར་བཞག་པའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པ་རྣམ་པར་བཤད་པའོ།། ༈ བཞི་བཅུ་ཐམ་པ་རྟགས་ཀྱི་ལེའུ་བཤད་པ། རྟེན་ཕར་མི་ལྡོག་པའི་དགེ་འདུན་བསྟན་པ་ལ། ངོ་བོ་ངོས་བཟུང་བ་དང༌། རྟགས་གཏན་ལ་དབབ་པའོ། །དང་པོ་ལ་དྲི་བ་འགོད་པ་ནི། གོང་དུ་གཟུགས་ཕྱིར་ལྡོག་གམ་ཚོར་བ་ཕྱིར་ལྡོག་གམ་ཞེས་སོགས་ཀྱི་ཚིག་གིས་ཕྱིར་མི་ལྡོག་པར་བསྟན་པ་ན། རྣམ་པ་དང་ཚུལ་དང༌། མཚན་མ་གང་ལས་ཕྱིར་མི་ལྡོག་པར་རིག་པར་བགྱི་ཞེས་དྲིས་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྱིར་མི་ལྡོག་པའོ་ཞེས་བགྱི་བར་འཚལ་བར་བགྱི་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། སོ་སོ་སྐྱེ་བོའི་ས་ནས། དེ་བཞིན་གཤེགས་པའི་བར་གྱི་ས་བཤད་པ་ཐམས་ཅད། དེ་བཞིན་ཉིད་དུ་རོ་གཅིག་པས་རྣམ་པ་དང་ཚུལ་དང༌། མཚན་མ་ཐ་དད་དུ་བྱར་མེད་ལ། བྱར་མེད་པའི་དོན་ཐོས་ནས་ཐེ་ཚོམ་མི་ཟ་བར་ཁོང་དུ་ཆུད་པ་ཉིད་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་སྐད་ཅེས་གསོལ་པ་དང་ཞེས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་གཏན་ལ་དབབ་པ་ལ། དོན་དམ་པར་རྟགས་མེད་པར་ཁོང་དུ་ཆུད་པ་ཉིད་རྟགས་སུ་བསྟན་པ་དང༌། ཀུན་རྫོབ་ཀྱི་རང་བཞིན་བསྟན་པའོ། །དང་པོ་ནི། རྣམ་པ་དང༌། ཚུལ་དང༌། མཚན་མ་དེ་དག་དང་ལྡན་པ་ཕྱིར་མི་ལྡོག་ཅེས་བསྟན་པ་ན། རྣམ་པ་སོགས་ཚུལ་ཅི་ལྟ་བུ་དང་ལྡན་པ་ཕྱིར་མི་ལྡོག་ཅེས་དྲིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། རིག་པར་བགྱི་ཞེས་པའི་བར་རོ། །དོན་དམ་པར་རྣམ་པ་དང༌། ཚུལ་དང༌། མཚན་མ་མེད་པར་ཁོང་དུ་ཆུད་པ་ཉིད་ཀྱིས་ཕྱིར་མི་ལྡོག་ཅེས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མཚན་མ་མེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཀུན་རྫོབ་ཏུ་རྟགས་ཀྱི་རང་བཞིན་གཏན་ལ་དབབ་པ་ལ་དྲི་བ་ནི། དོན་དམ་པར་རྣམ་པ་སོགས་མ་མཆིས་ན་མི་མཐུན་ཕྱོགས་གང་ལས་ལྡོག་པའི་དོན་དུ་ཕྱིར་མི་ལྡོག་ཅེས་དྲིས་པ་སྟེ། ཆོས་ཐམས་ཅད་རྣམ་པ་མ་མཆིས་ཞེས་པ་ནས། ཕྱིར་མི་ལྡོག་པ་ཞེས་བསྟན་པ་ལགས་ཞེས་པའི་བར་ཏེ། དོན་དམ་པར་རྣམ་པ་མེད་ཅིང་མཚན་མ་མེད་ན་ཇི་ལྟར་ཕྱིར་མི་ལྡོག་པའི་མཚན་མ་དང་ཞེས་བཤད་པའི་ཐ་ཚིག་གོ །གཉིས་པ་ལན་ལ་བཅོམ་ལྡན་འདས་ཀྱིས་ཕྱིར་མི་ལྡོག་པའི་རྟགས་སུམ་ཅུ་སོ་དྲུག་བསྟན་ཏེ། དེ་ལ་དང་པོ་སྦྱོར་ལམ་པའི་རྟགས་ཉི་ཤུ་བསྟན་པ་ལ། གཟུགས་སོགས་སུ་འདུ་ཤེས་ལྡོག་པའི་རྟགས་སྟོན་པ་ནི། གཟུགས་ངོ་བོ་ཉིད་མེད་པར་རྟོགས་པས་གཟུགས་སུ་བདེན་པར་ཞེན་པ་ལས་ཕྱིར་ལྡོག་པ་དང༌། ཚོར་བ་ནས་བླ་མེད་རྫོགས་པའི་བྱང་ཆུབ་ལ་བདེན་པར་ཞེན་པ་ལས་ཕྱིར་ལྡོག་པའི་བར་དུ་གསུངས་སོ། །བསྒྲུབ་བྱ་དང་སྦྱོར་བ་ནི། དེ་ལ་རབ་འབྱོར་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །འཐད་པ་ནི། གཟུགས་སོགས་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པའི་ཕྱིར་ཞེས་པ་སྟེ། གཟུགས་ནས་རྣམ་མཁྱེན་ངོ་བོ་ཉིད་མེད་པའི་བར་དུ་གསུངས་སོ། །ཐེ་ཚོམ་ཟད་པའི་རྟགས་ནི། དགེ་སྦྱོང་དང་བྲམ་ཟེ་ལ་ཡོན་ཏན་ཡོད་པར་འཛིན་པའི་ཚུལ་གྱིས་མི་ལྟ་བར་ཕྱིར་མི་ལྡོག་པར་གསུངས་ཏེ། རབ་འབྱོར་གཞན་ཡང་ཞེས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །མི་དལ་བ་ཟད་པ་ནི། མི་ཁོམ་པའི་གནས་སུ་མི་སྐྱེ་བར་གསུངས་ཏེ། རབ་འབྱོར་གཞན་ཡང་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བདག་ཉིད་དགེ་བ་ལ་གནས་ཤིང་གཞན་དག་དེ་ལ་འགོད་པ་དང་ཞེས་པའི་དོན་བསྟན་པ་ནི། བདག་ཉིད་དགེ་བ་བཅུའི་ལམ་བཟུང་ནས་གཞན་ཡང་སྲོག་གཅོད་པ་སྤོང་བ་སོགས་ལ་བསྐུལ་བའི་དོན་གྱིས་གསུངས་ཏེ། རབ་འབྱོར་གཞན་ཡང་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །ཞེས་པའི་དོན་སྟོན་པ་ནི། ཕྱིན་དྲུག་བསྒོམ་ཞིང་མདོ་སྡེ་དབྱངས་བསྙད་སོགས་ཀྱི་སྦྱིན་པས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་པ་དང༌། དགེ་བ་བྱང་ཆུབ་ཏུ་བསྔོ་བས་གསུངས་སོ། །ཟབ་མོའི་དོན་ལ་སོམ་ཉི་མེད་པར་སྟོན་པ་ནི་ཆོས་ཟབ་མོའི་དོན་ལ་སོམ་ཉི་མེད་པར་བསྟན་པས་གསུངས་ཏེ། གང་ལ་ཐེ་ཚོམ་ཟ་བའི་ཡུལ་གཟུགས་ནས་རྣམ་མཁྱེན་གྱི་བར་རྗེས་སུ་མ་མཐོང་བས་གསུངས་སོ། །བྱམས་ལུས་སོགས་ཞེས་པའི་དོན་ནི། ལུས་ངག་ཡིད་གསུམ་བྱམས་པ་དང་ལྡན་པའི་དོན་གྱིས་གསུངས་སོ། །སྒྲིབ་པ་ནི་རྣམ་པ་ལྔ་དང་མི་འགྲོགས་ཞེས་པའི་དོན་ནི། འདོད་པ་ལ་མོས་པ་དང་ཞེས་སོགས་སོ། །བག་ལ་ཉལ་ཀུན་འཇོམས་པའི་དོན་ནི། བག་ལ་ཉལ་ཐམས་ཅད་དུ་མེད་ཅེས་པའི་དོན་གྱིས་གསུངས་སོ། །དྲན་པ་དང་ཤེས་བཞིན་དང་ལྡན་པ་ནི། འགྲོ་འོང་ལ་ནོར་བའི་སེམས་ཀྱིས་མི་འགྲོ་བ་སོགས་ཀྱིས་གསུངས་སོ། །གོས་ལ་སོགས་པ་གཙང་བ་ནི། གོས་ཀྱི་ཚོགས་ལ་སྨད་དུ་མེད་པ་སོགས་ཀྱི་དོན་གྱིས་གསུངས་སོ། །ལུས་ལ་སྲིན་བུ་རྣམས་མི་འབྱུང་ཞེས་པའི་དོན་ནི། ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་མི་འབྱུང་བའི་དོན་གྱིས་གསུངས་སོ། །གྱ་གྱུ་མེད་པའི་སེམས་ཞེས་པའི་དོན་ནི། ལུས་ངག་ཡིད་གསུམ་དག་པར་འཛིན་པ་དང༌། དེའི་དོན་དྲི་བ་དང༌། ལན་གསུངས་པ་དང་གསུམ་གྱིས་བསྟན་ཏོ། །སྦྱངས་པའི་ཡོན་ཏན་ལེན་པ་ནི། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་ལྷུར་ལེན་པ་མིན་ཞེས་སོགས་ཀྱིས་དོན་གྱིས་གསུངས་སོ། །སེར་སྣ་མེད་སོགས་ཀྱི་དོན་ནི། སེར་སྣའི་སེམས་དང༌། ཚུལ་ཁྲིམས་ངན་པ་སོགས་ཀྱི་སེམས་སྐྱེ་བ་མེད་པས་གསུངས་སོ། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །ཞེས་སོགས་ཀྱི་དོན་ནི། བདུད་སྡིག་ཏོ་ཅན་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་མངོན་པར་སྤྲུལ་ནས་ཞེས་སོགས་ཀྱིས་གསུངས་སོ། །གཞན་གྱིས་བཀྲི་བར་མི་བཏུབ་པ་ནི། བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ཏེ། འདི་སྐད་དུ་གང་ཁྱོད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ་ཞེས་པ་ནས། རྣམ་མཁྱེན་གྱི་བར་ཡོངས་སུ་སྦྱང་བར་བྱ་ཞེས་པའི་བསམ་པ་ཐོང་ཅིག ཁྱོད་ཀྱིས་ཐོས་པ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་སོགས་ཀྱི་སྒོ་ནས་བསླུ་ཚིག་ཟེར་བ་ལ་ཐེ་ཚོམ་མི་སྐྱེ་བ་དང༌། ཡང་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རང་གིས་ཁོང་དུ་ཆུད་པས་གཞན་དྲིང་མི་འཇོག་པ་དང༌། བདུད་ཀྱིས་བསླུ་མི་ཚུགས་པའི་འཐད་པ་དག་གིས་བསྟན་ཏེ། འཐད་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཅན་དང༌། ཆོས་ཉིད་གང་ཡང་རྗེས་སུ་མི་མཐོང་བས་གསུངས་སོ། །ལམ་གཞན་ཉེ་བར་སྟོན་འདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །ཞེས་པའི་དོན་སྟོན་པ་ནི། བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ནས། འདི་སྐད་དུ་འདི་ནི་འཁོར