འོན་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མི་རྟོག་པ་ཡིན་ནམ་ཞེས་པ་ནས། རྣམ་མཁྱེན་དང༌། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཁམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པའོ་ཞེས་པའོ། །སླར་ཡང་རྩོད་པ་འགོད་པ་ནི། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་དེ་ལྟར་ཞེས་པ་ནས། ཅི་ལས་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཡིན་ན། འཁོར་བ་དང་མྱང་འདས་ཀྱི་རྣམ་དབྱེ་མེད་པར་འགྱུར་རོ་ཞེས་པའི་དོན་ནོ། །ལན་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་དོན་བསྡུ་བའོ། །དང་པོ་ལ་འཁོར་བའི་དབྱེ་བ་འཐད་པ་ནི། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། ལྷ་དང་མིའི་འགྲོ་བ་མངོན་པར་གྲུབ་བོ་ཞེས་པའི་བར་རོ། །རྣམ་བྱང་གི་དབྱེ་བ་འཐད་པ་ལ་ཁས་བླངས་རྗེས་སུ་བརྗོད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། ཅེས་ཟེར་བ་ནི་ཞེས་པའི་བར་རོ། །ལན་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། རྣམ་པར་རྟོག་པ་སྤངས་པ་ཤ་སྟག་གོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་དོན་བསྡུ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྣམ་པར་མི་རྟོག་པའི་ལེའུ་སྟེ་བཞི་བཅུ་ཞེ་བརྒྱད་པ་རྣམ་པར་བཤད་པའོ།། ༈ བཞི་བཅུ་ཞེ་དགུ་པ་ཆགས་པ་མེད་པའི་ལེའུ་བཤད་པ།
ཤེས་པའི་དམིགས་པ་མ་འཁྲུལ་བའི་རྟོག་པའི་གཉེན་པོ་ལ་གསུམ་སྟེ། ལམ་གྱི་གཙོ་བོའི་དོན་ལ་སྤྱོད་པ་དང༌། དེ་ཁོ་ན་ཉིད་དུ་གཙོ་བོ་མེད་པ་དང༌། མེད་པའི་འཐད་པ་བསྟན་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་པ་ནས། སྙིང་པོ་ལ་སྤྱོད་དོ་ཞེས་པའི་བར་གྱིས་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་ཤེར་ཕྱིན་ལ་སྤྱད་པ་གཙོ་བོར་བསྟན་པ་ཡིན་ནོ། །གཉིས་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། དེ་ནི་སྙིང་པོ་མེད་པ་ལ་སྤྱོད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་སྟོན་ཏེ། དོན་དམ་པར་སྙིང་པོ་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རྣམ་མཁྱེན་གྱི་བར་སྙིང་པོ་མེད་པའི་འགྲེས་ཀྱིས་བསྟན་ཏོ། །དེའི་འཐད་པ་ཡང་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཞེས་པ་ནས། སྙིང་པོ་ལ་དམིགས་པ་ག་ལ་ཡོད་ཅེས་པའི་བར་གྱིས་བསྟན་ཏེ། དོན་དམ་པར་སྙིང་པོ་མེད་པ་ཡང་མེད་ན་སྙིང་པོ་ལྟ་ག་ལ་ཡོད་ཅེས་པའི་དོན་ནོ། །མི་མཐུན་པ་དང་གཉེན་པོའི་རྣམ་རྟོག་གི་གཉེན་པོ་ནི། དེ་ནས་འདོད་པ་ན་སྤྱོད་པ་དང༌། གཟུགས་ཡོད་པ་ན་སྤྱོད་པའི་ཞེས་པ་ནས། མི་དཀའི་ཞེས་པའི་བར་གྱིས་བསྟན་ཏེ། སྙིང་པོ་མེད་པའི་དོན་རྟོགས་པའི་ཤེར་ཕྱིན་ལ་སྤྱོད་ཀྱང༌། ཐབས་ཀྱིས་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་མི་དཀའ་འོ་ཞེས་བསྟན་ཏོ། །རང་གི་རྟོགས་པའི་རྣམ་རྟོག་གི་གཉེན་པོ་ལ་གཉིས་ཏེ། གཉེན་པོ་དངོས་བསྟན་པ་དང༌། གཉེན་པོ་རྟོགས་པའི་ཕན་ཡོན་ནོ། །དང་པོ་ལ་ལྔ་སྟེ། གོ་ཆའི་ཡུལ་སྟོང་པ་བྱ་དཀའ་བ་ལ་སྤྱོད་པ་དང༌། གོ་ཆ་དབེན་པས་བྱ་དཀའ་བ་ལ་སྤྱོད་པ་དང༌། དཀའ་བ་ལ་སྤྱོད་པ་ཉིད་གཉེན་པོ་ཡིན་པ་དང༌། གོ་ཆའི་ཡུལ་སེམས་ཅན་སྟོང་པའི་འཐད་པ་དང༌། ཞར་ལ་གཉེན་པོ་ཡང་དབེན་པར་བསྟན་པའོ། །དང་པོ་ནི། ལྷའི་བུ་དེ་དག་ཅེས་པ་ནས། སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་གྱོན་པ་དེ་དག་ནི་ནམ་མཁའ་དང་རྩོད་པར་འདོད་པ་སྟེ་ཞེས་པའི་བར་གྱིས་གསུངས་པའི་དོན། དོན་དམ་པར་གང་གི་ཆེད་དུ་གོ་ཆ་བགོ་བའི་སེམས་ཅན་མ་དམིགས་པས་དེའི་ཆེད་དུ་གོ་ཆ་བགོ་བ་ནི་དཀའ་བ་སྤྱད་པ་སྟེ། ནམ་མཁའ་ལ་རྩོད་པར་འདོད་པ་དང་འདྲའོ་ཞེས་བསྟན་ཏོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་དེ་ཡང་བགོ་ལ་ཞེས་པ་ནས། སེམས་ཅན་དབེན་པ་བསྟན་པའི་ཕྱིར་གོ་ཆ་དབེན་པར་བལྟའོ། །ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། གལ་ཏེ་དེ་ལྟར་བསྟན་པའི་ཚེ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་གོ་ཆའི་ཡུལ་དབེན་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། གཟུགས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ་ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དབེན་པ་གཏན་ཚིགས་སུ་བཀོད་ནས། གོ་ཆའི་ཡུལ་སེམས་ཅན་དབེན་པའི་འགྲེས་གསུངས་སོ། །ལྔ་པ་ཞར་ལ་གཉེན་པོ་ཡང་དབེན་པར་བསྟན་པ་ནི། གཟུགས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་ཞེས་པའི་བར་གྱིས་གསུངས་སོ། །གཉེན་པོའི་དོན་བསྡུ་བ་ནི། ལྷའི་བུ་དག གཉེན་པོ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་གཉེན་པོ་རྟོགས་པའི་ཕན་ཡོན་ལ་བདུན་ཏེ། དབེན་པ་བཤད་པའི་དོན་ལ་མི་ཞུམ་པ་དང༌། ལྷ་རྣམས་ཀྱི་ཕྱག་འཚལ་བ་དང༌། སངས་རྒྱས་རྣམས་ཀྱིས་དགོངས་པ་དང༌། བདུད་ཀྱི་ལས་ཀྱིས་མི་ཚུགས་པ་དང༌། ལྷའི་བུས་སྤྲོ་བ་བསྐྱེད་པ་དང༌། དེ་བཞིན་གཤེགས་པས་ཆེད་དུ་བརྗོད་པ་མཛད་པ་དང༌། དེ་བཞིན་ཉིད་ལ་གནས་ནས་བྱང་ཆུབ་པའོ། །དང་པོ་ལ་གཉིས་ཏེ། དྲི་བ་དང༌། ལན་ནོ། །དང་པོ་ནི། དབེན་པར་རྟོགས་པའི་ཡུམ་ལ་མི་འཇིགས་པ་ཉིད་ཡུམ་ལ་སྤྱོད་པར་བསྟན་པ་ལས་འཕྲོས་ནས། ཞུམ་པར་མི་འགྱུར་བའི་དོན་དྲིས་པ་སྟེ། རབ་འབྱོར་ཅིའི་ཕྱིར་ཞེས་པ་ནས། བདུད་ཀྱི་ལས་ཀྱིས་མི་ཚུགས་པ་དང༌། ཞུམ་པ་མི་འགྱུར་བ་ཡིན་ཞེས་པའི་བར་རོ། །གཉིས་པ་ལ་ཞུམ་པར་མི་འགྱུར་བའི་དོན་བཤད་པ་དང༌། དེའི་ཁྱབ་པ་བསྟན་པ་དང༌། ཁྱབ་པའི་གཏན་ཚིགས་བསྟན་པ་དང༌། མི་ཞུམ་པ་ཉིད་ཡུམ་གྱི་སྤྱོད་པར་བསྟན་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་མ་མཆིས་པའི་སླད་དུ་ཞེས་པ་ནས། ཞུམ་པར་མི་འགྱུར་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་མ་མཆིས་པ་དང༌། དབེན་པ་དང༌། ཞི་བ་དང༌། མ་སྐྱེས་པར་རྟོགས་པའི་ཕྱིར་ཞུམ་པར་མི་འགྱུར་ཞེས་པའི་དོན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེས་པ་ནས། ཞུམ་པ་མི་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། དམིགས་སུ་མ་མཆིས་ཞེས་པའི་བར་ཏེ། ཞུམ་པའི་བྱ་བ་བྱེད་པ་དང༌། ལས་གསུམ་པོ་མ་དམིགས་པའི་ཕྱིར་ཞེས་པའི་དོན་ནོ། །བཞི་པ་ནི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྐད་དུ་བཤད་པ་ལ་ཞེས་པ་ནས། སྤྱོད་པ་ལགས་སོ་ཞེས་པའི་བར་རོ། །དེའི་འཐད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། དེ་དག་ཐམས་ཅད་ནི་མ་མཆིས་པ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི་བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཞེས་པ་ནས། དེ་ལ་ཕྱག་བྱ་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ལ་གཉིས་ལས། དང་པོ་མདོར་བསྟན་པ་ནི། རབ་འབྱོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཞེས་པ་ནས། སྤྱོད་པ་དེ་ལ་དགོངས་པ་མཛད་དེ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས་ཏེ། དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་དགོངས་པ་མཛད་པའོ་ཞེས་པའི་བར་རོ། །གཉིས་པ་ཞར་ལ་ཡུམ་ལ་སྤྱོད་པའི་ཕན་ཡོན་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་པ་ནས། སངས་རྒྱས་སུ་འགྱུར་བར་ཞུགས་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། རབ་འབྱོར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་ན་ཞེས་པ་ནས། བདུད་སྡིག་ཏོ་ཅན་རྣམས་ཀྱིས་མི་ཐུབ་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་སྟོང་པར་རྟོགས་པ་དང༌། སེམས་ཅན་ཡོངས་སུ་མི་གཏོང་བ་དང༌། ཇི་སྐད་སྨྲས་པ་བཞིན་དུ་བྱེད་པ་དང༌། སངས་རྒྱས་ཀྱིས་དགོངས་པ་སྟེ། གཉིས་ཚན་གཉིས་སུ་བཤད་པ་བདུད་ཀྱིས་མི་ཐུབ་པའི་རྒྱུར་བསྟན་པ་ཡིན་ནོ། །ལྔ་པ་ལྷ་རྣམས་ཀྱིས་སྤྲོ་བ་བསྐྱེད་པ་ནི། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ནི། ལྷའི་བུ་རྣམས་ཀྱང་འོང་བར་སེམས་སོ་ཞེས་པ་ནས། སེམས་ངན་པར་གྱུར་པ་རྣམས་ཀྱང་སྣང་བར་འགྱུར་རོ་ཞེས་དེ་ལ་སྤྲོ་བ་བསྐྱེད་པར་བྱ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཡང་དོན་དང་འཐད་པ་གཉིས་ཀྱིས་གསུངས་པ་ཡིན་ནོ། །དེའི་དོན་ནི་མྱུར་དུ་འཚང་རྒྱ་བའི་མཚན་མ་ཡོད་པ་ཉིད་ཀྱིས་ཤེས་པས་ཁྱོད་མྱུར་དུ་འཚང་རྒྱ་བར་འགྱུར་གྱི་སྔ་མའི་སྤྱོད་པ་དང་མ་བྲལ་བར་གྱིས་ཤིག་ཅེས་པའོ། །མ་བྲལ་བར་དགོངས་པ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་སྦྱར་རོ། །དྲུག་པ་ཆེད་དུ་བརྗོད་པ་མཛད་པ་ལ་ལྔ་སྟེ། ད་ལྟར་གྱི་སངས་རྒྱས་ཀྱིས་ཆེད་དུ་བརྗོད་པ་མཛད་པ་དང༌། དེའི་མཐུན་དཔེ་བསྟན་པ་དང༌། སངས་རྒྱས་གཞན་གྱིས་ཀྱང་ཆེད་དུ་བརྗོད་པ་མཛད་པ་དང༌། ཆེད་དུ་བརྗོད་པའི་ཡུལ་གྱི་ཁྱད་པར་རོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་ཞེས་པ་ནས། ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏེ། ཆེད་དུ་བརྗོད་པ་མཛད་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་སྦྱར་ནས་བཤད་དོ། །གཉིས་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ང་ད་ལྟར་ཞེས་པ་ནས། ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་མཛད་དོ་ཞེས་པའི་བར་རོ། །གསུམ་པ་ནི། ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ནོ། །ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པ་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏེ། ཤར་ཕྱོགས་ནས་སྟེང་ཕྱོགས་ཀྱི་སངས་རྒྱས་ཇི་སྙེད་ཅིག་ཆེད་དུ་བརྗོད་པ་མཛད་པའི་དོན་གྱིས་གསུངས་སོ། །བཞི་པ་ཆེད་དུ་བརྗོད་པའི་ཡུལ་གྱི་ཁྱད་པར་ལ་གསུམ་སྟེ། ཡུལ་གྱི་ཁྱད་པར་སྤྱིར་བསྟན་པ་དང༌། ཁྱད་པར་གྱི་དབྱེ་བ་དང༌། སོ་སོའི་རང་བཞིན་ནོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་པ་ནས། དེ་དག་ནི་དཀའ་བ་སྤྱོད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཞེས་པ་ནས། ཆེད་དུ་བརྗོད་པ་མཛད་དོ་ཞེས་པའི་བར་གྱིས་གསུངས་ཏེ། ཕྱིར་མི་ལྡོག་པ་དང༌། ཕྱིར་མི་ལྡོག་པར་ཤེར་ཕྱིན་ལ་དབྱེ་བ་གཉིས་གསུངས་སོ། །གསུམ་པ་སོ་སོའི་རང་བཞིན་ལ་གཉིས་ཏེ། ཕྱིར་མི་ལྡོག་གི་ལུང་བསྟན་མ་ཐོབ་པ་དང༌། ལུང་བསྟན་ཐོབ་པ་ཕྱིར་མི་ལྡོག་པར་ཐོབ་པའོ། །དང་པོ་ལ་གཉིས་ཏེ། འཕགས་པ་དང༌། སོ་སོའི་སྐྱེ་བོའོ། །དང་པོ་ལའང་གཉིས་ཏེ། མི་འཁྲུགས་པའི་རྗེས་སུ་སློབ་པ་དང༌། རིན་ཆེན་ཏོག་གི་རྗེས་སུ་སློབ་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་དེ་དག་གང་ལགས་ཞེས་པའི་དྲི་བས་མཚམས་སྦྱར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་བརྩམས་ཏེ། ཆེད་དུ་བརྗོད་པ་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་གཉིས་ཏེ། ལུང་བསྟན་པའི་ས་ལ་གནས་པ་དང༌། མི་འཁྲུགས་པའི་ས་ལ་རྗེས་སུ་སློབ་པའོ། །དང་པོ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཞེས་པ་ནས། དེ་ལ་གནས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བཤད་པ་ཐོས་ནས་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བདུན་པ་ནི། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ནི་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱེད་པའི་རྣམ་རྟོག་གི་གཉེན་པོ་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་དེ་བཞིན་ཉིད་དུ་གནས་ནས་དེ་བཞིན་ཉིད་དུ་ནན་ཏན་བགྱི་བ་སྟེ་ཞེས་པ་ནས། ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་ནི། གོང་དུ་རྣམ་མཁྱེན་ལ་གནས་པར་འགྱུར་ཞེས་པ་ལ་རྩོད་པ་སྟེ། དེ་བཞིན་ཉིད་ལ་ནན་ཏན་བྱེད་པ་དང༌། ཆོས་གང་ཡང་དམིགས་སུ་མེད་ན་རྣམ་མཁྱེན་ལ་ཇི་ལྟར་གནས་པར་འགྱུར་ཞེས་པ་དང༌། དོན་དམ་པར་དེ་བཞིན་ཉིད་ལས་མ་གཏོགས་པའི་ཆོས་མེད་ན་སུ་ཞིག་དེ་བཞིན་ཉིད་ལ་གནས་པར་འགྱུར་ཞེས་པ་ལ་སོགས་ཀྱི་སྒོ་ནས་རྩོད་པའོ། །གཉིས་པ་ལ་བཞི་སྟེ། དེ་བཞིན་ཉིད་ལ་གནས་པའི་བྱེད་པ་བཀག་པ་དང༌། ཡུམ་ཟབ་པར་བསྟན་པ་དང༌། ཡུམ་ལ་སྤྱོད་པའི་བྱང་སེམས་ལ་བསྟོད་པ་དང༌། ཡུམ་སྟོན་པའི་རབ་འབྱོར་ལ་བསྟོད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ་ཞེས་པ་ནས། དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། ཡུལ་དེ་བཞིན་ཉིད་དང༌། དེ་བཞིན་ཉིད་ལ་གནས་པ་དང༌། དེ་བཞིན་ཉིད་བསྒོམ་པའི་བྱེད་པ་གཉིས་བཀག་པ་སྟེ། དེ་བཞིན་ཉིད་བསྒོམས་པས་འཚང་རྒྱ་བ་དང༌། སངས་རྒྱས་ནས་ཆོས་སྟོན་པའི་བྱེད་པ་གཉིས་བཀག་པའོ། གཉིས་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། འདི་ནི་ཟབ་པ་སྟེ་ཞེས་པའི་བར་རོ། །གསུམ་པ་ནི། བཅོམ་ལྡན་འདས་བྱང་སེམས་ཆེན་པོ་གང་ཞེས་པ་ནས། དཀའ་བ་བགྱིད་པ་ཞེས་པའི་བར་རོ། །བཞི་པ་ལ་གཉིས་ཏེ། མཚམས་སྦྱར་བ་ནི། དེ་ནས་གནས་བརྟན་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། སུ་ཞིག་ཅེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་བསྟོད་པ་དངོས་ནི། བརྒྱ་བྱིན་གྱིས་སྨྲས་པ་ཞེས་པ་ནས། ཅི་ལ་ཡང་ཆགས་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཆགས་པ་མེད་པའི་ལེའུ་སྟེ་བཞི་བཅུ་ཞེ་དགུ་པ་རྣམ་པར་བཤད་པ་སྟེ་གསལ་བར་བྱས་པའོ།། ༈ ལྔ་བཅུ་པ་ཡོངས་སུ་གཏད་པའི་ལེའུ་བཤད་པ། ཡོངས་སུ་གཏད་པའི་ལེའུ་འདིས་རྟོག་པ་ལྷག་མའི་གཉེན་པོ་དང༌། ཡོངས་སུ་གཏད་པའི་ཚུལ་དངོས་དང༌། བྱང་ཆུབ་རྒྱུ་ཚོགས་དང་བཅས་པ་སྟོན་ཏེ། དང་པོ་འཇུག་པ་གཟུང་རྟོག་གི་རྟོག་པ་གཉིས་ཀྱི་གཉེན་པོ་སྟོན་པ་ལ། ལས་སུ་བྱ་བའི་རྟོག་པའི་གཉེན་པོ་སྟོན་པ་ལ། རབ་འབྱོར་ཡུམ་སྟོན་པའི་སྤོབས་པ་དང་ལྡན་པར་བསྟན་པ་དང༌། ཡུམ་ལ་སྤོབས་པ་བསྐྱེད་པའི་ཚུལ་བརྗོད་པའོ། །དང་པོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཤིང་སྤོབས་པ་ངོ་མཚར་ཆེའོ་ཞེས་པའི་བར་རོ། །གོང་དུ་རྟོག་པའི་གཉེན་པོ་བཤད་པ་ཐོས་ནས། བརྒྱ་བྱིན་གྱིས་རབ་འབྱོར་ལ་བསྟོད་པ་སྟེ། ཉན་ཐོས་ཡིན་ཡང་ཤེར་ཕྱིན་སྟོན་པའི་སྤོབས་པ་དང་ལྡན་པ་ངོ་མཚར་ཆེ་ཞེས་པའི་དོན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་སྟོང་པ་ཉིད་ལ་རྣམ་པར་སྤྱོད་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས་ཞེས་པ་ནས། དཔེ་བྱད་རྣམས་ཀྱང་མི་དམིགས་ན་གང་གི་ལུས་ལ་དཔེ་བྱད་ཡོད་པར་འགྱུར་བ་ལྟ་ཅི་སྨོས་ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། དེ་བཞིན་ཉིད་དང༌། དཔེ་བྱད་ཀྱི་བར་མི་དམིགས་པ་དེ་ལ་སྤྱོད་པ་པོ་ཡང་མི་དམིགས་པར་རྟོགས་ནས་ཡུམ་སྟོན་ནོ་ཞེས་པའོ། །དེའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་ནི། ཆོས་ཐམས་ཅད་དབེན་པ་ལ་རྣམ་པར་སྤྱོད་པ་སྟེ་ཞེས་པ་ནས། སྨོན་པ་མེད་པ་ལ་རྣམ་པར་སྤྱོད་པ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་དབེན་པར་རྟོགས་པས་དམིགས་སུ་མེད་པའི་ཚུལ་ལ་སྤྱོད་ཅེས་པའི་དོན་ནོ། །འབྲས་བུ་ལ་རྟོག་པའི་གཉེན་པོ་ལ་གསུམ་སྟེ། གཉེན་པོའི་ཆེ་བ་བསྟན་པ་དང༌། གཉེན་པོ་ལ་སྤྱད་པར་གདམས་པ་དང༌། གཉེན་པོ་ལ་སྤྱོད་པར་གདམས་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་གྱིས་རྣམ་པར་སྤྱོད་པ་གང་ཡིན་པ་དེ་ནི་ཞེས་པ་ནས། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུར་ཡང་མི་བཟོད་དོ་ཞེས་པའི་བར་རོ། །དེ་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མི་མཉམ་པ་དང་མཉམ་པ་ཞེས་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། ཀཽ་ཤི་ཀ་དེ་བས་ན་ཞེས་པ་ནས། རྣམ་པར་སྤྱད་པར་བྱའོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སྐྱོན་མེད་པར་འཇུག་གོ་ཞེས་པའི་བར་རོ། །གསུམ་པ་ལ་གཉིས་ཏེ། སྤང་རྟོགས་ཁྱད་པར་ཅན་ཐོབ་པ་དང༌། ལྷ་རྣམས་ཀྱིས་མཆོད་པའི་ཡོན་ཏན་ནོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་ཞེས་པ་ནས། སངས་རྒྱས་སུ་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ནས་འཁོར་དེའི་ནང་ནས་ཞེས་པ་ནས། རབ་ཏུ་གཏོར་རོ་ཞེས་པའི་བར་རོ། །རྟོག་པ་ནི་གཉེན་པོ་དེ་དག་གི་ཤུགས་ལ་བསྟན་ཏེ། འཇུག་པ་གཟུང་རྟོག་གི་གཉེན་པོ་བསྟན་ཟིན་ཏོ། །གཉིས་པ་ལྡོག་པ་གཟུང་རྟོག་གི་གཉེན་པོ་ལ་གསུམ་སྟེ། རྟོག་པའི་གཉེན་པོའི་རྒྱུ། གཉེན་པོའི་རབ་དབྱེ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་ཡང་གསུམ་སྟེ། ཚོགས་སོགས་པའི་དུས་ཀྱི་ཁྱད་པར། གང་ལ་ཚོགས་སོགས་པའི་ཡུལ། ཚོགས་ཀྱི་རང་གི་ངོ་བོའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། གྲངས་མེད་པ་ནས་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་པའི་བར་རོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། བསྙེན་བཀུར་བར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། དྲིས་ལན་གཉིས་སོ། །གསུམ་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། སྐྲུན་པ་ལགས་ཞེས་པའི་བར་རོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་པ་ནས། ངོ་མཚར་ཆེའོ་ཞེས་པའི་བར་ཏེ། རབ་འབྱོར་གྱི་ཚིག་དང༌། བཅོམ་ལྡན་འདས་ཀྱིས་གསུངས་པ་གཉིས་ཀྱིས་བསྟན་ཏོ། །གཉིས་པ་གཉེན་པོའི་རབ་ཏུ་དབྱེ་བ་ལ། རྒྱན་ལས། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །ཞེས་པ་ནས། ཉན་ཐོས་ལ་སོགས་ཡིད་ལས་བྱུང༌། །ཞེས་པའི་བར་གྱིས་མི་མཐུན་ཕྱོགས་རྟོག་པ་དགུ་བསྟན་པའོ། །རབ་དབྱེ་ལས། གཉེན་པོ་ཡང་དགུ་སྟེ། དང་པོ་སྲིད་པ་དང་ཞི་བར་ལྟུང་བ་ལ་རྟོག་པའི་གཉེན་པོ་ནི། ཉི་མའི་དཀྱིལ་འཁོར་གླིང་བཞིར་མཐུན་པར་འཇུག་པའི་དཔེས་བསྟན་ཏེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཉི་མའི་དཀྱིལ་འཁོར་དང་ཞེས་པ་ནས། མིང་མི་ཐོབ་བོ་ཞེས་པའི་བར་གྱིས་བསྟན་ཏོ། །རྟོགས་པ་དམན་པ་ལ་རྟོག་པའི་གཉེན་པོ་ནི། རིན་པོ་་ཆེ་སྣ་བདུན་དང་བྲལ་ན་འཁོར་ལོས་སྒྱུར་བའི་མིང་མི་ཐོབ་པའི་དཔེས་བསྟན་ཏོ། །ཡོངས་སུ་འཛིན་པ་མེད་པའི་རྟོག་པའི་གཉེན་པོ་ནི། ཁྱིམ་ཐབས་མེད་པའི་བུད་མེད་འཕྱོན་མ་རྣམས་ཀྱིས་ཚུགས་པའི་དཔེས་བསྟན་ཏོ། །རྣམ་པ་མ་ཚང་བ་ལ་རྟོག་པའི་གཉེན་པོ་ནི། གོ་མཚོན་ཚང་བའི་དཔའ་བོ་གཞན་གྱིས་མི་ཐུབ་པའི་དཔེས་བསྟན་ཏོ། །གཞན་གྱི་རྐྱེན་གྱིས་འགྲོ་བའི་རྟོག་པའི་གཉེན་པོ་ནི། འཁོར་གྱི་རྒྱལ་ཕྲན་རྣམས་འཁོར་ལོས་བསྒྱུར་བའི་དྲུང་དུ་ནང་ནུབ་ཏུ་འགྲོ་བའི་དཔེས་བསྟན་ཏོ། །ཆེད་དུ་བྱ་བ་ལོག་པ་ལ་རྟོག་པའི་གཉེན་པོ་ནི། ཆུ་ཕྲན་རྣམས་གངྒཱ་དང་འགྲོགས་ནས་རྒྱ་མཚོ་ཆེན་པོར་བརྟོལ་བའི་དཔེས་བསྟན་ཏོ། །ཉི་ཚེ་བའི་རྟོག་པའི་གཉེན་པོ་ནི། ཐབས་རྐྱང་པ་ལག་པ་གཡོན་པ་དང་འདྲ་བའི་དཔེས་བསྟན་ཏོ། །སྣ་ཚོགས་པ་ལ་རྟོག་པའི་གཉེན་པོ་ནི། ཆུ་ཀླུང་རྣམས་རྒྱ་མཚོར་ཕྱིན་ན་རོ་གཅིག་ཏུ་འགྱུར་བའི་དཔེས་བསྟན་ཏོ། །གནས་པ་དང་འཇུག་པ་ལ་རྨོངས་པའི་གཉེན་པོ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྗེས་སུ་རིན་པོ་ཆེ་སྣ་བདུན་འབྲང་བའི་དཔེས་བསྟན་ཏོ། །རྣམ་མཁྱེན་གྱི་རྗེས་སུ་འགྲོ་བ་ལ་རྟོག་པའི་གཉེན་པོ་ནི། འཁོར་ལོས་སྒྱུར་རྒྱལ་གྱི་རིན་པོ་ཆེ་སྣ་བདུན་དཔུང་འཚོགས་པ་ན་ཡན་ལག་བཞི་ལྡན་གྱི་མདུན་དུ་འགྲོ་བའི་དཔེས་བསྟན་ཏེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དེ་དང༌། བློན་པོ་རིན་པོ་ཆེ་དེ་དང་ཞེས་པ་ནས། རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །རིན་པོ་ཆེ་སྣ་བདུན་དཔུང་ཚོགས་བཞིའི་སྔོན་དུ་འགྲོ་བ་ལྟར། ཡུམ་ཡང་ཕར་ཕྱིན་ལྔའི་སྔོན་དུ་འགྲོ་ཞིང་དྲངས་ནས་རྣམ་མཁྱེན་དུ་འགྱུར་བར་གསུངས་པའོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དངོས་རྒྱུ་ལྟ་བུའོ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་པ་སྤོང་བ་དངོས་དང༌། ཞར་ལ་ཡུམ་གཙོ་བོར་བསྟན་པའི་དོགས་པ་གཅོད་པའོ། །དང་པོ་ལ་བྱང་ཆུབ་ཐོབ་པ་མེད་པར་ཐལ་བ་དགོད་པ་དང༌། ཁྱབ་པ་མ་ངེས་པར་བསྟན་པས་རྩོད་པར་སྤོང་བ་དང༌། དོན་དམ་པར་ཐ་དད་མེད་པས་ཡུམ་གཙོ་བོར་མི་འཐད་པར་རྩོད་པ་དང༌། ཁྱབ་པ་མ་ངེས་པར་བསྟན་པས་རྩོད་པ་སྤང་བ་དང༌། དོན་དམ་པར་བྱེ་བྲག་མེད་པས་ཡུམ་གཙོ་བོར་མི་འཐད་པར་རྩོད་པ་དང༌། ཁྱབ་པ་མ་ངེས་པར་བསྟན་པས་རྩོད་པ་སྤོང་བའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་ཏེ། རང་བཞིན་གྱིས་སྟོང་ན་ཕར་ཕྱིན་དྲུག་ལ་སྤྱད་པས་ཇི་ལྟར་འཚང་རྒྱ་བར་འགྱུར་ཞེས་རྩོད་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་ཞེས་པ་ནས། རབ་འབྱོར་དེ་ལྟར་ཡོངས་སུ་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། དོན་དམ་པར་རང་བཞིན་གྱིས་སྟོང་ཡང་ཕར་ཕྱིན་དྲུག་ལ་སྤྱད་པས་འཚང་རྒྱའོ་ཞེས་པའི་དོན་ནོ། །འདིའི་མདོ་ཚིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ཚུལ་རྒྱས་པར་བསྟན་ཏོ། །གསུམ་པ་ནི། གསོལ་པ་དང༌། གལ་ཏེ་ཕ་རོལ་ཏུ་ཕྱིན་པ་ལ་ཐ་དད་པ་མ་མཆིས་ན་ཞེས་པ་ནས། མི་མཉམ་པ་དང་མཉམ་པ་ཞེས་བགྱིའོ་ཞེས་པའི་བར་ཏེ། དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་ལ་ཐ་དད་མ་མཆིས་པའི་ཕྱིར་ཤེར་ཕྱིན་ནི་ཕར་ཕྱིན་ལྔའི་ནང་ནས་རབ་ཏུ་གྱུར་པར་བསྟན་པ་མི་འཐད་ཅེས་པའི་དོན་ནོ། །བཞི་པ་ལ་ཁྱབ་མ་ངེས་པར་བསྟན་པ་དང༌། དེ་གཉིས་དཔེའི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ལ་རྟགས་རྗེས་སུ་བརྗོད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། ཐ་དད་པ་གང་ཡང་མེད་དོ་ཞེས་པའི་བར་རོ། །དོན་དམ་པར་ཐ་དད་མེད་ཀྱང༌། ཀུན་རྫོབ་ཏུ་ཤེས་ཕྱིན་གཙོ་བོར་བསྟན་པ་ནི། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་ཞེས་པ་ནས། མིང་ཐོབ་པར་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ལུས་རྣམ་པ་ཐ་དད་པ་རྣམས་ནི་ཞེས་པ་ནས། དེའི་ཕྱིར་ཁྱད་མེད་དོ་ཞེས་པའི་བར་རོ། །ལྔ་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཆོས་གང་ཡང་ཁྱད་པར་མ་མཆིས་པས་བྱེ་བྲག་མ་མཆིས་ན་རྗེས་སུ་ཐོབ་བར་འགྱུར་བ་ནི་གང་ཞིག་མཆིས་ཞེས་པ་ནས། མི་མཉམ་པ་དང་མཉམ་པ་ཞེས་བགྱི་ཞེས་པའི་བར་ཏེ། དོན་དམ་པར་ཆོས་གང་ལ་ཡང་བྱེ་བྲག་མ་མཆིས་པའི་ཕྱིར་ཤེར་ཕྱིན་ཕར་ཕྱིན་ལྔ་ལས་མཆོག་ཏུ་བསྟན་པ་མི་འཐད་དོ་ཞེས་པའི་དོན་ནོ། །དྲུག་པ་ལ་རྟགས་ཞལ་གྱིས་བཞེས་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། ཁྱད་པར་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ཁྱབ་པ་མ་ངེས་པར་བསྟན་པ་ནི། འོན་ཀྱང་འཇིག་རྟེན་གྱི་ཐ་སྙད་དང་བརྡར་བྱས་ན་ཞེས་པ་ནས། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ཡིན་ནོ་ཞེས་པའི་བར་ཏེ། བུད་མེད་རིན་པོ་ཆེ་བུད་མེད་གཞན་ལས་ཁྱད་པར་དུ་འཕགས་པའི་དཔེས་ཡུམ་མཆོག་ཏུ་གྱུར་པར་བསྟན་ཏོ། །ཡུམ་མཆོག་ཏུ་བསྟན་པའི་དགོངས་པ་བཤད་པ་ལ། དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཞེས་པ་ནས། ཅི་ལ་དགོངས་ཞེས་པའི་བར་གྱིས་བསྟན་ཏོ། །ལམ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དེར་གནས་པར་འགྱུར་བའི་ཕྱིར་ཞེས་པའི་བར་གྱིས་བསྟན་པ་ཡིན་ཏེ། ཡུམ་ནི་དགེ་བའི་ཆོས་ཐམས་ཅད་རྣམ་མཁྱེན་དུ་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་ཏེ་ཡུམ་གྱིས་ཡོངས་སུ་ཟིན་པས་རྣམ་མཁྱེན་དེར་གནས་པའི་ཕྱིར་རོ། །ལྡོག་པ་གཟུང་རྟོག་གི་གཉེན་པོ་དངོས་སུ་བསྟན་ནས། རྟོག་པ་ཤུགས་ལ་འཕངས་པའི་ཚུལ་གྱིས་བསྟན་ཟིན་ཏོ། །འཛིན་རྟོག་དང་པོ་རྫས་འཛིན་རྟོག་པའི་གཉེན་པོ་བཤད་པ་ནི། འཛིན་པ་དང་ནི་གཏོང་བ་དང༌། །ཞེས་པ་ནས། འཛིན་པ་དང་པོར་ཤེས་པར་བྱ། །ཞེས་པའི་བར་གྱིས་རྟོག་པ་དགུ་བསྟན་པའི་དབྱེ་བས་གཉེན་པོ་དགུའོ། །འདི་ལ་དང་པོ་འཛིན་པ་དང་གཏོང་བའི་རྣམ་རྟོག་གི་གཉེན་པོ་བསྟན་པ་ལ། དང་པོ་དྲི་བ་བསྟན་པ་ནི། གོང་དུ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བཟུང་ཞིང་མི་གནས་པའི་ཚུལ་གྱིས་ཞེས་པ་ལ་དྲི་བ་སྟེ། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། གཏོང་ངམ། མཆིས་སམ་ཞེས་པའི་བར་རོ། །ལན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ་ཞེས་པ་ནས། གཏོང་བ་མེད་པའི་ཕྱིར་ཞེས་པའི་བར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། མི་གཏོང་བ་ལགས་ཞེས་པའི་བར་རོ། །ལན་ལ་གསུམ་སྟེ། རྟོག་པའི་གཉེན་པོ་དང༌། དེ་ལ་རྩོད་པ་སྤང་བ་དང༌། འཐད་པ་བཤད་པའོ། །དང་པོ་ལ་བཞི་སྟེ། འཛིན་རྟོག་མི་བྱེད་པ་དང༌། དེ་དག་གི་འཐད་པ་དྲི་བ་དང༌། དེ་དག་གཏན་ཚིགས་ཀྱི་སྒོ་ནས་བསྟན་པ་དང༌། གཏན་ཚིགས་བསྒྲུབ་བྱ་དང་སྦྱར་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཡོངས་སུ་མི་འཛིན་མི་གཏོང་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མི་འཛིན་མི་གཏོང་ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་ནས་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་བླང་དོར་གཉིས་ཀྱི་ཚུལ་དུ་མི་འཛིན་པའི་དོན་ནོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཞེས་པ་ནས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཞེས་པའི་བར་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་འགྲེས་ལས་བརྩམས་ནས་དྲིས་པའོ། །གསུམ་པ་དེ་དག་རྒྱུ་མཚན་གྱི་སྒོ་ནས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡིད་ལ་མི་བྱེད་པས། གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མི་བྱེད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། ཡིད་ལ་བྱ་བའི་ཡུལ་གཟུགས་ནས་རྣམ་མཁྱེན་གྱི་བར་ངོ་བོ་ཉིད་ཀྱིས་སྟོང་པས་ཡིད་ལ་བྱར་མེད་པའི་ཕྱིར། དེ་དག་ཡིད་ལ་མི་བྱེད་པས་བླང་དོར་གཉིས་ཀྱི་ཚུལ་དུ་བྱར་མེད་དོ་ཞེས་པའི་དོན་ནོ། །བཞི་པ་རྟགས་དང་བསྒྲུབ་བྱའི་ཆོས་སྦྱོར་བ་ལ། རབ་འབྱོར་དེ་ལྟར་ཞེས་པས་རྟགས་བསྟན་ཏོ། །གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ཞེས་པ་ནས། རྫོགས་པའི་བྱང་ཆུབ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ཞེས་པའི་བར་གྱིས་བསྒྲུབ་བྱ་བསྟན་ཏོ། །གཉིས་པ་རྩོད་པ་སྤང་བ་ལ་གཉིས་ལས། དང་པོ་རྩོད་པ་ལ་གསུམ་སྟེ། བཅོམ་ལྡན་འདས་ཀྱི་དགོངས་པ་བླང་བ་དང༌། ཁས་བླངས་རྗེས་སུ་བརྗོད་པ་དང༌། གནོད་བྱེད་ཀྱི་ཐལ་འགྱུར་འགོད་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་གཟུགས་ཡིད་ལ་མི་བགྱི་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མི་བགྱི་ཞེས་པའི་བར་རོ། །གཉིས་པ་ནི། འོ་ན་བཅོམ་ལྡན་འདས་གཟུགས་ཡིད་ལ་མ་བགྱིས་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མི་བགྱིས་ཞེས་པའི་བར་རོ། །གསུམ་པ་ནི། དགེ་བའི་རྩ་བ་རྣམས་ཇི་ལྟར་རྣམ་པར་འཕེལ་བར་འགྱུར་ཞེས་པ་ནས། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་པའི་བར་ཏེ། ཆོས་གང་ཡང་ཡིད་ལ་མ་བྱས་ན། དགེ་བའི་རྩ་བ་འཕེལ་བར་མི་འགྱུར་ལ། དེ་ལྟ་ན་ཕྱིན་དྲུག་རྫོགས་པར་མི་འགྱུར་རོ། །ཕྱིན་དྲུག་མ་རྫོགས་ན་རྣམ་མཁྱེན་ཐོབ་པར་མི་འགྱུར་རོ་ཞེས་པའི་དོན་ནོ། །གཉིས་པ་ལན་ལ། ཡིད་ལ་བྱེད་པའི་རྟོག་པའི་གཉེན་པོ་ལ་གཉིས་ཏེ། མཚན་མ་