རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་བོ་ཞེས་པའི་བར་དུ་གསུངས་སོ། །གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་ཇི་ལྟ་བུ་དྲིས་པ་ནི། གསོལ་པ་བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཅན་གཟུགས་ཀྱང་མ་ཡིན། དེ་ལས་གཞན་དུ་ཡང་བཙལ་དུ་མེད་པ་ཞིག་ལ་དེ་བཞིན་ཉིད་དུ་བརྗོད་དོ་ཞེས་པ་སྟེ། གཟུགས་ཀྱི་དེ་བཞིན་ཉིད་ནས་རྣམ་མཁྱེན་གྱི་དེ་བཞིན་ཉིད་ཀྱི་བར་དུ་དྲི་བའི་ལན་དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ཟབ་པའི་འགྲེས་ཀྱིས་སྒོམ་པའི་ལམ་ནི་ཟབ་པ་སྟེ་ཞེས་པའི་དོན་བསྟན་ལ། སྟོང་པ་ཉིད་དང་མཚན་མ་མེད་པ་སོགས་ཆོས་ཀྱི་རྣམ་གྲངས་བཅུ་གཅིག་བསྟན་པས་ནི། ཟབ་མོ་སྟོང་པ་ཉིད་ལ་སོགས་ཞེས་པའི་དོན་བཤད་དོ། །དེ་བཞིན་ཉིད་ནི་ཆོས་ཅན་ཡང་མ་ཡིན། ཆོས་ཅན་ལས་གུད་ན་ཡང་བཙལ་དུ་མེད་ཅེས་པའི་འགྲེས་ཀྱིས་ནི། ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་པའི་དོན་བཤད་དོ། །དེ་བཞིན་ཉིད་གཟུགས་ཀྱི་རང་བཞིན་དུ་ཡོད་དོ་སྙམ་ན། གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཐབས་ཕྲ་བས་ཞེས་སོགས་གསུངས་ཏེ། མཐའ་གཉིས་དང་བྲལ་བའི་ཐབས་རྟོགས་པར་དཀའ་བས་ཕྲ་བ་ཞེས་པའི་སྒྲས་གསུངས་ཏེ། རྟོགས་པར་དཀའ་བས་གཟུགས་སོགས་ཀྱི་རང་བཞིན་དུ་མ་གྲུབ་ཅེས་སྒྲོ་འདོགས་པའི་མཐའ་སེལ་བའི་དོན་གྱིས་གསུངས་ཏེ། གཟུགས་ལས་ཀྱང་ལྡོག་ཅེས་གཅིག་པ་བཀག་པའི་འགྲེས་ཀྱིས་གསུངས་སོ། །སྟོང་པ་ཉིད་ཙམ་ཡང་མེད་སྙམ་ན། མྱ་ངན་ལས་འདས་པར་ཡང་བསྟན་ཞེས་གསུངས་ཏེ། སྐུར་བ་འདེབས་པའི་མཐའ་བསལ་ལོ། །ཚུལ་དེ་བཞིན་དུ་ཚོར་བ་ནས་མ་འདྲེས་པ་བཅོ་བརྒྱད་དང༌། འཇིག་རྟེན་ལས་འདས་མ་འདས་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། ཟབ་པ་དང་བཅས་མ་བཅས་ཀྱི་བར་དུ་སྦྱར་ནས་བཤད་པར་བྱའོ། །དེ་ལྟར་ན་གཟུགས་སོགས་ལས་ལྡོག་པ་དང༌། མྱ་ངན་ལས་འདས་པར་ཡང་བསྟན་པའི་ཚིག་གཉིས་ཀྱིས་སྒྲོ་འདོགས་དང༌། སྐུར་འདེབས་ཀྱི་མཐའ་ལས་གྲོལ་བའི་དོན་ལེགས་པར་བཤད་དོ། །དེས་ན་སྔ་མ་རྣམས་ཀྱིས་ནི་རྒྱས་པར་བཤད་ལ། ཕྱི་མ་རྣམས་ཀྱིས་ནི་དོན་བསྡུས་པ་ཡིན་ནོ། །གཉིས་པ་ཁྱད་པར་གྱི་གཞི་སྒོམ་ལམ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བསྟན་པ་བཞིན་དུ་བདག་གིས་གནས་པར་བྱའོ་ཞེས་པ་ནས། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུར་ཡང་ཉེ་བར་མི་འགྲོའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་གང་ཞིག་གིས་ཡུལ་ལ་ཇི་ལྟར་རྟོག་པའི་ཚུལ་དཔེ་དང་བཅས་པ་སྟོན་ཏེ། གནས་པར་བྱའོ་ཞེས་པ་ནི་སྦྱོར་ལམ་ལའོ། །བསླབ་པར་བྱའོ་ཞེས་པ་ནི་མཐོང་ལམ་ལའོ། །བསྒྲུབ་པ་དང་ཞེས་པ་ནི་སྒོམ་ལམ་ལའོ། །རྟོག་ཚུལ་ནི་སེམས་པ་དང་མཇལ་བ་སོགས་སོ། །ཚུལ་དེ་ལྟར་དུ་བསླབ་པ་ལ་བསོད་ནམས་གྲངས་མེད་པ་འབྱུང་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བསྟན་པ་དེ་བཞིན་དུ་ཞེས་པ་ནས། གནས་པ་ལྟ་ཅི་སྨོས་ཞེས་པའི་བར་གྱིས་བསྟན་ཏོ། །བསོད་ནམས་གྲངས་མང་བའི་དཔེ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། ཤིན་ཏུ་མང་བར་འབྱུང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་ལ་སྦྱར་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ་ཞེས་པའི་བར་གྱིས་བསྟན་ཏེ། བྱང་སེམས་ཤེར་ཕྱིན་ལ་སྤྱོད་པ་འཁོར་བ་སྤོང་ཞིང་རྒྱབ་ཀྱིས་ཕྱོགས་པའི་ཡོན་ཏན་གྲངས་དཔག་ཏུ་མེད་པ་འབྱུང་བར་བསྟན་པའོ། །གསུམ་པ་སྒོམ་ལམ་གྱི་དབྱེ་བ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་ཤེར་ཕྱིན་ལ་སྤྱོད་པའི་ཚེ། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་དཀོན་མཆོག་དང་ཞེས་པ་ནས། འདུ་བྱེད་ཀྱང་སྟོང་པ་སྟེ་གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ། །རྣམ་པར་ཤེས་པ་ཡང་སྟོང་པ་སྟེ། གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ། །ཞེས་པའི་བར་གྱི་གསུངས་སོ། །ཆུང་འབྲིང་གི་དབྱེ་བ་དགུ་པོ་ནི། སྔ་མ་བས་ཕྱི་མ་བསོད་ནམས་ཆེས་མང་དུ་འཕེལ་བའི་རིམ་པས་གསུངས་ཏེ། མདོ་གང་གིས་བསྟན་པའི་ཚུལ་ནི། མདོ་སྦྱོར་དུ་བསྟན་ཟིན་ཅིང༌། བརྡ་འཕྲོད་པ་སླ་བར་སྣང་བས་མ་བྲིས་སོ། །གསོལ་པ་བཅོམ་ལྡན་འདས་གཟུགས་འབའ་ཞིག་སྟོང་ཞེས་པ་ནས། ཆོས་ཐམས་ཅད་སྟོང་པ་མ་ལགས་སམ་ཞེས་པའི་བར་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །ཕུང་པོ་ལྔ་འབའ་ཞིག་ཏུ་མ་ཟད་ཀྱི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་དོ་ཞེས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མ་བཤད་དམ་ཞེས་པའི་བར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསུངས་པ་ཉིད་ཀྱིས་ན། སྟོང་པ་ཉིད་དུ་གྲུབ་པ་ཡིན་ལ། གྲུབ་པ་ཉིད་ཀྱིས་ན་དོན་ལ་གྲངས་དང་ཚད་ཀྱི་བྱེ་བྲག་མེད་ཅིང༌། ཡི་གེས་ཀྱང་ཐ་དད་དུ་ཕྱེ་བ་མ་དམིགས་སོ་ཞེས་ཞུས་པ་ཡིན་ནོ། །དཔེ་ནི་སྒོམ་ལམ་ཆེ་འབྲིང་དགུ་རིམ་པ་བཞིན་དུ་བསྒོམ་པ་ལ། བསོད་ནམས་གྲངས་མེད། ཚད་མེད། དཔག་ཏུ་མེད་པ་འཕེལ་བར་གསུངས་པ་ལ། རབ་འབྱོར་གྱིས་རྩོད་པ་བྱས་པའི་ཚུལ་བསྟན་ཏོ། །རྩོད་པ་ཁས་བླངས་པའི་ལན་བསྟན་པ་ནི། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཞེས་པའི་དོན་གྱིས་བཤད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཐ་དད་དུ་བྱ་བ་མ་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་དམ་པར་ཡི་གེས་ཐ་དད་དུ་བྱ་བར་མ་དམིགས་ཀྱང་གདུལ་བྱ་དྲང་བའི་ཆེད་དུ་མཛད་ནས། ཀུན་རྫོབ་ཏུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་ལ་སོགས་པའི་སྟོང་པ་ཉིད་ཀྱི་རྣམ་གྲངས་དང༌། འབྲས་བུ་བསོད་ནམས་གྲངས་མེད་སོགས་བསྟན་པ་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་དུ་བསྟན་ཏོ་ཞེས་པ་ནི། ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཅེས་པའི་དོན་གྱིས་བཤད་དེ། རབ་འབྱོར་མི་ཟད་པ་ཞེས་བྱ་བའམ་ཚད་མེད་པ་ཞེས་བྱ་བའམ་ཞེས་པ་ནས། མངོན་པར་འགྲུབ་པར་བཤད་པའོ་ཞེས་པའི་བར་གྱིས་གསུངས་སོ། །ཡང་ན་འབྲས་བུ་གྲངས་མེད་སོགས་དེ་དག་འབྲས་བུ་ཐུགས་རྗེ་ཆེན་པོ་ཐོབ་པའི་རྒྱུ་མཐུན་བསྟན་པ་སྟེ། འབྲས་བུ་གྲངས་མེད་སོགས་བསྟན་པ་ན། སྒོམ་ལམ་ལ་སྤྲོ་བ་སྐྱེས་ནས་སྒོམ་ལམ་བསྒོམ་པ་ལ་ཞུགས་ཏེ་ཐུགས་རྗེ་ཆེན་པོ་ཐོབ་པར་འགྱུར་ཞེས་པའི་དོན་ནོ། །ཡང་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་ནི། ཐུགས་རྗེ་ཆེན་པོའི་རྒྱུ་ལས་བྱུང་བས། ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་ཏེ། ཐུབ་པས་གསུང་ངོ༌། །དེ་ཡང་གྲངས་མེད་སོགས་དེ་དག་ཐ་སྙད་དུ་བཅོམ་ལྡན་འདས་ཀྱིས་བསྟན་ཞེས་པའི་དོན་ནོ། །བྱེད་པ་ལ་རྩོད་པ་སྤང་བ་ལ། གནས་སྐབས་ཀྱི་བྱེད་པ་ལ་རྩོད་པ་སྤང་བ་དང༌། མཐར་ཐུག་གི་བྱེད་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ། ཐལ་འགྱུར་གྱི་གཏན་ཚིགས། བཅོམ་ལྡན་འདས་ཀྱི་ཞལ་གྱིས་བཞེས་པ་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། བརྗོད་དུ་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་གདུལ་བྱ་ལ་བསྟན་པར་ཡང་མཛད་ལ། བརྗོད་དུ་ཡང་མ་མཆིས་པ་ཉིད་མི་འགལ་བ་ངོ་མཚར་ཆེ་ཞེས་བསྟོད་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ་ནི། ཆོས་ཐམས་ཅད་བརྗོད་དུ་མ་མཆིས་པའོ་ཞེས་དགོངས་པ་རྟོགས་པའི་ཚུལ་བརྗོད་པའོ། །དེ་ཉིད་བཅོམ་ལྡན་འདས་རང་ཉིད་ཀྱིས་ཞལ་གྱིས་བཞེས་པར་བསྟན་པ་ནི། བཀའ་སྩལ་པ་ཞེས་པ་ནས། བརྗོད་པར་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏེ། སྟོང་པ་ཉིད་ཡིན་པས། ཡི་གེར་བརྗོད་བྱར་མེད་ཅེས་པའི་དོན་ནོ། །རབ་འབྱོར་གྱིས་དེ་ལ་ཐལ་འགྱུར་འགོད་པ་ནི། ཡུམ་བསྒོམ་པས་གཉེན་པོ་འཕེལ་བ་དང༌། སྤང་བྱ་འགྲིབ་པ་མ་མཆིས་སམ་སྟེ་མ་མཆིས་པར་ཐལ། བརྗོད་དུ་མེད་པའི་ཕྱིར་ཞེས་པའི་དོན་ནི། གསོལ་པ་ཞེས་པ་ནས། མ་མཆིས་སམ་ཞེས་པའི་བར་གྱིས་བསྟན་ཏོ། །བརྗོད་མེད་ཀྱི་དོན་ལ་འཕེལ་འགྲིབ་མི་འདོད་དོ་ཞེས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཡོངས་སུ་འགྲིབ་པ་མེད་དོ་ཞེས་པའི་བར་རོ། །ཡང་དེ་ལ་ཐལ་བ་རྒྱུད་པ་འཕེལ་བ་ནི། འཕེལ་བ་དང་འགྲིབ་པ་མ་མཆིས་ན། སྦྱིན་པ་འཕེལ་བ་ནས་དེའི་མི་མཐུན་ཕྱོགས་འགྲིབ་པ་མ་མཆིས་པར་འགྱུར་བ་དང༌། མ་འདྲེས་པ་བཅོ་བརྒྱད་འཕེལ་བ་དང་དེའི་མི་མཐུན་ཕྱོགས་འགྲིབ་པ་མ་མཆིས་པའི་བར་དུ་གསུངས་སོ། །དེ་ལྟར་འདོད་པ་ལ་ཐལ་བ་རྒྱུད་པ་གསུམ་པ་འཕེན་པ་ནི། བཅོམ་ལྡན་འདས་དེ་ལྟར་འགྱུར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་མཆིས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་འདོད་པ་ལའང་གནོད་བྱེད་ཀྱི་ཐལ་བ་འགོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་མཆིས་ན། སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ་ཞེས་པའོ། །དེའི་དོན་རྒྱན་ལས། དངོས་པོ་བརྗོད་དུ་མེད་པ་ལ། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གཅིག་གསུངས་སོ། །གཉིས་པ་ལན་ལ་དོན་དམ་དུ་འདོད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཡོངས་སུ་འགྲིབ་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་དམ་པར་བརྗོད་མེད་ཡིན་པས། འཕེལ་འགྲིབ་མེད་ཀྱང་རྟོགས་པའི་གནས་སྐབས་ཐམས་ཅད་དུ་རློམ་པ་མེད་པ་དང༌། རང་བཞིན་མེད་པར་ཁོང་དུ་ཆུད་དེ་བྱང་ཆུབ་ཇི་ལྟར་བ་བཞིན་དུ་བསྔོས་ན་འཚང་རྒྱ་བར་འགྱུར་རོ་ཞེས་པ་སྟེ། བྱང་ཆུབ་ཇི་ལྟར་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །ཅེས་པའི་དོན་གྱིས་གསུངས་པ། རབ་འབྱོར་གལ་ཏེ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། བྱང་ཆུབ་ཇི་ལྟ་བ་བཞིན་ཡོངས་སུ་བསྔོའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེས་བྱང་ཆུབ་ཇི་ལྟ་བུ་ལགས་ཞེས་ཞུས་པ་ལན་དང་བཅས་པ་ནི། གསོལ་པ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅི་ལྟ་བུ་ལགས་ཞེས་པ་ནས། མྱ་ངན་ལས་འདས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ནི་འཕེལ་བ་ཡང་མེད། ཡོངས་སུ་འགྲིབ་པ་ཡང་མེད་ཅེས་པའི་བར་གྱིས་བསྟན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། མྱ་ངན་ལས་འདས་པ་ལ་ཐུག་པའི་བར་ཆོས་རྣམས་རེ་རེ་ནས་སྨོས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་བླ་མེད་རྫོགས་པའི་བྱང་ཆུབ་དང་དབྱེར་མེད་པར་བསྟན་ནས། དེ་ལ་འཕེལ་འགྲིབ་མེད་པའི་དོན་གྱིས་གསུངས་ཏེ། འདིས་ནི། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད་ཅེས་པའི་དོན་བསྟན་ཏོ། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་པའི་དོན་སྟོན་པ་ནི། རབ་འབྱོར་དེ་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་རྒྱུན་མི་འཆད་པར་རྟག་ཏུ་རྣམ་པར་སྤྱོད་དེ་ཆོས་གང་ལའང་འཕེལ་བའམ་ཡོངས་སུ་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་འཕེལ་བ་ཡང་མེད་དོ། །ཡོངས་སུ་འགྲིབ་པ་ཡང་མེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། སྦྱིན་པ་ནས། མ་འདྲེས་པའི་བར་འཕེལ་འགྲིབ་མེད་པར་བསྟན་ནས། བྱང་ཆུབ་དང་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་དུ་གཅིག་པས་འཕེལ་འགྲིབ་མེད་པར་གསུངས་པའི་དོན་གྱིས་གསུངས་སོ། །འཕེལ་འགྲིབ་མེད་པའི་དོན་ལ་སློབ་ཚུལ་གསུངས་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །མཐར་ཐུག་གི་བྱེད་པ་ལ་རྩོད་པ་སྤོང་བ་ནི། གོང་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་ཤེར་ཕྱིན་ལ་སྤྱོད་ན་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པ་ལ་རྩོད་དོ། །ཡང་ན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པ་ལ་རྩོད་པའོ། །ཡང་ན་གོང་དུ་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་བསགས་པས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་བསྟན་པ་ལ་རྩོད་པའོ། །ཚུལ་ཇི་ལྟར་དུ་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། འཚང་རྒྱ་བར་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱན་ལས། སེམས་ནི་སྔ་མས་བྱང་ཆུབ་པར། །རིག་མིན་ཕྱི་མས་ཀྱང་མ་ཡིན། །ཞེས་པའི་དོན་དུ་བསྡུས་སོ། །མར་མེའི་དཔེའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་ལན་གདབ་ཚུལ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དེ་བཞིན་ཉིད་ཤེས་པར་བྱ་བའི་ཕྱིར་ཞེས་པ་ནས། བདེ་བར་གཤེགས་པ་དེ་ནི་ཚིག་གོ་ཞེས་པའི་བར་གྱིས་བསྟན་ཏེ། རབ་འབྱོར་རང་ཉིད་ལ་བརྒལ་བའི་སྒོ་ནས་རབ་འབྱོར་གྱིས་ལན་བཏབ་ཚུལ་བསྟན་ཏོ། །དཔེ་དེ་ཉིད་ཀྱི་སྒོ་ནས་དོན་བསྟན་པ་ནི། རབ་འབྱོར་དེ་དེ་བཞིན་ཏེ་ཞེས་པ་ནས། འཚང་མི་རྒྱ་བ་ཡང་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །འཚང་རྒྱ་བར་བསྟན་པ་ན་ཐབས་གང་གིས་འཚང་རྒྱ་སྙམ་པའི་དོགས་པ་བཅད་པ་ལ། མདོར་བསྟན་པ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། འཚང་རྒྱའོ་ཞེས་པའི་བར་ཕྲེང་གཅིག་གོ །རྒྱས་པར་བཤད་པ་ནི། གསོལ་པ། བཅོམ་ལྡན་འདས་ས་བཅུ་པོ་གང་དང་གང་ཡོངས་སུ་རྫོགས་པར་བགྱིས་ནས་ཞེས་པ་ནས། སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར་གྱིས་ནི། རྒྱུ་གང་ལ་བརྟེན་ནས་འཚང་རྒྱ་བ་བསྟན་ལ། མར་མེའི་དཔེ་ཉིད་ཀྱིས་གསལ་བར་བྱས་པའི་དོན་དངོས་ནི། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་སློབ་པ་ནི་ཞེས་པ་ནས། བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར་གྱིས་བསྟན་ཏེ། སྔ་ཕྱི་རེ་རེ་ཁོ་ནས་འཚང་རྒྱ་བ་མ་ཡིན་ཡང༌། མང་པོ་རིམ་གྱིས་འབྱུང་བ་གཅིག་ལ་གཅིག་བརྟེན་ནས་འཚང་རྒྱའོ་ཞེས་པའི་དོན་ནོ། །རྒྱན་ལས་འདིའི་དོན། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་བསྟན་ཏོ། །སྒོམ་ལམ་རྟགས་ཀྱི་དོན་བསྟན་པ་ནི། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་གཏན་ལ་དབབ་པས་གསུངས་ཏེ། གསོལ་པ་བཅོམ་ལྡན་འདས་དེ་ལྟར་སེམས་དང་པོ་བསྐྱེད་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་ཞེས་པ་ནས། ཐབས་ལ་མཁས་པའི་ལེའུ་ཡོངས་སུ་རྫོགས་པའི་བར་དུ་གསུངས་སོ། །རྒྱན་ལས། སྐྱེ་བ་དང་ནི་འགག་པ་དང༌། །ཞེས་སོགས་ཀྱིས་བསྟན་ཏོ། །ཐབས་ལ་མཁས་པའི་ལེའུ་སྟེ་བཞི་བཅུ་ཞེ་གཉིས་པ་རྣམ་པར་བཤད་པའོ།། ༈ བཞི་བཅུ་ཞེ་གསུམ་པ་ཞིང་སྦྱོང་བའི་ཐབས་ལ་མཁས་པའི་ལེའུ་བཤད་པ། ཞིང་སྦྱོང་བའི་ཐབས་ལ་མཁས་པའི་ལེའུ་སྟོན་པ་ལ། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད། གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ། ཕྲིན་ལས་ཀྱི་རྒྱུ་ཐབས་ལ་མཁས་པའི་སྦྱོར་བའོ། །དང་པོ་ལ་དངོས་དང་ཀླན་ཀ་སྤོང་བའོ། །དང་པོ་ནི། གོང་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ནས། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་ལ་མཁས་པ་བསྟན་པའི་སྒོ་ནས། ཆོས་ཟབ་མོ་བསྟན་པའི་སྐབས་དབྱེ་བའི་ཕྱིར། ཤཱ་རིའི་བུས་རབ་འབྱོར་ལ་ཐེ་ཚོམ་དྲིས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་པ་ནས། རྣམ་པར་འཕེལ་ལམ་ཞེས་པའི་བར་ཏེ། གལ་ཏེ་ཆོས་ཐམས་ཅད་དམིགས་སུ་མེད་ན། བྱང་ཆུབ་སེམས་དཔའ་གང་རྨི་ལམ་ན་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་པ་དེའི་ཚེ་ཤེར་ཕྱིན་རྣམ་པར་འཕེལ་བར་རིགས་སོ། །གལ་ཏེ་རྨི་ལམ་ན་འཕེལ་བར་མི་འགྱུར་ལ། སད་པའི་ཚེ་འཕེལ་ན། སད་པ་དང་རྨི་ལམ་ལ་བྱེ་བྲག་ཡོད་དོ་ཞེས་དགོངས་ནས་རབ་འབྱོར་ལ་དྲིས་པའོ། །གནས་བརྟན་རབ་འབྱོར་གྱིས་རྨི་ལམ་དང་སད་པ་གཉིས་ཀའི་ཚེ་ཡང་དམིགས་སུ་མེད་པར་མཚུངས་པས་ན། རྨི་ལམ་དང་ཉིན་པར་གྱི་ཁྱད་པར་ནི་རྟོག་པས་བཟུང་བ་ཙམ་དུ་ཟད་ཀྱི་དོན་ལ་རྨི་ལམ་དང་སད་པ་གཉིས་ཀ་མཚུངས་པར་སྟོན་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། རྣམ་པར་རྟོག་པ་མེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྨི་ལམ་དང་ཉིན་པར་མཚུངས་པས་ན། ཉིན་པར་ཏིང་ངེ་འཛིན་འཕེལ་བ་ལྟར། རྨི་ལམ་དུ་ཡང་འཕེལ་བར་འགྱུར་རོ་ཞེས་སྟོན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། རྨི་ལམ་ན་ཡང་ཡུམ་བསྒོམ་པ་ཡོད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱན་ལས། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ཞེས་གསུངས་སོ། །གཉིས་པ་ཀླན་ཀ་སྤང་བ་ལ་བཞི་སྟེ། ལས་མེད་པའི་ཀླན་པ་སྤང་བ་དང༌། ལས་དོན་དམ་པར་དངོས་པོར་ཐལ་བའི་ཀླན་ཀ་སྤང་བ་དང༌། ལུང་དང་འགལ་བའི་ཀླན་ཀ་སྤང་བ་དང༌། སྔ་ཕྱི་འགལ་བའི་ཀླན་ཀ་སྤང་བའོ། །དང་པོ་ནི། རྨི་ལམ་དང་ཉིན་པར་མཚུངས་ན་རྨི་ལམ་དུ་དགེ་བའམ་མི་དགེ་བའི་ལས་བྱས་པ་རྨིས་པ་ནི། ཉིན་པར་བཞིན་དུ་ལས་སོག་པའམ་བྲི་བར་འགྱུར་བ་ཡོད་དམ་ཞེས་རྩོད་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས། ཡོད་དམ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་དམ་པའི་བདེན་པ་ཚད་མར་བྱས་ནས། རབ་འབྱོར་གྱིས་ལན་བཏབ་པ་ནི། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། འབྲི་བ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མི་དམིགས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །ཤཱ་རིའི་བུས་རང་གིས་རྟོགས་པ་བརྗོད་པ་ནི། གལ་ཏེ་སད་ནས་རྣམ་པར་རྟོག་ན་ནི། དེ་ལས་སོག་པའམ་འབྲི་བར་ཡང་འགྱུར་རོ་ཞེས་པ་སྟེ། གནོད་འཇོམས་ལས། འདི་ཤཱ་རིའི་བུ་རང་གིས་རྟོགས་པ་བརྗོད་ཚུལ་ལ་སྦྱར་རོ། །རྨི་ལམ་དང་ཉིན་པར་ཁྱད་པར་མེད་པར་ཐལ་བའི་རྩོད་པ་སྤང་བ་ལ། ཐོག་མར་ཕ་རོལ་པོ་ལ་བརྒལ་བ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། དེ་ལ་ཁྱོད་ཅི་ཟེར་ཞེས་པའི་བར་གྱིས་བསྟན་ཏེ། ཉིན་པར་སྲོག་གཅོད་པ་དང༌། རྨི་ལམ་དུ་སྲོག་གཅོད་པ་གཉིས་ཀ་ལ་རྗེས་ཀྱི་ཞེན་པ་དང་བཅས་ན་རྣམ་པར་སྨིན་པ་ཁྱད་པར་མེད་པར་འགྱུར་རམ་ཞེས་ཤཱ་རིའི་བུ་ལ་དྲིས་པའོ། །ཤཱ་རིའི་བུས་ལན་བརྗོད་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས། སེམས་པ་མི་འབྱུང་ངོ་ཞེས་པའི་བར་གྱིས་བསྟན་ཏེ། སད་པའི་ཚེ་ལས་དམིགས་པ་དང་བཅས་པ་ཡིན་ལ། རྨི་ལམ་དུ་ལས་ཀྱི་དམིགས་པ་མེད་པས་རྣམ་པར་སྨིན་པ་ཆེ་ཆུང་གི་བྱེ་བྲག་ཡོད་དོ་ཞེས་ལན་སྨྲས་པའོ། །སད་པ་དང་རྨི་ལམ་གྱི་ལས་ལ་རྣམ་སྨིན་གྱི་བྱེ་བྲག་ཆེ་ཆུང་ཡོད་པས་ཤཱ་རིའི་བུ་དང་རྗེས་སུ་མཐུན་པར་བརྗོད་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། དམིགས་པ་མེད་པ་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་དོན་གསལ་བར་མཛད་པ་ནི། མཐོང་བ་དང་ཐོས་པ་དང་ཞེས་པ་ནས། བློ་ལ་ལ་ནི་རྣམ་པར་བྱང་བ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། དེ་བས་ན་ཚེ་དང་ལྡན་པ་ཞེས་པ་ནས། དམིགས་པ་མེད་པར་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །ལུང་དང་འགལ་བ་སྤང་བ་ལ། ལུང་དང་འགལ་བའི་དོགས་པ་བསུ་བ་ནི། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འཁོར་འགའ་ཞིག་གིས་ཇི་ལྟར་དམིགས་པ་དང་བཅས་པར་ལས་སྐྱེ་སྟེ་སྐྱེ་བ་མ་ཡིན་པར་ཐལ། བཅོམ་ལྡན་འདས་ཀྱིས་ལས་དང་སེམས་པ་ཐམས་ཅད་དབེན་པར་གསུངས་པའི་ཕྱིར་ཞེས་དོགས་ན། དེ་ལ་ལན་ཇི་ལྟར་གདབ་ཅེས་སྟོན་པ་ནི། ལས་ཐམས་ཅད་དང་ཞེས་པ་ནས། དམིགས་པ་མེད་པར་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་ཤཱ་རིའི་བུས་འཁོར་རྣམས་ཀྱི་དོགས་པ་བསུ་བ་ཙམ་ཡིན་གྱི། རང་ཉིད་ཀྱིས་རྩོད་པ་མ་ཡིན་ཏེ། སྔར་དམིགས་པ་མེད་པར་ལས་མི་སྐྱེ་ཞེས་རང་ཉིད་ཀྱིས་སྨྲས་པའི་དོན་སུན་འབྱིན་པར་འགྱུར་བས་སོ། །རབ་འབྱོར་གྱིས་ལས་དང་པོ་པའི་དབང་དུ་བྱས་ནས་ལན་གསུངས་པ་ནི། རབ་འབྱོར་གྱིས་སྨྲས་པ་ཞེས་པ་ནས། དམིགས་པ་མེད་པར་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །དྲིས་ལན་གཞན་བསྟན་པ་ལ། དྲི་བ་ནི། སྨྲས་པ་ཞེས་པ་ནས། བསྔོས་པར་འགྱུར་རམ་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ལ་བྱམས་པ་ལ་དྲི་བར་ལུང་བསྟན་པ་དང༌། བྱམས་པས་འཁོར་གསུམ་མི་དམིགས་པའི་ལན་བཏབ་པ་དང༌། རང་ཉིད་ཀྱིས་འཁོར་གསུམ་མི་དམིགས་པའི་དོན་མ་རྟོགས་པར་བསྟན་པ་དང༌། བཅོམ་ལྡན་འདས་ཀྱི་གསུང་གིས་ཟབ་མོའི་དོན་གསལ་བར་མཛད་པའོ། །དང་པོ་ལ་གཉིས་ཏེ། བྱམས་པ་ལ་དྲི་བར་ལུང་བསྟན་པ་དངོས་དང༌། ལུང་བསྟན་པ་དང་མཐུན་པར་དྲི་བ་མཛད་པའོ། །དང་པོ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། འདིས་ལན་ལྡོན་པར་འགྱུར་རོ་ཞེས་པའོ། །གཉིས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་པ་ནས། འདིས་ལྡོན་པར་འགྱུར་རོ་ཞེས་ཟེར་རོ་ཞེས་པའི་བར་རོ། །གཉིས་པ་འཁོར་གསུམ་མི་དམིགས་པའི་ལན་ལྡོན་པ་ལ། ཕུང་པོ་ལྔས་ལན་གློན་པར་སྤོང་བའི་དྲི་ཚིག་དང༌། ཕུང་པོ་ལྔའི་དེ་བཞིན་ཉིད་ལ་ལན་གློན་པ་སྤོང་བའི་དྲི་ཚིག་དང༌། ཕུང་པོ་ལྔའི་སྟོང་ཉིད་ལ་ལན་གློན་པའི་མཐུ་མེད་པར་བསྟན་པ་དང༌། ལན་གློན་པ་སོགས་ཀྱི་འཁོར་གསུམ་མི་དམིགས་པར་བསྟན་པའོ། །དང་པོ་ནི། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཞེས་པ་ནས། འོན་ཏེ་རྣམ་པར་ཤེས་པས་ལན་གློན་པར་འགྱུར་རམ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། འོན་ཏེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེས་ལན་གློན་པར་འགྱུར་རམ་ཞེས་པ་ནས། འོན་ཏེ་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ལན་གློན་པར་འགྱུར་རམ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། འོན་ཏེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མེད་དོ་ཞེས་པ་ནས། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། བདག་གིས་ནི་གང་ལན་ལྡོན་པ་དང་ཞེས་པ་ནས། གཉིས་སུ་བྱར་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་བྱམས་པ་རང་ཉིད་འཁོར་གསུམ་མི་དམིགས་པར་རྟོགས་པ་དང་ལྡན་པར་བསྟན་པ་ལ། དང་པོ་དྲི་བ་ནི། ཤཱ་རིའི་བུས་སྨྲས་པ་ཞེས་པ་ནས། མངོན་སུམ་དུ་བྱས་སམ་ཞེས་པའི་བར་རོ། །གཉིས་པ་ལན་ལ། བྱམས་པས་སྨྲས་པ་དང༌། ཤཱ་རིའི་བུས་སྨྲས་པ་གཉིས་སོ། །དང་པོ་ནི། བྱམས་པས་སྨྲས་པ་ཞེས་པ་ནས། མངོན་སུམ་དུ་བྱས་པ་མེད་དོ་ཞེས་པའི་བར་རོ། །གཉིས་པ་ཤཱ་རིའི་བུས་སྨྲས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་པ་ནས། འདི་ནི་མི་དམིགས་པར་བཅས་པས་བསྟན་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་བཅོམ་ལྡན་འདས་ཀྱི་གསུང་གིས་ཟབ་མོའི་དོན་གསལ་བར་མཛད་པ་ལ་གསུམ་སྟེ། ངེས་པར་འབྱུང་བར་བྱེད་པའི་ཆོས་མ་དམིགས་པ་དང༌། ཆོས་མ་དམིགས་པ་དེ་ལ་རློམ་སེམས་བཀག་པ་དང༌། ཟབ་མོའི་དོན་རྟོགས་ཤིང་རློམ་སེམས་མ་དམིགས་པས་སངས་རྒྱ་བར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ཞེས་པ་ནས། ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་པ་ནས། འདི་ཞེས་བྱ་བར་མི་སེམས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་མོ། །ཞེས་པའི་བར་གྱིས་བསྟན་ཏོ། །རྒྱན་ལས། ལས་མེད་ལ་སོགས་ཀླན་ཀ་ཡི། །ཞེས་སོགས་གསུངས་སོ། །དེ་དག་གིས་ནི་སྲིད་ཞི་མཉམ་ཉིད་སྦྱོར་བ་ལེགས་པར་བསྟན་ཟིན་ཏོ། །ཞིང་ཡོངས་སུ་དག་པའི་སྦྱོར་བ་སྟོན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཀྱིས་སྟོན་པ་ཡིན་ཏེ། གོང་དུ་འཁོར་འདས་རང་བཞིན་མེད་པར་རྟོགས་པས། འཚང་རྒྱ་བར་བསྟན་པ་ན། འཁོར་འགའ་ཞིག་དེ་འབའ་ཞིག་གིས་འཚང་རྒྱ་བ་མ་ཡིན་པས། ཐབས་གཞན་གང་དང་གང་གིས་འཚང་རྒྱ་ཞིང༌། སངས་རྒྱས་དང་ཉེ་བར་གྱུར་པ་ཡིན་ནམ་སྙམ་པའི་དོགས་པ་སེལ་བའི་དོན་དུ་གསུངས་ཏེ། འདི་ལ་དང་པོ་དྲི་བ་ནི། བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། ཉེ་བར་གྱུར་པ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ལ་ཞིང་ཡོངས་སུ་སྦྱངས་པས་སངས་རྒྱས་དང་ཉེ་བར་གྱུར་པའི་ཡོན་ཏན་འབྱུང་བར་བསྟན་པ་དང༌། དེ་ལྟར་སྦྱངས་པས་སངས་རྒྱས་དང་ཉེ་བའི་སྔོན་འབྱུང་གི་དཔེ་བསྟན་པའོ། །དང་པོ་ལ་ལྔ་སྟེ། སེམས་ཅན་གྱི་འཇིག་རྟེན་སྦྱོང་ཚུལ་བསྟན་པ་དང༌། སྣོད་ཀྱི་འཇིག་རྟེན་སྦྱོང་ཚུལ་བསྟན་པ་དང༌། སེམས་ཅན་གྱི་འཇིག་རྟེན་སྦྱོང་བའི་ཐབས་ཀྱི་བྱེ་བྲག་རྣམ་པར་དབྱེ་བ་དང༌། སྣོད་ཀྱི་འཇིག་རྟེན་སྦྱོང་བའི་རྣམ་པ་གཞན་བསྟན་པ་དང༌། ཞིང་སྦྱོང་བའི་གནས་སྐབས་ཀྱི་ཡིད་ལ་བྱ་བའོ། །དང་པོ་ལ་གསུམ་སྟེ། ཕྱིན་དྲུག་གི་མི་མཐུན་ཕྱོགས་སྦྱོང་བ་དང༌། ལོག་པར་ངེས་པའི་སྐྱོན་སྦྱོང་བ་དང༌། ངན་སོང་གི་སྐྱེ་བ་སྦྱོང་ཚུལ་བསྟན་པའོ། །དང་པོ་ནི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་འགྱུར་བ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། མདོ་སྔ་མ་རྣམས་ཀྱིས་ནི་ཉེས་པ་དང་བྲལ་བར་བསྟན་ལ། ཐམས་ཅད་ཀྱི་མཇུག་ཐོགས་སུ་བྱང་ཆུབ་དང་ཉེ་བར་གྱུར་པར་གསུངས་པ་ནི་ཡོན་ཏན་དང་ལྡན་པར་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་ཕྱིན་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ཕུང་པོ་གསུམ་ལ་གནས་པ་ཞེས་པ་ནས། ཉེ་བར་འགྱུར་བ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་གཞན་ཡང་ཞེས་སོགས་སྔ་མ་བཞིན་དུ་སྦྱར་ནས། སེམས་ཅན་དམྱལ་བ་པའི་སེམས་ཅན་དག་མཐོང་ངམ་ཞེས་པ་ནས། ཉེ་བར་གྱུར་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱན་ལས། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ཞེས་གསུངས་སོ། །གཉིས་པ་སྣོད་ཀྱི་འཇིག་རྟེན་སྦྱོང་བའི་ཚུལ་ལ་གཉིས་ཏེ། ཞིང་གི་ས་གཞིའི་ཉེས་པ་སྦྱོང་བ་དང༌། རྒྱུ་དང་རང་བཞིན་དམན་པ་སྦྱོང་བའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་སོགས་སྔ་མ་བཞིན་དུ་སྦྱར་ནས་ས་ཆེན་པོ་འདི་ལ་སྡོང་དུམ་དང་ཞེས་པ་ནས། ཉེ་བར་གྱུར་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་གཞན་ཡང་ཞེས་སོགས་སྔ་མ་བཞིན་དུ་སྦྱར་ནས། ས་ཆེན་པོ་འདི་དང་སའི་རྒྱུ་ལས་གྲུབ་པ་དང་ཞེས་པ་ནས། ཉེ་བར་གྱུར་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་སེམས་ཅན་གྱི་འཇིག་རྟེན་སྦྱོང་བའི་ཐབས་ཀྱི་བྱེ་བྲག་རྣམ་པར་དབྱེ་བ་ལ། རྣམ་གྲངས་བཅོ་བརྒྱད་དེ། བདག་ཏུ་བྱ་བའི་ཡོངས་སུ་འཛིན་པ་སྦྱོང་བ་དང༌། རྒྱལ་རིགས་ལ་སོགས་རིགས་བཞི་སྦྱོང་བ་དང༌། སེམས་ཅན་རབ་འབྲིང་ཐ་མ་གསུམ་སྦྱོང་བ་དང༌། སེམས་ཅན་གྱི་ཁ་དོག་ངན་པ་སྦྱོང་བ་དང༌། ཡུལ་ལ་འཛིན་པ་ཡོངས་སུ་སྦྱོང་བ་དང༌། རིགས་དྲུག་གི་ལམ་ཐ་དད་པ་ཡོངས་སུ་སྦྱོང་བ་དང༌། སྐྱེ་གནས་བཞི་ཡོངས་སུ་སྦྱོང་བ་དང༌། མངོན་ཤེས་སོགས་ཡོན་ཏན་དང་མི་ལྡན་པའི་ཉེས་པ་ཡོངས་སུ་སྦྱོང་བ་དང༌། ཁམས་ཀྱི་ཟས་ཀྱི་ཉེས་པ་སྦྱོང་བ་དང༌། འོད་དང་མི་ལྡན་པ་མུན་པའི་ཉེས་པ་ཡོངས་སུ་སྦྱོང་བ་དང༌། ཉིན་དང་མཚན་མོ་སོགས་དུས་ཚིགས་ཀྱི་བྱེ་བྲག་གི་མཚན་མ་སྦྱོང་བ་དང་ཚེ་ཐུང་བའི་ཉེས་པ་སྦྱོང་བ་དང༌། མཚན་བཟང་པོ་དང་མི་ལྡན་པའི་ཉེས་པ་སྦྱོང་བ་དང༌། དགེ་བའི་རྩ་བ་དང་མི་ལྡན་པའི་ཉེས་པ་སྦྱོང་བ་དང༌། རླུང་མཁྲིས་སོགས་ནད་ཀྱི་ཉེས་པ་ཡོངས་སུ་སྦྱོང་བ་དང༌། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པའི་ངེས་པ་སྦྱོང་བ་དང༌། ཐེག་པ་དམན་པ་ལ་མོས་པའི་ཉེས་པ་སྦྱོང་བ་དང༌། ཡོན་ཏན་གྱི་གེགས་ང་རྒྱལ་སོགས་སྦྱོང་བའོ། །ཚིག་དོན་ནི་བརྡ་འཕྲོད་པར་སླ་བས་མ་བྲིས་སོ། །བཞི་པ་སྣོད་ཀྱི་འཇིག་རྟེན་སྦྱོང་བའི་རྣམ་པ་གཞན་བསྟན་པ་ལ་གཉིས་ཏེ། ཞིང་གི་ཁྱད་པར་ཉི་ཚེ་བར་གྱུར་པའི་ཉེས་པ་སྦྱོང་བ་དང༌། ཞིང་རྒྱ་ཆུང་བའི་ཉེས་པ་སྦྱོང་བའོ། །དང་པོ་ནི་ཚེ་ལ་ཚད་དུ་འགྱུར་བ་དང༌། འོད་ལ་ཚད་དུ་འགྱུར་བ་དང༌། ཞེས་སོགས་ཀྱིས་བསྟན་ཏོ། །གཉིས་པ་ནི། འཇིག་རྟེན་གྱི་ཁམས་འགའ་ཞིག་སངས་རྒྱས་ཀྱི་ཞིང་དུ་འགྱུར། དེ་ཙམ་གྱིས་ཞེས་པ་ལ་སོགས་པས་བསྟན་ཏོ། །ལྔ་པ་ཞིང་སྦྱོང་བའི་གནས་སྐབས་ཀྱི་ཡིད་ལ་བྱེད་པ་ནི། ཀྱེ་མ་འཁོར་བ་འདི་ནི་རིང་ངོ༌། །ཀྱེ་མ་སེམས་ཅན་གྱི་ཁམས་འདི་ནི་མཐའ་ཡས་སོ་ཞེས་པ་ལ་སོགས་པས་བསྟན་པ་ཡིན་ནོ། །རྒྱན་ལས། སྣོད་ཀྱི་འཇིག་རྟེན་ཞེས་སོགས་གསུངས་སོ། །ལེའུ་བཞི་བཅུ་ཞེ་གསུམ་པ་རྣམ་པར་བཤད་པའོ།། ༈ བཞི་བཅུ་ཞེ་བཞི་པ་སྲིང་མོ་གངྒཱའི་ལྷ་མོའི་ལེའུ་བཤད་པ། གཉིས་པ་ཞིང་སྦྱངས་པས་སངས་རྒྱས་དང་ཉེ་བའི་སྔོན་འབྱུང་གི་དཔེ་བསྟན་པ་ལ་གཉིས་ཏེ། ཞིང་དག་པ་ཐོབ་པའི་རྒྱུ་དང༌། དེ་ལས་ཞིང་དག་པ་ཐོབ་པའོ། །དང་པོ་ལ་བཞི་སྟེ། ཞིང་སྦྱོང་བའི་སྨོན་ལམ་དང༌། མཆོད་པའི་ཁྱད་པར་དང༌། མཆོད་པའི་ཆོ་འཕྲུལ་དང༌། བསྔོ་བའི་ཁྱད་པར་བསྟན་པའོ། །དང་པོ་ནི། དེ་ནས་འཁོར་དེར་གངྒཱའི་ལྷ་མོ་ཞེས་བྱ་བའི་བུད་མེད་གཅིག་འདུས་པར་འགྱུར་ཏེ། འདུས་པ་དེ་སྟན་ལས་ལངས་ནས་ཞེས་པ་ནས་དེ་ལྟ་བུ་ཡོངས་སུ་བཟུང་བར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བསྟན་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བར་བགྱིའོ་ཞེས་སྨོན་ལམ་བཏབ་ཚུལ་བསྟན་པའོ། །གཉིས་པ་ནི། བུད་མེད་དེས་གསེར་གྱི་མེ་ཏོག་དང༌། དངུལ་གྱི་མེ་ཏོག་དང་ཞེས་པ་ནས། རབ་ཏུ་གཏོར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། མེ་ཏོག་དང༌། རྒྱན་དང༌། ན་བཟའ་དང༌། ཕྲུགས་སུ་སྦྱར་བ་དེ་དག་གཏོར་མ་ཐག་ཏུ་ཞེས་པ་ནས། ཡིད་དུ་འོང་བར་གནས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། དེ་ནས་བུད་མེད་དེས་ཁང་པ་རྩེག་པ་དེ་ཡང་ཞེས་པ་ནས། བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དེ་ལས་ཞིང་དག་པ་ཐོབ་པ་ལ་བཞི་སྟེ། ལུང་སྟོན་པའི་རྒྱུའི་མཚན་མ་དང༌། མཚན་མ་དེའི་རྒྱུ་ཞུས་པ་དང༌། རྒྱུ་ལུང་བསྟན་པ་ཐོབ་པ་དང༌། ལུང་བསྟན་ཐོབ་པའི་དང་པོའི་རྒྱུ་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བུད་མེད་དེའི་བསམ་པ་ཐུགས་སུ་ཆུད་ནས་ཞེས་པ་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེ་ནས་ཚེ་དང་ལྡན་པ་དགའ་བོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་ཞེས་པ་ནས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཛུམ་པ་མཛད་ཅེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ལ་བཞི་སྟེ། འབྲས་བུ་བྱང་ཆུབ་ཏུ་ལུང་བསྟན་པ་དང༌། སྐྱེས་པའི་ཁྱད་པར་ལུང་བསྟན་པ་དང༌། འཁོར་ལུང་བསྟན་པ་དང༌། ཞིང་ལུང་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་གངྒཱའི་ལྷ་མོ་ཞེས་བྱ་བའི་སྲིང་མོ་འདི་མ་འོངས་པའི་དུས་ན་ཞེས་པ་ནས། དེར་ཚངས་པའི་སྤྱད་པ་སྤྱོད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་མིང་ཡང་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེ་ནས་ཚེ་དང་ལྡན་པ་དགའ་བོ་འདི་སྙམ་དུ་སེམས་པར་གྱུར་ཏེ་ཞེས་པ་ནས། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་གཞལ་དུ་མེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་ཅེས་པ་ནས། མི་འབྱུང་ཞིང་མི་སྲིད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ལུང་བསྟན་ཐོབ་པའི་དང་པོའི་རྒྱུ་ནི། དགའ་བོས་གསོལ་པ་བཅོམ་ལྡན་འདས་སྲིང་མོ་འདིས་ཞེས་པ་ནས། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ཞིང་དག་པ་ཐོབ་པའི་ཡོན་ཏན་བསྟན་པ་ནི། དེའི་ཚེ་སྲིང་མོ་འདིས་ངའི་ལུང་བསྟན་པ་དེ་ཐོས་ནས་ཞེས་པ་ནས། བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྦྱང་བ་བྱས་པའོ་ཞེས་པའི་བར་གྱིས་བསྟན་པ་ཡིན་ནོ། །སྲིང་མོ་གངྒཱའི་ལྷ་མོའི་ལེའུ་སྟེ་བཞི་བཅུ་ཞེ་བཞི་རྣམ་པར་བཤད་པའོ།། ༈ བཞི་བཅུ་ཞེ་ལྔ་པ་རྣམ་ཐར་སྒོ་གསུམ་གྱི་ཐབས་ལ་མཁས་པའི་ལེའུ་བཤད་པ། རྣམ་ཐར་སྒོ་གསུམ་གྱི་ཐབས་ལ་མཁས་པའི་ལེའུ་འདིའི་དོན་ནི། ཐབས་ལ་མཁས་པའི་སྦྱོར་བ་སྟེ་དེ་ཡང༌། བྱང་སེམས་དང༌། ཉན་རང་གཉིས་རྣམ་ཐར་སྒོ་གསུམ་དང༌། བྱང་ཕྱོགས་སོ་བདུན་བསྒོམ་པར་འདྲའང༌། ཉན་རང་གི་བྱང་ཆུབ་མངོན་དུ་མི་བྱེད་པའི་ཐབས་ལ་མཁས་པའི་རྒྱུ་གང་ཡིན་ཞེས་པའི་ཞུ་བ་ཞུས་ལན་དང་བཅས་པས་བསྟན་ཏོ། །འདི་ལ་གསུམ་སྟེ། ཐབས་ལ་མཁས་པའི་ཡུལ་དང༌། ཐབས་མཁས་པའི་ངོ་བོ་དང༌། ཐབས་མཁས་པའི་དབྱེ་བའོ། །དང་པོ་ལ་ཇི་ལྟར་ཞུས་པའི་ཚུལ་བསྟན་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྟོང་པ་ཉིད་འདྲིས་པར་བགྱི་ཞེས་པ་ནས། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པར་བགྱི་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་དང་པོར་ཇི་ལྟར་སྟོང་པ་ཉིད་ལ་དྲིས་པར་བགྱི་ཞེས་པ་ནི་ལྷག་མཐོང་ལ་སློབ་ཚུལ་དྲིས་པའོ། །ཇི་ལྟར་སྟོང་པ་ཉིད་ཀྱིས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི་ཞེས་པ་ནི། ཞི་གནས་སྒོམ་ཚུལ་དྲིས་པའོ། །ལྷག་མ་རྣམས་ཀྱིས་ནི་རྣམ་ཐར་སྒོ་གསུམ་དང༌། བྱང་ཕྱོགས་སོ་བདུན་ནས་བརྩམས་ཏེ། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་སློབ་ཚུལ་དྲིས་པའོ། །གཉིས་པ་གང་ལ་བསླབ་པར་བྱ་བའི་ཡུལ་དངོས་སྟོན་པ་ལ། ལྷག་མཐོང་ལ་སློབ་ཚུལ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པས་གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ་ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང༌། གཟུགས་མེད་པའི་ཁམས་ཀྱི་བར་རང་བཞིན་སྟོང་པ་ཉིད་དུ་ཤེས་རབ་ཀྱིས་བརྟག་པར་བྱ་བའི་འགྲེས་ཀྱིས་གསུངས་སོ། །ཐབས་ཀྱི་ཁྱད་པར་བསྟན་པ་ནི། དེ་ཡང་ཅི་ནས་ཀྱང་དེ་ལྟར་བརྟགས་ནས་ཞེས་པ་ནས ཆོས་དེ་དག་ཡང་དག་པར་རྗེས་སུ་མ་མཐོང་བས། མངོན་སུམ་དུ་མི་བྱེད་དེ་ཞེས་པའི་བར་གྱིས་བསྟན་ནས། ཉན་རང་གི་ཡིད་ལ་བྱེད་པའི་སེམས་ཀྱི་གཡེང་བ་ལ་མི་འཇུག་པར་སྙིང་རྗེ་ཆེན་པོའི་ཐབས་ཀྱི་མཐུས་ཆོས་ཐམས་ཅད་མི་དམིགས་པའི་ཐེག་པ་ཆེན་པོའི་ལམ་ལ་སྦྱོང་ཞེས་པའི་དོན་ནོ། །དེ་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཞེས་པ་ནས། ཆོས་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་པའི་བར་གྱིས་བསྟན་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དོན་ལ་བསླབ་པས་འདི་ནི་མངོན་དུ་བྱའོ། །འདི་ནི་མངོན་དུ་བྱ་བ་མ་ཡིན་ནོ། །ཞེས་སོ་སོར་རིས་སུ་བཅད་པའི་ཚུལ་གྱིས་མི་འཇུག་པའི་ཕྱིར་ཏེ། མངོན་དུ་བྱ་བ་དང་བྱ་བ་མ་ཡིན་པའི་ཆོས་ཐམས་ཅད་མ་དམིགས་པའི་ཕྱིར་ཞེས་པའི་དོན་ནོ། །རྒྱན་ལས། ཡུལ་དང་ཞེས་གསུངས་སོ། །ཐབས་ལ་མཁས་པའི་ངོ་བོ་ལ་གཉིས་ལས། དང་པོ་དྲི་བ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཀྱང་ཞེས་པ་ནས། མངོན་སུམ་དུ་མི་བགྱིད་པ་ལགས་ཞེས་པའི་བར་གྱིས་བསྟན་ཏེ། སྟོང་པ་ཉིད་ལ་གནས་ནས་དེ་མངོན་དུ་མི་བྱེད་པ་ཇི་ལྟར་རུང་ཞེས་པའི་དོན་ནོ། །ལན་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་སེམས་ཆེན་པོ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ལ་རབ་ཏུ་རྟོག་སྟེ་ཞེས་པ་ནས་བཟུང་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་ཡང་མངོན་སུམ་དུ་མི་བྱེད་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། སྟོང་པ་ཉིད་ལ་རབ་ཏུ་འདྲིས་པར་བྱེད་ཀྱང་དེ་འབའ་ཞིག་ལྷུར་ལེན་པའི་ཚུལ་གྱིས་མངོན་སུམ་དུ་མི་བྱེད་ཅིང་མི་རྟོག་གོ །འོ་ན་ཚུལ་ཇི་ལྟར་རྟོག་སྙམ་ན། འདྲིས་པར་བྱ་བའི་དུས་ཡིན་གྱི་མངོན་སུམ་དུ་བྱ་བའི་དུས་མ་ཡིན་ནོ་ཞེས་པའི་ཚུལ་གྱིས་རྟོག་གོ །དེ་ཡང་མཉམ་པར་མ་བཞག་པ་ཉིད་དུ་ཞེས་པ་ནི། དམན་པའི་མྱང་འདས་དོན་དུ་མི་གཉེར་བའོ། །སེམས་དམིགས་པ་ལས་བཟློག་སྟེ་ཞེས་བྱ་བ་ནི་རྣམ་མཁྱེན་ལའོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་བར་མ་དོར་སངས་རྒྱས་ཀྱི་ཆོས་མི་ཉམས་ཤིང༌། དམན་པའི་རྣམ་གྲོལ་མངོན་དུ་ཡང་མི་བྱེད་དོ་ཞེས་པ་ནི་དེ་བར་མ་དོར་ཞེས་པ་ནས། མངོན་སུམ་དུ་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཡང་ན་འདྲིས་པའི་དུས་ཡིན་གྱི་མངོན་སུམ་དུ་བྱ་བའི་དུས་མ་ཡིན་པར་རྟོགས་པའི་བྱང་སེམས་དེ་ཡང༌། མཉམ་པར་མ་བཞག་པར་རྗེས་ཐོབ་ཀྱི་གནས་སྐབས་ལ་ཡང་གཞན་དོན་འབའ་ཞིག་དམིགས་པ་ལས་སེམས་བཟློག་སྟེ་དེའི་མཐུས་སངས་རྒྱས་ཀྱི་ཆོས་ལས་མི་ཉམས། རྣམ་གྲོལ་ཡང་མངོན་སུམ་དུ་མི་བྱེད་དེ་ཞེས་བཤད་པར་བྱའོ། །དེ་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། འདི་ནི་མངོན་སུམ་དུ་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བྱང་ཆུབ་ཀྱི་ཕྱོགས་ལ་གནས་ཀྱང་འདྲིས་པར་བྱ་བའི་དུས་ཡིན་གྱི་མངོན་སུམ་དུ་བྱ་བའི་དུས་མ་ཡིན་པར་རབ་ཏུ་ཤེས་པའི་ཕྱིར་རོ་ཞེས་པའི་དོན་ནོ། །གཞན་ཡང་སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ཐོབ་པའི་དུས་ཤེས་པ་དང༌། རྒྱུན་ཞུགས་སོགས་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་དུས་མ་ཡིན་པ་ཤེས་པ་དང༌། རྣམ་ཐར་སྒོ་གསུམ་དང༌། བྱང་ཕྱོགས་སོ་བདུན་བསྒོམ་ཡང་མངོན་སུམ་དུ་མི་བྱེད་པ་ཡིན་ཞེས་པའི་དོན་རྒྱ་ཆེན་པོ་བསྟན་པ་ཡིན་ནོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་ཞེས་པ་ནས། རང་བྱང་ཆུབ་མངོན་སུམ་དུ་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱན་ལས། སྦྱོར་བ་ཞེས་གསུངས་སོ། །གསུམ་པ་ཐབས་ལ་མཁས་པའི་དབྱེ་བ་བསྟན་པ་ལ་བཅུ་ལས། བར་ཆད་ཀྱི་ཆོས་ལས་འདའ་བའི་ཐབས་ལ་མཁས་པ་ལ་གཉིས་ཏེ། དཔེ་ཉེ་བར་དགོད་པ་དང༌། དོན་བཤད་པའོ། །དང་པོ་ནི། སྐྱེས་བུ་སྒྱུ་རྩལ་དང་ལྡན་པས་རང་གི་འཁོར་འཇིགས་པ་ལས་ཐར་བར་བྱས་ནས་བདེ་བ་ལ་འགོད་པ་སྟེ། རབ་འབྱོར་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ཞིག་དཔའ་རྩལ་ཆེ་ལ་ཤིན་ཏུ་བརྟན་ཞིང་ཞེས་པ་ནས། བདེ་བ་རྣམ་པར་སྤྱོད་པ་ཞིག་ཡོད་ན་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དོན་བཤད་པ་ནི། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སེམས་ཅན་ཐམས་ཅད་ལ་ཚད་མེད་པ་བཞིའི་སེམས་གནས་པར་བྱས་ཤིང༌། ཕྱིན་དྲུག་དང་རྣམ་ཐར་སྒོ་གསུམ་སོགས་ལ་འདྲིས་པར་བྱེད་ཀྱང་མཚན་མར་མི་འཛིན་ཅིང༌། ཉན་རང་གི་མངོན་དུ་མི་བྱེད་དོ་ཞེས་པ་སྟེ། རབ་འབྱོར་དེ་བཞིན་དུ་བྱང་སེམས་ཆེན་པོ་གང་གི་ཚེ། སེམས་ཅན་ཐམས་ཅད་ལ་ཞེས་པ་ནས། དེ་ལྟ་བུ་ཡང་མངོན་སུམ་དུ་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །མི་གནས་པའི་ཐབས་ལ་མཁས་པ་ལ། དཔེ་དོན་གཉིས་ལས། འདབ་ཆགས་བར་སྣང་ལ་རྒྱུ་ཞིང་ས་ལ་མི་ལྟུང་བའི་དཔེས་སྟོང་པ་ཉིད་དང་མཚན་མ་མེད་པ་སོགས་ལ་མི་གནས་པའི་ཚུལ་གྱིས་གནས་པའི་ཐབས་ཤེས་པ་སྟེ། དེ་ལ་དང་པོ་དཔེ་བསྟན་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། གནས་པ་མེད་དོ་ཞེས་པའི་བར་རོ། །གཉིས་པ་དོན་ནི། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །སྨོན་ལམ་གྱི་ཤུགས་ཀྱིས་འཕངས་པའི་ཐབས་ལ་མཁས་པ་ལའང༌། དཔེ་ནི། སྐྱེས་བུ་འཕོངས་ལ་ཤིན་ཏུ་མཁས་ཤིང་སྟོབས་དང་ལྡན་པས་མདའ་རྒྱུད་མར་འཕངས་པ་ས་ལ་མི་ལྟུང་བའི་དཔེ་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་མཐུ་དང་ལྡན་པ་ཞེས་པ་ནས། མདའ་གཅིག་ནས་གཅིག་ཏུ་བརྒྱུད་པ་ས་ལ་མི་ལྟུང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་ནི་སྨོན་ལམ་གྱི་ཤུགས་ཀྱིས་ཡང་དག་པའི་མཐའ་ལ་འཇུག་ཀྱང་དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་གྱུར་པ་མ་ཐོབ་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པར་གསུངས་པས་བསྟན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་དེ་བས་ན་ཞེས་པ་ནས། ཡོངས་སུ་བརྟག་པར་བྱའོ་ཞེས་པའི་བར་གྱིས་འཕངས་སོ། །ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ལ་གསུམ་སྟེ། སྦྱོར་བ་ཕུན་སུམ་ཚོགས་པ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། བསམ་སྦྱོར་ཕུན་སུམ་ཚོགས་པ་གཉིས་ཀ་ལ་མཁས་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། བདེ་བར་གཤེགས་པ་ཤིན་ཏུ་ངོ་མཚར་ཆེའོ་ཞེས་པའི་བར་གྱིས་བསྟན་ཏེ། ཡང་དག་པའི་མཐའ་ལ་སློབ་པ་ནས། རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་པའི་བར་དང༌། བར་མ་དོར་བླ་མེད་བྱང་ཆུབ་མ་ཉམས་པར། མི་འགྱུར་བ་སོགས་ཉན་རང་གིས་བྱ་དཀའ་བ་བྱེད་པའི་དོན་གྱིས་གསུངས་སོ། །ངོ་མཚར་ཆེའོ་ཞེས་པའི་དོན་ནི། ཡང་དག་པའི་མཐའ་ནས་རྣམ་ཐར་སྒོ་གསུམ་གྱི་བར་བསྒོམས་ཀྱང་དམན་པའི་བྱང་ཆུབ་མངོན་དུ་མི་བྱེད་པ་ངོ་མཚར་བའི་དོན་ནོ། །གཉིས་པ་བསམ་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་ཞེས་པ་ནས། སྨོན་ལམ་གྱི་ཁྱད་པར་ནི་རྣམ་པ་དེ་ལྟར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། བསམ་པ་སེམས་ཅན་མི་གཏོང་བའི་སེམས་བསྐྱེད་དང༌། སྦྱོར་བ་རྣམ་ཐར་སྒོ་གསུམ་ལ་གནས་ཀྱང༌། བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པའི་དོན་གྱིས་གསུངས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞེས་པ་ནས། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །མ་ཆགས་པའི་ཐབས་ལ་མཁས་པ་ནི། སྟོང་པ་ཉིད་རྟོགས་པ་དང༌། རྣམ་བྱང་གི་ཆོས་ལ་འཛིན་པ་མེད་པ་དང༌། བདག་ཏུ་ལྟ་བའི་འདུ་ཤེས་སྤོང་བ་དང༌། དེའི་བྱེད་པ་བསྟན་པ་དང༌། རྣམ་བྱང་གི་ཆོས་ལས་ཡོངས་སུ་ཉམས་པ་མེད་པ་དང༌། དགེ་བའི་ཆོས་རྣམས་འཕེལ་ཞིང་ཉན་རང་དུ་མི་ལྟུང་བའི་ཐབས་ལ་མཁས་པ་སྟེ། དྲུག་གིས་བསྟན་ཏོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་འདི་ལྟ་སྟེ། ནང་སྟོང་པ་ཉིད་ཅེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དྲན་པ་ཉེ་བར་བཞག་པ་བཞི་དང་ཞེས་པ་ནས། གནས་ཟབ་མོ་དེ་དག་ལ་བརྟག་པར་འདོད་པར་གྱུར་ན་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེས་འདི་ལྟར་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་བདག་ཏུ་འདུ་བྱེད་པ་དང་ཞེས་པ་ནས། ཆོས་བསྟན་པར་བྱའོ། །མངོན་པར་བསྒྲུབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྔ་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འགྲིབ་པར་མི་འགྱུར་རོ་ཞེས་པ་ནས། སངས་རྒྱས་ཀྱི་བར་དུ་ཡོངས་སུ་འགྲིབ་པར་མི་འགྱུར་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །དྲུག་པ་ནི། ཐབས་མཁས་པས་ཡོངས་སུ་བཟུང་བའི་ཞེས་པ་ནས། རང་སངས་རྒྱས་ཀྱི་ལྟ་བུ་མ་ཡིན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །མི་དམིགས་པའི་ཐབས་ལ་མཁས་པ་ལ་གཉིས་ཏེ། ཕྱིན་ཅི་ལོག་སྤོང་བའི་ཐབས་ལ་མཁས་པ་དང༌། བདག་ཏུ་འཛིན་པ་སྤོང་བའི་ཐབས་ལ་མཁས་པའོ། །དང་པོ་ལ་ཕྱིན་ཅི་ལོག་སྤོང་བའི་དོན་དུ་ཆོས་སྟོན་པའི་སེམས་བསྐྱེད་དང་ལྡན་པ་དང༌། སངས་རྒྱས་ཀྱི་ཆོས་མ་རྫོགས་པར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་སྙམ་སྟེ་ཞེས་པ་ནས། སེམས་བསྐྱེད་པ་དེ་ལྟ་བུ་དག་དང་ལྡན་ལ་ཞེས་པའི་བར་གྱིས་བསྟན་ཏེ། གདུལ་བྱ་ཕྱིན་ཅི་ལོག་ལ་སྤྱོད་པའི་དོན་དུ། སངས་རྒྱས་པ་ན་ཕྱིན་ཅི་ལོག་ཏུ་མེད་པའི་ཆོས་བསྟན་པར་བྱའོ་སྙམ་པའི་སེམས་བསྐྱེད་དང་ལྡན་པར་བསྟན་ཏོ། །གཉིས་པ་ནི། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཞེས་པ་ནས། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ཀྱི་ཆོས་མ་རྫོགས་པར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པའི་དོན་ནོ། །གཉིས་པ་ལ། དོན་དངོས་དང༌། དེའི་བྱེད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་དམིགས་པ་ལ་སྤྱོད་སྤྱོད་པ་སྟེ་བདག་ཅེས་བྱ་བའམ་ཞེས་པ་ནས། དེ་སེམས་བསྐྱེད་དེ་ལྟ་བུ་དག་དང་ལྡན་ལ། ཐབས་མཁས་པས་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཡང་གང་ཟག་གི་བདག་ཏུ་ལྟ་བ་དང༌། ཆོས་ཀྱི་བདག་ཏུ་ལྟ་བ་ལ་སྤྱོད་པའི་གདུལ་བྱ་རྣམས་ཀྱི་དམིགས་པའི་ཉེས་པ་སྤང་བའི་དོན་དུ་ཆོས་བསྟན་པར་བྱའོ་སྙམ་པའི་སེམས་བསྐྱེད་དང་ལྡན་པར་བསྟན་པ་ཡིན་ནོ། །གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཞེས་པ་ནས། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ཀྱི་ཆོས་མ་རྫོགས་པར་ཡང་དག་པའི་མཐའ་མངོན་སུམ་མི་བྱེད་ཅིང༌། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་དོན་ནོ། །མཚན་མ་མེད་པའི་ཐབས་ལ་མཁས་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། བྱེད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་སྤྱོད་པ་སྟེ་ཞེས་པ་ནས། སེམས་ཅན་རྣམས་ཀྱི་ཉེས་པ་དེ་དག་མེད་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་དང་ལྡན་པ་ཞེས་པའི་བར་གྱིས་བསྟན་ཏེ། གང་ཟག་གི་མཚན་མ་དང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཀྱི་མཚན་མ་ལ་སྤྱོད་པའི་གདུལ་བྱ་རྣམས་ལ་སངས་རྒྱས་པ་ན། མཚན་མ་མེད་པའི་ཆོས་བསྟན་པར་བྱའོ་སྙམ་པའི་སེམས་བསྐྱེད་དང་ལྡན་པར་བསྟན་ཏེ། གཉིས་པ་ནི་ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཞེས་པ་ནས། བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ཀྱི་ཆོས་མ་རྫོགས་པར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་ཅིང༌། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་དོན་ནོ། །སྨོན་པ་མེད་པའི་ཐབས་ལ་མཁས་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་ཡང་སེམས་བསྐྱེད་དང༌། སེམས་བསྐྱེད་ཀྱི་བྱེད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་སྤྱོད་པ་སྟེ་ཞེས་པ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་དེ་དང་ལྡན་པ་ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མངོན་པར་དགའ་བའི་འགྲེས་བསྟན་ནས། ཚུལ་དེ་དག་ལ་སྨོན་པའི་སེམས་ཅན་གྱི་དོན་དུ་སངས་རྒྱས་ནས་སྨོན་པ་མེད་པའི་ཆོས་བསྟན་པར་བྱའོ་སྙམ་པའི་སེམས་བསྐྱེད་དེ་དང་ལྡན་པར་བསྟན་པ་ཡིན་ནོ། །གཉིས་པ་བྱེད་པ་ནི། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་པ་ནས། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། དོན་ནི་སྔ་མ་བཞིན་ནོ། །འདི་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པ་སྔོན་ལ་བསྟན་ནས། སངས་རྒྱས་ཀྱི་ཆོས་མ་རྫོགས་པར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པའི་གོ་རིམ་དེ་ཉིད་རིགས་པས་ན། དེ་ལས་བཟློག་པའི་སྔར་གྱི་གོ་རིམ་ནི་འགྱུར་འཁྲུགས་པར་མངོན་ནོ། །གཉིས་པ་ཞར་ལས་བྱུང་བ་ནི། ཕྱིན་དྲུག་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་སྤྱོད་པ་ན། ཁམས་གསུམ་ལ་མི་གནས་པའི་དོན་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང༌། ཡང་དག་པའི་མཐའ་ལ་འདྲིས་པར་བྱེད་ཀྱང་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་མངོན་སུམ་དུ་མི་བྱེད་པའི་དོན་གཉིས་ཀྱིས་བསྟན་ཏོ། །དང་པོ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་པ་ནས། ཁམས་གསུམ་པ་དང་ལྷན་ཅིག་གནས་པའི་གནས་མེད་སྐབས་མེད་དེ། དེ་ནི་གནས་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ཅིང་ཞེས་པ་ནས། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་ལ་ཞེས་པའི་བར་གྱིས་བསྟན་ཏོ། །རྟགས་ཀྱི་ཐབས་ལ་མཁས་པ་ལ། ཇི་ལྟར་དྲི་བ་ཚུལ་དང༌། དྲིས་པའི་ལན་གཉིས་ཀྱིས་བསྟན་ཏོ། །དང་པོ་ནི། ཇི་ལྟར་ན་མཚན་མ་མེད་པ་ཡང་མངོན་སུམ་དུ་མི་བྱེད་ཅེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྒོམས་པར་བྱ་ཞེས་པའི་བར་གྱིས་བསྟན་ཏེ། རྣམ་ཐར་སྒོ་གསུམ་སོགས་ཀྱང་མངོན་སུམ་དུ་མི་བྱེད་ལ། ཤེར་ཕྱིན་ཡང་བསྒོམ་པར་བྱ་ཞེས་ཇི་ལྟར་རུང་ཞེས་པའི་ཚུལ་གྱིས་དྲིས་པའོ། །གཉིས་པ་ལ་དོན་དང་མཐུན་པའི་ལན་སྟོན་པ་ཕྱིར་མི་ལྡོག་པ་འཐོབ་པར་བསྟན་པ་དང༌། དོན་དང་མི་མཐུན་པར་སྟོན་པ་ཕྱིར་མི་ལྡོག་པ་མ་ཐོབ་པར་བསྟན་པའོ། །དང་པོ་ནི། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཞེས་པ་ནས། བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། དྲི་བར་བྱ་བའི་ཡུལ་བྱང་ཆུབ་སེམས་དཔའ་ཕ་རོལ་པོ་ལ་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྒྱུ་ཤེར་ཕྱིན་བསྒོམ་ཚུལ་དྲིས་པ་ན། རང་གིས་རྟོགས་པ་དང་མཐུན་པར་ཇི་ལྟ་བ་བཞིན་དུ་ལུང་སྟོན་པར་ཡང་མཛད་ན། ལུང་སྟོན་པ་པོ་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱའོ་ཞེས་པའི་དོན་ནོ། །འདིར་དྲི་བ་པོ་ཡང་ཕྱིར་མི་ལྡོག་པ་ཐོབ་པ་དང༌། འདྲི་བར་བྱ་བའི་ཡུལ་ཡང་ཕྱིར་མི་ལྡོག་པ་དགོས་ཏེ། རང་གིས་མྱོང་བ་དང་མཐུན་པར་འདྲི་བ་དང༌། དེ་དང་མཐུན་པར་ལུང་སྟོན་པའི་ཕྱིར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དེ་རབ་ཏུ་འབྱེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་མྱོང་བ་དང་མཐུན་པར་ཕྱིར་མི་ལྡོག་པའི་རྟགས་རབ་ཏུ་གསལ་བར་བྱེད་པའི་ཕྱིར་རོ་ཞེས་པའི་དོན་ནོ། །གཉིས་པ་དོན་དང་མི་མཐུན་པར་ལུང་སྟོན་པ་ཕྱིར་མི་ལྡོག་མ་ཐོབ་པར་སྟོན་པ་ལ་དངོས་ཀྱི་དོན་ནི། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད་དུ་དྲིས་ན་ཞེས་པ་ནས། ལུང་བསྟན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ཐབས་ཤེར་ཕྱིན་བསྒོམ་ཚུལ་དྲིས་པ་ན། དེའི་དོན་མ་རྟོགས་པས་ཕྱིན་ཅི་ལོག་ཏུ་ཕྱིར་མི་ལྡོག་གི་ས་མ་ཐོབ་པ་ཡིན་ཞེས་པའི་དོན་ནོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རབ་ཏུ་མི་འབྱེད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནས། སྲབ་པའི་ས་ནོན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་དྲི་བ་པོས་ཕྱིར་མི་ལྡོག་པའི་ས་ནོན་པ་ལྟར། ལུང་སྟོན་པ་པོས་སྲབ་པའི་ས་ནོན་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །སྲབ་པའི་ས་ལ་གཉིས་ཏེ། ཉན་ཐོས་ཀྱི་ནི་ཕྱིར་མི་འོང་བའི་ས་ལ་བརྗོད་ལ། བྱང་ཆུབ་སེམས་དཔའི་ནི་ས་གཉིས་པ་ནས་བདུན་པའི་བར་རོ། །ཡུལ་ཚད་ཀྱིས་སྨྲས་པ་ལ་བསྟོད་ནས། གཞན་ལ་བྱིན་པ་བསོད་ནམས་ཆེ་བར་སྔར་བརྒྱ་བྱིན་གྱིས་སྨྲས་པ་དེ་ཉིད་བཟླས་ཏེ་མེད་པའི་ཐབས་ལ་མཁས་པ་ལ་དྲི་བ་ནི། གསོལ་པ་ཞེས་པ་ནས། དེ་ལྟ་བུ་མཆིས་སམ་ཞེས་པའི་བར་གྱི་བསྟན་ཏེ། བྱང་ཆུབ་སེམས་དཔའི་སའི་རིམ་པ་མ་ཐོབ་པར་ཕྱིར་མི་ལྡོག་པ་ཐོབ་པ་ཡོད་དམ་ཞེས་དྲིས་པའི་དོན་ནོ། །དེ་ལྟ་བུའི་རྣམ་གྲངས་ཡོད་པའི་ཚུལ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ལན་ལོན་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་ཞེས་པ་ནི་ས་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་ཞེས་པའི་དོན་ནོ། །ཕྱིར་མི་ལྡོག་པའི་དྲི་བ་དང་མཐུན་པར་ལན་གློན་པར་བྱེད་ན་བྱང་ཆུབ་ཏུ་ལུང་བསྟན་ཞིང༌། ཕྱིར་མི་ལྡོག་པའི་དོན་ནོ། །ཕྱིར་མི་ལྡོག་པ་ཐོབ་པ་ཉུང་བར་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སྤྱོད་པ་ནི་ཞེས་པ་ནས། ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ནི་ཉུང་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །ཕྱིར་མི་ལྡོག་གི་མྱོང་བ་དང་མཐུན་པར་ལུང་སྟོན་པ་པོའི་ཡོན་ཏན་བསྟན་པ་ནི། གང་ལུང་བསྟན་པ་དེ་དག་ནི་ཞེས་པ་ནས། མི་འཕྲོགས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྣམ་ཐར་སྒོ་གསུམ་གྱི་ཐབས་ལ་མཁས་པའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པ་རྣམ་པར་བཤད་པའོ།། ༈ སྐབས་ལྔ་པ་རྩེ་མོའི་མངོན་པར་རྟོགས་པའི་དོན་བསྟན་པ། བཞི་བཅུ་ཞེ་དྲུག་པ་རྣམ་པར་མི་རྟོག་པ་བསྟན་པའི་ལེའུ་བཤད་པ། རྩེ་མོའི་མངོན་པར་རྟོགས་པ་ལ་བཞི་སྟེ། ངེས་འབྱེད་ཆ་མཐུན་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། བར་ཆད་མེད་པའི་རྩེ་མོའོ། །དང་པོ་ལ་ཡང་དྲོད་ལ་སོགས་པ་བཞི་ཡོད་པ་ལས། དང་པོ་དྲོད་རྟགས་ཀྱིས་མཚོན་ནས་གསུངས་པ་ལ། རིམ་པ་བཞིན་དུ་རྟགས་བཅུ་གཉིས་བསྟན་ཏེ། དེ་ལ་རྨི་ལམ་ལྟ་བུར་མཐོང་བའི་རྟགས་ནི། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཡང༌། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ་ཞེས་པ་ནས། ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱིས་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཉན་ཐོས་ལ་སོགས་པའི་ས་ལ་འདོད་པ་མི་བསྐྱེད་པའི་རྟགས་ནི། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཡང་ཉན་ཐོས་ཀྱི་སའམ་ཞེས་པ་ནས། ལེགས་པའི་སེམས་མི་བསྐྱེད་ཅིང་མངོན་སུམ་དུ་མི་བྱེད་ན་ཞེས་པའི་བར་གྱིས་གསུངས་ཏེ། འདིར་མདོ་གཉིས་ཀྱི་གོང་འོག་འཁྲུགས་སོ། །སངས་རྒྱས་མཐོང་བའི་རྟགས་ནི། རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཡང་ཞེས་པ་ནས། གཉེར་བའི་ཆོས་ལ་སྤྱོད་པ་མཐོང་ན་ཞེས་པའི་བར་གྱིས་གསུངས་ཏེ། སངས་རྒྱས་ཀྱི་འཁོར་མང་པོ་ལ་ཆོས་སྟོན་པ་དང༌། འཁོར་རྣམས་ཀྱི་ས་ཐོབ་པའི་ཆོས་ལ་སྤྱོད་པ་མཐོང་ན་དེ་ཡང་ཕྱིར་མི་ལྡོག་པའི་རྟགས་སུ་བསྟན་པ་ཡིན་ནོ། །དེ་ལ་ཆོས་ཞེས་པ་ནི་མྱང་འདས་སོ། །གཉེར་བའི་ཆོས་ཞེས་པ་ནི་དེ་སྒྲུབ་བྱེད་ཀྱི་འཕགས་པའི་ལམ་མོ། །སངས་རྒྱས་ཀྱི་རྣམ་འཕྲུལ་མཐོང་བའི་རྟགས་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། སངས་རྒྱས་ཀྱི་བྱ་བ་བྱེད་པ་མཐོང་ན་ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ནམ་མཁར་འཕགས་ནས་ཆོས་སྟོན་ཅིང༌། སྤྲུལ་པ་མང་པོ་སྤྲུལ་ནས་སྤྲུལ་པ་དེས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་སངས་རྒྱས་ཀྱི་བྱ་བ་བྱེད་པར་མཐོང་ན། དེ་ཡང་ཕྱིར་མི་ལྡོག་པའི་རྟགས་སོ་ཞེས་པའི་དོན་ནོ། །ཆོས་སྟོན་པའི་རྟགས་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། རྨི་ལམ་སྟོན་ཞེས་པའི་བར་གྱིས་བསྟན་ཏེ། རྨི་ལམ་དུ་གཞན་སྡུག་བསྔལ་བར་མཐོང་བའི་འོག་ཏུ་སད་ནས་ཀྱང་ཁམས་གསུམ་པོ་རྨི་ལམ་དང་འདྲ་བར་ཆོས་སྟོན་པའི་སེམས་སྐྱེས་ན། དེ་ཡང་ཕྱིར་མི་ལྡོག་པའི་རྟགས་སུ་སྟོན་ནོ། །ངན་སོང་སྤོང་བ་རྗེས་སུ་དྲན་པའི་རྟགས་ལ། དྲི་བ་ནི། རབ་འབྱོར་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་རོ། །ལན་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་དམྱལ་བ་པའི་སེམས་ཅན་མཐོང་ངམ་ཞེས་པ་ནས། གཉིས་སུ་བྱར་མེད་དོ་ཞེས་པའི་བར་གྱིས་སྟོན་ཏེ། བདག་སངས་རྒྱས་པའི་ཞིང་དུ་ངན་སོང་གསུམ་མེད་པར་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་གྱིས་མཚོན་པའི་འཁོར་བ་དང༌། རྨི་ལམ་གྱི་མཐའ་སད་པས་མཚོན་པའི་མྱ་ངན་ལས་འདས་པ་གཉིས་སུ་བྱར་མེད་དོ་སྙམ་ན་དེ་ཡང་ཕྱིར་མི་ལྡོག་པའི་རྟགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །བདེན་ཚིག་གྲུབ་པའི་རྟགས་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་སད་པའི་ཚེ་ཞེས་པ་ནས། རྒྱུ་དེ་དག་དང་རྐྱེན་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། གྲོང་ཁྱེར་ཚིག་པ་ཞི་བའི་ཕྱིར་བདེན་ཚིག་བརྗོད་པ་ན། གལ་ཏེ་ཞི་བར་གྱུར་ན་དེ་ཡང་ཕྱིར་མི་ལྡོག་པའི་རྟགས་སུ་བསྟན་ཏོ། །གལ་ཏེ་སྲང་ནས་སྲང་དུ་མཆེད་དེ་ཁྱིམ་ལ་ལ་ཚིག ལ་ལ་མ་ཚིག་ན། ཁྱིམ་གྱི་བདག་པོ་ལ་ཆོས་སྤོང་གི་ལྷག་མ་ཡོད་པ་ཡིན་ནོ། །མི་མ་ཡིན་ཞི་བའི་བདེན་ཚིག་གྲུབ་པའི་རྟགས་མདོར་བསྟན་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། བསྟན་པར་བྱའོ་ཞེས་པའི་བར་གྱིས་མདོར་བསྟན་ཏོ། །རབ་འབྱོར་གལ་ཏེ་བུད་མེད་དམ་སྐྱེས་པ་ལ་ལ་ཞིག་ཅེས་པ་ནས། བྱང་ཆུབ་ཏུ་ལུང་སྟོན་པར་བྱ་སྟེ་ཞེས་པའི་བར་གྱིས་རྒྱས་པར་བཤད་དོ། །དེ་ལ་སྐྱེས་པ་དང་བུད་མེད་མི་མ་ཡིན་གྱིས་ཟིན་པ་མཐོང་ནས། བདག་བསམ་པ་དག་ཅིང་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་ན། མི་མ་ཡིན་པ་འདི་གུད་དུ་སོང་བར་གྱུར་ཅིག་ཅེས་བདེན་ཚིག་བརྗོད་པའི་ཚེ། གུད་དུ་སོང་ན་བྱང་ཆུབ་ཏུ་ལུང་བསྟན་ཅིང་ཕྱིར་མི་ལྡོག་པ་ཡིན་ལ། །མ་སོང་ན་བྱང་ཆུབ་ཏུ་ལུང་མ་བསྟན་པ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །གོལ་ས་བཅད་པའི་དོན་དུ་ལོག་པའི་རྟགས་བསྟན་པ་ལ་གསུམ་སྟེ། ཡོན་ཏན་གྱི་གཞི་ལས་བྱུང་བའི་བདུད་ཀྱི་ལས་དང༌། མིང་གི་གཞི་ལས་བྱུང་བའི་བདུད་ཀྱི་ལས་དང༌། དབེན་པ་སྟོན་པ་ལས་བྱུང་བའི་བདུད་ཀྱི་ལས་སོ། །དང་པོ་ལ་བདུད་ཀྱི་ལས་བྱེད་པ་དང༌། དེས་བློ་འཁྲུལ་བ་བསྐྱེད་པ་དང༌། དེའི་རྒྱུས་ང་རྒྱལ་བསྐྱེད་པ་དང༌། ང་རྒྱལ་གྱི་བྱེད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཐབས་མཁས་པ་དང་མི་ལྡན་པ་ཞེས་པ་ནས། བདུད་སྡིག་ཏོ་ཅན་དེའི་བྱིན་གྱི་རླབས་ཀྱིས་མི་མ་ཡིན་པ་དེ་གུད་དུ་སོང་བར་གྱུར་པ་ལ་ཞེས་པའི་བར་གྱིས་བསྟན་ཏེ། དྲན་པ་ཉེ་བར་བཞག་པ་སོགས་ནས་རྣམ་ཐར་སྒོ་གསུམ་གྱི་བར་ལ་མ་སྤྱད་པ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཆུད་པ་རྣམས་ལ་བདུད་ཀྱི་མཐུས་མི་མ་ཡིན་གུད་དུ་སོང་བའི་བྱེད་པ་སྒྲུབ་པར་བྱེད་པ་བསྟན་པའོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་སྟེ་ཞེས་པ་ནས། མ་ཤེས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེ་དེའི་རྒྱུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་བརྙས་པ་དང་ཞེས་པ་ནས། ང་རྒྱལ་འཕེལ་བ་དང་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི་ང་རྒྱལ་བསྐྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་ཅེས་པ་ནས། ཐབས་ལ་མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟ་བུ་ཡང་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་མིང་གི་གཞི་ལ་བརྟེན་པའི་བདུད་ཀྱི་ལས་བསྟན་པ་ལ་དང་པོ་དྲི་བ་ནི། རབ་འབྱོར་ཇི་ལྟར་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །ལན་ལ་གསུམ་སྟེ། ཆུང་ངུ་དང༌། འབྲིང་དང༌། ཆེན་པོའོ། །ཆུང་ངུ་ལ་ཡང་གསུམ་སྟེ། དང་པོ་ནི། རབ་འབྱོར་འདི་ལ་བདུད་སྡིག་ཏོ་ཅན་ཞེས་པ་ནས། མི་ལྡོག་པར་ལུང་བསྟན་ཏོ་ཞེས་ཟེར་ཞིང་ཞེས་པའི་བར་ཏེ། མིང་དང་སྔོན་གྱི་རིགས་སྨོས་པའི་སྒོ་ནས་ལུང་སྟོན་པར་མཛད་པའོ། །གཉིས་པ་ནི། ཡང་ན་དགེ་སློང་གི་ཆ་བྱེད་དུ་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་ཏེ། ཆ་བྱེད་ཀྱི་སྒོ་ནས་གཞན་བསླུ་བར་བྱེད་པ་སྟོན་པའི་ཚིག་གིས་གསུངས་སོ། །གསུམ་པ་ནི། རབ་འབྱོར་གལ་ཏེ་ཡང་ཞེས་པ་ནས། དེས་དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ་ཞེས་པའི་བར་གྱིས་གསུངས་སོ། །གསུམ་པ་དབེན་པ་སྟོན་པའི་བདུད་ཀྱི་ལས་ལ་གསུམ་ལས། གཞན་གྱིས་བསྟན་པའི་དབེན་པ་དགག་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། དབེན་པར་མ་བཤད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དབེན་པའི་མཚན་ཉིད་བསྟན་པ་ལ་ཆུང་ངུ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དབེན་པར་རྣམ་པར་སྤྱོད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །བདུད་ཀྱིས་བསྟན་པའི་དབེན་པའི་བྱེད་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དབེན་པའི་རྣམ་པ་དེ་ལྟ་བུ་ཞེས་པ་ནས། རྣམ་པར་ཤེས་པ་ཡོངས་སུ་རྫོགས་པར་འགྱུར་བ་དག་ལ་བརྙས་པའི་སེམས་བསྐྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །བདུད་ཀྱི་ལས་འབྲིང་པོ་ནི། ཐབས་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་བས་མཐའ་བའི་དགོན་པ་སྦྲུལ་དང༌། རི་དྭགས་དང་ཞེས་པ་ནས། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དབེན་པ་དང་བྲལ་བའི་ཕྱིར་ཞེས་པའི་བར་གྱིས་བསྟན་ཏོ། །ཆེན་པོ་ལ་གསུམ་སྟེ། བདུད་ཀྱིས་དབེན་པའི་ཡོན་ཏན་སྟོན་པ་དང༌། དེའི་སྟོབས་ཀྱིས་ལོག་པར་སྤྱོད་པ་དང༌། ལོག་པར་སྤྱོད་པའི་གང་ཟག་གོ །དང་པོ་ནི། དེ་ལྟར་དེའི་དྲུང་དུ་བདུད་སྡིག་ཏོ་ཅན་ཉེ་བར་འོངས་ཤིང་ཞེས་པ་ནས། འཚང་རྒྱ་བར་འགྱུར་རོ་ཞེས་ཟེར་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེའི་རྒྱུས་དབེན་པ་དེ་བས་ཀྱང་དབེན་པ་དེ་གཅེས་པར་འཛིན་ཅིང་ཞེས་པ་ནས། གཞན་དག་ལ་སྨོས་པར་བྱེད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་གང་ཟག་དེ་ནི་བྱང་ཆུབ་སེམས་དཔའ་གདོལ་བར་རིག་པར་བྱའོ་ཞེས་པ་ནས། རིམ་གྲོར་མི་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ང་རྒྱལ་ཅན་དུ་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཕ་རོལ་ཟིལ་གྱིས་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་ལ་གཉིས་ཏེ། མངོན་པར་ཤེས་པས་ཕ་རོལ་གནོན་པ་དང༌། དེའི་ཐབས་དགེ་བའི་བཤེས་གཉེན་བསྟེན་པའོ། །དང་པོ་ལ་བཞི་སྟེ། ང་རྒྱལ་ཅན་གྱི་གང་ཟག་ལ་མི་བསྟེན་པ་དང༌། སྐྱོ་བ་ཡིད་ལ་བྱ་བ་དང༌། ང་རྒྱལ་ཅན་གྱི་གང་ཟག་ཡལ་བར་མི་འདོར་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། བསྟེན་པར་མི་བྱ། རིམ་གྲོར་མི་བྱ་ཞེས་པའི་བར་གྱིས་བསྟན་ཏེ། བྱང་ཆུབ་ཡོངས་སུ་མི་གཏོང་བ་དང༌། སེམས་ཅན་གྱི་དོན་བྱ་བར་འདོད་པས་ལྷག་པའི་ང་རྒྱལ་ཅན་གྱི་གང་ཟག་བསྟེན་པར་མི་བྱ་ཞེས་པའི་དོན་ནོ། །གཉིས་པ་ནི། རང་གི་དོན་དང་ལྡན་པར་འགྱུར་བ་ལ་བརྩོན་པར་བྱ་སྟེ་ཞེས་པ་ནས། སྤྱད་པར་བྱའོ་ཞེས་པའི་བར་རོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའི་གདོལ་བ་དེ་ལ་ཡང་ཞེས་པ་ནས། བསྐྱེད་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། དེས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ་ཞེས་པ་ནས། མངོན་པར་ཤེས་པའི་མཐུར་རིག་པར་བྱའོ་ཞེས་པའི་བར་གྱི་བསྟན་ཏོ། །གཉིས་པ་དགེ་བའི་བཤེས་གཉེན་བསྟེན་པ་ལ། མདོར་བསྟན་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། བསྟེན་པར་བྱའོ་རིམ་གྲོར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་ཐོག་མར་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། དེ་དག་གང་ལགས་ཞེས་པའི་བར་རོ། །ལན་ལ་གཉིས་ཏེ། རྟོགས་པའི་དགེ་བའི་བཤེས་གཉེན་དང༌། སྒྲུབ་པའི་དགེ་བའི་བཤེས་གཉེན་ནོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་དང༌། བྱང་སེམས་དང༌། ཉན་ཐོས་རྣམས་དགེ་བའི་བཤེས་གཉེན་དུ་རིམ་པ་བཞིན་བསྟན་ཏོ། །གཉིས་པ་ལ་བཞི་སྟེ། མདོར་བསྟན། འཐད་པ་འགོད། དེ་ཉིད་ཀྱི་སྒྲུབ་བྱེད་བཤད། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ་ཞེས་པ་ནས། ཆོས་ཀྱི་དབྱིངས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། དྲན་པ་ཉེ་བར་བཞག་པ་ནས། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་ཀྱི་བར་དགེ་བའི་བཤེས་གཉེན་དུ་བསྟན་པ་སྟེ། དེ་ལ་ཆོས་ཀྱི་དབྱིངས་དགེ་བའི་བཤེས་གཉེན་དུ་བསྟན་པའི་དོན་ནི། ཆོས་ཀྱི་དབྱིངས་གོམས་པར་བྱེད་པའི་བློ་ཉིད་ལ་དགོངས་སོ། །གཉིས་པ་ནི། རབ་འབྱོར་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པ་ཡིན་པར་རིག་པར་བྱ་སྟེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་པ་སྟེ་ཞེས་པའི་བར་གྱིས་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ། །སྣང་བའོ། །སྒྲོན་མེའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །དཔུང་གཉེན་ནོ། །སྐྱབས་སོ། །མགོན་ནོ། །མའོ། །ཕའོ་ཞེས་པའི་རྣམ་གྲངས་བཅུ་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་འགྲེས་ནས་བཟུང་སྟེ་ལམ་ཤེས་པ་ཉིད་ཀྱི་འགྲེས་ཀྱི་བར་དུ་སྦྱར་བ་དང༌། རྣམ་མཁྱེན་གྱི་བག་ཆགས་ཀྱི་མཚམས་སྦྱོར་བ་སྤོང་བར་བྱེད་ཅེས་པའི་འགྲེས་ཀྱིས་བཤེས་གཉེན་གྱི་དོན་གསུངས་སོ། །དེའི་སྒྲུབ་བྱེད་སྟོན་པ་ལ་གཉིས་ཏེ། དང་པོ་བྱང་ཕྱོགས་སོ་བདུན་དུས་གསུམ་གྱི་སངས་རྒྱས་ཀྱི་ཡབ་དང༌། ཡུམ་དུ་སྟོན་པ་ནི། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཞེས་པ་ནས། ཡབ་དང་ཡུམ་དུ་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་ཡབ་དང༌། ཡུམ་དུ་གྱུར་པ་སྟོན་པའི་འགྲེས་གསུམ་མོ། །སྒྲུབ་བྱེད་གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། བྱང་ཕྱོགས་སོ་བདུན་ལས་བྱུང་བ་འདི་ནི་དུས་གསུམ་གྱི་སངས་རྒྱས་སུ་འབྱུང་ངོ་ཞེས་ལུང་སྟོན་ནོ། །དོན་བསྡུ་བ་ནི། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་པ་ནས། སྐྱབས་དང་མགོན་ཡིན་ནོ་ཞེས་བརྗོད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །དགེ་བའི་བཤེས་གཉེན་གྱིས་བསྟན་པའི་ཤེར་ཕྱིན་ལ་སློབ་པ་རྟགས་སུ་བསྟན་པ་ལ་གསུམ་སྟེ། ཤེར་ཕྱིན་ལ་བསླབ་པར་བྱ་བ་བསྟན་པ་དང༌། བསླབ་བྱའི་ཤེར་ཕྱིན་གཏན་ལ་དབབ་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པར་བྱ་བར་འདོད་པ་དང་ཞེས་པ་ནས། འདི་ཉིད་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྒྱ་ཆེར་བསྟན་ཏོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅི་ལྟ་བུ་ལགས་ཞེས་པ་ནས། དེ་ཉིད་ཀྱིས་ཆོས་ཐམས་ཅད་ཡོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཡོད་པའི་མཚན་ཉིད་དེས་ཆོས་ཐམས་ཅད་ཡོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་རྩོད་པ་སྤང་བ་ལ། རྩོད་པ་དགོད་པ་དང༌། རྩོད་པ་སྤང་བ་དངོས་སོ། །དང་པོ་ཐལ་བ་འགོད་པ་དང༌། ཁྱབ་པ་སྒྲུབ་པ་གཉིས་སོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། ཇི་ལྟར་མཆིས་པར་གྱུར་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་རྒྱུས་དབེན་པ་དང༌། འབྲས་བུས་སྟོང་པ་ཡིན་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཡང་ཇི་ལྟར་མཆིས་པར་འགྱུར་ཞེས་པའི་ཚུལ་གྱིས་རྩོད་པའོ། །གཉིས་པ་ནི། བཅོམ་ལྡན་འདས་དབེན་པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞེས་པ་ནས། ཇི་ལྟར་འཚལ་བར་བགྱི་ཞེས་པའི་བར་རོ། །གསུམ་པ་ལ་གསུམ་ལས། དང་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། སྦྱང་ངམ་ཞེས་པའི་བར་རོ། །གཉིས་པ་རབ་འབྱོར་གྱིས་རྗེས་སུ་མཐུན་པར་བརྗོད་པ་ནི། གསོལ་པ་ཞེས་པ་ནས། གྱུར་ཏོ་ཞེས་པའི་བར་རོ། །གསུམ་པ་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ཡོད་པ་མ་ཡིན་ནོ་ཞེས་པའི་བར་རོ། །མངོན་པར་ཞེན་པ་མེད་པའི་རྟགས་ནི། གཟུགས་ནས་རྣམ་མཁྱེན་གྱིས་བར་ལ་ཞེན་པའི་ཚུལ་གྱིས་མི་སྤྱོད་པས་གསུངས་ཏེ། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་གཟུགས་ལ་མི་སྤྱོད་དོ། །ཚོར་བ་ལ་མི་སྤྱོད་ཅེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྤྱོད་ཅེས་པའི་བར་གྱིས་བསྟན་ཏོ། །འཐད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། དེ་དག་ཐམས་ཅད་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་ལ་ཉེ་བ་རྟགས་སུ་བསྟན་པ་ལ་གཉིས་ལས། དང་པོ་སྤྱོད་པའི་ཆེ་བ་བསྟན་པ་ནི། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས་ཟིལ་གྱི་གནོན་པར་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །འཐད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། ཟིལ་གྱིས་མི་གནོན་པས་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དེ་ཉིད་རྟགས་སུ་བསྟན་པ་ནི། བཅོམ་ལྡན་འདས་དེ་ལྟར་ཞེས་པ་ནས། ཉེ་བར་གྱུར་པ་ལགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་རྩེ་མོ་རྣམ་འཕེལ་གྱིས་མཚོན་ནས་གསུངས་པ་ལ་གསུམ་སྟེ། བསོད་ནམས་འཕེལ་བར་བསྟན་པ་དང༌། འཕེལ་བའི་རྒྱུ་མཚན་དང༌། གདམས་པ་བསྟན་པའོ། །དེ་བཞིན་གཤེགས་པ་ལ་མཆོད་པ་ལས་ལྷག་པའི་རྣམ་འཕེལ་ལ་གཉིས་ཏེ། དཔེ་བསྟན་པ་དང༌། དོན་བསྟན་པའོ། །དང་པོ་དཔེ་བསྟན་པ་ལ། འགྲེས་གཉིས་ཏེ། དང་པོ་ནི། འཛམ་བུའི་གླིང་དང༌། གླིང་བཞི་པ་དང༌། སྟོང་དང་པོ་དང༌། སྟོང་གཉིས་པ་དང༌། སྟོང་གསུམ་པའི་སེམས་ཅན་ཇི་སྙེད་བླ་ན་མེད་པའི་སངས་རྒྱས་སུ་གྱུར་པ་ལ་རིམ་གྲོ་དང༌། བཀུར་སྟི་བྱས་པའི་བསོད་ནམས་དཔེར་མཛད་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ་ཞེས་པ་ནས། དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་མཆོད་པར་བྱ་བའི་ཡུལ་དང༌། མཆོད་པར་བྱེད་པ་པོ་དང༌། མཆོད་པའི་ཁྱད་པར་དང༌། བསྔོ་བའི་ཁྱད་པར་ཏེ་བཞི་བཞིས་བཤད་པར་བྱའོ། །འབུམ་འགའ་ཞིག་ལ། གླིང་བཞི་པ་ལ་སྦྱར་བ་ཆད་པར་སྣང་ངོ༌། །འགྲེས་གཉིས་པ་ནི། འཛམ་བུའི་གླིང་གི་སེམས་ཅན་དང༌། གླིང་བཞི་པ་དང༌། སྟོང་དང་པོ་དང༌། སྟོང་གཉིས་པ་དང༌། སྟོང་གསུམ་པའི་སེམས་ཅན་ཇི་སྙེད་དགེ་པ་བཅུ་དང༌། བསམ་གཏན་དང༌། ཚད་མེད་དང༌། གཟུགས་མེད་བཞི་དང༌། མངོན་ཤེས་ལྔ་དང༌། རྒྱུན་ཞུགས་སོགས་འབྲས་བུ་བཞི་དང༌། རང་བྱང་ཆུབ་དང༌། བླ་མེད་བྱང་ཆུབ་ལ་བཀོད་པའི་དགེ་བ་དཔེར་མཛད་ནས་གསུངས་པ་སྟེ། རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་ཞེས་སོགས་སོ། །སྟོང་གསུམ་གྱི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་ལས། བསོད་ནམས་མང་དུ་འཕེལ་བ་དཔེར་མཛད་པའི་དོན་གྱིས་གསུངས་སོ། །གཉིས་པ་དོན་སྟོན་པ་ལ། དོན་དངོས་དང༌། དེའི་ཕན་ཡོན་དང༌། དེའི་འཐད་པའི་སྒོ་ནས་བཤད་པའོ། །དང་པོ་ནི་གང་དུ་བརྗོད་པའི་དཔེ་དེ་དག་གི་མཇུག་ཐོགས་སུ་ཤེར་ཕྱིན་གཞན་ལ་སྟོན་པ་དང༌། འཆད་པ་དང༌། རྣམ་པར་གཞོག་པ་དང༌། རབ་ཏུ་གཞོག་པ་དང༌། འགྲེལ་པ་དང༌། རྣམ་པར་འབྱེད་པ་དང༌། གསལ་བར་བྱེད་པ་དང༌། ཡང་དག་པར་སྟོན་ན། དེའི་བསོད་ནམས་མང་དུ་འཕེལ་ལོ་ཞེས་གསུངས་པས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནས། སྦྱིན་པའི་གནས་སུ་འགྲོ་བ་ཡིན་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན་དེ་ནི་འདི་ལྟར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར་ཞེས་པ་ནས། སྦྱིན་པ་དག་གི་སྦྱིན་པ་དག་པར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་གདམས་པ་བསྟན་པ་ན།ི རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་པར་ཁམས་ཀྱི་བསོད་སྙོམས་ལ་ཡོངས་སུ་སྤྱོད་པར་འདོད་པ་དང་ཞེས་པ་ནས། ཡང་དེས་ཡིད་ལ་བྱ་བ་གཞན་གྱི་གོ་སྐབས་མི་འབྱེད་དོ་ཞེས་པའི་བར་གྱིས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པའི་རྣམ་འཕེལ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བ་ཉིད་ཀྱིས་ཞེས་པ་ནས། དེ་ལྟར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་དཔེ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྔོན་ཆད་ནོར་བུ་རིན་པོ་ཆེ་ཞེས་པ་ནས། རྒྱུན་དུ་འབྱུང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་ནི། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། ཡིད་བདེ་བ་མང་པོ་དང་ལྡན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་རྩོད་པ་སྤང་བ་ལ། རྩོད་པ་དགོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཡིད་ལ་བགྱི་བ་དེ་དག་ཅེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། ཡིད་ལ་བགྱི་བ་དེ་དག་ཐམས་ཅད་ཀྱང་ཞེས་པ་ནས། སྟོང་པ་ལགས་ན་ཞེས་པའི་བར་གྱི་གཏན་ཚིགས་བསྟན་ཏོ། །བྱང་སེམས་ཆེན་པོ་ཞེས་པ་ནི་ཆོས་ཅན་ནོ། །ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བགྱི་བ་དང་མ་བྲལ་བ་ལགས་ཞེས་པ་ལ། གོང་གི་ཇི་ལྟར་ཞེས་པ་སྦྱར་ནས་ཐལ་འགྱུར་དུ་བཀོད་པར་བྱའོ། །བྲལ་བ་ལ་ནི་བྱང་ཆུབ་སེམས་དཔའ་མི་དམིགས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་ཞེས་པའི་བར་གྱིས་ཁྱབ་པ་བསྟན་ཏོ། །ལན་ལ་དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་ཤེར་ཕྱིན་ཡིད་ལ་བྱེད་པ་དང་མ་བྲལ་བ་འཐད་པར་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །འདིར་ཤེར་ཕྱིན་ནི་ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང་ཞེས་པ་ནས། ཡང་དག་པའི་མཐའ་འདི་ནི་གནས་པ་ཡིན་ནོ་ཞེས་བྱ་བར་ཤེས་པ་ལ་ངོས་བཟུང་ངོ༌། །ཆོས་ཉིད་ཀྱི་དོན་ཤེས་པ་དང་མ་བྲལ་བར་ཤེས་པ་ལ་ངོས་བཟུང་ངོ༌། །ཆོས་ཉིད་ཀྱི་དོན་ཤེས་པ་དང་མ་བྲལ་བར་བསྟན་པ་དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་དབེན་ཞིང་འཕེལ་འགྲིབ་མེད་པའི་དོན་ཤེས་པ་ཉིད་ཤེར་ཕྱིན་ཡིན་པར་བསྟན་པ་ནི། རབ་འབྱོར་དེ་ནི་འདི་ལྟར་ཞེས་པ་ནས། འགྲིབ་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་རྣམ་འཕེལ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། ཤེར་ཕྱིན་རང་བཞིན་གྱིས་སྟོང་ན་དེ་ལ་བརྟེན་ནས་ཇི་ལྟར་འཚང་རྒྱ་བར་འགྱུར་ཞེས་རྩོད་པ་སྟེ། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས་ཐོག་མའི་ཅི་ལྟར་ཞེས་པ་སྦྱར་ནས། འཚང་རྒྱ་བར་འགྱུར་བ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ལ་བཟོད་པའི་ཡུལ་ངོས་བཟུང་བ་དང༌། ཡུལ་དེ་ལ་མི་སྐྲག་པ་བཟོད་པར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་ཞེས་པ་ནས། ཡོངས་སུ་འགྲིབ་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། གཉིས་ཀྱང་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། རྟོགས་བྱའི་ཆོས་ཉིད་དང༌། རྟོགས་བྱེད་ཀྱི་ཤེར་ཕྱིན་གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བར་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་གལ་ཏེ་དེ་སྐད་དུ་བཤད་པ་ལ་ཞེས་པ་ནས། རྟོགས་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་བྱེ་བྲག་ཏུ་རྒྱས་པར་བཤད་པ་ལ་གསུམ་སྟེ། བཟོད་པའི་ཡུལ་བསྟན་པ་དང༌། ཡུལ་ཅན་བཟོད་པ་བསྟན་པ་དང༌། ཕན་ཡོན་བསྟན་པའོ། །དང་པོ་ལ་བཞི་སྟེ། སྤྱོད་བྱེད་མ་དམིགས་པ་དང༌། སྤྱོད་པའི་ཆོས་མ་དམིགས་པ་དང༌། སྤྱོད་པར་བྱ་བ་མ་དམིགས་པ་དང༌། བཀག་པའི་ཆོས་མ་དམིགས་པའོ། །དང་པོ་ལ་བདུན་ཏེ། ཡུམ་གྱི་ཆོས་ཉིད་སྤྱོད་བྱེད་ཡིན་པ་དགག ཡུམ་ལས་གཞན་པ་སྤྱོད་བྱེད་ཡིན་པ་དགག ཤེར་ཕྱིན་ཉིད་སྤྱོད་བྱེད་ཡིན་པ་དགག སྟོང་ཉིད་སྤྱོད་བྱེད་ཡིན་པ་དགག སྟོང་ཉིད་ལས་གཞན་པ་སྤྱོད་བྱེད་ཡིན་པ་དགག ཆོས་ཅན་གྱི་ཆ་སྤྱོད་བྱེད་ཡིན་པ་དགག ཆོས་ཉིད་ཀྱི་ཆ་སྤྱོད་བྱེད་ཡིན་པ་དགག་པའོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་པའི་བར་དང༌། གཉིས་པ་ནི། བཅོམ་ལྡན་འདས་ཞེས་པ་ནས། ཆོས་གང་ཡང་མཆིས་སམ་ཞེས་པ་དང༌། གསུམ་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་པ་དང༌། བཞི་པ་ནི། བཅོམ་ལྡན་འདས་ཞེས་པ་ནས། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་དམ་ཞེས་པ་དང༌། ལྔ་པ་ནི་སྟོང་པ་ཉིད་ལས་གུད་དུ་སྟོང་པ་ཉིད་ལ་སྤྱོད་དམ་ཞེས་པའི་བར་ལྔས་ནི་དྲི་བ་བསྟན་ལ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་སོགས་ལན་ལྔ་གསུངས་པས་ནི་ལན་བསྟན་ཏོ། །དྲུག་པ་ཆོས་ཅན་སྤྱོད་བྱེད་ཡིན་པ་དགག་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ཤེར་ཕྱིན་ལ་སྤྱོད་བྱེད་ཡིན་པ་དགག་པས་གསུངས་ཏེ། གསོལ་པ་བཅོམ་ལྡན་འདས་ཅི་ལགས་གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་སོགས་དྲི་བ་ལྔ་བཀོད་ནས། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་པས་ལན་བཏབ་བོ། །བཅོམ་ལྡན་འདས་ཅི་ལགས་གཟུགས་ཀྱི་སྟོང་པ་ཉིད་དང༌། གསོག་ཉིད་དང༌། གསོབ་ཉིད་དང་རག་ལས་པ་ཉིད་དང༌། སྙིང་པོ་མ་མཆིས་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་དང༌། ཆོས་སྐྱོན་མེད་པ་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་པ་སྟེ། གཟུགས་ཀྱི་ཆོས་དབྱིངས་ཀྱི་རྣམ་གྲངས་བཅུ་བཞི་བཀོད་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་དྲི་བ་བཀོད་པ་དེ་བཞིན་དུ། ཚོར་བ་ནས་རྣམ་མཁྱེན་གྱི་ཆོས་དབྱིངས་ཀྱི་རྣམ་གྲངས་བཅུ་བཞི་བཀོད་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་དྲི་བ་བཀོད་པའི་བར་གྱིས་ནི། དྲི་བ་བསྟན་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་པས་ནི་ལན་བཏབ་པའོ། །སྤྱོད་པའི་ཆོས་མ་དམིགས་པ་ལ་དྲི་བ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ལགས་ཞེས་པའི་བར་གྱིས་གསུངས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་ཆོས་དང་ཆོས་ཉིད་ཤེར་ཕྱིན་ལ་མི་སྤྱོད་ན། ཇི་ལྟར་ཤེར་ཕྱིན་ལ་སྤྱོད་པ་ཡིན་ཞེས་དྲི་བའོ། །བཅོམ་ལྡན་འདས་ཀྱིས་སྤྱོད་པ་སྤོང་བའི་དྲི་བའི་ཚིག་བཀོད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྤྱོད་པར་བྱ་བ་དགག་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་ཁྱོད་ཀྱིས་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་དགག་པའི་ཆོས་མི་དམིགས་པ་ལ་གཉིས་ཏེ། ངོ་བོ་དགག་པ་དང༌། ཁྱད་པར་དགག་པའོ། །དང་པོ་ནི་ཆོས་གང་ཁྱོད་ཀྱིས་མ་མཐོང་བའི་ཆོས་དེ་དམིགས་སུ་ཡོད་དམ་ཞེས་སོགས་ཀྱིས་བསྟན་ཏོ། །གཉིས་པ་ནི་ཆོས་གང་གཉིས་སུ་མེད་པ་དེ་སྐྱེ་བའམ་དགག་པར་འགྱུར་ཞེས་སོགས་ཀྱིས་བསྟན་ཏོ། །དེ་ལ་གོང་དུ་སྤྱོད་པའི་ཆོས་དང༌། སྤྱད་པར་བྱ་བ་མ་མཐོང་བར་བསྟན་པ་ནི། མ་མཐོང་བའི་ཆོས་བདེན་པར་དགག་གཞི་ཡོད་དམ་སྙམ་པའི་དོགས་པ་དགག་པའི་དོན་དུ་མ་མཐོང་བའི་ཆོས་མ་དམིགས་པ་དང༌། དེའི་ཁྱད་པར་གྱི་ཆོས་སྐྱེ་འགག་མ་དམིགས་པར་བསྟན་པ་ཡིན་ནོ། །བཟོད་པའི་ཡུལ་ངོས་བཟུང་ནས་ཡུལ་ཅན་བཟོད་པའི་ངོ་བོ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་དེ་ནི་ཞེས་པ་ནས། ཆོས་ལ་བཟོད་པ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་བཟོད་པའི་ཕན་ཡོན་བསྟན་པ་ནི། རབ་འབྱོར་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཞེས་པ་ནས། ནམ་ཡང་ཡོངས་སུ་འགྲིབ་པར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་པར་བྱ་བ་དང༌། བྱང་ཆུབ་པར་བྱེད་པའི་རྣམ་འཕེལ་ལ་གསུམ་སྟེ། བྱང་ཆུབ་པར་བྱ་བ་མ་དམིགས་པ་དང༌། བྱང་ཆུབ་པར་བྱེད་པ་མ་དམིགས་པ་དང༌། མི་དམིགས་པའི་འཐད་པ་བཤད་པའོ། །དང་པོ་ནི། རབ་འབྱོར་གྱིས་དྲི་བ་གསུམ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གསུམ་དང༌། རབ་འབྱོར་གྱིས་བཅོམ་ལྡན་འདས་ཀྱི་གསུངས་དང་རྗེས་སུ་མཐུན་པར་བརྗོད་པ་རྣམས་ཀྱིས་བསྟན་ཏེ། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་ཅི་ལགས། ཆོས་ཐམས་ཅད་ཀྱི་མི་སྐྱེ་བ་གང་ལགས་ཞེས་པ་ནས། ལུང་བསྟན་པར་འགྱུར་བའི་ཆོས་དེ་དག་ནི་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། བཅོམ་ལྡན་འདས་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། གང་གིས་མངོན་པར་རྫོགས་པར་སངས་རྒྱས་པ་དང་ཞེས་པ་ནས། འདི་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བྱ་བར་མི་སེམས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར་དེ་ནི་འདི་ལྟར་ཞེས་པ་ནས། རྣམ་པར་མི་རྟོག་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྣམ་པར་མི་རྟོག་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་ཞེ་དྲུག་པ་རྣམ་པར་བཤད་པའོ།། ༈ བཞི་བཅུ་ཞེ་བདུན་པ་སྤྱོད་པའི་ལེའུ་བཤད་པ། དགེ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་རྣམ་འཕེལ་ལ་གཉིས་ཏེ། ཡུམ་གྱི་ཁྱད་པར་གྱི་ཆོས་བསྟན་པ་དང༌། ཡུམ་ལ་འཇུག་པ་མཆོག་ཏུ་བསྟན་པའོ། །དང་པོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། མཁས་ཤིང་རིག་པས་རྟོགས་པར་འགྱུར་བའོ་ཞེས་པའི་བར་གྱིས་བསྟན་ཏེ། ཤེར་ཕྱིན་ཟབ་པ་དང་ལྡན་ལྟ་དཀའ་བ་སོགས་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་སོགས་ཀྱི་སྒོ་ནས་ཤེར་ཕྱིན་ཟབ་པའི་ཁྱད་པར་བསྟན་པ་ཡིན་ནོ། །གཉིས་པ་ལ་མདོར་བསྟན་ནི། བཅོམ་ལྡན་འདས་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་འཛིན་པ་དང་ཞེས་པ་ནས། དེ་དག་ནི་དགེ་བའི་རྩ་བ་ཐ་མ་དང་ལྡན་པ་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། དགེ་བ་བཅུ་ལ་སོགས་པ་ཟིལ་གྱིས་གནོན་པ་དང༌། ལྷ་ལ་སོགས་པའི་དགེ་བ་ཟིལ་གྱིས་གནོན་པ་དང༌། འཕགས་པ་གཞན་གྱི་དགེ་བ་ཟིལ་གྱིས་གནོན་པ་དང༌། དམིགས་བཅས་ཀྱི་དགེ་བ་ཟིལ་གྱིས་གནོན་པ་དང༌། དང་པོ་ནི། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས། འཛམ་བུ་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཅེས་པ་ནས། དཔེ་དང་རྒྱུར་ཡང་མི་བཟོད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེ་ནས་དགེ་སློང་གཅིག་གིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་གནོན་ཅིང་འགྲོ་བར་ཡང་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །འགྲོ་བར་འགྱུར་ཞེས་པ་ནི། ངེས་པར་འབྱུང་ངོ་ཞེས་པའི་དོན་ནོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འགྲོ་བར་མ་ཟད་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྒྱུན་དུ་ཞུགས་པ་དང་ཞེས་པ་ནས། ཟིལ་གྱིས་མནན་ཅིང་འགྲོ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་སུ་ཡང་མ་ཟད་དེ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། འཐད་པ་བརྗོད་པའོ། །དང་པོ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་ཡང་མ་ཟད་དེ་ཞེས་པ་ནས། འཇིག་རྟེན་གྱིས་ཟིལ་གྱིས་མནན་པར་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཐད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་སྐད་བསྟན་པ་དང༌། མཐུན་པར་སྤྱོད་པ་སྟེ་ཞེས་པ་ནས། རང་སངས་རྒྱས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྷའི་རིགས་ཐམས་ཅད་འོང་བའི་རྣམ་འཕེལ་ལ་གསུམ་སྟེ། ལྷའི་རིགས་འཁོར་དུ་ཉེ་བར་འོང་བ་དང༌། སངས་རྒྱས་ཀྱིས་དགོངས་པ་དང༌། གནོད་པ་དང་སྡུག་བསྔལ་མི་འབྱུང་བའོ། །དང་པོ་ནི། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ། རྒྱལ་པོ་ཆེན་པོ་བཞི་དག་ཀྱང་འགྲོ་བར་བྱ་བར་སེམས་ཏེ་ཞེས་པ་ནས། གནས་གཙང་མའི་རིགས་ཀྱི་ལྷ་རྣམས་ཉེ་བར་འོང་བར་སེམས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་མྱུར་དུ་སློབས་ཤིག་ཅེས་པ་དང༌། སྐྱེན་པར་སློབས་ཤིག་ཅེས་པའི་ཚིག་གཉིས་སྨོས་པ་ནི། གུས་སྦྱོར་དང༌། རྟག་སྦྱོར་གཉིས་ལ་ཡང་སྦྱར་རོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རྟག་ཏུ་དགོངས་པ་ཡིན་ཏེ་ཞེས་པ་ལ་སོགས་པས་བསྟན་ཏོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། དེ་ལྟར་སྤྱོད་པ་དེའི་ལུས་ལ་ནི་ཞེས་པ་ནས། འདིའི་ཡོན་ཏན་དུ་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་རྣམ་འཕེལ་བསྟན་པ་ལ་ལྔ་སྟེ། ལུང་སྟོན་པ་སངས་རྒྱས་ཀྱི་མཐུ་ཡིན་པ་དང༌། ཡུམ་ལ་སྤྱོད་པ་བྱང་ཆུབ་གང་དུ་ངེས་པ་དང༌། བླ་མེད་བྱང་ཆུབ་ཏུ་ངེས་ན་མྱ་ངན་བྱེད་པ་དང༌། དེ་ལ་འཚེ་བའི་སྦྱོར་བ་བྱེད་པ་དང༌། ཞར་ལ་བདུད་ཀྱིས་གླགས་རྙེད་པ་བསྟན་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་དགའ་བོ་འདི་སྙམ་དུ་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་འདི་རང་གི་སྤོབས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དགའ་བོ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་ཞེས་པ་ནས། དོགས་པ་རྙེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དགའ་བོ་གཞན་ཡང་གང་གི་ཚེ་ཞེས་པ་ནས། མྱ་ངན་གྱི་ཟུག་རྔུ་ཟུག་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། དགའ་བོ་གཞན་ཡང་ཞེས་པ་ནས། སྐར་མ་ལྷུང་བ་ལྟུང་ཞིང་འཇིགས་པ་བསྐྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྔ་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། དབྱེ་བ་བསྟན་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། བརྩེ་བའི་བསམ་པ་སྤོང་བ་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དབྱེ་བ་ལ་བཅུ་གཉིས་ཏེ། ཤེར་ཕྱིན་ལ་མོས་པ་མ་བྱས་པ་དང༌། ཡུམ་ལ་ཐེ་ཚོམ་ཟ་བ་དང༌། དགེ་བའི་བཤེས་གཉེན་དང་བྲལ་བ་དང༌། དམན་པའི་ཆོས་འཛིན་པ་དང༌། དམན་པའི་ཆོས་བསྔགས་པ་དང༌། མི་དགེ་བའི་གྲོགས་པོ་དང་ཕྲད་པ་དང༌། བདག་བསྟོད་གཞན་ལ་སྨད་པ་དང༌། ང་རྒྱལ་གྱིས་གཞན་ལ་བརྙས་པ་དང༌། ཉན་ཐོས་ཀྱི་ཐེག་པ་ལ་སྨོད་པ་དང༌། བྱང་སེམས་ཀྱི་ཐེག་པ་ལ་སྨོད་པ་དང༌། ལུང་བསྟན་པ་ལ་སྨོད་པ་དང༌། ལྟུང་བ་ལ་ངེས་པར་འབྱུང་བའོ། །དང་པོ་ནི། དགའ་བོས་གསོལ་པ། བཅོམ་ལྡན་འདས་ཞེས་པ་ནས། འཚེ་བའི་བསམ་པས་ཉེ་བར་འོང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ་ཞེས་པ་ནས། ཉེ་བར་འོང་ངོ་ཞེས་པའི་བར་གྱིས་བསྟན་ཏེ། ཡུམ་བསྟན་པའི་ཚེ་ཤེར་ཕྱིན་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་གི་དྲུང་དུ་འོང་བར་བསྟན་ཏོ། །གསུམ་པ་ནི། དགའ་བོ་གཞན་ཡང༌། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་བྲལ་ན་ཞེས་པ་ནས། གླགས་རྙེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ལ་ཞེས་པ་ནས། གླགས་རྙེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྔ་པ་ནི། དགའ་བོ་གཞན་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་མ་ཡིན་པ་ལ་བསྔགས་པ་བརྗོད་ན། གླགས་རྙེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དྲུག་པ་མི་དགེ་བའི་གྲོགས་པོ་དང་འཕྲད་པ་ནི། དགའ་བོ་གཞན་ཡང༌། བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ཞིག་ལ་བདུད་ཀྱིས་གླགས་རྙེད་པར་འགྱུར་ཞེས་པ་ནས། བྱང་ཆུབ་སེམས་དཔའ་དེ་ལ་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བདུན་པ་ནི། དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་བྱང་ཆུབ་སེམས་དཔའ་བརྙས་པ་བསྐྱེད་ཅིང་རློམ་སེམས་སུ་བྱེད་ན། དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཞེས་པའི་བར་དང༌། དགའ་བོ་གཞན་ཡང་གང་གི་ཚེ་ཞེས་པ་ནས། གླགས་རྙེད་པར་འགྱུར་རོ་ཞེས་པའི་བར་མདོ་སྔ་ཕྱི་གཉིས་ཀྱིས་བསྟན་ཏོ། །བརྒྱད་པ་ནི། དགའ་བོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའི་མིང་བརྗོད་པའམ། རུས་བརྗོད་པ་ཀུན་ཏུ་གྲགས་པར་གྱུར་ན་ཞེས་པ་ནས། དགའ་བོ་དོན་གྱི་དབང་དེ་མཐོང་ནས། བདུད་སྡིག་ཏོ་ཅན་དགའ་བ་དང༌། སྤྲོ་བ་དང༌། ཚིམ་པ་དང༌། ཡིད་བདེ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དགུ་པ་ཉན་ཐོས་ཀྱི་ཐེག་པ་ལ་སྨོད་པ་ནི། དགའ་བོ་གཞན་ཡང་གལ་ཏེ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཉན་ཐོས་ཀྱི་ཐེག་པ་དང་རྩོད་ཅིང་ཞེས་པ་ནས། ཉེ་བར་གྱུར་པ་མ་ཡིན་ནོ་ཞེས་པའི་བར་དང༌། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ལམ་མ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཡང་ངོ་བོ་དང་འཐད་པ་གཉིས་ཀྱི་བསྟན་པ་ཡིན་ནོ། །བཅུ་པ་བྱང་སེམས་ཀྱི་ཐེག་པ་ལ་འཐབ་པ་ནི། དགའ་བོ་གཞན་ཡང་གང་ཟག་བྱང་ཆུབ་སེམས་པའི་ཐེག་པ་བ་དང༌། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བ་གཞན་དུ་འཐབ་ཅིང་རྩོད་ལ་ཞེས་པ་ནས། ཡིད་ཚིམ་ཞིང་ཡིད་བདེ་བར་བསྐྱེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བཅུ་གཅིག་པ་ལུང་བསྟན་ཐོབ་པ་ལ་སྨོད་པ་ནི། དགའ་བོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་མ་བསྟན་པ། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ལ་གནོད་པར་སེམས་ཤིང་ཞེས་པ་ནས། དེ་སྲིད་ཀྱི་བསྐལ་པར་གོ་ཆ་བགོ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཅུ་གཉིས་པ་ལྟུང་བ་ལ་ངེས་པར་འབྱུང་ཚུལ་བསྟན་པ་ལ་གཉིས་ཏེ། ཐེག་པ་གསུམ་གྱི་གང་ཟག་ལ་ངེས་པར་འབྱུང་བའི་ཐབས་ཡོད་པ་དང༌། བྱེ་བྲག་ཏུ་བྱང་ཆུབ་སེམས་དཔའ་ལ་ཡོད་པའོ། །དང་པོ་ནི། དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་དག་གིས་སེམས་བསྐྱེད་པ་དེ་དག་ལ་ཞེས་པ་ནས། ངེས་པར་འབྱུང་བ་དང་བཅས་པའི་ཆོས་བསྟན་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་གསུམ་སྟེ། གཉེན་པོ་མ་བསྟེན་པའི་ཉེས་པ། གཉེན་པོ་བསྟེན་ནས་མྱུར་དུ་ཐར་པ། གང་ཟག་གཞན་ལ་བག་ཡོད་དུ་བྱ་བའོ། །དང་པོ་ནི། དགའ་བོ་དེ་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བའི་གང་ཟག་དང་འཐབ་ཅིང་རྩོད་ལ་ཞེས་པ་ནས་དེ་ནི་འབྱུང་བར་ང་མི་སྨྲ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། གང་ཟག་དེས་གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་གཏོང་ཞེས་པ་ནས། བདུད་སྡིག་ཏོ་ཅན་གླགས་ལྟ་ཞིང་གླགས་ཚོལ་བས་ཀྱང་གླགས་མི་རྙེད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དགའ་བོ་གཞན་ཡང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་ཉན་ཐོས་ཀྱི་ཐེག་པ་དག་དང་འགྲོགས་པར་མི་བྱའོ་ཞེས་པ་ནས། ཡོངས་སུ་དཀྲོལ་བར་བྱ་བ་དག་གོ་སྙམ་དུ་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །སྟོན་པ་དང་འདྲ་བར་གུས་པ་བསྐྱེད་པའི་རྣམ་འཕེལ་ལ་གསུམ་སྟེ། །དོན་དངོས་དང༌། བསམ་པའི་ཁྱད་པར་དང༌། བསླབ་བྱ་མཉམ་པར་བསླབ་པའོ། །དང་པོ་ནི། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བ་དང་གནས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བདག་གི་གྲོགས་ཏེ་གྲུ་གཅིག་ཏུ་ཞུགས་པ་ཞེས་སོགས་ཀྱིས་བསྟན་ཏོ། །གསུམ་པ་ནི། འདིས་ཇི་ལྟར་བསླབ་པར་བྱ་བ་དེ་བཞིན་དུ་བདག་གིས་ཀྱང་བསླབ་པར་བྱའོ་ཞེས་པས་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། འདིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་སོགས་ཀྱིས་བསྟན་ཏེ། བསླབ་པར་བྱ་བའི་ཡུལ་མཉམ་པར་བསྟན་པ་དང༌། མཉམ་པ་ཉིད་གཏན་ལ་དབབ་པ་དང༌། མཉམ་པའི་དོན་བཤད་པ་དང༌། མཉམ་པ་ཉིད་ལ་བསླབ་པས་འཚང་རྒྱ་བར་བསྟན་པའོ། །དང་པོ་ལ་སེམས་བསྐྱེད་པ་གཉིས་ཀྱི་དང་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་པ་ནས། བདག་གིས་ཀྱང་བསླབ་པར་བྱ་སྙམ་དུ་སེམས་བསྐྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་གཞན་གྱིས་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་བསླབ་པར་བྱ་བ་ལྟར་བདག་གིས་ཀྱང་བསླབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་བསྟན་ཏོ། །སེམས་བསྐྱེད་པ་གཉིས་པ་ནི། དེས་གཞན་ཡང་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ་ཞེས་པ་ནས། དེ་ལྟར་བསླབ་པར་བྱ་སྙམ་དུ་སེམས་བསྐྱེད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསླབ་པ་མ་ཉམས་པ་ཡིན་ནོ་ཞེས་བྱའོ། །སྤྱོད་པའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པ་རྣམ་པར་བཤད་པའོ།། ༈ བཞི་བཅུ་ཞེ་བརྒྱད་པ་རྣམ་པར་མི་རྟོག་པའི་ལེའུ་བཤད་པ། གཉིས་པ་བསླབ་པར་བྱ་བའི་ཡུལ་མཉམ་པ་ཉིད་བསྟན་པ་ལ་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། མཉམ་པ་ཉིད་གང་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མཉམ་པ་ཉིད་དོ་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་མཉམ་པ་ཉིད་ཀྱི་དོན་བསྟན་པ་ནི། གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཚོར་བ་ནི་ཚོར་བས་སྟོང་ངོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །མཉམ་པ་ཉིད་ལ་བསླབ་པས་སངས་རྒྱ་བ་སྟོན་པ་ནི། རབ་འབྱོར་འདི་ནི་ཞེས་པ་ནས། སངས་རྒྱའོ་ཞེས་པའི་བར་ཕྲེང་གཅིག་གིས་བསྟན་ཏོ། །བསླབ་པ་ཡོངས་སུ་དག་པའི་རྣམ་འཕེལ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ལྔ་སྟེ། མ་དག་པའི་བསླབ་པ་བསྟན་པ། དག་པའི་བསླབ་པ་དང༌། དག་པའི་ཕན་ཡོན་བསྟན་པ་དང༌། ཐབས་ལ་མཁས་པའི་ཕན་ཡོན་བསྟན་པ་དང༌། འགལ་བ་སྤང་བའོ། །དང་པོ་ལ་དྲི་བ་བཀོད་པ་ནི། བས་པར་བགྱི་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འགག་པ་དང་མི་སྐྱེ་བར་བགྱི་བས་རྣམ་པ་བཞི་གཟུགས་ལ་སྦྱར་ནས་དེའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ་ཞེས་པ་ནས། རྣམ་པ་བཞི་པོ་རྣམ་མཁྱེན་ལ་སྦྱར་ཏེ། དེའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་བམ་ཞེས་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཆོས་བཞི་སྦྱར་ནས་དྲི་བ་བཀོད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་བས་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་བམ་ཞེས་པའི་བར་དུ་བསྟན་ཏོ། །དེ་ལ་གཟུགས་བས་པར་བགྱི་བའི་དོན་ནི། ཟད་པར་བགྱི་བ་སྟེ། དེའི་དོན་དུ་རྣམ་མཁྱེན་ལ་སློབ་བམ་ཞེས་པ་སྟེ། གཟུགས་ཟད་པ་དང༌། སྤང་བ་དང༌། འགག་པ་དང༌། སྐྱེ་བའི་ཚུལ་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་བམ་ཞེས་པའི་ཚུལ་གྱིས་དྲི་བ་བསྟན་ཏོ། །ལན་ལ། སྨྲས་པ་དེ་ནི་མ་ཡིན་ནོ་ཞེས་པས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ་གཉིས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་དང༌། རབ་འབྱོར་གྱིས་དེ་བཞིན་གཤེགས་པ་དང་རྗེས་སུ་མཐུན་པར་བརྗོད་པའོ། །དང་པོ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་བའམ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ། ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ཟད་པ་ནི་སྡུག་བསྔལ་ཟད་པ་དང༌། སྤོང་བ་ནི་ཀུན་འབྱུང་དང༌། སྐྱེ་བ་ནི་གཉེན་པོ་དང༌། འགག་པ་ནི་མི་མཐུན་ཕྱོགས་ལ་སྦྱར་རོ། །འགྱུར་རམ་ཞེས་པ་ནི་དེ་དག་སྤོང་བའི་ཚིག་སྟེ་སྐྱེ་འགག་སོགས་མེད་དོ་ཞེས་པའི་དོན་ནོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ་ཞེས་བསྟན་ཏོ། །གཉིས་པ་བསླབ་པ་ཡོངས་སུ་དག་པ་སྟོན་པ་ལ། དེ་བཞིན་ཉིད་ལ་སློབ་ན་བསླབ་པ་ཡོངས་སུ་དག་གོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ལ་སློབ་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ཡོངས་སུ་དག་པའི་ཕན་ཡོན་བསྟན་པ་ལ་བཞི་སྟེ། ཐམས་ཅད་ལ་བསླབ་པས་བསླབ་པར་འགྱུར་བ་དང༌། དམན་པའི་སྐྱེ་བ་མི་འཛིན་པ་དང༌། ལས་ཀྱི་མཐའ་མ་ལོག་པ་དང༌། སྐྱེ་བ་དམན་པའི་ཁྱད་པར་མི་འཛིན་པའོ། །དང་པོ་ནི། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ཟད་པ་དང་སྤང་བ་མེད་པའི་སྐྱེ་འགག་མེད་པའི་ཚུལ་དུ་སློབ་ན། དེ་བཞིན་ཉིད་ལ་སློབ་པ་ཡིན་པ་ལ། དེ་བཞིན་ཉིད་ལ་བསླབ་པས་སྦྱིན་པ་ནས། རྣམ་བྱང་གི་བར་གྱི་ཆོས་ཐམས་ཅད་ལ་སློབ་པ་ཡིན་ཞེས་པའི་དོན་ནོ། །ཡོན་ཏན་གྱི་ཆོས་གཞན་ལ་བསླབ་པར་འགྱུར་བ་ནི། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསླབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འགྱུར་བ་ཡིན་ཞེས་པ་ནས། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུས་བྱས་ཀྱི་ཁམས་བསྟན་པར་བྱའོ་ཞེས་སློབ་པ་ཡིན་ཏེ། རབ་འབྱོར་སེམས་ཅན་དམའ་བས་ནི། བསླབ་པ་རྒྱ་ཆེན་པོ་འདི་ལ་སློབ་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་སློབ་པ་དེ་ནི་ཞེས་པ་ནས། དབང་པོ་ཡོངས་སུ་ཚང་ཞིང་མ་ཚང་བར་ཡོངས་སུ་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། སྲོག་གཅོད་པར་མི་འགྱུར་རོ་ཞེས་པ་ནས། ཚུལ་ཁྲིམས་ངན་པ་ཡོངས་སུ་འཛིན་པར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་ཚེ་རིང་པོའི་ནང་དུ་མི་སྐྱེའོ་ཞེས་པས་བསྟན་ཏོ། །གསུམ་པ་ཐབས་ལ་མཁས་པའི་ཁྱད་པར་ནི། དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་དང་ལྡན་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་ཚེ་རིང་པོར་མི་སྐྱེ་བའི་ཐབས་ལ་མཁས་པ་དེ་ལྟ་བུ་དེ་ལ་ཡོད་དེ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟོབས་ཡོངས་སུ་དག་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྔ་པ་འགལ་བ་སྤང་བ་ལ་རྒོལ་བ་ནི། གསོལ་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ཞེས་པ་ནས། ཐོབ་པར་འགྱུར་བ་ལགས་ཞེས་པའི་བར་རོ། །ལན་ནི། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་དེ་ཞེས་པའི་བར་གྱིས་བསྟན་ཏེ། དོན་ནི། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཡང༌། གློ་བུར་གྱི་དྲི་མས་དྲི་མ་ཅན་དུ་གྱུར་པའི་ཕྱིར། སེམས་ཅན་དེ་དག་གི་དོན་དུ་སྦྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པས་བསྟན་ཏོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཀྱི་སྟོབས་དང་མི་འཇིགས་པ་ཉིད་ཅེས་པ་ནས། དབྱེ་བ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་པའི་རྣམ་འཕེལ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས་དེ་བས་ཆེས་མང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །སངས་རྒྱས་ཉིད་འཐོབ་པའི་རྒྱུའི་རྣམ་འཕེལ་ལ་བཞི་སྟེ། འབྲས་བུ་སངས་རྒྱས་ཀྱི་རྒྱུ་རྙེད་པར་དཀའ་བ། དེ་བཞིན་ཉིད་ལ་ནན་ཏན་བྱེད་པར་དཀའ་བ། ཕྱིར་མི་ལྡོག་པའི་ས་ནོན་པར་དཀའ་བ། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སེམས་ཅན་གང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ལས་ཞེས་པ་ནས། སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་ནི་དེ་བས་ཆེས་མང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞེས་པ་ནས། གནས་པར་འགྱུར་བ་དེ་ལྟ་བུ་ནི་ཆེས་མང་ངོ་ཞེས་པའི་བར་གྱི་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་གང་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་ཞེས་པ་ནས། དེ་ལྟ་བུ་ཆེས་མང་ངོ་ཞེས་པའི་བར་རོ། །བཞི་པ་ནི། རབ་འབྱོར་དེ་བས་ན་ཞེས་པ་ནས། ཟབ་མོ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཀྱི་སེམས་མི་སྐྱེ་བའི་རྣམ་འཕེལ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་སེར་སྣའི་སེམས་དང་ལྡན་པའི་སེམས་མི་སྐྱེ་ཞེས་པ་ནས། ཐ་བ་དང་ལྡན་པའི་སེམས་མི་སྐྱེ་ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་ཉིད་རྟོགས་པས་ཉོན་མོངས་མི་སྐྱེ་བའི་དོན་ནོ། །གཟུགས་སོགས་དང་ལྡན་པའི་སེམས་མི་སྐྱེ་བའི་རྣམ་འཕེལ་ལ་གསུམ་སྟེ། དོན་བཤད་པ་དང༌། འཐད་པ་འགོད་པ་དང༌། ཕན་ཡོན་བཤད་པའོ། །དང་པོ་ནི། གཟུགས་དང་ལྡན་པའི་སེམས་མི་སྐྱེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མི་སྐྱེ་ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་ཉིད་རྟོགས་པས་དངོས་པོར་འཛིན་པའི་སེམས་མི་སྐྱེ་ཞེས་པའི་དོན་ནོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར་འདི་ལྟར་ཞེས་པ་ནས། སེམས་བསྐྱེད་པ་མེད་དོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། ཡོངས་སུ་ཟིན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཡུམ་དུ་ཕར་ཕྱིན་ཀུན་འདུས་པའི་རྣམ་འཕེལ་ལ་གཉིས་ཏེ། རྒྱས་བཤད་ནི། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པར་འགྱུར་རོ་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་ཡིན་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། ཡུམ་གྱིས་ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཐམས་ཅད་སྤོང་བས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་བྱེད་པ་ཡུམ་ལ་འདུས་ཞེས་པའི་དོན་ནོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་བས་ན་ཞེས་པ་ནས། འདི་ལ་བསླབ་པར་བྱའོ་ཞེས་པའི་བར་ཕྲེང་གཅིག་གིས་བསྟན་ཏོ། །ཕུན་སུམ་ཚོགས་པ་ཐམས་ཅད་འདུས་པའི་རྣམ་འཕེལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་ཞེས་པ་ནས། མཆོག་ཏུ་གྱུར་པ་ལ་སློབ་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཡུམ་ལ་སྤྱོད་པ་བསོད་ནམས་མང་པ་དང༌། རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་དང༌། ཐེག་པ་གསུམ་ཕུན་སུམ་ཚོགས་པའི་རྒྱུ་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་པ་ནས། དེ་བཞིན་ཉིད་དུ་ནན་ཏན་བྱེད་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཞེས་པ་ནས། བྱང་ཆུབ་བསྒྲུབ་བོ་ཞེས་པའི་བར་ཕྲེང་གཅིག་གིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པར་འགྱུར་བར་འདོད་པ་དང་ཞེས་པ་ནས། ཕུན་སུམ་ཚོགས་པ་གང་ཐོབ་པར་བྱ་བ་དེ་དག་ལས་མི་ཐོབ་པ་གང་ཡང་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་ཞེས་པ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཁོང་དུ་ཆུད་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྫོགས་པའི་བྱང་ཆུབ་དང་ཉེ་བའི་རྣམ་འཕེལ་ལ་གསུམ་སྟེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྟན་པ་དང༌། མངོན་པར་ཞེན་པའི་སྤྱོད་པ་དགག་པ་དང༌། མངོན་པར་མ་ཞེན་པའི་ཚུལ་གྱིས་སྤྱོད་པར་གདམས་པའོ། །དང་པོ་ལ་མཐར་ཐུག་གི་འབྲས་བུ་ནི། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། འཚང་རྒྱའོ་ཞེས་པའི་བར་རོ། །གནས་སྐབས་ཀྱི་འབྲས་བུ་ནི། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ཞེས་པ་ནས། ཉེ་བར་འགྱུར་པ་ཡིན་ནོ་ཞེས་པའི་བར་ཕྲེང་གཅིག་གིས་བསྟན་ཏོ། །དེ་དག་གི་ཕན་ཡོན་བསྟན་པ་ནི། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་གཏོང་ཞིང་ཞེས་པ་ནས། རང་སངས་རྒྱས་ཀྱི་ས་རིང་དུ་མི་བྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་ཡིན་ཞེས་པའི་བར་རོ། །གཉིས་པ་ནི་གལ་ཏེ་ཡང་འདི་སྙམ་དུ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཞེས་པ་ནས། མི་སྤྱོད་དོ་ཞེས་པའི་བར་རོ། །གསུམ་པ་ནི། གལ་ཏེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །སྤྱོད་པའི་ལེའུ་སྟེ་བཞི་བཅུ་ཞེ་བདུན་པ་རྣམ་པར་བཤད་པའོ།། ༈ བརྟན་པའི་རྩེ་སྦྱོར་བསྟན་པ་ལ་གསུམ་སྟེ། བསྟན་པའི་ཕན་ཡོན་བསྟན་པ་དང༌། མཁྱེན་གསུམ་གྱི་ཆོས་རྫོགས་པའི་བརྟན་པ་དང༌། སེམས་ཅན་གྱི་དོན་མི་གཏོང་བའི་བརྟན་པའོ། །དང་པོ་ལ་གཉིས་ཏེ། མཁྱེན་པ་གསུམ་གྱི་ཆོས་རྫོགས་པའི་ཕན་ཡོན། སེམས་ཅན་གྱི་དོན་མི་གཏོང་བའི་ཕན་ཡོ་ན་ནོ། །དང་པོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ་ཞེས་པ་ནས། སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་ལྟ་ཅི་སྨོས་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། སེམས་ཅན་གང་གི་སེམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་པ་དང༌། དེ་དག་ཀྱང་ཞེས་པ་ནས། སེམས་བསྐྱེད་པ་དག་ལྟ་ཅི་སྨོས་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་མཁྱེན་གསུམ་གྱི་ཆོས་རྫོགས་པའི་བརྟན་པ་ནི། སེམས་ཅན་གང་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཞེས་པ་ནས། ཟག་པ་མེད་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་པའི་བར་གྱིས་བསྟན་ཏོ། །དེ་ལ་ཚིག་དང་པོ་ནི་མདོར་བསྟན་ཡིན་ལ། ཐ་མ་གསུམ་གྱིས་ནི་རྣམ་མཁྱེན་དང༌། ལམ་ཤེས་དང༌། གཞི་ཤེས་ཀྱི་ཆོས་ཡོངས་སུ་བསྔོ་བ་བསྟན་ཏོ། །སེམས་ཅན་ཀུན་གྱི་དོན་མི་གཏོང་བའི་བརྟན་པ་ནི། བཅོམ་ལྡན་འདས་བདག་ནི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བ་ཞེས་པ་ནས། མྱ་ངན་ལས་བཟློ་བར་འགྱུར་རམ་ཞེས་རྟོག་པར་བགྱིད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་ལ་གཉིས་ཏེ། དྲི་བ་དང༌། ལན་ནོ། །དང་པོ་ནི། བཅོམ་ལྡན་འདས་དེ་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཞེས་པ་ནས། དེའི་བསོད་ནམས་ཅི་ཙམ་དུ་འཕེལ་བར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལན་ལ་བསོད་ནམས་ཀྱི་ཁྱད་པར་དང༌། བཟློག་པ་ལ་སྤྱོད་པའི་ཉེས་པ་དང་ཤེར་ཕྱིན་ལ་གནས་པའི་ཕན་ཡོན་ནོ། །དང་པོ་ནི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། རྗེས་སུ་ཡི་རང་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། བདུད་ཀྱི་གནས་ནས་ཤི་འཕོས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་འཐད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། བདུད་ཀྱི་གནས་འཇིག་པར་བགྱིད་པ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །རྗེས་སུ་ཡི་རང་བར་བགྱིད་པས་བདུད་ཀྱི་གནས་འཇིག་པར་བྱེད་པའི་དོན་གྱིས་ན་རྗེས་སུ་ཡི་རང་བར་མི་བགྱིད་པ་བདུད་ཀྱི་གནས་སུ་འཆི་འཕོ་བ་རིགས་པས་འཐོབ་པའོ། །གསུམ་པ་ཡུམ་ལ་གནས་པའི་ཕན་ཡོན་ལ་དྲུག་སྟེ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང༌། སངས་རྒྱས་མཉེས་པར་བྱེད་པ་དང༌། མཆོད་པར་བྱ་བའི་འོས་སུ་འགྱུར་བ་དང༌། ཡིད་དུ་མི་འོང་བ་དང་བྲལ་བ་དང༌། སངས་རྒྱས་འཐོབ་པའི་དགེ་བ་བསྐྱེད་པ་དང༌། བཤད་པའི་མཇུག་བསྡུ་བའོ། །དང་པོ་ནི། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྐྱེད་པའི་སེམས་དེ་དག་ནི་ཞེས་པ་ནས། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། ཀཽ་ཤི་ཀ་གང་སེམས་བསྐྱེད་པ་འདི་དག་ལ་ཞེས་པ་ནས། ཐུགས་དབྱུང་བར་མི་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་ནི། ད་ལྟར་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་དགེ་བའི་རྩ་བ་ཞེས་པ་ནས། མཆོད་པར་བྱ་བར་འགྱུར་རོ་ཞེས་པའི་བར་རོ། །བཞི་པ་ནི། དེས་ནམ་ཡང་གཟུགས་ཡིད་དུ་མི་འོང་བ་མཐོང་བར་མི་འགྱུར་རོ་ཞེས་པ་ནས། ཆོས་ཡིད་དུ་མི་འོང་བ་ཤེས་པར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྔ་པ་ནི། ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་ཏེ་ཞེས་པ་ནས། སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་ཡོངས་སུ་མྱ་ངན་ལས་བཟློ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། དོན་དང༌། ངོ་བོ་དང༌། འཐད་པ་གསུམ་གྱིས་གསུངས་སོ། །དྲུག་པ་དོན་བསྡུ་བ་ནི། ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ཞེས་པ་ནས། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །མཐོང་ལམ་རྩེ་མོ་བསྟན་པ་ལ་གསུམ་སྟེ། སྤང་བྱ་རྣམ་རྟོག་གི་གཉེན་པོ་དང་དེའི་ཕན་ཡོན་བསྟན་པ་དང༌། ཐོབ་བྱ་བྱང་ཆུབ་ཆེན་པོ། ཐོབ་བྱེད་མཐོང་ལམ་གྱི་ངོ་བོ་བསྟན་པའོ། །དང་པོ་ལ་རྟོག་པ་བཞིའི་དབྱེ་བས་གཉེན་པོ་རྣམ་པ་བཞི་སྟེ། འཇུག་པ་གཟུང་རྟོག་གི་གཉེན་པོ་དང༌། ལྡོག་པ་གཟུང་རྟོག་གི་གཉེན་པོ་དང༌། རྫས་འཛིན་རྟོག་པའི་གཉེན་པོ་དང༌། བརྟགས་འཛིན་རྟོག་པའི་གཉེན་པོའོ། །དང་པོ་ལ་མདོར་བསྟན་པ་ནི། སེམས་མེད་པ་དང༌། སེམས་མིན་པ་གཞན་ཡང་མེད་པ་སྤྱད་པར་སྤྱོད་པ་དང་ཞེས་པ་བ་ནས་ཡོངས་སུ་བསྔོ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། འདིས་གཉེན་པོ་དངོས་སུ་བསྟན་ནས་ཤུགས་ལ་འཇུག་པ་གསུངས་པ་མདོར་བསྟན་པ་ཡིན་ནོ། །རྟོག་པ་གཞན་རྣམས་ཀྱི་མདོར་བསྟན་ནི། ལེ་བརྒྱད་མ་ལ་ཚང་བར་ཡོད་ཅིང་གཞན་རྣམས་ལ་ཚང་བར་མི་འདུག་གོ །འཇུག་པ་གཟུང་རྟོག་གི་གཉེན་པོ་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་ལ་དྲི་བ་དགོད་པ་ནི། གོང་དུ་སེམས་མེད་པ་དང༌། སེམས་མ་ཡིན་པ་གཞན་ཡང་མེད་པས་སྤྱད་པ་ཞེས་པ་ལས་འཕྲོས་ནས། དོན་དམ་པར་སེམས་དང་སེམས་མ་ཡིན་པ་གཉིས་ཀ་མེད་ལ། ཐ་སྙད་དུ་ཡང་སེམས་སྒྱུ་མ་ལྟ་བུ་ཡིན་པས་ཇི་ལྟར་སངས་རྒྱ་བར་འགྱུར་ཞེས་ཞུས་པ་སྟེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་ཞེས་པ་ནས། ཇི་ལྟར་འཚང་རྒྱ་བར་འགྱུར་བ་ལགས་ཞེས་སྦྱར་བའི་བར་རོ། །ལན་ལ་ངོ་བོ་ཉིད་ལ་རྟོག་པའི་གཉེན་པོ་སྟོན་པ་ལ་དྲུག་སྟེ། དོན་དམ་པར་ཆོས་མི་དམིགས་པས་འཚང་མི་རྒྱ་བ་དང༌། བསྒྲུབ་པའི་ཆོས་མེད་པས་སངས་རྒྱས་མི་རྒྱ་བ་དང༌། བྱང་ཆུབ་ཀྱི་རྒྱུས་དབེན་པས་བྱང་ཆུབ་མི་འཐོབ་པ་དང༌། དབེན་པ་མི་འཐད་ན་རྣམ་བྱང་གི་ཆོས་མི་རུང་བ་དང༌། དབེན་པར་རྟོགས་པའི་ཡུམ་ལ་མ་བརྟེན་པར་འཚང་མི་རྒྱ་བ་དང༌། དབེན་པར་རྟོགས་པའི་ཆེ་བ་བཤད་པའོ། །དང་པོ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། འཐད་པ་བཤད་པའོ། །དང་པོ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་མཐོང་ངམ། ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་པ་ནས། འཚང་མི་རྒྱའོ་ཞེས་པའི་བར་གྱིས་བསྟན་ཏེ། སྒྱུ་མ་དང་སྒྱུ་མའི་སེམས་དང་དེ་ལས་གཞན་པའམ་ཡང་དག་པར་རྗེས་སུ་མ་མཐོང་བས་འཚང་མི་རྒྱ་བར་བསྟན་པའི་དོན་དུ། བཅོམ་ལྡན་འདས་ཉིད་ཀྱིས་བརྒལ་བ་དང༌། རབ་འབྱོར་གྱིས་དེ་ལ་ལན་འདེབས་སུ་བཅུག་པས་བསྟན་ཏོ། །གཉིས་པ་འཐད་པ་ལ་མདོར་བསྟན་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། མ་མཆིས་ཤིང་ཡོངས་སུ་མ་མཆིས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་གང་ཡང་རྗེས་སུ་མ་མཐོང་སྟེ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་མ་མཆིས་པའི་ཕྱིར་ཞེས་པའི་དོན་ནོ། །འཐད་པ་རྒྱས་བཤད་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དབེན་པའི་འགྲེས་ཀྱིས་གསུངས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཤིན་ཏུ་དབེན་པའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤིན་ཏུ་དབེན་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་ཞེས་པ་ནས། ཆོས་གང་ཡང་སྒྲུབ་པ་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ལ་གཉིས་ཏེ། རབ་འབྱོར་གྱི་ཚིག་གིས་མདོར་བསྟན་པ་དང༌། བཅོམ་ལྡན་འདས་ཀྱིས་ཞིབ་ཏུ་ཕྱེ་སྟེ་བཤད་པའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པ་ལགས་ན་ཞེས་པ་ནས། ཇི་ལྟར་དབེན་པས་དབེན་པ་འཚང་རྒྱ་བར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་ཤིན་ཏུ་དབེན་པའོ་ཞེས་པའི་བར་ཏེ། ཕར་ཕྱིན་ནས་བླ་མེད་བྱང་ཆུབ་ཀྱི་བར་དུ་དབེན་པའི་འགྲེས་ཀྱིས་བསྟན་ཏོ། །བཞི་པ་དབེན་པ་མི་འཐད་ན་རྣམ་བྱང་གི་ཆོས་མི་རུང་བར་བསྟན་པ་ལ། དང་པོ་དོགས་པ་དགོད་པ་ནི། རབ་འབྱོར་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར་ན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར་ན་ཞེས་པའི་བར་རོ། །རྣམ་བྱང་གི་ཆོས་མི་རུང་བར་ཐལ་བ་དངོས་ནི། དེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །ལྔ་པ་ལ་གཉིས་ཏེ། རྟོགས་བྱའི་དབེན་པ་བཤད་པ་དང༌། དེ་རྟོགས་པ་ལ་མ་བརྟེན་པར་འཚང་མི་རྒྱ་བའོ། །དང་པོ་ནི། རབ་འབྱོར་དེ་བས་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་ཞེས་པ་ནས། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་དབེན་པ་དེ་ལྟར་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་ཞེས་པ་ནས། འཚང་མི་རྒྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དྲུག་པ་དབེན་པར་རྟོགས་པའི་ཆེ་བ་བརྗོད་པ་ལ་གསུམ་སྟེ། དབེན་པར་རྟོགས་པའི་ཡོན་ཏན་བརྗོད་པ་དང༌། དབེན་པར་རྟོགས་པ་ལ་མི་སྐྲག་པའི་སྤྱོད་པ་དང༌། དེས་ཡུམ་ལ་ཇི་ལྟར་སྤྱོད་པའི་ཚུལ་ལོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་མོ་ལ་སྤྱོད་པའོ་ཞེས་གསུངས་ཏེ། དབེན་པར་རྟོགས་པའི་དོན་ཟབ་མོ་ལ་སྤྱོད་པའོ་ཞེས་པའི་དོན་ནོ། །དེ་བཅོམ་ལྡན་འདས་ཀྱིས་ཞིབ་ཏུ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ནས། དེ་མངོན་དུ་མི་བྱེད་པ་ནི་དཀའ་བ་སྤྱད་པའོ་ཞེས་པའི་བར་རོ། །དབེན་པར་རྟོགས་པའི་ཡོན་ཏན་གཞན་བརྗོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན་ཞེས་པ་ནས། མུན་པ་མ་མཆིས་པ་ཐོབ་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། བཅོམ་ལྡན་འདས་གལ་ཏེ་དེ་སྐད་དུ་བསྟན་པ་ལ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེ་ནི་སྤྱོད་དོ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་ནས། འཚང་རྒྱའོ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པའི་བར་རོ། །གཉིས་པ་རིགས་ལ་རྟོག་པའི་གཉེན་པོ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་འདི་སྙམ་དུ། བདག་གིས་ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་ས་ནི་ཐག་སྲིང་བར་བྱ་སྟེ། བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་ཏོ་སྙམ་དུ་ཡང་མི་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདི་ལྟར་བདག་ལ་ལ་དང་ནི་རིང་ངོ༌། །ལ་ལ་ནི་ཉེའོ་ཞེས་བགྱི་བར་མི་སེམས་སོ་ཞེས་པ་ནས། བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་གང་གི་སླད་དུ་བརྗོད་པའི་དོན་བགྱིད་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་རྣམ་པ་མི་རྟོག་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །ནམ་མཁའ་དང༌། སྒྱུ་མ་དང༌། གཟུགས་བརྙན་དང༌། དེ་བཞིན་གཤེགས་པ་དང༌། དེ་བཞིན་གཤེགས་པའི་སྤྲུལ་པ་དང༌། ཤིང་མཁན་ནམ། ཤིང་མཁན་གྱི་སློང་མས་བྱས་པའི་གཟུགས་ཀྱི་དཔེས་ཉེ་རིང་གི་བསམ་པ་མེད་པར་བསྟན་ནས། རྣམ་པར་མི་རྟོག་པའི་སླད་དུ་ཞེས་པ་གཏན་ཚིགས་སུ་སྦྱར་ཏེ་གསུངས་སོ། །ལམ་ཡང་དག་པར་འགྲུབ་པ་ལ་རྟོག་པའི་གཉེན་པོ་བསྟན་པ་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ལ་གང་ལ་རྩོད་པའི་ཡུལ་ནི། གོང་དུ་ཤེར་ཕྱིན་རྣམ་པར་མི་རྟོག་པར་བསྟན་པ་ལའོ། །རྩོད་པའི་ཚུལ་ནི་ཤེར་ཕྱིན་འབའ་ཞིག་རྣམ་པར་མི་རྟོག་པ་ཡིན་ནམ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply