སྟོང་ཕྲག་བརྒྱ་པའི་རྣམ་འགྲེལ་གྱི་སྨད་ཕྱོགས། ཇ༽

དམིགས་པ་ལ་སྤྱོད་པས་མཚན་ཡོངས་སུ་རྫོགས་པར་མི་འགྱུར་བ་དང༌། མི་དམིགས་པའི་སྤྱོད་པས་ཡོངས་སུ་རྫོགས་པར་འགྱུར་བ་དང༌། དེ་དག་གི་འཐད་པ་སྟེ་དོན་གསུམ་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། སྤྱོད་པར་འགྱུར་རོ་ཞེས་པའི་བར་རོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་རྟོག་པའི་གཉེན་པོ་ནི། ཐལ་བ་དགོད་པས་རྟོག་པ་བསྟན། ལན་གྱིས་གཉེན་པོ་བསྟན་པའོ། །དང་པོ་ལ་ཁས་བླངས་རྗེས་སུ་བརྗོད་པ་ནི། བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། མ་མཆིས་པ་ལགས་ན་ཞེས་པའི་བར་རོ། །ཐལ་བ་དགོད་པ་དངོས་ནི། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་པ་ནས། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་པའི་བར་ཆོས་ཐམས་ཅད་རབ་ཏུ་རྟོག་པ་ལགས་ཏེ་ཞེས་པའི་བར་རོ། །དེ་ཡང་ཆོས་ཐམས་ཅད་དམིགས་སུ་མ་མཆིས་ན་གཟུགས་ནས་བླ་མེད་བྱང་ཆུབ་ཀྱི་བར་དུ་དབྱེ་བ་ཇི་ལྟར་རྟོགས་པར་འགྱུར་ཞེས་པའི་དོན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཇི་ལྟར་བྱས་པས་གཟུགས་དམིགས་པར་འགྱུར་བ་ཞེས་པ་དང༌། ཐམས་ཅད་ཀྱི་མཇུག་ཐོགས་ཀྱི་དེ་ལྟར་ཆོས་རྣམས་རྟོགས་པར་མི་བྱེད་དོ་ཞེས་པའི་བར་རྣམས་སྦྲེལ་ནས། ཚོར་བ་དམིགས་པར་འགྱུར་བ་དང་ཞེས་སོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དམིགས་པར་འགྱུར་བ་དེ་ལྟར་རྟོགས་པར་མི་བྱེད་དོ་ཞེས་པའི་བར་དུ་བཤད་པར་བྱ་སྟེ། དམིགས་ཚུལ་གྱི་རྣམ་པ་ཇི་ལྟར་བྱས་པའི་ཚུལ་གྱིས་གཟུགས་དམིགས་པར་འགྱུར་བ་མེད་དོ་ཞེས་པའི་དོན་ཏེ། ལྷག་མ་ཚོར་བ་སོགས་ལ་ཡང་བཤད་པར་བྱའོ། །དངོས་པོའི་ཆེད་དུ་བྱ་བ་ལ་རྟོག་པའི་གཉེན་པོ་ལ་གསུམ་སྟེ། རྩོད་པ་འགོད་པ་དང༌། ལན་གྱིས་དངོས་པོའི་ཆེད་དུ་བྱེད་པ་བཀག་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ་ཁས་བླངས་རྗེས་སུ་བརྗོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ཀྱང་མི་དམིགས། ཚོར་བ་ཡང་མི་དམིགས་ཞེས་པ་ནས། བླ་མེད་བྱང་ཆུབ་ཀྱང་མི་དམིགས་ན་ཞེས་པའི་བར་རོ། །ཐལ་འགྱུར་འགོད་པ་ནི། འོ་ན་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་ཞེས་པ་ནས། སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་འགྱུར་ཞེས་པའི་བར་རོ། །གཉིས་པ་ལ་དོན་དངོས་དང༌། འཐད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གཟུགས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་པའི་བར་ཏེ། དམིགས་པ་དངོས་པོའི་ཆེད་དུ་ཡུམ་ལ་སྤྱོད་པ་བཀག་པའི་དོན་གྱིས་གསུངས་སོ། །གཉིས་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་གང་གི་སླད་དུ་ཞེས་པ་ནས། སྤྱོད་པ་ལགས་ཞེས་པའི་བར་རོ། །ལན་ལ་མདོར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མི་སྤྱོད་དོ་ཞེས་པའི་བར་རོ། །དེ་ཉིད་ཀྱི་འཐད་པ་ནི། དངོས་པོའི་ཆེད་དུ་ཡུམ་ལ་མི་སྤྱོད་པ་དེ་ཅི་ཕྱིར་ཞེ་ན་ཞེས་པ་སྦྱར་ནས་ལན་བཤད་པར་བྱ་སྟེ། དེ་ནི་འདི་ལྟར་ཞེས་པ་ནས། མ་བྱས་པ་སྟེ་མངོན་པར་འདུས་མ་བྱས་པའོ་ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་མ་བྱས། བྱེ་བྲག་ཏུ་མངོན་པར་འདུས་མ་བྱས་པའོ། །ཞེས་སྦྱར་རོ། །གསུམ་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་པའི་བར་རོ། །ཐེག་གསུམ་གྱི་ངེས་པར་འབྱུང་བ་ལ་རྟོག་པའི་གཉེན་པོ་ནི། རྩོད་པ་དང་ལན་གཉིས་བསྟན་ཏེ། དང་པོ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། ཐེག་པ་གསུམ་པོ་འདི་དག་རྣམ་པར་འགོད་པར་འགྱུར་ཞེས་པའི་བར་རོ། །གཉིས་པ་ལན་ལ། དོན་དམ་པར་འདོད་པ་དང༌། ཀུན་རྫོབ་ཏུ་མ་ངེས་པ་དང༌། དོན་དམ་པར་མེད་པའི་འཐད་པ་དང༌། འཐད་པ་ལ་མ་གྲུབ་པ་སྤང་བའོ། །དང་པོ་ལ་དོན་དངོས་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མ་བྱས་མངོན་པར་འདུས་མ་བྱས་པའི་ཆོས་རྣམས་ལ་ནི་རྣམ་པར་འགོད་པ་མི་དམིགས་སོ་ཞེས་པའི་བར་རོ། །གཉིས་པ་ནི། ཐེག་གསུམ་རྣམ་པར་བཞག་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། སྤང་བྱ་མི་མཐུན་ཕྱོགས་ཡོད་པས་དེ་སྤོང་བའི་གཉེན་པོར་བཞག་དགོས་པའི་ཕྱིར་རོ། །སྤང་བྱ་ཡོད་ཚུལ་སྟོན་པ་ནི། དེ་ནི་འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཕུང་པོ་ལྔ་ལ་མངོན་པར་ཞེན་ཅིང་ཞེས་པ་ནས། བདག་གིས་སེམས་ཅན་རྣམས་སྒྲོལ་བར་བྱའོ་སྙམ་དུ་སེམས་ཤིང༌། དེ་དེ་ལྟར་ཡང་དག་པ་མ་ཡིན་པར་རྟོག་གོ་ཞེས་པའི་བར་ཏེ། ཐེག་པ་གསུམ་གྱི་སྤང་བྱ་རྟོག་པ་བསྟན་ཏོ། །དེ་ཡང་གཟུགས་ཀྱིས་རློམ་སེམས་སུ་བྱེད་ཅིང་གཟུགས་དམིགས་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་སོ་ཞེས་པའི་བར་ཏེ། དེ་ལ་མངོན་པར་ཞེན་ཞེས་པའི་ཚིག་དང༌། རློམ་སེམས་སུ་བྱེད་ཅེས་དང༌། དམིགས་ཞེས་པའི་ཚིག་གསུམ་གྱིས་བདག་ཏུ་དམིགས་པ་དང༌། བཟུང་བར་དམིགས་པ་དང༌། འཛིན་པར་དམིགས་པ་དང་གསུམ་དུ་བསྟན་པས་ཤུགས་ལ་གཉེན་པོ་ཐེག་པ་གསུམ་ཡང་གསལ་བར་བསྟན་པ་ཡིན་ནོ། །གསུམ་པ་དོན་དམ་པར་མེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཏེ། དོན་དམ་པར་ཐེག་པ་གསུམ་གྱིས་སེམས་ཅན་ཡོངས་སུ་བཀྲོལ་བ་མེད་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་སྦྱར་རོ། །འཐད་པ་དངོས་ནི། རབ་འབྱོར་དེ་ནི་འདི་ལྟར་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང་ཞེས་པ་ནས། སྐྱེས་བུ་གླེན་པ་ལོང་བ་མིག་མེད་པ་དེ་དག་ནི་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་སྒྲོལ་བར་འདོད་དོ་ཞེས་པའི་བར་གྱིས་བསྟན་ཏེ། དོན་དམ་པ་མཐོང་བའི་མིག་དང་ལྡན་པ་དག་གིས་ཐེག་པ་གསུམ་གྱིས་སེམས་ཅན་ཡོངས་སུ་སྒྲོལ་བར་འདོད་མོད། དོན་དམ་པར་མེད་དེ་གཟུགས་ནས་བླ་མེད་བྱང་ཆུབ་ཀྱི་བར་སངས་རྒྱས་ཀྱི་སྤྱན་ལྔས་ཀྱང་མ་དམིགས་པའི་ཕྱིར་རོ་ཞེས་པའི་དོན་ནོ། །དེ་ལ་གཟུགས་ནས་བྱང་ཆུབ་ཀྱི་བར་སངས་རྒྱས་ཀྱི་སྤྱན་ལྔས་མ་དམིགས་ཞེས་པས་ནི། དོན་དམ་པར་སེམས་ཅན་འགྲོ་བ་མེད་པའི་འཐད་པ་དངོས་བསྟན་ཏོ། །སྐྱེས་བུ་གླེན་པ་ཞེས་སོགས་འགྲེས་ཀྱི་ཐ་མར་གསུངས་པའི་ཚིག་གིས། དེ་དག་ཐ་སྙད་དུ་ཡོད་པར་བསྟན་ཏོ། །དོན་ནི་དོན་དམ་པར་ཐེག་པ་གསུམ་མེད་ཅིང་གདུལ་བྱ་མྱང་འདས་ལ་འགོད་པ་ཡང་མེད་དོ། །འོན་ཀྱང་ཀུན་རྫོབ་ཏུ་སྐྱེས་པ་ཕུང་སོགས་ལ་མངོན་པར་ཞེན་ཅིང༌། རློམ་སེམས་དང་ལྡན་པས་སངས་རྒྱས་ནས་ཐེག་གསུམ་གྱིས་སེམས་ཅན་སྒྲོལ་སྙམ་པའི་སེམས་ཅན་བཀྲི་བའི་ཕྱིར་ཀུན་རྫོབ་ཏུ་རྣམ་པར་བཞག་གི། དོན་དམ་པར་མ་ཡིན་ཏེ་ཆོས་གང་ཡང་སྤྱན་ལྔས་མ་གཟིགས་པའི་ཕྱིར་ཞེས་པའི་དོན་ནོ། །བཞི་པ་འཐད་པ་མ་གྲུབ་པ་སྤང་བ་ལ་ལྔ་སྟེ། རྩོད་པ་འགོད་པ་དང༌། རྩོད་པ་སྤང་བ་མདོར་བསྟན་པ་དང༌། རྩོད་སྤོང་རྒྱས་པར་བཤད་པ་དང༌། སྤྲུལ་པའི་དཔེའི་སྒོ་ནས་གསལ་བར་བསྟན་པ་དང༌། སྤྲུལ་པ་དང་སྤྲུལ་པ་པོ་ཁྱད་མེད་པར་བསྒྲུབ་པའོ། །དང་པོ་ལ་གཉིས་ལས། ཁས་བླངས་རྗེས་སུ་བརྗོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཞེས་པ་ནས། མ་གཟིགས་ན་ཞེས་པའི་བར་རོ། །གཉིས་པ་ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་འོ་ན་ཇི་ལྟར་ཞེས་པ་ནས། ཕུང་པོ་གསུམ་དུ་ལུང་སྟོན་པ་མཛད་ཅེས་པའི་བར་ཏེ། དོན་དམ་པར་གཟུགས་ནས་བྱང་ཆུབ་ཀྱི་བར་མ་གཟིགས་ན། སངས་རྒྱས་པའི་དུས་སུ་སེམས་ཅན་ངེས་པ་དང༌། མ་ངེས་པའི་དང༌། ལོག་པར་ངེས་པའི་སེམས་ཅན་གསུམ་དུ་ལུང་སྟོན་པ་མེད་པར་འགྱུར་རོ་ཞེས་པའི་དོན་ནོ། །གཉིས་པ་ལ་ལུང་སྟོན་པ་ནི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་མ་ཡིན་ཏེ། དོན་དམ་པར་སེམས་ཅན་གང་ཡང་མ་དམིགས་པའི་ཕྱིར་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ངས་ནི་ཞེས་པ་ནས། དོན་དམ་པར་མ་ཡིན་ནོ་ཞེས་པའི་བར་ཏེ། བདེན་པ་གཉིས་ཀྱི་སྒོ་ནས་ལན་གསུངས་སོ། །གསུམ་པ་ལ་གཉིས་ཏེ། དོན་དམ་པར་འདོད་པའི་ལན་དང༌། ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའི་ལན་ནོ། །དང་པོ་ནི། གཞན་གྱིས་རྩོད་པ་བཀོད་པའི་སྒོ་ནས་དོན་དམ་པར་མངོན་པར་སངས་རྒྱ་བ་མེད་པར་བསྟན་པའི་ལན་ཏེ། གསོལ་པ་བཅོམ་ལྡན་འདས་ཀྱིས་དོན་དམ་པ་ལ་བཞུགས་ཏེ་ཞེས་པ་ནས། དེ་ནི་མ་ཡིན་ནོ་ཞེས་པའི་བར་ཏེ། དོན་དམ་པར་སངས་རྒྱ་བ་མེད་པར་འདོད་པ་ཡིན་ནོ་ཞེས་པས་བསྟན་ཏོ། །གཉིས་པ་ཀུན་རྫོབ་ཏུ་མ་ངེས་པའི་ལན་ལ། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དོན་དམ་པ་ལ་བཞུགས་ཏེ་ཞེས་པ་ནས། མ་ལགས་ན་ཞེས་པའི་བར་གྱིས་ནི་ཁས་བླངས་རྗེས་སུ་བརྗོད་པའོ། །དེ་ལ་དོན་དམ་པ་ལ་བཞུགས་ཏེ་ཞེས་པའི་དོན་ནི། ཐུགས་དོན་དམ་པའི་བདེན་པ་ལ་གནས་ན་ཞེས་པའི་དོན་ནོ། །ཕྱིན་ཅི་ལོག་ལ་བཞུགས་ཏེ་ཞེས་པའི་དོན་ནི། བློ་ཕྱིན་ཅི་ལོག་གིས་མཐོང་ཚུལ་ཀུན་རྫོབ་པ་ལ་ཐུགས་གནས་ནས་སངས་རྒྱ་བ་མ་ཡིན་ནོ་ཞེས་པའི་དོན་ནོ། །ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཞེས་པ་ནས། གཅིག་ཏུ་མི་འགྱུར་རམ་ཞེས་པའི་བར་ཏེ། དོན་དམ་པ་ལ་བཞུགས་ནས་སངས་མི་རྒྱ་བ་དང༌། ཀུན་རྫོབ་ཕྱིན་ཅི་ལོག་ལ་བཞུགས་ནས་སངས་མི་རྒྱ་བའི་མཐའ་གཉིས་ལས། གང་རུང་གཅིག་གི་མཐའ་གཅིག་ཏུ་མི་འགྱུར་ཞེས་པའི་དོན་ནོ། །ལན་ནི་ཀུན་རྫོབ་ཏུ་སངས་རྒྱ་བར་འདོད་མོད་ཀྱི། འདུས་བྱས་ཀྱིས་རབ་ཏུ་ཕྱེ་བ་ཀུན་རྫོབ་ཕྱིན་ཅི་ལོག་ལ་གནས་པའམ། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་དོན་དམ་སྟེ་མཐའ་གཉིས་པོ་གང་རུང་གཅིག་ལ་མཐའ་གཅིག་ཏུ་གནས་པའི་སྒོ་ནས་སངས་རྒྱ་བ་ནི་མ་ཡིན་ནོ་ཞེས་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་པ་ནས། སངས་རྒྱས་པ་མ་ཡིན་ནོ་ཞེས་པའི་བར་རོ། །བཞི་པ་དཔེའི་སྒོ་ནས་གསལ་བར་བསྟན་པ་ནི། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ཞེས་སོགས་ཀྱིས་སྟོན་ཏེ། འདི་ལ་དཔེ་བསྟན་པ་དང༌། དོན་བཤད་པ་གཉིས་ཀྱི་དང་པོ་ནི། དེ་བཞིན་གཤེགས་པའི་སྤྲུལ་པ་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་གང་ལ་ཡང་གནས་པ་མ་ཡིན་ཏེ་ཞེས་པ་ནས། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པའི་སྤྲུལ་པ་འདུས་བྱས་དང༌། འདུས་མ་བྱས་ཀྱི་ཁམས་གང་ལ་ཡང་གནས་པ་མ་ཡིན་ཡང༌། སྣང་ཚུལ་ལ་འགྲོ་འོང་སོགས་ཀྱི་བྱ་བ་བྱེད་པའི་སྒོ་ནས། སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་བསྒོམ་ནས་སངས་རྒྱས་ཤིང༌། ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གདུལ་བྱ་ལུང་སྟོན་པར་སྣང་ཡང་གནས་ཚུལ་ལ་ཡོད་དམ་ཞེས་བརྒལ་ནས། དེ་ནི་མ་ཡིན་ནོ་ཞེས་བཀག་པས་གསུངས་སོ། །དཔེ་བསྟན་ཟིན་ནས། དོན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གོང་དུ་བསྟན་པའི་དཔེ་དེ་བཞིན་དུ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྤྲུལ་པ་བསྟན་པ་ལྟར་རང་བཞིན་མེད་པར་མཁྱེན་ནས། གདུལ་བར་བྱ་བའི་སེམས་ཅན་དམིགས་སུ་མེད་ཅིང་བརྟུལ་བ་ཡང་མེད་དོ། །ཚུལ་དེ་ལྟར་དུ་བྱང་སེམས་ཡུམ་ལ་སྤྱད་པར་བྱའོ་ཞེས་པའི་དོན་ནོ། །ལྔ་པ་ལ་གཉིས་ལས། དང་པོ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། ཅི་ལ་དགོངས་པ་ལགས་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པ་དང་སྤྲུལ་པ་ཁྱད་པར་ཅི་ཡོད་ཅེས་དྲིས་པའོ། །ལན་ལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། ཁྱད་པར་མི་དམིགས་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་ཞེས་པ་ནས། ཁྱད་པར་མེད་དོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་པའི་བར་ཏེ། དང་པོ་རབ་འབྱོར་དེ་ནི་ཞེས་པ་ནས། སྤྲུལ་པ་ཡང་མེད་དོ་ཞེས་པའི་བར་གྱིས་ནི། གཉིས་པོ་དོན་དམ་པར་ཁྱད་པར་མེད་པར་བསྟན་ཏོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། དེ་བཞིན་གཤེགས་པ་མི་བཞུགས་ན་ཞེས་སོགས་ཚིག་ལྷག་མ་རྣམས་ཀྱིས་ནི། ཀུན་རྫོབ་ཏུ་ཡང་སེམས་ཅན་གྱི་དོན་བྱེད་པར་ཁྱད་པར་མེད་དེ། དེ་བཞིན་གཤེགས་པའི་སྤྲུལ་པ་ལས་ཀྱང་གཞན་དོན་གྱི་བྱ་བ་བྱེད་པར་འགྱུར་བའི་ཕྱིར་རོ། །དཔེར་ན་ཞི་བའི་བློ་གྲོས་ཀྱིས་རང་ཉིད་ཡོངས་སུ་མྱ་ངན་འདས་ཀྱང་སྤྲུལ་པས་སེམས་ཅན་གྱིས་དོན་བྱེད་པ་བཞིན་ནོ་ཞེས་བསྟན་ཏོ། །རབ་འབྱོར་དེ་ལྟར་ན་ཞེས་སོགས་ཀྱིས་ནི། བྱང་སེམས་ཀྱིས་ཆོས་ཐམས་ཅད་སྤྲུལ་པ་ལྟར་ཤེས་པར་བྱས་ནས། ཡུམ་ལ་སྤྱད་པར་བྱའོ་ཞེས་བསྟན་ཏོ། །ཡོན་མ་དག་པ་ལ་རྟོག་པའི་གཉེན་པོ་ལ་གཉིས་ཏེ། རྩོད་པའི་སྒོ་ནས་རྟོག་པ་བསྟན་པ་དང༌། ལན་གྱི་སྒོ་ནས་གཉེན་པོ་བསྟན་པའོ། །དང་པོ་ལ་ཁས་བླངས་རྗེས་སུ་བརྗོད་པ་ནི། གལ་ཏེ་དེ་ལྟར་ཞེས་པ་ནས། མ་མཆིས་པ་ནས་ཞེས་པའི་བར་རོ། །ཐལ་འགྱུར་འགོད་པ་ནི། ཡོན་ཡོངས་སུ་དག་པར་ཡང་ཇི་ལྟར་འགྱུར་ཞེས་པ་སྟེ། དེ་བཞིན་གཤེགས་པ་དང་སྤྲུལ་པ་ཁྱད་པར་མེད་ན། དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡོན་ཡོངས་སུ་དག་པར་ཇི་ལྟར་འགྱུར་ཞེས་པའོ། །འདིས་ནི་རྩོད་པ་མདོར་བསྟན་ལ། རྒྱས་པར་བཤད་པ་ནི། བཅོམ་ལྡན་འདས་སེམས་ཅན་བསོད་ནམས་འཚལ་བ་དང་ཞེས་པ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །དེ་ལྟ་བུའི་ཡོན་ཏན་ཆེན་པོ་ཡོད་དོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་གཤེགས་པ་དང་སྤྲུལ་པ་ལ་ཡོན་ཕུལ་བ་ཁྱད་མེད་པར་བསྟན་པ་དང༌། ཞར་ལ་དེ་བཞིན་གཤེགས་པ་ལ་མི་དམིགས་པའི་བསོད་ནམས་གཞན་ཡང་འབྱུང་བ་སྟེ་དོན་གཉིས་ཀྱིས་བསྟན་ཏོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། འཇིག་རྟེན་གྱི་ཡོན་གནས་སོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ལྟ་ཞོག་སྟེ་ཞེས་པ་ནས། དེ་ལྟ་བུའི་ལེགས་པ་ཆེན་པོ་དང༌། དེ་ལྟ་བུའི་ཡོན་ཏན་ཆེན་པོ་ཡོད་དོ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་རྣམ་གྲངས་དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་བརྩོན་པར་བྱས་ན་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་པའི་བར་རོ། །སྤྱོད་པ་རྣམ་པར་འཁྲུགས་པ་ལ་རྟོག་པའི་གཉེན་པོ་ལ་གཉིས་ཏེ། ཆོས་ཉིད་ལ་དམིགས་པའི་གཉེན་པོ་དང༌། གཉེན་པོ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཆོས་ཉིད་མི་འཁྲུགས་པ་ལ་དམིགས་པའི་ཡེ་ཤེས་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་དེ་ཡང་རྣམ་པར་དཀྲུག་པར་མི་བྱ་སྟེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའོ། །རྒྱས་པར་བཤད་པ་ནི། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མི་བྱའོ་ཞེས་པ་ནས། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མི་བྱའོ་ཞེས་པའི་བར་ཏེ། རྒྱུ་དང༌། རྐྱེན་དང༌། ཡུལ་ཅན་གྱི་རྣམ་པར་ཤེས་པ་གང་གིས་ཀྱང་དཀྲུག་ཏུ་མེད་པའི་ཆོས་ཉིད་ལ་དམིགས་པའི་ཡེ་ཤེས་བསྟན་ཏོ། །གཉིས་པ་ལ། རྩོད་པ་འགོད་པ་དང༌། ལན་བཤད་པའོ། །དང་པོ་ལ་ཁས་བླངས་རྗེས་སུ་བརྗོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། མི་བགྱི་བ་ལགས་ན་ཞེས་པའི་བར་ཏེ། གོང་དུ་དཀྲུགས་པར་མི་བྱའོ་ཞེས་པའི་ཁས་བླངས་བརྗོད་པའོ། །ཐལ་འགྱུར་འགོད་པ་ནི། དེ་ལ་དེ་བཞིན་གཤེགས་པས་འདི་ནི་གཟུགས་སོ་ཞེས་པ་ནས། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་རྣམ་པར་དཀྲུགས་པར་མཛད་ན་དེའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་དཀྲུགས་པར་མ་གྱུར་ཏམ་ཞེས་པའི་བར་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་དཀྲུགས་པ་མཛད་པར་འགྱུར་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དབྱེ་བ་མཛད་པའི་ཕྱིར། འདོད་ན་ཆོས་རྣམས་ཀྱི་ཆོས་ཉིད་དཀྲུག་པ་ཉིད་དུ་འགྱུར་རོ་ཞེས་པའི་དོན་ནོ། །གཉིས་པ་ལན་ལ་ཀུན་རྫོབ་ཏུ་གཞན་གྱིས་དབྱེ་བ་ཁོང་དུ་ཆུད་པའི་ཕྱིར་དུ་མིང་དང་མཚན་མའི་སྒོ་ནས་བསྟན་པ་ཡིན་ལ། དོན་དམ་པར་ནི་ཆོས་གང་ཡང་དབྱེ་བའི་སྒོ་ནས་དཀྲུགས་པ་མེད་དོ་ཞེས་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ་ཞེས་པ་ནས། དཀྲུག་པ་མེད་དོ་ཞེས་པའི་བར་རོ། །སྒོམ་སྤངས་རྫས་འཛིན་རྟོག་པའི་གཉེན་པོ་བསྟན་ཟིན་ཏོ། །བཏགས་འཛིན་རྟོག་པའི་གཉེན་པོ་སྟོན་པ་ལ། གཉེན་པོ་སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ལ་དྲི་བ་འགོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་གཞན་རྣམས་ཁོང་དུ་ཆུད་པར་བགྱི་བའི་སླད་དུ་ཞེས་པ་ནས། མཚན་མས་བརྗོད་པ་མཛད་ཅེས་པའི་བར་རོ། །ལན་ལ་གཉིས་ཏེ། རྟོག་པའི་གཉེན་པོ་དང༌། གཉེན་པོ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ལས་མདོར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བརྗོད་པ་ནི་མིང་ཡང་མ་ཡིན་ཞེས་པ་ནས། མིང་དང་མཚན་མ་ལ་མངོན་པར་ཆགས་པར་མི་འགྱུར་ཞེས་པའི་བར་ཏེ། ཐ་སྙད་དུ་མིང་དང་མཚན་མས་མངོན་པར་བསྟན་པ་ཙམ་ཡིན་གྱི། དོན་དམ་པར་མིང་དང་མཚན་མའི་གཞི་མེད་པས་མངོན་པར་ཞེན་པ་མེད་པའི་ཕྱིར། ཉེས་པ་མེད་དོ་ཞེས་པའི་དོན་ནོ། །རབ་འབྱོར་གཞན་དུ་ན་སྡུག་བསྔལ་ཉིད་བརྗོད་པར་ཟད་ཀྱི་ཞེས་སོགས་ཀྱི་དོན་ནི། འཁོར་བའི་སྡུག་བསྔལ་ཤེས་པར་བྱ་བའི་ཕྱིར་བསྟན་པར་ཟད་ཀྱི། དེ་ལ་དངོས་པོར་མི་འཛིན་ཅིང་ཆགས་པ་མེད་དོ་ཞེས་པ་སྟེ་འབུམ་ཊཱིཀ་ལས་བཤད་དོ། །གཉིས་པ་བཟློག་པ་ལ་གནོད་པ་བཀོད་པའི་སྒོ་ནས་གསལ་བར་བཤད་པ་ནི། རབ་འབྱོར་གལ་ཏེ་མིང་ལ་ཆགས་པར་འགྱུར་བ་དང༌། མཚན་མ་ལ་མངོན་པར་ཆགས་པར་འགྱུར་ན་ནི་ཞེས་པ་ནས། དེ་དག་ནི་མིང་ཙམ་ལ་ཡང་གནས་པ་མེད་དོ་ཞེས་པའི་བར་ཏེ། མིང་དང་མཚན་མ་ལ་ཆགས་ན་ནི་སྟོང་པ་ཉིད་དང༌། སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་ནས། འདུས་མ་བྱས་ཀྱང་འདུས་མ་བྱས་ལ་ཆགས་པར་འགྱུར་ཏེ་ཞེས་པའི་བར་གྱིས་ཐལ་འགྱུར་བརྗོད་ནས་བཟློག་པ་རང་རྒྱུད་བསྟན་པ་ནི། ཆོས་འདི་དག་ཐམས་ཅད་ཀྱང་མིང་ཙམ་དུ་མ་ཟད་པས་ན། དེ་དག་ནི་མིང་ཙམ་ལ་ཡང་གནས་པ་མེད་དོ་ཞེས་པའོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། དེ་ལ་མངོན་པར་ཆགས་པར་མི་བྱའོ་ཞེས་པའི་བར་རོ། །དེས་གཉེན་པོ་བསྟན་ཟིན་ཏོ།། ༈ གཉིས་པ་གཉེན་པོ་ལ་རྩོད་པ་སྤང་བ་ལ། ཁས་བླངས་རྗེས་སུ་བརྗོད་པ་ནི། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཞེས་པ་ནས། མཚན་མ་ཙམ་དུ་བས་པ་ལགས་ན་ཞེས་པའི་བར་ཏེ། མིང་དང་མཚན་མ་ཙམ་དུ་ཟད་ན་ཞེས་པའི་དོན་ནོ། །ཐལ་འགྱུར་འགོད་པ་ནི། བྱང་ཆུབ་ཏུ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། བྱང་ཆུབ་ཏུ་སེམས་བསྐྱེད་ནས། འདུ་བྱེད་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་པ་དང་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་དེ་སྐད་དུ། གལ་ཏེ་ཞེས་པ་ནས། སྤྱོད་ཟེར་བ་ནི་ཞེས་པའི་བར་གྱིས་གཞན་གྱིས་རྩོད་པའི་ཚུལ་བརྗོད་ནས། རྩོད་པ་མི་འཇུག་པའི་ཚུལ་སྟོན་པ་ནི། རབ་འབྱོར་དེ་ལྟར་འདུས་བྱས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་ཟད་དེ་ཞེས་པ་ནས། གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་སོ་ཞེས་པའི་བར་ཏེ། དོན་དམ་པར་མིང་དང་མཚན་མ་དག་གིས་སྟོང་པ་ཉིད་ཀྱིས་ན། དེ་དག་མི་དམིགས་པར་རྟོགས་པའི་སྒོ་ནས་ཐ་སྙད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱོད་པ་ནས་བཟུང་སྟེ། སེམས་ཅན་ཡོངས་སུ་མྱ་ངན་ལས་ཟློ་བའི་བར་གྱིས་བྱ་བར་མཛད་དོ། །མིང་དང་མཚན་མ་དག་གིས་སྟོང་པའི་གཏན་ཚིགས་ནི། མིང་དང་མཚན་མ་དེ་ལ་ཞེས་པ་ནས། མི་དམིགས་སོ་ཞེས་པའི་བར་རོ། །གཉེན་པོ་སྤྱིར་བསྟན་ཟིན་ཏོ། །འདི་དག་གི་དོན་ནི། རྒྱན་ལས། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །སྒོམ་པའི་ལམ་དང་འབྲེལ་བ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཞེས་གསུངས་སོ། །གཉིས་པ་གཉེན་པོ་སོ་སོར་བཤད་པ་ལ། མཁྱེན་པ་གསུམ་ནས་གཉིས་སུ་མེད་པའི་བར་དགུ་ནི། རྟོག་པའི་ཡུལ་ཡིན་ལ། དེ་ལ་རྨོངས་པའི་རྟོག་པ་ལ། རྨོངས་པ་ཡང་ཡིན། རྟོག་པ་ཡང་ཡིན་པས་རྨོངས་པའི་རྟོག་པ་ཞེས་གཞི་མཐུན་དུ་བཤད་དོ། །རྟོག་པ་དེ་དག་གི་གཉེན་པོ་དགུ་ལས། དང་པོ་ལ་མཁྱེན་གསུམ་ལ་རྟོག་པའི་གཉེན་པོ་བཤད་པ་ལ། དྲིས་ལན་གྱི་སྒོ་ནས་མཁྱེན་གསུམ་མདོར་བསྟན་པ་དང༌། སོ་སོའི་ཁྱད་པར་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་གསུང་ངམ་ཞེས་པ་ནས། དེ་གསུམ་ལ་ཁྱད་པར་ནི་ཅི་ཞིག་མཆིས། བྱེ་བྲག་ནི་ཅི་ཞིག་མཆིས་ཞེས་པའི་བར་གྱིས་ནི་དྲི་བ་བཀོད་དེ། འདིར་དང་པོ་རྣམ་མཁྱེན་དང༌། དེ་ནས་གཞི་ཤེས། དེ་ནས་ལམ་ཤེས་ཀྱི་དྲི་བའི་གོ་རིམ་སྣང་བས་ལམ་གྱི་གོ་རིམ་དང་མི་མཐུན་པར་སྣང་ངོ༌། །གཉིས་པ་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བ་ནས། སངས་རྒྱས་རྣམས་ལ་བྱའོ་ཞེས་པའི་བར་རོ། །གཉིས་པ་སོ་སོའི་ཁྱད་པར་གྱི་སྒོ་ནས་རྒྱས་པར་བཤད་པ་ལ། གསུམ་སྟེ། རྣམ་པའི་ཁྱད་པར་གྱི་དྲིས་ལན་དང༌། སྤངས་པའི་ཁྱད་པར་གྱི་དྲིས་ལན་དང༌། འདུས་མ་བྱས་ཁོང་དུ་ཆུད་པར་མཚུངས་པའོ། །དང་པོ་ལ་གཉིས་ལས། དྲི་བ་འགོད་པ་ནི། གཞི་ཤེས་ཀྱི་དྲི་བ་དང༌། ལམ་ཤེས་ཀྱི་དྲི་བ་གཉིས་སོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་པ་ནས། ལམ་ཤེས་པ་ཉིད་ཅེས་བགྱི་ཞེས་པའི་བར་རོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱི་དང་ནང་གི་ཆོས་ཇི་སྙེད་པ་ཙམ་ནི་ཞེས་པ་ནས། ལམ་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེས་པའི་བར་རོ། །འདིར་རྣམ་པ་ཐམས་ཅད་དུ་ཡང་མ་ཡིན་པས་ཞེས་པའི་མདོ་ཚིག་འབྱུང་རིགས་ནའང་ཆད་པར་སྣང་ངོ༌། །ལམ་ཤེས་ཀྱི་ངོ་བོ་བསྟན་པ་ལ། ལམ་གསུམ་ཤེས་པའི་ཚུལ་དང༌། ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་དང༌། ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་ཚུལ་ལས་འཕྲོས་པའི་དྲིས་ལན་ནོ། །དང་པོ་ནི། རབ་འབྱོར་གང་ཡང་འདི་སྐད་དུ་ཅི་ཕྱིར་ན་ཞེས་པ་ནས། ལམ་དེ་དག་གིས་ཀྱང་ལམ་གྱི་བྱ་བ་བྱ་དགོས་ཏེ་ཞེས་པའི་བར་རོ། །གཉིས་པ་ནི་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པའི་ཕྱིར་ཞེས་པའོ། །གསུམ་པ་ལ་གཉིས་ལས་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཞེས་པ་ནས། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་བགྱི་བར་འགྱུར་རོ་ཞེས་པའི་བར་ཏེ། སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་ན། ཅིའི་ཕྱིར་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པར་མི་འགྱུར་ཞེས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་ཞེས་པའི་བར་ཏེ། སྨིན་རྫོགས་སྦྱང་བ་མ་བྱས་པར་མི་བྱ་ཞེས་པའི་དོན་ཡིན་གྱི་གཏན་མི་བྱ་བ་ནི་མ་ཡིན་ནོ་ཞེས་པའི་དོན་ནོ། །རྣམ་མཁྱེན་གྱི་ངོ་བོ་ངོས་བཟུང་བ་ནི། ཞི་ལམ་ལ་རྟོག་པའི་གཉེན་པོ་བསྟན་པའི་བར་ཏེ། རབ་འབྱོར་གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནས། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ་ཞེས་པའི་བར་ཏེ། མདོ་ཅུང་ཟད་འཁྲུགས་པར་མངོན་པས། ཞི་ལམ་ལ་རྟོག་པའི་གཉེན་པོ་སྟོན་པའི་ཐོག་མར་དྲངས་ནས་བཤད་པར་བྱ་སྟེ། དེ་ལ་རབ་འབྱོར་གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནས། ཞི་བའི་རྣམ་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ་ཞེས་པའི་བར་གྱིས་ནི་ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་བསྟན་ཏོ། །རབ་འབྱོར་འདི་ལྟར་ཡང་རྣམ་པ་གང་དང་ཞེས་པ་ནས། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ་ཞེས་པའི་བར་གྱིས་ནི་ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་བསྟན་ཏོ། །གཉིས་པ་སྤངས་པའི་ཁྱད་པར་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། བྱེ་བྲག་མཆིས་སམ་ཞེས་པའི་བར་རོ། །དེའི་ལན་ལ་གཉིས་ཏེ། ཉོན་མོངས་པ་སྤང་བ་ལ་ཁྱད་པར་མེད་པར་བསྟན་པ་དང༌། བག་ཆགས་སྤངས་མ་སྤངས་ལ་ཁྱད་པར་ཡོད་པར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཉོན་མོངས་པ་སྤངས་པ་ལ་ནི་བྱེ་བྲག་མེད་དེ་ཞེས་པའོ། །གཉིས་པ་ལ་ནི། དེ་བཞིན་གཤེགས་པ་ནི་ཞེས་པ་ནས། ཐམས་ཅད་སྤངས་པ་མེད་དོ་ཞེས་པའི་བར་རོ། །གསུམ་པ་འདུས་མ་བྱས་ཁོང་དུ་ཆུད་པར་མཚུངས་པ་ལ་གཉིས་ཏེ། དོན་དངོས་དང་རྩོད་པ་སྤང་བའོ། །དང་པོ་ནི། གསོལ་པ་བཅོམ་འདས་ཅི་ལགས་ཞེས་པ་ནས། དེ་ནི་མ་ཡིན་ནོ་ཞེས་པའི་བར་ཏེ། འདུས་མ་བགྱིས་མ་ཐོབ་པར་ཞེས་པའི་དོན་ནི། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་བདག་མེད་མ་རྟོགས་པར་ཉོན་མོངས་པ་སྤོང་བ་ཡོད་དམ་ཞེས་དྲི་བ་བཀོད་ནས་དེའི་ལན་ལ་དེ་ནི་མ་ཡིན་ནོ་ཞེས་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། རྩ་བའི་རྩོད་ལན་དང༌། དེ་ལས་འཕྲོས་པའི་རྩོད་ལན་ནོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། དེ་ནི་མ་ཡིན་ནོ་ཞེས་པའི་བར་ཏེ། འདུས་མ་བགྱིས་པའི་དོན་བདག་མེད་རྟོགས་པ་ལ་བྱེ་བྲག་ཡོད་དམ་ཞེས་དྲིས་པ་ན། དེ་ནི་མ་ཡིན་ནོ་ཞེས་ལན་གསུངས་སོ། །གཉིས་པ་ལ་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དམིགས་སུ་མ་མཆིས་ན་ཞེས་པས་ཁས་བླངས་རྗེས་སུ་བརྗོད་ནས། ཐལ་འགྱུར་འགོད་པ་ནི། ཅིའི་སླད་དུ་ཞེས་པ་ནས། མེད་དོ་ཞེས་བཀའ་སྩལ་པ་ཞེས་པའི་བར་རོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བག་ཆགས་ཀྱིས་མཚམས་སྦྱོར་བ་ནི། ཉོན་མོངས་པ་ཡང་མ་ཡིན་མོད་ཀྱི་ཞེས་པ་ནས། ཐམས་ཅད་མི་མངའ་ཞིང་མི་དམིགས་སོ་ཞེས་པའི་བར་རོ། །བཞི་པ་ཞི་བའི་ལམ་ལ་རྟོག་པའི་གཉེན་པོ་ལ་གསུམ་སྟེ། གནས་པ་མེད་པའི་ཚུལ་གྱིས་གྲོལ་བ་དང༌། གནས་པ་མེད་པར་བསྟན་པ་ལ་རྩོད་པ་སྤང་བ་དང༌། ཞི་བའི་ལམ་དངོས་བཤད་པའོ། །དང་པོ་ལ་དངོས་དོན་དང༌། དཔེ་བཤད་པ་དང༌། དོན་ལ་སྦྱར་བའོ། །དང་པོ་ནི། གོང་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱ་ཞེས་པ་ལས་འཕྲོས་ནས། ཡང་དག་པའི་མཐའ་མངོན་དུ་མ་བྱས་པར་སངས་མི་རྒྱ་བས་ལམ་གང་ལ་གནས་ནས་ཡང་དག་པའི་མཐའ་མངོན་དུ་བགྱི་ཞེས་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། མངོན་སུམ་དུ་བགྱིའོ་ཞེས་པའི་བར་རོ། །དེའི་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མ་ཡིན་ནོ་ཞེས་པའོ། །དེ་ཉིད་མཐའ་གཅོད་པའི་དོན་དུ་དྲི་བས་གོ་སྐབས་ཕྱེ་ནས་ལན་གསུངས་པ་ནི། གསོལ་པ་བཅོམ་ལྡན་འདས་འོ་ན་ལམ་མ་ལགས་པ་ལ་གནས་ཏེའམ་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ་ཞེས་པའི་བར་རོ། །འདིས་དོན་དམ་པར་ལམ་མེད་པས་མཐའ་བཞིའི་སྒོ་ནས་ལམ་ལ་གནས་པ་བཀག་པས། ཡང་དག་པའི་མཐའ་མངོན་སུམ་དུ་བྱར་མེད་པར་བསྟན་ཏོ། །གཉིས་པ་དཔེ་བསྟན་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་འོ་ན་ཞེས་པ་ནས། མངོན་དུ་བགྱི་ཞེས་པའི་བར་རོ། །དཔེ་དེ་ཉིད་རབ་འབྱོར་རང་ཉིད་ཁས་ལེན་དུ་གཞུག་པའི་དོན་དུ། རབ་འབྱོར་ལ་བརྒལ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། སེམས་ནི་གང་ལ་ཡང་མི་གནས་པས་རྣམ་པར་གྲོལ་ལོ་ཞེས་པའི་བར་ཏེ། ལམ་གྱི་མཐའ་བཞི་ལ་གནས་པ་བཀག་ནས། གནས་པ་མེད་པའི་ཚུལ་གྱིས་སེམས་ཅན་རྣམ་པར་གྲོལ་བ་ཡོད་དོ་ཞེས་རབ་འབྱོར་གྱིས་ལན་བཏབ་པའོ། །དཔེ་བསྟན་ཟིན་ཏོ། །གསུམ་པ་དོན་ལ་སྦྱར་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་ཉིད་དུ་ཞེས་པ་ནས། ཡང་དག་པའི་མཐའ་མངོན་སུམ་དུ་བྱ་ཞེས་པའི་བར་རོ། །གང་ལ་ཡང་གནས་པ་མེད་པའི་ཚུལ་གྱིས་རྣམ་པར་གྲོལ་བ་ཐོབ་པ་དེ་བཞིན་དུ། ཅི་ལ་ཡང་མི་གནས་པ་ཡང་དག་པའི་མཐའ་མངོན་སུམ་དུ་བྱའོ་ཞེས་པའི་དོན་ནོ། །གནས་པ་མེད་པའི་ཚུལ་གྱིས་གྲོལ་བ་ཐོབ་ཚུལ་བསྟན་ཟིན་ཏོ། །གཉིས་པ་གནས་པ་མེད་པར་བསྟན་པ་ལ་རྩོད་པ་སྤང་བ་ལ། དང་པོ་རྩོད་པ་ནི། བཅོམ་ལྡན་འདས་གལ་ཏེ་ལམ་ཡང་མ་མཆིས་ལ། མྱ་ངན་ལས་འདས་པ་ཡང་མ་མཆིས་ན། འོ་ན་ཅིའི་སླད་དུ་ཞེས་པ་ནས། རྫོགས་པའི་སངས་རྒྱས་སོ་ཞེས་བཤད་ཅེས་པའི་བར་ཏེ། ཐོབ་བྱེད་ཀྱི་ལམ་དང༌། ཐོབ་བྱའི་མྱ་ངན་འདས་མེད་ན། འོ་ན་འདི་ནི་རྒྱུད་དུ་ཞུགས་པའོ་ཞེས་པ་ནས། འདི་ནི་དེ་བཞིན་གཤེགས་པའོ་ཞེས་པ་ཅི་ཞེས་རྩོད་པའོ། །དེའི་ལན་ལ་བཞི་སྟེ། འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་དང༌། དོན་དམ་པར་རྒྱུན་ཞུགས་སོགས་སུ་དབྱེར་མི་ནུས་པར་བསྟན་པ་དང༌། ཀུན་རྫོབ་ཏུ་དབྱེ་བ་བསྟན་པ་དང༌། དོན་དམ་པར་དབྱེར་མེད་པའི་འཐད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། འདུས་བྱས་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་པའི་བར་ཏེ། འདུས་མ་བྱས་ནི་བདག་མེད་པ་ཡིན་ལ། དེ་རྟོགས་པས་རབ་ཏུ་ཕྱེ་བའོ་ཞེས་པའི་དོན་ནོ། །གཉིས་པ་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་ན། འདུས་མ་བྱས་ནི་རོ་གཅིག་པས་ཇི་ལྟར་རྒྱུན་ཞུགས་སོགས་སུ་འབྱེད་ཅེས་རྩོད་པའི་ལན་གྱིས་གསུངས་ཏེ། གསོལ་པ་བཅོམ་ལྡན་འདས་ཅི་ལགས་འདུས་མ་བགྱིས་དེ་ཞེས་པ་ནས། རབ་ཏུ་འབྱེད་པ་མ་མཆིས་སམ་ཞེས་པའི་བར་ནི་དྲི་བའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། མེད་མོད་ཀྱི་ཞེས་པའི་བར་རོ། །བཞི་པ་ལ་འཐད་པ་དངོས་དང༌། དེ་ལས་འཕྲོས་པའི་དོན་བསྟན་པའོ། །དང་པོ་ནི། དོན་དམ་པར་ནི་རབ་ཏུ་དབྱེ་བར་མི་ནུས་སོ་ཞེས་པ་ནས། ཕྱི་མའི་མཐར་བཏགས་པ་མ་ཡིན་ཏེ་ཞེས་པའི་བར་ཏེ། ཚིག་གི་སྒོ་ནས་བཏགས་པའི་དབྱེ་བ་ཡང་བྱར་མེད་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་ལ་གསུམ་སྟེ། དོན་དམ་པར་སྔོན་དང་ཕྱི་མའི་མཐའ་མི་དམིགས་པ་དང༌། ཐ་སྙད་དུ་གཉིས་པོའི་དབྱེ་བ་བསྟན་པ་དང༌། ཡུམ་ལ་སྤྱོད་ཚུལ་གྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ། སྔོན་གྱི་མཐའ་ཡང་མི་དམིགས་ན། ཕྱི་མའི་མཐའ་དམིགས་པར་འགྱུར་བ་ལྟ་ག་ལ་ཡོད་དེ་གནས་མེད་དོ་ཞེས་པ་སྟེ། སྔོན་གྱི་མཐའ་འཁོར་བ་ཡང་རང་གི་ངོ་བོས་སྟོང་པས་མི་དམིགས་ན། ཕྱི་མའི་མཐའ་མྱ་ངན་ལས་འདས་པ་ཡང་འཁོར་བ་དང་ངོ་བོ་ཉིད་ཀྱིས་སྟོང་པར་མཚུངས་པས་དམིགས་པར་འགྱུར་བ་ག་ལ་ཡོད། དེས་ན་རྒྱུན་ཞུགས་སོགས་ཀྱི་དབྱེ་བ་ཡང་མེད་དོ་ཞེས་པའི་དོན་ནོ། །གཉིས་པ་ནི། རབ་འབྱོར་སེམས་ཅན་དེ་དག་ཅེས་པ་ནས། འདི་ནི་ཕྱི་མའི་མཐའ་ཞེས་བྱའོ་ཞེས་པའི་བར་རོ། །གསུམ་པ་ནི། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཞེས་པ་ནས། དམིགས་སུ་མེད་དོ་ཞེས་པའི་བར་རོ། །བཞི་པ་ལ་གཉིས་ཏེ། དོན་དངོས་དང༌། ཕན་ཡོན་ནོ། །དང་པོ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། སྤྱོད་པར་བྱ་སྟེ་ཞེས་པའི་བར་རོ། །གཉིས་པ་ནི། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་སྤྱད་ན་ཞེས་པ་ནས། ཆགས་པར་མི་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་ཞི་བའི་ལམ་དངོས་བཤད་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་སོགས་ཀྱིས་བསྟན་པ་དེ་ལ་ཞི་བའི་ལམ་གྱི་སྒྲ་དོན་བཞི་སྟེ། ཆོས་ཐམས་ཅད་ཀྱི་དམ་པ་ཐོབ་པ་དང༌། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱེད་པ་དང༌། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་དང༌། ཡང་དག་པའི་མཐའ་རྟོགས་པའོ། །དང་པོ་ནི། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞིག་བགྱི་བ་ཅིའི་སླད་དུ་ཞེས་པ་ནས། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་པ་ཐོབ་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་ཀྱི་དམ་པ་ནི་སངས་རྒྱས་ཡིན་ལ། དེ་ཉིད་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་གནས་ཤིང༌། དེ་ཐོབ་པའི་ཕྱིར་ཤེར་ཕྱིན་ནོ། །གཉིས་པ་ནི། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་པའི་བར་ཏེ། འདིས་ཆོས་ཐམས་ཅད་ཀྱི་ཕ་རོལ་ན་གནས་པ་སངས་རྒྱས་ཐོབ་པར་བྱེད་པའི་ཕྱིར་ཕ་རོལ་ན་གནས་པ་ཞེས་བྱའོ་ཞེས་པའི་བར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་ཀྱི་མཆོག་དེ་བཞིན་ཉིད་དུ་རྟོགས་པས་འཁོར་འདས་ཀྱི་ཆོས་གང་ལ་ཡང་མི་རྟོག་པས། རྟོག་པ་ལས་འདས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའོ། །བཞི་པ་ནི། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་དེ་བཞིན་ཉིད་ཀྱང་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་ཀྱི་ཕ་རོལ་ན་གནས་པ་ཡང་དག་པའི་མཐའ་རྟོགས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞི་ལམ་ལ་རྟོག་པའི་གཉེན་པོ་བསྟན་ཟིན་ཏོ། །ལྔ་པ་དེ་བཞིན་ཉིད་སོགས་དང་མཚུངས་པར་ལྡན་མི་ལྡན་ཞེས་སོགས་ལ་རྟོག་པའི་གཉེན་པོ་ནི། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་གིས་ཀྱང་ལྡན་པའམ་མི་ལྡན་པའམ་ཞེས་པ་ནས་མཚན་ཉིད་གཅིག་པའོ་ཞེས་པའི་བར་ཏེ། སྔ་མ་ལྡན་མི་ལྡན་སོགས་མ་ཡིན་པར་བསྟན་པ་ནི་མཐའ་གཉིས་ཀྱི་སྤྲོས་པ་དང་བྲལ་བའི་དོན་རྟོགས་པའི་ཡུམ་བསྟན་ལ། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ལྷག་མ་རྣམས་ཀྱིས་ནི། ཡུལ་མཐའ་གཉིས་དང་བྲལ་བའི་འཐད་པ་བསྟན་ཏོ། །དྲུག་པ་མི་མཉམ་པ་ལ་རྟོག་པའི་གཉེན་པོ་ནི། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་ཐམས་ཅད་ཀྱི་སྤོབས་པ་ཐམས་ཅད་དང་ཞེས་པ་ནས། དམིགས་སུ་མེད་པའི་ཕྱིར་ཞེས་པའི་བར་ཏེ། ཆོས་ཐམས་ཅད་རྟོགས་པའི་སྣང་བ་དང་ལྡན་པ་དང༌། མི་མཐུན་ཕྱོགས་ཀྱིས་མི་འཕྲོགས་པ་དང༌། བར་དུ་གཅོད་པར་མི་ནུས་པ་སྟེ་དོན་གསུམ་གྱིས་བསྟན་ཏོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་སྤོབས་པ་དང༌། སྣང་བ་ཐམས་ཅད་བསྐྱེད་པ་སྟེ་ཞེས་པས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདུད་དམ་ཞེས་པ་ནས། མི་འཕྲོགས་པ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། གཅོད་པར་མི་ནུས་སོ་ཞེས་པའི་བར་རོ། །དེ་དག་ཐམས་ཅད་ཀྱི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དམིགས་སུ་མེད་པའི་ཕྱིར་ཏེ་ཞེས་པའི་བར་རོ། །རྟོག་པའི་གཉེན་པོ་ལ་སློབ་ཚུལ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། འདིའི་དོན་ལ་སྤྱད་པར་བྱའོ་ཞེས་པའི་བར་ཏེ། གོང་དུ་བསྟན་པའི་རྟོག་པའི་གཉེན་པོ་ཐམས་ཅད་ཀྱི་མཇུག་ཏུ་སྦྱར་རོ། །སྡུག་བསྔལ་ལ་སོགས་པ་ལ་རྟོག་པའི་གཉེན་པོ་ལ་གཉིས་ཏེ། གཉེན་པོ་བསྟན་པ་དང༌། གཉེན་པོ་ལ་སློབ་ཚུལ་ལོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་འདིའི་དོན་ལ་སྤྱོད་པས་མི་རྟག་པའི་དོན་ལ་སྤྱད་པར་བྱའོ་ཞེས་པ་ནས། སྒྲ་ཇི་བཞིན་པའི་དོན་ལ་སྤྱད་པར་བྱའོ་ཞེས་པའི་བར་ཏེ། སྤྱད་པར་བྱ་བ་བཅུ་བཞི་ལ་སློབ་པས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། སྤྱད་པར་བྱའོ་ཞེས་པའི་བར་རོ། །ཉོན་མོངས་པའི་རང་བཞིན་ལ་རྟོག་པའི་གཉེན་པོ་ལ། རྩོད་པ་འགོད་པ་དང༌། དེའི་ལན་ནི། དང་པོ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། མི་དམིགས་ན་ཞེས་པའི་བར་ནི་ཁས་བླངས་བརྗོད་པའོ། །འོ་ན་ཇི་ལྟར་ཞེས་པ་ནས། སྤྱད་པར་བགྱི་ཞེས་པའི་བར་ནི་ཐལ་འགྱུར་འགོད་པའོ། །གཉིས་པ་ལ་བཞི་སྟེ། དོན་དང་དོན་མ་ཡིན་པ་ཐ་དད་དུ་རྟོག་པ་བསལ་བ་དང༌། མཐའ་གཉིས་སྤངས་པ་དེ་བཞིན་ཉིད་ཀྱི་ཚུལ་ལ་སློབ་པར་བྱ་བ་དང༌། ཡུམ་མཐའ་གཉིས་སུ་མི་རྟོག་པའི་རང་བཞིན་དུ་བསྟན་པ་དང༌། ཁས་བླངས་འགལ་བ་སྤང་བའོ། །དང་པོ་ནི། དོན་དངོས་དང་འཐད་པ་གཉིས་ཀྱི་བསྟན་ཏོ། །དེའི་དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་སེམས་ཆེན་པོ་ཡུམ་གྱི་དོན་ཟབ་མོ་འདི་ལ་སྤྱོད་པས་འདི་ལྟར་སྤྱད་པར་བྱ་སྟེ། འདོད་ཆགས་བདག་གི་དོན་ཞེས་སམ་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ་ཞེས་པའི་བར་ཏེ། གཟུགས་ནས་བླ་མེད་བྱང་ཆུབ་ཀྱི་བར་བདག་གི་དོན་སྒྲུབ་བྱེད་དང༌། སྒྲུབ་བྱེད་མ་ཡིན་པར་རྟོག་པའི་ཚུལ་དུ་མི་སྤྱད་ཅེས་པའི་དོན་ནོ། །དོན་དང་དོན་མ་ཡིན་པ་གཉིས་ཀྱི་ཚུལ་དུ་མི་སྤྱད་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་སྦྱར་ཏེ། རབ་འབྱོར་དེ་ནི་འདི་ལྟར་ཞེས་པ་ནས། མི་དམིགས་སོ་ཞེས་པའི་བར་དུ་དོན་དང་དོན་མ་ཡིན་པ་གཉིས་སངས་རྒྱས་ཀྱིས་མ་གཟིགས་མི་དམིགས་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་ནི། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་ཞེས་པ་ནས། སྤྱད་པར་བྱའོ་ཞེས་པའི་བར་རོ། །གསུམ་པ་ལ། དོན་དང་དོན་མ་ཡིན་པ་གཉིས་སུ་མི་རྟོག་པ་དང༌། དེ་ཉིད་དཔེའི་སྒོ་ནས་གསལ་བར་མཛད་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་པ་ནས། དོན་མ་ཡིན་པར་བྱེད་པ་ཡང་མ་ཡིན་ནོ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས་ཏེ། དོན་བཤད་པ་དང༌། དཔེ་དོན་སྦྱར་བའི། དང་པོ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་འོ་ན་འདུས་མ་བགྱིས་ཞེས་པ་ནས། དོན་མ་ལགས་སམ་ཞེས་པའི་བར་ཏེ། ཡུམ་འདིས་འདུས་མ་བྱས་མྱ་ངན་ལས་འདས་པ་ཐོབ་པར་བགྱི་བ་མ་ལགས་སམ་ཞེས་པ་ནི་དྲི་བའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཉེ་བར་གནས་པ་མ་ཡིན་ནོ་ཞེས་པའི་བར་ཕྲེང་གཅིག་གོ །གཉིས་པ་དེ་ཉིད་དཔེའི་སྒོ་ནས་སྟོན་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། ཉེ་བར་གནས་པ་མ་ཡིན་ནོ་ཞེས་པའི་བར་རོ། །བཞི་པ་ལ་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་འོ་ན་ཞེས་པ་ནས། ཐོབ་པར་མི་བགྱིད་དམ་ཞེས་པས་ཏེ། ཡུམ་རྣམ་མཁྱེན་བསྐྱེད་བྱེད་མ་ཡིན་ནམ་ཞེས་རྩོད་པའོ། །དེའི་ལན་ནི། ཐ་སྙད་དུ་ཁྱོད་ཀྱིས་འདོད་པ་ལྟར་རྣམ་མཁྱེན་ཐོབ་བྱེད་ཡིན་ནོ་ཞེས་ལན་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། ཐོབ་པར་བྱེད་དེ་གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་པའི་བར་ཏེ། ཡུམ་ལ་བསླབ་ན་རྣམ་མཁྱེན་ཐོབ་པར་བྱེད་མོད་ཀྱི། ཕན་གདགས་བྱ་དང་འདོགས་བྱེད་གཉིས་སུ་བདེན་པར་གྲུབ་པའི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་པའི་དོན་ནོ། །ཉོན་མོངས་པའི་རང་བཞིན་ལ་རྟོག་པའི་གཉེན་པོ་བསྟན་ཟིན་ཏོ། །གཉིས་སུ་མེད་པ་ལ་རྟོག་པའི་གཉེན་པོ་ལ། དང་པོ་སྤང་བྱ་རྟོག་པ་ངོས་བཟུང་བ་ནི། གཉིས་སུ་མ་མཆིས་པའི་དོན་བདེན་པ་བ་ཡོད་པར་རྟོག་པའོ། །སྤོང་བྱེད་གཉེན་པོ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་གཉིས་སུ་མ་མཆིས་པའི་ཆོས་ཞེས་པ་ནས། མི་དམིགས་པས་ཀྱང་ཐོབ་པར་མི་འགྱུར་ཞེས་པའི་བར་ཏེ། དེ་ལ་དང་པོ་དྲི་བ་དགོད་པ་ནི། ཐོབ་བྱེད་གཉིས་སུ་མ་མཆིས་པའི་ཆོས་ཀྱིས་ཐོབ་བྱ་གཉིས་སུ་མ་མཆིས་པའི་ཆོས་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་ཐོབ་པར་བགྱིད་དམ་ཞེས་པ་སྟེ། མ་ཡིན་ནོ་ཞེས་པའི་ལན་གྱིས་དེ་ཡང་བཀག་གོ །ཡང་དམིགས་ཀྱི་ངོ་བོ་ཉིད་ཀྱིས་གྲུབ་པའི་བྱང་ཆུབ་སེམས་དཔས། དམིགས་ཀྱི་ངོ་བོ་ཉིད་དུ་གྲུབ་པའི་ཤེར་ཕྱིན་ཐོབ་པར་བགྱིས་ལགས་སམ་ཞེས་འདྲི་བ་ནི། འོ་ན་གཉིས་ཀྱི་ཆོས་ཞེས་པ་ནས་ལགས་སམ་ཞེས་པའི་བར་རོ། །དེ་ཡང་མ་ཡིན་ནོ་ཞེས་པའི་ལན་གྱིས་བཀག་གོ །འོ་ན་ཇི་ལྟར་ཐོབ་སྙམ་པའི་དོགས་པ་ནི། གསོལ་པ་འོ་ན་ཇི་ལྟར་བསྟན་པས་ཐོབ་པར་འགྱུར་ཞེས་པས་བསྟན་ཏོ། །གཉིས་དང་གཉིས་སུ་མེད་པའི་ཆོས་གང་ཡང་མ་དམིགས་ན། ཐོབ་བོ་ཞེས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་གཉིས་ཀྱི་ཆོས་མས་ཞེས་པ་ནས། ཐོབ་པར་འགྱུར་རོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། མི་དམིགས་པ་ནི་ཐོབ་པ་སྟེ་ཞེས་པས་བསྟན་པ་མི་དམིགས་གོམས་པ་མཐའ་ཕྱིན་པ་ན་ཐོབ་ཅེས་པའི་དོན་ནོ། །དམིགས་པ་དང་མི་དམིགས་པ་ཆོས་བདེན་པ་བ་ཡོངས་སུ་འཛིན་པས་ནི་མི་ཐོབ་པ་ཞེས་པ་ནས། དེ་ནི་དམིགས་པས་ཀྱང་ཐོབ་པར་མི་འགྱུར། མ་དམིགས་པས་ཀྱང་ཐོབ་པར་མི་འགྱུར་རོ་ཞེས་པའི་བར་བསྟན་ཏོ། །ཞུ་བ་མང་པོའི་ལེའུ་སྟེ་ལྔ་བཅུ་རྩ་གསུམ་པ་རྣམ་པར་བཤད་པའོ།།  ༈ ལྔ་བཅུ་རྩ་བཞི་པ་སྒོམ་ལམ་གྱི་བྱེད་པ་སོགས་སྟོན་པའི་བཤད་པ། ད་སྒོམ་ལམ་གྱི་བྱེད་པ་སྟོན་པ་ལ་ལྔ་སྟེ། རྟོགས་བྱའི་ཤེར་ཕྱིན་ཟབ་པར་བསྟན་པ་དང༌། རྟོགས་པ་པོའི་བྱང་སེམས་ཀྱི་བྱ་བའི་ཁྱད་པར་བསྟན་པ་དང༌། རྒྱུ་མཚན་གྱི་སྒོ་ནས་དེ་བཞིན་གཤེགས་པ་ཉིད་དུ་བསྟན་པ་དང༌། ཡོན་ཏན་གྱི་རྣམ་པའི་རྟེན་བྱེད་ཚུལ་དང༌། རྟེན་སྒོམ་པའི་ལམ་ལ་གནས་པ་པོའི་བསྔགས་པ་བརྗོད་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། ཟབ་བོ་ཞེས་པའི་བར་ཏེ། བསྒོམ་སྤང་གི་གཉེན་པོའི་ཡུམ་ཟབ་པར་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་པ་དང༌། ཅུང་ཟད་རྒྱས་པར་བཤད་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཞེས་པ་ནས། དཀའ་བ་བགྱིད་པ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ། རྣམ་པ་གང་གིས་བྱང་ཆུབ་ཏུ་ཞུགས་པ་དང༌། བྱང་ཆུབ་ཏུ་ཞུགས་པའི་བྱ་བ་དཔེས་བསྟན་པའོ། །དང་པོ་ནི། སེམས་ཅན་ཞེས་བགྱི་བའམ་ཞེས་པ་ནས། ཞུགས་སོ་ཞེས་པའི་བར་ཏེ། སེམས་ཅན་དང་སེམས་ཅན་དུ་བཏགས་པ་མི་དམིགས་པར་རྟོགས་པའི་སྒོ་ནས་བྱང་ཆུབ་ཏུ་ཞུགས་སོ་ཞེས་པའི་དོན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ནམ་མཁའ་མ་མཆིས་པ་ལ། ལྗང་བུ་བསྐྱེད་པར་འཚལ་བ་དེ་བཞིན་དུ་ཞེས་པ་ནས། ཡོས་སུ་འགྲོལ་པའི་དཀའ་བ་བྱེད་པའོ་ཞེས་པའི་བར་ཏེ། གཟུགས་བརྙན་གྱི་དངོས་པོར་མ་གྲུབ་པའི་ནམ་མཁའ་གོ་ཕྱེ་ནས། ལྗང་བུ་སྐྱེད་པར་འཚལ་བ་དེ་བཞིན་དུ། ཆོས་ཐམས་ཅད་མ་དམིགས་པར་རྟོགས་པའི་སྒོ་ནས། རྣམ་མཁྱེན་བསྐྱེད་པར་བྱ་ཞེས་པ་སྟེ། རབ་འབྱོར་གྱི་ཚིག་གིས་བསྟན་ཏོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ་བཟླས་ཏེ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དཀའ་བ་བྱེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་རྒྱས་པར་བཤད་པ་ལ། དཔེ་བསྟན་པ་དང༌། དོན་བཤད་པ་དང༌། དཔེ་དོན་སྦྱར་ནས་བཤད་པ་དང༌། ཞར་ལ་སེམས་དོན་གཉིས་དང་ལྡན་པར་བསྟན་པའོ། །དང་པོ་ནི། ལྗོན་ཤིང་གིས་ལོ་འབྲས་སྔར་མ་དམིགས་པ་མྱུ་གུ་ནས་འབྲས་བུའི་བར་དུ་རིམ་གྱིས་བསྐྱེད་པ་སེམས་ཅན་རྣམས་ཀྱིས་ཉེ་བར་སྤྱོད་པའི་གཞིར་གྱུར་པའི་དཔེ་བསྟན་པ་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་ལྗང་བུ་བསྐྱེད་པར་འདོད་ལ་ཞེས་པ་ནས། འབྲས་བུ་ལ་སྤྱོད་པ་དེ་བཞིན་དུ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི་བྱང་སེམས་ཆེན་པོ་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། ཕར་ཕྱིན་དྲུག་ལ་རིམ་གྱིས་སྤྱོད་ཅིང༌། རྣམ་མཁྱེན་གྱི་བར་དུ་ཐོབ་པར་བྱེད་པ་སེམས་ཅན་ཀུན་གྱི་ཉེ་བར་འཚོ་བར་འགྱུར་བ་སྟེ། བྱང་སེམས་ཆེན་པོ་རྣམས་ཀྱང་ཞེས་པ་ནས། ཉེ་བར་འཚོ་བར་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་ལ་ལོ་མ་དང་སྦྱར་བའི་དཔེ་དོན་ནི། རབ་འབྱོར་དེ་ལ་ལོ་མ་ནི་ཞེས་པ་ནས། ཡོངས་སུ་འགྲེས་པའོ་ཞེས་པའི་བར་རོ། །མེ་ཏོག་དང་སྦྱར་པའི་དཔེ་དོན་ནི། མེ་ཏོག་ནི་བྱང་སེམས་ཆེན་པོ་ལ་བརྟེན་ཅིང་ཞེས་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷར་སྐྱེའོ་ཞེས་པའི་བར་རོ། །འབྲས་བུ་དང་སྦྱར་བའི་དཔེ་དོན་ནི། འབྲས་བུ་ནི་བྱང་སེམས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཞེས་པ་ནས། འབྲས་བུ་ལ་ཉེ་བར་འཚོ་ཞིང༌། ཉེ་བར་འཚོ་བར་འགྱུར་བ་དང་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ལ་དང་པོ་གཞན་དོན་དང་ལྡན་པར་བསྟན་པ་ནི། གང་ལ་ཡོན་ཕུལ་བ་ཡང་རིམ་གྱིས་ཐེག་པ་གསུམ་གྱིས་མྱ་ངན་ལས་འདའ་བའི་དོན། སེམས་ཅན་དང་སེམས་ཅན་དུ་གདགས་པ་ཡང་མ་དམིགས་ཀྱང༌། སེམས་ཅན་ཐམས་ཅད་སེམས་ཅན་དུ་འཛིན་པའི་འཆིང་བ་ལས་གྲོལ་བར་མཛད་པ་སྟེ། དེ་ལ་གང་གིས་ཡོན་ཕུལ་བ་དེ་དག་ཀྱང་ཞེས་པ་ནས། ཡོངས་སུ་འགྲེལ་པ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་རང་དོན་དང་ལྡན་པ་ནི། སེམས་ཅན་གྱི་ཆེད་དུ་ཕར་ཕྱིན་དྲུག་ལ་སྤྱོད་ཅིང་རྣམ་མཁྱེན་ཐོབ་པར་བྱའོ་ཞེས་སེམས་བསྐྱེད་ཀྱང༌། གང་གི་ཆེད་དུ་བྱ་བའི་ཡུལ་སེམས་ཅན་གྱི་འཛིན་པ་མི་དམིགས་པ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། སེམས་ཅན་དུ་གདགས་པ་གང་ཡང་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་རྒྱུ་མཚན་གྱི་སྒོ་ནས་དེ་བཞིན་གཤེགས་པ་ཉིད་དུ་བསྟན་པ་ལ། སངས་རྒྱས་ཀྱི་མཛད་པ་བྱེད་པས་དེ་བཞིན་གཤེགས་པར་བསྟན་པ་དང༌། དེ་བཞིན་ཉིད་རྟོགས་པས་དེ་བཞིན་གཤེགས་པར་བསྟན་པའོ། །དང་པོ་ལ། དམ་བཅའ་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། རིག་པར་བགྱིའོ་ཞེས་པའི་བར་གྱིས་བསྟན་ཏོ། །འཐད་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་སོགས་ཀྱིས་བསྟན་ཏོ། །འདི་ལ་ཡང་གཉིས་ཏེ། སྡུག་བསྔལ་གཅོད་ཅིང་བདེ་བ་བསྐྱེད་པའི་རྒྱུ་བསྟན་པ་དང༌། མངོན་མཐོ་དང་ངེས་ལེགས་ཀྱི་མེད་ན་མི་འབྱུང་བའི་རྒྱུ་བསྟན་པའོ། །དང་པོ་ལ་རབ་འབྱོར་གྱི་ཚིག་གིས་བསྟན་པ་ནི། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཏེ་ཞེས་པ་ནས། གཟུགས་མེད་པའི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། འཁོར་རྣམས་ཡིད་ཆེས་པར་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་གལ་ཏེ་བྱང་སེམས་ཆེན་པོ་མེད་ན་ཞེས་པ་ནས། གཟུགས་མེད་པའི་ཁམས་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས་ཏེ། དམ་བཅའ་བ་དང༌། འཐད་པའོ། །དང་པོ་ནི། རབ་འབྱོར་དེ་བས་ན་གང་འདི་སྐད་དུ་ཞེས་པ་ནས། དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེས་སོགས་ཀྱིས་བསྟན་ཏོ། །འདི་ལ་གསུམ་སྟེ། དེ་བཞིན་ཉིད་ཆོས་ཐམས་ཅད་ཀྱི་གདགས་གཞིར་བསྟན་པ་དང༌། དེ་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པར་བསྟན་པ་དང༌། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པར་གདགས་པ་དང་ཞེས་པ་ནས། དེ་བཞིན་ཉིད་གང་གིས་འདུས་མ་བྱས་ཀྱི་ཁམས་ཐམས་ཅད་ཀྱི་བར་དུ་གདགས་པ་དེ་ཐམས་ཅད་ཀྱང་དེ་ཁོ་ན་བཞིན་ཏེ། དེ་བས་ན་དེ་བཞིན་ཉིད་ཅེས་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་རྣམ་གྲངས་དེས་ན་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་རོ། །བཞི་པ་ཡོན་ཏན་གྱི་རྣམ་པའི་རྟེན་བྱེད་ཚུལ་ལ། དེ་བཞིན་ཉིད་ལ་བརྟེན་པས་ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་བའི་ཚུལ་དང༌། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་སེམས་བསྐྱེད་ལ་འཇུག་པར་གདམས་པའོ། །དང་པོ་ནི། རབ་འབྱོར་དེ་ལྟར་བྱང་སེམས་ཆེན་པོ། དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ་ཞེས་པ་ནས། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་འོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། སེམས་བསྐྱེད་དུ་གཞུག་པར་བྱའོ་ཞེས་པའི་བར་རོ། །ལྔ་པ་རྟེན་སྒོམ་ལམ་ལ་གནས་པའི་བསྔགས་པ་བརྗོད་པ་ལ། རབ་འབྱོར་གྱི་ཚིག་གིས་བསྟན་པ་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། ཕྱག་བགྱི་བར་འོས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ཉིད་བསྟན་པར་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། ཕྱག་བྱ་བར་འོས་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་འདི་ཉིད་མངོན་པར་རྟོགས་པའི་རྒྱན་ལས། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིངས་ལོན་ནས་དབུགས་ཕྱིན་ལྟར། །ཞེས་པ་ནས། སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་བརྟེན་པར་བྱེད། །ཅེས་གསུངས་ཏེ། ཚིག་རྐང་པ་དང་པོ་གཉིས་བྱམས་པས་ཁ་བསྐང་བར་མཛད་དོ། །བར་ཆད་མེད་པའི་རྩེ་སྦྱོར་སྟོན་པ་ལ་གཉིས་ཏེ། རང་གི་ངོ་བོ་སྟོན་པ་དང༌། ཁྱད་པར་བྱེད་ཆོས་སྟོན་པའོ། །དང་པོ་ལ་གསུམ་སྟེ། རྒྱུ་སེམས་བསྐྱེད་དང་པོ་དང་ལྡན་པ་ཁྱད་པར་དུ་འཕགས་པ་དང༌། ངོ་བོ་བྱང་ཆུབ་ལ་ཞུགས་པ་ཁྱད་པར་དུ་འཕགས་པ་དང༌། འབྲས་བུ་རྣམ་མཁྱེན་ཁྱད་པར་དུ་འཕགས་པར་བསྟན་པའོ། །དང་པོ་ལ། སྤྱིར་ཉན་རང་གི་ཐེག་པ་བ་ལས་ཁྱད་པར་དུ་འཕགས་པ་དང༌། ས་རྣམ་པར་ཕྱེ་སྟེ་སོ་སོ་ལས་ཁྱད་པར་དུ་འཕགས་པའོ། །དང་པོ་ལ་དྲི་བ་འགོད་པ་ནི། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་དང་ལྡན་པ་ཞེས་པ་ནས། བསོད་ནམས་ཅི་ཙམ་ཞིག་འཕེལ་བར་འགྱུར་ཞེས་པའི་བར་རོ། །གཉིས་པ་ལན་ལ་གཉིས་ཏེ། ཉན་རང་གི་ཐེག་པ་བ་ཙམ་ལས་ཁྱད་པར་དུ་འཕགས་པ་དང༌། ཐེག་པའི་ཡོན་ཏན་དང་ལྡན་པ་ལས་ཁྱད་པར་དུ་འཕགས་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་དང་འཐད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཅེས་པ་ནས། རྒྱུར་ཡང་མི་བཟོད་དོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ་ཞེས་པའི་བར་རོ། །གཉིས་པ་ལ་ཁྱད་པར་དུ་འཕགས་པར་བསྟན་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཅེས་པ་ནས། རྒྱུར་ཡང་མི་བཟོད་དོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མ་ཡིན་ནོ་ཞེས་པའི་བར་རོ། །གཉིས་པ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལས་ཁྱད་པར་དུ་འཕགས་པར་བསྟན་པ་དང༌། དེའི་འཐད་པ་བསྟན་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ཡོན་ཏན་དང་ལྡན་པར་འགྱུར་བ་དང༌། རང་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པར་འགྱུར་བ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཀྱང་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པར་གྱུར་ཀྱང་ཞེས་པ་ནས། མ་ཡིན་ནོ་ཞེས་པའི་བར་རོ། །དཀར་པོ་རྣམ་པར་མཐོང་བའི་ས་ནི་ཚོགས་ལམ་དུ་བཤད་དོ། །འོ་ན་སྔར་ཉན་རང་གི་ཐེག་པ་བ་དང༌། དེ་དག་གི་ཡོན་ཏན་དང་ལྡན་པར་བཤད་པ་ལས། དཀར་པོ་རྣམ་པར་མཐོང་བའི་ས་ལ་བཀོད་པ་བསོད་ནམས་ཆེས་མང་བའི་དཔེར་བཤད་པ་ནི་མི་འཐད་དོ་ཞེ་ན། སྔ་མ་ནི་ལམ་ལ་ཞུགས་ཙམ་དང༌། ཡོན་ཏན་ཅུང་ཟད་དང་ལྡན་པའི་དབང་དུ་བྱས་ལ། འདི་དཀར་པོ་རྣམ་པར་མཐོང་བའི་ས་ཡོངས་སུ་རྫོགས་པའི་དབང་དུ་བྱས་པས་ཉེས་པ་མེད་དོ། །རིགས་ཀྱི་ས་ལ་གནས་པ་ལས་ཁྱད་པར་དུ་འཕགས་པ་འཐད་པ་དང་བཅས་པ་དང༌། བརྒྱད་པའི་ས་ལས་ཁྱད་པར་དུ་འཕགས་པ་འཐད་པ་དང་བཅས་པ་དང༌། མཐོང་བའི་ས་ལས་ཁྱད་པར་དུ་འཕགས་པ་འཐད་པ་དང་བཅས་པ་དང༌། འདོད་ཆགས་དང་བྲལ་བའི་ས་ལས་ཁྱད་པར་དུ་འཕགས་པ་འཐད་པ་དང་བཅས་པ་དང༌། བྱས་པ་རྟོགས་པའི་ས་ལས་ཁྱད་པར་དུ་འཕགས་པ་འཐད་པ་དང་བཅས་པ་དང༌། རང་སངས་རྒྱས་ཀྱི་ས་ལས་ཁྱད་པར་དུ་འཕགས་པ་འཐད་པ་དང་བཅས་པ་བསྟན་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པར་འགྱུར་བ་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རིགས་ཀྱི་ས་ལ་གནས་པར་འགྱུར་ཀྱང་ཞེས་པ་ནས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་རང་སངས་རྒྱས་རྣམས་ཏེ། རང་སངས་རྒྱས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །མངོན་པར་རྟོགས་པའི་རྒྱན་ལས། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོགས་པ་ཕུན་ཚོགས་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །ཞེས་གསུངས་སོ། །བར་ཆད་མེད་རྩེའི་རང་གི་ངོ་བོ་ཁྱད་པར་དུ་འཕགས་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ་ཞུགས་པ་ལས་ཀྱང་ཁྱད་པར་དུ་འཕགས་པར་བསྟན་པ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཀྱི་ས་ལ་གནས་པ་ལྟ་ཞོག་གི་ཞེས་པ་ནས། རྒྱུར་ཡང་མི་བཟོད་དོ་ཞེས་པའི་བར་རོ། །འདི་དང་ཕྱི་མ་གཉིས་ལ་འཐད་པ་མ་གསུངས་སོ། །དོན་འདི་ཉིད་རྒྱན་ལས། བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །ཞེས་གསུངས་སོ། །འབྲས་བུ་ཁྱད་པར་དུ་འཕགས་པར་བསྟན་པ་ནི། བྱང་ཆུབ་ཏུ་ཞུགས་པ་ལས་ཀྱང་རྫོགས་པའི་སངས་རྒྱས་བསོད་ནམས་མང་བར་བསྟན་པ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་ཞེས་པ་ནས། རྒྱུར་ཡང་མི་བཟོད་དོ་ཞེས་པའི་བར་གྱིས་བསྟན་པ་སྟེ། རྒྱན་ལས་ཀྱང༌། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་གསུངས་སོ། །གཉིས་པ་འབྲས་བུའི་ཁྱད་པར་གྱི་ཆོས་སྟོན་པ་ལ། རྣམ་མཁྱེན་གྱི་ཁྱད་པར་གྱི་ཆོས་བསྟན་པ་དང༌། རྣམ་མཁྱེན་ཐོབ་པའི་གེགས་ལོག་རྟོག་བསལ་བའོ། །དང་པོ་ལ། མཚམས་སྦྱར་བ། དྲི་བ་དགོད་པ། ལན་བཤད་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ཡིད་ལ་བྱའོ་ཞེས་པའི་བར་ཏེ། གོང་དུ་སེམས་དང་པོ་བསྐྱེད་པ་ཉན་རང་ལས་ཁྱད་པར་དུ་འཕགས་པར་བསྟན་ན། དེས་དང་པོ་སེམས་བསྐྱེད་པའི་དུས་སུ། ཆེད་དུ་བྱ་བའི་དམིགས་པ་ཅི་ལྟ་བུ་ཞིག་ཡིད་ལ་བགྱི་ཞེས་དྲི་བ་བཀོད་ནས། ལན་ལ་རྣམ་མཁྱེན་ཡིད་ལ་བྱའོ་ཞེས་བསྟན་ཏེ། རྣམ་མཁྱེན་ཐོབ་པར་དོན་དུ་གཉེར་བའི་ཕྱིར་རོ་ཞེས་དགོངས་སོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མཚན་ཉིད་ཇི་ལྟ་བ་ཞིག་མཆིས་ཞེས་པའི་བར་ཏེ་དྲི་བ་བཀོད་དོ། །ལན་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། འབྱུང་བ་མེད་པ་སྟེ་ཞེས་པའི་བར་ནི། དྲི་བ་དང་པོའི་ལན་ནོ། །རབ་འབྱོར་གང་ཡང་འདི་སྐད་དུ་ཞེས་པ་ནས། དམིགས་པ་མེད་པ་སྟེ་ཞེས་པའི་བར་གྱིས་དམིགས་པ་བསྟན་ཏོ། །དྲན་པས་དབང་བསྒྱུར་བ་ཞེས་པས་ནི་བདག་པོའི་རྐྱེན་བསྟན་ཏོ། །ཞི་བའི་རྣམ་པ་ཞེས་པས་རྣམ་པ་བསྟན་ཏེ། དྲི་བ་གསུམ་པའི་ལན་ནོ། །མཚན་ཉིད་མེད་པ་ཡིན་ཏེ་ཞེས་པས་ནི་དྲི་བ་བཞི་པའི་ལན་བསྟན་ཏོ། །འདི་དག་གིས་དོན་བསྟན་ནས་མིང་གི་ཐ་སྙད་དང་སྦྱར་བ་ནི། རབ་འབྱོར་འདི་ནི་ཞེས་པ་ནས། འདི་ནི་མཚན་ཉིད་དོ་ཞེས་པའི་བར་རོ། །གཉིས་པ་རྣམ་མཁྱེན་ཐོབ་པའི་གེགས་ལོག་རྟོག་བསལ་བ་ལ་བཅུ་དྲུག་ཡོད་པ་ལས། དང་པོ་དམིགས་པ་འཐད་པ་ལ་ལོག་པར་རྟོག་པ་བསལ་བ་ལ་གཉིས་ཏེ། ལོག་པར་རྟོག་པའི་ཚུལ་དང༌། སེལ་བྱེད་ཀྱི་ལན་ནོ། །དང་པོ་ནི། སྔར་དྲི་བ་དང་པོའི་ལན་དུ། རྣམ་མཁྱེན་ནི་དངོས་པོ་མེད་པའོ་ཞེས་བཤད་པ་ན། རྣམ་མཁྱེན་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ། གཟུགས་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང༌། བྱམས་པ་ཆེན་པོ་སོགས་བཞི་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས་ཞེས་དྲི་བ་སྟེ། གསོལ་པ་བཅོམ་ལྡན་འདས་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ་ཞེས་པ་ནས། འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལན་ལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། དངོས་པོ་མེད་པ་ཉིད་དམིགས་པར་བསྟན་པ་དང༌། འཐད་པའི་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། རྣམ་མཁྱེན་དང་གཟུགས་ནས་འདུས་མ་བྱས་ཀྱི་ཁམས་ཀྱི་བར་དུ་བདེན་པའི་དངོས་པོ་མེད་པར་བསྟན་ནས། དེ་ཉིད་རྣམ་མཁྱེན་གྱི་དམིགས་པ་དོན་གྱིས་འཕེན་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མེད་པའོ། །གཟུགས་ཀྱང་དངོས་པོ་མེད་པའོ་ཞེས་པ་ནས། འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར་དེ་ནི་འདི་ལྟར་ཞེས་པ་ནས། དེ་ནི་དངོས་པོ་མེད་པའོ་ཞེས་པའི་བར་ཏེ། བདེན་པའི་དངོས་པོ་མེད་དེ་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་པ་ནས། རབ་འབྱོར་དེས་ཀྱང་འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་པའི་བར་གྱིས་བསྟན་ཏེ། ཐ་སྙད་དུ་འདུས་པ་ཙམ་ལ་གདགས་པའི་ཕྱིར་དང༌། དོན་དམ་པར་སྟོང་པ་ཉིད་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །ལོག་རྟོག་དང་པོ་བསལ་ཟིན་ཏོ། །ལོག་རྟོག་གཉིས་པ་དམིགས་པའི་ངོ་བོ་ཉིད་ལ་ལོག་པར་རྟོག་པ་སེལ་བ་ལ། ལོག་པར་རྟོག་པའི་ཚུལ་དང༌། སེལ་བྱེད་ཀྱི་ལན་དང༌། བསལ་བའི་བྱེད་པ་བསྟན་པའོ། །དང་པོ་ལ་གང་ལ་རྩོད་པའི་ཡུལ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བསྟན་མ་ཐག་གོ །རྩོད་པའི་ཚུལ་ལ། གསོལ་པ་ཞེས་པ་ནས། མ་མཆིས་པའི་ངོ་བོ་ཉིད་གང་ལགས་ན་ཞེས་པའི་བར་གྱིས་ནི་ཁས་བླངས་རྗེས་སུ་བརྗོད་དོ། །འོ་ན་བྱང་སེམས་ཆེན་པོ་སེམས་དང་པོ་བསྐྱེད་པ་ཐབས་གང་དང་ལྡན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས་ཞེས་པའི་བར་ཏེ། ཆོས་ཐམས་ཅད་ལ་ངོ་བོ་ཉིད་མ་མཆིས་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་ཡོངས་སུ་སྨིན་པའི་དོན་དུ། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་ཡོངས་སུ་སྤྱོད་པ་མེད་པར་ཐལ་བར་འགྱུར་རོ། །ཞེས་པའི་དོན་ནོ། །གཉིས་པ་ལན་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་ནས་གོམས་པར་བྱེད་ཅིང༌། དེའི་སྒོ་ནས་སངས་རྒྱས་ཀྱི་ཞིང་སྦྱོང༌། སེམས་ཅན་སྨིན་པར་བྱས་པས་ན། ཇི་སྐད་དུ་བཤད་པའི་ཉེས་པ་དེ་དག་མེད་དོ་ཞེས་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡོངས་སུ་འདྲིས་པར་བྱེད་ཅིང་ཞེས་པ་ནས་བྱང་ཆུབ་ཀྱི་ལམ་དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ཞེས་པའི་བར་གྱིས་བསྟན་ཏོ། །དུས་ཅི་ཙམ་གྱི་བར་དུ་ལམ་ལ་འདྲིས་པར་བྱེད་ཅིང་ཕར་ཕྱིན་དྲུག་ལ་སྤྱོད་ཅེ་ན། ཇི་སྲིད་རྣམ་མཁྱེན་མ་ཐོབ་ཀྱི་བར་དུ་ལམ་ལ་འདྲིས་པར་བྱེད་ཅིང༌། ཕར་ཕྱིན་དྲུག་ལ་སྤྱོད་ཅེས་སྟོན་པ་ནི། ནམ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པར་མ་གྱུར་པ་དེའི་བར་དུ་བྱང་ཆུབ་ཀྱི་ལམ་དེ་ལ་ཡོངས་སུ་འདྲིས་པར་བྱེད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ལ་གཉིས་ཏེ། ལམ་སྒོམ་པར་བྱེད་པ་དང༌། སྒོམས་པའི་འབྲས་བུའོ། །དང་པོ་ནི། རབ་འབྱོར་དེ་ནི་ཞེས་པ་ནས། རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས་ཞེས་པ་ནས། ཡོངས་སུ་སྤོང་བར་འགྱུར་ཏེ་ཞེས་པའི་བར་རོ། །གསུམ་པ་རྣམ་མཁྱེན་གྱི་ཡེ་ཤེས་ལ་ལོག་པར་རྟོག་པ་བསལ་བ་ལ། རྩོད་པ་ཁོང་ནས་བསླང་བ་ནི། རྣམ་མཁྱེན་གྱི་ཡེ་ཤེས་མི་འཐད་པར་འགྱུར་ཏེ། རྟོགས་བྱའི་དངོས་པོ་དང་དངོས་པོ་མེད་པ་མི་དམིགས་པའི་ཕྱིར་རོ་ཞེ་ན། གཉིས་པ་ལན་ལ་ཡེ་ཤེས་འཐད་པ་དང༌། ཡེ་ཤེས་ཀྱི་རྒྱུ་བསྟན་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དེ་སངས་རྒྱས་ཀྱི་སྤྱན་གྱིས་ཞེས་པ་ནས། ལྟ་སྨོས་ཀྱང་མི་སྨོས་སོ་ཞེས་པའི་བར་ཏེ། སངས་རྒྱས་ཀྱི་སྤྱན་གྱིས་བལྟས་པ་ན། ངོ་བོ་ཉིད་འགའ་ཡང་མ་དམིགས་པའི་དོན་རྟོགས་པ་ཉིད་ཡེ་ཤེས་སུ་འཐད་དོ་ཞེས་པའི་དོན་ནོ། །གཉིས་པ་ལ་གཉིས་ཏེ། རབ་འབྱོར་གྱི་ཚིག་གིས་བསྟན་པ་དང༌། བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་པའོ། །དང་པོ་ལ་གཉིས། དོན་བསྟན་པ་དང༌། འཐད་པ་དགོད་པའོ། །དང་པོ་ལ་གསུམ། རྟོགས་བྱའི་ཡུལ་ལ་མི་རྟོག་པ་དང༌། སྒོམ་པའི་རྣལ་འབྱོར་ལ་མི་རྟོག་པ་དང༌། ཆེད་དུ་བྱ་བའི་དོན་ལ་མི་རྟོག་པ་སྟེ། དོན་གསུམ་གསུམ་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། གང་མངོན་པར་རྫོགས་པར་འཚང་རྒྱ་བ་བྱ་བ་དང༌། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དེ་ལ་ཡང་མི་རྟོག མཚན་མར་མི་བྱེད། དངོས་པོ་ཡོད་པའམ། དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་མི་རྟོག་མཚན་མར་མི་བྱེད་ཅེས་པ་ནི་མདོར་བསྟན་ཏོ། །དངོས་པོ་ཡོད་པའམ་དངོས་པོ་མེད་པ་ནི་ཡིད་ལ་མི་བྱེད་ཅེས་པ་ནི་སྔ་མའི་བཤད་པའོ། །དེ་ལ་སྦྱིན་པ་སོགས་ལ་མི་རྟོག་པས་ནི་ཡུལ་ལ་མི་རྟོག་པ་དང༌། སྒོམ་པ་ལ་མི་རྟོག་པས་ནི་རྣལ་འབྱོར་ལ་མི་རྟོག་པ་དང༌། སེམས་ཅན་གང་གི་དོན་དུ་ཞེས་སོགས་ཀྱིས་ནི་ཆེད་དུ་བྱ་བའི་དོན་ལ་མི་རྟོག་པར་བཤད་དོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བྱེད་པ་པོ་དང་བྲལ་བའོ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཏེ། བྱེད་པ་པོ་དང་བྲལ་བའི་ཕྱིར། སྤྱིར་རྒྱུ་རྐྱེན་གྱིས་མ་བྱས་པར་མ་ཟད། སངས་རྒྱས་དང་ཉན་རང་རྣམས་ཀྱིས་ཀྱང་མ་བྱས་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། བྲལ་བའོ་ཞེས་པའི་བར་རོ། །གསུམ་པ་ལ་གཉིས་ཏེ། རབ་འབྱོར་གྱི་ཚིག་གིས་རྩོད་པ་འགོད་པ་དང༌། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པའོ། །དང་པོ་ལ་ཁས་བླངས་བརྗོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། བྲལ་བ་ལགས་སོ་ཞེས་པའི་བར་རོ། །ཐལ་འགྱུར་ལ་མཐའ་གཉིས་བཀག་པའི་སྒོ་ནས་ཐལ་འགྱུར་འགོད་པ་ནི། ཇི་ལྟར་ཆོས་ཀྱིས་ཞེས་པ་ནས། འཚལ་བར་འགྱུར་ཞེས་པའི་བར་ཏེ། ཆོས་ཀྱིས་ཆོས་ཇི་ལྟར་ཤེས་པར་འགྱུར་ཞེས་པའི་དོན་ནོ། །མཐའ་བཞི་བཀག་པའི་སྒོ་ནས་ཆོས་ཤེས་པ་མི་རུང་བའི་ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་ཆོས་ཀྱིས་ཞེས་པ་ནས། འཚལ་བར་མི་རུང་ངོ་ཞེས་པའི་བར་རོ། །འདོད་པ་ལའང་གནོད་བྱེད་འགོད་པ་ནི། དེ་ལྟར་ཆོས་ཐམས་ཅད་ཅེས་པ་ནས། ག་ལ་འགྱུར་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དོན་དམ་པ་ནི་མ་ཡིན་ཞེས་པའི་བར་ཏེ། དངོས་པོ་ཡོད་པ་དང་མེད་པར་མཁྱེན་པ་ནི་ཀུན་རྫོབ་ཀྱི་དབང་དུ་བྱས་ཀྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་པ་སྟེ། བདེན་གཉིས་ཀྱི་སྒོ་ནས་ལན་གསུངས་སོ། །བཞི་པ་བདེན་གཉིས་ལ་ལོག་པར་རྟོག་པ་བསལ་བ་ལ་བཞི་སྟེ། རྩོད་པ་འགོད་པ་དང༌། ལན་བཤད་པ་དང༌། བདེན་གཉིས་བསྟན་པའི་དོགས་པ་དང༌། བདེན་གཉིས་རྟོགས་པའི་ཡུམ་ལ་བསླབ་པར་གདམས་པའོ། །དང་པོ་ནི་ཡོད་མེད་ཀྱི་རྣམ་བཞག་ཀུན་རྫོབ་ཏུ་ཡིན་ལ་དོན་དམ་པར་མ་ཡིན་ནོ་ཞེས་བསྟན་པ་ལ་རྩོད་པ་སྟེ། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། དོན་དམ་པ་ལ་ཡང་གཞན་ཞིག་ལགས་སམ་ཞེས་པའི་བར་ཏེ། བདེན་གཉིས་དོན་ཐ་དད་ཡིན་ནམ་ཞེས་རྩོད་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དོན་དམ་པའི་དེ་བཞིན་ཉིད་ཡིན་ཞེས་པའི་བར་ཏེ། བདེན་གཉིས་དོན་ཐ་དད་པ་མ་ཡིན་ཏེ། དོན་དམ་ཉིད་ཀུན་རྫོབ་ཀྱི་དེ་བཞིན་ཉིད་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་ནི། དེ་ལ་སེམས་ཅན་དེ་དག་ཕྱིན་ཅི་ལོག་ཏུ་གྱུར་པས་ཞེས་པ་ནས། དེ་སྐད་དུ་བརྗོད་དོ་ཞེས་པའི་བར་ཏེ། ཕྱིན་ཅི་ལོག་གི་དབང་གིས་དངོས་པོའི་གནས་ཚུལ་མི་ཤེས་པའི་ངོར་མཛད་ནས། ཀུན་རྫོབ་ཏུ་དངོས་པོར་ཡོད་མེད་ཀྱི་རྣམ་བཞག་མཛད་དོ་ཞེས་པའོ། །དེ་ཉིད་སྟོན་པ་ནི། ཡོད་པའི་འདུ་ཤེས་ཅན་གྱིས་དངོས་པོའི་གནས་ཚུལ་མི་ཤེས་པས་དེ་དག་གི་ངོར་མཛད་ནས་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་བསྟན་ཏོ། །ཞེས་པའོ། །བཞི་པ་ནི། རབ་འབྱོར་ཞེས་པ་ནས་དེ་ལྟར་སྤྱད་པར་བྱའོ་ཞེས་པའི་བར་རོ། །ལེའུ་ལྔ་བཅུ་རྩ་བཞི་པ་རྣམ་པར་བཤད་པའོ།།  ༈ ལྔ་བཅུ་རྩ་ལྔ་པ་ཡང་དག་པར་བསྟན་པའི་ལེའུ་བཤད་པ། ལྔ་པ་སྦྱོར་བ་ལ་ལོག་པར་རྟོག་པ་བསལ་བ་ལ་གཉིས་ཏེ། རྩོད་པ་འགོད་པ་དང༌། ལན་བཤད་པའོ། །དང་པོ་ནི། དོན་དམ་པར་ཆོས་ཐམས་ཅད་ཡོད་པ་མ་ཡིན་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་ན། དེ་དོན་གང་གི་ཚིག་བླ་དྭགས་ལགས་ཞེས་རྩོད་པ་སྟེ། དེ་ནས་ཚེ་དང་ལྡན་པ་ཞེས་པ་ནས། གང་གི་ཚིག་ལ་གདགས་ལགས་ཞེས་པའི་བར་རོ། །ལན་ལ་གསུམ་སྟེ། སྤྱོད་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། སྤྱོད་པ་ཞེས་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། ཡུལ་གང་ལ་ཚུལ་ཇི་ལྟར་དུ་སྤྱོད་པས་སྤྱོད་པ་ཞེས་བྱ་བ་ལགས་ཞེས་པའི་དྲི་བ་བཀོད་ནས། ཡུལ་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། སངས་རྒྱས་ཀྱི་ཞིང་དང༌། སྤོབས་པ་དང༌། ཡི་གེ་དང༌། གཟུངས་ཀྱི་སྒོ་དང༌། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཁམས་རྣམས་ལ་སྟོང་པ་ཉིད་དུ་རོ་གཅིག་པས་གཉིས་སུ་འཛིན་པ་མེད་པའི་ཚུལ་གྱིས་སྤྱོད་པས་སྤྱོད་པ་ཞེས་བྱའོ་ཞེས་པའི་དོན་ཏེ། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ་ཞེས་པ་ནས། འདུས་མ་བྱས་སྟོང་པ་ཞེས་བྱ་བར་སྤྱོད་དེ་ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་ཞེས་པ་ནས། སྤྱོད་པ་ཞེས་བྱ་བའི་བར་རོ། །དྲུག་པ་སངས་རྒྱས་དཀོན་མཆོག་ལ་ལོག་པར་རྟོག་པ་བསལ་བ་ལ། ལོག་པར་རྟོག་པའི་ཚུལ་དགོད་པ་དང༌། ལན་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་བྱའི་ཡུལ་རྟོགས་པ་ལ་སངས་རྒྱས་ཞེས་བརྗོད་ན། རྟོགས་བྱའི་ཡུལ་མེད་པས་ཡུལ་རྟོགས་པ་ལ་ཇི་ལྟར་སངས་རྒྱས་ཞེས་བརྗོད་ཅེས་རྩོད་པ་སྟེ། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། གང་གི་ཚིག་བླ་དྭགས་ལགས་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡང་དག་པའི་དོན་ནི་སངས་རྒྱས་ཞེས་བྱ་སྟེ་ཞེས་པས་སྟོན་པས་ཡང་དག་པའི་དོན་རྟོགས་པ་ལ་བྱའོ། །གསུམ་པ་ལ། ཡང་དག་པའི་དོན་གཉིས་སྨོས་པ་ནི། རྣམ་པ་དང༌། ལམ་སྐྱེ་བ་མེད་པ་གཉིས་ཡིན་ལ། ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་ནི། གཞིའི་དེ་བཞིན་ཉིད་ཡིན་པས་གསུམ་པོ་རྟོགས་པ་ལ་སངས་རྒྱས་ཞེས་བརྗོད་དོ་ཞེས་པའི་དོན་ཏེ། རབ་འབྱོར་འདི་ལྟར་ཡང་དེས་ཡང་དག་པའི་ཆོས་མངོན་པར་སངས་རྒྱས་པས་དེའི་ཕྱིར་སངས་རྒྱས་ཞེས་བྱའོ་ཞེས་པ་ནས། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཕྱིར་སངས་རྒྱས་ཞེས་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །བདུན་པ་ཆོས་དཀོན་མཆོག་ལ་ལོག་པར་རྟོག་པ་བསལ་བ་ལ་གཉིས་ཏེ། དྲི་བ་དགོད་པ་དང་ལན་བཤད་པོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། གང་གི་ཚིག་བླ་དྭགས་ལགས་ཞེས་པའི་བར་ཏེ། སྔར་བྱང་ཆུབ་ཅེས་མང་དུ་བཤད་ན། དེའི་དོན་གང་ལགས་ཞེས་དྲིས་པའོ། །གཉིས་པ་ལ་ལྔ་སྟེ། བྱང་ཆུབ་ཀྱི་དོན་དབྱིངས་ལ་བཤད་པ་དང༌། ཡེ་ཤེས་ལ་བཤད་པ་དང༌། དབྱིངས་ཡེ་ཤེས་དབྱེར་མེད་པ་ལ་བཤད་པ་དང༌། དེ་ཉིད་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བཤད་པ་དང༌། བྱང་ཆུབ་ཀྱི་སྒྲ་དོན་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དྭགས་སོ་ཞེས་པ་ནས། རབ་འབྱོར་ཡང་འདི་ལྟར་ཡང་དག་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་ཡང་འདི་ལྟར་ཞེས་པ་ནས། མིང་དང་མཚན་མ་ཙམ་དུ་རྟོགས་པར་བྱེད་པ་དེའི་ཕྱིར་བྱང་ཆུབ་ཅེས་བྱའོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་འདི་ལྟར་ཡང་དབྱེར་མེད་པའི་དོན་ནི། བྱང་ཆུབ་ཀྱི་དོན་ནོ་ཞེས་པའོ། །བཞི་པ་ནི། རབ་འབྱོར་ཡང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ་དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །ལྔ་པ་ནི་རབ་འབྱོར་ཡང་འདི་ལྟར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མངོན་པར་རྫོགས་པར་སངས་རྒྱས་པས་ན་དེའི་ཕྱིར་བྱང་ཆུབ་ཅེས་བྱའོ་ཞེས་བསྟན་ཏོ། །བརྒྱད་པ་དགེ་འདུན་དཀོན་མཆོག་ལ་ལོག་པར་རྟོག་པ་བསལ་བ་ལ་བཞི་སྟེ། དྲི་བ་དགོད་པ་དང༌། ལན་བཤད་པ་དང༌། ལན་ལ་རྩོད་པ་སྤང་བ་དང༌། ཕྱིར་མི་ལྡོག་པའི་མཚན་ཉིད་བསྟན་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་འདི་ལ་སྤྱོད་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་པ་ནས། སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་ལགས་ཞེས་པའི་བར་གྱིས་བསྟན་ཏེ། ཇི་སྐད་བྱང་ཆུབ་ཀྱི་ཆེད་དུ་དམིགས་ན། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་སྤྱོད་པའི་དགེ་བའི་རྩ་བའི་ཚོགས་འཕེལ་བར་འགྱུར་རམ་ཞེས་སོགས་ནི་དྲི་བ་བཀོད་པའོ། །གཉིས་པ་ལན་ལ་གཉིས་ཏེ། དོན་དངོས་དང་འཐད་པ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་སེམས་ཆེན་པོ་གང་བྱང་ཆུབ་འདི་ལ་སྤྱོད་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་པ་ནས། ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བ་གང་ཡང་མེད་དོ་ཞེས་པའི་བར་གྱིས་གསུངས་ཏེ། བྱང་ཆུབ་ཀྱི་ཆེད་དུ་དམིགས་ཏེ། སྦྱིན་སོགས་ལ་མངོན་པར་ཞེན་པའི་ཚུལ་གྱིས་སྤྱོད་པ་བཀག་པའོ། །གཉིས་པ་ནི། མངོན་པར་ཞེན་པའི་ཚུལ་གྱིས་མི་སྤྱོད་པའི་དོན་ནི་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ལ་གཉིས་ཏེ། རྩོད་པ་འགོད་པ་དང༌། རྩོད་པ་སྤོང་བ་བཤད་པའོ། །དང་པོ་ལ་ཁས་བླངས་རྗེས་སུ་བརྗོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ལགས་ན་ཞེས་པའི་བར་ཏེ། བཤད་མ་ཐག་པའི་ཁས་བླངས་ཉེ་བར་བརྗོད་པའོ། །ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་འོ་ན་དེ་ཇི་ལྟར་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར་ཞེས་པ་ནས། ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར་ཞེས་པའི་བར་ཏེ། སྦྱིན་སོགས་ལ་དམིགས་པའི་ཚུལ་གྱིས་ཉེ་བར་མི་གནས་ན། ཇི་ལྟར་སྦྱིན་སོགས་འཛིན་པར་འགྱུར་ཞེས་རྩོད་པའོ། །གཉིས་པ་ལ་གཉིས་ཏེ། ལན་དངོས་དང༌། ལན་ལ་རྩོད་པ་སྤང་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་སེམས་ཆེན་པོ་ལ་ནི་གཉིས་སུ་སྤྱོད་པའི་བློ་མེད་དོ་ཞེས་པ་ནས། གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྤྱོད་ཅེས་པའི་བར་གྱིས་བསྟན་ཏེ། དམིགས་བྱ་དམིགས་བྱེད་གཉིས་ཀྱིས་འཛིན་པའི་ཚུལ་གྱིས་སྤྱོད་པ་བཀག་ནས། གཉིས་སུ་མེད་པའི་ཚུལ་གྱིས་སྦྱིན་སོགས་ལ་སྤྱོད་པ་དགེ་འདུན་དུ་ཤུགས་ལ་བསྟན་ཏོ། །གཉིས་པ་ལ་གཉིས་ཀྱི་རྩོད་པ་ནི། ཁས་བླངས་རྗེས་སུ་བརྗོད་པའི་གཞུང་ནི་ཆད་པར་སྣང་ལ། ཐལ་འགྱུར་འགོད་པ་ནི། འོ་ན་དེ་ཇི་ལྟར་བྱང་སེམས་ཆེན་པོ་དགེ་བའི་རྩ་བ་མང་པོས་ཞེས་པ་ནས། རྣམ་པར་འཕེལ་བར་འགྱུར་ཞེས་པའི་བར་ཏེ། གཉིས་ཀྱི་ཚུལ་དུ་མི་སྤྱོད་ན། དགེ་བའི་རྩ་བ་འཕེལ་བར་མི་འགྱུར་ཞེས་རྩོད་པའོ། །ལན་ལ་གསུམ་སྟེ། གཉིས་འཛིན་གྱི་སྤྱོད་པ་མ་དག་པར་བསྟན་པ་དང༌། གཉིས་མེད་ཀྱི་སྤྱོད་པ་དག་པར་བསྟན་པ་དང༌། དངོས་པོའི་ཆེད་དུ་སྤྱོད་པ་བཀག་པའོ། །དང་པོ་ལ་དམིགས་བྱ་དམིགས་བྱེད་གཉིས་སུ་མངོན་པར་ཞེན་པའི་ཚུལ་གྱིས་འཕེལ་བར་མི་འགྱུར་བ་འཐད་པ་དང་བཅས་པ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སུ་གང་གཉིས་ལ་སྤྱོད་པ་དེ་དག་ནི་ཞེས་པ་ནས། རྣམ་པར་མི་འཕེལ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་སུ་འཛིན་པ་མེད་པའི་ཚུལ་གྱིས་སྤྱོད་ན་དགེ་བའི་རྩ་བ་འཕེལ་ཞིང་མི་མཐུན་ཕྱོགས་ཀྱིས་ཉམས་པར་མི་འགྱུར་བར་སྟོན་པ་ནི། བྱང་སེམས་ཆེན་པོ་ནི་གཉིས་ལ་མི་སྤྱོད་དེ། དེ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་པ་ནས། རྣམ་མཁྱེན་ལ་སྤྱོད་ན། དགེ་བའི་རྩ་བ་ཡང་རྣམ་པར་མི་འཕེལ་བ་དེ་ལྟར་ཉམས་སྨད་པར་མི་ནུས་ཏེ། རབ་འབྱོར་བྱང་སེམས་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །མངོན་པར་ཞེན་པའི་ཚུལ་གྱིས་སྤྱོད་པ་བཀག་པ་དང༌། དེའི་ཉེས་དམིགས་བསྟན་པའོ། །བཞི་པ་ཕྱིར་མི་ལྡོག་པའི་མཚན་ཉིད་ལ་གསུམ་སྟེ། རྣམ་མཁྱེན་གྱི་རྒྱུ་དང་ལྡན་པ་དགེ་འདུན་དུ་བསྟན་པ་དང༌། རྒྱུ་དང་མི་ལྡན་པའི་ཉེས་དམིགས་བསྟན་པ་དང༌། རྒྱུ་དང་ལྡན་པར་བསྟན་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། དྲི་བ་དང་ལན་ནོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ཞེས་པ་ནས་ཐོབ་པར་འགྱུར་བ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་བཞི་སྟེ། རྣམ་མཁྱེན་གྱི་རྒྱུ་ལ་སྤྱོད་པ་དང༌། སྤྱོད་པའི་གནས་སྐབས་ཀྱི་ཡོན་ཏན་དང༌། ལམ་སྟོན་པའི་བཤེས་གཉེན་དང་མི་འབྲལ་བ་དང༌། དགེ་བའི་བཤེས་གཉེན་བསྟེན་པར་གདམས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཞེས་པ་ནས། སོ་སོ་ཡང་དག་པར་རིག་པ་བསྐྱེད་པས་ཞེས་པའི་བར་གྱིས་བསྟན་ཏེ། སེམས་དང་པོ་བསྐྱེད་པ་ནས་བཟུང་ནས། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་ཏེ། གསུང་རབ་ཡན་ལག་བཅུ་གཉིས་ཚིག་དོན་རིམ་བཞིན་ཁོང་དུ་ཆུད་པར་བྱས་པའི་མཐུས་སོ་སོ་ཡང་དག་པར་རིག་པ་བསྐྱེད་དོ་ཞེས་པའི་དོན་ནོ། །གཉིས་པ་ནི། དེའི་ཚེ་རྣམ་པར་འཕོས་ཀྱང་ཆོས་དེ་དག་ཅེས་པ་ནས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དགེ་བའི་རྩ་བ་དེ་དག་གིས་ཡོངས་སུ་བཟུང་བས་ཀྱང་ཞེས་པ་ནས། ནམ་དུ་ཡང་འབྲལ་བར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པར་བྱའོ་ཞེས་པའི་བར་རོ། །ཡང་དག་པར་བསྟན་པའི་ལེའུ་སྟེ་ལྔ་བཅུ་ང་ལྔ་པ་རྣམ་པར་བཤད་པའོ།།  ༈ ལྔ་བཅུ་རྩ་དྲུག་པ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བའི་ལེའུ་བཤད་པ། གཉིས་པ་རྒྱུ་དང་མི་ལྡན་པའི་ཉེས་དམིགས་སྟོན་པ་ལ། དང་པོ་དྲི་བ་དགོད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། ཐོབ་པར་མི་འགྱུར་རམ་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ལ་གཉིས་ཏེ། ཉེས་དམིགས་དངོས་བསྟན་པ་དང༌། ཞར་ལ་མི་མཐུན་ཕྱོགས་ལས་བཟློག་པའི་ཐབས་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཞེས་པ་ནས། ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་དེ་ལྟ་བས་ན་ཞེས་པ་ནས། དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་རྒྱུ་དང་ལྡན་པ་ལ་རྩོད་པ་སྤང་བ་ལ། རྩོད་པ་འགོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་ཞེས་པའི་བར་རོ། །གཉིས་པ་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་ཐབས་ལ་མཁས་པ་དང་ལྡན་པའི་ཕྱིར་ཞེས་པ་ནས། དེ་ལྟར་ཐོབ་པར་མི་འགྱུར་རོ་ཞེས་པའི་བར་རོ། །ཐབས་མཁས་པ་ལ་ལོག་པར་རྟོག་པ་བསལ་བ་ལ་གསུམ་སྟེ། གཞན་གྱི་ལོག་པར་རྟོག་པ་དགག་པ་དང༌། ཕྱིན་དྲུག་ལ་སྤྱོད་པའི་ཐབས་ལ་མཁས་པ་དང༌། ཐབས་ལ་མཁས་པའི་བྱེད་པ་བསྟན་པའོ། །དང་པོ་ནི། གོང་དུ་ཐབས་ལ་མཁས་པ་དང་མི་ལྡན་པས་རྣམ་མཁྱེན་མི་ཐོབ་ཅེས་བསྟན་པ་ན། རྣམ་མཁྱེན་ཐོབ་པའི་ཐབས་ལ་མཁས་པ་ཉིད་གང་ལགས་ཞེས་དྲི་བ་བཀོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ཐབས་མཁས་པ་དེ་གང་ལགས་ཞེས་པའི་བར་རོ། །གཉིས་པ་ལན་ལ། སྤྱོད་བྱ་ཕྱིན་དྲུག་གི་ཐབས་ལ་མཁས་པ་བཤད་པ་དང༌། ཐབས་ལ་མཁས་པའི་བྱེད་པ་བསྟན་པའོ། །དང་པོ་ལ། ཐབས་མཁས་དྲུག་ཡོད་པ་ལས། སྦྱིན་པའི་ཕར་ཕྱིན་གྱི་ཐབས་མཁས་བཤད་པ་ལ། བསམ་པ་སེམས་བསྐྱེད་དང༌། སྦྱིན་པ་གཏོང་བའི་ཚུལ་དང༌། སྦྱིན་པའི་བྱེད་པ་བསྟན་པ་དང༌། སྦྱིན་པའི་བསམ་པའི་བྱེད་ཆོས་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཞེས་པ་ནས། སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་པའི་བར་རོ། །གཉིས་པ་ལ། གང་ལ་སྦྱིན་པ་གཏོང་བའི་ཚུལ་དང༌། འཁོར་གསུམ་མི་དམིགས་པའི་ཐབས་མཁས་བཤད་པའོ། །དང་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཞེས་པ་ནས། སྦྱིན་པ་ཡོངས་སུ་གཏོང་སྟེ་ཞེས་པའི་བར་རོ། །གཉིས་པ་ལ་ཐབས་མཁས་དངོས་དང༌། བདེན་འཛིན་གྱི་མཚན་མ་མེད་པའི་འཐད་པའོ། །དང་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཞེས་པ་ནས། འདུ་ཤེས་སུ་མི་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ནི་འདི་ལྟར་ཞེས་པ་ནས། མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ་ཞེས་པའི་བར་རོ། །གསུམ་པ་ནི། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་ཞེས་པའི་བར་རོ། །བཞི་པ་ནི། གཞན་དུ་ཞེས་པ་ནས། སྨོན་པ་མེད་དོ་ཞེས་པའི་བར་རོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བའི་ལེའུ་སྟེ་ལྔ་བཅུ་ང་དྲུག་པ་རྣམ་པར་བཤད་པ་སྟེ་གསལ་བར་བྱས་པའོ།།  ༈ ལྔ་བཅུ་རྩ་བདུན་ལ་ཚུལ་ཁྲིམས་ཀྱི་ལེའུ་བཤད་པ། ཚུལ་ཁྲིམས་ཀྱི་ཐབས་མཁས་སྟོན་པ་ལ། བསམ་པ་སེམས་བསྐྱེད་དང༌། མི་མཐུན་ཕྱོགས་ཀྱི་དྲི་མས་མ་གོས་པ་དང༌། མ་གོས་པའི་འཐད་པ་བསྟན་པ་དང༌། ཚུལ་ཁྲིམས་ཀྱི་བྱེད་པ་བསྟན་པ་དང༌། བསམ་པའི་ཁྱད་པར་བྱེད་ཆོས་བསྟན་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། ཡིད་ལ་བྱ་བས་ཚུལ་ཁྲིམས་བསྲུངས་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ལ་འདོད་ཆགས་ཀྱི་སེམས་ཞེས་པ་ནས། སྒྲིབ་པར་མི་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ་ཞེས་པའི་བར་རོ། །བཞི་པ་ནི། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ་ཞེས་པའི་བར་རོ། །ལྔ་པ་ནི། གཞན་དུ་ན་ཞེས་པ་ནས། སྨོན་པ་མེད་དོ་ཞེས་པའི་བར་རོ། །ཚུལ་ཁྲིམས་ཀྱི་ལེའུ་སྟེ་ལྔ་བཅུ་ང་བདུན་པ་རྣམ་པར་བཤད་པའོ།།  ༈ ལྔ་བཅུ་རྩ་བརྒྱད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཐབས་ཀྱི་ལེའུ་བཤད་པ། བཟོད་པའི་ཕར་ཕྱིན་གྱི་ཐབས་མཁས་སྟོན་པ་ལ། བསམ་པ་སེམས་བསྐྱེད་ནི། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཞེས་པ་ནས། ཡིད་ལ་བྱ་བས་བཟོད་པ་བསྒོམ་སྟེ་ཞེས་པའི་བར་རོ། །གཉིས་པ་མི་མཐུན་ཕྱོགས་ཀྱིས་མ་གོས་པའི་འཐད་པ་བསྟན་པ་ནི། དེ་ལ་འདོད་ཆགས་ཀྱི་སེམས་ཞེས་པ་ནས། སྒྲིབ་པར་མི་འགྱུར་རོ་ཞེས་པའི་བར་རོ། །མི་མཐུན་ཕྱོགས་ཀྱིས་མ་གོས་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ་ཞེས་པའི་བར་རོ། །བཟོད་པའི་བྱེད་པ་བསྟན་པ་ནི། དེ་ཐབས་མཁས་པ་ཞེས་པ་ནས། ཞིང་ཡོངས་སུ་དག་པར་བྱེད་ཅེས་པའི་བར་རོ། །བསམ་པའི་ཁྱད་པར་བྱེད་ཆོས་བསྟན་པ་ནི། གཞན་དུ་ན་ཞེས་པ་ནས། སྨོན་པ་མེད་དོ་ཞེས་པའི་བར་རོ། །བརྩོན་འགྲུས་ཀྱི་ཕར་ཕྱིན་གྱི་ཐབས་མཁས་སྟོན་པ་ལ། བསམ་པ་སེམས་བསྐྱེད་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཡིད་ལ་བྱ་བས་བརྩོན་འགྲུས་རྩོམ་སྟེ་ཞེས་པའི་བར་རོ། །མི་མཐུན་ཕྱོགས་ཀྱིས་མ་གོས་པ་ནི། དེ་ལ་འདོད་ཆགས་ཀྱི་སེམས་ཞེས་པ་ནས། སྒྲིབ་པར་མི་འགྱུར་རོ་ཞེས་པའི་བར་རོ། །མ་གོས་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ་ཞེས་པའི་བར་རོ། །བརྩོན་འགྲུས་ཀྱི་བྱེད་པ་བསྟན་པ་ནི། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན་ཞེས་པ་ནས། ཞིང་ཡོངས་སུ་དག་པར་བྱེད་ཅེས་པའི་བར་རོ། །བསམ་པའི་ཁྱད་པར་བྱེད་ཆོས་ནི། གཞན་དུ་ཞེས་པ་ནས། སྨོན་པ་མེད་དོ་ཞེས་པའི་བར་རོ། །བསམ་གཏན་གྱི་ཕར་ཕྱིན་གྱི་ཐབས་མཁས་སྟོན་པ་ལ། བསམ་པ་སེམས་བསྐྱེད་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཡིད་ལ་བྱ་བས་བསམ་གཏན་ལ་སྙོམས་པར་འཇུག་སྟེ་ཞེས་པའི་བར་རོ། །མི་མཐུན་ཕྱོགས་ཀྱིས་མ་གོས་པ་ནི། དེ་ལ་འདོད་ཆགས་ཀྱི་སེམས་ཞེས་པ་ནས། སྒྲིབ་པར་མི་འགྱུར་རོ་ཞེས་པའི་བར་རོ། །མ་གོས་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མེད་པའི་མཚན་ཉིད་ཀྱིས་འཇུག་སྟེ་ཞེས་པའི་བར་རོ། །བསམ་གཏན་གྱི་བྱེད་པ་བསྟན་པ་ནི། དེ་ཐབས་མཁས་པ་ཞེས་པ་ནས། ཞིང་ཡོངས་སུ་དག་པར་བྱེད་ཅེས་པའི་བར་རོ། །བསམ་པའི་ཁྱད་པར་བྱེད་ཆོས་ནི། གཞན་དུ་ན་ཞེས་པ་ནས། སྨོན་པ་མེད་དོ་ཞེས་པའི་བར་རོ། །ཤེས་རབ་ཀྱི་ཕར་ཕྱིན་གྱི་ཐབས་མཁས་སྟོན་པ་ལ། དོན་ལྔ་ཡོད་པ་རིམ་པ་བཞིན་དུ་སྦྱར་ཏེ། རབ་འབྱོར་གཞན་ཡང་ཞེས་པ་ནས་སྨོན་པ་མེད་དོ་ཞེས་པའི་བར་རྣམས་སྔ་མ་བཞིན་དུ་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཐབས་ཀྱི་ལེའུ་སྟེ། ལྔ་བཅུ་ང་བརྒྱད་པ་རྣམ་པར་བཤད་པའོ།།  ༈ ལྔ་བཅུ་རྩ་དགུ་པ་དྲིས་ལན་མང་པོའི་ལེའུ་བཤད་པ། གསུམ་པ་ཐབས་ལ་མཁས་པའི་བྱེད་པ་བསྟན་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། གདམས་པའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། ཏིང་ངེ་འཛིན་ལ་ཞུགས་ཀྱང་རྣམ་སྨིན་གྱི་འབྲས་བུ་མངོན་དུ་མི་བྱེད་པ་དང༌། ཉོན་མོངས་ཀྱི་གཉེན་པོས་ལམ་སྤྱད་ཀྱང་དམན་པའི་འབྲས་བུ་མི་ཐོབ་པ་དང༌། ཐེག་ཆེན་གྱི་ཆོས་སྤྱད་ཀྱང་བར་མ་དོར་འབྲས་བུ་མངོན་དུ་མི་བྱེད་པ་དང༌། རྣམ་སྨིན་མངོན་དུ་མི་བྱེད་པ་བློ་དམ་པ་དང་ལྡན་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཀྱང་རྣམ་པར་སྨིན་པ་ཡོངས་སུ་མི་འཛིན་ཏོ་ཞེས་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སོ། །མེད་པ་དང་མ་བྱུང་བར་ཤེས་སོ། །ཡོངས་སུ་མ་རྫོགས་པར་ཤེས་སོ། །མངོན་པར་མ་གྲུབ་པར་ཤེས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བསམ་གཏན་བཞི་དང༌། བྱམས་སོགས་ཚད་མེད་བཞི་དང༌། མངོན་པར་ཤེས་པ་དང༌། གཟུགས་མེད་བཞི་ལ་སྙོམས་པར་ཞུགས་ཀྱང༌། དེའི་རྣམ་སྨིན་གྱི་འབྲས་བུ་མངོན་དུ་མི་བྱེད་པ་འཐད་པ་དང་བཅས་པ་བསྟན་ཏོ། །དེ་ལ་མེད་པ་ཞེས་པ་ནི་གདོད་མ་ནས་སོ། །མ་བྱུང་བ་ནི་སྔར་མེད་གསར་དུ་མ་བྱུང་བའོ། །ཡོངས་སུ་མ་རྫོགས་པ་ནི་ཆ་ཤས་དང་བཅས་པ་གྲུབ་པ་མ་ཡིན་པའོ། །མངོན་པར་མ་གྲུབ་པ་ནི་ཅིར་ཡང་མངོན་པར་མ་གྲུབ་པའོ། །གཉིས་པ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཐབས་མཁས་པ་དང་ལྡན་པས་ཞེས་པ་ནས། རང་བྱང་ཆུབ་ཐོབ་པར་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །དེའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མངོན་པར་མ་གྲུབ་པར་ཤེས་སོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་གདམས་པའི་སྒོ་ནས་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། སྤྱོད་པར་བྱའོ་ཞེས་པའི་བར་རོ། །བཞི་པ་རྣམ་སྨིན་དང་བྲལ་བ་བློ་དམ་པ་དང་ལྡན་པར་བསྟན་པ་ལ་གཉིས་ཏེ། དོན་དངོས་དང༌། འཐད་པ་བསྟན་པའོ། །དང་པོ་ལ་རབ་འབྱོར་གྱི་ཚིག་གིས་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། བློ་དམ་པ་དང་ལྡན་པ་ལགས་སོ་ཞེས་པའི་བར་རོ། །བཅོམ་ལྡན་འདས་ཀྱིས་དེ་དང་རྗེས་སུ་མཐུན་པར་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། བློ་དམ་པ་དང་ལྡན་པའོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་གསུངས་ཏེ། ཆོས་ཉིད་ལས་སེམས་མི་གཡོ་བར་བསྟན་པ་དང༌། དེ་ཉིད་དྲིས་ལན་གྱི་སྒོ་ནས་རྒྱས་པར་བཤད་པ་དང༌། དེ་ཉིད་ཀྱི་འཐད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་ནི་བྱང་སེམས་ཆེན་པོ་ངོ་བོ་ཉིད་ལས་མི་གཡོ་བའོ་ཞེས་པས་བསྟན་ཏོ། །གཉིས་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ངོ་བོ་ཉིད་གང་ལས་མི་གཡོ་བ་ལགས་ཞེས་པའོ། །ལན་གྱིས་རྒྱས་པར་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་མེད་པ་ལས་མི་གཡོ་བ་ཡིན་ནོ་ཞེས་པ་ནི། བྱམས་པ་ཆེན་པོའི་ངོ་བོ་ཉིད་ལས་མི་གཡོའོ། །སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ལས་མི་གཡོའོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དངོས་པོ་མེད་པར་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །བཅུ་པ་མངོན་པར་རྟོགས་པ་ལ་ལོག་པར་རྟོག་པ་བསལ་བ་ལ་བཞི་སྟེ། མཐའ་བཞིར་རྩོད་པའི་ལན་དང༌། ལན་ལ་རྩོད་པ་དགོད་པ་དང༌། མཐའ་བཞི་དང་བྲལ་བར་བསྟན་པ་དང༌། མངོན་རྟོགས་ངོས་བཟུང་བའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། རྟོགས་བྱེད་ཀྱི་དངོས་པོ་ཡོད་པས། རྟོགས་བྱའི་དངོས་པོ་མ་མཆིས་པར་རྟོགས་པས་འཚང་རྒྱ་བར་ནུས་སམ། རྟོགས་བྱེད་ཀྱི་དངོས་པོ་མ་མཆིས་པས། རྟོགས་བྱའི་དངོས་པོ་མ་མཆིས་པ་རྟོགས་པས་འཚང་རྒྱ་བར་ནུས་སམ་ཞེས་སོགས་མཐའ་བཞིར་གསུངས་པའི་ལན་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་འོ་ན་གལ་ཏེ་ཞེས་པ་ནས། མ་མཆིས་པ་དང་གཅིག་ཏུ་མི་འགྱུར་རམ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ་དེ་ཉིད་རྗེས་སུ་བརྗོད་ནས་ཐལ་བ་དགོད་པའོ། །གསུམ་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མངོན་པར་རྟོགས་པ་ནི་ཞེས་པ་ནས། མ་ཡིན་ནོ་ཞེས་པའི་བར་ཏེ། མངོན་པར་རྟོགས་པ་ཡོད་ཀྱང་མཐའ་བཞིའི་སྒོ་ནས་རྟོག་པ་བཀག་པའོ། །བཞི་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མངོན་པར་རྟོགས་པའོ་ཞེས་པའི་བར་ཏེ། ཇི་ལྟ་བུའི་མངོན་པར་རྟོགས་པ་བཞེད་ཅེས་དྲིས་པའི་ལན་གསུངས་པས་བསྟན་ཏོ། །བཅུ་གཅིག་པ་ཕྱིན་ཅི་ལོག་ལ་ལོག་པར་རྟོག་པ་བསལ་བ་ལ་གསུམ་སྟེ། ཕྱིན་ཅི་ལོག་ངོས་བཟུང་བ་དང༌། དེ་དག་གི་གཉེན་པོ་བསྟན་པ་དང༌། གཉེན་པོ་བསྒོམ་པའི་བྱེད་པ་བསྟན་པའོ། །དང་པོ་ལ་དྲི་བ་དགོད། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་བྱང་སེམས་ཆེན་པོའི་སྤྲོས་པ་གང་ལགས་ཞེས་པའོ། །གཉིས་པ་ལ་ཤེས་བྱའི་ཆོས་ལ་དམིགས་པའི་སྤྲོས་པ་དང༌། ལམ་གྱི་ཆོས་ལ་དམིགས་པའི་སྤྲོས་པ་དང༌། འབྲས་བུའི་ཆོས་ལ་དམིགས་པའི་སྤྲོས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བ་ནི་བྱང་སེམས་ཆེན་པོའི་སྤྲོས་པའོ་ཞེས་པ་ནས། ལམ་བསྒོམ་པར་བྱའོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ་ཞེས་པའི་བར་རོ། །གཉིས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི། བྱང་སེམས་ཆེན་པོའི་སྤྲོས་པའོ་ཞེས་པ་ནས། གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བྱ་བ་ནི་བྱང་སེམས་ཆེན་པོའི་སྤྲོས་པའོ་ཞེས་པའི་བར་རོ། །གསུམ་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་དང་མཐོང་བས་བལྟས་ཏེ། དེ་ལས་འདའ་བར་བྱའོ་ཞེས་བྱ་བ་ནི་བྱང་སེམས་ཆེན་པོའི་སྤྲོས་པའོ་ཞེས་བྱ་བ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱའོ་ཞེས་བྱ་བ་ནི་བྱང་སེམས་ཆེན་པོའི་སྤྲོས་པའོ་ཞེས་པའི་བར་རོ། །གཉིས་པ་ཕྱིན་ཅི་ལོག་གི་གཉེན་པོའི་རྣམ་པ་བསྟན་པ་ལ་གསུམ་སྟེ། གཉེན་པོའི་རྣམ་པ་དང༌། རྣམ་པའི་འཐད་པ་དང༌། རྟགས་དང་བསྒྲུབ་བྱའི་ཆོས་སྦྱར་ཏེ་བསྟན་པའོ། །དང་པོ་ནི། དེ་བས་ན་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་མི་སྤྲོ་བ་འཕྲོ་བར་མི་བྱེད་དོ་ཞེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤང་བར་བྱའོ་ཞེས་བྱ་བར་མི་སྤྲོ་བ་འཕྲོ་བར་མི་བྱེད་དོ་ཞེས་པའི་བར་ཏེ། དེ་བས་ན་ཞེས་པ་ནི། ཕྱིན་ཅི་ལོག་ཡོད་པ་དེ་བས་ན་ཞེས་པའོ། །མི་སྤྲོ་བ་ནི་སྤྲོ་བྱ་མ་ཡིན་པའོ། །སྤྲོ་བར་མི་བྱེད་པ་ནི་བློས་སྤྲོ་བར་མི་བྱེད་པའོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ནི་ངོ་བོ་ཉིད་འཕྲོ་བར་མི་བྱེད་དེ་ཞེས་པ་ནས། གང་ལ་འཕྲོ་བར་བྱ་བ་དེ་ལྟ་བུ་གང་ཡང་མེད་དེ་ཞེས་པའི་བར་རོ། །དེ་ལ་ངོ་བོ་ཉིད་ནི་ཆོས་ཅན་ནོ། །དངོས་པོ་མེད་པ་ནི་ཆོས་ཉིད་དོ། །དེ་གཉིས་གང་ཡང་སྤྲོ་བར་བྱ་བ་མ་ཡིན་ལ། དེ་ལས་མ་གཏོགས་པའི་ཆོས་གང་ཡང་མེད་པའི་ཕྱིར། སྤྲོ་བྱ་སྤྲོ་བྱེད་གཉིས་ཀ་དམིགས་སུ་མེད་དོ་ཞེས་པའི་དོན་ནོ། །གསུམ་པ་ནི། རབ་འབྱོར་དེ་ལྟ་བས་ན་གཟུགས་ནི་སྤྲོ་བར་མེད་པའོ་ཞེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་ནི་སྤྲོ་བར་མེད་པའོ་ཞེས་པའི་བར་གྱིས་བསྟན་ཏོ། །སྤྲོས་པའི་གཉེན་པོ་ལ་གདམས་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། སྤྱད་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ངོ་བོ་ཉིད་མེད་པའི་འཐད་པ་ལ་གཉིས་ཏེ། འཐད་པ་དགོད་པ་དང༌། རྟགས་དང་བསྒྲུབ་བྱའི་ཆོས་སྦྱར་བའོ། །དང་པོ་ནི། རབ་འབྱོར་འདི་ལྟར་ཡང་གཟུགས་ལ་ངོ་བོ་ཉིད་མེད་དོ་ཞེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་ཉིད་མེད་དོ་ཞེས་པའི་བར་རོ། །ཡང་གི་སྒྲ་སྨོས་པ་ནི། འཐད་པ་སྔ་མར་མ་ཟད་ཅེས་པའོ། །གཉིས་པ་ནི། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་སྤྲོ་བར་མེད་པ་སྟེ། རབ་འབྱོར་དེའི་ཕྱིར་ན་གཟུགས་ནི་སྤྲོ་བར་མེད་པའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྤྲོ་བར་མེད་པའོ་ཞེས་པའི་བར་རོ། །གསུམ་པ་གཉེན་པོ་བསྒོམ་པའི་བྱེད་པ་ལ། མདོར་བསྟན། རྒྱས་བཤད། དཔེའི་སྒོ་ནས་དོན་གསལ་བར་མཛད་པའོ། །དང་པོ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། སྐྱོན་མེད་པ་ལ་འཇུག་གོ་ཞེས་པའི་བར་རོ། །གཉིས་པ་ལས། རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། ཆོས་གང་གིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འགྱུར་རོ་ཞེས་པའི་བར་རོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། ལམ་ཐམས་ཅད་ལ་བསླབ་ཅིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་འདི་ལྟ་སྟེ། དཔེར་ན། བརྒྱད་པ་ནི་ཆོས་ཐམས་ཅད་ལ་བསླབས་ཤིང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །བཅུ་གཉིས་པ་ལམ་ལ་ལོག་པར་རྟོག་པ་སེལ་བ་ལ་ལྔ་སྟེ། རབ་འབྱོར་གྱི་ཚིག་གིས་ཀླན་ཀ་འགོད་པ་དང༌། སངས་རྒྱས་ཀྱི་གསུང་གིས་ལོག་རྟོག་བསལ་བ་དང༌། འཐད་པ་དང༌། ལམ་ཤེས་ཀྱིས་ཡུལ་ཤེས་ཚུལ་གཏན་ལ་དབབ་པ་དང༌། སླར་ཡང་རྒྱུད་པའི་རྩོད་པ་སྤང་བའོ། །དང་པོ་ལ་གང་ལ་རྩོད་པའི་ཡུལ་ནི། གོང་དུ་ལམ་ཐམས་ཅད་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་བསྟན་པ་ལ་རྩོད་པའོ། །ཇི་ལྟར་རྩོད་པའི་ཚུལ་ལ་མདོར་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཞེས་པ་ནས། སྐྱོན་མ་མཆིས་པ་ལ་འཇུག་པར་བགྱི་ཞེས་པའི་བར་རོ། །དེ་ཡང་བྱང་ཆུབ་སེམས་དཔའ་ལམ་ཐམས་ཅད་རྫོགས་པར་བྱེད་ན། ཉན་རང་དང་སངས་རྒྱས་ཀྱི་ལམ་གཞན་ཡིན་པས། ཉན་རང་གི་ལམ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་འགལ་ལོ་ཞེས་རྩོད་པའོ། །གཉིས་པ་རྒྱས་པར་བཤད་པ་ནི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤུལ་ཐམས་ཅད་རྫོགས་པར་བགྱི་ན་ཞེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་བ་ཇི་ལྟར་འཚལ་བར་བགྱི་ཞེས་པའི་བར་གྱིས་བསྟན་ཏེ། ལམ་ཐམས་ཅད་རྫོགས་པར་བགྱི་ན་བརྒྱད་པའི་ལམ་ལ་སོགས་པ་ཡང་རྫོགས་པར་བྱ་དགོས་སོ། །དེ་ལྟར་ན་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་མངོན་དུ་བྱས་པར་འགྱུར་བས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་མི་འགྱུར་རོ། །དེ་དག་ལ་མ་ཞུགས་པ་ནི་རྣམ་མཁྱེན་ཐོབ་པར་མི་ནུས་སོ།ན །དེ་བས་ན་ལམ་ཐམས་ཅད་རྫོགས་པར་བྱས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཏེ། རྣམ་མཁྱེན་ཐོབ་པ་དང༌། བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པར་འདོད་པ་མི་འཐད་དོ་ཞེས་པའི་དོན་ནོ། །གཉིས་པ་སངས་རྒྱས་ཀྱི་གསུང་གིས་ལོག་རྟོག་བསལ་བ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ལམ་ཤེས་དང་བྲལ་ན་དམན་པའི་འབྲས་བུ་མངོན་དུ་བྱས་ཏེ། རྣམ་མཁྱེན་མི་ཐོབ་པར་འདོད་པ་དང༌། ཉན་རང་གི་ལམ་ལ་ཤེས་མཐོང་གིས་བལྟས་ནས་འདའ་བས་རྣམ་མཁྱེན་མངོན་དུ་བྱེད་པ་འཐད་པ་དང༌། ཉན་རང་གི་ལམ་གྱི་བྱེད་པ་ཐམས་ཅད་བྱང་སེམས་ཀྱི་བཟོད་པའི་ནང་དུ་འདུས་པར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། གནས་མེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་འོན་ཀྱང་འདི་ལྟར་ཞེས་པ་ནས། ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤོང་ངོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་དེ་ལ་བརྒྱད་པའི་ཡེ་ཤེས་གང་ཡིན་པ་དེ་ཡང་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་ཆེན་པོ་སྟེ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟ་བས་ན་ཞེས་པ་ནས། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་རོ་ཞེས་པའི་བར་རོ། །ལམ་ཤེས་ཀྱིས་ཡུལ་ཤེས་ཚུལ་གཏན་ལ་དབབ་པ་ལ་ལྔ་སྟེ། ཐེག་པ་གསུམ་གྱི་ལམ་གྱི་རྟོགས་རིགས་རྫོགས་པ་དང༌། འཁོར་བ་རྒྱུ་འབྲས་ལ་མཁས་པར་བྱ་བ་དང༌། རྣམ་བྱང་རྒྱུ་འབྲས་ལ་མཁས་པར་བྱེད་པ་དང༌། ཤེས་བྱ་ལ་རབ་ཏུ་མཁས་པའི་བྱེད་པ་དང༌། ཡུམ་ལ་སྤྱད་པར་གདམས་པས་དོན་བསྡུ་བའོ། །དང་པོ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་གང་ཉན་ཐོས་ཀྱི་ཤུལ་དང་ཞེས་པ་ནས། གང་ལགས་ཞེས་པའི་བར་ཏེ། ཤུལ་ནི་ལམ་མོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་སེམས་ཆེན་པོས་ཞེས་པ་ནས། ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། ལམ་ཐམས་ཅད་ཤེས་ཤིང་ཡོངས་སུ་རྫོགས་པར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཤེས་པར་བྱས་ཏེ་ཞེས་པ་ནས། ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ་ཞེས་པའི་བར་རོ། །གསུམ་པ་ནི། དྲན་པ་ཉེ་བར་བཞག་པ་བཞི་ཤེས་པར་བྱའོ་ཞེས་པ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ་ཞེས་པའི་བར་རོ། །བཞི་པ་ལ་དོན་དངོས་ནི། དེ་དག་ལ་བསླབ་ཅིང་ཞེས་པ་ནས། འབྲས་བུ་མེད་པར་མི་འགྱུར་རོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རབ་ཏུ་ཤེས་སོ་ཞེས་པའི་བར་རོ། །ལྔ་པ་ནི། རབ་འབྱོར་བྱང་སེམས་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་སྤྱད་པར་བྱ་སྟེ་ཞེས་པའོ། །འཐད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ནི་ཞེས་པ་ནས། གང་ཡང་མ་འདུས་པ་མེད་དོ་ཞེས་པའི་བར་རོ། །གསུམ་པ་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ལ་རྟགས་འགོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཞེས་པ་ནས། མཚན་ཉིད་གཅིག་ན་ཞེས་པའི་བར་རོ། །ཐལ་འགྱུར་འགོད་པ་ནི། ཇི་ལྟར་ཞེས་པ་ནས། འགྱུར་བ་ལགས་ཞེས་པའི་བར་རོ། །རྩོད་པ་རྒྱས་པར་བཤད་པ་ནི། བཅོམ་ལྡན་འདས་ལྡན་པ་ཡང་མ་ལགས་ཞེས་པ་ནས། འཇིག་པར་མི་བྱེད་དོ་ཞེས་པའི་བར་རོ། །དེའང་སྒྲུབ་པ་ནི། གཉེན་པོ་འཇིག་པ་ནི་མི་མཐུན་ཕྱོགས་སོ། །གཉིས་པ་ལན་ལ། དོན་དམ་པར་འདོད་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། འཇིག་པར་མི་བྱེད་དོ་ཞེས་པའི་བར་རོ། །ཀུན་རྫོབ་ཏུ་ཁྱད་པར་མ་ངེས་པ་ནི། རབ་འབྱོར་སེམས་ཅན་གང་ཞེས་པ་ནས། ཐོབ་པར་བྱེད་པའོ་ཞེས་བཤད་ཀྱི་ཞེས་པའི་བར་རོ། །བཅུ་གསུམ་པ་དང༌། བཅུ་བཞི་པ་མི་མཐུན་ཕྱོགས་དང་གཉེན་པོ་ལ་ལོག་པར་རྟོག་པ་བསལ་བ་ལ་གཉིས་ཏེ། ལོག་རྟོག་གི་ཡུལ་བསྟན་པ་དང༌། ཡུལ་ལ་ལོག་པར་རྟོག་པ་དགག་པའོ། །དང་པོ་ལ། དོན་དམ་པར་སྤང་གཉེན་མེད་པར་བསྟན་པ་དང༌། ཐ་སྙད་དུ་གདུལ་བྱ་རྗེས་སུ་གཟུང་བའི་དོན་བཤད་པ་དང༌། སྤང་གཉེན་གྱི་བླང་དོར་ལ་ཇི་ལྟར་བསླབ་པའི་ཚུལ་དང༌། དེ་ཉིད་དྲིས་ལན་གྱི་སྒོ་ནས་རྒྱས་པར་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་ནི་འདི་ལྟར་གཟུགས་གང་ཡིན་པ་དང་ཞེས་པ་ནས། འདི་མཚན་ཉིད་མེད་པར་མཚན་ཉིད་གཅིག་ཅེས་པའི་བར་དང༌། དོན་དམ་པར་མ་ཡིན་ཞེས་སྦྲེལ་ནས་བཤད་པར་བྱའོ། །གཉིས་པ་ནི། དེ་དག་དེ་བཞིན་གཤེགས་པས་ཞེས་པ་ནས། དེ་སྐད་དུ་བརྗོད་དོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་དག་ཐམས་ཅད་ལ་ཞེས་པ་ནས། ལ་ལ་ནི་མངོན་དུ་མི་བྱའོ་ཞེས་པའི་བར་རོ། །བཞི་པ་ནི། དེ་ལ་བྱང་སེམས་ཆེན་པོས་ཆོས་གང་ནི་ཤེས་པ་དང༌། ཞེས་པ་ནས། བསླབ་པར་བྱའོ་ཞེས་པའི་བར་ཏེ། འདུལ་བ་ཞེས་པས་ནི་གཉེན་པོ་ཐེག་ཆེན་གྱི་ཆོས་བསྟན་ཏོ། །གཉིས་པ་ཡུལ་ལ་ལོག་པར་རྟོག་པ་དགག་པ་ལ། ལོག་པར་རྟོག་ཚུལ་ནི། གསོལ་པ་བཅོམ་ལྡན་འདས་འཕགས་པའི་ཆོས་དང་ཞེས་པ་ནས། འདུལ་བ་ཞེས་བགྱི་ཞེས་པའི་བར་ཏེ། དྲི་བའི་ཡུལ་ནི་གོང་དུ་འཕགས་པའི་ཆོས་དང་འདུལ་བ་ལ་བསླབ་པར་ཞེས་པ་ལའོ། །དྲི་བའི་ཚུལ་ནི། ཇི་ཙམ་གྱིས་འཕགས་པའི་ཆོས་འདུལ་བ་ཞེས་བགྱི་ཞེས་པའོ། །ལན་ལ་གསུམ། རྟོགས་བྱའི་ཡུལ་གྱི་ཁྱད་པར་དང༌། ཡུལ་ཅན་ཡེ་ཤེས་ལ་འཕགས་པའི་ཆོས་འདུལ་བར་བསྟན་པ་དང༌། ཡུལ་གྱི་ཁྱད་པར་གྱི་འཐད་པ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཉན་ཐོས་རྣམས་དང༌། རང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་པ་ནས། འདུས་མ་བྱས་ཀྱི་ཁམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་པས་ཞེས་པའི་བར་ཏེ། མི་མཐུན་ཕྱོགས་དུག་གསུམ་སོགས་དང་ལྡན་པ་དང་བྲལ་བ་བཀག་པ་དང༌། གཉེན་པོ་བསམ་གཏན་བཞི་ནས་བྱམས་པ་དང༌། སྙིང་རྗེ་དང༌། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཁམས་ལྡན་པ་དང་བྲལ་བ་བཀག་པའོ། །གཉིས་པ་ནི་དེའི་ཕྱིར་དེ་དག་ནི་འཕགས་པ་ཞེས་བྱ་སྟེ། འདི་ནི་དགེ་ཆོས་དང་འདུལ་བ་ཡིན་པས། དེའི་ཕྱིར་འཕགས་པའི་ཆོས་འདུལ་བ་ཞེས་བྱའོ་ཞེས་པས་བསྟན་ཏེ། མི་མཐུན་ཕྱོགས་དང་གཉེན་པོ་གཉིས་ཀ་བདེན་པར་མི་དམིགས་པ་དེའི་ཕྱིར་ཡུལ་ཅན་དེ་རྟོགས་པའི་ཡེ་ཤེས་ལ་འཕགས་པའི་ཆོས་དང་འདུལ་བ་ཞེས་བྱའོ་ཞེས་པའི་དོན་ནོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མཚན་ཉིད་མེད་པར་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ་ཞེས་པའི་བར་ཏེ། མི་མཐུན་ཕྱོགས་དང་གཉེན་པོ་མི་དམིགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་སྦྱར་རོ། །བཅོ་ལྔ་པ་མཚན་ཉིད་ལ་ལོག་པར་རྟོག་པ་བསལ་བ་ལ། གང་ལ་ལོག་པར་རྟོག་པའི་ཡུལ་དགོད་པ་དང༌། དོན་དམ་པར་མཚན་ཉིད་མེད་པར་བསྟན་པ་ལ་ཇི་ལྟར་རྩོད་པའི་ཚུལ་དང༌། དོན་དམ་པར་མཚན་ཉིད་མེད་པས་མཚན་ཉིད་ཡོད་མེད་ཀྱི་ཆོས་གང་ལ་ཡང་བསླབ་པར་མི་བྱ་བ་དང༌། དོན་དམ་པར་མཚན་ཉིད་མེད་པའི་འཐད་པ་འགོད་པ་དང༌། འཐད་པ་དེ་ཉིད་སླར་ཡང་འཐད་པ་གཞན་གྱིས་བསྒྲུབ་པའོ། །དང་པོ་ནི། རབ་འབྱོར་འདི་ནི། བྱང་སེམས་ཆེན་པོ་རྣམས་ཀྱིས་གཟུགས་མེད་པ་ཞེས་པ་ནས། དམིགས་པར་མི་འགྱུར་རོ་ཞེས་པའི་བར་ཏེ། དོན་དམ་པར་ཆོས་གང་ལ་ཡང་གཟུགས་མེད་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་མཚན་ཉིད་མེད་པ། མཚན་ཉིད་མེད་པའི་དོན་དུ་གནས་པས་མཚན་ཉིད་མེད་པ་སོགས་ཀྱི་དོན་ལ་བསླབ་པར་བྱའོ། །དེ་ལྟར་བསླབ་པའི་ཕན་ཡོན་ནི། ཆོས་གང་ལ་ཡང་མཚན་ཉིད་དམིགས་སུ་མེད་པར་རྟོགས་པར་འགྱུར་རོ་ཞེས་པའི་དོན་ནོ། །གཉིས་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་གཟུགས་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱིའམ་ཞེས་པ་ནས། ཇི་ལྟར་ཉན་ཐོས་ཀྱི་ཐེག་པའམ་རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའི་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་བགྱི་ཞེས་པའི་བར་གྱིས་བསྟན་ཏེ། མཚན་ཉིད་དམིགས་སུ་མེད་ན་གཟུགས་ནས་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱི་བར་གྱི་མཚན་ཉིད་ལ་བསླབ་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་ལ་མ་བསླབ་ན་ཉན་རང་གི་ས་ལས་འདའ་བ་མ་ཡིན་པར་འགྱུར་རོ། །དེ་ལས་མ་འདས་ན་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་མི་འཇུག་གོ །དེ་ལ་མ་ཞུགས་ན་རྣམ་མཁྱེན་མི་འཐོབ་བོ། །དེ་མ་ཐོབ་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་འགྱུར་རོ། །དེ་མ་བསྐོར་ན་ཐེག་པ་གསུམ་གྱི་ལམ་གྱིས་སེམས་ཅན་རྣམས་སྡུག་བསྔལ་ལས་སྒྲོལ་བར་མི་འགྱུར་ཞེས་ཐལ་འགྱུར་རྒྱུད་པ་འཕེན་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་ལ་ལ་ཞིག་ལ་མཚན་ཉིད་ཡོད་ན་ཞེས་པ་ནས། བསླབ་པར་མི་བྱའོ་ཞེས་པའི་བར་ཏེ། དོན་དམ་པར་མཚན་ཉིད་གཅིག་ཡོད་ན་དེ་ལ་སློབ་པར་རིགས་པ་ལས། མེད་པའི་ཕྱིར་མི་སློབ་བོ། །མཚན་ཉིད་མེད་པས་དེ་ལ་ལྟོས་པའི་མཚན་ཉིད་མེད་པ་ཡང་མེད་པའི་ཕྱིར་དེ་ལ་ཡང་མི་སློབ་ཞེས་པའི་དོན་ནོ། །བཞི་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་བསླབ་པར་མི་བྱའོ་ཞེས་པའི་བར་ཏེ། སྔར་མཚན་ཉིད་མེད་པ་ལས་ཕྱིས་གསར་དུ་ཡོད་ན་དེ་ལས་བསླབ་པར་རིགས་པ་ལས། ཕྱིས་ཀྱང་ཡོད་པ་མ་ཡིན་ཏེ། དུས་གསུམ་ཆར་དུ་མ་དམིགས་པའི་ཕྱིར་དེ་ལ་བསླབ་པར་མི་བྱ་ཞེས་པའི་དོན་ནོ། །ལྔ་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མཚན་ཉིད་མེད་པའི་དབྱིངས་འདི་ནི་དེ་བཞིན་དུ་གནས་པའོ་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང་ཆོས་ཐམས་ཅད་མཚན་ཉིད་མེད་པའི་དབྱིངས་ལ་གནས་པའི་ཕྱིར་ཞེས་པའི་དོན་ནོ། །བཅུ་དྲུག་པ་ཡུམ་བསྒོམ་པ་ལ་ལོག་པར་རྟོག་པ་བསལ་བ་ལ་གསུམ་སྟེ། རབ་འབྱོར་གྱི་ཚིག་གིས་རྩོད་པ་དགོད་པ་དང༌། སྟོན་པས་དེའི་ལན་བཤད་པ་དང༌། སླར་ཡང་དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་ལ་མཚན་ཉིད་ཐ་དད་པ་ཡང་མ་ལགས། མཚན་ཉིད་གཅིག་པ་ཡང་མ་ལགས་ན་ཞེས་པ་ནས། བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་དགོད་པར་མི་ནུས་སོ་ཞེས་པའི་བར་གྱིས་བསྟན་ཏེ། མཚན་ཉིད་མེད་པས་གཅིག་དང་ཐ་དད་ཀྱི་སྤྲོས་པ་ལས་གྲོལ་ནས་ཡུམ་སྒོམ་པར་མི་འགྱུར་ལ། མ་བསྒོམས་ན་ཉན་རང་གི་ས་ལས་མི་འདའ་འོ། །མ་འདས་ན་སྐྱོན་མ་མཆིས་པ་ལ་མི་འཇུག མ་ཞུགས་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་བསྐྱེད་མི་ནུས། དེ་མ་ནུས་ན་མངོན་པར་ཤེས་པ་བསྒྲུབ་པར་མི་ནུས། དེ་མ་ནུས་ན་ཞིང་དག་པ་དང་སེམས་ཅན་སྨིན་པར་མི་འགྱུར། དེ་ལྟར་ན་རྣམ་མཁྱེན་མི་ཐོབ། མ་ཐོབ་ན་ཆོས་འཁོར་མི་བསྐོར། མ་བསྐོར་ན་སེམས་ཅན་རྣམས་རྒྱུན་ཞུགས་ནས་བླ་མེད་བྱང་ཆུབ་ཀྱི་བར་དང༌། བསོད་ནམས་གསུམ་གྱི་དངོས་པོ་ལ་དགོད་པར་མི་ནུས་སོ་ཞེས་རྩོད་པ་རྒྱུད་མའི་ཚུལ་གྱིས་རྩོད་དོ། །གཉིས་པ་བཅོམ་ལྡན་འདས་ཀྱིས་དེའི་ལན་བཤད་པ་ལ་དོན་དམ་དུ་འདོད་པ་དང༌། ཀུན་རྫོབ་ཏུ་ཡུམ་བསྒོམ་པ་འཐད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། མཚན་ཉིད་གཅིག་པ་ཡང་མ་ཡིན་ནོ་ཞེས་པའི་བར་རོ། །གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ། རྒོལ་བ་ནི། གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཞེས་པ་ནས། བསྒོམ་པར་འགྱུར་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ་ཞེས་པའི་བར་ཏེ། རྟོགས་བྱའི་ཡུལ་གཅིག་དང་ཐ་དད་ལས་གྲོལ་བས་མཚན་ཉིད་མེད་པ་རྟོགས་ནས་བསྒོམ་པ་ནི་ཡུམ་བསྒོམ་པའི་དོན་ནོ། །གཉིས་པ་ལ་གསུམ་སྟེ། དངོས་པོར་མི་དམིགས་པའི་ཚུལ་གྱི་བསྒོམ་པ་བསྒོམ་པ་དང༌། དངོས་པོར་འཛིན་པའི་ཚུལ་གྱིས་སྒོམ་པ་མི་འཐད་པ་དང༌། གཉིས་འཛིན་སྤངས་པའི་ཚུལ་གྱིས་བསྒོམ་དགོས་པར་བསྟན་པའོ། །དང་པོ་ལ་མི་དམིགས་པའི་ཚུལ་གྱིས་ཡུམ་བསྒོམ་ཚུལ་དང༌། དེ་ཉིད་སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པ་དང༌། དངོས་པོར་འཛིན་པ་ལ་ཡུམ་སྒོམ་པ་མེད་པ་དང༌། ཡུམ་བསྒོམ་པའི་མི་མཐུན་ཕྱོགས་བཤད་པ་དང༌། མི་མཐུན་ཕྱོགས་ཀྱི་ཉེས་དམིགས་བཤད་པའོ། །དང་པོ་ལ་རྒོལ་བ་ནི། དེ་ལ་ཇི་ལྟར་མཚན་ཉིད་མ་མཆིས་པ་བསྒོམ་པ་ཡུམ་བསྒོམ་པར་འགྱུར་ཞེས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པར་བསྒོམ་པ་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ་ཞེས་སྨོས་པ་སྟེ། བསྒོམ་པ་གཉིས་སྨོས་པ་ནི་ཡང་དང་ཡང་དུ་གོམས་པར་བྱེད་པ་བསྒོམ་པའི་དོན་དུ་བཤད་པའོ། །གཉིས་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་དེ་ཇི་ལྟར་ཞེས་པ་ནས། བསྒོམ་པ་ལགས་ཞེས་པའི་བར་རོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ་ཞེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ་ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པས་མཚན་ཉིད་མེད་པར་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ་ཞེས་པའི་དོན་ནོ། །གསུམ་པ་ལ་དྲི་བ་དགོད་པ་དང༌། ལན་བཤད་པ་དང༌། འཐད་པ་བསྟན་པ་དང༌། ཉེས་དམིགས་ཀྱིས་སྒོ་ནས་འཐད་པ་བསྒྲུབ་པའོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ་ཇི་ལྟར་ན་གཟུགས་རྣམ་པར་བསྒོམ་བསྒོམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་བསྒོམ་པ་ལགས་ཞེས་པ་ནས། ཇི་ལྟར་ན་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་རྣམ་པར་བསྒོམ་པ་བསྒོམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསྒོམ་པ་ལགས་ཞེས་པའི་བར་ཏེ། ཅིའི་ཕྱིར་མཚན་ཉིད་མེད་པའི་ཚུལ་གྱིས་བསྒོམ་ཞེས་པའི་དོན་ནོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་བསྒོམ་ཞེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བ་ཉོན་མོངས་པ་ཐམས་ཅད་སྤང་བ་དངོས་པོ་ཡོད་ཅེས་བྱ་བར་མི་བསྒོམ་སྟེ་ཞེས་པའི་བར་གྱིས་བསྟན་ཏེ། མཚན་ཉིད་མེད་པར་བསྒོམས་ཏེ། དེ་ཡང་ཡུམ་བསྒོམ་པ་གང་ཞིག་དངོས་པོར་འཛིན་པའི་ཚུལ་གྱིས་མི་བསྒོམ་པའི་ཕྱིར་རོ། །གསུམ་པ་འཐད་པ་ནི། དངོས་པོར་འཛིན་པའི་ཚུལ་གྱིས་མི་བསྒོམ་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་སྦྱར་ཏེ། རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མེད་དོ་ཞེས་པ་ནས། དངོས་པོའི་འདུ་ཤེས་ཅན་ལ་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་མེད་དོ་ཞེས་པའི་བར་ཏེ། དངོས་པོའི་འདུ་ཤེས་ཅན་ལ་ཡུམ་བསྒོམ་པ་མེད་པའི་ཕྱིར་ཞེས་པའི་དོན་ནོ། །བཞི་པ་ལ་གཉིས་ཏེ། མཐའ་གཉིས་ལ་ཆགས་པའི་རྟགས་ཀྱིས་ཉེས་དམིགས་དང་ལྡན་པར་བསྒྲུབ་པ་དང༌། ཤེས་བྱའི་ཡུལ་ཤེས་པ་མེད་པའི་རྟགས་ཀྱིས་ཉེས་དམིགས་དང་ལྡན་པར་བསྒྲུབ་པའོ། །དང་པོ་ནི། མཐའ་གཉིས་ལ་ཆགས་པར་གྱུར་པ་དེ་ལ་ནི་ཞེས་པ་ནི་ཆོས་ཅན་ནོ། །ཐར་པ་མེད་དོ་ཞེས་པ་ནི་བསྒྲུབ་བྱའི་ཆོས་སོ། །གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་དངོས་པོ་ལ་འདི་ནི་བདག་གོ་ཞེས་བྱ་བ་མཐའ་གཉིས་ལ་ཆགས་ཏེ་ཞེས་པ་ནས། མཐའ་གཉིས་ལ་ཆགས་པར་འགྱུར་བ་དག་གོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་པས་ཞེས་པའི་བར་གྱིས་གཏན་ཚིགས་སུ་སྦྱར་རོ། །གཉིས་པ་ལ་དེ་ལ་ཞེས་པ་ཆོས་ཅན་ནོ། །ཐར་བར་འགྱུར་བ་ལྟ་ག་ལ་ཡོད་ཅེས་པ་བསྒྲུབ་བྱའི་ཆོས་སོ། །དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་ནི་སྦྱིན་པ་མེད། ཚུལ་ཁྲིམས་མེད། མཐུན་པའི་བཟོད་པ་ཡང་མེད་ཅེས་སོགས་ཀྱིས་རྣམ་བྱང་གི་ཆོས་མེད་པ་རྟགས་སུ་བསྟན་ཏོ། །གཟུགས་ཀྱང་ཡོངས་སུ་ཤེས་པ་མེད། ཚོར་བ་ཡང་ཡོངས་སུ་ཤེས་པ་མེད་ཅེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་ཡང་ཡོངས་སུ་ཤེས་པ་མེད་ན་ཞེས་པའི་བར་གྱིས་ནི། ཤེས་བྱ་ཡོངས་སུ་ཤེས་པ་མེད་པའི་རྟགས་བསྟན་པས་ན། གཉིས་པོ་རྟགས་སུ་སྦྱོར། བཞི་པ་ཡུམ་བསྒོམ་པའི་མི་མཐུན་ཕྱོགས་བསྟན་པ་ལ་དྲིས་ལན་གྱིས་མདོར་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་དངོས་པོ་མ་མཆིས་ཞེས་པ་ནི། ཅི་ལགས་ཞེས་པ་ནས། དངོས་པོ་ཡོད་པའོ་ཞེས་པའི་བར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་དྲི་བ་ནི། བཅོམ་ལྡན་འདས་གཉིས་ཞེས་བགྱི་བ་ནི་ཅི་ལྟ་བུ་ལགས་ཞེས་པ་སྟེ། གཉིས་སུ་འཛིན་པ་ཇི་ལྟ་བུ་ལགས་ཞེས་པའི་དོན་ནོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་འདུ་ཤེས་ནི་གཉིས་སོ་ཞེས་པ་ནས། སངས་རྒྱས་ཀྱི་འདུ་ཤེས་ནི་གཉིས་སོ། །འདུས་བྱས་ཀྱི་ཁམས་ཀྱི་འདུ་ཤེས་ནི་གཉིས་སོ། །འདུས་མ་བྱས་ཀྱི་ཁམས་ཀྱི་འདུ་ཤེས་ནི་གཉིས་སོ་ཞེས་པའི་བར་ཏེ། མཐའ་གཉིས་སུ་འཛིན་པའི་འདུ་ཤེས་ཡུམ་བསྒོམ་པའི་མི་མཐུན་ཕྱོགས་སུ་བསྟན་ཏོ། །ལྔ་པ་མི་མཐུན་ཕྱོགས་ཀྱི་ཉེས་དམིགས་བསྟན་པ་ལ་གསུམ་སྟེ། མྱ་ངན་ལས་འདས་པ་མི་ཐོབ་པ་དང༌། ལམ་རྒྱུད་ལ་མི་སྐྱེ་བ་དང༌། རྟོགས་པ་ཁྱད་པར་ཅན་མི་འབྱུང་བའོ། །དང་པོ་ནི། རབ་འབྱོར་དེ་ལྟར་དེ་སྙེད་དུ་འདུ་ཤེས་དང་བཅས་པ་ཐམས་ཅད་དང༌། ཞེས་པ་ནས་ཡོངས་སུ་མི་འགྲོལ་ལོ་ཞེས་པའི་བར་རོ། །གཉིས་པ་ནི། འདུ་ཤེས་ཐམས་ཅད་ཡིད་ལ་མི་བྱེད་པ་ནི་ཞེས་པ་ནས། གཉིས་ཀྱི་འདུ་ཤེས་ཅན་ལ་མངོན་པར་རྟོགས་པ་མེད་པར་རིག་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། ཚིག་སྔ་མས་གཉེན་པོའི་རྣམ་པ་ངོས་བཟུང་ནས། ཚིག་ལྷག་མ་རྣམས་ཀྱིས་གཉེན་པོ་ལས་ལྡོག་པར་འཛིན་པའི་ཉེས་དམིགས་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་གཉིས་ཀྱི་འདུ་ཤེས་ཅན་ལ་ཆུང་ངུ་ན་མཐུན་པའི་བཟོད་པ་ཡང་མེད་ན། གཟུགས་ཡོངས་སུ་ཤེས་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་ཡང་ག་ལ་ཡོད་ཅེས་པའི་བར་རོ། །དྲིས་ལན་མང་པོའི་ལེའུ་སྟེ་ལྔ་བཅུ་ང་དགུ་པ་རྣམ་པར་བཤད་པའོ།།  ༈ དྲུག་ཅུ་པ་མཐར་གྱིས་པའི་ལེའུ་བཤད་པ། གཉིས་པ་དངོས་པོར་འཛིན་པའི་ཚུལ་གྱིས་བསྒོམ་པ་མི་འཐད་པ་ལ། རྩོད་པ་དགོད་པ་དང༌། ལན་བཤད་པའོ། །དང་པོ་ལ་གཉིས་ཏེ། ལམ་བསྒོམ་པའི་བྱེད་པ་ལ་རྩོད་པ་དང༌། སྐྱེ་མེད་ཀྱི་དོན་ལ་རྩོད་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དངོས་པོའི་འདུ་ཤེས་ཅན་ལ་ཞེས་པ་ནས། ཉོན་མོངས་པ་དེ་དག་སྤོང་བར་འགྱུར་བའི་ལམ་གྱིས་ཞེས་པའི་བར་གྱིས་བསྟན་ཏེ། དངོས་པོར་འདུ་ཤེས་པ་ལ་ལམ་གྱི་བྱེད་པ་མི་འཐད་ན། དངོས་པོ་མེད་པར་འདུ་ཤེས་པ་ལ་ལམ་གྱི་བྱེད་པ་ཡོད་དམ་ཞེས་འདྲི་བའོ། །རྩོད་པ་གཉིས་པ་ནི། བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། ཇི་ལྟར་རྣམ་མཁྱེན་ཐོབ་པར་འགྱུར་ཞེས་པའི་བར་ཏེ། ཆོས་གང་ལ་ཡང་སྐྱེ་བ་མེད་ན་ལམ་ཡང་སྐྱེ་བ་མེད་ལ་ལམ་མ་སྐྱེས་པར་ཡང་རྣམ་མཁྱེན་ཐོབ་པར་ཇི་ལྟར་འགྱུར་ཞེས་པའི་དོན་ནོ། །གཉིས་པ་ལན་གྱིས་ནི། དངོས་པོ་ཡོད་པ་དང༌། མེད་པར་འདུ་ཤེས་པ་གཉིས་ཀ་ལ་ལམ་གྱི་བྱེད་པ་མེད་པར་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ནས། སྤོང་བར་འགྱུར་བའི་ལམ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གནས་ཚུལ་ལ་མི་མཐུན་ཕྱོགས་གཉིས་འཛིན་གྱི་འདུ་ཤེས་མེད་པར་བསྟན་པ་ལ་གཉིས་ཏེ། རྩོད་པ་འགོད་པ་དང༌། ལན་བཤད་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་མཆིས་པར་འདུ་ཤེས་པ་དང་ཞེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བ་ཉོན་མོངས་པ་ཐམས་ཅད་སྤང་བར་འདུ་ཤེས་པའི་བར་དུ་མཆིས་སམ་ཞེས་པའི་བར་དུ་གསུངས་ཏེ། མི་མཐུན་ཕྱོགས་ཡོད་མེད་གཉིས་སུ་འཛིན་པའི་འདུ་ཤེས་གང་རུང་མཆིས་སམ་ཞེས་འདྲི་བའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མེད་དོ་ཞེས་པ་ནས། འབྲས་བུའོ། །ཞེས་པའི་བར་ཏེ། དོན་དམ་པར་གཉིས་སུ་འཛིན་པའི་འདུ་ཤེས་ཀྱང་མེད་ལ་ཡུམ་བསྒོམ་པའི་ཚེ་ཡང་གཉིས་སུ་འཛིན་པའི་འདུ་ཤེས་མེད་ཅིང༌། གཉིས་སུ་འཛིན་པ་ནི་མི་མཐུན་ཕྱོགས་ཡིན་ལ། གཉིས་འཛིན་སྤངས་པ་ནི་འབྲས་བུའོ་ཞེས་བསྟན་པ་ཡིན་ཏེ། དོན་བསྡུ་བ་ནི། རབ་འབྱོར་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་རོ། །ལམ་བསྒོམ་པའི་བྱེད་པ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་པ་དགོད་པ་དང༌། དེ་སྤང་བའོ། །དང་པོ་ལ་ཁས་བླངས་རྗེས་སུ་བརྗོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན་ཞེས་པས་བསྟན་ཏོ། །ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་ཇི་ལྟར་ཞེས་པ་ནས། བརྙེས་པར་འགྱུར་ཞེས་པའི་བར་རོ། །གཉིས་པ་ལ། ཡུམ་བསྒོམས་པའི་བྱེད་པ་མྱོང་བས་འགྲུབ་པ་དང༌། ངོ་བོ་ཉིད་ཡོད་པ་ལ་ལམ་གྱི་བྱེད་པ་མི་འཐད་ཅིང་མེད་པ་ལ་འཐད་པའོ། །དང་པོ་ནི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས། སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་བསྟན་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། ངོ་བོ་ཉིད་མེད་པར་བསྒོམས་པས་བསམ་གཏན་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཡོན་ཏན་དང༌། སེམས་ཅན་རྣམས་ལུང་སྟོན་པའི་ཡོན་ཏན་བརྙེས་པས་ངོ་བོ་ཉིད་མེད་པར་འཐད་དོ་ཞེས་པའི་དོན་ནོ། །གཉིས་པ་ལ་རྩོད་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱིས་བསམ་གཏན་བཞི་བསྐྱེད་པར་འགྱུར་ཞེས་པ་ནས། ཕུང་པོ་གསུམ་དུ་ལུང་བསྟན་པར་འགྱུར་ཞེས་པའི་བར་ཏེ། བསམ་གཏན་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཇི་ལྟར་བསྐྱེད་པར་འགྱུར་ཏེ་མི་བསྐྱེད་པར་ཐལ། བསམ་གཏན་ནས་མ་འདྲེས་པའི་བར་ངོ་བོ་ཉིད་མེད་པའི་ཕྱིར། སེམས་ཅན་རྣམས་ལུང་སྟོན་པར་ཡང་མི་འགྱུར་ཏེ། སེམས་ཅན་ངོ་བོ་ཉིད་མ་མཆིས་པའི་ཕྱིར་རོ་ཞེས་པའི་དོན་ནོ། །གཉིས་པ་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་འདོད་པ་རྣམས་དང༌། སྡིག་ཏོ་མི་དགེ་བའི་ཆོས་རྣམས་ལ། དངོས་པོ་ཞིག་ཡོད་དེ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་པའི་བར་ཏེ། ངོ་བོ་ཉིད་ཡོད་ན་ངོ་བོ་ཉིད་མེད་པར་བསྒོམས་པས་བསམ་གཏན་ནས་སངས་རྒྱས་ཀྱི་བར་ཐོབ་པ་ཉིད་དུ་མི་འགྱུར་བ་ལས་ཐོབ་པའི་ཕྱིར། ངོ་བོ་ཉིད་ཡོད་པ་མི་འཐད་དོ་ཞེས་པའི་དོན་ནོ། །དེ་སྐད་དུ་ཡང་རྒྱན་ལས། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་བཟུང་བ་དང༌། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །དམ་པའི་དོན་དང་ཀུན་རྫོབ་དང༌། །སྦྱོར་དང་དཀོན་མཆོག་གསུམ་པོ་དང༌། །ཐབས་བཅས་ཐུབ་པའི་རྟོགས་པ་དང༌། ཕྱིན་ཅི་ལོག་ནི་ལམ་བཅས་དང༌། །གཉེན་པོ་མི་མཐུན་ཕྱོགས་དག་དང༌། །མཚན་ཉིད་དང་ནི་བསྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་གསུངས་ཏེ། རྩེ་མོའི་མངོན་པར་རྟོགས་པ་བཤད་ཟིན་ཏོ།།  ༈ །སྐབས་དྲུག་པ་མཐར་གྱིས་པའི་སྦྱོར་བ་བསྟན་པ། མཐར་གྱིས་པ་སྟོན་པ་ལ་གཉིས་ཏེ། རྩོད་པ་འགོད་པ་དང༌། ལོག་རྟོག་སེལ་བྱེད་ཀྱི་ལན་ནོ། །དང་པོ་ལ། གང་ལ་རྩོད་པའི་ཡུལ་ནི། གོང་དུ་ངོ་བོ་ཉིད་མེད་པར་བསྟན་པ་ལ། སངས་རྒྱས་འཐོབ་པར་འཐད་པ་ལ་རྩོད་དོ། །རྩོད་པའི་ཚུལ་ནི། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཞེས་པ་ནས། མཐར་གྱིས་ནན་ཏན་དུ་བགྱི་བ་མཆིས་པར་འགྱུར་ཞེས་པའི་བར་ཏེ། མངོན་པར་རྫོགས་པར་འཚང་རྒྱ་ན་ཞེས་པ་ཡན་ཆད་ཀྱིས་ཁས་བླངས་རྗེས་སུ་བརྗོད་པ་བསྟན་ཅིང༌། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེས་པ་མན་ཆད་ཀྱིས་ཐལ་འགྱུར་འགོད་པ་བསྟན་ཏོ། །དེ་ནི་བླ་མེད་བྱང་ཆུབ་ཐོབ་པའི་དོན་དུ་སྦྱིན་སོགས་ལ་མཐར་གྱིས་སློབ་པ་སོགས་མི་འཐད་པར་འགྱུར་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པའི་ཕྱིར་ཞེས་པའོ། །གཉིས་པ་ལ། མཐར་གྱིས་སློབ་ཚུལ་སྤྱིར་བསྟན་པ་དང༌། སློབ་ཚུལ་སོ་སོར་བཤད་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་ཉིད་མེད་པ་རྟོགས་པའི་རྒྱུ། ངོ་བོ་ཉིད་མེད་པར་རྟོགས་པའི་བྱེད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཞེས་པ་ནས། སྐྲའི་རྩེ་མོའི་ཆ་ཤས་ཀྱི་གནས་ཙམ་ཡང་མེད་དོ། །ཞེས་ཐོས་ནས་ཞེས་པའི་བར་ཏེ། དགེ་བའི་བཤེས་གཉེན་ལས། ངོ་བོ་ཉིད་མེད་པའི་དོན་ཐོས་ཤིང་བསམ་བྱུང་གིས་གཏན་ལ་ཕབ་ན་ཞེས་པའི་དོན་ནོ། །གཉིས་པ་ལས། ངོ་བོ་ཉིད་མེད་པར་རྟོགས་པ་ལ་སེམས་བསྐྱེད་འཐད་པ་དང༌། སེམས་བསྐྱེད་དང་མཐུན་པའི་སྤྱོད་པ་རྩོམ་པའོ། །དང་པོ་ནི། བྱང་སེམས་ཆེན་པོ་དེས་ཅི་སྟེ་ཞེས་པ་ནས། སེམས་ཅན་དངོས་པོའི་འདུ་ཤེས་ལ་སྤྱོད་པ་ཐམས་ཅད་དངོས་པོ་མེད་པ་རབ་ཏུ་འགོད་པར་བྱའོ་སྙམ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་ནི་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་ན་བདེན་འཛིན་ཅན་རྣམས་དམིགས་མེད་རྟོགས་པ་ལ་འགོད་པར་བྱའོ་ཞེས་པའོ། །གཉིས་པ་ནི། རབ་འབྱོར་བྱང་སེམས་ཆེན་པོ་དེ་སེམས་ཅན་ཐམས་ཅད་ཅེས་པ་ནས། མཐའ་གྱིས་ནན་ཏན་དུ་བྱ་བ་རྩོམ་མོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་ན་ཆེད་དུ་བྱ་བ་དང༌། སྤྱོད་པ་སོགས་འཐད་པས་སེམས་ཅན་མྱ་ངན་ལས་འདའ་བའི་དོན་དུ་བྱང་ཆུབ་ལ་འཇུག་པའི་སྤྱོད་པ་རིམ་གྱིས་རྩོམ་པའི་དོན་ནོ། །སློབ་ཚུལ་སྤྱིར་བསྟན་པ་བཤད་ཟིན་ནས། སོ་སོར་བཤད་པ་ལ་གསུམ། ལམ་ཕྱིན་དྲུག་ལ་སློབ་པ་དང༌། བསམ་པ་རྗེས་དྲན་དྲུག་ལ་སློབ་པ་དང༌། མི་མཐུན་ཕྱོགས་དག་བྱེད་ཀྱི་ཆོས་ལ་སློབ་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། ཐོག་མར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ་ཞེས་པའི་བར་ཏེ། སྤྱིའི་དོན་ནོ། །གཉིས་པ་ལ་དོན་དྲུག་ལས། དང་པོ་ལ་སྦྱིན་པའི་ཕར་ཕྱིན་ལ་སློབ་ཚུལ་བསྟན་པ་ལ། སློབ་ཚུལ་རྒྱས་པར་བསྟན། དོན་བསྡུས་ཏེ་བསྟན། བདེན་འཛིན་གྱི་སྒྲོ་འདོགས་གཅོད་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། སློབ་ཚུལ་དངོས་བསྟན་པ་དང༌། སློབ་པའི་བྱེད་པ་བསྟན་པའོ། །དང་པོ་ནི། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་སྦྱིན་པ་གཏོང་ངོ་ཞེས་པ་ནས། མིའི་ཡོ་བྱད་གང་ཅི་ཡང་རུང་བ་དག་ཀྱང་དེ་དག་ལ་གཏོང་བའི་བར་དུ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་མངོན་མཐོའི་བྱེད་པ་དང༌། ངེས་ལེགས་ཀྱི་བྱེད་པའོ། །དང་པོ་ནི། ལྷའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །མིའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་ལ་གསུམ་སྟེ། རང་དོན་གྱི་བྱེད་པ་དང༌། གཉིས་དོན་གྱི་བྱེད་པ་དང༌། གཞན་དོན་གྱི་བྱེད་པའོ། །དང་པོ་ནི། དེ་སྦྱིན་པ་དེ་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ་ཞེས་པའི་བར་རོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །གསུམ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནས། གྲོལ་བར་བྱེད་དོ་ཞེས་པའི་བར་རོ། །དོན་བསྡུས་ཏེ་བསྟན་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཡོད་པ་ཡིན་ཏེ་ཞེས་པའི་བར་རོ། །གསུམ་པ་ལ་དོན་དངོས་ནི། དེ་ཐམས་ཅད་དམིགས་སུ་མེད་དོ་ཞེས་སོགས་སོ། །བདེན་པ་མེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ་ཞེས་པས་བསྟན་ཏོ། །གཉིས་པ་ཚུལ་ཁྲིམས་ལ་སློབ་ཚུལ་ལ། སྔ་མ་ལྟར་དོན་གསུམ་གྱི་དང་པོ་ལ། སློབ་ཚུལ་རྒྱས་པར་བསྟན་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། མཐུན་པས་དགའ་བར་སྤྱོད་དོ་ཞེས་པའི་བར་རོ། །གཉིས་པ་སློབ་པའི་བྱེད་པ་ལ། མངོན་མཐོའི་བྱེད་པ་ནི། དེ་ཚུལ་ཁྲིམས་དེས་ཞེས་པ་ནས་བྱེད་དོ་ཞེས་པའི་བར་རོ། །ངེས་ལེགས་ཀྱི་བྱེད་པ་ལ་གཞན་དོན་གྱི་བྱེད་པ་ནི་དེ་ནོར་མེད་པའི་སེམས་ཅན་རྣམས་ལ་ནོར་སྦྱིན་ཞིང་ཞེས་པ་ནས། འགོད་དོ་ཞེས་པའི་བར་རོ། །རང་དོན་གྱི་བྱེད་པ་ནི། དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཞེས་པ་ནས། སྐྱོན་མེད་པར་འཇུག་གོ་ཞེས་པའི་བར་རོ། །གཉིས་དོན་གྱི་བྱེད་པ་ནི། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་ཞེས་པ་ནས་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །མཐར་ཐུག་གི་གཞན་དོན་གྱི་བྱེད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཞེས་པ་ནས། གྲོལ་བར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། སྤྱོད་པ་ཡིན་ཏེ་ཞེས་པའི་བར་རོ། །མི་མཐུན་ཕྱོགས་དག་བྱེད་ཀྱི་ཐབས་ནི། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ་ཞེས་པའི་བར་རོ། །མི་མཐུན་ཕྱོགས་ཀྱི་རྣམ་པ་མི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་མེད་དོ་ཞེས་པའི་བར་རོ། །བཟོད་པ་ལ་སློབ་ཚུལ་ལ་སྔར་ལྟར་དོན་གསུམ་གྱི་དང་པོ་སློབ་ཚུལ་རྒྱས་པར་བཤད་པ་ནི། གཞན་ཡང་བཟོད་པ་ནི་ཞེས་པ་ནས། དགའ་བར་སྤྱོད་དོ་ཞེས་པའི་བར་རོ། །གནས་སྐབས་སུ་གཞན་དོན་གྱི་བྱེད་པ་ནི། དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། རབ་ཏུ་འགོད་དོ་ཞེས་པའི་བར་རོ། །རང་དོན་གྱི་བྱེད་པ་ནི། དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཞེས་པ་ནས། འཇུག་གོ་ཞེས་པའི་བར་རོ། །གཉིས་དོན་གྱི་བྱེད་པ་ནི། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། ཞེས་པ་ནས་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །མཐར་ཐུག་གི་གཞན་དོན་གྱི་བྱེད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཞེས་པ་ནས། གྲོལ་བར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། ཡོད་པ་ཡིན་ཏེ་ཞེས་པའི་བར་རོ། །དེ་ལ་བདེན་འཛིན་གྱི་སྒྲོ་འདོགས་གཅོད་པ་ནི། དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་དོ་ཞེས་པའོ། །བདེན་པ་མེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་ངོ་བོ་ཉིད་མེད་དོ་ཞེས་པའི་བར་རོ། །བརྩོན་འགྲུས་ལ་སློབ་ཚུལ་ལ་ཡང་གསུམ་ལས། དང་པོ་རྒྱས་བཤད་ལ། སློབ་ཚུལ་དངོས་དང༌། སློབ་པའི་བྱེད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས་དགའ་བར་སྤྱོད་དོ་ཞེས་པའི་བར་རོ། །གཉིས་པ་ལ། གནས་སྐབས་སུ་གཞན་དོན་གྱི་བྱེད་པ་ནི། དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་པ་ནས། རབ་ཏུ་འགོད་དོ་ཞེས་པའི་བར་རོ། །རང་དོན་གྱི་བྱེད་པ་ནི། དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ཞེས་པ་ནས། སྐྱོན་མེད་པར་འཇུག་གོ་ཞེས་པའི་བར་རོ། །གཉིས་དོན་གྱི་བྱེད་པ་ནི། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་ཞེས་པ་ནས། ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །མཐར་ཐུག་གི་གཞན་དོན་གྱི་བྱེད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཞེས་པ་ནས། གྲོལ་བར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་མདོར་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཡོད་པ་ཡིན་ཏེ་ཞེས་པའི་བར་རོ། །བདེན་འཛིན་གྱི་སྒྲོ་འདོགས་གཅོད་པ་ནི། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ་ཞེས་སོགས་སོ། །བདེན་པ་མི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ངོ་བོ་ཉིད་མེད་དོ་ཞེས་པའི་བར་རོ། །བསམ་གཏན་ལ་སློབ་ཚུལ་ལ་ཡང་གསུམ་ལས། དང་པོ་སློབ་ཚུལ་དངོས་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། མཐུན་པས་དགའ་བར་སྤྱོད་དོ་ཞེས་པའི་བར་རོ། །གནས་སྐབས་ཀྱི་གཞན་དོན་བྱེད་པ་ནི། ཚད་མེད་པ་དང་ཞེས་པ་ནས། མཐོང་བ་ལ་རབ་ཏུ་འགོད་དོ། །ཞེས་པའི་བར་རོ། །རང་དོན་གྱི་བྱེད་པ་ནི། དེ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ཞེས་པ་ནས། སྐྱོན་མེད་པར་འཇུག་གོ་ཞེས་པའི་བར་རོ། །གཉིས་དོན་གྱི་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ཞེས་པ་ནས། ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །མཐར་ཐུག་གི་གཞན་དོན་གྱི་བྱེད་པ་ནི། རྣམ་པ་ཐམས་ཅད་ཅེས་པ་ནས་གྲོལ་བར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཡོད་པ་ཡིན་ཏེ་ཞེས་པའི་བར་རོ། །བདེན་འཛིན་གྱི་སྒྲོ་འདོགས་གཅོད་པ་ནི། དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་དོ་ཞེས་སོགས་སོ། །མི་མཐུན་ཕྱོགས་ཀྱི་དམིགས་པ་མི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་པའོ་ཞེས་པའོ། །ཤེར་ཕྱིན་ལ་སློབ་ཚུལ་ལ་ཡང་གསུམ་ལས། དང་པོ་སློབ་ཚུལ་རྒྱས་པར་བཤད་པ་དང༌། སློབ་པའི་བྱེད་པ་བསྟན་པའོ། །དང་པོ་ལ་གཞན་དོན་ལ་སློབ་ཚུལ་དང༌། རང་དོན་ལ་སློབ་ཚུལ་དང༌། གཞན་འཇུག་པའི་ཐབས་ལ་སློབ་ཚུལ་ལོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། རབ་ཏུ་འགོད་དོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་ཞེས་པ་ནས། ཤེས་རབ་ལ་རབ་ཏུ་གཞོག་གོ་ཞེས་པའི་བར་རོ། །གསུམ་པ་ནི། སྦྱིན་པའི་ལེགས་པ་བརྗོད་དོ་ཞེས་པ་ནས། དགའ་བར་སྤྱོད་དོ་ཞེས་པའི་བར་རོ། །གཉིས་པ་ལ་རང་དོན་གྱི་བྱེད་པ་ནི། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་པ་ནས། འཇུག་གོ་ཞེས་པའི་བར་རོ། །གཉིས་དོན་གྱི་བྱེད་པ་ནི། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་ཞེས་པ་ནས། ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །མཐར་ཐུག་གི་གཞན་དོན་གྱི་བྱེད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཞེས་པ་ནས། གྲོལ་བར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། སྤྱོད་པ་རྩོམ་སྟེ་ཞེས་པའི་བར་རོ། །མ་དམིགས་པའི་རྣམ་པས་རྒྱས་བཏབ་པ་ནི། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ་ཞེས་པའོ། །དེའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་དོ་ཞེས་པའོ། །གཉིས་པ་བསམ་པ་རྗེས་དྲན་དྲུག་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་མཐར་གྱིས་སྤྱད་པ་དང་ཞེས་པ་ནས། ལྷ་རྗེས་སུ་དྲན་པ་བསྒོམ་མོ་ཞེས་པའི་བར་གྱིས་བསྟན་ཏེ། སྤྱད་པ་དང༌། བསླབ་པ་དང༌། འཇུག་པ་ཞེས་པའི་ཚིག་གསུམ་སྨོས་པ་ནི། སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་གསུམ་གྱི་གནས་སྐབས་ལ་སློབ་ཚུལ་བསྟན་ཏོ། །རྣམ་མཁྱེན་ཡིད་བྱེད་ཀྱིས་ནི་སེམས་བསྐྱེད་དང༌། ངོ་བོ་ཉིད་མེད་པས་ནི་བསྒོམ་ཚུལ་དང༌། སངས་རྒྱས་སོགས་དྲུག་གིས་ནི་བསྒོམ་བྱ་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ། སངས་རྒྱས་སོགས་རྗེས་དྲན་དྲུག་ལས། དང་པོ་སངས་རྒྱས་རྗེས་དྲན་སྟོན་པ་ལ། རྗེས་སུ་དྲན་ཚུལ་བཤད། རྗེས་སུ་དྲན་པའི་བྱེད་པ་བསྟན། རྣམ་པར་རྟོག་པའི་ཉེས་པས་མ་གོས་པའི་དོན་ནོ། །དང་པོ་ལ་ཚོགས་ལམ་དུ་སྒོམ་ཚུལ་དང༌། སྦྱོར་ལམ་དུ་སྒོམ་ཚུལ་དང༌། མཐོང་ལམ་དུ་སྒོམ་པའི་ཚུལ་དང༌། སྒོམ་ལམ་དུ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་དྲི་བའི་སྒོ་ནས་མཚམས་སྦྱར་བ་ནི། རབ་འབྱོར་གྱིས་ཞེས་པ་ནས་སོ། །གཉིས་པ་ལན་ལ་བཞི་སྟེ། ཡུལ་གང་དུ་ཡང་དྲན་པར་བྱར་མེད་པའི་ཚུལ་གྱིས་དྲན་པ་དང༌། གང་དུ་དྲན་པར་བྱ་བའི་ཡུལ་མེད་པའི་འཐད་པ་དང༌། དངོས་པོ་མེད་པས་དྲན་པར་མི་ནུས་པར་བསྟན་པ་དང༌། ཡིད་ལ་བྱར་མེད་པའི་ཚུལ་གྱིས་དྲན་པ་མི་འགལ་བའི་འཐད་པའོ། །དང་པོ་ནི། རབ་འབྱོར་འདི་ལ་ཞེས་པ་ནས་ཡིད་ལ་མི་བྱེད་དོ་ཞེས་པའི་བར་ཏེ། ཚོགས་ལམ་དུ་སངས་རྒྱས་ལ་ཕུང་པོ་ལྔའི་དངོས་པོར་ཞེན་པ་དགག་པའོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དངོས་པོ་མེད་པའི་བར་ཏེ། གཟུགས་ལ་ཞེས་པ་ནི་ཆོས་ཅན་ནོ། །ངོ་བོ་ཉིད་མེད་ཅེས་པ་ནི་གཏན་ཚིགས་སོ། །དངོས་པོ་མེད་ཅེས་པ་ཁ་བཀང་ནས་བསྒྲུབ་བྱའི་ཆོས་སུ་སྦྱར་རོ། །གང་ལ་ངོ་བོ་ཉིད་མེད་པ་ནི། དངོས་པོ་མེད་པས་ཞེས་པས་ནི་ཁྱབ་པ་བསྟན་པའོ། །ལྷག་མ་ཚོར་བ་སོགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །གསུམ་པ་ནི། དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། ཞེས་པ་སྟེ། ངོ་བོ་ཉིད་མེད་པས་དངོས་པོ་མེད་པར་བསྟན་ལ། དངོས་པོ་མེད་པའི་རྟགས་ཀྱིས་ངོ་བོ་ཉིད་ཡོད་པ་དྲན་པར་མི་ནུས་པར་བསྟན་པའོ། །བཞི་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྗེས་སུ་དྲན་པའོ་ཞེས་པའི་བར་རོ། །གཉིས་པ་སྦྱོར་ལམ་དུ་བསྒོམ་པའི་ཚུལ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌།                 རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*