་བའི་སྤྱོད་པ་སྟོན་པ་ཡིན་ཏེ་ཞེས་སོགས་ཀྱི་གསུངས་པའི་དོན། ལམ་གྱི་གཟུགས་བརྙན་སྟོན་པ་ལ་འདི་ནི་བདུད་ཡིན་ནོ་ཞེས་ཁོང་དུ་ཆུད་པས་སེམས་ཅན་སྐྱོབ་པའི་སེམས་ཡོངས་སུ་མི་གཏོང་བའི་དོན་ནོ། །སངས་རྒྱས་དགྱེས་པའི་སྤྱོད་པ་ནི། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། འདི་སྐད་དུ་གལ་ཏེ་དེ་བཞིན་གཤེགས་པས་ཇི་སྐད་དུ་བསྟན་པ་དེ་ལྟར་བསླབ་པས་སྤྱོད་པ་དེ་དག་དང་མ་བྲལ་ཞིང་ཞེས་པ་ལ་སོགས་པས་གསུངས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། རྣམ་མཁྱེན་གྱི་བར་ལ་ཡོངས་སུ་མི་ཉམས་པའི་བསམ་པ་དང་ལྡན་པའི་དོན་གྱིས་གསུངས་སོ། །སྦྱོར་ལམ་ལ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་བསྟན་ཟིན་ཏོ། །མཐོང་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་བཅུ་དྲུག་སྟོན་པ་ལ། དང་པོ་དྲི་བ་འགོད་པ་ནི། འདི་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། ཕྱིར་མི་ལྡོག་པ་ཞེས་བགྱི་བ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་དངོས་ལ་བཅུ་དྲུག་ལས། གཟུགས་སོགས་འདུ་ཤེས་ལྡོག་པའི་དོན་ནོ། །གཟུགས་ནས་སངས་རྒྱས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་པའི་བར་གྱིས་གསུངས་སོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མི་སྐྱེ་བ་ལ་བཟོད་པ་ཞེས་བྱ་སྟེ་ཞེས་པའི་བར་གྱིས་གསུངས་སོ། །དོན་དམ་ལ་སྦྱོར་བ་ནི། རབ་འབྱོར་ཞེས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །རྟགས་ཀྱི་ལེའུ་སྟེ་བཞི་བཅུ་པ་རྣམ་པར་བཤད་པའོ།། ༈ བཞི་བཅུ་ཞེ་གཅིག་པ་མཚན་མ་མེད་པའི་ལེའུ་བཤད་པ། སེམས་བརྟན་པའི་རྟགས་སྟོན་པ་ལ་གཉིས་ཏེ། རྟགས་དངོས་བཤད་པ་དང༌། ཕན་ཡོན་བཤད་པའོ། །དང་པོ་ལ་བདུད་ཀྱི་བསླུ་ཚིག་ངོས་བཟུང་བ་དང༌། དེས་སེམས་མི་གཡོ་བར་བསྟན་པའོ། །དང་པོ་ནི་བདུད་སྡིག་ཏོ་ཅན་ཉེ་བར་འོངས་ཏེ། མོས་པ་ལྡོག་ཅིང་ཞེས་པ་ནས། སྡུག་བསྔལ་དང་ལོག་པར་ལྟུང་ངོ་ཞེས་ཟེར་ན་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཚིག་དེ་དག་ཐོས་ནས་ཞེས་པ་ནས། སེམས་མི་འཕྲོགས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཕན་ཡོན་ནི། དེ་སེམས་བརྟན་པ་དང་ཞེས་པ་ནས། འཇུག་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་གསུམ་པ། ཐེག་པ་དམན་དག་ལས་རྣམ་ལོག །ཅེས་པའི་དོན་སྟོན་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། ཕྱིར་མི་ལྡོག་པ་ཞེས་པའི་བར་གྱིས་བསྟན་ཏེ། ཕྱིར་མི་ལྡོག་གི་རྣམ་དབྱེ་དྲིས་པ་དང༌། ལན་གྱིས་གཉིས་སུ་ཕྱེ་ནས་གསུངས་པའོ། །གཉིས་པ་རྒྱས་པར་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། ལྡོག་པར་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་བཞི་པ་བསམ་གཏན་ལ་སོགས་པ། ཡན་ལག་ཡོངས་སུ་ཟད་པ་དང༌། །ཞེས་པའི་དོན་སྟོན་པ་ལ་བསམ་གཏན་ལ་སྙོམས་པར་འཇུག་པ་དང༌། དེའི་བྲལ་འབྲས་སྟོན་པའོ། །དང་པོ་ནི། སེམས་དཔའ་ཆེན་པོ་དེ་ནི་འདོད་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅེས་པ་ནས། སྨོན་པ་མེད་པའི་ཏིང་ངེ་འཛིན་ལའང་སྙོམས་པར་འཇུག་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། བསམ་གཏན་གྱི་འབྲས་བུ་ཡོངས་སུ་མི་འཛིན་ཏོ་ཞེས་པ་ནས། ཕྱིར་མི་ལྡོག་པར་རིགས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་ལྔ་པ་ལུས་སེམས་ཡང་བ་ཉིད་དང་ནི་ཞེས་པའི་དོན་སྟོན་པ་ལ་གསུམ་སྟེ། མཚན་མ་མེད་པའི་དོན་ལ་སྤྱོད་པ་དང༌། དེའི་འཐད་པ་དང༌། དེའི་མཐུས་ལུས་སེམས་ཡང་བའོ། །དང་པོ་ནི། བྱང་ཆུབ་ཀྱི་སེམས་དང་མི་བྲལ་ཞིང་གཟུགས་ལ་མཚན་མར་འཛིན་པའི་ཚུལ་གྱིས་ལྷུར་ལེན་པ་མིན་པ་ནས་བཟུང་སྟེ། དགེ་བའི་རྩ་བ་བསྐྱེད་པ་ལ་མཚན་མར་འཛིན་པའི་ཚུལ་གྱིས་ལྷུར་ལེན་པ་མིན་ཞེས་པའི་བར་དུ་གསུངས་ཏེ། དོན་གྱིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་མཚན་མ་མེད་པར་རྟོགས་པར་བསྟན་པ་ཡིན་ནོ། གཉིས་པ་འཐད་པ་ནི། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་རྟོགས་པའི་ཕྱིར་ཞེས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རང་གི་མཚན་ཉིད་ཀྱིས་སྟོང་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། ལུས་སེམས་ཡང་བའི་ཚུལ་ངོས་བཟུང་ནས། དེས་ཕྱིར་མི་ལྡོག་པར་བསྟན་པ་སྟེ། རབ་འབྱོར་ཕྱིར་མི་ལྡོག་ཅེས་པ་ནས། སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་ཅེས་པའི་བར་གྱིས་བསྟན་ཏོ། །རྟགས་དྲུག་པ། འདོད་ལ་སྤྱོད་ལ་ཐབས་མཁས་དང༌། །ཞེས་པའི་དོན་སྟོན་པ་ནི། ཁྱིམ་ན་གནས་ཀྱང་ཐབས་མཁས་པས་འདོད་ཡོན་ལྔ་ལ་སྤྱོད་པ་དང༌། རྫས་དང་ཡོ་བྱད་སྟེར་བའི་སྒོ་ནས་སྦྱིན་པའི་ཕར་ཕྱིན་ལ་གནས་པ་དང༌། གཞན་དགེ་བ་ལ་བསྐུལ་བ་དང༌། བསྔགས་པ་བརྗོད་པ་དང༌། མཐུན་པས་དགའ་བར་བྱེད་པའི་དོན་གྱིས་གསུངས་ཏེ། ཁྱིམ་ན་གནས་ཀྱང་ཞེས་པ་ནས། མཐུན་པས་དགའ་བར་བྱེད་དོ་ཞེས་པའི་བར་གྱིས་གསུངས་སོ། །རྟགས་བདུན་པ། རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །ཞེས་པའི་དོན་སྟོན་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། གནོད་པས་རྫི་བ་མེད་པའོ། །དང་པོ་ནི། འཛམ་བུའི་གླིང་ནས་བརྩམས་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་བར་དུ་རིན་པོ་ཆེ་སྣ་བདུན་གྱིས་བཀང་བའི་སྦྱིན་པའི་གཏོང་བ་དང༌། རྟག་ཏུ་ཚངས་པར་སྤྱོད་པ་དང༌། གཞན་ལ་གནོད་པ་མི་བསྐྱེད་པའི་དོན་གྱིས་གསུངས་ཏེ། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་དེ་ནི་ཁྱིམ་ན་གནས་ན་ཞེས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཐུབ་པ་མེད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་བརྒྱད་པ་འཚོ་བ་རྣམ་པར་དག་པ་སྟོན་པ་ལ། འཚོ་བ་རྣམ་པར་དག་པའི་རྒྱུ་བསྟན་པ་དང་མ་དག་པའི་སྤྱོད་པ་ལ་མི་འཇུག་པ་དང༌། དེའི་འཐད་པ་བསྟན་པའོ། །དང་པོ་ལ་གསུམ་སྟེ། སེམས་རྣམ་པར་མི་འཁྲུག་པར་བསྟན་པ་དང༌། དབང་པོ་ཚང་བས་སྐྱེས་བུ་དམ་པར་གྱུར་པ་དང༌། བྱང་ཆུབ་ཀྱི་སེམས་མི་བརྗེད་པའོ། །དང་པོ་ནི། དེའི་སེམས་ཞེས་པ་ནས། འཁྲུག་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། མིག་གི་དབང་པོ་དང་ཞེས་པ་ནས། སྐྱེས་བུ་དམའ་བ་མ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་མ་དག་པའི་སྤྱོད་པ་ལ་མི་འཇུག་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཆོ་འཕྲུལ་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཡོངས་སུ་དག་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་བསྒྲུབ་བྱ་ལ་སྦྱོར་བ་ནི། རབ་འབྱོར་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་དགུ་པ་ཕུང་སོགས་ལ་སྦྱོར་བ་བཀག་པ་ལ་གཉིས་ཏེ། རྟགས་དངོས་དང༌། དེའི་འཐད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། རྗེས་སུ་བརྩོན་པར་མི་གནས་སོ་ཞེས་པའི་བར་གྱིས་བསྟན་ཏེ། ཉན་པར་བསྐུལ་བ་དང༌། བཅོམ་ལྡན་འདས་ཀྱི་གསུང་གིས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་འབྲེལ་བཞི་ལ་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་བཀག་པའི་དོན་གྱིས་གསུངས་སོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བཟང་པོའམ་ངན་པར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་བཅུ་པ་བར་ཆད་བྱེད་པ་རྣམས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་བཀག་པ་ནི། དེ་རྐུན་པོའི་གཏམ་གྱི་སྦྱོར་བ་ལ་ཞེས་པ་ནས། རྗེས་སུ་མི་མཐོང་ཞེས་པའི་བར་འཐད་པ་དང་བཅས་པས་གསུངས་སོ། །རྟགས་བཅུ་གཅིག་པ་ཚོགས་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་བཀག་པ་འཐད་པ་དང་བཅས་པ་ནི། དམག་གི་གཏམ་གྱི་ཞེས་པ་ནས། རྗེས་སུ་མི་མཐོང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་བཅུ་གཉིས་པ་དབང་སོགས་དང་བཅས་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་བཀག་པ་ལ། གྲོང་གི་གཏམ་ལ་གནས་པ་བཀག་པ་དང༌། གྲོང་ཁྱེར་གྱི་གཏམ་ལ་གནས་པ་བཀག་པ་དང༌། གྲོང་རྡལ་གྱི་གཏམ་ལ་གནས་པར་བཀག་པ་དང༌། གཡུལ་འགྱེད་པ་ལ་གནས་པ་བཀག་པའོ། །དང་པོ་ནི། གྲོང་ཞེས་པ་དང༌། གཉིས་པ་ནི་གྲོང་ཁྱེར་ཞེས་པ་དང༌། གསུམ་པ་ནི་གྲོང་རྡལ་ཞེས་པ་དང༌། བཞི་པ་ནི། དེ་གཡུལ་གྱི་རིམ་པ་སྦྱོར་བ་ལ། ཞེས་སོགས་འཐད་པ་དང་བཅས་པས་བསྟན་ཏོ། །བདག་གི་གཏམ་གྱི་སྦྱོར་བ་ལ་མི་གནས་སོ་ཞེས་སོགས་ལྷག་མ་རྣམས་ནི་དབང་སོགས་ཞེས་པའི་ཁོངས་སུ་བསྡུ་བར་རིགས་སོ། །འདི་ལ་གཡུལ་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་ཞེས་པ་འདི་འབུམ་དང་གནོད་འཇོམས་ཆེ་བ་གཉིས་མཐུན་པར་བར་ཆད་བྱེད་པ་རྣམས་ལ་ཞེས་སོགས་ཀྱི་རྟགས་དེ་ཉིད་ཀྱི་མཇུག་ཐོགས་སུ་འབྱུང་ལ། མངོན་རྟོགས་རྒྱན་ལས། དབང་སོགས་བཅས་པ་ཞེས་པའི་མཇུག་ཐོགས་སུ་འབྱུང་བས་མདོ་དང་བསྟན་བཅོས་གོ་རིམ་མི་མཐུན་ནོ། །ཉི་ཁྲི་དང་ཉི་ཁྲི་སྣང་བ་ལྟར་ན། དམག་གི་གཏམ་ལ་གནས་པ་བཀག་པ་དང་ཞེས་པའི་མཇུག་ཐོགས་སུ་འབྱུང་བས་དམག་དང༌། གྲོང་དང༌། གྲོང་ཁྱེར་དང༌། གྲོང་བརྡལ་ལ་གནས་པ་བཀག་པ་ཞེས་པའི་གོ་རིམ་བྱས་ནས་དེའི་མཇུག་ཐོགས་སུ་བདག་གི་གཏམ་དང༌། སེམས་ཅན་དང་ཞེས་པ་ནས་མཐོང་བ་པོའི་གཏམ་གྱི་སྦྱོར་བ་ལ་མི་གནས་ཞེས་པའི་བར་བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་སྦྱར་བ་རྣམས་ནི་དབང་སོགས་ཞེས་པའི་སོགས་ཀྱི་སྒྲས་བསྡུ་བར་རིགས་སོ། །དེ་ལྟར་ན། གཡུལ་འགྱེད་དབང་སོགས་བཅས་པ་དང༌། །ཞེས་འདོན་པར་རིགས་སོ། །བསྟན་བཅོས་ཀྱི་གོ་རིམ་ནི་ཚིགས་སུ་བཅད་པ་སྦྱར་བ་དང་མཐུན་པའི་དོན་ཡིན་པར་མངོན་ནོ། །གཞན་དུ་ན་ཞེས་སོགས་ཀྱི་དོན་ནི། གོང་དུ་བསྟན་པ་དེ་དག་ལ་གནས་པ་ལས། གཞན་དུ་ཤེར་ཕྱིན་གྱི་གཏམ་ལ་བརྩོན་ཞིང༌། རྣམ་མཁྱེན་ཡིད་བྱེད་དང་མ་བྲལ་ན་ཕྱིར་མི་ལྡོག་གོ་ཞེས་པའི་དོན་ནོ། །རྟགས་བཅུ་གསུམ་པ་སེར་སྣ་སོགས་ལ་སྦྱོར་བ་བཀག་པ་ནི་རྣམ་པ་དྲུག་གིས་བསྟན་ཏེ། གཉེན་པོ་ལ་གནས་པས་མི་མཐུན་ཕྱོགས་སྤངས་པ་དང༌། སྟོང་ཉིད་རྟོགས་ཀྱང་ཆོས་ཚོལ་བ་ལ་འབད་པ་དང༌། ཆོས་རོ་གཅིག་པར་རྟོགས་པས་ཐ་དད་དུ་མི་འཛིན་པ་དང༌། སངས་རྒྱས་སོགས་ཀྱི་བཤེས་གཉེན་ལ་བརྟེན་པ་དང༌། ཉན་རང་ཐེག་ཆེན་ལ་འགོད་པ་དང༌། སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་དུ་སྐྱེ་བའོ། །དང་པོ་ནི་ཕྱིན་དྲུག་ལ་སྤྱོད་ཅིང་དེ་དག་གི་མི་མཐུན་ཕྱོགས་ལ་གནས་པ་བཀག་པས་གསུངས་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་པ་ནས། བརྩོན་པར་མི་གནས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི་དེ་ཆོས་ཐམས་ཅད་ཅེས་པ་ནས། མི་འདོད་པ་མ་ཡིན་ཏེ་ཞེས་པའི་བར་རོ། །གསུམ་པ་ནི། ཆོས་ཀྱི་དབྱིངས་ལ་བརྗོད་ཅིང་ཞེས་པ་ནས། བརྗོད་པ་མ་ཡིན་ནོ་ཞེས་པའི་བར་རོ། །བཞི་པ་ནི། དེ་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས། སེམས་དཔའ་ཡིན་ཞེས་པའི་བར་རོ། །ལྔ་པ་ནི་རིགས་ཀྱི་བུ་དང་ཞེས་པ་ནས། རབ་ཏུ་གཞོག་གོ་ཞེས་པའི་བར་རོ། །དྲུག་པ་ལ་གཉིས་ཏེ། སངས་རྒྱས་མཆོད་པའི་ཕྱིར་དུ། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་འཐད་པ་དང་བཅས་པ་དང༌། དགེ་བ་ཁྱད་པར་ཅན་བསྐྱེད་ནས་སངས་རྒྱས་ཀྱི་ཞིང་དུ་ཆོས་སྟོན་པར་སྐྱེ་བའོ། །དང་པོ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་པ་ནས། དེ་དག་ཏུ་སྐྱེ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། བསམ་གཏན་དང་པོ་བསྐྱེད་ཅེས་པ་ནས། ཆོས་སྟོན་པ་དེར་སྐྱེས་ཏེ་ཞེས་པའི་བར་རོ། །བསྒྲུབ་བྱ་ལ་སྦྱོར་བ་ནི་སྔ་མ་བཞིན་ནོ། །རྟགས་བཅུ་བཞི་པ་ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། རང་གི་ས་ལ་ངེས་པ་ཉིད། །ཅེས་པའི་དོན་སྟོན་པ་ལ་བཞི་སྟེ། རང་གི་ས་ལ་དོགས་པ་མེད་པ་དང༌། དེ་དག་གི་ཡོན་ཏན་བསྟན་པ་དང༌། རང་གི་ས་ལས་གཞན་གྱིས་ལྡོག་པར་མི་ནུས་པ་དང༌། བདུད་ལས་ཁོང་དུ་ཆུད་པས་གཞན་གྱི་དབང་དུ་མི་འགྲོ་བའོ། །དང་པོ་ནི། རབ་འབྱོར་ཞེས་པ་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་ཆེན་པོ་ཡུམ་ལ་སྤྱོད་པ་ཞེས་སོགས་ཀྱིས་གསུངས་ཏེ། ནང་སྟོང་པ་ཉིད་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་གནས་པ་ནི་ཆོས་ཅན་ནོ། །འདི་སྙམ་དུ་ཞེས་པ་ནས། ཡིད་གཉིས་མེད་དོ་ཞེས་པའི་བར་ནི་བསྒྲུབ་བྱའི་ཆོས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྗེས་སུ་མི་མཐོང་ངོ་ཞེས་པའི་བར་ནི་གཏན་ཚིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། ཐེ་ཚོམ་མི་ཟའོ་ཞེས་པའི་བར་ནི་མཐུན་དཔེའོ། །དོན་ལ་སྦྱོར་བ་ནི། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། ས་དེ་ལ་གནས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དེ་དག་གི་ཡོན་ཏན་ནི། སངས་རྒྱས་ཀྱི་ཞིང་ཞེས་པ་ནས། སྲབ་མོར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ལ་མཐུན་དཔེ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། འཆི་ཁའི་བར་དུ་ཡང་རྗེས་སུ་འབྲང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་ནི་རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། ལྡོག་པར་མི་ནུས་སོ་ཞེས་པའི་བར་རོ། །གཏན་ཚིགས་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བསྙེན་བཀུར་བ་བྱེད་དོ་ཞེས་པའི་བར་རོ། །བཞི་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པས་ཞེས་པ་ནི་ཆོས་ཅན་ནོ། །བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་ཁོང་དུ་ཆུད་དེ་ཞེས་པ་ནས། ཐེ་ཚོམ་མི་ཟའོ་ཞེས་པའི་བར་ནི་བསྒྲུབ་བྱའི་ཆོས་སོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྗེས་སུ་མི་མཐོང་ངོ་ཞེས་པའི་བར་གྱི་བསྟན་ཏོ། །རྟགས་བཅོ་ལྔ་པ་ས་གསུམ་ལ་གནས་པ་སྟོན་པ་ལ་དྲུག་སྟེ། བླ་མེད་བྱང་ཆུབ་དང་མི་བྲལ་བ་དང༌། དེའི་འཐད་པ་དང༌། ས་གསུམ་ལ་ངེས་པ་དང༌། དེའི་འཐད་པ་དང༌། ལུང་བསྟན་པ་དང༌། དེའི་འཐད་པའོ། །དང་པོ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ཚེ་འཕོས་ནས་ཀྱང་ཞེས་པ་ནས། འགྱུར་རོ་སྙམ་སེམས་སོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས། རང་གི་མཚན་ཉིད་ཀྱིས་སྟོང་ངོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་ཞེས་པ་ནས། ཐུབ་པ་མེད་པ་ཡིན་ཏེ་ཞེས་པའི་བར་རོ། །བཞི་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཡེ་ཤེས་དང་ལྡན་པ་ཡིན་ཏེ་ཞེས་པའི་བར་རོ། །ལྔ་པ་ནི། རབ་འབྱོར་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཞེས་པ་ནས། བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་པའི་བར་རོ། །དྲུག་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། བདུད་ཀྱིས་བསྟན་པའི་སྐྱོན་རིག་ནས། སངས་རྒྱས་ཐོབ་པའི་ཐབས་ལ་བློ་གཡོ་བ་མེད་པས་གསུངས་སོ། །རྟགས་བཅུ་དྲུག་པ་ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཞེས་པའི་དོན་སྟོན་པ་ལ་ལྔ་སྟེ། ཆོས་ཀྱི་དོན་དུ་ལུས་སྲོག་གཏོང་བ་དང༌། རྣམ་པ་ཀུན་ཏུ་ཆོས་མི་འདོར་བ་དང༌། གང་མི་འདོར་བའི་ཆོས་ངོས་བཟུང་བ་དང༌། རྟགས་ཐོབ་པའི་ཡོན་ཏན་བསྟན་པ་དང༌། དེ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཆོས་དེ་ཡོངས་སུ་མི་གཏོང་ངོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་བྱང་སེམས་ཆེན་པོ་འདི་ནི་ཞེས་པ་ནས། འགྱུར་རོ་སྙམ་མོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེ་ལ་ཆོས་གང་གི་དོན་དུ་ཞེས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི་རབ་འབྱོར་གཞན་ཡང་ཞེས་པ་ནས། གཟུངས་རབ་ཏུ་ཐོབ་བོ་ཞེས་པའི་བར་རོ། །ལྔ་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གཟུངས་རབ་ཏུ་ཐོབ་པས། དམ་པའི་ཆོས་ཆུད་མི་ཟ་བར་འཛིན་པའི་དོན་གྱིས་གསུངས་ཏེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། ཐེ་ཚོམ་མེད་དོ་ཞེས་པའི་བར་གྱིས་ནི་དོན་བསྟན་ཏོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་དེ་ལྟར་གཟུངས་རབ་ཏུ་ཐོབ་པའི་ཕྱིར་ཞེས་སོགས་ཀྱིས་བསྟན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་རྣམ་པ་དེ་དག་ཅེས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་པའི་བར་རོ། །ཕྱིར་མི་ལྡོག་པའི་རྣམ་པ་དང་ཚུལ་དང༌། མཚན་མ་མེད་པའི་ལེའུ་སྟེ་བཞི་བཅུ་ཞེ་གཅིག་པ་རྣམ་པར་བཤད་པའོ།། ༈ བཞི་བཅུ་ཞེ་གཉིས་པ་ཐབས་ལ་མཁས་པའི་ལེའུ་བཤད་པ། ཐབས་ལ་མཁས་པའི་ལེའུ་འདི་ནས། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སྟོན་ཏེ། འདི་ལ་ཕྱིར་མི་ལྡོག་པའི་ཡོན་ཏན་སྤྱིར་བསྟན་པ་དང༌། སྒོམ་ལམ་རྟགས་དང་བཅས་པ་གཏན་ལ་དབབ་པའོ། །དང་པོ་ནི་གོང་དུ་ཕྱིར་མི་ལྡོག་པའི་ཡོན་ཏན་མང་དུ་གསུངས་པ་ལ་དད་པ་སྐྱེས་ནས། རབ་འབྱོར་གྱིས་བསྟོད་པ་མཛད་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། ཡོན་ཏན་དང་ལྡན་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ཕྱིར་མི་ལྡོག་པའི་བྱང་སེམས་རྣམས་ལ་ཡོན་ཏན་ཚད་མེད་པ་ཡོད་པར་བརྗོད་པའོ། །བཅོམ་ལྡན་འདས་ཀྱིས་དེ་དང་མཐུན་པར་བཀའ་སྩལ་པ་ནི། བསྐྱོད་དུ་མེད་པའི་ཡོན་ཏན་དང་ལྡན་པའོ་ཞེས་སོགས་ཀྱིས་བསྟན་ཏོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མངོན་པར་བསྒྲུབ་བོ་ཞེས་པའི་བར་གྱིས་བསྟན་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས། གཞན་གྱི་དྲི་བ་ལུང་བསྟན་པ་ལ་སྤོབས་པ་མི་ཟད་པའི་ཡོན་ཏན་ཡོད་པར་བསྟན་ཏོ། །གཉིས་པ་ལ། སྒོམ་ལམ་གྱི་ཁྱད་པར་བྱེད་ཆོས། ཁྱད་པར་གྱི་གཞི་སྒོམ་ལམ། སྒོམ་ལམ་གྱི་དབྱེ་བ། སྒོམ་ལམ་བསྟན་ཚུལ་ལ་རྩོད་པ་སྤང་བ། སྒོམ་ལམ་རྟགས་ཀྱི་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྣམ་བྱང་གི་ཆོས་རྫོགས་པའི་རྒྱུ་ཟབ་མོའི་ཆོས་དྲི་བ་དང༌། ལན་གྱི་དེའི་དོན་བསྟན་པའོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་ནས། གནས་ཟབ་མོ་རྣམས་ལེགས་པར་བསྟན་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏེ། རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་དང་མཚན་མ་སྟོན་པའི་སྟོབས་མངའ་བས་ན། རྣམ་བྱང་གི་ཆོས་ཡོངས་སུ་རྫོགས་པའི་ཟབ་མོ་རྟོགས་པ་ལ་རག་ལས་པས་དེའི་ཐབས་ཟབ་མོའི་དོན་བསྟན་དུ་གསོལ་ཞེས་ཞུས་པའོ། །གཉིས་པ་ལ་ཐོག་མར་ཟབ་མོ་ངོས་བཟུང་བའི་དོན་དུ་ཆོས་ཀྱི་རྣམ་གྲངས་བཅུ་གཅིག་བསྟན་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ་ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དྭགས་སོ་ཞེས་པའི་བར་དང༌། རབ་འབྱོར་འདི་ལྟ་སྟེ། གང་མྱ་ངན་ལས་འདས་པའི་ཚིག་བླ་དྭགས་དེ་དག་གིས་ནི་གནས་ཟབ་མོ་ཞེས་བྱ་བ་དེ་དག་གོ །གནས་ཟབ་མོ་མྱ་ངན་ལས་འདས་པའི་ཚིག་བླ་དྭགས་སུ་བསྟན་པ་ལ་དྲི་བ་ནི། གསོལ་པ་ཞེས་པ་ནས། མ་ལགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། གནས་ཟབ་མོ་ཞེས་བསྟན་པ་མྱ་ངན་ལས་འདས་པ་ཁོ་ནའི་བླ་དྭགས་སུ་བས་ཀྱི་གཞན་གྱིས་མ་ལགས་སམ་ཞེས་པའོ། །མྱ་ངན་ལས་འདས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཆོས་ཐམས་ཅད་ཟབ་པར་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། དེ་ཡིན་ནོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པས་ཟབ་བོ་ཞེས་སོགས་སྟོན་པ་ནི། མདོ་ནི་རབ་འབྱོར་གཟུགས་ཟབ་བོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་པའི་བར་དུ་གསུངས་སོ། །གཟུགས་ནས་རྣམ་མཁྱེན་གྱི་བར་ཟབ་པར་བསྟན་པ་ན། ཇི་ལྟར་ཟབ་པའི་གླེང་བསླང་བའི་དོན་དུ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཟབ་ཚུལ་ལ་དྲི་བ་འགོད་པ་ནི། རབ་འབྱོར་ཇི་ལྟར་ན་གཟུགས་ཟབ་ཅེས་པ་ནས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་ཅེ་ན་ཞེས་པའི་བར་གྱིས་བསྟན་ཏོ། །དེ་བཞིན་ཇི་ལྟ་བ་བཞིན་དུ་ཟབ་ཅེས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་བ་ན། གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཟབ་བོ་ཞེས་པ་ནས། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།