དང་སྤྲོས་པ་ཡིད་ལ་མི་བྱེད་པའི་ཚེ་འཆང་རྒྱ་བ་དང༌། ཡིད་ལ་མ་བྱས་པའི་འཐད་པས་འཚང་རྒྱ་བར་བསྒྲུབ་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་གཟུགས་ཡིད་ལ་མི་བྱེད་ཅེས་པ་ནས། བྱང་ཆུབ་ཡིད་ལ་མི་བྱེད་པ་དེའི་ཚེ་ཞེས་པའི་བར་དུ་བསྟན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་རྣམས་རྣམ་པར་འཕེལ་བར་འགྱུར་ཏེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཡིད་ལ་མ་བྱས་ཞེས་པ་ནས། རང་བྱང་ཆུབ་ཡིད་ལ་མ་བྱས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་པའི་བར་རོ། །ཁམས་གསུམ་དང་འབྲེལ་བའི་རྟོག་པའི་གཉེན་པོ་ལ་གསུམ་སྟེ། རྒྱུ་མཚན་དྲི་བ་དང༌། རྟོག་པའི་གཉེན་པོ་དང༌། དོན་བསྡུ་བའོ། །དང་པོ་ནི། གསོལ་པ་དེ་ཅིའི་སླད་དུ་དེ་ལྟར་གཟུགས་ཡིད་ལ་མ་བགྱིས་ཞེས་པ་ནས། དེ་ལྟར་རང་བྱང་ཆུབ་ཡིད་ལ་མ་བགྱིས་ཞེས་བསྟན་ཏེ། ཅིའི་ཕྱིར་གཟུགས་ཡོངས་སུ་བཟུང་བ་དང༌། བཏང་བའི་ཚུལ་དེ་ལྟར་དུ་ཡིད་ལ་མ་བགྱིས་ཞེས་པའི་ཚུལ་གྱིས་དྲི་བའོ། །གཉིས་པ་རྟོག་པའི་གཉེན་པོ་བསྟན་པ་ལ། ཡིད་ལ་མ་བགྱིས་པས་རྣམ་མཁྱེན་ཐོབ་པ་དང༌། དེ་དག་གི་འཐད་པ་བསྟན་པ་དང༌། ཡིད་ལ་མི་བྱེད་པའི་ཕན་ཡོན་ནོ། །དང་པོ་ནི། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མ་བགྱིས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་པས་བསྟན་ཏོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་ལ་བྱེད་པས་ནི་ཞེས་པ་ནས། འདྲི་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། ཡིད་ལ་མ་བགྱིས་པས་རྣམ་མཁྱེན་ཐོབ་སྟེ། ཡིད་ལ་བྱེད་པས་ནི་ཁམས་གསུམ་གང་རུང་དང་འབྲེལ་བའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་ནི་ཡིད་ལ་མི་བྱེད་པས་གང་དུ་ཡང་འདྲི་བར་མི་འགྱུར་རོ་ཞེས་པས་བསྟན་ཏོ། །གསུམ་པ་དོན་བསྡུ་བ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་པ་ནས། འདྲི་བར་མི་བྱའོ་ཞེས་པའི་བར་རོ། །ཇི་ལྟ་བའི་དོན་ལ་གནས་པ་ལ་རྟོག་པའི་གཉེན་པོ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། གང་ལ་གནས་པར་འགྱུར་ཞེས་པའི་བར་རོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་གཟུགས་ལ་གནས་པར་མི་འགྱུར་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་རོ་ཞེས་པའི་བར་རོ། །མངོན་པར་མཁྱེན་པ་ལ་རྟོག་པའི་གཉེན་པོ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་པའི་བར་རོ། །ཆོས་ཀྱི་དངོས་པོ་བཏགས་པ་ལ་རྟོག་པའི་གཉེན་པོ་ནི། རྣམ་པ་གསུམ་གྱིས་བསྟན་ཏེ། མི་མཐུན་ཕྱོགས་ཡུམ་ལ་རིང་བའི་རྒྱུ་བསྟན་པ་དང༌། འཐད་པས་གཉེན་པོ་དངོས་བསྟན་པ་དང༌། ཡུམ་ལས་ཉམས་པར་བྱེད་པའི་རྒྱུ་བསྟན་པའོ། །དང་པོ་ལ་མཚན་འཛིན་ངོས་བཟུང་བ་དང༌། དེ་དག་གི་བྱེད་པ་བཤད་པའོ། །དང་པོ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཤིང་ཞེས་པ་ནས། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་སྟེ་སྙམ་མོ་ཞེས་པའི་བར་རོ། །གཉིས་པ་མདོར་བསྟན་པ་ནི། གལ་ཏེ་དེ་ལྟར་འདུ་ཤེས་ན་ཞེས་པ་ནས། རིང་དུ་འགྱུར་བ་ཡིན་ནོ་ཞེས་པའི་བར་རོ། །རྒྱས་པར་བཤད་པ་ནི། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་གྱུར་པ་དེ་ནི་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་རིང་དུ་གྱུར་པ་ཡིན་ཞེས་པའི་བར་རོ། །གཉིས་པ་འཐད་པས་གཉེན་པོ་དངོས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མངོན་པར་ཆགས་པར་འགྱུར་བ་དེ་ལྟ་བུའི་རང་བཞིན་དེ་ལ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། མཚན་མར་འཛིན་པས་ནི་སྦྱིན་པ་ནས། རྣམ་མཁྱེན་གྱི་བར་རྟོགས་པའི་ཡུམ་ལས་རིང་བར་འགྱུར་ཏེ། རྣམ་བྱང་གི་ཆོས་ཐམས་ཅད་ཀྱི་རྩ་བ་ཤེར་ཕྱིན་གང་ལ་ཡང་ཆགས་པ་མེད་པའི་དོན་ནོ། །གཉིས་པ་ཡུམ་ལས་ཉམས་པར་བྱེད་པའི་རྒྱུ་ལ་གསུམ་སྟེ། ཡུམ་གྱི་ངོ་བོ་ལ་མཚན་མར་འཛིན་པ་དང༌། ཡུམ་གྱི་བྱེད་པ་ལ་མཚན་མར་འཛིན་པ་དང༌། སངས་རྒྱས་ཀྱིས་ཆོས་སྟོན་པ་ལ་མཚན་མར་འཛིན་པའོ། །དང་པོ་ནི། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་ན་ཡང་ཞེས་པ་ནས། ཉམས་པར་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ལ་གསུམ་སྟེ། ཡུམ་རྣམ་བྱང་གི་ཆོས་འཛིན་བྱེད་དུ་འཛིན་པ་དང༌། ལུང་སྟོན་བྱེད་ཀྱི་རྒྱུར་འཛིན་པ་དང༌། རྣམ་བྱང་མངོན་པར་སྒྲུབ་བྱེད་དུ་འཛིན་པའོ། །དང་པོ་ལ་གཉིས་ཏེ། ཉམས་པའི་རྒྱུ་བསྟན་པ་དང༌། ཉམས་པའི་ཉེས་དམིགས་བསྟན་པའོ། །དང་པོ་ནི། གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་འཛིན་ཏོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་ཏོ་སྙམ་ན་ཡང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་ཉམས་པ་ཡིན་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། ཡུམ་དང་བྲལ་བས་ནི་མི་ནུས་སོ་ཞེས་པ་ལ་སོགས་པས་བསྟན་ཏོ། །གཉིས་པ་ལུང་སྟོན་བྱེད་ཀྱི་རྒྱུར་མཚན་མར་འཛིན་པ་ནི། གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་པ་ནི་ཞེས་པ་ནས། ལུང་མི་སྟོན་ཏོ་ཞེས་པའི་བར་རོ། །གསུམ་པ་རྣམ་བྱང་སྒྲུབ་བྱེད་དུ་མཚན་མར་འཛིན་པ་ལ་གསུམ་སྟེ། མཚན་མར་འཛིན་པ་ངོས་བཟུང་བ་དང༌། ཡུམ་ལས་ཉམས་པའི་རྒྱུར་བསྟན་པ་དང༌། དེ་དག་གི་འཐད་པ་བསྟན་པའོ། །དང་པོ་ནི། གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་བོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མངོན་པར་སྒྲུབ་བོ་སྙམ་ན་ཡང་ངོ་ཞེས་པའི་བར་རོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ་ཞེས་སོགས་ཀྱིས་བསྟན་ཏོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་མི་ནུས་སོ་ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་མངོན་པར་སྒྲུབ་པར་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་སངས་རྒྱས་ཀྱིས་ཆོས་སྟོན་པ་ལ་མཚན་མར་འཛིན་པ་ལ་གཉིས་ཀྱི་དང་པོའི་དོན་ནི། གལ་ཏེ་ཡང་འདི་སྙམ་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཡོངས་སུ་བཟུང་སྟེ་ཞེས་པ་ནས། ཉམས་པ་ཡིན་ནོ་ཞེས་པའི་བར་རོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དེ་ནི་གནས་པ་མ་ཡིན་ནོ་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པས་ཆོས་གང་ཡང་ཐུགས་སུ་ཆུད་པ་མེད་ལ། དེ་མེད་པས་ཐུགས་སུ་ཆུད་པའི་དོན་གང་ཡང་བཤད་པ་མེད་པའི་ཕྱིར། དེ་བས་ན་དོན་དམ་པར་ཆོས་ཐུགས་སུ་ཆུད་པ་ལྟ་ག་ལ་ཡོད་ཅེས་པའི་དོན་ནོ། །མི་མཐུན་ཕྱོགས་ཀྱི་མཚན་འཛིན་བསྟན་ཟིན་ཏོ། །ཡུམ་གྱི་སྤྱོད་པ་ལ་ཆགས་པའི་རྟོག་པའི་གཉེན་པོ་བསྟན་པ་ལ་དྲི་བ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། མ་མཆིས་པར་འགྱུར་བ་ལགས་ཞེས་པའི་བར་རོ། །ལན་ལ་སྐྱོན་མ་མཆིས་པའི་སྤྱོད་པ་བསྟན་པ་དང༌། ཞར་ལ་མངོན་པར་ཞེན་པས་ཡུམ་དང་བྲལ་བར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། སྤྱོད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་དོན་ནི། གལ་ཏེ་དེ་ལྟར་ཞེས་པ་ནས། བྲལ་བ་ཡིན་ནོ་ཞེས་པའི་བར་རོ། །དེ་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བརྗོད་པ་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉེན་པོ་ལ་རྟོག་པ་སྤོང་བྱེད་བརྗོད་པ་ནི། རྟོག་པ་སྔ་མའི་མདོའི་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཡིན་ཏེ་ཞེས་པ་ལས་འཕྲོས་ནས། འོ་ན་ཤེར་ཕྱིན་དང་མ་བྲལ་བ་གང་ལགས་ཞེས་དྲི་བ་དགོད་པའི་ཚུལ་གྱིས་གསུངས་ཏེ། དེ་ལ་དང་པོ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ལགས་སམ་ཞེས་པའི་བར་གྱིས་གསུངས་ཏེ། རྟོག་པ་སྔ་མའི་སྐབས་སུ་ཤེར་ཕྱིན་དང་བྲལ་བ་ཞེས་གསུངས་པ་ལས་འཕྲོས་ནས། མ་བྲལ་བ་གང་ཡིན་ཞེས་ཞུས་པའོ། །འདིར་ཤེར་ཕྱིན་ཤེར་ཕྱིན་དང་མ་བྲལ་བ་ནས་རྣམ་མཁྱེན་རྣམ་མཁྱེན་དང་མ་བྲལ་བའི་བར་གྱི་ལན་སྟོན་དགོས་པའི་འགྲེས་ཆད་པར་སྣང་ངོ༌། །དེས་ན་འདིར་གཉེན་པོ་སྟོན་བྱེད་ཀྱི་མདོ་མ་ཚང་བར་མངོན་ནོ། །དོན་ནི། དམིགས་བྱའི་ཤེར་ཕྱིན་དང་དམིགས་བྱེད་ཀྱི་ཤེར་ཕྱིན་གཉིས་སྔོན་ནས་མ་བྲལ་བའི་སྒྲས་མཉམ་པར་བསྟན་ནས། མདོར་རྟོག་པའི་ཡུལ་དང་གཉེན་པོ་བསྟན་ནས་རྟོག་པ་ཤུགས་ལ་འཕང་ངོ༌། །སྤོང་བྱེད་ཀྱི་གཉེན་པོ་ཡང་རྟོག་པའི་ཡུལ་དུ་བཀོད་པའི་མཉམ་པ་ཉིད་རྟོགས་པས་གསུངས་སོ། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །ཞེས་པའི་རྟོག་པའི་ཡུལ་ནི་ཡུམ་དང་བྲལ་ན་ཕར་ཕྱིན་གཞན་ལ་ཇི་ལྟར་འདོད་པ་བཞིན་དུ་བྱང་ཆུབ་ཏུ་འགྲོ་བའི་ནུས་པ་མེད་པས་ཉམས་པ་ལ་བཤད་དོ། །དེའི་གཉེན་པོ་སྟོན་པ་ལ་གཉིས་ཏེ། གནོད་བྱེད་ཀྱི་ཐལ་འགྱུར་འགོད་པ་དང༌། དེའི་ལན་བསྟན་པའོ། །དང་པོ་ལ་ཁས་བླངས་རྗེས་སུ་བརྗོད་པ་ནི། དེ་ལ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ཞིག་ལགས་ན་ཞེས་པའི་བར་ཏེ། ཤེར་ཕྱིན་ཤེར་ཕྱིན་དང་གཅིག་པ་ནས། རྣམ་མཁྱེན་རྣམ་མཁྱེན་དང་གཅིག་ཡིན་ན་ནི་ཞེས་པའི་དོན་ནོ། །རལ་གྲིའི་སོ་རང་གིས་རང་མི་གཅོད་པ་བཞིན་དུ། ཤེར་ཕྱིན་ནས་རྣམ་མཁྱེན་གྱི་བར་གྱིས་བསྒྲུབ་ཏུ་མི་རུང་ཞེས་ཐལ་བ་འཕེན་པ་ནི། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི་ཞེས་པའི་བར་གྱིས་གསུངས་ཏེ། ཤེར་ཕྱིན་གྱིས་ཤེར་ཕྱིན་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི་ཞེས་པ་ནས། རྣམ་མཁྱེན་གྱིས་རྣམ་མཁྱེན་ཇི་ལྟར་བསྒྲུབ་པར་བགྱི་སྟེ། ཤེར་ཕྱིན་དང་ཐ་མི་དད་པ་ནས་རྣམ་མཁྱེན་དང་ཐ་མི་དད་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་ལན་བསྟན་པ་ལ་གཉིས་ཏེ། དོན་དམ་དུ་འདོད་པ་དང༌། ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའོ། །དང་པོ་ལ་གཉིས་ཏེ། ཁྱད་གཞི་ལ་མངོན་པར་ཆགས་པའི་རྟོག་པ་མེད་པ་དང༌། ཁྱད་ཆོས་ལ་མངོན་པར་ཆགས་པའི་རྟོག་པ་མེད་པའོ། །དང་པོ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཤེའམ། འདི་ནི་གཟུགས་སོ་འདིའི་གཟུགས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ་ཞེས་པ་ནས། རྣམ་མཁྱེན་གྱི་བར་དུ་གསུངས་ཏེ། གཟུགས་ཞེས་པ་ནི་སྤྱིར་རྟོག་པའོ། །འདི་ནི་གཟུགས་སོ་ཞེས་པ་ནི་ཉེ་བར་རྟོག་པའོ། །འདིའི་གཟུགས་སོ་ཞེས་པ་ནི་འབྲེལ་བའི་ཚུལ་གྱིས་རྟོག་པ་སྟེ། རྟོག་ཚུལ་རྣམ་པ་གསུམ་གྱི་སྒོ་ནས་མངོན་པར་ཆགས་པ་མེད་དོ་ཞེས་པ་ཡང་རྣམ་མཁྱེན་གྱི་བར་དུ་བཤད་ཚུལ་འདི་ལྟར་སྦྱར་རོ། །གཉིས་པ་ཁྱད་ཆོས་ལ་མངོན་པར་ཆགས་པའི་རྟོག་པ་མེད་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། འཐད་པ་བསྟན་པའོ། །དང་པོ་ནི། གཟུགས་རྟག་པའམ་མི་རྟག་པར་མངོན་པར་ཆགས་པ་མེད་དོ་ཞེས་སོགས་རྣམ་མཁྱེན་གྱི་བར་དུ། རྟག་མི་རྟག་ལ་མངོན་པར་ཞེན་པ་དགག་པ་དང༌། དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བདེ་སྡུག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་དང༌། སྟོང་མི་སྟོང་དང༌། མཚན་མ་ཡོད་མེད་དང༌། སྨོན་པ་ཡོད་མེད་དང༌། དབེན་མི་དབེན་དུ་མངོན་པར་ཆགས་པ་དགག་པས་གསུངས་སོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། འཚང་རྒྱ་བར་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གང་ལ་ཁྱད་གཞི་དང༌། ཁྱད་ཆོས་གང་དུ་སྤང་བྱར་རྟོག་པ་མེད་པས། དོན་དམ་པར་ཡུམ་གྱིས་ཡུམ་སྒྲུབ་ཏུ་མེད་པར་ཐལ་བ་ནི་འདོད་པའོ་ཞེས་པ་ནི། ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་སྒྲུབ་པར་མི་ནུས་སོ་ཞེས་པའི་དོན་ནོ། །གཉིས་པ་ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པ་ལ་གཉིས་ཏེ། དོན་དངོས་དང༌། དེ་ཉིད་དཔེའི་སྒོ་ནས་བསྟན་པའོ། །དང་པོ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། དེར་གནས་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །རྫས་འཛིན་རྟོག་པའི་གཉེན་པོ་བསྟན་ཟིན་ཏོ། །འཛིན་རྟོག་གཉིས་པ་བཏགས་འཛིན་རྟོག་པའི་གཉེན་པོ་སྟོན་པ་ལ། ཆེད་བཞིན་ངེས་པར་མི་འབྱུང་དང༌། །ཞེས་པ་ནས། ཕྱིན་ཅི་ལོག་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་པའི་བར་གྱིས་གསུངས་པའི་རྣམ་རྟོག་དགུའི་དབྱེ་བས་གཉེན་པོ་ཡང་དགུ་སྟེ། དེ་ལ་དང་པོ་ཆེད་བཞིན་ངེས་པར་མི་འབྱུང་བ་ལ་རྟོག་པའི་གཉེན་པོ་ལ་གཉིས་ཏེ། དང་པོ་དཔེ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཁ་ལོ་བསྒྱུར་བ་ནི་ཞེས་པ་ནས། འགྲོའོ་ཞེས་པའི་བར་རོ། །གཉིས་པ་དོན་ནི། དེ་བཞིན་དུ་ཞེས་པ་ནས། མཉམ་པ་ནས་འགྲོའོ་ཞེས་པའི་བར་ཏེ། ཡུམ་གྱིས་ཕར་ཕྱིན་གཞན་ལྔ་ལ་ཁ་ལོ་སྒྱུར་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དུ་འགྲོའོ་ཞེས་སྟོན་ནོ། །ཡུམ་འདིས་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་ངེས་པར་འབྱུང་བས་ཆེད་དུ་བྱ་བ་དེ་ལྟར་མི་འབྱུང་བའི་ལམ་ལ་ཞེན་པའི་གཉེན་པོ་བྱེད་པ་ཡིན་ནོ། །ལམ་ལ་ལམ་མ་ཡིན་དུ་འཛིན་པའི་རྣམ་རྟོག་གི་གཉེན་པོ་ནི། དྲིས་ལན་གཉིས་ཀྱིས་གསུངས་པའི་དྲི་བ་ནི། གོང་དུ་རྣམ་མཁྱེན་ག་ལ་བ་དེར་འགྲོ་ཞེས་པ་ལས་འཕྲོས་ནས། གསོལ་པ་བཅོམ་ལྡན་འདས་བྱང་སེམས་ཆེན་པོ་རྣམས་ཀྱི་ལམ་ནི་གང༌། ལམ་མ་ལགས་པ་ནི་གང་ཞེས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཞེས་པ་ནས། འདི་ནི་བྱང་སེམས་ཆེན་པོ་རྣམས་ཀྱི་ལམ་མོ། །འདི་ནི་ལམ་མ་ཡིན་པའོ་ཞེས་པའི་བར་གྱིས་བསྟན་ཏེ། རྣམ་མཁྱེན་ཐོབ་བྱེད་ཀྱི་ལམ་ཤེས་པར་བྱ་བའི་དོན་དུ་ལམ་ཡིན་མིན་གྱི་རྣམ་དབྱེ་གཉིས་སུ་གསུངས་སོ། །འགག་པ་དང་བཅས་པའི་སྐྱེ་བ་ལ་རྟོག་པའི་གཉེན་པོ་ནི། གསོལ་པ། བཅོམ་ལྡན་འདས་ཞེས་སོགས་ཀྱིས་གསུངས་པ་ལ་དོན་རྣམ་པ་གསུམ་སྟེ། ཡུམ་ལ་དོན་ཆེན་པོའི་བྱ་བ་བྱེད་པའི་སྒོ་ནས་བསྟོད་པ་དང༌། དོན་དམ་པར་འཛིན་དོར་མ་གྲུབ་པར་བསྟན་པ་དང༌། རྩོད་པ་སྤང་བའི་སྒོ་ནས་རྣམ་མཁྱེན་ཐོབ་བྱེད་ཀྱི་ལམ་གསལ་བར་མཛད་པའོ། །དང་པོ་ནི། གོང་དུ་ལམ་དང་ལམ་མ་ཡིན་པའི་དབྱེ་བ་བཤད་པ་ཐོས་ནས། དེ་ལ་རྗེས་སུ་ཡི་རང་བས་ཤེར་ཕྱིན་ལ་བསྟོད་པ་སྟེ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་དང༌། ལམ་མ་ཡིན་པ་སྟོན་པ་ནི་ཞེས་པ་ནས། དོན་གྲངས་མེད་པའི་ཕྱིར་ཉེ་བར་གནས་ཏེ། ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དོན་དམ་པར་རྣམ་མཁྱེན་གྱི་ལམ་ཡོངས་སུ་འཛིན་པ་དང༌། ཉན་རང་གི་ལམ་དོར་བ་མེད་པའི་དོན་བསྟན་པས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དེ་ཡང་བརྗོད་མོད་ཀྱི་གཟུགས་ཡོངས་སུ་མི་འཛིན་ཏོ་ཞེས་པ་ནས། དེ་ལྟར་ཆོས་ཀྱི་གནས་ཉིད་ཚད་མར་བྱས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཆོས་གང་ཡང་བསྐྱེད་པ་མ་ཡིན། འགོག་པ་མ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་དོན་དེ་ཡང་བརྗོད་མོད་ཀྱི་ཞེས་པའི་དགོངས་པ་ནི། ཐ་སྙད་དུ་ཡུམ་རྣམ་མཁྱེན་གྱི་ལམ་འཛིན་པ་དང༌། ཉན་རང་གི་ལམ་འདོར་བར་ཡང་བརྗོད་མོད་ཀྱི་ཞེས་པའི་དོན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྤྲོད་པ་མ་ཡིན་ཞེས་སོགས་ཀྱིས་ནི་འཛིན་གཏོང་མི་བྱེད་པར་བསྟན་ལ། དེ་ལྟར་ཆོས་ཀྱི་གནས་ཉིད་ཚད་མར་བྱས་ན་ཞེས་པ་ནས། འགོག་པ་མ་ཡིན་ཞེས་པའི་བར་གྱིས་ནི་འཐད་པ་བསྟན་ཏེ། རྣམ་མཁྱེན་གྱི་ལམ་བསྐྱེད་པ་མ་ཡིན། ཉན་རང་གི་ལམ་འགོག་པ་མ་ཡིན་ཞེས་པའི་དོན་ནོ། །གསུམ་པ་ལ་དང་པོ་རྩོད་པ་ནི། གོང་དུ་བསྐྱེད་པ་མ་ཡིན་འགོག་པ་མ་ཡིན་ཞེས་པ་ལས་འཕྲོས་ནས། གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་ཡང་བསྐྱེད་པ་མ་ལགས། འགོག་པ་མ་ལགས་ན་ཞེས་པ་ནི་ཁས་བླངས་རྗེས་སུ་བརྗོད་པའོ། །དེ་ལ་ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པས་ཇི་ལྟར་སྦྱིན་པ་ཡོངས་སུ་བཏང་བར་བགྱི་ཞེས་པ་ནས། ཇི་ལྟར་ཤེས་རབ་བསྒོམ་པར་བགྱི་ཞེས་པའི་བར་རོ། །ལམ་གྱི་རྣམ་མཁྱེན་ཐོབ་བྱེད་ཀྱི་ལམ་གསལ་བར་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་སོགས་ཀྱིས་བསྟན་ཏེ། དང་པོ་རྒྱས་པར་བཤད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ་སྦྱིན་པ་སྦྱིན་པར་བྱའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་པའི་བར་རོ། །དོན་ནི། ལམ་མི་བསྐྱེད། ལམ་མི་འགོག་ན། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཅི་ཞིག་བྱ་ཞེས་པའི་དོན་ནོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟ་བས་ན་ཞེས་པ་ནས། བརྩོན་པར་བྱའོ་ཞེས་པའི་བར་རོ། །དངོས་པོ་ལྡན་དང་མི་ལྡན་ལ་རྟོག་པའི་གཉེན་པོ་ནི། སྔ་མ་ལ་དྲི་བ་བཀོད་པའི་ལན་གྱིས་གསུངས་ཏེ། གོང་དུ་ཕྱིན་དྲུག་ལ་བརྩོན་པར་བྱའོ་ཞེས་པ་ལས་འཕྲོས་ནས་དྲིས་པ་སྟེ། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྩོད་པར་བགྱི་ཞེས་པའི་བར་རོ། །ལན་ལ་གཉིས་ཀྱིས་དང་པོ་རྒྱས་པར་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོས་འདི་ལྟར་གཟུགས་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་བརྟག་པར་བྱ་སྟེ་ཞེས་པའི་བར་གྱིས་བསྟན་པ་ནི། ལྡན་མི་ལྡན་གཅིག་དང་ཐ་དད་དམ། འདུ་འབྲལ་གཉིས་ཏེ་དེ་དག་གི་སྤྲོས་པ་དང་བྲལ་བར་རྟོགས་པའི་ལམ་གྱིས་རྒྱུན་དང་ལྡན་མི་ལྡན་ལ་སེང་གེ་བཟང་པོས་བཤད་དོ། །ཡང་ན་སྟོང་པ་ཉིད་དུ་རོ་གཅིག་པས། ལྡན་མི་ལྡན་གཉིས་སུ་མེད་པར་རྟོགས་པ་ཉིད་གཉེན་པོར་བཤད་པར་བྱ་སྟེ། ལྡན་མི་ལྡན་གཉིས་སུ་མེད་པ་ནི་ཡུམ་གྱི་གནས་ཚུལ་ལ་བཤད་པར་བྱའོ། །གནོད་འཇོམས་ལས་ནི་ལྡན་མི་ལྡན་གཉིས་ཀྱི་དོན་ལ། གཟུགས་ལ་ཀུན་ཏུ་སྦྱོར་བ་ལས་བྲལ་བར་བྱའོ། །མི་ལྡན་པ་བསྐྱེད་པར་བྱའོ་ཞེས་བློས་བསྐྱེད་པར་མི་བྱའོ་ཞེས་གསུངས་སོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ་ཞེས་པའོ། །གཟུགས་སོགས་ལ་གནས་པའི་རྟོག་པའི་གཉེན་པོ་ལ་གསུམ་སྟེ། མི་གནས་པར་གདམས་པ་དང༌། མི་གནས་པའི་འཐད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱའོ་ཞེས་གསུངས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་གཟུགས་ནི་གང་ལ་ཡང་མི་གནས་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་གང་ལ་ཡང་མི་གནས་ཏེ་ཞེས་པའི་བར་གྱིས་བསྟན་པ་གནས་བྱའི་གཟུགས་སོགས་མ་དམིགས་པའི་དོན་ནོ། །གསུམ་པ་ནི། དེ་ལྟར་མི་གནས་པའི་ཚུལ་གྱིས་ཞེས་པ་ནས། འཚང་རྒྱ་བར་བྱའོ་ཞེས་པའི་བར་རོ། །ཉན་རང་གི་རིགས་འཇིག་པ་ལ་རྟོག་པའི་གཉེན་པོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་ཤིང་ཏོག་ཨ་མྲའམ་པ་ན་ས་ཟ་བར་འདོད་ན་ཞེས་པ་ནས། སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། ཤིང་ཏོག་ཨ་མྲ་ཟ་བར་འདོད་པས་དེའི་སོ་ནམ་བྱེད་པའི་དཔེས་བྱང་ཆུབ་ཐོབ་པར་འདོད་པས་ཕར་ཕྱིན་དྲུག་ལ་བསླབ་སྟེ། གཞན་ཡང་ཕར་ཕྱིན་དྲུག་གིས་རྗེས་སུ་བཟུང་བར་བྱ་བའི་དོན་གྱིས་གསུངས་སོ། །འདིར་ཤིང་ཏོག་གི་དཔེས་ཐེག་ཆེན་གྱི་རིགས་འཕེལ་བར་གསུངས་པས་རྟོག་པའི་རིགས་འཛིན་པ་བཀག་ནས། ཐེག་ཆེན་གྱི་རིགས་མི་འཇིག་པས་གཉེན་པོ་གསུངས་སོ། །དོན་དུ་གཉེར་བ་མེད་པར་རྟོག་པའི་གཉེན་པོ་ནི། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པ་དང་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སྨྲའོ་ཞེས་པའི་བར་གྱིས་བསྟན་ཏོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་གྱིས་གསུངས་ཏེ། རྟོག་པའི་ཡུལ་དོན་དུ་གཉེར་བ་མེད་པས་བྱང་ཆུབ་དོན་དུ་གཉེར་བ་བཀག་ནས་གཉེན་པོ་གསུངས་སོ། །འགའ་ཞིག་ནི་ཆོས་ཐམས་ཅད་ལ་དབང་དུ་འགྱུར་བ་ཐོབ་པར་འདོད་པས་ཞེས་པ་འདི་ནས་རྒྱུ་མེད་ལ་རྟོག་པའི་གཉེན་པོའི་གཞུང་ཟུག་པར་འདོད་དོ། །རྒྱུ་མེད་དུ་རྟོག་པའི་གཉེན་པོ་ལ་གཉིས་ཏེ། རྒྱ་མཚོའི་དཔེས་ཡུམ་ཆོས་ཐམས་ཅད་ཀྱི་སྒོར་བསྟན་པ་དང༌། ཡུམ་གྱི་ཆེད་དུ་ཆོས་ཐམས་ཅད་ལ་བསླབ་པར་བྱ་བ་བསྟན་པའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་ཞེས་པ་ནས། འདི་ཉིད་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱ་མཚོ་ཆེན་པོ་ཆུ་ཀླུང་ཐམས་ཅད་ཀྱི་སྒོ་ཡིན་པ་ལྟར། ཡུམ་ཡང་ཆོས་ཐམས་ཅད་ཀྱི་སྒོ་ཡིན་པས་འདི་ལ་བསླབ་པར་བྱའོ་ཞེས་སྟོན་ནོ། །གཉིས་པ་ནི། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། ཡུམ་ཆོས་ཐམས་ཅད་ཀྱི་སྒོ་ཡིན་པས་ཡུམ་རྟོགས་པར་འདོད་པས། རྣམ་བྱང་གི་ཆོས་ཐམས་ཅད་ལ་བསླབ་པར་བྱ་བར་བསྟན་ཏོ། །འདིས་རྟོག་པའི་ཡུལ་རྒྱུ་མེད་པ་བཀག་ནས། ཡུམ་ཆོས་ཐམས་ཅད་ཀྱི་སྒོར་བསྟན་པས་གཉེན་པོ་བསྟན་ཏོ། །ཕྱིར་རྒོལ་བ་ལ་དམིགས་པའི་རྟོག་པའི་གཉེན་པོ་སྟོན་པ་ལ་གཉིས་ཏེ། གཉེན་པོ་དངོས་དང༌། དེ་ལ་སྤྱད་པའི་ཕན་ཡོན་ནི། འཕོང་གི་སློབ་དཔོན་ལ་དགྲས་མི་ཚུགས་པའི་དཔེས་ཡུམ་ལ་སྤྱོད་པ་མི་མཐུན་ཕྱོགས་ཀྱིས་མི་ཚུགས་པར་བསྟན་པ་དང༌། དེ་ཉིད་ཀྱིས་ཡུམ་ལ་བསླབ་པར་བྱ་བ་གདམས་པའོ། །དང་པོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་ལག་ཚོད་དང་འབྱོར་བའི་གཞུ་ཐོགས་པ་ནི་ཞེས་པ་ནས། བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་ཐུབ་པར་དཀའ་འོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་དེ་ལྟ་བས་ན་ཞེས་པ་ནས། བསླབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་གཉེན་པོ་ལ་སྤྱོད་པའི་ཕན་ཡོན་ལ་གཉིས་ཏེ། སངས་རྒྱས་ཀྱིས་དགོངས་ཚུལ་སྟོན་པ་དང༌། ལྷ་རྣམས་ཀྱིས་མཆོད་པའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་ཞེས་པ་ནས། དགོངས་པ་མཛད་དོ་ཞེས་པའི་བར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། ཇི་ལྟར་དགོངས་པའི་ཚུལ་དྲི་བ་དང༌། ལན་བཤད་པའོ། །དང་པོ་ནི། གསོལ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་དགོངས་པ་མཛད་ཅེས་པ་ནས། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད་ཅེས་པའི་བར་རོ། །ལན་ལ། ཇི་ལྟར་དགོངས་པའི་ཚུལ་གསུངས་པ་དང༌། དགོངས་པའི་དོན་ལ་ཞེན་པ་དགག་པ་དང༌། ཤེར་ཕྱིན་ལ་བསླབ་ཚུལ་བསྡུས་ཏེ་གསུངས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སྦྱིན་པ་མི་དམིགས་པ་དེ་ལྟར་དགོངས་པ་མཛད་དོ་ཞེས་པ་ནས། ཅི་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པ་དེ་ལྟར་དགོངས་པ་མཛད་དེ། དེ་ལྟར་མི་དམིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དགོངས་པ་མཛད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གཟུགས་སུ་དགོངས་པ་མི་མཛད་དོ། །ཞེས་པའི་བར་རོ། །གསུམ་པ་ནི། གསོལ་པ་བཅོམ་ལྡན་འདས་བྱང་སེམས་ཆེན་པོས་གནས་མང་པོ་ཡང་བསླབ་པར་མི་བགྱིད་ལགས་ཞེས་པ་ནས། དེ་དག་གིས་ནི་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལྷ་རྣམས་ཀྱིས་མཆོད་པའི་ཕན་ཡོན་ནི། དེ་ནས་འཁོར་དེའི་ནང་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་མེ་ཏོག་མན་ད་ར་བ་མང་པོ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །རབ་ཏུ་གཏོར་ཏོ་ཞེས་པས་བསྟན་ཏོ། །གཉིས་པ་ཡོངས་སུ་གཏད་པའི་ཚུལ་ནི། བྱང་ཆུབ་ལ་གཞན་སྟོན་པ་དང་ཞེས་པ་སྟེ། དེའི་དོན་སྟོན་པ་ནི། དགེ་སློང་བརྒྱ་དྲུག་ཅུ་ལུང་སྟོན་པ་དང༌། ལུང་སྟོན་པའི་རྒྱུ་ཤེར་ཕྱིན་ལ་སྤྱོད་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། ལུང་བསྟན་པའི་རྒྱུའི་མཚན་མ་དང༌། དེ་ལ་དྲི་བ་འགོད་པ་དང༌། ཇི་ལྟར་ལུང་བསྟན་པའི་ཚུལ་ལོ། །དང་པོ་ནི། དགེ་སློང་བརྒྱ་དྲུག་ཅུ་ཙམ་ཡང་བསྟན་ལས་ལངས་ནས། ཆོས་གོས་ཕྲག་པ་གཅིག་ལ་གཟར་ཏེ་ཞེས་པ་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ་ཞེས་པའི་བར་རོ། །གཉིས་པ་ནི། ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་ཞེས་པ་ནས། ཅིའི་རྒྱུ་ཅི་ཡི་རྐྱེན་གྱིས་འཛུམ་པ་མཛད་ཅེས་པའི་བར་རོ། །གསུམ་པ་ནི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་བརྒྱ་དྲུག་བཅུ་པོ་འདི་དག་ཅེས་པ་ནས། མེ་ཏོག་གི་ཆར་མངོན་པར་འབབ་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལུང་སྟོན་པའི་རྒྱུ་ཤེར་ཕྱིན་ལ་སྤྱོད་པའི་ཕན་ཡོན་བསྟན་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་མདོར་བསྟན་པ་ནི། ཀུན་དགའ་བོ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། སྤྱད་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་རྒྱས་བཤད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་པས་རྣམ་པར་སྤྱད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་ཞེས་པ་ནས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་རིག་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ཞར་ལས་བྱུང་བའི་དོན་ལ་གཉིས་ཏེ། དགེ་བའི་རྩ་བ་བྱང་ཆུབ་ཀྱི་རྒྱུར་མི་བསླུ་བ་དང༌། སྦྱིན་སོགས་ལ་སྤྱོད་པ་ཉན་རང་དུ་མི་ལྟུང་བའོ། །དང་པོ་ནི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་དེ་བཞིན་གཤེགས་པ་ཞེས་པ་ནས། སངས་རྒྱས་སུ་འགྱུར་མོད་ཀྱི་ཞེས་པའི་བར་རོ། །གཉིས་པ་ནི། འོན་ཀྱང་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་པ་ནས། ཉན་ཐོས་སམ་རང་སངས་རྒྱས་སུ་མི་འགྱུར་རོ་ཞེས་པའི་བར་རོ། །དེ་ཡི་རྒྱུ་ནི་ཡོངས་གཏད་དང༌། །ཞེས་པའི་དོན་སྟོན་པ་ལ་གསུམ་སྟེ། ཚིག་དོན་གཉིས་ཀ་གཏད་པ་དང༌། ཚིག་མི་ཉམས་པར་གཏད་པ་དང༌། དོན་མི་ཉམས་པར་གཏད་པའོ། །དང་པོ་ལ་གཏད་པ་དངོས་དང༌། གཏད་པ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། ཀུན་དགའ་བོ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁྱོད་ལ་གཏད་དོ་ཞེས་པ་ནས། ངེས་པའི་ཚིག་ཤིན་ཏུ་ལེགས་པར་ཟིན་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི་ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཟིན་པ་དང་ཞེས་པ་ནས། དགའ་བ་དང༌། མོས་པ་བསྐྱེད་པར་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ལ། གཏད་པ་དངོས་དང༌། གཏད་པ་ལྟར་ཉམས་སུ་བླངས་ཤིང་སྟོན་པའི་ཕན་ཡོན་བཤད་པའོ། །དང་པོ་ནི། ཀུན་དགའ་བོ་གལ་ཏེ་ཁྱོད་ང་ལ་སྡུག་ཅིང་ཡིད་དུ་འོང་བ་ཞེས་པ་ནས། འདི་ནི་ངའི་གདམས་ངག་གོ་ཞེས་པའི་བར་ཏེ། ཚིག་མི་ཉམས་པ་དང༌། མང་དུ་གཏད་པ་དང༌། ཚད་མེད་པར་གཏད་པ་དང༌། བྱང་ཆུབ་ཀྱི་ཆེད་དུ་གཏད་པ་སྟེ། དོན་རྣམ་པ་བཞིས་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། འཐད་པ་བཤད་པའོ། །དང་པོ་ནི། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཡུམ་ཟབ་མོ་འདི་འཛིན་པ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་བ་ཡིན་ཞེས་པའི་བར་རོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་སྟོན་ཏེ། ཡུམ་ལ་སྤྱད་པ་ལས་ཕན་ཡོན་འབྱུང་བའི་འཐད་པ་བསྟན་པའོ། །དེ་ལ་གཉིས་ཏེ། སངས་རྒྱས་ཀྱི་ཡུམ་དུ་བསྟན་པ་དང༌། བྱང་སེམས་ཀྱི་ཡུམ་དུ་བསྟན་པའོ། །དང་པོ་ནི། ཀུན་དགའ་བོ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་ཞེས་པ་ནས། ད་ལྟར་བྱུང་བའི་དུས་ན་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་འགྲེས་ཀྱི་བར་དུ་གསུངས་པ་ཡིན་ནོ། །གཉིས་པ་བྱང་ཆུབ་སེམས་དཔའི་ཡུམ་དུ་བསྟན་པ་ནི། དགའ་བོ་དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞེས་པ་ནས། རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་ཏེ་ཞེས་པའི་བར་རོ། །གསུམ་པ་དོན་མི་ཉམས་པར་གདམས་པར་སྟོན་པ་ལ་གཉིས་ཏེ། དོན་དངོས་དང༌། གཏད་པ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། ཀུན་དགའ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཡང་དང་ཡང་དུ་ཡོངས་སུ་གཏད་དོ། །རྗེས་སུ་གཏད་དོ་ཞེས་པའོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ནི་དེ་བཞིན་གཤེགས་པ་ཞེས་པ་ནས། མཛོད་འདི་ལས་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། ཀུན་དགའ་བོ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་ཞེས་པ་ནས། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་པའི་བར་རོ། །མངོན་རྟོགས་རྒྱན་ལས། དེ་ཐོབ་བར་ཆད་མེད་པའི་རྒྱུ། །ཞེས་སྔ་མར་ཡོད་ཀྱང༌། མདོ་ལས། བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་སྔར་ཡོད་པས་མདོའི་གོ་རིམ་ལྟར་བཤད་ན་བསོད་ནམས་མང་པོའི་མཚན་ཉིད་ཅན་གྱི་མདོ་ནི། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་གང་ཟག་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ལ་ཉན་ཐོས་ཟུར་ཙམ་སྟེ་ཆོས་སྟོན་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་ཞེས་པ་ནས། ཡང་དག་པར་དགའ་བར་བྱེད་པ་ཡིན། ཡང་དག་པར་སྤྲོ་བར་བྱེད་པ་ཡིན། ཡང་དག་པར་གཞོག་པ་ཡིན། ཡང་དག་པར་འགོད་པ་ཡིན་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཐོབ་བར་ཆད་མེད་པའི་རྒྱུར། །ཞེས་པའི་དོན་སྟོན་པ་ནི། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང༌། དྲན་པ་ཉེ་བར་བཞག་པ་བཞི་ལ་སྤྱོད་པ་དང་ཞེས་པ་ནས། བྱང་ཆུབ་ལས་ཡོངས་སུ་ཉམས་པའི་གནས་སྐབས་མེད་དེ། དེ་ནི་གནས་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །བྱང་ཆུབ་ཆེན་པོའི་སྤྱིའི་རྒྱུ་ཚོགས་བསྟན་ཟིན་ཏོ།། ༈ བྱང་ཆུབ་ཆེན་པོ་སྟོན་པ་ལ་གསུམ་སྟེ། བྱང་ཆུབ་ཆེན་པོའི་དུས་སུ་མི་མཐུན་ཕྱོགས་མེད་པ་དང༌། མི་མཐུན་ཕྱོགས་དང་བྲལ་བའི་རྒྱུ་དང༌། བྱང་ཆུབ་ཆེན་པོ་རང་གི་ངོ་བོ་སྟོན་པའོ། །དང་པོ་ལ་དཔེ་བསྟན་པ་དང༌། དཔེས་མཚོན་པའི་དོན་ནོ། །དང་པོ་ལ་རྫུ་འཕྲུལ་མཛད་པ་དང༌། རྫུ་འཕྲུལ་སླར་བརྟུལ་བ་དང༌། འཁོར་རྣམས་ལ་མི་སྣང་བའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་ཚེ་ཞེས་པ་ནས། རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དོ་ཞེས་པའི་བར་ཏེ། དུས་གང་གི་ཚེ་རྫུ་འཕྲུལ་མཛད་པ་ནི། ཡུམ་འདི་བསྟན་པའི་ཚེ་ཞེས་པའོ། །གང་གིས་མཛད་པ་ནི་བཅོམ་ལྡན་འདས་ཀྱིས་སོ། །གང་གི་ངོར་མཛད་པ་ནི། འཁོར་བཞི་དང་ཞེས་པ་ནས། དེ་ལྟར་འཁོད་པ་རྣམས་ཀྱི་མདུན་དུ་ཞེས་པའོ། །གང་མཛད་པ་ནི། རྫུ་འཕྲུལ་མངོན་པར་འདུ་མཛད་པ་ཞེས་པའོ། །ཚུལ་ཅི་ལྟ་བུའི་རྫུ་འཕྲུལ་མཛད་པ་ནི། མངོན་པར་འདུ་མཛད་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཞེས་པ་ནས། དེ་ལྟ་བུའི་རྫུ་འཕྲུལ་ཞེས་པའི་བར་རོ། །གཉིས་པ་སླར་ཡང་རྫུ་འཕྲུལ་བརྟུལ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཞེས་པ་ནས། མི་སྣང་བར་གྱུར་ཏོ་ཞེས་པའི་བར་རོ། །མི་སྣང་བའི་འཐད་པ་བསྟན་པ་ནི། དེ་དག་གིས་མི་མཐོང་བར་གྱུར་ཏོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བརྟུལ་བར་མཛད་པས་དེའི་ཕྱིར་ཞེས་གཏན་ཚིགས་སུ་སྦྱར་རོ། །རྫུ་འཕྲུལ་མི་སྣང་བར་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་བཀའ་སྩལ་པ་ཞེས་པ་ནས། མིག་ལམ་དུ་མི་གདའ་འོ་ཞེས་པའི་བར་རོ། །གཉིས་པ་དཔེས་མཚོན་པའི་དོན་བསྟན་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལ་དེ་བཞིན་དུ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མི་ཤེས་སོ་ཞེས་པའི་བར་རོ། །རྨི་ལམ་དུ་མི་སྣང་བ་སོགས་དོན་བཞི་སྨོས་པ་ནི་བདེན་བཞིའི་ཡུལ་ཅན་ཡེ་ཤེས་བཞིའོ། །གཉིས་པ་ལ་དོན་དངོས་ནི། ཀུན་དགའ་བོ་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། ཤ་སྟག་སྟེ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། གསོ་བ་པོ་མེད་དོ་ཞེས་པའི་བར་ཏེ། ནམ་མཁའི་དཔེས་བྱེད་པ་མེད་པ་དང༌། སྒྱུ་མའི་དཔེས་བྱེད་པ་པོ་མེད་པར་བསྟན་ནས། ཀུན་རྫོབ་ཏུ་རྒྱུ་རྐྱེན་ལ་བརྟེན་ནས་སོ་སོར་འབྱུང་བའི་ཕྱིར་དོན་དམ་པའི་སྙིང་པོ་མེད་དོ། །དེའི་ཕྱིར་ཚོར་བ་པོ་མེད་དོ་ཞེས་པའི་དོན་ནོ། །གསུམ་པ་ནི། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནས། མངོན་པར་ཆགས་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་མི་མཐུན་ཕྱོགས་དང་བྲལ་བར་བྱེད་པའི་རྒྱུ་ལ་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། གཞན་དོན་བསྒྲུབ་པའི་བྱ་བ་དང༌། མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུའོ། །དང་པོ་ལ། ཤེར་ཕྱིན་ལ་བསླབ་པར་བྱ་བར་གདམས་པ་དང༌། ཤེར་ཕྱིན་གྱི་སྤྱོད་པ་ལ་བསྟོད་པ་མཛད་པའོ། །དང་པོ་ནི། ཀུན་དགའ་བོ་དེ་ལྟར་སློབ་པའི་ཞེས་པ་ནས། བསླབ་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ལྟར་སློབ་པ་ནི་རབ་ཅེས་བྱའོ་ཞེས་པ་ནས། མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཞེས་པའི་བར་རོ། །གཉིས་པ་ནི་འཇིག་རྟེན་ཐམས་ཅད་ལ་ཕན་པ་ཞེས་པ་ནས། འཇིག་རྟེན་གྱི་ཁམས་འདིར་བཏེག་གོ་ཞེས་བྱ་བ་དང༌། བཞག་གོ་ཞེས་བྱ་བར་མི་ཤེས་པ་སྟེ། ཤེར་ཕྱིན་ལ་སྤྱོད་པའི་ཡོན་ཏན་གྱི་མཐུ་དང་ཆེ་བ་བསྟན་པའོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདས་པ་དང༌། མ་བྱོན་པ་དང་ཞེས་པ་ནས། མི་མཉམ་པ་དང་མཉམ་པ་ཞེས་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ལ་ལྔ་སྟེ། ཐོབ་བྱེད་ཀྱི་ཡུམ་ཚད་མེད་པར་བསྟན་པ་དང༌། བྱང་ཆུབ་ཆེན་པོའི་ཡུལ་གཏན་ལ་དབབ་པ་དང༌། སངས་རྒྱས་ཀྱི་གསུངས་ལ་ཡིད་ཆེས་པར་བྱ་བའི་མཚན་མ་བསྟན་པ་དང༌། ཡུལ་ཅན་ཡེ་ཤེས་དྲིས་ལན་གྱིས་གཏན་ལ་དབབ་པ་དང༌། ཡུམ་གྱི་རྒྱུ་བྱང་ཆུབ་བསྒྲུབ་པའི་ཚུལ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཀུན་དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་བཟུང་བའམ། བཙའ་བར་བཟོད་པ་ནི་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚད་མེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། ནམ་མཁའི་དཔེས་ཚད་དང་མཐའ་བཟུང་དུ་མེད་པར་འཐད་པ་དང་བཅས་པ་བསྟན་ཏོ། །གཉིས་པ་ལ། དོན་དམ་པར་ངོ་བོ་ཚད་མེད་པར་བསྟན་པ་དང༌། ཀུན་རྫོབ་ཏུ་ཡོན་ཏན་ཚད་མེད་པར་བསྟན་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚད་མེད་མ་མཆིས་པ་ལགས་ཞེས་པ་ནས། ཀུན་དགའ་བོ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚད་མེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། མི་ཟད་པ་དང༌། དབེན་པའི་གཏན་ཚིགས་གཉིས་ཀྱིས་ཚད་མེད་པར་བསྟན་པའོ། །གཉིས་པ་བྱང་ཆུབ་ཆེན་པོའི་ངོ་བོ་གཏན་ལ་དབབ་པ་ལ། དོན་ནི། ཀུན་དགའ་བོ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་པ་ནས། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཟད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་བྱ་བར་སེམས་པ་དེ་ནི། ནམ་མཁའ་ཟད་པར་བྱ་བར་སེམས་པར་ཟད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། ཕར་ཕྱིན་དྲུག་ནས་རྣམ་མཁྱེན་བར་གྱིས་བསྟན་ཏོ། །ཕར་ཕྱིན་དྲུག་གི་ནང་ནས་ཤེར་ཕྱིན་དང་པོར་བསྟན་པ་ནི་མཆོག་གི་རིམ་པའོ། །གཞན་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཏན་ཚིགས་གཉིས་པ་བསྟན་པ་ནི། ཆོས་དེ་དག་ལ་ནི་སྐྱེ་བ་ཡང་མེད་ན། ཟད་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་པའོ། །འདི་དག་གིས་ཡུལ་ཟད་པ་མེད་པ་དང༌། སྐྱེ་བ་མེད་པ་དངོས་སུ་བསྟན་ནས། ཟད་པ་མེད་པར་རྟོགས་པ་དང༌། སྐྱེ་བ་མེད་པའི་ཡེ་ཤེས་ཤུགས་ལ་བསྟན་ཏོ། །གསུམ་པ་ལ་བཞི་སྟེ། ཡིད་ཆེས་པའི་མཚན་མ་དངོས་དང༌། ཡུམ་གཞན་ལ་བཤད་པར་གདམས་པ་དང༌། ཡུམ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་བསྟན་པ་དང༌། ཡུམ་ལ་བསླབ་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་བཀྲམ་སྟེ་ཞེས་པ་ནས། བདེ་བར་གཤེགས་པ་ལགས་སོ་ཞེས་པའི་བར་ཏེ། ལྗགས་ཀྱི་དབང་པོ་བཀྲམ་པ་ནི་རྫུན་མི་གསུངས་པའི་དོན་ནོ། །གཉིས་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བས་ན་ཞེས་པ་ནས། ཡང་དག་པར་སྟོན་ཅིག་ཅེས་པའི་བར་ཏེ། རྫུན་མི་གསུངས་པས་ཡིད་ཆེས་པའི་གནས་ཡིན་པའི་ཕྱིར། ཇི་ལྟར་བསྟན་པའི་དོན་གཞན་ལ་ཤོད་ཅིག་ཅེས་གདམས་པའོ། །གསུམ་པ་ནི། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས། གང་ལ་ཉན་ཐོས་ཀྱི་ཐེག་པ་བ་དང་ཞེས་པ་ནས། དམ་པའི་ཆོས་མི་ཟད་པའི་མཛོད་ངས་བཤད་པའོ་ཞེས་པའི་བར་ཏེ། ཡུམ་འདི་ལ་བསླབ་པས། རིགས་ཅན་གསུམ་ཀའི་འདོད་པའི་དོན་འགྲུབ་པ་དང༌། གཟུངས་ཐམས་ཅད་ཀྱི་སྒོ་ཡིན་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་སྒོ་ཡིན་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་མཛོད་ཡིན་པར་བསྟན་ཏོ། །བཞི་པ་ནི། ཀུན་དགའ་བོ་དེ་བས་ན། ཁྱོད་ཀྱིས་ཡིད་ཆེས་པ་དང་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་ངས་བསྟན་པ་འདི་ཡིན་ནོ་ཞེས་པའི་བར་གྱིས་བསྟན་པ་ཡིན་ནོ། །ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་བཅུ་པ་རྣམ་པར་བཤད་དེ་གསལ་བར་བྱས་པའོ།། ༈ ལྔ་བཅུ་རྩ་གཅིག་པ་མི་ཟད་པའི་ལེའུ་བཤད་པ། བཞི་པ་ཡུལ་ཅན་ཡེ་ཤེས་དྲིས་ལན་གྱིས་གཏན་ལ་དབབ་པ་ལ། ཞུ་བའི་ཚིག་དང༌། ལན་བཤད་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་གྱུར་ཏེ་ཞེས་པ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བས་པའོ་ཞེས་པའི་བར་ཏེ། མི་བས་པ་ནི་མི་ཟད་པའི་དོན་ནོ། །གཉིས་པ་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་མི་ཟད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པའོ་ཞེས་སོགས་ཏེ། ནམ་མཁའི་དཔེས་དོན་དམ་པར་ཆོས་མི་ཟད་པར་བསྟན་ནས། མི་ཟད་པའི་མངོན་རྟོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། མི་ཟད་པར་རྟོགས་པས་ཡུལ་ཅན་ཡང་མི་ཟད་པར་བསྟན་ཏོ། །ལྔ་པ་བྱང་ཆུབ་ཀྱི་རྒྱུ་ཡུམ་བསྒྲུབ་ཚུལ་ལ་དྲི་བ་ནི། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། མངོན་པར་བསྒྲུབ་པར་ཞེས་པའི་བར་ཏེ། སྒྲུབ་བྱེད་ཀྱི་ཡུམ་དང༌། བསྒྲུབ་བྱ་བྱང་ཆུབ་གཉིས་ཀ་ཟད་པ་ཡིན་ན། ཟད་པ་ནི་སྟོང་པ་ཉིད་ཡིན་པས། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ཇི་ལྟར་བསྒྲུབ་པར་བྱ་སྙམ་ནས། ཇི་ལྟར་བསྒྲུབ་པའི་ཐབས་ཞུས་པའོ། །གཉིས་པ་ལན་ལ། ཡུམ་བསྒྲུབ་ཚུལ་གྱི་རྣམ་པ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ཡང་གཉིས་ཏེ། ཆོས་ཐམས་ཅད་ལ་མི་ཟད་པའི་རྣམ་པས་བལྟ་བས་ཡུམ་བསྒྲུབ་ཚུལ་དང༌། རྟེན་འབྲེལ་ལ་མི་ཟད་པའི་རྣམ་པས་བལྟ་བས་ཡུམ་བསྒྲུབ་ཚུལ་ལོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་པ་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་གདོད་མ་ནས་ངོ་བོ་ཉིད་ཀྱིས་སྟོང་པས་མི་ཟད་པར་རྟོགས་པར་བྱ་བ་ཡིན་པས། མི་ཟད་པར་རྟོགས་པའི་ཚུལ་གྱིས་བསྒྲུབ་པར་བྱའོ་ཞེས་པའི་དོན་ནོ། །མི་ཟད་པའི་དཔེ་དོན་ལ། དཔེ་ནམ་མཁའི་སྒོ་ནས་བསྟན་ནས། བསྒོམ་པའི་ཚུལ་སྟོན་པའི་འགྲེས་ནི། རབ་འབྱོར་གཞན་ཡང་གཟུགས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་པ་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་བར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་རྟེན་འབྲེལ་མི་ཟད་པའི་རྣམ་པས་ཡུམ་བསྒྲུབ་ཚུལ་ལ། རྣམ་པ་བསྒོམ་ཚུལ་བཤད་པ་དང༌། བསྒོམ་པའི་ཕན་ཡོན་བཤད་པ་དང༌། རྟེན་འབྲེལ་རྟོགས་མ་རྟོགས་ཀྱི་བྱེད་པ་བཤད་པའོ། །དང་པོ་ལ་རྒྱས་པར་བཤད་པ་ནི། རབ་འབྱོར་གཞན་ཡང་མ་རིག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་པ་ནས། ཡིད་མི་བདེ་བ་དང་འཁྲུགས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱས་ཏེ་ཞེས་པའི་བར་རོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། མངོན་པར་བསྒྲུབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །མི་ཟད་པའི་རྣམ་པ་བསྒོམས་པས་ཡུམ་བསྒྲུབ་པར་བསྟན་པ་འདིས་ནི། འགོག་པ་མེད་པའི་རང་བཞིན་ལས། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གི་དོན་བསྟན་ཏེ། ཆོས་ཐམས་ཅད་གདོད་མ་ནས་ཟད་པ་མེད་པར་བསྟན་པས་ནི། དོན་དམ་པར་འགོག་པར་བྱ་བའི་ཆོས་མེད་པར་བསྟན་པས་ན། འགོག་པ་མེད་པའི་དོན་བཤད་དོ། །རྟེན་འབྲེལ་མི་ཟད་པར་བསྟན་པས་ནི། དྲི་མ་ཟད་པ་མེད་པའི་དོན་བཤད་པས། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །ཅེས་པ་དང༌། དྲི་མ་གདོད་མ་ནས་མེད་པ་ཕྱི་འབྱུང་མི་སྐྱེ་བར་བྱས་པའི་ཡོན་ཏན་ཐོབ་རྒྱུ་མེད་པས་སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ་ཅེས་པས་བཤད་དོ། །རྟེན་འབྲེལ་བསྒོམ་པའི་ཕན་ཡོན་བཤད་པ་ལ་གཉིས་ཏེ། མཐར་ཐུག་རྣམ་མཁྱེན་ཐོབ་པ་དང༌། གནས་སྐབས་ཉན་རང་གི་སར་མི་ལྟུང་བའོ། །དང་པོ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཞེས་པ་ནས། རྣམ་མཁྱེན་གྱི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་གང་ལ་ལ་ཞེས་པ་ནས། བྱང་ཆུབ་ལ་གནས་པར་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་རྟེན་འབྲེལ་རྟོགས་མ་རྟོགས་ཀྱི་བྱེད་པ་བཤད་པ་ནི། རྟེན་འབྲེལ་གདོད་མ་ནས་ཟད་པ་མེད་པའི་ཚུལ་དུ་མ་རྟོགས་པར་རང་བཞིན་གྱིས་ཡོད་པར་བལྟས་ན། དྲི་མ་ཟད་པའི་ཕྱིར་མི་ལྡོག་པའི་ཡོན་ཏན་མི་འཐོབ་ཅེས་པ་ནི། རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་བ་གང་ཕྱིར་མི་ལྡོག་པ་དེ་དག་ཐམས་ཅད་ནི་ཞེས་པ་ནས། བྱང་ཆུབ་ལས་ཕྱིར་ལྡོག་གོ་ཞེས་པའི་བར་གྱིས་བསྟན་ཏེ། འདིས་གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། ཞེས་པའི་ཚིགས་བཅད་ཀྱི་དོན་གསལ་བར་མཛད་དོ། །གལ་ཏེ་ཁོ་བོས་མཚར་དུ་རྩིས་ཞེས་པའི་དོན་དང་མི་འགྲིག་གོ་ཞེ་ན། བཅོམ་ལྡན་འདས་ཀྱིས་མི་འཐད་པར་གསུངས་པ་ལྟར་ཁོ་བོས་ཀྱང་མཚར་དུ་བརྩིས་ཞེས་པའི་དོན་ཡིན་པས་ཤིན་ཏུ་ནས་ཀྱང་འགྲིག་པ་བླ་ན་མེད་པའི་དགོངས་པར་སྣང་ངོ༌། །དེས་ན་འགོག་པ་མེད་པའི་རང་བཞིན་ལ་ཞེས་སོགས་ནས། དེ་ལ་ཁོ་བོས་མཚར་དུ་བརྩིས་ཞེས་པའི་བར་མདོས་མ་ཟིན་པར་འདོད་པ་དག་གིས་ནི་མ་རྟོགས་པར་སྣང་ངོ༌། །རྟེན་འབྲེལ་རྟོགས་པའི་བྱེད་པ་ནི། རབ་འབྱོར་བྱང་སེམས་ཆེན་པོ་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཞེས་པ་ནས། ཕྱིར་མི་ལྡོག་སྟེ་ཞེས་པའི་བར་རོ། །ཡུམ་བསྒྲུབ་ཚུལ་གྱི་རྣམ་པ་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟར་ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཞེས་པ་ནས། མངོན་པར་བསྒྲུབ་པར་བྱའོ་ཞེས་པའི་བར་རོ། །འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་ཀྱི་དོན་སྟོན་པ་ལ་གཉིས་ཏེ། རྟེན་འབྲེལ་ལ་ལྟ་བའི་ཚུལ་དང༌། ལྟ་བའི་བྱེད་པའོ། །དང་པོ་ལ་རྟེན་འབྲེལ་ལ་མཐའ་བྲལ་དུ་ལྟ་བའི་ཚུལ་བཤད་པ་དང༌། ཡུམ་ལ་སློབ་ཚུལ་གྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ། རྟེན་འབྲེལ་ལ་ལྟ་བའི་ཚུལ་དངོས་དང༌། དེའི་འཐད་པ་བཤད་པའོ། །དང་པོ་ལ་ཀུན་རྫོབ་ཀྱི་རྣམ་པའི་སྒོ་ནས་ལྟ་ཚུལ་ནི། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པར་ལྟ་བས་ནི་ཞེས་པ་ནས། རྗེས་སུ་མི་མཐོང་ངོ་ཞེས་པའི་བར་རོ། །འདིས་རྒྱུ་མེད་པའི་ལོག་པར་རྟོག་པ་སེལ་ལོ། །དོན་དམ་པའི་ལྟ་བ་ལ་མདོར་བསྟན་པ་ནི། ཆོས་གང་ཡང་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་གང་འགོག་པར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པའོ། །རྒྱས་པར་བཤད་པ་ལ། གང་ཟག་གི་བདག་རྗེས་སུ་མི་མཐོང་བ་ནི། ཆོས་གང་ཡང་བདག་ཏུ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ནས། ལྟ་བ་པོ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པའི་བར་རོ། །ཆོས་ཀྱི་བདག་རྗེས་སུ་མི་མཐོང་བ་ལ་མདོར་བསྟན་པ་ནི། རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ནས། རྟེན་ཅིང་འབྲེལ་བར་འབྱུང་བར་རྣམ་པར་བལྟ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱས་པར་བཤད་པ་ནི། རབ་འབྱོར་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་དེའི་ཚེ། གཟུགས་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ནས། རྣམ་མཁྱེན་གྱི་བར་དུ་སྦྱར་ཏེ་གསུངས་སོ། །རྟེན་འབྲེལ་ལ་ལྟ་བའི་ཚུལ་བཤད་ཟིན་ཏོ། །གཉིས་པ་དེའི་འཐད་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་ནས། ཆོས་གང་གིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤང་བར་བྱ་བ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པའི་བར་གྱིས་བསྟན་ཏེ། ཚིག་སྔ་མས་མཐོང་བྱ་དང༌། ཕྱི་མས་མཐོང་བྱེད་མི་མཐོང་བར་བསྟན་པའི་དོན་དུ་ཚིག་གཉིས་གཉིས་གསུངས་སོ། །རྟེན་འབྲེལ་ལ་མཐའ་བྲལ་དུ་ལྟ་བའི་ཚུལ་བཤད་ཟིན་ཏོ། །གཉིས་པ་ཡུམ་ལ་སློབ་ཚུལ་གྱི་སྒོ་ནས་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་པས་བསྟན་ཏོ། །གཉིས་པ་རྟེན་འབྲེལ་ལྟ་བའི་བྱེད་པ་ལ་གཉིས་ཏེ། མི་མཐུན་ཕྱོགས་ཟིལ་གྱིས་གནོན་པའི་བྱེད་པ་དང༌། གཉེན་པོའི་ཆོས་ཡོངས་སུ་རྫོགས་པའི་བྱེད་པའོ། །དང་པོ་ནི། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མི་དམིགས་པར་ཤེར་ཕྱིན་ལ་སྤྱོད་པའི་ཚེ། བདུད་སྡིག་ཏོ་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ་ཞེས་པ་ནས། གླགས་མི་རྙེད། གཏིང་མི་རྙེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པའི་བར་གྱིས་དོན་མདོར་བསྟན་ཏོ། །དེ་ཉིད་རྒྱས་པར་ཤེས་པར་འདོད་ནས། ཕྱིན་དྲུག་ཡོངས་སུ་རྫོགས་པའི་ཐབས་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པ་ལགས་ཞེས་པའི་བར་རོ། །ཡོངས་སུ་རྫོགས་པའི་ཐབས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་སྦྱིན་པ་གཏོང་བའི་ཚེ་རྣམ་མཁྱེན་དུ་བསྔོ་ཞིང་སྦྱིན་པ་དེ་དག་ཡོངས་སུ་གཏོང་སྟེ་ཞེས་པ་ནས། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། གཞན་དོན་དུ་ཕྱིན་དྲུག་གི་དགེ་བའི་རྩ་བ་རྣམ་མཁྱེན་དུ་ཡོངས་སུ་བསྔོ་ན་རྫོགས་པར་འགྱུར་རོ་ཞེས་པའི་དོན་ནོ། །རྟེན་འབྲེལ་ལ་རྟག་མི་རྟག་སོགས་སུ་མི་མཐོང་བ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་ཚིག་རྐང་དང་པོ་གསུམ་གྱིས་བསྟན་ཏོ། །གཉེན་པོའི་ཆོས་ཡོངས་སུ་རྫོགས་པས་ནི། ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པའི་དོན་བཤད་དོ། །འདི་མདོས་མ་ཟིན་པར་འདོད་པ་དག་གིས་ནི་ཡུམ་གྱི་དོན་ལ་རྣམ་དཔྱོད་ཀྱིས་མ་བརྟགས་པར་སྣང་ངོ༌། །ཐོབ་བྱའི་འབྲས་བུ་བྱང་ཆུབ་ཆེན་པོ་བསྟན་ཟིན་ཏོ། །བྱང་ཆུབ་ཆེན་པོའི་རྒྱུ་མཐོང་ལམ་རྩེ་མོ་སྟོན་པ་ནི། སྦྱིན་སོགས་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་ལྔ་ཚང་བའི་ཚུལ་གྱིས་སྟོན་ཏེ། དེ་ནས་ཚེ་དང་ལྡན་པ་ཞེས་སོགས་ཀྱིས་སྟོན་པ་ལ་དོན་དྲུག་ཡོད་པ་ལས། དང་པོ་སྦྱིན་པ་ལ་ཕར་ཕྱིན་གཞན་ལྔ་ཚང་བའི་ཚུལ་བཤད་པ་ལ། ཚུལ་ཁྲིམས་ཚང་བའི་ཚུལ་ནི། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ཞེས་པ་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །གཉིས་པ་སྦྱིན་པའི་བཟོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །ཞེས་པའི་བར་རོ། །སྦྱིན་པའི་བརྩོན་འགྲུས་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །སྦྱིན་པའི་བསམ་གཏན་ནི། གསོལ་པ་ཞེས་པ་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །སྦྱིན་པའི་ཤེས་རབ་ནི། གསོལ་པ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །མི་ཟད་པའི་ལེའུ་སྟེ་ལྔ་བཅུ་ང་གཅིག་པ་རྣམ་པར་བཤད་པའོ།། ༈ ལྔ་བཅུ་རྩ་གཉིས་པ་ཐོད་རྒལ་གྱི་ལེའུ་བཤད་པ། ཚུལ་ཁྲིམས་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་རྫོགས་པའི་ཚུལ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཀྱིས་སྟོན་པ་ལ། དང་པོ་ཚུལ་ཁྲིམས་ལ་གནས་པའི་སྦྱིན་པ་ནི། བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་ཏེ། ལུས་སམ། ངག་གམ་ཞེས་པ་ནས། དེ་ལ་གནས་ཤིང་ཞེས་པའི་བར་གྱིས་ནི། ཚུལ་ཁྲིམས་ལ་ཇི་ལྟར་གནས་པའི་ཚུལ་བསྟན་ནས། ཟས་འདོད་པ་ལ་ནི་ཟས་ཞེས་སོགས་ཀྱིས་ནི་སྦྱིན་པ་སྤྱོད་ཚུལ་བསྟན་ཏོ། །རྗེས་ལ་བྱང་ཆུབ་ཏུ་བསྔོ་ཚུལ་བསྟན་པ་ནི། ཚུལ་ཁྲིམས་ཀྱི་སྦྱིན་པ་ལ་དངོས་སུ་སྦྱར་ཡང་ངོ་བོ་ཐམས་ཅད་ལ་རྗེས་སུ་སྦྱར་རོ། །ཚུལ་ཁྲིམས་ཀྱི་ནང་ཚན་གྱི་བཟོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །ཡང་ཚུལ་ཁྲིམས་ཀྱི་བརྩོན་འགྲུས་ནི། གསོལ་པ་ཞེས་པ་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །ཚུལ་ཁྲིམས་ཀྱི་བསམ་གཏན་ནི། གསོལ་པ་ཞེས་པ་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །ཚུལ་ཁྲིམས་ཀྱི་ཤེས་རབ་ནི། གསོལ་པ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །བཟོད་པའི་ཕར་ཕྱིན་ལ་གནས་ནས། ཕར་ཕྱིན་གཞན་ལྔ་ལ་སྤྱོད་ཚུལ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན། བྱང་སེམས་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ཞེས་པ་ནས། རབ་འབྱོར་དེ་ལྟར་ན། བྱང་སེམས་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །ཅི་ནས་ཀྱང་མི་གཏོང་མི་འཛིན་པ་དེ་ལྟར་ཡོངས་སུ་འཛིན་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། བཟོད་པ་ལ་གནས་ནས། ཕར་ཕྱིན་གཞན་ལྔ་ལ་སྤྱོད་ཚུལ་སྔར་སྦྱིན་པ་དང༌། ཚུལ་ཁྲིམས་ཀྱི་སྐབས་སུ་བཤད་པ་བཞིན་ངོས་བཟུང་བར་བྱའོ། །བརྩོན་འགྲུས་ལ་གནས་ནས། ཕར་ཕྱིན་གཞན་ལྔ་ལ་སྤྱོད་ཚུལ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན། བྱང་སེམས་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ཞེས་པ་ནས། བརྩོན་འགྲུས་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་བཟུང་སྟེ། རྣམ་མཁྱེན་གྱི་བར། ཤེས་རབ་ཀྱི་དངོས་པོ་དང༌། རྫས་དང༌། མཚན་མ་མི་མཐོང་བའི་འགྲེས་ཀྱི་བར་དུ་བཤད་དོ། །རེ་རེའི་ངོས་ནས་སྦྱིན་སོགས་ངོས་འཛིན་ཚུལ་ནི་སྔ་མ་བཞིན་ནོ། །ཡང་བསམ་གཏན་གྱི་ཕར་ཕྱིན་ལ་གནས་ནས་གཞན་ལྔ་ལ་རྫོགས་པར་སྤྱོད་ཚུལ་ནི། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་སེམས་ཆེན་པོ་བསམ་གཏན་གྱི་ཕར་ཕྱིན་ལ་གནས་ཤིང་སྦྱིན་པའི་ཕར་ཕྱིན་ཡོངས་སུ་འཛིན་པ་ལགས་ཞེས་པ་ནས། ཤེས་རབ་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་མི་དམིགས་པ་དང༌། མི་དམིགས་པས་མངོན་པར་འདུ་མི་བྱེད་པ་དང༌། མངོན་པར་འདུ་མི་བྱེད་པས་སྐྱེ་འགག་སོགས་སུ་མི་བྱེད་པའི་བར་གྱིས་གསུངས་སོ། །འདི་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཡིད་ལ་བྱ་བ་དང་མ་བྲལ་བ་ཡིན་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་ཕར་ཕྱིན་གཞན་ལྔ་ལ་སྤྱོད་ཚུལ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ཞེས་སོགས་ཀྱིས་སྟོན་ཏེ། ཐོག་མར་ཤེར་ཕྱིན་ལ་གནས་ཚུལ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པས་མདོར་བསྟན། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། འདུས་བྱས་ཀྱི་ཁམས་སྟོང་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འདུས་མ་བྱས་ཀྱི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། ནང་སྟོང་པ་ཉིད་འདུས་བྱས་དང༌། འདུས་མ་བྱས་ཀྱི་ཁམས་མ་དམིགས་པའི་འགྲེས་ཀྱིས་གསུངས་སོ། །དེས་ཤེར་ཕྱིན་ལ་གནས་ཚུལ་བསྟན་ཟིན་ཏོ། །ཕར་ཕྱིན་གཞན་ལ་གནས་ཚུལ་ལ། དང་པོ་སྦྱིན་པ་ལ་གནས་ཚུལ་ནི། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཟས་སམ། སྐོམ་མམ། བཞོན་པའམ་ཞེས་པ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །ཚུལ་ཁྲིམས་ལ་གནས་ཚུལ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །བཟོད་པ་ལ་གནས་ཚུལ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །བརྩོན་འགྲུས་ལ་གནས་ཚུལ་ནི། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཞེས་པ་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །བསམ་གཏན་ལ་གནས་ཚུལ་ལ་དྲི་བ་ནི། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། འཛིན་པ་ལགས་ཞེས་པའི་བར་རོ། །ལན་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཞེས་པ་ནས། དེ་དག་ཐམས་ཅད་ལ་སྙོམས་པར་ཞུགས་ཏེ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྣམ་ཐར་བརྒྱད་ལ་འཇུག་ཚུལ་དང༌། མཐའ་གནས་ཀྱི་སྙོམས་འཇུག་དགུ་ལ་འཇུག་ཚུལ་ལོ། །དང་པོ་ལ་མདོར་བསྟན་པ་ནི། ཏིང་ངེ་འཛིན་དེ་དག་ལ་གནས་ཤིང༌། རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་ཞེས་པའོ། །རྒྱས་པར་བཤད་པ་ནི། བརྒྱད་གང་ཞེ་ན་ཞེས་པ་ནས། དེ་ལྟར་ན་རྣམ་པར་ཐར་པ་བརྒྱད་པོ་འདི་དག་ལ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་མདོར་བསྟན་པ་ནི། མཐར་གྱིས་གནས་པའི་ཞེས་པ་ནས། རྣམ་པར་ལྡང་སྟེ་ཞེས་པའི་བར་ཕྲེང་གཅིག་གོ །རྒྱས་པར་བཤད་པ་ནི། དགུ་གང་ཞེ་ན་ཞེས་པ་ནས། འདུ་ཤེས་དང༌། ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབ་སྟེ་གནས་སོ་ཞེས་པའི་བར་རོ། །དོན་བསྡུ་བ་ནི། དེ་ལྟར་མཐར་གྱིས་གནས་པའི་ཞེས་པ་ནས། རྣམ་པར་ལྡང་ངོ་ཞེས་པའི་བར་རོ། །རྣམ་པར་ཐར་པ་བརྒྱད་དང༌། སྙོམས་འཇུག་དགུ་བསྟན་ཟིན་ཏོ། །འདིར་བོད་དག་གིས་སྦྱིན་སོགས་རེ་རེའི་ནང་དུ། དྲུག་དྲུག་ཚང་བར་འདོད་ཀྱང༌། མདོ་ལས་རེ་རེའི་ནང་དུ་ལྔ་ལྔ་ཚང་བ་ལས་མི་སྣང་ངོ༌། །མངོན་རྟོགས་རྒྱན་ལས། སྦྱིན་པ་ལ་སོགས་རེ་རེར་ནི། །དེ་དག་ཕན་ཚུན་བསྡུས་པ་གང༌། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་པའི་དོན་ཡང་བསྟན་པ་ཡིན་ནོ། །གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ནི། སྒོམ་ལམ་རྩེ་སྦྱོར་སྟོན་པས་བཤད་དེ། འདི་ལ་གཉེན་པོ་སྒོམ་ལམ་སྤྱིར་བསྟན་པ་དང༌། སྤང་བྱ་རྣམ་རྟོག་སོ་སོའི་གཉེན་པོའོ། །དང་པོ་ལ་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང༌། དངོས་གཞི་ཐོད་རྒལ་ལོ། །དང་པོ་ལ་མདོར་བསྟན་པ་ནི། དེ་རྣམ་པར་ཐར་པ་བརྒྱད་པོ་དག་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང༌། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་ལ་སྙོམས་པར་འཇུག་གོ་ཞེས་པའོ། །རྒྱས་བཤད་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན་ཞེས་པ་ལ་སོགས་པ་དྲི་བ་བཀོད་དེ། ལན་ལ་ལུགས་མཐུན་དུ་སྙོམས་པར་འཇུག་པ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་ཞེས་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས། འགོག་པ་ལ་སྙོམས་པར་འཇུག་གོ་ཞེས་པའི་བར་རོ། །ལུགས་མི་མཐུན་དུ་འཇུག་པ་ནི། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་ཞེས་པ་ནས། བསམ་གཏན་གཉིས་པ་ལས་ལངས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ་ཞེས་པའི་བར་རོ། །མངོན་རྟོགས་རྒྱན་ལས། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཞེས་པའི་དོན་ཡང་བཤད་པ་ཡིན་ནོ། །འདི་མཐོང་ལམ་དུ་འདོད་པ་ལ་ནི་ལུང་དང་རིགས་པའི་གནོད་བྱེད་མཐའ་ཡས་སོ། །འདིར་རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་གསུངས་པའི་མདོ་ནི། འབུམ་དང༌། ལེ་མངས་དང༌། ཁྲི་བརྒྱད་སྟོང་གསུམ་ཆར་ལ་མེད་དོ། །ཉི་ཁྲི་ལེ་བརྒྱད་མ་ལས། ཏིང་ངེ་འཛིན་འདི་ལ་གནས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པ་གཉིས་སུ་སོ་སོར་རྟོག་གོ་ཞེས་འབྱུང་ངོ༌། །འདི་སེང་གེ་རྣམ་བསྒྱིངས་ཀྱི་རྗེས་ཐོབ་ཏུ་སྒོམ་ནས། དེའི་མཇུག་ཐོགས་སུ་དངོས་གཞི་ཐོད་རྒལ་ལ་འཇུག་པར་མངོན་པས། སྦྱོར་དངོས་གཉིས་ཀྱི་བར་གྱི་མཚམས་འཛིན་དུ་མངོན་ནོ། །སེང་གེ་རྣམ་བསྒྱིངས་གཉིས་བྱེད་པ་ནི། མདོ་དང་མི་མཐུན་པས་དགག་པར་བྱའོ། །དངོས་གཞི་ཐོད་རྒལ་སྟོན་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཕན་ཡོན་ནོ། །དང་པོ་ལ་མདོར་བསྟན་པ་ནི། དེ་ལ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་རྣམ་པར་སྨིན་པར་བྱས་ནས། ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་ཞེས་པའོ། །གཉིས་པ་རྒྱས་བཤད་ལ། རབ་འབྱོར་བྱང་སེམས་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན་ཞེས་པས་དྲི་བ་བཀོད་ནས། ལན་ལ་ཐོད་རྒལ་ཆུང་ངུ་ནི། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་འདོད་པས་དབེན། སྡིག་པ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང༌། བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་པ་ནས། འདུ་ཤེས་དང༌། ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་པའི་བར་ཏེ། བསམ་གཏན་དང་པོ་ནས། འགོག་སྙོམས་ཀྱི་བར་དུ་གང་ཡང་མ་སྤེལ་བས། ལུགས་མཐུན་དུ་སྙོམས་པར་འཇུག་པའོ། །ཐོད་རྒལ་འབྲིང་པོ་ནི། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་དང་པོ་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ་ཞེས་པ་ནས། འདུ་ཤེས་མེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་འཇུག་ལས་ལངས་ནས། འགོག་པའི་སྙོམས་འཇུག་ལ་སྙོམས་པར་འཇུག་གོ་ཞེས་པའི་བར་ཏེ། བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གནས་བརྒྱད་ལ་འགོག་སྙོམས་རེ་སྤེལ་བ་དང༌། མཐར་འགོག་སྙོམས་ལ་གནས་པས་བསྟན་ཏོ། །འདིར་འགོག་པ་དང༌། འགོག་པ་སྤེལ་བར་འདོད་པ་ནི་མ་དག་པའོ། །འབུམ་འདིར་ནི་ནུད་ཆུང་གི་དོན་མི་སྣང་ངོ༌། །ཐོད་རྒལ་ཆེན་པོ་ནི། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ་ཞེས་པ་ནས། བསམ་གཏན་དང་པོ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ་ཞེས་པའི་བར་ཏེ། སྙོམས་འཇུག་དགུ་དང༌། མཉམ་པར་མ་བཞག་པའི་སེམས་སྤེལ་བའི་དོན་གྱིས་བསྟན་ཏོ། །གཉིས་པ་ཕན་ཡོན་ནི། དེ་ཐོད་རྒལ་ཏིང་ངེ་འཛིན་ལ་གནས་ཤིང་ཆོས་ཐམས་ཅད་མཉམ་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ་ཞེས་པའོ། །ཤེར་ཕྱིན་གྱིས་བསྡུ་བྱ་བསམ་གཏན་བསྟན་ཟིན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོ་ཤེར་ཕྱིན་ལ་གནས་ཤིང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་པས་བསྟན་ཏེ། གཉེན་པོ་སྒོམ་ལམ་བསྟན་ཟིན་ཏོ། །ཐོད་རྒལ་གྱི་ལེའུ་སྟེ་ལྔ་བཅུ་ང་གཉིས་པ་རྣམ་པར་བཤད་པའོ།། ༈ ལྔ་བཅུ་རྩ་གསུམ་པ་ཞུ་བ་མང་པོའི་ལེའུ་བཤད་པ། གཉིས་པ་སྤང་བྱ་རྣམ་རྟོག་སོ་སོའི་གཉེན་པོ་ལ་གཉིས་ཏེ། གཉེན་པོའི་སྒོ་ནས་དབྱེ་བ་དང༌། གཉེན་པོ་རང་གི་ངོ་བོ་བསྟན་པའོ། །དང་པ་ལ་སྦྱོར་བའི་ཡུལ་ཅན་གྱི་གཉེན་པོ་དང༌། འཇུག་པའི་ཡུལ་ཅན་གྱི་གཉེན་པོའི་སྒོ་ནས་བཤད་པ་དང༌། བཏགས་པའི་ཡུལ་ཅན་གྱི་གཉེན་པོ་དང༌། བཏགས་པའི་རྒྱུ་མཚན་ལ་བརྟེན་པའི་གཉེན་པོའི་སྒོ་ནས་བཤད་པའོ། །དང་པོ་ལ་ལྔ། གཉེན་པོ་བཤད་པའི་སྐབས་དབྱེ་བ་དང༌། གཉེན་པོའི་ལམ་ཉེ་བར་དགོད་པ་དང༌། གཉེན་པོའི་ལམ་རྒྱས་པར་བཤད་པ་དང༌། ཡུལ་རྟོགས་ཚུལ་ལ་དོགས་པ་གཅོད་པ་དང༌། ལམ་གྱི་རྟེན་གྱི་གང་ཟག་གོ །དང་པོ་ལ། རབ་འབྱོར་གྱི་ཚིག་གིས་བཤད་པའི་སྐབས་དབྱེ་བ་དང༌། བཅོམ་ལྡན་འདས་ཀྱིས་དེ་ཉིད་འཐད་པ་དང་བཅས་ཏེ་བསྟན་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། གང་ལ་ཡང་བསླབ་པར་མི་བགྱིའོ་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། གང་ལ་ཡང་བསླབ་པར་མི་བྱ་ཞེས་པའི་བར་ཏེ། བསླབ་པར་བྱ་ཞེས་པ་ནི་ཐ་སྙད་དོ། །དོན་དམ་པར་བཤད་པར་བསླབ་པར་མི་བྱ་ཞེས་པ་ནི་དོན་དམ་པར་བསླབ་པར་བྱ་བ་མེད་པའི་ཚུལ་གྱིས་ཐ་སྙད་དུ་བསླབ་བོ་ཞེས་པའི་དོན་ནོ། །དོན་དམ་པར་བསླབ་པར་བྱ་བ་མེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དེ་དག་མི་དམིགས་སོ་ཞེས་པའི་བར་རོ། །གཉིས་པ་ནི། མདོར་བསྡུས་པ་དང་རྒྱས་པ་ལ་རྟོག་པའི་གཉེན་པོ་སྟེ། གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་འདི་དག་རྒྱས་པར་བསྟན་ན་ཞེས་པ་ནས། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་པའི་བར་ཏེ། མདོར་བསྟན་པ་ཤེས་པ་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པ་ཤེས་པའོ། །རྒྱས་པ་ཤེས་པ་ནི་ཆོས་ཐམས་ཅད་ཀྱི་རང་རང་གི་ཀུན་རྫོབ་ཀྱི་མཚན་ཉིད་ཤེས་པའོ། །དེ་ལ་ཚིག་གིས་དོན་ཤིན་ཏུ་གོམས་པར་བགྱིའོ་ཞེས་པ་ནས། དེ་ལྟར་རྟོགས་པར་བགྱིའོ་ཞེས་པའི་བར་གྱིས་ནི། མདོ་དང་རྒྱས་པར་བསྟན་པའི་དོན་ཐོས་བསམ་བསྒོམ་གསུམ་གྱིས་རིམ་པས་རྟོགས་པ་ལ་སྦྱོར་རོ། །བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་སླར་ཡང་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་ལ། དེ་བཞིན་ཉིད་ཤེས་པས་མདོ་དང་རྒྱས་པ་ཤེས་པར་བསྟན་པ་དང༌། དེ་བཞིན་ཉིད་ངོས་བཟུང་སྟེ་བསླབ་པར་བྱ་བ་བསྟན་པ་དང༌། སྔར་གྱི་འཕྲོས་དོན་བསྟན་པའོ། །དང་པོ་ལ་དྲི་བ་དགོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། འཚང་རྒྱ་བར་འགྱུར་བ་ལགས་ཞེས་པའི་བར་རོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ཅི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ་ཞེས་པའི་བར་རོ། །གསུམ་པ་སྔར་གྱི་འཕྲོས་དོན་ནི། ཡང་དག་པའི་མཐའ་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་པ་ནས། ཆོས་ཀྱི་དབྱིངས་དེ་ལྟར་ཤེས་པའི་བྱང་སེམས་ཆེན་པོས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་ནི་སྔར་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་བའི་གཞུང་གི་ལྷག་མ་འདིར་འཆུགས་པར་མངོན་པས། གཞུང་འགྲེས་སྔ་མའི་མཇུག་ཐོགས་སུ་སྦྱར་ན་ལེགས་པར་སྣང་ངོ༌། །བཞི་པ་ལ་དང་པོ་དོགས་པ་དགོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་འཚལ་བར་བགྱི་ཞེས་པའོ། །གཉིས་པ་ལན་ལ། ཡུལ་ཤེས་ཚུལ་གྱི་སྒོ་ནས་མདོར་བསྟན། ཡུལ་མཐའ་གཉིས་དང་བྲལ་བར་གཏན་ལ་དབབ། མཐའ་གཉིས་དང་བྲལ་བའི་འཐད་པ་བཤད། དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཅི་ནས་ཀྱང་ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པར་ཤེས་པར་བྱའོ་ཞེས་པ་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། གསོལ་པ་བཅོམ་ལྡན་འདས་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས་པའི་ཆོས་དེ་དག་ཀྱང་གང་ལགས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །བསྡུས་པ་ལ་དགའ་བའི་དོན་དུ་འགྲེས་དེ་ཉིད་གཉིས་སུ་བསྟན་པ་ནི། འདུས་བྱས་ཀྱི་ཁམས་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ་ཞེས་པ་ནས། འདུས་མ་བྱས་ཀྱི་ཁམས་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ་ཞེས་པས་བསྟན་ཏོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དེ་ནི་དངོས་པོ་མེད་པའོ་ཞེས་པའི་བར་རོ། །ཁྱད་གཞི་མེད་པས། ཁྱད་ཆོས་ལྡན་མི་ལྡན་བརྟག་ཏུ་མེད་པའི་དོན་ནོ། །བཞི་པ་ནི། དངོས་པོ་མེད་པ་ནི་ཞེས་པ་ནས། དེ་ལྟར་ཆོས་ཐམས་ཅད་ཤེས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྔ་པ་ལ་གང་གིས་བསླབ་པར་བྱ་བ་བསྟན་པ་དང༌། བསླབ་པའི་ཕན་ཡོན་དང༌། དབང་པོ་རྣོ་རྟུལ་གང་གིས་ཀྱང་རྟོགས་པར་བསྟན་པ་དང༌། རྟོགས་པའི་སྐལ་པ་དང་ལྡན་མི་ལྡན་གྱི་རབ་དབྱེ་བསྟན་པའོ། །དང་པོ་ནི། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མདོར་བསྡུས་པ་སྟེ། མདོར་བསྡུས་པ་ལ་བསླབ་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། མདོར་བསྡུས་པ་འདི་ལ་སློབ་པའི་ཞེས་པ་ནས། ཤེས་པར་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་ནི། གསོལ་པ་བཅོམ་ལྡན་འདས་འདི་ནི་ཞེས་པ་ནས། རྟོགས་པར་མི་འགྱུར་བ་མེད་དོ་ཞེས་པའི་བར་རོ། །བཞི་པ་ནི། འདི་ནི་ལེ་ལོ་ཅན་རྣམས་ཀྱིས་རྟོགས་པར་འགྱུར་བ་མ་ཡིན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པར་རྟོགས་པར་འགྱུར་བ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །མདོ་དང་རྒྱས་པ་ལ་རྟོག་པའི་གཉེན་པོ་བསྟན་ཟིན་ཏོ། །བཏང་བས་ཡོངས་སུ་མ་བཟུང་དང་ཞེས་པས་བསྟན་པའི་རྟོག་པའི་གཉེན་པོ་ལ། གཉེན་པོ་ཐོབ་པར་བྱེད་པ་དང༌། མི་མཐུན་ཕྱོགས་སྤང་བ་དང༌། ཤེར་ཕྱིན་ལ་བསླབ་པར་བྱ་བར་བསྟན་པ་དང༌། ཡོན་ཏན་གྱི་རྣམ་པ་མང་དུ་བསྟན་པའོ། །དང་པོ་ནི། གལ་ཏེ་ཇི་སྐད་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ན་ཞེས་པའི་བར་རོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། རབ་ཏུ་སྤངས་པར་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་བས་ན་ཐབས་མཁས་པས་ཡོངས་སུ་བཟུང་བར་འདོད་པའི་ཞེས་པ་ནས། བསླབ་པར་བྱའོ་ཞེས་པའི་བར་རོ། །བཞི་པ་ལ་སངས་རྒྱས་ཀྱིས་དགོངས་པའི་ཡོན་ཏན་དང༌། སངས་རྒྱས་མཉེས་པར་བྱེད་པའི་ཡོན་ཏན་དང༌། དགེ་བའི་རྩ་བ་བསྐྱེད་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཟིན་པ་དང༌། ཕར་ཕྱིན་དྲུག་ལ་སྤྱད་པ་དང༌། ཡོན་ཏན་གྱི་རྣམ་པ་གཞན་ཡང་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ལ་དངོས་ཀྱི་དོན་དང༌། འཐད་པའོ། །དང་པོ་ནི། གང་གི་ཚེ་བྱང་སེམས་ཆེན་པོ་ཤེར་ཕྱིན་ལ་སྤྱོད་པ་དང་ཞེས་པ་ནས། དགོངས་པ་མཛད་དོ་ཞེས་པའི་བར་རོ། །གཉིས་པ་འཐད་པ་བསྟན་པ་ལ་གཉིས་ཏེ། མཐར་ཐུག་སངས་རྒྱས་མཉེས་པར་འགྱུར་བ་དང༌། གནས་སྐབས་བསོད་ནམས་འཕེལ་བར་འགྱུར་བའོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་སྟོན་ཏེ། སངས་རྒྱས་ཀྱིས་དགོངས་པ་མཛད་པ་ཅིའི་ཕྱིར་ཞེ་ན་ཞེས་སྦྱར་རོ། །འདི་ལ་ཡང་གསུམ། ཡུམ་ལ་སྤྱད་པས་སངས་རྒྱས་མཉེས་པ་དང༌། ཡུམ་ལ་བརྩོན་པར་གདམས་པ་དང༌། བརྩོན་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལས་ཞེས་པ་ནས། བརྟག་པར་བྱ་སྟེ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་ཞེས་པ་ནས་བརྩོན་པར་བྱའོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་ལྟར་བརྩོན་པའི་ཞེས་པ་ནས་འཚང་རྒྱའོ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས་ཏེ། དུས་ཐུང་ངུ་བསྒོམ་པས་ཀྱང་བསོད་ནམས་འཕེལ་བ་དང༌། དུས་རིང་པོ་བསྒོམས་པས་བསོད་ནམས་འཕེལ་བའོ། །དང་པོ་ལ། དངོས་ཀྱི་དོན་དང༌། དེའི་འཐད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་བས་ན་བྱང་སེམས་ཆེན་པོ་ཞེས་པ་ནས། དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་དང་ཞེས་པ་ནས། ད་ལྟར་བྱུང་བ་འདི་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ངོ་ཞེས་པའི་བར་རོ། །གཉིས་པ་ལ་ཡང་དངོས་ཀྱི་དོན་དང༌། འཐད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་སྐད་ཅིག་གམ་ཞེས་པ་ནས། རང་བྱང་ཆུབ་ལ་རབ་ཏུ་བཀོད་པས་ནི་མ་ཡིན་ནོ་ཞེས་པའི་བར་རོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། འདི་ལས་བྱུང་ངོ་ཞེས་པའི་བར་རོ། །དོན་བསྡུས་ཏེ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་སྟོན་པའི་ཞེས་པ་ནས། དེ་བཞིན་གཤེགས་པས་དགོངས་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དྲུག་པ་ཡོན་ཏན་གྱི་རྣ་མ་པ་གཞན་ཡང་འབྱུང་བ་ལ་གསུམ་སྟེ། རྣམ་བྱང་གི་ཆོས་ཐམས་ཅད་སྒོམ་པར་འགྱུར་བ་དང༌། རྣམ་བྱང་གི་ཆོས་ལ་བརྟེན་པའི་ཡོན་ཏན་འབྱུང་བ་དང༌། ཤེས་བྱ་ལ་མཁས་པའི་ཡོན་ཏན་འབྱུང་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞེས་པ་ནས། སྤྱད་པར་རིག་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། བྱང་སེམས་ཆེན་པོ་དེ་ནི་སྟོང་པ་ཉིད་བཅུ་བཞི་ལ་བསྒོམ་པར་རིག་པར་བྱའོ་ཞེས་པ་ནས། སོ་སོ་ཡང་དག་པར་རིག་པ་བཞི་བསྒོམ་པར་རིག་པར་བྱའོ་ཞེས་པའི་བར་རོ། །གསུམ་པ་ནི། བྱང་སེམས་ཆེན་པོ་དེ་ནི་མངོན་པར་ཤེས་པ་དྲུག་དང་ལྡན་པར་རིག་པར་བྱའོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆེད་དུ་བསམ་ཤིང་སྲིད་པ་འདོད་པར་རིག་པར་བྱའོ་ཞེས་པའི་བར་རོ། །དེ་ལ་ཡང་ཡོན་ཏན་བཅུ་གཅིག་སྟེ། དོན་ལ་མཁས་པ་དང༌། རྗོད་བྱེད་ལ་མཁས་པ་དང༌། ཤེས་བྱའི་ཆོས་ལ་མཁས་པ་དང༌། ཆོས་ཀྱི་ཁྱད་པར་ལ་མཁས་པ་དང༌། བདེན་པ་གཉིས་ལ་མཁས་པ་དང༌། ལམ་བསྒོམ་པ་ལ་མཁས་པ་དང༌། ཤེས་བྱ་སྟོང་ཉིད་ལ་མཁས་པ་དང༌། སྤང་བྱ་དང་གཉེན་པོ་ལ་མཁས་པ་དང༌། བརྗོད་བྱ་རྗོད་བྱེད་ལ་མཁས་པ་དང༌། ལམ་དང་འབྲས་བུ་ལ་མཁས་པ་དང༌། ཤེས་རབ་དང་ཤེས་བྱ་ལ་མཁས་པའོ། །དང་པོ་ནི། བྱང་སེམས་ཆེན་པོ་དེ་ནི་རྣམ་པར་རྟོགས་པར་བྱ་བ་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། སྤྱོད་པ་ལ་མཁས་པར་རིག་པར་བྱའོ། །ཞེས་པའི་བར་རོ། །གཉིས་པ་ནི། བརྗོད་པ་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། མ་ནིང་གི་ལྷག་པའི་ཚིག་དང༌། ཚུལ་ལ་མཁས་པར་རིག་པར་བྱའོ་ཞེས་པའི་བར་རོ། །གསུམ་པ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། མྱ་ངན་ལས་འདས་པ་ལ་མཁས་པར་རིག་པར་བྱའོ་ཞེས་པའི་བར་རོ། །བཞི་པ་ནི། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། དེ་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པར་ཡང་མ་ཡིན་པ་ལ་མཁས་པར་རིག་པར་བྱའོ་ཞེས་པའི་བར་རོ། །ལྔ་པ་ནི། བྱང་སེམས་ཆེན་པོ་དེ་ནི་དེ་བཞིན་ཉིད་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། ཁམས་མེད་པ་ལ་མཁས་པར་རིག་པར་བྱའོ་ཞེས་པའི་བར་རོ། །དྲུག་པ་ནི། གཟུགས་ཡིད་ལ་མི་བྱེད་པ་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མི་བྱ་བ་ལ་མཁས་པར་རིག་པར་བྱའོ་ཞེས་པའི་བར་རོ། །བདུན་པ་ནི། གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ་ཞེས་པའི་བར་རོ། །བརྒྱད་པ་ནི། རབ་ཏུ་སྦྱངས་པའི་ལམ་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། ལྟ་བ་ཐམས་ཅད་ཀྱི་བར་ལ་མཁས་པར་རིག་པར་བྱའོ་ཞེས་པའི་བར་རོ། །དགུ་པ་ནི་མིང་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། མཚན་ཉིད་ལ་མཁས་པར་རིག་པར་བྱའོ་ཞེས་པའི་བར་རོ། །བཅུ་པ་ལ་གཉིས་ཀྱི་མདོར་བསྟན་པ་ནི། སྡུག་བསྔལ་བ་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། ལམ་ལ་མཁས་པར་རིག་པར་བྱའོ་ཞེས་པའི་བར་ཏེ། བདེན་པ་བཞི་ལ་མཁས་པའི་དོན་ནོ། །རྒྱས་པར་བཤད་པ་ནི། སེམས་ཅན་དམྱལ་བ་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། དབང་པོ་ཡོངས་སུ་རྫོགས་པ་ལ་མཁས་པར་རིག་པར་བྱའོ་ཞེས་པའི་བར་རོ། །བཅུ་གཅིག་པ་ནི། ཤེས་རབ་མྱུར་བ་ལ་མཁས་པར་རིག་པར་བྱའོ་ཞེས་པ་ནས། ཐེག་པ་གསུམ་རྣམ་པར་འགོད་པ་ལ་མཁས་པར་རིག་པར་བྱའོ་ཞེས་པའི་བར་རོ། །སྦྱོར་བའི་ལམ་གྱི་ཡོན་ཏན་མེད་པ་ལས་བཟློག་པ་ལ་རྟོག་པའི་གཉེན་པོ་ནི། རབ་འབྱོར་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་པའི་བར་རོ། །མཐོང་བའི་ལམ་གྱི་ཡོན་ཏན་མེད་པ་ལས་བཟློག་པ་ལ་རྟོག་པའི་གཉེན་པོ་ནི། རབ་འབྱོར་ཞེས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང་ཞེས་པའི་བར་རོ། །བསྒོམ་པའི་ལམ་གྱི་ཡོན་ཏན་མེད་པ་ལས་བཟློག་པ་ལ་རྟོག་པའི་གཉེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་དག་ལ་ལེགས་པ་འདི་དག་ཡོད་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱ་འགྲེལ་འགའ་ཞིག་གིས་རྒྱན་དང་མདོ་སྦྱོར་ཚུལ་ནི་ནོར་བ་བྱས་སྣང་ངོ༌། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །ཞེས་པའི་ཚིག་གིས་བསྟན་པའི་རྟོག་པ་གསུམ་གྱི་གཉེན་པོ་ལ། ལམ་གསུམ་གྱི་དབྱེ་བས་དྲི་བ་གསུམ་དགོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི་ཞེས་པ་ནས། བསྒོམ་པར་བགྱི་ཞེས་པའི་བར་ཏེ། འོག་ཏུ་ཡུམ་ལ་སྤྱོད་པ་སོགས་ཚིག་གསུམ་སྨྲོས་པ་ལ་དྲི་བ་བཀོད་པའོ། །དྲི་བ་དང་པོའི་ལན་གྱིས་ལེགས་པའི་ལམ་དང་པོ་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཞི་བ་དང་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་པའི་བར་རོ། །ལེགས་པའི་ལམ་གཉིས་པ་མཐོང་ལམ་སྟོན་པ་ནི། གང་ཡང་འདི་སྐད་དུ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་ཞེས་ཟེར་བ་ནི་ཞེས་པ་ནས། མངོན་པར་བསྒྲུབ་པར་བྱའོ་ཞེས་པའི་བར་རོ། །ལེགས་པའི་ལམ་གསུམ་པ་སྒོམ་ལམ་སྟོན་པ་ནི། གང་ཡང་འདི་སྐད་དུ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་ཞེས་ཟེར་བ་ནི་ཞེས་པ་ནས། བསྒོམ་པར་བྱའོ་ཞེས་པའི་བར་རོ། །སྒོམ་སྤང་འཇུག་པ་གཟུང་རྟོག་གི་གཉེན་པོ་བསྟན་ཟིན་ཏོ། །ལྡོག་པ་གཟུང་རྟོག་གི་གཉེན་པོ་སྟོན་པ་ལ། བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་དང༌། བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ་གཉིས་ལ་རྟོག་པའི་གཉེན་པོ་གཉིས་ནི། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་པ་ནས། སྤྱོད་པར་འགྱུར་ཞེས་པའི་བར་གྱིས་ནི་དྲི་བ་འགོད་དོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་པ་ནས། བསྒོམ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་པ་དམན་པ་ཡིད་བྱེད་དང་ཞེས་པ་ལ་རྟོག་པའི་གཉེན་པོ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་ཀྱི་སེམས་རྒྱུན་མ་ཆད་པ་དང་ཞེས་པ་ནས། གོ་སྐབས་མི་འབྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་པའི་བར་རོ། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད་ཅེས་པ་ལ་རྟོག་པའི་གཉེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མི་འདོར་བས་ཞེས་པ་ནས། དེ་ལྟར་མངོན་པར་བསྒྲུབ་པར་བྱའོ། །དེ་ལྟར་བསྒོམ་པར་བྱའོ་ཞེས་པའི་བར་རོ། །སྒོམ་པ་དང་ཞེས་པ་ལ་རྟོག་པའི་གཉེན་པོ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། ཐོབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ་ཞེས་པའི་བར་རོ། །བསྒོམ་པ་མེད་པ་དང་ཞེས་པ་ལ་རྟོག་པའི་གཉེན་པོ་ནི། གསོལ་པ་འོ་ན་ཅི་ལགས། མ་བསྒོམས་པས་སམ། ཞེས་པ་ནས་དེ་ནི་མ་ཡིན་ནོ་ཞེས་པའི་བར་རོ། །བསྒོམ་མི་བསྒོམ་དག་ལ་རྟོག་པའི་གཉེན་པོ་ནི། གསོལ་པ་འོ་ན་ཅི་ལགས། བསྒོམས་ཀྱང་བསྒོམས་ལ་ཞེས་པ་ནས། དེ་ནི་མ་ཡིན་ནོ་ཞེས་པའི་བར་རོ། །བཟློག་པ་ཉིད་ཅེས་པ་ལ་རྟོག་པའི་གཉེན་པོ་ནི། གསོལ་པ་འོ་ན་ཅི་ལགས། སྒོམ་པ་ཡང་མ་ལགས་ཞེས་པ་ནས། དེ་ནི་མ་ཡིན་ནོ་ཞེས་པའི་བར་རོ། །ཇི་བཞིན་དོན་མིན་རྣམ་རྟོག་པ། །ཞེས་པའི་གཉེན་པོ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ཞེས་པ་ནས། དེ་བཞིན་ཉིད་ཇི་ལྟ་བ་བཞིན་ནོ་ཞེས་པའི་བར་ཏེ། དེ་དག་གིས་ལྡོག་པ་གཟུང་རྟོག་གི་གཉེན་པོ་བསྟན་ཟིན་ཏོ། །སེམས་ཅན་དུ་བཏགས་པ་ལ་རྟོག་པའི་གཉེན་པོ་ནི། གསོལ་པ་དེ་བཞིན་ཉིད་ཅི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པའི་མཐའ་ཇི་ལྟ་བ་བཞིན་ནོ། །ཞེས་པ་ནས་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་བཏགས་སུ་མེད་པའི་ཆོས་ཐམས་ཅད་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཡང་རྣམ་པ་བཞིས་བསྟན་ཏེ། སེམས་ཅན་དུ་བཏགས་པ་སྟོང་ཉིད་དུ་བསྟན་པ་དང༌། སྟོང་ཉིད་དུ་རྟོགས་པའི་བྱེད་པ་དང༌། བཏགས་པའི་སྟོང་ཉིད་རྒྱས་པར་བཤད་པ་དང༌། རྩོད་པ་སྤང་བ་དང་བཞིའོ། །དང་པོ་ལ་དྲིས་ལན་གྱི་སྒོ་ནས་མདོར་བསྟན་པ་དང༌། རབ་འབྱོར་ལ་རྒོལ་བའི་ཚིག་གིས་བདེན་པའི་དོན་སྤོང་བ་དང༌། རབ་འབྱོར་གྱི་ཚིག་གིས་དེ་ཉིད་གསལ་བར་མཛད་པ་དང༌། སླར་ཡང་བཅོམ་ལྡན་འདས་ཀྱིས་ཁྱབ་བྱེད་མ་དམིགས་པ་དགག་པའོ། །དང་པོ་ནི། གོང་དུ་དེ་བཞིན་ཉིད་ཇི་ལྟ་བ་བཞིན་ཞེས་པའི་ཚིག་ལས་འཕྲོས་པའི་དྲིས་ལན་གྱིས་གསུངས་ཏེ། གསོལ་པ་དེ་བཞིན་ཉིད་ཅི་ལྟ་བུ་ལགས་ཞེས་པ་ནས། གང་ཟག་གི་ཁམས་ཇི་ལྟ་བ་བཞིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། སྔ་མ་སྔ་མའི་དོན་ལ་དྲི་བ་བཀོད་པའི་ལན་གྱིས་བཏགས་པ་ཙམ་ཡང་མ་གྲུབ་པར་བསྟན་པའོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་བདག་གི་ཁམས་དང་ཞེས་པ་ནས། གཉིས་སུ་ཡོད་དམ་ཞེས་པའི་བར་རོ། །གསུམ་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཞི་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཇི་ལྟར་གང་ཟག་གི་ཁམས་སུ་གདགས་པར་བྱ་ཞེས་པའི་བར་རོ། །སྲོག་དང་གང་ཟག་མི་དམིགས་ན། བདག་གི་ཁམས་སུ་གདགས་པ་ཇི་ལྟར་ཡོད་ཅེས་པའི་དོན་ནོ། །གཉིས་པ་སྟོང་ཉིད་རྟོགས་པའི་བྱེད་པ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མ་གདགས་པ་དང༌། ཆོས་ཐམས་ཅད་མ་བཏགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །ཞེས་པས་བསྟན་ཏེ། ཡུལ་ཅན་ཤེར་ཕྱིན་དང༌། ཡུལ་ཆོས་ཐམས་ཅད་བཏགས་པ་ཙམ་ཡང་མ་གྲུབ་པར་རྟོགས་པས་རྣམ་མཁྱེན་ཐོབ་ཅེས་པའི་དོན་ནོ། །གསུམ་པ་བཏགས་པའི་སྟོང་ཉིད་རྒྱས་པར་བཤད་པ་ལ། དྲི་བ་བཀོད་པ་དང་ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། གོང་དུ་ཤེར་ཕྱིན་དང་ཡུལ་ཆོས་ཐམས་ཅད་དང་བཏགས་པ་ཙམ་ཡང་མ་གྲུབ་པར་བསྟན་པ་ལ་དྲི་བ་བཀོད་པས་གསུངས་ཏེ། གསོལ་པ་བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདགས་སུ་མ་མཆིས་པ་ལགས་སམ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ་ཞེས་པའི་བར་རོ། །ལན་ནི་ཆོས་ཐམས་ཅད་བཏགས་པ་ཙམ་ཡང་མ་གྲུབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདགས་སུ་མེད་པའོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱང་རུང་སྟེ། ཆོས་ཐམས་ཅད་ནི་གདགས་སུ་མེད་པའོ་ཞེས་པའི་བར་ཏེ། ཕར་ཕྱིན་དྲུག་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་བཏགས་པ་ཙམ་ཡང་མ་གྲུབ་པར་བསྟན་པ་ཡིན་ནོ། །བཞི་པ་རྩོད་པ་སྤང་བ་ལ་གསུམ་སྟེ། རྩོད་པ་དགོད། ལན་བསྟན། བསླབ་ཚུལ་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་གདགས་སུ་མ་མཆིས་པ་ལགས་ན་ཞེས་པ་ནས། སངས་རྒྱས་མ་མཆིས་པར་འགྱུར་ཞེས་པའི་བར་ཏེ། འདིར་ཇི་ལྟར་ཞེས་པའི་སྒྲ་ཆད་པར་མངོན་ནོ། །གཉིས་པ་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། སེམས་ཅན་དུ་གདགས་པ་དམིགས་སུ་ཡོད་དམ་ཞེས་པ་ནས། སངས་རྒྱས་སུ་ཡང་ཇི་ལྟར་གདགས་པར་བྱ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཆོས་ཐམས་ཅད་ལ་བསླབ་པར་བྱའོ་ཞེས་པའི་བར་རོ། །ཆོས་སུ་བཏགས་པ་ལ་རྟོག་པའི་གཉེན་པོ་ནི། གསོལ་པ་བཅོམ་ལྡན་འདས་འོ་ན་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པས་གཟུགས་ལ་བསླབ་པ་དང་ཞེས་པའི་མཇུག་ཐོགས་སུ་འགྲེས་ཀྱི་ཐ་མར་མི་བགྱི་ཞེས་གསུངས་པ། གོང་མ་ཐམས་ཅད་ཀྱི་མཇུག་ཐོགས་སུ་སྦྱར་ནས། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བསླབ་པར་མི་བགྱི་བའི་དོན་གྱིས་གསུངས་སོ། །སྟོང་པ་མ་ཡིན་པ་ལ་རྟོག་པའི་གཉེན་པོ་ལ། ཇི་ལྟར་སློབ་པའི་ཚུལ། སློབ་པའི་རང་བཞིན། རྩོད་པ་སྤང་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་གཟུགས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བྱ་ཞེས་པ་ནས། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི་ཞེས་པའི་བར་རོ། །ལན་ལ་རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། བསླབ་བྱ་མ་མཆིས་པའི་དོན་ལ་སློབ་པའི་ཚུལ་གྱིས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་དང་འགག་པ་མེད་པར་བསླབ་པར་བྱའོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་སྟོང་པར་ལྟའོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་བསླབ་པར་བྱའོ་ཞེས་པའི་བར་རོ། །གསུམ་པ་ལ། སྤྱིར་ཡུམ་ལ་སྤྱོད་པ་མི་འཐད་པ་སྤང་བ་དང༌། ལས་དང་པོ་པའི་སྤྱོད་པ་ལ་མི་འཐད་པ་སྤང་བའོ། །དང་པོ་ལ་རྩོད་པ་ནི། གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་གཟུགས་གཟུགས་ཀྱིས་སྟོང་ཞེས་པ་ནས། བླ་མེད་བྱང་ཆུབ་བླ་མེད་བྱང་ཆུབ་ཀྱིས་སྟོང་ན། བཅོམ་ལྡན་འདས་དེ་ནི་ཇི་ལྟར་བྱང་སེམས་ཆེན་པོ་ཤེར་ཕྱིན་ལ་སྤྱོད་པར་འགྱུར་ཞེས་པའི་བར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ན། ཇི་ལྟར་ཤེར་ཕྱིན་ལ་སྤྱོད་པར་འགྱུར་ཞེས་པའི་དོན་ནོ། །ལན་ལ་གཉིས་ཏེ། བདེན་གཉིས་ལ་ལྟོས་ནས་མི་འགལ་བའི་ལན་གྱིས་མདོར་བསྟན་པ་དང༌། དྲིས་ལན་གྱིས་མི་འགལ་བའི་ཚུལ་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཡུམ་ལ་སྤྱོད་པའོ་ཞེས་པའི་བར་རོ། །གཉིས་པ་ནི། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སྤྱོད་པ་མ་མཆིས་པ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་རྩོད་པ་ནི། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སྤྱོད་པ་མ་མཆིས་པ་ཞེས་པ་ནས། ཇི་ལྟར་སྤྱད་པར་བགྱི་ཞེས་པའི་བར་རོ། །ལན་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་དང༌། མི་དམིགས་པའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ལས་དང་པོ་པའི་བྱང་སེམས་ཆེན་པོས། སེམས་དང་པོ་བསྐྱེད་པ་ཉིད་ནས་བརྩམས་ཏེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པའི་ཚེ་མི་དམིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ཙམ་གྱིས་ན་མི་དམིགས་པར་འགྱུར། ཅི་ཙམ་གྱིས་ན་དམིགས་པར་འགྱུར་ཞེས་པ་ནས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་དམིགས་པ་དང་ལྡན་པར་འགྱུར་ཞེས་པའི་བར་རོ། །ཆགས་པ་ལ་རྟོག་པའི་གཉེན་པོ་ལ་གསུམ་སྟེ། གཉེན་པོ་བསྟན་པ་དང༌། དྲི་བ་དགོད་པ་དང༌། ལན་བཤད་པའོ། །དང་པོ་ནི། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། མི་དམིགས་པ་ལ་ཡང་མི་ཆགས་ཞེས་པའི་བར་རོ། །གཉིས་པ་ལ་སྔར་གྱི་གཉེན་པོ་བསྟན་པ་ཉིད་རྗེས་སུ་བརྗོད་ནས་དྲི་བ་སྟེ། མི་ཆགས་པ་ལགས་ན་ཞེས་པའི་བར་རྗེས་སུ་བརྗོད་ནས། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས་ཇི་ལྟར་ཐོབ་པར་བགྱི་ཞེས་པའི་བར་རོ། །ལན་ལ་རྒྱས་པར་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། དེ་ཡང་དམིགས་སུ་མེད་དོ་ཞེས་པའི་བར་ཏེ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply