སྟོང་ཕྲག་བརྒྱ་པའི་རྣམ་འགྲེལ་གྱི་སྨད་ཕྱོགས། ཉ༽

བྱེད་པའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་དང་པོ་དྲོད་ཀྱི་གནས་སྐབས་སུ་རྗེས་སུ་དྲན་པ་སྒོམ་ཚུལ་ལ་སྔར་ལྟར་བཞི་ལས། དངོས་པོར་བདེན་པར་ཡིད་ལ་བྱར་མེད་པའི་ཚུལ་གྱིས་རྗེས་སུ་དྲན་པ་བསྒོམ་ཚུལ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡིད་ལ་མི་བྱེད་དོ་ཞེས་པའི་བར་ཏེ། དྲོད་ཐོབ་པ་ན། མཚན་དཔེ་དང་ལྡན་པའི་གཟུགས་སྐུ་མཐོང་བས་དེ་ལ་མངོན་པར་ཞེན་པ་དགག་པའོ། །གཉིས་པ་བདེན་པར་ཡིད་ལ་མི་བྱེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ངོ་བོ་ཉིད་མེད་པའི་རྟགས་ཀྱིས་བདེན་པའི་དངོས་པོ་མེད་པར་བསྒྲུབ་པའོ། །དངོས་པོ་མེད་པས་བདེན་པར་དྲན་པར་མི་ནུས་པར་བསྟན་པ་ནི། དངོས་པོ་མེད་པས་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ་ཞེས་པས་བསྟན་ཏོ། །བདེན་པར་ཡིད་ལ་བྱར་མེད་པའི་ཚུལ་གྱིས་དྲན་པ་ཉིད་རྗེས་དྲན་དུ་བསྟན་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དྲན་པའོ་ཞེས་པའི་བར་རོ། །རྩེ་མོའི་གནས་སྐབས་སུ། རྗེས་དྲན་སྒོམ་ཚུལ་ལ་སྔར་ལྟར་བཞི་ལས། ཡིད་ལ་བྱར་མེད་པའི་ཚུལ་གྱིས་རྗེས་སུ་དྲན་པ་སྒོམ་ཚུལ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཕུང་པོར་ཡིད་ལ་མི་བྱེད་ཅེས་པའི་བར་ཏེ། རྩེ་མོ་ཐོབ་པ་ན། སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་སོགས་པའི་ཟག་པ་མེད་པའི་ཕུང་པོ་རྟོགས་པས་དེ་ལ་ཞེན་པ་འབྱུང་བ་དགག་པའི་དོན་ནོ། །གང་དུ་ཡིད་ལ་བྱ་བའི་ཡུལ་མེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་པ་ནས། དངོས་པོ་མེད་པའོ་ཞེས་པའི་བར་རོ། །དོན་ནི་སྔ་མ་བཞིན་ནོ། །དངོས་པོ་མེད་པས་བདེན་པར་དྲན་མི་ནུས་པར་བསྟན་པ་ནི། དངོས་པོ་ཞེས་པ་ནས། མི་ནུས་སོ་ཞེས་པའི་བར་རོ། །ཡིད་ལ་བྱར་མེད་པའི་ཚུལ་གྱིས་དྲན་པ་ཉིད་རྗེས་དྲན་དུ་འཇོག་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྗེས་སུ་དྲན་པའོ་ཞེས་པའི་བར་རོ། །བཟོད་པའི་སྐབས་སུ་རྗེས་དྲན་སྒོམ་ཚུལ་ལ། སྔར་ལྟར་བཞི་ལས། ཡིད་ལ་བྱར་མེད་པའི་ཚུལ་གྱིས་རྗེས་སུ་དྲན་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་ཡིད་ལ་མི་བྱེད་ཅེས་པའི་བར་རོ། །སྟོབས་བཅུ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་རྣམ་པའི་སྒོ་ནས་ཡིད་ལ་མི་བྱེད་ཅེས་པའི་བར་ཏེ། བཟོད་པ་ཐོབ་ན་སྟོབས་ལ་སོགས་པའི་ཡོན་ཏན་དང་ལྡན་པར་མཐོང་བས། དེ་ལ་ཞེན་པ་དགག་པའོ། །བདེན་པར་ཡིད་ལ་མི་བྱེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དངོས་པོ་མེད་པའོ་ཞེས་པའི་བར་རོ། །དངོས་པོ་མེད་པས་དྲན་པར་མི་ནུས་པར་བསྟན་པ་ནི། དངོས་པོ་མེད་པ་ནི་ཞེས་སོགས་སོ། །ཡིད་ལ་བྱར་མེད་པའི་ཚུལ་གྱིས་དྲན་པ་མི་འགལ་བའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྗེས་སུ་དྲན་པའོ་ཞེས་པའི་བར་རོ། །ཆོས་མཆོག་གི་གནས་སྐབས་སུ། རྗེས་དྲན་སྒོམ་ཚུལ་ལ་སྔར་ལྟར་བཞི་ལས། དང་པོ་ཡིད་ལ་བྱར་མེད་པའི་ཚུལ་གྱིས་རྗེས་སུ་དྲན་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། རྟེན་ཅིང་འབྲེལ་བར་འབྱུང་བར་ཡིད་ལ་མི་བྱེད་ཅེས་པའི་བར་ཏེ། ཆོས་མཆོག་གི་གནས་སྐབས་སུ་ཚོགས་གཉིས་ཀྱི་རྒྱུ་རྐྱེན་ལས་འབྱུང་བར་རྟོགས་ན། དེ་ལ་ཞེན་པ་དགག་པའོ། །བདེན་པར་ཡིད་ལ་མི་བྱེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དངོས་པོ་མེད་པའོ་ཞེས་པའི་བར་རོ། །དྲན་པར་མི་ནུས་པ་ཡང་སྔ་མ་བཞིན་དུ་བཤད་དོ། །ཡིད་ལ་བྱར་མེད་པའི་ཚུལ་གྱིས་རྗེས་སུ་དྲན་པ་མི་འགལ་བའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྗེས་སུ་དྲན་པའོ་ཞེས་པའི་བར་རོ། །གཉིས་པ་བྱེད་པའི་སྒོ་ནས་མཇུག་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བསྒོམ་པར་བྱའོ་ཞེས་པའི་བར་རོ། །མཐོང་ལམ་གྱི་གནས་སྐབས་སུ་རྗེས་དྲན་སྒོམ་ཚུལ་ལ། དེ་ལྟར་ན་མཐར་གྱིས་སྤྱད་པ་དང༌། མཐར་གྱིས་བསླབ་པ་དང་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ཡན་ལག་རྣམས་རྫོགས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་པའི་དོན་ནི། མཐར་གྱིས་འཇུག་པའི་ལམ་ཡོད་པས། ཇི་ལྟར་ཡོད་པའི་ཚུལ་ལ་སློབ་པར་འདོད་པ་དག་གིས། ངོ་བོ་ཉིད་མེད་པའི་རྣམ་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ནས། བྱང་ཆུབ་ཀྱི་ཡན་ལག་གི་བར་རྫོགས་པར་བྱེད་དོ་ཞེས་པའོ། །སྒོམ་ལམ་གྱི་གནས་སྐབས་སུ་རྗེས་དྲན་བསྒོམ་པའི་ཚུལ་ནི། མི་དམིགས་པའི་རྣམ་པས་སྒོམ་ཚུལ་དང༌། བདེན་འཛིན་གྱི་དྲན་པས་མ་གོས་པའི་ཚུལ་གཉིས་ཀྱིས་བསྟན་པའི་དང་པོ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པོ་རྫོགས་པར་བྱེད་དོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །རྗེས་དྲན་བསྒོམ་པའི་བྱེད་པ་ནི། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ་ཞེས་པས་བསྟན་ཏོ། །རྣམ་པར་རྟོག་པའི་དྲན་པས་མ་གོས་པར་བསྟན་པ་ནི། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པའམ་ཞེས་པ་ནས། ལྟ་ཅི་སྨོས་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་རྗེས་སུ་དྲན་པ་ལ་གཉིས་ཏེ། དྲི་བས་མཚམས་སྦྱར་བ་དང༌། སྒོམ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །གཉིས་པ་ལ་ཡིད་ལ་བྱར་མེད་པའི་ཚུལ་གྱིས་བསྒོམ་པ་དང༌། མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་པ་དང༌། རྗེས་དྲན་བསྒོམ་པའི་བྱེད་པ་དང༌། རྣམ་པར་རྟོག་པས་མ་གོས་པའི་ཡོན་ཏན་ནོ། །དང་པོ་ལ་བདེན་པར་ཡིད་ལ་མི་བྱེད་པའི་ཚུལ་བཤད་པ་དང༌། བདེན་པར་ཡིད་ལ་མི་བྱེད་པའི་འཐད་པ་དང༌། དངོས་པོ་མེད་པའི་རྟགས་ཀྱིས་དྲན་པར་མི་ནུས་པ་དང༌། ཡིད་ལ་བྱར་མེད་པའི་ཚུལ་གྱིས་དྲན་པ་མི་འགལ་བའི་འཐད་པ་དང༌། སྒོམ་ཚུལ་གྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་པ་ནས། འདུས་མ་བྱས་ཀྱི་ཆོས་ཡིད་ལ་མི་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། རྟོགས་པའི་ཆོས་ཀྱི་ཡུལ་ཡིད་ལ་མི་བྱེད་པའི་སྒོ་ནས་བསྟན་ཏོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཞེས་སོགས་སོ། །གསུམ་པ་ནི་དངོས་པོ་མེད་པས་ནི་ཞེས་སོགས་སོ། །བཞི་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དྲན་པའོ་ཞེས་པའི་བར་རོ། །ལྔ་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བསྒོམ་པར་བྱ་སྟེ་ཞེས་པའི་བར་རོ། །གཉིས་པ་མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་པ་ལ། མཐར་གྱིས་སློབ་ཚུལ་གསུམ་དུ་བསྟན་པ་དང༌། སློབ་ཚུལ་གསུམ་གྱི་གནས་སྐབས་ལ་མི་དམིགས་པའི་རྣམ་པས་བསྒོམ་ཚུལ་ལོ། །དང་པོ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ལམ་ཡོད་པ་ཡིན་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། བྱང་སེམས་ཆེན་པོ་དེ་མཐར་གྱིས་སྤྱད་པ་ལ་སློབ་ཅིང་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། རྣམ་མཁྱེན་གྱི་བར་མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་ཚུལ་གྱིས་བསྟན་ཏོ། །གསུམ་པ་རྗེས་དྲན་བསྒོམ་པའི་བྱེད་པ་ནི། དེ་ནི་ཆོས་ཐམས་ཅད་ཅེས་པ་ནས། འཚང་རྒྱ་བར་འགྱུར་ཏེ་ཞེས་པའི་བར་རོ། །བཞི་པ་ནི། དེ་དངོས་པོ་ཡོད་པར་འདུ་ཤེས་པའམ་ཞེས་པ་ནས། ལྟ་ཅི་ཞིག་སྨོས་ཞེས་པའི་བར་རོ། །དགེ་འདུན་རྗེས་སུ་དྲན་པ་ལ་གཉིས་ཏེ། དྲི་བའི་སྒོ་ནས་མཚམས་སྦྱར་བ་དང༌། སྒོམ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །གཉིས་པ་ལ་ཡིད་ལ་མི་བྱེད་པའི་ཚུལ་གྱིས་བསྒོམ་པ་དང༌། མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་པའི་ཚུལ་དང༌། རྗེས་དྲན་བསྒོམ་པའི་བྱེད་པ་དང༌། མི་མཐུན་ཕྱོགས་ཀྱི་ཉེས་པས་མ་གོས་པའི་ཡོན་ཏན་ནོ། །དང་པོ་ལ། ཡིད་ལ་མི་བྱེད་པའི་ཚུལ་བསྟན་པ་དང༌། ཇི་ལྟར་བསྒོམ་པའི་ཚུལ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་སྔ་མ་ལྟར་མི་དམིགས་པར་ཡིད་ལ་བྱ་བ་དང༌། མི་དམིགས་པའི་འཐད་པ་དང༌། དངོས་པོ་མེད་པས་དྲན་པར་མི་ནུས་པ་དང༌། ཡིད་ལ་བྱར་མེད་པའི་ཚུལ་གྱིས་དྲན་པ་མི་འགལ་བའི་འཐད་པ་དང་བཞིས་བསྟན་ཏེ། རབ་འབྱོར་འདི་ལ་ཞེས་པ་ནས། དགེ་འདུན་རྗེས་སུ་དྲན་པའོ་ཞེས་པའི་བར་གྱིས་རྗེས་སུ་བསྟན་ཚུལ་སྔ་མ་བཞིན་དུ་སྦྱར་རོ། །གཉིས་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བསྒོམ་པར་བྱ་སྟེ་ཞེས་པའི་བར་རོ། །གཉིས་པ་མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་ཚུལ་ལ་གཉིས་ཏེ། རིམ་གྱིས་སློབ་ཚུལ་གསུམ་དུ་བསྟན་པ་དང༌། སློབ་ཚུལ་གསུམ་གྱི་གནས་སྐབས་ལ་མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་པའོ། །དང་པོ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས་ཡོད་པ་ཡིན་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། བྱང་སེམས་ཆེན་པོ་དེ་མཐར་གྱིས་སྤྱད་པ་ལ་སློབ་ཅིང༌། མཐར་གྱིས་བསླབ་པ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། དེ་ནི་ཆོས་ཐམས་ཅད་ཅེས་པ་ནས། འགྱུར་ཏེ་ཞེས་པའི་བར་རོ། །བཞི་པ་ནི། །དེ་ལ་དངོས་པོ་ཞེས་པ་ནས། ཅི་ཞིག་སྨོས་ཞེས་པའི་བར་རོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་ལ་དྲི་བས་མཚམས་སྦྱར་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །གཉིས་པ་སྒོམ་ཚུལ་རྒྱས་པར་བཤད་པ་ལ། བདེན་པར་ཡིད་ལ་བྱར་མེད་པའི་ཚུལ་དང༌། མི་དམིགས་པའི་རྣམ་པས་རྟོགས་པར་བྱེད་པ་དང༌། རྗེས་སུ་དྲན་པ་སྒོམ་པའི་བྱེད་པ་དང༌། རྣམ་པར་རྟོག་པས་མ་གོས་པའི་ཡོན་ཏན་ནོ། །དང་པོ་ལ་ཡིད་ལ་མི་བྱེད་པའི་བསྒོམ་ཚུལ་དང༌། ཡིད་ལ་བྱར་མེད་པའི་འཐད་པ་དང༌། དངོས་པོ་མེད་པས་དྲན་པར་མི་ནུས་པ་དང༌། ཡིད་ལ་བྱར་མེད་པའི་ཚུལ་གྱིས་དྲན་པ་མི་འགལ་བའི་འཐད་པ་དང་དོན་བཞིས་བསྟན་ཏེ། རིམ་པ་ལྟར། རབ་འབྱོར་ཞེས་སོགས་དང༌། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་དང༌། དངོས་པོ་མེད་པས་ཞེས་སོགས་དང༌། དེ་ཅིའི་ཕྱིར་ཞེས་སོགས་ཀྱིས་བསྟན་ཏོ། །གཉིས་པ་སྒོམ་ཚུལ་བསྡུས་ཏེ་བསྟན་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བསྒོམ་པར་བྱས་ཏེ་ཞེས་པའི་བར་རོ། །གཉིས་པ་ལ། རིམ་གྱིས་སློབ་ཚུལ་གྱི་རིམ་པ་གསུམ་དུ་བསྟན་པ་དང༌། གསུམ་དུ་མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་པའོ། །དང་པོ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཡོད་པ་ཡིན་ཏེ་ཞེས་པའི་བར་རོ། །གཉིས་པ་ནི་བྱང་སེམས་ཆེན་པོ་དེ་མཐར་གྱིས་སྤྱད་པ་ལ་སློབ་ཅིང་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །རྗེས་སུ་དྲན་པ་བསྒོམ་པའི་བྱེད་པ་ནི། །དེ་ནི་ཞེས་པ་ནས། འཚང་རྒྱ་བར་འགྱུར་ཏེ་ཞེས་པའི་བར་རོ། །མི་མཐུན་ཕྱོགས་ཀྱི་རྟོག་པས་མ་གོས་པའི་ཡོན་ཏན་ནི། དེ་ལ་དངོས་པོ་ཞེས་པ་ནས། ཅི་ཞིག་སྨོས་ཞེས་པའི་བར་རོ། །གཏོང་བ་རྗེས་སུ་དྲན་པ་ལ་དྲི་བའི་སྒོ་ནས་མཚམས་སྦྱར་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །གཉིས་པ་སྒོམ་ཚུལ་བསྟན་པ་ལ། བདེན་པར་ཡིད་ལ་མི་བྱ་བའི་སྒོམ་ཚུལ་དང༌། མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་ཚུལ་དང༌། རྗེས་སུ་དྲན་པ་བསྒོམ་པའི་བྱེད་པ་དང༌། མི་མཐུན་ཕྱོགས་ཀྱི་རྟོག་པས་མ་གོས་པའི་ཡོན་ཏན་ནོ། །དང་པོ་ལ་ཡིད་ལ་བྱར་མེད་པའི་སྒོམ་ཚུལ་དངོས་དང༌། མི་དམིགས་པའི་རྣམ་པས་བསྒོམ་པར་བྱ་བའོ། །དང་པོ་ལ་བདེན་པར་ཡིད་ལ་བྱར་མེད་པའི་ཚུལ་དང༌། ཡིད་ལ་བྱར་མེད་པའི་འཐད་པ་དང༌། དངོས་པོ་མེད་པས་དྲན་པར་མི་ནུས་པ་དང༌། ཡིད་ལ་མི་བྱེད་པའི་ཚུལ་གྱིས་དྲན་པར་མི་འགལ་བའི་འཐད་པ་དང་དོན་བཞིས་བསྟན་ཏེ། རབ་འབྱོར་འདི་ལ་ཞེས་སོགས་དང༌། དེ་ཅིའི་ཕྱིར་ཞེས་སོགས་དང༌། དངོས་པོ་མེད་པས་ཞེས་སོགས་དང༌། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་རིམ་པ་བཞིན་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། བསྒོམ་པར་བྱས་ཏེ་ཞེས་པའི་བར་རོ། །གཉིས་པ་མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་པ་ལ་མཐར་གྱིས་སློབ་པའི་རིམ་པ་གསུམ་དུ་བསྟན་པ་དང༌། རིམ་པ་གསུམ་ཡོད་པ་ལྟར་མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་ཚུལ་ལོ། །དང་པོ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཡོད་པ་ཡིན་ཏེ་ཞེས་པའི་བར་རོ། །གཉིས་པ་ནི་བྱང་སེམས་ཆེན་པོ་དེ་མཐར་གྱིས་སྤྱད་པ་ལ་སློབ་ཅིང་ཞེས་པ་ནས། རྣམ་མཁྱེན་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་རྗེས་དྲན་བསྒོམ་པའི་བྱེད་པ་ནི། དེ་ནི་ཞེས་པ་ནས། འཚང་རྒྱ་བར་འགྱུར་ཏེ་ཞེས་པའི་བར་རོ། །བཞི་པ་མི་མཐུན་ཕྱོགས་ཀྱི་རྟོག་པས་མ་གོས་པའི་ཡོན་ཏན་ནོ། །དེ་ལ་དངོས་པོ་ཞེས་པ་ནས། ཅི་ཞིག་སྨོས་ཞེས་པའི་བར་རོ། །ལྷ་རྗེས་སུ་དྲན་པ་ལ། དྲི་བའི་སྒོ་ནས་མཚམས་སྦྱར་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །རྗེས་དྲན་སྒོམ་ཚུལ་རྒྱས་པར་བཤད་པ་ལ། བདེན་པར་ཡིད་ལ་བྱར་མེད་པའི་སྒོམ་ཚུལ་དང༌། མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་པ་དང༌། རྗེས་དྲན་བསྒོམ་པའི་བྱེད་པ་དང༌། མི་མཐུན་ཕྱོགས་ཀྱི་རྟོག་པས་མ་གོས་པའི་ཡོན་ཏན་ནོ། །དང་པོ་ལ། བདེན་པར་ཡིད་ལ་བྱར་མེད་པའི་ཚུལ་དངོས་དང༌། བསྒོམ་བྱར་གདམས་པའི་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ལ་བདེན་པར་ཡིད་ལ་མི་བྱ་བའི་ཚུལ་དང༌། ཡིད་ལ་མི་བྱེད་པའི་འཐད་པ་དང༌། དངོས་པོ་མེད་པས་དྲན་པར་མི་ནུས་པ་དང༌། ཡིད་ལ་བྱར་མེད་པའི་ཚུལ་གྱིས་འཐད་པ་དང་དོན་བཞིས་བསྟན་ཏེ། དང་པོ་ནི། རབ་འབྱོར་འདི་ལ་ཞེས་སོགས་དང༌། གཉིས་པ་ནི། དེ་ཅིའི་ཕྱིར་ཞེས་སོགས་དང༌། གསུམ་པ་ནི་དངོས་པོ་མེད་པ་ཞེས་སོགས་དང༌། བཞི་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སོགས་ཀྱིས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བསྒོམ་པར་བྱ་སྟེ་ཞེས་པའི་བར་རོ། །གཉིས་པ་ལ་སློབ་ཚུལ་གྱི་རིམ་པས་གསུམ་དུ་བསྟན་པ་དང༌། སློབ་ཚུལ་གསུམ་པོ་ལྟར་མི་དམིགས་པའི་རྣམ་པས་རྫོགས་པར་བྱེད་ཚུལ་ལོ། །དང་པོ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། ཡོད་པ་ཡིན་ཏེ་ཞེས་པའི་བར་རོ། །གཉིས་པ་ནི་བྱང་སེམས་ཆེན་པོ་དེ་མཐར་གྱིས་སྤྱད་པ་ལ་སློབ་ཅིང་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །གསུམ་པ་རྗེས་དྲན་བསྒོམ་པའི་བྱེད་པ་ནི། དེ་ནི་ཞེས་པ་ནས། འགྱུར་ཏེ་ཞེས་པའི་བར་རོ། །བཞི་པ་ནི། དེ་དངོས་པོ་ཡོད་པ་ཞེས་པ་ནས། ཅི་ཞིག་སྨོས་ཞེས་པའི་བར་རོ། །བསམ་པ་ཕུན་ཚོགས་རྗེས་དྲན་བསྟན་ཟིན་ཏོ།། ༈ དངོས་པོ་མེད་པ་རྟོགས་པའི་མཐར་གྱིས་པ་ལ་གཉིས་ཏེ། སྒོམ་ཚུལ་དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། རྣམ་བྱང་གི་ཆོས་ལ་བསླབ་པར་བྱ་བ་དང༌། ལམ་གོང་མའི་སྐབས་སུ་ཆོས་རྫོགས་པར་བྱེད་པ་དང༌། འཐད་པའི་སྒོ་ནས་མི་དམིགས་པའི་རྣམ་བཤད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསླབ་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། ཐོག་མའི་ལམ་གྱི་གནས་སྐབས་སུ་ཕར་ཕྱིན་ནས། རྣམ་མཁྱེན་གྱི་བར་ལ་སློབ་ཚུལ་བསྟན་པའོ། །གཉིས་པ་ལ། གནས་སྐབས་གསུམ་ལ་སློབ་ཚུལ་གྱི་བྱེ་བྲག་གསུམ་ཡོད་པར་བསྟན་པ་དང༌། རྣམ་པ་གང་གིས་རྫོགས་པར་བྱེད་པའི་ཚུལ་དང༌། ཡོངས་སུ་རྫོགས་པའི་བྱེད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ལམ་ཡོད་པ་ཡིན་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། བྱང་སེམས་ཆེན་པོ་དེ་མཐར་གྱིས་སྤྱད་པ་དང་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྣམ་མཁྱེན་རྫོགས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། བསླབ་ཚུལ་གསུམ་ཡོད་པ་ལྟར་སློབ་པར་འདོད་པས། མི་དམིགས་པའི་རྣམ་པས་རྣམ་བྱང་གི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་དོན་ནོ། །གསུམ་པ་ནི། དེ་ནི་ཆོས་ཐམས་ཅད་ཅེས་པ་ནས་འགྱུར་ཏེ་ཞེས་པའི་བར་རོ། །གསུམ་པ་ནི། དེ་ལ་དངོས་པོ་གང་ཡང་མེད་ན་ཞེས་པས་ནི། འཐད་པ་བསྟན་ཏོ། །གཟུགས་སམ་ཚོར་བའམ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོད་པར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མེད་དོ་ཞེས་པའི་བར་གྱིས་ནི། གོང་དུ་འཐད་པ་བཀོད་པ་དེ་ཉིད་ཀྱི་བསྒྲུབ་བྱའི་ཆོས་བསྟན་ཏོ། །གཉིས་པ་རྩོད་པ་སྤང་བ་ལ། ངོ་བོ་ཉིད་མེད་པར་སྨྲ་བ་ལ། ཆད་པར་འགྱུར་བའི་ཉེས་པ་སྤངས་པ་དང༌། བྱང་ཆུབ་ཏུ་འཇུག་པ་མེད་པར་ཐལ་བའི་ཉེས་པ་སྤང་བ་དང༌། དངོས་པོའི་ཆོས་ཉིད་དཀྲུག་ཏུ་ཡོད་པར་ཐལ་བ་སྤང་བ་དང༌། བྱང་ཆུབ་ཏུ་འཇུག་པའི་སྤྱོད་པ་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ནི། གཞན་གྱིས་ཇི་ལྟར་རྩོད་པའི་ཚུལ་དང༌། རབ་འབྱོར་ལ་བརྒལ་བའི་སྒོ་ནས་ལན་བསྟན་པ་དང༌། རབ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་དགོངས་པ་དང་མཐུན་པར་བརྗོད་པ་དང༌། དགོངས་པ་དང་མཐུན་པར་སྨྲ་ན་རྩོད་པ་འགོད་པ་མི་རིགས་པ་དང༌། རབ་འབྱོར་རང་ཉིད་ལ་ཐེ་ཚོམ་མེད་པའི་ལན་དང༌། གདུལ་བྱའི་ལོག་རྟོག་སེལ་བའི་དོན་དུ་ཞུ་བར་བསྟན་པ་དང༌། ཐེ་ཚོམ་མ་མཆིས་པའི་དོན་ལ་རྗེས་སུ་ཡི་རང་བར་མཛད་པའོ། །དང་པོ་ལ་ཁས་བླངས་རྗེས་སུ་བརྗོད་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནས། མ་མཆིས་པའི་ངོ་བོ་ཉིད་ལགས་ན་ཞེས་པའི་བར་རོ། །ཐལ་འགྱུར་འགོད་པ་ནི། འོ་ན་ཅི་གཟུགས་ཀྱང་མ་མཆིས་སོ་ཞེས་པ་ནས་ཆོས་ཐམས་ཅད་ཀྱང་མ་མཆིས་པ་ལགས་སམ་ཞེས་པའི་བར་ཏེ། ངོ་བོ་ཉིད་མེད་ན་ཐམས་ཅད་མེད་པ་ཉིད་དུ་འགྱུར་རོ། །ཞེས་པའི་དོན་ནོ། །གཉིས་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཡོད་སྙམ་མམ་ཞེས་པའི་བར་གྱིས་བསྟན་ཏེ། ཁྱད་གཞི་མེད་པ་ལ་ཁྱད་ཆོས་ཡོད་མེད་ཀྱི་ཁྱད་པར་ཡོད་དམ་ཞེས་བརྒལ་བའོ། །གསུམ་པ་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། མི་དམིགས་སོ་ཞེས་པའི་བར་རོ། །བཞི་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་ཅིའི་ཕྱིར་ཁྱོད་དེ་ལྟར་ཞེས་པ་ནས། ཆོས་ཐམས་ཅད་ཀྱང་མེད་དོ་ཞེས་བྱ་བར་སེམས་པར་འགྱུར་ཞེས་པའི་བར་རོ། །ལྔ་པ་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། ཐེ་ཚོམ་ཡང་མ་མཆིས་ཞེས་པའི་བར་རོ། །དྲུག་པ་ནི། འོན་ཀྱང་བཅོམ་ལྡན་འདས་མ་བྱུང་བའི་དུས་ན་ཞེས་པ་ནས། དོན་དེ་ཞུས་པ་ལགས་ཀྱི་བདག་ནི་ཆོས་འདི་ལ་ནེམ་ནུར་མ་མཆིས་སོ་ཞེས་པའི་བར་རོ། །བདུན་པ་བཅོམ་ལྡན་འདས་ཀྱིས་དེ་ལ་རྗེས་སུ་ཡི་རང་བར་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དེ་དེ་བཞིན་ནོ་ཞེས་པའི་བར་རོ། །མཐར་གྱིས་པའི་ལེའུ་སྟེ་དྲུག་ཅུ་པ་རྣམ་པར་བཤད་པའོ།།  ༈ དྲུག་ཅུ་རེ་གཅིག་པ་མཚན་མ་མེད་པའི་ལེའུ་བཤད་པ། གཉིས་པ་བྱང་ཆུབ་ཏུ་འཇུག་པ་མེད་པར་ཐལ་བའི་ཉེས་པ་སྤང་བ་ལ། རྩོད་པ་འགོད་པ་དང༌། ངོ་བོ་ཉིད་མེད་པ་ལ་ལམ་ལ་འཇུག་པ་འཐད་པ་དང༌། ཇི་ལྟར་འཐད་པའི་ཚུལ་བསྟན་པ་དང༌། ཐོབ་བྱ་བདེན་པར་གྲུབ་པ་མི་འཐད་པར་བསྟན་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། བྱང་ཆུབ་ཏུ་འཇུག་པ་ལགས་ཞེས་པའི་བར་རོ། །གཉིས་པ་ལ། དམ་བཅའ་འགོད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ལྟར་ཞེས་པ་ནས། བྱང་ཆུབ་ཏུ་འཇུག་སྟེ་ཞེས་པའི་བར་རོ། །འཐད་པ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བྱང་ཆུབ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། བྱང་ཆུབ་ཏུ་འཇུག་པ་ཡོད་ལ། དམིགས་པའི་འདུ་ཤེས་ཅན་གྱིས་བྱང་ཆུབ་ཐོབ་པ་མེད་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་ལ་དྲི་བ་ནི། གསོལ་པ་ཞེས་པ་ནས། མཆིས་སམ་ཞེས་པའི་བར་རོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། བྱང་ཆུབ་བོ་ཞེས་པའི་བར་རོ། །བཞི་པ་ནི། གང་མི་དམིགས་པ་ལ་ཐོབ་པ་ཞེས་པ་ནས། འདོད་དུ་ཟད་དོ་ཞེས་པའི་བར་ཏེ། བདེན་པར་མི་དམིགས་པ་ལ། ཐོབ་པ་སོགས་བདེན་པར་འདོད་ན། དངོས་པོའི་གནས་ཚུལ་དཀྲུགས་པར་འགྱུར་རོ་ཞེས་པའི་དོན་ནོ། །གསུམ་པ་ཆོས་ཉིད་དཀྲུག་ཏུ་ཡོད་པར་ཐལ་བའི་ཉེས་པ་སྤང་བ་ལ་གཉིས་ཏེ། ངོ་བོ་ཉིད་མི་དམིགས་པ་ལ་ཐོབ་པ་དང༌། མངོན་པར་རྟོགས་པ་སོགས་འགལ་བར་རྩོད་པ་དང༌། མི་འགལ་བའི་ཚུལ་གྱིས་རྩོད་པ་སྤང་བའོ། །དང་པོ་ལ། ཁས་བླངས་རྗེས་སུ་བརྗོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དམིགས་པ་མ་མཆིས་པ་ལ་ཡང་ཞེས་པ་ནས། བྱང་ཆུབ་ལགས་ན་ཞེས་པའི་བར་ཏེ། མི་དམིགས་པ་ལ་ཐོབ་པ་སོགས་བདེན་པ་མ་མཆིས་ན་དང༌། ཐོབ་བྱ་ཙམ་ཡོད་པར་མི་འགལ་ན་ཞེས་པའི་དོན་ནོ། །ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་བྱང་སེམས་ཆེན་པོའི་ས་དང་པོ་ཡང་ག་ལ་མཆིས་ཞེས་པ་ནས། སྨིན་པར་འགྱུར་ཀྱང་བས་པར་མི་འགྱུར་ན་ཞེས་པའི་བར་གྱིས་ནི། རྩ་བའི་ཐལ་འགྱུར་བསྟན་ཏེ། བདེན་པའི་ངོ་བོ་ཉིད་མེད་ན་ས་དང་པོ་སོགས་ཡོད་པར་མི་འགྱུར་ཞེས་པའི་དོན་ནོ། །འདོད་པ་ལ་གནོད་བྱེད་འགོད་པ་ནི། བཅོམ་ལྡན་འདས་དེའི་སླད་དུ་ཞེས་པ་ནས། མི་འགྱུར་རམ་ཞེས་པའི་བར་ཏེ། འདོད་ན་དངོས་པོའི་ཆོས་ཉིད་དཀྲུག་པར་འགྱུར་རོ་ཞེས་པའི་དོན་ནོ། །གཉིས་པ་རྩོད་པ་སྤང་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཕྱིར་མི་དམིགས་པ་དེ་ཉིད་ཀྱི་ཕྱིར་ཞེས་པ་ནས། རྣམ་པར་སྨིན་པར་གྱུར་ཀྱང་ཟད་པར་མི་འགྱུར་ཞེས་པའི་དོན་གྱིས་བསྟན་ཏེ། ངོ་བོ་ཉིད་མི་དམིགས་པའི་ཕྱིར་ངོ་བོ་ཉིད་ཀྱིས་སྟོང་པར་རྣམ་པར་བཞག་པས་ཆོས་ཉིད་འཁྲུགས་པར་མི་བྱེད་ལ། དཀྲུགས་པར་ཡང་མི་བྱེད་པ་དེ་ཉིད་ཀྱི་ཕྱིར། རྒྱུ་འབྲས་ཀྱི་ཚུལ་རུང་བས། ས་བཅུ་རུང་བ་ནས། མྱ་ངན་ལས་འདས་ཀྱི་བར་དུ་སྐུ་གདུང་དང་ཉན་ཐོས་དག་ལ་རྒྱུ་དང་མཐུན་པའི་རྣམ་པར་སྨིན་པར་གྱུར་ཀྱང་འབྲས་བུ་འབྱུང་བ་ཟད་པར་མི་འགྱུར་ཞེས་པའི་དོན་ནོ། །གསུམ་པ་བྱང་ཆུབ་ཏུ་འཇུག་པའི་སྤྱོད་པ་མི་འཐད་པའི་རྩོད་པ་སྤང་བ་ལ། ལྟ་བ་དང་སྤྱོད་པ་ཐ་དད་དུ་གྱུར་པ་དགག མི་དམིགས་པའི་སྤྱོད་པའི་ཁྱད་པར་བྱེད་ཆོས། སྤྱོད་པ་དེའི་ཕན་ཡོན་བསྟན་པའོ། །དང་པོ་ལ་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་མི་དམིགས་པ་དང༌། སྦྱིན་པ་དང་ཞེས་པ་ནས། ཐ་སྙད་དུ་གྱུར་པ་ནི་ཅི་ཞིག་མཆིས་ཞེས་པའི་བར་ཏེ། ངོ་བོ་ཉིད་མི་དམིགས་པའི་ཆོས་དང༌། ལྟ་སྤྱོད་སོགས་ལ་ངོ་བོ་ཉིད་ཀྱི་ཁྱད་པར་ཅི་ཞིག་མཆིས་ཞེས་འདྲི་བའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མི་དམིགས་པ་དང་ཞེས་པ་ནས། ཐ་དད་དུ་བྱ་བ་གང་ཡང་མེད་དོ་ཞེས་པའི་བར་དང༌། རབ་འབྱོར་གོས་པ་མེད་པའི་སྦྱིན་པ་དང་ཞེས་བྱ་བ་ནས་ཐ་དད་དུ་བྱ་བར་བསྟན་ཏོ་ཞེས་པའི་བར་གྱིས་བསྟན་ཏེ། འགྲེས་དང་པོའི་དོན་ནི། སྦྱིན་སོགས་ངོ་བོ་ཉིད་མི་དམིགས་པ་ལས། ངོ་བོ་ཐ་དད་དུ་བྱར་མེད་དེ། སྦྱིན་སོགས་བདེན་པར་མི་དམིགས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཞེས་པའོ། །འགྲེས་ཕྱི་མའི་དོན་ནི། མི་མཐུན་ཕྱོགས་ཀྱིས་གོས་པ་མེད་པའི་སྦྱིན་པ་དང༌། ཚུལ་ཁྲིམས་སོགས་ཐ་སྙད་དུ་ཕན་ཚུན་ཐ་དད་པ་ཡིན་ནོ་ཞེས་པའི་དོན་ནོ། །གཉིས་པ་ལ་དྲི་བ་འགོད་པ་ནི། གསོལ་པ་བཅོམ་ལྡན་འདས་གོས་པ་མ་མཆིས་པའི་སྦྱིན་པ་དང་ཞེས་པ་ནས། ཇི་ལྟར་ཐ་དད་དུ་བགྱི་བར་བསྟན་ཞེས་པའི་བར་ཏེ། གོང་དུ་ངོ་བོ་ཉིད་མི་དམིགས་པ་དང༌། བདག་ཉིད་ཐ་མི་དད་པར་བསྟན་པ་དང༌། སྦྱིན་སོགས་ཕན་ཚུན་ཐ་དད་དུ་བསྟན་པ་ལ་དྲི་བའོ། །གཉིས་པ་ལན་ལ། དངོས་ཀྱི་དོན་དང༌། བྱེད་པ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་མི་དམིགས་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཆོས་རྣམས་མི་དམིགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར་ཏེ། སྦྱིན་སོགས་མི་དམིགས་པའི་རྣམ་པས་བསྒོམ་པར་བྱ་བའི་ཕྱིར། བདེན་པར་མི་དམིགས་པ་དང་བདག་ཉིད་གཅིག་ཏུ་བསྟན་ཅིང༌། སྦྱིན་པ་ནས་བྱང་ཆུབ་ཀྱི་བར་ལ་སོ་སོར་འཇུག་པར་བྱ་བ་ཡིན་པས་ཐ་དད་དུ་བསྟན་ཞེས་པའི་དོན་ནོ། །གསུམ་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཚུགས་པར་དཀའ་བ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །འདི་དག་གི་དོན་རྒྱན་ལས། སྦྱིན་པ་ཤེས་རབ་བར་དག་དང༌། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱི་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་གསུངས་སོ། །མཐར་གྱིས་པ་བསྟན་ཟིན་ཏོ།།  ༈ སྐབས་བདུན་པ་སྐད་ཅིག་མའི་དོན་བསྟན་པ། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ། གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། འབུམ་རྒྱས་པ་ལ་ཆད་པར་སྣང་སྟེ། ཉི་ཁྲི་ལ་ཡོད་དོ། །གཉིས་པ་ལ་བཞི་སྟེ། རྣམ་པར་སྨིན་པ་མ་ཡིན་པ་དང༌། རྣམ་པར་སྨིན་པ་དང༌། མཚན་ཉིད་མེད་པ་དང༌། གཉིས་སུ་མེད་པའི་སྐད་ཅིག་མའོ། །དང་པོ་ལ་སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ལ་ཡུམ་གྱིས་ཟིན་པའི་སྤྱོད་པ་དང༌། ཡུམ་གྱིས་ཟིན་པར་སྤྱོད་ཚུལ་དང༌། གཉིས་སུ་མེད་པར་སྤྱོད་ཚུལ་ལོ། །དང་པོ་ལ་དྲི་བ་འགོད་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་པ་ལགས་ཞེས་པའི་བར་ཏེ། ཡུམ་ལ་སྤྱོད་པའི་ཚེ། སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་ཡོངས་སུ་འཛིན་པ་ལགས་སམ་ཞེས་དྲིས་པའོ། །གཉིས་པ་ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་སྦྱིན་པ་གང་གཏོང་བ་དེ་ཞེས་པ་ནས། དཔེ་བྱད་བཟང་པོ་རྣམས་གང་མངོན་པར་བསྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ་ཞེས་པའི་བར་ཏེ། སྐད་ཅིག་མ་གཅིག་གིས་རྣམ་བྱང་གི་ཆོས་ལ་སྤྱོད་པའི་ཚེ། ཡུམ་གྱིས་ཟིན་པ་ཁོ་ནར་སྤྱོད་ཀྱི་མ་ཟིན་པར་སྤྱོད་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །གཉིས་པ་ནི། རབ་འབྱོར་བྱང་སེམས་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ནི། སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པ་ནས། དཔེ་བྱད་བཟང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ལ་དྲི་བ་འགོད་པ་ནི། གསོལ་པ་བཅོམ་ལྡན་འདས་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་དེ་སེམས་བསྐྱེད་པ་གཅིག་གིས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས་ཞེས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་པ་ལགས་ཞེས་པའི་བར་ཏེ། སྔར་སྐད་ཅིག་གིས་ཡུམ་གྱིས་ཟིན་པར་སྤྱོད་ཚུལ་བསྟན་པ་ལ་དྲིས་པའོ། །གཉིས་པ་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་གང་གཏོང་བ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གཏོང་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ་ཞེས་པ་ནས། དཔེ་བྱད་བཟང་པོ་རྣམས་མངོན་པར་བསྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་མངོན་པར་བསྒྲུབ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། སྦྱིན་སོགས་ལ་སྤྱོད་པའི་ཚེ་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པར་བྱས་ཏེ། གཟུང་འཛིན་ཐ་དད་པ་གཉིས་སུ་མི་འགྱུར་ཞེས་པའི་དོན་ནོ། །བཞི་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་ན་སྦྱིན་པ་གཏོང་བ་དང༌། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་ལགས་ཞེས་པ་ནས། ཇི་ལྟར་ན་དཔེ་བྱད་བཟང་པོ་བརྒྱད་ཅུ་མངོན་པར་བསྒྲུབ་པ་དང༌། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་ལགས་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་འཁོར་གསུམ་མི་དམིགས་པར་སྦྱིན་སོགས་བསྒྲུབ་པ་དང༌། གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བར་བསྟན་པ་ལ་དྲི་བ་སྟེ། གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་ན་ཚུལ་ཅི་ལྟ་བུས་བསྒྲུབ་པ་དང༌། ཇི་ལྟར་གཟུང་འཛིན་གཉིས་སུ་མི་འགྱུར་ཞེས་པའོ། །ལན་ལ་གཉིས་ཏེ། སྦྱིན་སོགས་རེ་རེ་ལའང་གཞན་འདུས་པའི་ཚུལ་གྱིས་སྤྱོད་པ་དང༌། སྤྱོད་པ་ཐམས་ཅད་ལ་འཁོར་གསུམ་མི་དམིགས་པས་ཟིན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ་ཞེས་པ་ནས། དེ་ལ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང༌། ལམ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་ཏེ། སྐད་ཅིག་མ་གཅིག་ལ་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པའི་ཚེ། གཞན་རྣམས་ཀྱང་དེ་ལ་འདུས་པའི་ཚུལ་གྱིས་སྤྱོད་དོ་ཞེས་པའོ། །གཉིས་པ་ནི། རབ་འབྱོར་བྱང་སེམས་ཆེན་པོ་དེ་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། སྦྱིན་པ་གཏོང་བ་དེའི་ཚེ་ཞེས་པ་ནས། ཇི་ལྟར་སེམས་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པའི་བར་གྱིས་བསྟན་ཏེ། སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་ལ་སྤྱོད་པ་པོའི་སེམས་དང་སྤྱད་བྱ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་དེ་ལྟར་དུ་ཆོས་ཐམས་ཅད་ཀྱང་རྗེས་སུ་མི་མཐོང་བའི་དོན་གསུམ་གསུམ་གྱིས་བསྟན་ཏོ། །སྤྱིར་བསྟན་པ་བཤད་ཟིན་ཏོ། །གཉིས་པ་སོ་སོར་བཤད་པ་ལ། སྦྱིན་པ་མངོན་དུ་བྱེད་པའི་སྐད་ཅིག་མ་ལ། དྲི་བ་དགོད་པ་དང༌། སྦྱིན་པ་ལ་སྤྱོད་པའི་ཚུལ་བཤད་པའོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང༌། བགྱིས་པ་མ་མཆིས་པ་དང༌། དམིགས་སུ་མ་མཆིས་པ་དང༌། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་སེམས་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་པའི་བར་གྱིས་བསྟན་ཏེ། སྦྱིན་པ་ནས་མ་འདྲེས་པའི་བར་གྱི་སྤྱོད་པ་ཇི་ལྟར་རྫོགས་པར་བྱེད་པའི་ཚུལ་རེ་རེ་ནས་དྲི་བ་བཀོད་པའོ། །མཚན་མ་མ་མཆིས་པ་སོགས་བཞི་སྨོས་པའི་དོན་ནི། སྤྲོས་པའི་མཚན་མ་མ་མཆིས་པ་དང༌། ཡིད་ལ་བགྱིད་པ་མ་མཆིས་པ་དང༌། ཡུལ་ཅན་གྱིས་དམིགས་སུ་མ་མཆིས་པ་དང༌། འབད་རྩོལ་གྱིས་མངོན་པར་འདུ་བ་མ་མཆིས་པ་ཞེས་སྦྱར་རོ། །གཉིས་པ་ལ། སྦྱིན་པ་ལ་འཇུག་པ་ཡོངས་སུ་མི་གཏོང་བ་དང༌། སྦྱིན་པ་ཡོངས་སུ་བསྔོ་བའི་ཚུལ་དང༌། སྦྱིན་པའི་བྱེད་པ་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང་ཞེས་པ་ནས། འོན་ཀྱང་བདག་གིས་སྦྱིན་པ་ཡོངས་སུ་བཏང་བར་བྱ་ཡི་བདག་གིས་སྦྱིན་པ་མི་སྦྱིན་པར་མི་བྱའོ་སྙམ་ནས་ཞེས་པའི་བར་རོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་ཞེས་པ་ནས། ཡོངས་སུ་བསྔོས་ཏེ་ཞེས་པའི་བར་རོ། །གཉིས་པ་ལ་ཡང༌། འཁོར་གསུམ་མི་དམིགས་པའི་ཚུལ་དང༌། དེའི་འཐད་པ་བསྟན་པ་དང༌། མི་དམིགས་པའི་བསྔོ་བའི་བྱེད་ཆོས་སོ། །དང་པོ་ནི་ཅི་ནས་ཀྱང་ཡོངས་སུ་བསྔོ་བའི་ཚེ་ཞེས་པ་ནས། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པའི་བར་རོ། །གཉིས་པ་ནི། མཐའ་ཅི་ཞིག་ཡོངས་སུ་བསྔོ་བར་འགྱུར་ཞེས་པ་བསྒྲུབ་བྱའི་ཆོས་སུ་བྱས་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཆོས་ཐམས་ཅད་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ན་ཞེས་པའི་བར་འཐད་པར་སྦྱར་རོ། །གསུམ་པ་ནི། གང་ལ་ཡོངས་སུ་བསྔོ་བར་འགྱུར་ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་བསྔོ་བ་ཡིན་ཏེ། ཞེས་པའི་བར་རོ། །གསུམ་པ་སྦྱིན་པའི་བྱེད་པ་བཤད་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། གཞན་དོན་གྱི་བྱེད་པ་དང༌། རང་དོན་གྱི་བྱེད་པ་དང༌། གཉིས་དོན་གྱི་བྱེད་པ་དང༌། བྱེད་པ་ལ་དོགས་པ་བཅད་པའོ། །དང་པོ་ནི། རབ་འབྱོར་བྱང་སེམས་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་ཅེས་པ་ནས། མངོན་པར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། སངས་རྒྱས་ཀྱི་ཆོས་ཡོངས་སུ་འཛིན་ཏོ་ཞེས་པའི་བར་རོ། །གསུམ་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །བཞི་པ་ནི། འོ་ན་སྦྱིན་པའི་རྣམ་སྨིན་ཡོངས་སུ་འཛིན་ནམ། མི་འཛིན་དང་པོ་ལྟར་ན། འཁོར་གསུམ་མི་དམིགས་པར་འགལ་ལ། གཉིས་པ་ལྟར་ན། གཞན་ལ་གཏོང་བ་ཡང་བྱར་མེད་དོ་ཞེ་ན། རྣམ་སྨིན་མི་འཛིན་པར་བསྟན་པ་ནི། དེ་ཐོག་མ་ཉིད་དུ་ཞེས་པ་ནས། ཡོངས་སུ་མི་འཛིན་ཏེ་ཞེས་པའི་བར་རོ། །སྦྱིན་པ་གཏོང་བ་བྱར་མེད་པ་ཡང་མ་ཡིན་པ་ནི། འོན་ཀྱང་དེའི་ཡོ་བྱད་ཐམས་ཅད་བསམ་པ་ཙམ་གྱིས་གྲུབ་བོ་ཞེས་བསྟན་ཏོ། །དེ་ཉིད་དཔེའི་སྒོ་ནས་བསྟན་པ་ནི། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ཞེས་པ་ནས། བསམ་པ་ཙམ་གྱིས་འགྲུབ་བོ་ཞེས་པའི་བར་རོ། །ཡོ་བྱད་འབྱུང་བ་དེ་དག་གི་བྱེད་པ་ནི། དེ་ཡོ་བྱད་དེ་དག་གི་ཞེས་པ་ནས། རབ་ཏུ་གཞོག་གོ་ཞེས་པའི་བར་རོ། །དོགས་པ་གཅོད་ཚུལ་བསྟན་ཟིན་ཏོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །ཚུལ་ཁྲིམས་མངོན་དུ་བྱེད་པའི་སྐད་ཅིག་མ་ལ་དྲི་བ་འགོད་པ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེ་ན་ཞེས་པའི་བར་རོ། །གཉིས་པ་ལན་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཚུལ་ཁྲིམས་ལ་སྤྱོད་པའི་ཚུལ་དང༌། ཐབས་ལ་མཁས་པས་ཟིན་པའི་ཁྱད་པར་དང༌། ཚུལ་ཁྲིམས་ཁྱད་པར་ཅན་གྱི་བྱེད་པ་བསྟན་པའོ། །དང་པོ་ལ། དུ་མས་ཁྱད་པར་དུ་བྱས་པ་དང༌། འབྲས་བུ་ལ་རེ་བའི་རློམ་སེམས་མེད་པའོ། །དང་པོ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། མཁས་པས་བསྟོད་པ་ཡིན་ཏེ་ཞེས་པའི་བར་རོ། །གཉིས་པ་ནི་ཚུལ་ཁྲིམས་དེས་གཟུགས་སམ་ཚོར་བའམ་ཞེས་པ་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་ཐོབ་པ་བྱའོ་ཞེས་ཆོས་གང་ལ་ཡང་རློམ་སེམས་མེད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། གཞན་དུ་ན་ཚུལ་ཁྲིམས་དེ་ཞེས་པ་ནས། དོན་དམ་པར་ནི་མ་ཡིན་ནོ་ཞེས་པའི་བར་ཏེ། རློམ་སེམས་ཡོད་པ་ལས་གཞན་དུ་རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་མཚན་མ་མེད་པའི་ཚུལ་གྱིས་ཐ་སྙད་དུ་བསྔོ་ཡི། དོན་དམ་པར་ནི་མ་ཡིན་ནོ་ཞེས་པའོ། །གསུམ་པ་ནི། ཆོས་གང་དང་གང་ལ་མཐུ་ཡོད་པ་དེ་དང་དེ་དག་ལས་རབ་ཏུ་གཞོག་སྟེ་ཞེས་པའི་བར་གྱིས་བསྟན་པའི་དོན། མངོན་ཤེས་དྲུག་གི་ཐུན་མོང་གི་བྱེད་པས་བསམ་གཏན་བཞི་བསྒྲུབ་པ་དང༌། སོ་སོའི་བྱེད་པས་གནས་སྐབས་དང་མཐར་ཐུག་གི་བྱེད་པ་གཉིས་གཉིས་ཀྱིས་བསྟན་ཏོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །བཟོད་པའི་སྐད་ཅིག་མ་ལ་གཉིས་ཏེ། དྲི་བ་འགོད་པ་དང༌། ལན་བཤད་པའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ཞེ་ན་ཞེས་པའི་བར་རོ། །གཉིས་པ་ལན་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་བཟོད་པ་འཇུག་པའི་ཚུལ་དང༌། བཟོད་པ་བསྒོམ་པའི་བྱེད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། བཟོད་པ་གཉིས་བསྒོམས་ཏེ་ཞེས་པའི་བར་རོ། །གཉིས་པ་ལ་བཟོད་པ་ཐོབ་པའི་ཚུལ་དང༌། བཟོད་པའི་སྒྲ་དོན་བཤད་པའོ། །དང་པོ་ནི། བྱང་སེམས་ཆེན་པོ་གནོད་པ་ལས་མི་ཕྱེད་པའི་བཟོད་པ་ནི་ཞེས་པ་ནས། མི་དབྱེའོ་ཞེས་པའི་བར་རོ། །གཉིས་པ་ནི་དེས་འདི་ལྟར་བརྟགས་པར་བྱ་སྟེ་ཞེས་པ་ནས་དམིགས་པ་ལྟ་ག་ལ་ཡོད་ཅེས་པའི་བར་རོ། །གསུམ་པ་ནི། དེས་དེ་ལྟར་ཞེས་པ་ནས། འཐོབ་བོ་ཞེས་པའི་བར་རོ། །བཞི་པ་ནི། ཅིའི་ཕྱིར་བཟོད་པ་ཞེས་བྱ་ཞེ་ན་ཞེས་པ་ནས། བཟོད་པའོ་ཞེས་པའི་བར་རོ། །བཟོད་པ་བསྒོམ་པའི་བྱེད་པ་ལ་གསུམ་སྟེ། ཟག་མེད་ཀྱི་ཆོས་རྣམས་རྫོགས་པར་བྱེད་པ་དང༌། མངོན་པར་ཤེས་པའི་བྱ་བ་བསྒྲུབ་པ་དང༌། ཐབས་ལ་མཁས་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། དེ་བཟོད་པ་དེ་ཉིད་ལ་གནས་ཤིང་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་པའི་བར་རོ། །གཉིས་པ་ལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གང་ལ་བརྟེན་ནས་བསྒྲུབ་པ་དང༌། གང་བསྒྲུབ་པ་དང་གཉིས་ལས། དང་པོ་ནི། དེ་འཕགས་པའི་ཆོས་ཞེས་པ་ནས། དེ་དག་ལ་གནས་ཏེ་ཞེས་པའི་བར་རོ། །གཉིས་པ་ནི་འཕགས་པའི་མངོན་པར་ཤེས་པ་རྣམས་རྫོགས་པར་བྱེད་དོ་ཞེས་པ་ནས། རྒྱུན་མི་ཆད་དོ་ཞེས་པའི་བར་ཏེ། དང་པོའི་བྱེད་པ་དང༌། བར་གྱི་བྱེད་པ་དང༌། ཐ་མའི་བྱེད་པ་དང་དོན་གསུམ་གྱིས་བསྟན་པའི་དང་པོ་ནི། དེ་དག་ཐམས་ཅད་མཐོང་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། སངས་རྒྱས་ཞེས་པ་ནས། རྒྱུན་མི་འཆད་དོ་ཞེས་པའི་བར་རོ། །ལྷག་མ་རྣམས་ཀྱི་བཤད་ཚུལ་ཡང་དེ་བཞིན་ནོ། །གཉིས་པ་ནི། རབ་འབྱོར་བྱང་སེམས་ཆེན་པོ་དེ་ནི་ཞེས་པ་ནས། མངོན་པར་འདུ་བྱ་བ་མེད་པ་ལ། དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ཐབས་ལ་མཁས་པའི་འབྲས་བུ་ནི། བྱང་སེམས་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཐབས་མཁས་པས་སེམས་ཅན་རྣམས་སྨིན་པར་བྱེད་དོ་ཞེས་པ་ནས། འཁོར་བ་ལས་ཡོངས་སུ་བགྲོལ་ཏོ། །ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ་ཞེས་པའི་བར་རོ། །བརྩོན་འགྲུས་ཀྱི་ཕར་ཕྱིན་གྱི་སྐད་ཅིག་མ་ལ། དྲི་བ་འགོད་པ་དང༌། བརྩོན་འགྲུས་རྩོམ་པའི་ཚུལ་བཤད་པའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞེ་ན་ཞེས་པའི་བར་རོ། །གཉིས་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བརྩོན་འགྲུས་ཀྱི་དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། སེམས་ཀྱི་བརྩོན་འགྲུས་དང་ལྡན་ཏེ་ཞེས་པའི་བར་རོ། །གཉིས་པ་སོ་སོའི་མཚན་ཉིད་ལ། ལུས་ཀྱི་བརྩོན་འགྲུས་བྱེད་པ་དང་བཅས་ཏེ་བསྟན་པ་དང༌། སེམས་ཀྱི་བརྩོན་འགྲུས་བྱེད་པ་དང་བཅས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ལུས་ཀྱི་བརྩོན་འགྲུས་ཀྱིས་རྫུ་འཕྲུལ་གྱི་བྱ་བ་ཉེ་བར་བསྒྲུབ་པ་དང༌། སངས་རྒྱས་སྐུ་གདུང་དང་བཅས་པ་ལ་མཆོད་པའི་བྱ་བ་དང༌། སངས་རྒྱས་ལ་ཆོས་ཉན་པའི་བྱ་བ་དང༌། སེམས་ཅན་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་སྟེ་དོན་རྣམ་པ་ལྔས་བསྟན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་སེམས་ཀྱི་བརྩོན་འགྲུས་བྱེད་པ་དང་བཅས་ཏེ་བསྟན་པ་ལ། དྲི་བ་འགོད་པ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །གཉིས་པ་ལན་ལ། མི་མཐུན་ཕྱོགས་ཀྱིས་གོ་སྐབས་མི་འབྱེད་པ་དང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཞེན་པ་མེད་པ་དང༌། གཞན་དོན་གྱི་བྱ་བ་སྒྲུབ་ཚུལ་ལོ། །དང་པོ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། ཡིད་ཀྱི་ལས་ཀྱི་མི་དགེ་བའི་གོ་སྐབས་མི་འབྱེད་དེ་ཞེས་པའི་བར་རོ། །གཉིས་པ་ལ། དོན་དངོས་དང༌། འཐད་པ་འགོད་པའོ། །དང་པོ་ནི། རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བའམ་ཞེས་པ་ནས། འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བརྗོད་པར་བྱ་བར་ཡང་སྙེམས་པ་མེད་དོ་ཞེས་པའི་བར་རོ། །དོན་དང་མིང་གི་ཐ་སྙད་གཉིས་ཀ་ལ་ཞེན་པ་མེད་པར་བསྟན་ཏོ། །གཉིས་པ་འཐད་པ་འགོད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་དེ་ཡང་མི་དམིགས་སོ་ཞེས་པའི་བར་རོ། །གསུམ་པ་གཞན་དོན་གྱི་བྱ་བ་བསྒྲུབ་ཚུལ་ལ། རྫུ་འཕྲུལ་བསྒྲུབ་པ་དང༌། སྦྱིན་པ་གཏོང་བ་དང༌། མི་མཐུན་ཕྱོགས་ལས་བཟློག་པ་དང༌། ཕན་འདོགས་པར་བྱེད་པ་དང་བཞིས་བསྟན་ཏོ། །དང་པོ་ནི། དེ་སེམས་ཀྱི་བརྩོན་འགྲུས་ཞེས་པ་ནས། རྣམ་པར་འཕྲུལ་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། མེ་ཏོག་གི་ཆར་དབབ་པའི་ཞེས་པ་ནས། མཆོད་སྦྱིན་ཆེན་པོ་བྱེད་དོ་ཞེས་པའི་བར་རོ། །གསུམ་པ་ནི། བར་འགའ་སེམས་ཅན་མཐའ་ཡས་པ་ཞེས་པ་ནས། འགྲེས་ཏེ་ཞེས་པའི་བར་རོ། །བཞི་པ་ནི། ལ་ལ་ལ་ནི་སྦྱིན་པས་ཕན་འདོགས་སོ་ཞེས་པ་ནས། དོན་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །བསམ་གཏན་གྱི་ཕར་ཕྱིན་གྱི་སྐད་ཅིག་མ་ལ། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཡིན་ཞེ་ན་ཞེས་པའི་བར་རོ། །གཉིས་པ་ལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་སྒྲུབ་པ་དང༌། ཏིང་ངེ་འཛིན་ལ་བརྟེན་ནས་ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་དང༌། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པའོ། །དང་པོ་ལ་ཐུན་མོང་གི་ཏིང་ངེ་འཛིན་ནི། རབ་འབྱོར་འདི་ལ་ཞེས་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབ་སྟེ་གནས་སོ་ཞེས་པའི་བར་རོ། །ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་ལ། དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཤིང་ཞེས་པ་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབ་སྟེ་གནས་སོ་ཞེས་པའི་བར་རོ། །ཏིང་ངེ་འཛིན་དེའི་བྱེད་པ་ནི། དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་ཞེས་པ་ནས། སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །གསུམ་པ་ལ། རང་དོན་ཕུན་སུམ་ཚོགས་པ་དང༌། གཞན་དོན་ཕུན་སུམ་ཚོགས་པ་དང༌། རང་གཞན་གྱི་དོན་གྱི་ཁྱད་པར་གཞན་བཤད་པའོ། །དང་པོ་ནི། དེས་དེ་དག་ལ་སྤྱོད་ཅིང་རྣམ་མཁྱེན་གྱི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་ཞེས་པ་ནས། ཞིང་ཡོངས་སུ་དག་པར་འགྱུར་བ་དང་ཞེས་པའི་བར་རོ། །གཉིས་པ་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་བའི་དགེ་བའི་རྩ་བ་བསྐྱེད་པ་དེ་ཞེས་པ་ནས། དེ་ལ་རབ་ཏུ་སྦྱོར་དུ་ཞེས་པའི་བར་རོ། །གསུམ་པ་ལ་ཐོབ་བྱའི་ཡོན་ཏན་ནི། དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་གཟུངས་ཀྱི་སྒོ་ཞེས་པ་ནས། ཐོབ་པ་ཡིན་ཏེ་ཞེས་པའི་བར་རོ། །བྲལ་བའི་ཡོན་ཏན་བསྟན་པ་ནི། དེ་ནམ་ཡང་ཞེས་པ་ནས། གོས་པར་མི་འགྱུར་རོ་ཞེས་པའི་བར་རོ། །མི་མཐུན་ཕྱོགས་དང་བྲལ་བའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། རྟོགས་པས་ན་ཞེས་པའི་བར་རོ། །གཞན་དོན་གྱི་སྦྱོར་བ་ནི། དེ་སྒྱུ་མ་ཞེས་པ་ནས། དོན་བྱེད་དོ་ཞེས་པའི་བར་རོ། །གཞན་དོན་གྱི་བསམ་པ་ནི། དེ་སྒྱུ་མ་ལྟ་བུ་ཞེས་པ་ནས། སྙིང་རྗེ་ཆེན་པོ་བསྐྱེད་དེ་ཞེས་པའི་བར་རོ། །ཐ་སྙད་དུ་གཞན་དོན་གྱི་བྱ་བ་ལ་འཇུག་པ་ནི། དེ་ལ་ཡང་སེམས་ཅན་ནམ་ཞེས་པ་ནས། དོན་དམ་པར་ནི་མ་ཡིན་ནོ་ཞེས་པའི་བར་རོ། །ཏིང་ངེ་འཛིན་དང་མི་འབྲལ་བའི་ཡོན་ཏན་ནི། དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་བསམ་གཏན་དང་ཞེས་པ་ནས། འབྲལ་བར་མི་འགྱུར་རོ་ཞེས་པའི་བར་རོ། །སྒྲིབ་པ་སྤོང་བའི་ཡོན་ཏན་ནི། དེ་ཏིང་ངེ་འཛིན་ཞེས་པ་ནས། སྤོང་ངོ་ཞེས་པའི་བར་རོ། །གཞན་དོན་བྱས་པས་གཞན་གྱིས་མཆོད་པའི་གནས་སུ་འགྱུར་བའི་ཡོན་ཏན་ནི། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་རབ་ཏུ་སྤངས་ནས་ཞེས་པ་ནས། གནས་སུ་འགྱུར་བ་ཡིན་ཏེ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། རྫོགས་པར་བྱེད་པ་ཡིན་ཏེ་ཞེས་པའི་བར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐད་ཅིག་མ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ཤེས་རབ་ཀྱིས་ཡུལ་རྟོགས་པའི་ཚུལ་དང༌། ཟག་མེད་ཀྱི་ཆོས་རྫོགས་ཚུལ་དང༌། ཡོངས་སུ་རྫོགས་པའི་བྱེད་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དྲི་བ་འགོད་པ་དང༌། ལན་བཤད་པའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ཞེས་པ་ནས། མཐོང་བ་མེད་དེ་ཞེས་པའི་བར་གྱིས་མདོར་བསྟན། དེ་གཟུགས་ཀྱི་ཡང་དག་པ་དང༌། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་པ་ནས། རྣམ་མཁྱེན་གྱི་ཚོགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གསོབ་ཉིད་དང༌། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་གཟུགས་ཀྱི་ཡང་དག་པ་དང༌། ཡོངས་སུ་གྲུབ་པ་གཉིས་ཀྱི་དོན་ནི། ཡང་དག་པ་ནི་གནས་ཚུལ་ལོ། །ཡོངས་སུ་གྲུབ་པ་ནི་ཆོས་ཅན་རང་ཉིད་དོ། །དེས་ན་གཟུགས་སོགས་ཀྱི་གནས་ཚུལ་གྲུབ་པར་ཡང་མཐོང་ལ། གཟུགས་སོགས་རང་ཉིད་ཀྱང་རྗེས་སུ་མ་མཐོང་ཞེས་པའི་དོན་ནོ། །ཁྱད་གཞིའི་གཟུགས་མ་མཐོང་བས་ཁྱད་པར་གྱི་ཆོས་སྐྱེ་བ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །རྒྱུ་གང་ལ་སྐྱེ་བའི་སྒོ་དང༌། སྐྱེ་བ་པོ་གཟུགས་ཀྱི་ཚོགས་པ་ཡང་མ་མཐོང་ངོ༌། །འོ་ན་ཇི་ལྟར་མཐོང་ཞེ་ན། གསོབ་དང༌། གསོག་ཉིད་དུ་རྗེས་སུ་མཐོང་ངོ་ཞེས་སྦྱར་ཏེ། དེ་ལ་གསོབ་ཅེས་པ་ནི་སེམས་ཅན་གྱི་གསོབ་དང་འདྲ་བར་སྣང་ཡང་སྙིང་པོ་མེད་པའི་དོན་ནོ། །གསོག་ནི་སྣང་བ་ལྟར་དུ་རྫུན་ནོ་ཞེས་པའི་དོན་ནོ། །བཤད་ཚུལ་འདི་ཚོར་བ་ནས་རྣམ་མཁྱེན་གྱི་བར་དུ་སྦྱར་རོ། །འགྲེལ་པས་ཤེས་རབ་ཀྱི་ཕར་ཕྱིན་གྱིས་ཡུལ་རྟོགས་ཚུལ་གྱི་འགྲེས་འདིས། རྣམ་པར་སྨིན་པའི་སྐད་ཅིག་མ་ལ་སྦྱོར་ཡང་གཞུང་གི་འགྲོས་ལ་སྔ་མའི་ཁོངས་སུ་རྟོགས་པར་གསལ་ལོ། །མདོར་ན། མངོན་རྟོགས་རྒྱན་ལས། སྦྱིན་པ་ལ་སོགས་རེ་རེས་ཀྱང༌། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཞེས་བཤད་དོ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་བརྒྱུད་ཅེས་པ་ནི་བྱམས་པས་ཁ་བསྐང་བའོ། །རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ཤེས་རབ་ཀྱིས་ཡུལ་རྟོགས་པའི་ཚུལ་དང༌། ཟག་མེད་ཀྱི་ཆོས་རྫོགས་པར་བྱེད་ཚུལ་དང༌། ཆོས་རྫོགས་པའི་བྱེད་པའོ། །དང་པོ་ལ་རང་བཞིན་མི་དམིགས་པའི་རྣམ་པ་དང༌། ངོ་བོ་ཉིད་མེད་པར་རྟོགས་པ་དང༌། རྟོགས་པའི་བྱེད་པ་བསྟན་པའོ། །དང་པོ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཏིང་ངེ་འཛིན་མི་དམིགས་པའི་འགྲེས་ཀྱིས་གསུངས་ཏེ། དེས་དེ་ལྟར་རྟོགས་པའི་ཚེ། གཟུགས་ཀྱི་རང་བཞིན་མི་དམིགས་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། རྟོགས་པར་བྱེད་ཅིང་ཞེས་པའི་བར་རོ། །གསུམ་པ་ནི། དེ་སྟོང་པ་ཉིད་བཅོ་བརྒྱད་ལ་སྤྱོད་པས་གཟུགས་ནས་བླ་མེད་བྱང་ཆུབ་ཀྱི་བར་ལ་མངོན་པར་ཞེན་པ་མེད་པའི་འགྲེས་ཀྱིས་གསུངས་ཏེ། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་ཞེས་པ་ནས་ཆོས་གང་ལ་ཡང་མངོན་པར་ཆགས་པ་མེད་དོ་ཞེས་པའི་བར་རོ། །གཉིས་པ་ཟག་པ་མེད་ཀྱི་ཆོས་རྫོགས་པར་བྱེད་ཚུལ་ལ་གཉིས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་རྟོགས་པའི་ཤེར་ཕྱིན་ལ་སྤྱོད་པའི་བྱང་ཆུབ་ཀྱི་ལམ་རྫོགས་པར་བྱེད་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་ཏོ། །ཞེས་པའི་བར་གྱི་འགྲེས་ཀྱིས་བསྟན་ཏེ། རྒྱུ་ཟག་མེད་ཀྱི་ཆོས་རྫོགས་པར་བྱས་ནས། འབྲས་བུ་མཚན་དང་དཔེ་བྱད་འཛིན་པའི་དོན་གྱིས་གསུངས་སོ། །གསུམ་པ་ཆོས་རྫོགས་པའི་བྱེད་པ་ལ་གསུམ་སྟེ། གཞན་དོན་གྱི་བྱ་བ་བསྒྲུབ་པ་དང༌། མངོན་པར་ཤེས་པའི་བྱ་བ་བསྒྲུབ་པ་དང༌། འབྲས་བུ་ཁྱད་པར་ཅན་བསྒྲུབ་པར་བྱེད་པའོ། །དང་པོ་ལ་གཉིས། སྔར་བཤད་པའི་དོན་བཟླས་ཏེ་བསྟན་པ་དང༌། དེ་ལ་བརྟེན་ནས་གཞན་ལ་ཕན་འདོགས་ཚུལ་ལོ། །དང་པོ་ནི། དེ་བྱང་ཆུབ་ཀྱི་ལམ་རྣམ་པར་སྨིན་པའི་ཆོས་ལ་གནས་པས་ཞེས་པ་ནས། མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་འགྱུར་ནས་ཞེས་པའི་བར་རོ། །གཉིས་པ་ནི། སེམས་ཅན་གང་ལ་ཕན་གདགས་པར་བྱ་བ་དེ་དག་ལ་སྦྱིན་པས་ཕན་འདོགས་སོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འགོད་དོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་རྫུ་འཕྲུལ་གྱི་རྣམ་པ་དུ་མས་ཞེས་པ་ནས། ཇི་སྙེད་ཡོད་པ་དེ་དག་དེར་འབྱུང་སྟེ་ཞེས་པའི་བར་གྱིས་བསྟན་ཏེ། དོན་དང་དཔེ་གཉིས་ཀྱིས་བཤད་དོ། །གསུམ་པ་ལ་རྣམ་བྱང་གི་ཆོས་རྗེས་སུ་ཐོབ་པར་བྱེད་པ་དང༌། ཡུལ་ཡོངས་སུ་བཟུང་བ་མེད་པའི་ཚུལ་དུ་རྟོགས་པ་དང༌། གཞན་ལ་ཆོས་སྟོན་པའི་བྱེད་པའོ། །དང་པོ་ནི། དེ་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པའི་ཕར་ཕྱིན་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་སྟེ་ཞེས་པའི་བར་རོ། །གཉིས་པ་ལ་དོན་དངོས་དང༌། འཐད་པའོ། །དང་པོ་ནི། གལ་ཏེ་ཅི་ཙམ་དུ་གཟུགས་ཡོངས་སུ་བཟུང་བ་མེད་པ་དང་ཞེས་པ་ནས། ལོངས་སྤྱོད་དང་སྐྱིད་པ་ཐམས་ཅད་ཡོངས་སུ་བཟུང་དུ་མེད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། བདེ་སྐྱིད་ཐམས་ཅད་མངོན་པར་ཞེན་པའི་ཚུལ་གྱིས་ཡོངས་སུ་གཟུང་བྱ་མེད་པར་རྟོགས་སོ་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། གཟུང་བ་མེད་པ་སྟེ་ཞེས་པའི་བར་ཏེ། ཡོངས་སུ་བཟུང་བ་མེད་པར་རྟོགས་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པའི་ཕྱིར་ཞེས་པའོ། །ཆོས་སྟོན་པའི་བྱེད་པ་ནི། ཆོས་ཐམས་ཅད་ཅེས་པ་ནས། སྟོན་ནོ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང༌། བྱེད་པ་མེད་པ་དང༌། དམིགས་སུ་མེད་པ་དང༌། འབྱུང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་ལ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །མཚན་མ་མེད་པ་སོགས་ཆོས་ལྔ་སྨོས་པའི་དོན་ནི། སྤྲོས་པའི་མཚན་མ་མེད་པ་དང༌། འབྲས་བུ་བསྐྱེད་པའི་བྱེད་པ་མེད་པ་དང༌། རང་གི་ངོ་བོ་དམིགས་སུ་མེད་པ་དང༌། རྒྱུ་ལས་འབྱུང་བ་དང༌། འབད་རྩོལ་གྱིས་མངོན་པར་འདུ་བྱ་བ་མེད་པ་ཞེས་སྦྱར་རོ། །མངོན་རྟོགས་རྒྱན་ལས་ནི། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་བཤད་དོ། །མཚན་མ་མེད་པའི་ལེའུ་སྟེ་དྲུག་ཅུ་རྩ་གཅིག་པ་རྣམ་པར་བཤད་པའོ།།  ༈ དྲུག་ཅུ་རེ་གཉིས་པ་མཚན་ཉིད་མེད་པའི་ལེའུ་བཤད་པ། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ལ་རྩོད་པ་དང༌། ལན་ནོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། མཚན་ཉིད་མ་མཆིས་པ་མཚན་ཉིད་གཅིག་པར་གྱུར་པ་དེ་དག་རྣམ་པ་ཇི་ལྟར་བུར་གདགས་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། དང་པོར་ཁས་བླངས་རྗེས་སུ་བརྗོད་པ་ནི། བཅོམ་ལྡན་འདས་དེ་ལྟར་ཞེས་པ་ནས། ལགས་ན་ཞེས་པའི་བར་ཏེ། ཆོས་ཐམས་ཅད་དབྱེར་མ་མཆིས་པ་དང༌། མཚན་མ་མ་མཆིས་པ་དང༌། རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ལགས་ན་ཞེས་དོན་གསུམ་བརྗོད་པའོ། །ཐལ་འགྱུར་འགོད་པ་ལ་དོན་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་མི་འཐད་པ་དང༌། ཟག་བཅས་ཟག་མེད་ཐ་དད་དུ་མི་འཐད་པ་དང༌། ཡུམ་གྱིས་སྦྱིན་སོགས་རྣམ་བྱང་གི་ཆོས་སྡུད་པ་མི་འཐད་པའོ། །དང་པོ་ནི། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པའི་བར་ཏེ། ཕར་ཕྱིན་དྲུག་གིས་བསྒོམ་པ་ཡོངས་སུ་རྫོགས་པར་མི་འགྱུར་བར་ཐལ། བསྒོམ་བྱའི་མཚན་མ་མ་མཆིས་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། ཟག་བཅས་ཟག་མེད་ཀྱི་ཆོས་ཐ་དད་པར་མི་འགྱུར་བར་ཐལ། ཆོས་ཐམས་ཅད་དབྱེར་མ་མཆིས་པའི་ཕྱིར་ཞེས་པའོ། །གསུམ་པ་ནི། ཡུམ་དུ་སྦྱིན་སོགས་རྣམ་བྱང་གི་ཆོས་འདུས་པ་མི་འཐད་པར་ཐལ། བསྡུ་བྱ་དང་སྡུད་བྱེད་གཉིས་ཀ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་པའོ། །ཟག་བཅས་ཟག་མེད་ཐ་དད་མེད་པར་ཐལ་བ་ལ་གནོད་པ་འགོད་པ་ནི། བཅོམ་ལྡན་འདས་དེ་ལྟར་ཞེས་པ་ནས། ཇི་ལྟ་བུར་གདགས་པར་འགྱུར་ཞེས་པའི་བར་ཏེ། ཆོས་ཐམས་ཅད་མཚན་ཉིད་ཐ་དད་པའི་ཕྱིར་དང༌། གལ་ཏེ་གཅིག་ན་ཐ་དད་དུ་ཐ་སྙད་གདགས་པར་མི་འགྱུར་ཞེས་པའི་དོན་ནོ། །གཉིས་པ་རྩོད་ལན་བཤད་པ་ལ། སྒྱུ་མའི་དཔེ་དགུ་དང་མཚུངས་པའི་ཕུང་པོ་ལ་བརྟེན་ནས་ཕྱིན་དྲུག་ལ་སྤྱོད་ཚུལ་དང༌། དཔེ་དགུའི་སྒོ་ནས་ཕུང་པོ་ལྔ་མཚན་ཉིད་མེད་པར་བསྟན་པ་དང༌། ཡེ་ཤེས་སྐད་ཅིག་མ་གཅིག་གིས་མཚན་ཉིད་མེད་པར་རྟོགས་ཚུལ་ལོ། །དང་པོ་ནི། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ཞེས་པ་ནས། ཤེས་རབ་བསྒོམ་མོ་ཞེས་པའི་བར་ཏེ་འགྲེས་དགུས་བསྟན་ཏོ། །དེ་ལ་རྨི་ལམ་ལྟ་བུའི་ཕུང་པོ་ལ་གནས་ནས་ཕྱིན་དྲུག་ལ་སྤྱོད་ཚུལ་བསྟན་པ་ནི་འགྲེས་དང་པོའོ། །སྒྱུ་མ་ལ་སྦྱོར་བ་ནི་གཉིས་པའོ། །སྨིག་རྒྱུ་ལ་སྦྱོར་བ་ནི་གསུམ་པའོ། །ཆུ་ཟླ་ལ་སྦྱར་བ་ནི་བཞི་པའོ། །མིག་ཡོར་ལ་སྦྱར་བ་ནི་ལྔ་པའོ། །སྒྲ་བརྙན་ལ་སྦྱར་བ་ནི་དྲུག་པའོ། །གཟུགས་བརྙན་ལ་སྦྱར་བ་ནི་བདུན་པའོ། །དྲི་ཟའི་གྲོང་ཁྱེར་ལ་སྦྱར་བ་ནི་བརྒྱད་པའོ། །སྤྲུལ་པ་དང་སྦྱར་བ་ནི་དགུ་པའོ། །ཕུང་པོ་ལྔ་སྒྱུ་མ་སོགས་ཀྱི་དཔེ་དགུ་དང་འདྲ་བར་རྟོགས་ནས་ཕྱིན་དྲུག་ལ་སྤྱོད་ཅེས་པའི་དོན་ནོ། །དཔེ་དགུའི་སྒོ་ནས་ཕུང་པོ་ལྔ་མཚན་ཉིད་མེད་པར་རྟོགས་པ་ནི། འདི་ལྟར་རྟོགས་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་རྨི་ལམ་ལྟ་བུ་སྟེ་མཚན་ཉིད་མེད་པའོ་ཞེས་པ་ནས། སྤྲུལ་པ་ལྟ་བུ་སྟེ་མཚན་ཉིད་མེད་པའོ་ཞེས་པའི་བར་ཏེ། ཕུང་པོ་ལྔ་སྒྱུ་མའི་དཔེ་དགུ་དང་འདྲ་བར་རྟོགས་པ་ལ་བརྟེན་ནས་ཕྱིན་དྲུག་ལ་སྤྱོད་པའི་བྱང་སེམས་དེ་ཕུང་པོ་ལྔ་ལ་རྨི་ལམ་ལ་སོགས་པ་ལྟར་མཚན་ཉིད་མེད་པར་རྟོགས་ཞེས་པའི་དོན་ནོ། །འཐད་པ་སྟོན་པ་ནི། རྨི་ལམ་སོགས་དང་མཚུངས་པས། རང་བཞིན་མེད་པར་ཇི་ལྟར་འགྲུབ་སྙམ་ནས། དེའི་དོགས་པ་བསུ་བ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སྤྲུལ་པ་ལ་རང་བཞིན་གང་ཡང་མེད་དོ་ཞེས་པའི་བར་རོ། །གསུམ་པ་ནི། གང་ལ་རང་བཞིན་མེད་པ་དེ་ལ་ཞེས་པ་ནས། རྟོགས་པར་བྱེད་དེ་ཞེས་པའི་བར་ཏེ། སྤྱིར་བསྟན་པ་བཤད་ཟིན་ཏོ། །གཉིས་པ་སོ་སོར་བཤད་པ་ལ་དྲུག་སྟེ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ལ་སྤྱོད་ཚུལ་ལོ། །དང་པོ་ལ་རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ། སྦྱིན་པ་ལ་སྤྱོད་ཚུལ་དངོས་དང༌། སྤྱོད་པའི་བྱེད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་རྣམ་གྲངས་དེས་ན་ཞེས་པ་ནས། མཚན་ཉིད་མེད་པའོ་ཞེས་བྱ་བར་ཤེས་པར་བྱ་སྟེ་ཞེས་པའི་བར་གྱིས་བསྟན་ཏེ། སྦྱིན་པ་སོགས་ཀྱི་ཆོས་གསུམ་མཚན་མ་མེད་པར་ཤེས་པའོ། །གཉིས་པ་ལ་གཉིས་ཏེ། ཟག་མེད་ཀྱི་ཆོས་རྣམས་རྫོགས་པར་བྱེད་ཚུལ་དང༌། རང་གཞན་གྱི་དོན་སྒྲུབ་པར་བྱེད་པའོ། །དང་པོ་ནི། གང་དེ་ལྟར་ཤེས་ན་སྦྱིན་པ་གཏོང་བ་དེ་ནི་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཏེ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ། རང་དོན་སངས་རྒྱས་མཆོད་པ་དང༌། ལོངས་སྤྱོད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་དང༌། རྣམ་བྱང་གི་ཆོས་ཀྱིས་གདུལ་བྱ་ཡོངས་སུ་སྡུད་པའི་བྱེད་པ་དང༌། དམན་པའི་འབྲས་བུ་ལ་ཞེན་པའི་ཚུལ་གྱིས་མི་གནས་པའོ། །དང་པོ་ནི། འཕགས་པའི་ཆོས་རྣམ་པར་བྱང་བ་འཇིག་རྟེན་ལས་འདས་པ་ཞེས་པ་ནས། བསྙེན་བཀུར་བྱེད་དེ་ཞེས་པའི་བར་རོ། །གཉིས་པ་ནི། ལོངས་སྤྱོད་དང་ཞེས་པ་ནས། དོན་བྱེད་དོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་ནས་སེམས་ཅན་གང་སྦྱིན་པས་ཡོངས་སུ་བསྡུ་བ་དེ་དག་ཀྱང་སྦྱིན་པས་ཡོངས་སུ་སྡུད་དོ་ཞེས་པ་ནས། ཕུན་སུམ་ཚོགས་པ་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྡུད་དོ་ཞེས་པའི་བར་རོ། །བཞི་པ་ནི། མི་གནས་པའི་དོན་དངོས་དང༌། དེའི་འཐད་པ་གཏན་ལ་དབབ་པའོ། །དང་པོ་ནི། དེ་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་པས་ཞེས་པ་ནས་དེ་ལ་མི་གནས་སོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་ཤེས་པར་བྱ་སྟེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མ་མེད་པར་ཤེས་སོ། །ཞེས་པའི་བར་ཏེ། དམན་པའི་འབྲས་བུ་ལ་ཞེན་པ་མེད་པ་དེ་ཅིའི་ཕྱིར་ཞེ་ན། རྣམ་མཁྱེན་ཐོབ་པའི་ཕྱིར་ཏེ་ཞེས་པ་དང༌། ཞེན་པས་མི་གནས་པའི་དོན་ནི། ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་ཕྱིར་ཞེས་པའི་དོན་ནོ། །སྦྱིན་པ་ལ་སྤྱོད་ཚུལ་བཤད་ཟིན་ཏོ།།  ༈ དོན་བསྡུ་བ་ནི། ཉི་ཁྲི་ལ་ཡོད་ཀྱང༌། འབུམ་ལ་མི་སྣང་ངོ༌། །གཉིས་པ་ཚུལ་ཁྲིམས་ལ་སྤྱོད་ཚུལ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། ཕུང་པོ་བདེན་མེད་དུ་རྟོགས་པ་ལ་གནས་ནས་ཚུལ་ཁྲིམས་རྫོགས་པར་བྱེད་པ་དང༌། ཕུང་པོ་སྒྱུ་མ་ལྟ་བུར་ཤེས་ནས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་འཇུག་ཚུལ་དང༌། དམན་པའི་འབྲས་བུ་མངོན་དུ་མི་བྱེད་པའི་ཐབས་མཁས་དང༌། ཚུལ་ཁྲིམས་ལ་འཇུག་པའི་བྱེད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཕུང་པོ་ལྔ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་དེ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་བྱང་སེམས་ཆེན་པོ་དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་རྨི་ལམ་ལྟ་བུར་ཤེས་ཞེས་པ་ནས། མི་སྤྱད་པའི་ཚུལ་ཁྲིམས་བསྲུང་ངོ་ཞེས་པའི་བར་རོ། །གསུམ་པ་ལ་གསུམ་སྟེ། མངོན་མཐོའི་འབྲས་བུ་ལ་ཞེན་པ་མེད་པ་དང༌། དམན་པའི་འབྲས་བུ་མངོན་དུ་མི་བྱེད་པ་དང༌། དོན་དམ་པར་ཐོབ་བྱ་ཐོབ་བྱེད་དགག་པའོ། །དང་པོ་ནི། དེ་ཚུལ་ཁྲིམས་དེ་ལྟ་བུ་དང་ལྡན་ཡང་ཞེས་པ་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་བྱའོ་ཞེའམ་ཞེས་པའི་བར་གྱིས་བསྟན་ཏེ། འོག་ནས་དེ་སྙེམས་པ་མེད་དོ་ཞེས་མཇུག་ཐོགས་སུ་སྦྱར་ནས་བཤད་པར་བྱའོ། །གཉིས་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱའོ་ཞེའམ་ཞེས་པ་ནས། སྙེམས་པ་མེད་དོ་ཞེས་པའི་བར་རོ། །འབྲས་བུ་ལ་ཞེན་པ་མེད་པར་བསྟན་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མཚན་ཉིད་མེད་པ་སྟེ་ཞེས་པའི་བར་ཏེ། མཚན་ཉིད་མེད་པར་ཁོང་དུ་ཆུད་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་ནི། འདི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཞེས་པ་ནས། ཐོབ་པར་མི་རུང་ཞེས་པའི་བར་ཏེ། ཆོས་ཐམས་ཅད་མཚན་ཉིད་མེད་པར་གཅིག་པས་ན། མཚན་ཉིད་མེད་པས་མཚན་ཉིད་མེད་པ་འཐོབ་པ་དང༌། ཐ་དད་པས་ཐ་དད་པ་ཐོབ་པ་དང༌། གཉིས་ཀས་གཉིས་ཀ་ཐོབ་པར་མི་རུང་བའི་ཐལ་བ་གསུམ་འཕེན་པའོ། །བཞི་པ་ལ་རང་དོན་གྱི་བྱེད་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ་ཞེས་པའི་བར་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ་ཞེས་སྔ་མའི་མཇུག་ཐོགས་སུ་སྦྱར་བས་བསྟན་ཏོ། །གཉིས་དོན་གྱི་བྱེད་པ་ནི། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ་ཞེས་པ་ནས། སེམས་ཅན་རྣམས་ཀྱི་དོན་ཡང་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཆོས་ཐམས་ཅད་ཁོང་དུ་ཆུད་པར་ཤེས་སོ་ཞེས་པའི་བར་རོ། །གསུམ་པ་བཟོད་པའི་ཕར་ཕྱིན་ལ་སྤྱོད་པའི་ཚུལ་ལ། །རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། ཕུང་པོ་ལྔ་མཚན་ཉིད་མེད་པར་རྟོགས་པ་ལ་གནས་ཏེ་བཟོད་པ་རྫོགས་པར་བྱེད་པ་དང༌། འཇུག་ཡུལ་བཟོད་པ་གཏན་ལ་དབབ་པ་དང༌། བཟོད་པ་ངོས་བཟུང་སྟེ་སྤངས་རྟོགས་བཤད་པ་དང༌། ཐེག་པ་ཆེ་ཆུང་གི་བཟོད་པའི་ཁྱད་པར་བཤད་པ་དང༌། བཟོད་པའི་བྱེད་པ་རྒྱས་པར་བསྟན་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། རྫོགས་པར་བྱེད་དོ་ཞེས་པའི་བར་གྱིས་ཕྲེང་གཉིས་ཀྱིས་བསྟན་ཏོ། །གཉིས་པ་ལ། དྲི་བ་ནི། རབ་འབྱོར་ཇི་ལྟར་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །དོན་དངོས་ནི། རབ་འབྱོར་འདི་ལ་ཞེས་པ་ནས། འདི་ནི་ཆོས་ཁོང་དུ་ཆུད་པའི་བཟོད་པ་ཞེས་བྱ་སྟེ་ཞེས་པའི་བར་རོ། །གསུམ་པ་ནི། དེ་དེ་ལྟར་ཡོངས་སུ་རྟོག་ཅིང་ཞེས་པ་ནས། བཟོད་པ་འཐོབ་བོ་ཞེས་པའི་བར་རོ། །བཞི་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བ་ནི་གང་ལགས་ཞེས་པ་ནས། བཟོད་པ་ཐོབ་བོ་ཞེས་པའི་བར་རོ། །ལྔ་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཉན་ཐོས་རྣམས་དང་ཞེས་པ་ནས། ཅི་མཆིས་ཞེས་པའི་བར་རོ། །བཟོད་པའི་ཁྱད་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། བྱེ་བྲག་ཡིན་ནོ་ཞེས་པའི་བར་རོ། །དྲུག་པ་ནི། རབ་འབྱོར་བྱང་སེམས་ཆེན་པོ་དེ་ནི་བཟོད་པ་དེ་ལྟ་བུ་དང་ལྡན་པས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་སྤྱོད་ཚུལ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། ཕུང་པོ་ལྔ་མཚན་ཉིད་མེད་པར་རྟོགས་པ་ལ་གནས་ནས་བརྩོན་འགྲུས་རྩོམ་པའི་ཚུལ་དང༌། བརྩོན་འགྲུས་ཀྱི་བྱེད་པ་རྒྱས་པར་བསྟན་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། བརྩོན་འགྲུས་རྩོམ་མོ་ཞེས་པའི་བར་རོ། །གཉིས་པ་ལ་ལུས་ཀྱི་བརྩོན་འགྲུས་ཀྱི་བྱེད་པ་བསྟན་པ་དང༌། སེམས་ཀྱི་བརྩོན་འགྲུས་ཀྱི་བྱེད་པ་བསྟན་པའོ། །དང་པོ་ནི། ལུས་ཀྱི་བརྩོན་འགྲུས་ཀྱི་ཞེས་པ་ནས། ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་ཏེ། གཞན་དོན་གྱིས་བྱེད་པ་གཙོ་བོར་བསྟན་ཏོ། །གཉིས་པ་ལ་རང་དོན་གྱི་བྱ་བ་སྒྲུབ་ཚུལ་དང༌། གཞན་དོན་གྱི་བྱ་བ་བསྒྲུབ་ཚུལ་ལོ། །དང་པོ་ནི། དེ་སེམས་ཀྱི་བརྩོན་འགྲུས་ཟག་པ་མེད་པ་ཞེས་པ་ནས། མཚན་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། ཀུན་ཏུ་སྣང་བར་བྱས་ནས་ཞེས་པ་ནས། ཐེག་པ་གསུམ་ལ་འགོད་པར་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། རྣམ་མཁྱེན་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །བསམ་གཏན་གྱི་ཕར་ཕྱིན་ལ་སྤྱོད་ཚུལ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་བར་ཏེ། ཕུང་པོ་ལྔ་རང་བཞིན་མེད་པར་རྟོགས་པ་ལ་གནས་ནས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བསྟན་ཏོ། །གཉིས་པ་ལ། ཏིང་ངེ་འཛིན་ཇི་ལྟར་བསྒྲུབ་པའི་ཚུལ། ཏིང་ངེ་འཛིན་གྱི་བྱེད་པ་བསྟན་པ། བྱེད་པ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་ལ། དྲི་བ་འགོད་པ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །ལན་ལ། ཐུན་མོང་གི་ཏིང་ངེ་འཛིན་བསྒྲུབ་པའི་ཚུལ་དང༌། ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་བསྒྲུབ་པའི་ཚུལ་ལོ། །དང་པོ་ལ། སོ་སོ་སྐྱེ་བོ་དང་ཐུན་མོང་བ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་པའི་བར་རོ། །ཉན་རང་དང་ཐུན་མོང་བ་ནི། སྟོང་པ་ཉིད་དང་ཞེས་སོགས་ཏེ་རྣམ་ཐར་སྒོ་གསུམ་མོ། །ཐུན་མོང་མ་ཡིན་པ་ནི། གློག་ལྟ་བུའི་ཞེས་པ་ནས། བསྒོམ་མོ་ཞེས་པའི་བར་རོ། །གཉིས་པ་ལ། མངོན་པར་ཞེན་པ་མེད་པའི་བྱེད་པ་དང༌། ཁམས་གསུམ་དུ་མི་སྐྱེ་བའི་བྱེད་པ་དང༌། ཉན་རང་གི་ས་ལས་འདའ་བའི་བྱེད་པའོ། །དང་པོ་ལ། དོན་དངོས་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ཤིང་ཞེས་པ་ནས། དེ་རོ་མྱང་བར་མི་བྱེད་དོ་ཞེས་པའི་བར་ཏེ། ཏིང་ངེ་འཛིན་ལ་གནས་ཀྱང་ཏིང་ངེ་འཛིན་གྱི་རོ་མྱང་བར་མི་བྱེད་དོ་ཞེས་པའི་དོན་ནོ། །རོ་མྱང་བར་མི་བྱེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ག་ལ་འགྱུར་ཞེས་པའི་བར་ཏེ། ཏིང་ངེ་འཛིན་གྱི་རོ་མྱང་བར་མི་བྱེད་དེ་ཏིང་ངེ་འཛིན་མཚན་ཉིད་མེད་པར་ཁོང་དུ་ཆུད་པའི་ཕྱིར་ཞེས་པའོ། །གཉིས་པ་ཁམས་གསུམ་དུ་མི་སྐྱེ་བའི་བྱེད་པ་ལ་དམ་བཅའ་བ་ནི། དེ་རོ་མྱང་བར་བྱེད་པ་མེད་པས་ཞེས་པ་ནས་སྐྱེ་བར་མི་འགྱུར་རོ་ཞེས་པའི་བར་རོ། །དེ་དག་གི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མི་དམིགས་སོ་ཞེས་པའི་བར་ཏེ། གང་དུ་སྐྱེ་བའི་ས་དང༌། སྐྱེ་བའི་རྒྱུ་གཉིས་ཀ་མི་དམིགས་པའི་ཕྱིར་ཞེས་པའོ། །མི་དམིགས་པའི་རྣམ་པས་ཏིང་ངེ་འཛིན་རྫོགས་ཚུལ་ནི། དེ་མི་དམིགས་པས་ཞེས་པ་ནས་རྫོགས་པར་བྱེད་དོ་ཞེས་པའི་བར་རོ། །གསུམ་པ་ལ་མདོར་བསྟན་པ་ནི། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དེས། ཉན་རང་གི་ས་ལས་འདའོ་ཞེས་པས་བསྟན་ཏོ། །རྒྱས་པར་བཤད་པ་ལ་དྲི་བ་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ནས། ཡོངས་སུ་ལྟ་བ་ལགས་ཞེས་པའི་བར་རོ། །ལན་ལ། ཡུལ་གང་ལ་བསླབ་པས་འདའ་བ་དང༌། འདས་ནས་བྱང་སེམས་ཀྱི་སྐྱོན་མེད་པར་འཇུག་ཚུལ་ལོ། །དང་པོ་ལ། དོན་དངོས་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཞེས་པ་ནས། བསླབ་པའི་ཕྱིར་ཏེ་ཞེས་པའི་བར་ཏེ། སྟོང་ཉིད་ལ་བསླབ་པས་ཉན་རང་གི་ས་ལས་འདའོ་ཞེས་པའི་དོན་ནོ། །སྟོང་པ་ཉིད་ལ་བསླབ་པས་འདའ་བའི་འཐད་པ་ནི། སྟོང་པ་ཉིད་འདི་དག་ལ་ནི་ཞེས་པ་ནས། མི་དམིགས་ཏེ་ཞེས་པའི་བར་རོ། །འདི་དག་ནི་སྟོང་ཉིད་གང་ཡང་མི་དམིགས་པའི་ཕྱིར་ཞེས་པའི་དོན་ནོ། །དེའི་འཐད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནས། སྟོང་སྟེ་ཞེས་པའི་བར་ཏེ། རྣམ་མཁྱེན་གྱི་བར་དུ་སྟོང་ཉིད་དུ་རྟོགས་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་ནི། སྟོང་པ་ཉིད་དེ་དག་གིས་ཞེས་པ་ནས། སྐྱོན་མེད་པར་འཇུག་གོ་ཞེས་པའི་བར་རོ། །གསུམ་པ་བྱེད་པ་ལས་འཕྲོས་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ཀྱིས་བསྟན་ཏོ། །དང་པོ་ནི། དྲིས་ལན་གཉིས་ཀྱིས་བསྟན་པའི་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། གང་ལགས་ཞེས་པའི་བར་ཏེ། གོང་དུ་སྐྱོན་མེད་པར་འཇུག་པའོ་ཞེས་པ་ལས་འཕྲོས་པའི་དྲི་བའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། སྐྱོན་མེད་པར་འཇུག་གོ་ཞེས་པའི་བར་རོ། །གཉིས་པ་ལ་དྲི་བ་དང་ལན་ནོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། གང་ལགས་ཞེས་པའི་བར་རོ། །གོང་དུ་དམིགས་པ་ལ་སྐྱོན་དང༌། མི་དམིགས་པ་ལ་སྐྱོན་མེད་དུ་བཤད་པ་ལ་དྲིས་པའོ། །གཉིས་པ་ལན་ལ་གཉིས་ཏེ། སྐྱོན་ཅན་དུ་བསྟན་པའི་དམིགས་པ་བཤད་པ་དང༌། སྐྱོན་མེད་དུ་བསྟན་པའི་མི་དམིགས་པ་བཤད་པའོ། །དང་པོ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་བྱང་སེམས་ཆེན་པོའི་དམིགས་པའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དམིགས་པ་སྟེ་སྐྱོན་ཅན་ནོ་ཞེས་པའི་བར་གྱིས་གསུངས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མངོན་པར་ཞེན་པའི་ཚུལ་གྱིས་དམིགས་པ་སྐྱོན་ཅན་དུ་བསྟན་པའོ། །གཉིས་པ་ལ་དངོས་ཀྱི་དོན་དང༌། འཐད་པ་བཤད་པ་དང་དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་སྐྱོན་མེད་པ་ནི། གང་ལ་གཟུགས་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཆོས་དེ་དག་གི་བརྗོད་པ་ཡང་དམིགས་སུ་མེད་པའོ་ཞེས་པའི་བར་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། དེ་དག་གི་རྗོད་བྱེད་ཚིག་ལ་ཡང་མངོན་པར་ཞེན་པའི་ཚུལ་གྱིས་དམིགས་སུ་མེད་པར་བསྟན་པའོ། །གཉིས་པ་ལ། གོང་དུ་བརྗོད་པ་ཡང་དམིགས་སུ་མེད་ཅེས་བསྟན་ན། བརྗོད་པ་དམིགས་སུ་མེད་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་སྦྱར་ཏེ། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་བརྗོད་པ་ཡང་དམིགས་སུ་མེད་དོ་ཞེས་བསྟན་པའི་འཐད་པ་བསྟན་པའོ། །དེ་ལ་རང་བཞིན་མེད་དེ་ཞེས་བསྟན་པ་ནི་མདོར་བསྟན་པའོ། །དེ་ནི་ཞེས་པ་ནི་ཆོས་ཅན་ནོ། །བརྗོད་དུ་མེད་པའོ་ཞེས་པ་ནི་བསྒྲུབ་བྱའི་ཆོས་སོ། །རང་བཞིན་མེད་ཅེས་བྱ་བ་ནི་གཏན་ཚིགས་སོ། །གསུམ་པ་དོན་བསྡུ་བ་ནི། རབ་འབྱོར་འདི་ནི་བྱང་སེམས་ཆེན་པོའི་སྐྱོན་མེད་པའོ་ཞེས་སོགས་སོ། །རང་གཞན་གྱི་བྱེད་པ་ཁྱད་པར་ཅན་བསྟན་པ་ལ། རང་དོན་གྱི་ཡོན་ཏན་དང༌། གཞན་དོན་གྱི་ཡོན་ཏན་ནོ། །དང་པོ་ནི། བྱང་སེམས་ཆེན་པོའི་སྐྱོན་མེད་པར་ཞུགས་པའི་ཞེས་པ་ནས། དེ་ནི་གནས་མེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། གཞན་དུ་ན་ཞེས་པ་ནས། འཛིན་ཏེ་ཞེས་པའི་བར་ཏེ། གཞན་དུ་ན་ཞེས་པ་ནི། རང་དོན་སྒྲུབ་པ་ལས་གཞན་དུ་ན་གཞན་གྱི་དོན་བྱེད་པ་ན་ཞེས་པའི་དོན་ནོ། །གསུམ་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། འཁོར་ལོ་བསྐོར་རོ་ཞེས་པའི་བར་རོ། །བསམ་གཏན་གྱི་ཕར་ཕྱིན་ལ་སྤྱོད་ཚུལ་བསྟན་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཚུལ་ལ་གཉིས་ཏེ། རང་བཞིན་མེད་པར་ཤེས་པ་བྱེད་པ་དང་བཅས་པ་དང༌། རང་བཞིན་མེད་པར་ཤེས་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། འཁོར་ལོ་བསྐོར་རོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་སོ་ཞེས་པའི་བར་རོ། །མངོན་རྟོགས་རྒྱན་ལས། སྦྱིན་ལ་སོགས་པ་སྤྱོད་པ་ཡི། །ཆོས་ཀུན་རྨི་ལམ་འདྲར་ཤེས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་གསུངས་སོ། །མཚན་ཉིད་མེད་པའི་སྐད་ཅིག་མ་བསྟན་ཟིན་ཏོ།།  ༈ གཉིས་སུ་མེད་པའི་སྐད་ཅིག་མ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། གཟུང་འཛིན་གཉིས་སུ་མི་མཐོང་བའི་དཔེ་དང༌། ཆོས་རྣམས་གཉིས་སུ་མི་དམིགས་པར་རྟོགས་པའི་ཚུལ་དང༌། དེ་ལ་གཞན་གྱིས་རྩོད་པ་སྤང་བའོ། །དང་པོ་ལ་དྲི་བ་དང་ལན་ནོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། སྤྲུལ་པ་ལྟ་བུར་ཡང་དག་པ་ཅི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས་ཞེས་པའི་བར་ཏེ། གོང་དུ་ཤེས་རབ་ཀྱི་ཕར་ཕྱིན་གྱིས་ཆོས་ཐམས་ཅད་རྨི་ལམ་ནས་སྤྲུལ་པ་ལྟ་བུར་ཤེས་པར་བསྟན་པ་ལ་དྲིས་བའོ། །གཉིས་པ་ལན་བཤད་པ་ལ། དཔེ་ལ་གཟུང་འཛིན་གཉིས་སུ་མི་མཐོང་བ་དང༌། མི་མཐོང་བའི་འཐད་པ་འགོད་པ་དང༌། དོན་གྱིས་གཟུང་འཛིན་མི་མཐོང་བའི་ཚུལ་ལོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཞེས་པ་ནས། སྤྲུལ་པ་མི་མཐོང་ངོ་ཞེས་པའི་བར་ཏེ། ཡུལ་མི་མཐོང་བ་དང༌། ཡུལ་ཅན་མི་མཐོང་བ་གཉིས་གཉིས་ཀྱིས་བསྟན་ཏོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སྤྲུལ་པ་མཐོང་བ་མི་གཟིགས་སོ་ཞེས་པའི་བར་ཏེ། སོ་སོ་སྐྱེ་བོས་གཟུང་འཛིན་གཉིས་སུ་མཐོང་བ་ནི་ཕྱིན་ཅི་ལོག་དང༌། ཉན་ཐོས་དགྲ་བཅོམ་གྱིས་གཉིས་སུ་མི་མཐོང་བ་དང༌། རང་སངས་རྒྱས་ཀྱིས་གཉིས་སུ་མི་མཐོང་བ་དང༌། བྱང་ཆུབ་སེམས་དཔས་གཉིས་སུ་མི་མཐོང་བ་དང༌། དེ་བཞིན་གཤེགས་པས་གཉིས་སུ་མི་མཐོང་བའི་ཚུལ་གྱིས་བསྟན་ཏེ། གོང་དུ་གཟུང་འཛིན་གཉིས་སུ་མི་མཐོང་བར་བསྟན་པ་ན། གཟུང་འཛིན་གཉིས་ཡོད་དེ། སོ་སོ་སྐྱེ་བོས་མཐོང་བའི་ཕྱིར་སྙམ་ན། སོ་སོ་སྐྱེ་བོས་མཐོང་བ་ནི་ཕྱིན་ཅི་ལོག་ཡིན་ཏེ། འཕགས་པ་རྣམས་ཀྱིས་མ་གཟིགས་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་ལ་གཏན་ཚིགས་འགོད་པ་དང༌། བཟློག་པ་ལ་གནོད་བྱེད་འགོད་པའོ། །དང་པོ་ལ། དེ་ལ་བྱང་སེམས་ཆེན་པོ་ཞེས་པ་ནས། དེ་ནི་གནས་མེད་དོ་ཞེས་པའི་བར་གྱིས་ནི་བསྒྲུབ་བྱ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་ཡོངས་སུ་གྲུབ་པ་མེད་ན་ཞེས་པའི་བར་རོ། །གཉིས་པ་ནི། ཆོས་ལ་ལ་ཞིག་གིས་ངོ་བོ་ཉིད་དམ་ཞེས་པ་ནས། མི་འགྱུར་ཞེས་པའི་བར་ཏེ། ངོ་བོ་ཉིད་ལ་དམིགས་པའི་ཚུལ་གྱིས་སྤྱོད་པ་ཆོས་ཅན། ཤེར་ཕྱིན་ལ་སྤྱོད་པར་མི་འགྱུར་ཏེ། བདེན་འཛིན་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །ཆོས་རྣམས་གཉིས་སུ་མ་དམིགས་པར་རྟོགས་པར་བསྟན་པ་ལ་གཉིས་ཏེ། མི་མཐུན་ཕྱོགས་སྤོང་བའི་བྱེད་པ་དང༌། གཉེན་པོ་ལའང་ཞེན་པ་མི་སྐྱེ་བར་བསྟན་པའོ། །དང་པོ་ནི། བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་གཟུགས་ལ་ཆགས་པ་མེད་དོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཆགས་པ་མེད་དོ་ཞེས་པའི་བར་རོ། །གཉིས་པ་ལ། གཉེན་པོ་མི་དམིགས་པའི་གཏན་ཚིགས་འགོད་པ་དང༌། ཡུལ་ཡུལ་ཅན་གཉིས་ཀ་མི་དམིགས་པའི་གཏན་ཚིགས་སུ་བསྟན་པའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་ས་དང་པོ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མི་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དེ་ལ་འདོད་པའི་འདོད་ཆགས་བསྐྱེད་པར་ལྟ་ག་ལ་འགྱུར་ཏེ་ཞེས་པའི་བར་གྱིས་བསྟན་པ་དམ་བཅའ་རེ་རེ་མ་དམིགས་པའི་གཏན་ཚིགས་རེ་རེས་བསྒྲུབ་བོ། །གཉིས་པ་ལ་འཐད་པ་འགོད་པ་དང༌། འཐད་པ་དེ་ཉིད་བསྒྲུབ་པའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་པ་ནས། ཆོས་དེ་དག་ཀྱང་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། ཡུལ་མི་དམིགས་པར་མ་ཟད། ཡུལ་ཅན་ཤེར་ཕྱིན་ཡང་མི་དམིགས་པའི་ཕྱིར་དང༌། ཡུལ་དུ་རྣམ་བྱང་གི་ཆོས་ཐམས་ཅད་འདུས་པར་སྤྱོད་ཀྱང༌། སྡུད་བྱེད་མ་དམིགས་པར་མ་ཟད་བསྡུ་བྱ་དེ་དག་ཀྱང་མ་དམིགས་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་ལ་འཐད་པ་འགོད་པ་དང༌། འཐད་པ་བསྒྲུབ་པའོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་འདི་དག་དང་ཞེས་པ་ནས། གཉིས་སུ་བྱར་མེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དབྱེར་མེད་དོ་ཞེས་པའི་བར་རོ། །གསུམ་པ་གཉིས་སུ་མེད་པར་ཐལ་བ་ལ། རྩོད་པ་སྤང་བ་ལ། རྩོད་པ་འགོད་པ་དང༌། ལན་བཤད་པའོ། །དང་པོ་ལ་གང་ལ་རྩོད་པའི་ཡུལ་ནི། གོང་དུ་ཆོས་ཐམས་ཅད་དབྱེར་མེད་དོ་ཞེས་བསྟན་པ་ལ་རྩོད་དོ། །རྩོད་པའི་ཚུལ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ཇི་ལྟར་འདུས་བྱས་དང་འདུས་མ་བྱས་རྣམས་བསྟན་པ་ལགས་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་དབྱེར་མེད་ན་དགེ་མི་དགེ་དང་འདུས་བྱས་དང་འདུས་མ་བྱས་ཀྱི་བར་ཐ་དད་དུ་བསྟན་པ་མི་འཐད་པར་ཐལ་ལོ་ཞེས་པའི་དོན་ནོ། །གཉིས་པ་ལན་ལ། རབ་འབྱོར་རང་ཉིད་ལ་བརྒལ་བ་དང༌། རབ་འབྱོར་གྱིས་ལན་བརྗོད་ཚུལ་དང༌། མཚན་ཉིད་མེད་པའི་དོན་ལ་བསླབ་པར་གདམས་པ་དང༌། དཔེའི་སྒོ་ནས་ཆོས་མ་དམིགས་པར་བསྟན་པ་དང༌། མ་དམིགས་པའི་སློབ་ཚུལ་བྱེད་པ་དང་བཅས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། བརྗོད་དུ་ཡོད་དམ་ཞེས་པའི་བར་ཏེ། དོན་དམ་པར་ཐ་དད་དུ་བརྗོད་དུ་ཡོད་དམ་ཞེས་བརྒལ་བའོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་དེ་བས་ན་ཞེས་པ་ནས། རིག་པར་བྱའོ་ཞེས་པའི་བར་རོ། །བཞི་པ་ནི། རབ་འབྱོར་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་གཟུགས་ཞེས་བྱ་བའམ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའམ། ཆོས་གང་གི་རང་བཞིན་ཡང་མ་དམིགས་སོ་ཞེས་པའི་བར་ཏེ། སྔོན་ཡུམ་ལ་སྤྱོད་པའི་ཚེ་ཆོས་གང་གི་ཡང་རང་བཞིན་མ་དམིགས་པས། ཆོས་རྣམས་ཀྱི་རང་བཞིན་མ་དམིགས་པར་མཐོང་ཞེས་པའི་དོན་ནོ། །ལྔ་པ་ལ་རང་བཞིན་མ་དམིགས་པ་ལ་བསླབ་ཚུལ་དང༌། བསླབ་པའི་བྱེད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། རྣམ་པར་རྟུལ་ལོ་ཞེས་པའི་བར་རོ། །གཉིས་སུ་མེད་པའི་སྐད་ཅིག་མ་རྒྱས་པར་བསྟན་ཟིན་ཏོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བསླབ་པར་བྱའོ་ཞེས་པའི་བར་རོ། །མཚན་ཉིད་མེད་པའི་ལེའུ་སྟེ་དྲུག་ཅུ་རྩ་གཉིས་པ་རྣམ་པར་བཤད་པའོ།།   ༈ སྐབས་བརྒྱད་པ་ཆོས་སྐུ་མཛད་པ་དང་བཅས་པའི་དོན་བསྟན་པ། ༈ དྲུག་ཅུ་རེ་གསུམ་པ་མཚན་དང་དཔེ་བྱད་མངོན་པར་བསྒྲུབ་པ་དང༌། ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་བཤད་པ། མཚན་ཉིད་མེད་པའི་ལེའུ་འདི་ནས་ཞུས་ལན་དྲུག་གཟིགས་པ་བཅུ་ཕྲག་བདུན། བསྡུ་བའི་དངོས་པོ་བཞི་སྟོན་ཅིང༌། དེའི་དོན་བསྟན་བཅོས་ལས། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང༌། །ཞེས་པའི་ཚིག་གཉིས་ཀྱིས་བསྟན་ཏོ། །ཞུས་ལན་དང་པོ་ལ་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཞེས་པ་ནས། བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ་ཞེས་བགྱི་བར་ཇི་ལྟར་རྣམ་པར་འགོད་པར་འགྱུར་ཞེས་པའི་བར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན། སྤྱད་པར་བྱ་བའི་ཆོས་ཀྱི་རྣམ་དབྱེ་དང༌། འདི་དང་འདི་ནི་ཆོས་འདིའི་སྣོད་དུ་འགྱུར་བའོ་ཞེས་ཇི་ལྟར་འགོད་པར་འགྱུར་ཞེས་པའི་དོན་ནོ། །ལན་ལ། ཀུན་རྫོབ་ཏུ་མཛད་པ་རྣམ་པར་བཞག་པ་དང༌། མཛད་པ་ངོ་མཚར་བར་བསྟན་པ་དང༌། མཛད་པ་ཐུན་མོང་མ་ཡིན་པར་བསྟན་པའོ། །དང་པོ་ལ། གང་ལ་མཛད་པ་འཇུག་པའི་ཡུལ་དང༌། མཛད་པ་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོ་སྐྱེ་བོ་ནི་ཞེས་པ་ནས། མི་གཡོ་བའི་བྱ་བ་ཡང་མངོན་པར་འདུ་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། སྤྱིར་གཟུང་འཛིན་གཉིས་དང༌། བྱེ་བྲག་ཏུ་བསོད་ནམས་དང༌། བསོད་ནམས་མ་ཡིན་པའི་ལས་གསུམ་གྱིས་ཁམས་གསུམ་འཁོར་བའི་སེམས་ཅན་ནི་མཛད་པ་བསྒྲུབ་པའི་ཡུལ་ལོ་ཞེས་བསྟན་ཏོ། །དེ་ལ་རྨི་ལམ་ཡང་དམིགས་ལ་ཞེས་པས་ནི། གཟུང་བ་ལ་ཞེན་པ་དང༌། རྨི་ལམ་མཐོང་བ་ཡང་མི་དམིགས་སོ་ཞེས་པས་ནི་འཛིན་པ་ལ་ཞེན་པ་བསྟན་པས་ན། འཁོར་བའི་རྒྱུ་སྤྱིར་བསྟན་པའོ། །ལས་གསུམ་གྱིས་ནི་བྱེ་བྲག་གི་རྒྱུ་བསྟན་ཏོ། །མཛད་པ་བསྒྲུབ་པའི་ཡུལ་བསྟན་ཟིན་ཏོ། །གཉིས་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། དང་པོ་ལ་བཞི་སྟེ། ༈ དངོས་པོར་འཛིན་པ་སྤོང་བའི་ཆོས་སྟོན་པ་དང༌། བསོད་ནམས་བྱ་བའི་དངོས་པོ་གསུམ་ལ་འགོད་པ་དང༌། འབྲས་བུ་མྱ་ངན་ལས་འདས་པའི་ལམ་ལ་འགོད་པ་དང༌། སྐལ་པ་ཇི་ལྟ་བ་བཞིན་གྱི་ལམ་ལ་འགོད་པའོ། །དང་པོ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་བསྟན་པ་དང༌། དཔེའི་སྒོ་ནས་རང་བཞིན་མེད་པར་གཏན་ལ་དབབ་པ་དང༌། རང་བཞིན་དུ་འཛིན་པ་མི་རིགས་པར་བསྟན་པའོ། །དང་པོ་ནི། དེ་བས་ན་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མཐའ་ལས་འདས་པ་སྟོང་པ་ཉིད་དང་ཞེས་པ་ནས། སྐྱེ་མཆེད་རྣམས་མེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། འདི་ནི་རྨི་ལམ་ཞེས་པ་ནས། སྤྲུལ་པ་བྱེད་པ་མེད་དོ་ཞེས་པའི་བར་རོ། །གསུམ་པ་ནི། ཆོས་འདི་དག་ཐམས་ཅད་ནི་ཞེས་པ་ནས། དངོས་པོའི་འདུ་ཤེས་སུ་བྱེད་ཅེས་ཏེ་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ན་ཇི་ལྟར་དངོས་པོར་འདུ་ཤེས་ཏེ་འདུ་ཤེས་པ་མི་རིགས་སོ་ཞེས་པའི་དོན་ནོ། །བསོད་ནམས་བྱ་བའི་དངོས་པོ་གསུམ་ལ་འགོད་པ་ལ། དང་པོ་སྦྱིན་པ་ལ་འགོད་པ་ནི། བྱང་ཆུབ་སེམས་དཔའ་ཞེས་པ་ནས། ལོངས་སྤྱོད་ཆེན་པོའི་རྒྱུར་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ལ་འགོད་པ་ནི། འདིས་དེ་དག་དེ་ལས་བསྐྱོད་ནས་ཚུལ་ཁྲིམས་ཞེས་པ་ནས། སྐྱེ་བའི་རྒྱུར་འགྱུར་རོ་ཞེས་པའི་བར་ཏེ། བསྐྱོད་པ་ནི་ཡོན་ཏན་གོང་མ་ལ་འགོད་པའོ། །གསུམ་པ་ཏིང་ངེ་འཛིན་ལས་བྱུང་བི་བསོད་ནམས་ལ་འགོད་པ་ནི། དེས་དེ་དག་ལས་བསྐྱོད་ནས། བསམ་གཏན་དང་པོ་ལ་སྦྱོར་ཏེ་ཞེས་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྦྱོར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་འབྲས་བུ་མྱང་འདས་ཀྱི་ལམ་ལ་འགོད་པ་ནི། དེས་སྦྱིན་པ་དང་སྦྱིན་པའི་འབྲས་བུ་དམའ་བ་དེ་ལས་རྣམ་གྲངས་དུ་མར་བསྐྱོད་དེ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་བསྐུལ་ལོ། །ཡང་དག་པར་གཟེངས་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ །རབ་ཏུ་འགོད་དོ་ཞེས་པའི་བར་གྱིས་བསྟན་ཏེ། སྟོན་ཞེས་པ་ནི་ཆོས་སྟོན་པའོ། །བསྐུལ་བ་ནི་ཉན་པའོ། །གཟེངས་བསྟོད་པ་ནི་ཞུགས་པ་ལའོ། །དགའ་བར་བྱེད་པ་ནི་ལེགས་པར་ཞུགས་པ་ལའོ། །འདུལ་བ་ནི་མི་མཐུན་ཕྱོགས་སོ། །གཞོག་པ་དང༌། རབ་ཏུ་འགོད་པ་ནི། དང་པོ་དང་ཕྱི་མའོ། །བཞི་པ་ནི་དེ་ཟག་པ་མེད་པའི་ཆོས་སོ། །གཟུགས་མེད་པ་བསྟན་དུ་མེད་པ་ཞེས་པ་ནས། རབ་ཏུ་འགོད་དོ་ཞེས་པའི་བར་རོ། །རྒྱས་པར་བསྟན་ཟིན་ཏོ། །གཉིས་པ་མཇུག་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། འགོད་པར་བྱེད་དོ་ཞེས་པའི་བར་ཏེ། རང་བཞིན་མེད་པར་རྟོགས་པ་ལ་འགོད་ཅེས་པའི་དོན་ནོ། །ཀུན་རྫོབ་ཏུ་མཛད་པ་རྣམ་པར་གཞག་པ་བསྟན་ཟིན་ཏོ། །གཉིས་པ་མཛད་པ་རྨད་དུ་བྱུང་བར་བསྟན་པ་ལ། རབ་འབྱོར་གྱི་ཚིག་གིས་ཞུས་པར་བསྟན་པ་དང༌། སྟོན་པས་དེ་དང་རྗེས་སུ་མཐུན་པར་གསུངས་པ་དང༌། ཉན་རང་གི་མཛད་པ་ལས་ལྷག་པར་བསྟན་པའོ། །དང་པོ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། རྨད་དུ་བྱུང་བའི་ཆོས་སོ་ཞེས་པའི་བར་རོ། །གཉིས་པ་ནི་དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ཞེས་པ་ནས་རྨད་དུ་བྱུང་བའི་ཆོས་སོ་ཞེས་པའི་བར་རོ། །གསུམ་པ་ནི་རབ་འབྱོར་གལ་ཏེ་ཁྱོད་ཀྱིས་ཞེས་པ་ནས། ཟིལ་གྱིས་གནོན་པར་མི་ནུས་སོ་ཞེས་པའི་བར་རོ། །གསུམ་པ་མཛད་པ་ཐུན་མོང་མ་ཡིན་པ་ནི། ཞུས་ལན་གསུམ་གྱིས་བསྟན་ཏེ། དང་པོ་ཞུས་པ་ནི། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། གང་ལགས་ཞེས་པའི་བར་ཏེ། ཉན་རང་དང་ཐུན་མོང་མ་ཡིན་པའི་རྨད་དུ་བྱུང་བའི་མཛད་པ་གང་ལགས་ཞེས་དྲིས་པའོ། །ལན་ལ་གསུམ་སྟེ། གང་ལ་གནས་ནས་ཕན་འདོགས་པ་དང༌། ཆོས་གང་གིས་ཕན་འདོགས་པ་དང༌། སྦྱིན་པའི་ཕན་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོས་ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ལ་གནས་ཤིང་ཞེས་པའི་བར་རོ། །གཉིས་པ་ནི། ཕྱོགས་དང་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་སོང་ཞིང་སེམས་ཅན་གང་ལ་སྦྱིན་པས་ཕན་འདོགས་པར་བྱ་བ་དེ་དག་ལ་སྦྱིན་པས་ཕན་འདོགས་སོ་ཞེས་པ་ནས། རྣམ་མཁྱེན་གྱིས་ཕན་འདོགས་སོ་ཞེས་པའི་བར་རོ། །གསུམ་པ་སྦྱིན་པས་ཕན་འདོགས་ཚུལ་རྒྱས་པར་བཤད་པ་ལ། དྲིས་ལན་གཉིས་ཀྱི་དང་པོ་དྲི་བ་ནི། རབ་འབྱོར་ཞེས་པ་ནས། གང་ལགས་ཞེས་པའི་བར་རོ། །གཉིས་པ་ལན་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ཡུལ་གང་ལ་སྦྱིན་པ་གང་གཏོང་བ་དང༌། བསམ་པ་གང་གིས་ཚུལ་ཇི་ལྟར་གཏོང་བ་དང༌། སྦྱིན་པའི་འབྲས་བུ་ལ་འགོད་པའི་ཚུལ་དང༌། སྦྱིན་པར་བྱ་བའི་ཁྱད་པར་བཤད་པ་དང༌། མི་དམིགས་པའི་ཤེས་རབ་ཀྱིས་ཁྱད་པར་དུ་བྱས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཞེས་པ་ནས། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་ཡོངས་སུ་གཏོང་སྟེ་ཞེས་པའི་བར་རོ། །གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་དངོས་ཀྱི་དོན་ནི། ཇི་ལྟར་དེ་དེ་བཞིན་གཤེགས་པ་ཞེས་པ་ནས། ཡོངས་སུ་གཏོང་ངོ་ཞེས་པའི་བར་ཏེ། རིས་སུ་མི་འབྱེད་པར་སྦྱིན་པ་གཏོང་ངོ་ཞེས་པའི་བར་རོ། །རིས་སུ་མི་འབྱེད་པར་སྦྱིན་པ་གཏོང་བའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ནས། ཐོབ་པར་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ལ། དོན་དངོས་ནི། རབ་འབྱོར་གལ་ཏེ་ཞེས་པ་ནས། བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་ནོ་ཞེས་པའི་བར་ཏེ། སྦྱིན་པར་བྱ་བའི་ཡུལ་སོ་སོར་འབྱེད་པ་ནི། བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་པའི་དོན་ནོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཞུགས་པ་མ་ཡིན་ཏེ་ཞེས་པའི་བར་རོ། །གསུམ་པ་ནི། དེ་དག་སྦྱིན་པས་ཕན་གདགས་ནས་ཞེས་པ་ནས། མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་པའི་བར་ཏེ། མངོན་མཐོ་དང་ངེས་ལེགས་ལ་འགོད་པར་བསྟན་ཏོ། །བཞི་པ་ལ་སྲོག་གཏོང་ཚུལ་དང༌། ཡན་ལག་དང་ཉིང་ལག་གཏོང་ཚུལ་ལོ། །དང་པོ་ལ། བསམ་པ་ཁྱད་པར་ཅན་གྱིས་སྦྱིན་པའི་ཚུལ་དང༌། དེའི་འཐད་པ་དང༌། བསམ་པ་མ་དག་པའི་སྦྱིན་པ་སྨད་པའོ། །དང་པོ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་པ་ནས། སྦྱིན་པར་བྱའོ་ཞེས་པའི་བར་ཏེ། ཕྱོགས་མི་འབྱེད་པ་དང༌། ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་སྦྱིན་པར་བྱའོ་ཞེས་པའི་དོན་ནོ། །གཉིས་པ་ཕྱོགས་མི་འབྱེད་པ་དང་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་སྦྱིན་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཞུགས་པའི་ཕྱིར་ཞེས་པའི་བར་རོ། །གསུམ་པ་ནི། གལ་ཏེ་རྣམ་པར་རྟོག་ན་ཞེས་པ་ནས། སྨད་པར་འགྱུར་རོ་ཞེས་པའི་བར་ཏེ། རིགས་སུ་འབྱེད་པར་རྣམ་པར་རྟོག་ན་འཇིག་རྟེན་གྱི་སྦྱིན་པར་འགྱུར་གྱིས་འཇིག་རྟེན་ལས་འདས་པའི་སྦྱིན་པར་མི་འགྱུར་བས་འཕགས་པ་རྣམས་ཀྱིས་སྨད་པར་འགྱུར་རོ་ཞེས་པའི་དོན་ནོ། །སྨད་པའི་ཚུལ་ནི། དེ་ལ་ཞེས་པ་ནས། གདབ་ཅེས་པའི་བར་ཏེ། རིགས་སུ་འབྱེད་ན་ཐོག་མར་སུ་ཞིག་གིས་སེམས་ཅན་གྱི་མགོན་དུ་ཁས་ལེན་དུ་བཅུག་ཅེས་པའི་ཚུལ་གྱིས་སོ། །གཉིས་པ་ལ་ཕྱོགས་མི་འབྱེད་པའི་བསམ་པས་གཏོང་བ་དང༌། དེ་དག་གི་འཐད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་གལ་ཏེ་ཞེས་པ་ནས། སེམས་གཉིས་སུ་བསྐྱེད་པར་མི་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སེམས་བསྐྱེད་པར་བྱ་སྟེ་ཞེས་པའི་བར་རོ། །རྒྱས་པར་བཤད་པ་བསྟན་ཟིན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བསླབ་པར་བྱའོ་ཞེས་པའི་བར་རོ། །མི་དམིགས་པའི་ཤེས་རབ་ཀྱི་ཁྱད་པར་དུ་བྱས་པ་ལ། འཁོར་གསུམ་མི་དམིགས་པའི་བསམ་པས་སྦྱིན་པ་དང༌། དེའི་འཐད་པ་བསྟན་པ་དང༌། འཁོར་གསུམ་མི་དམིགས་པ་ལ་སློབ་ཚུལ་དང༌། སློབ་པའི་བྱེད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། བསྐྱེད་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་འཕྲོག་པ་མེད་དོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། སྟོང་པ་ཉིད་ལ་བསླབ་པར་བྱའོ་ཞེས་པའི་བར་རོ། །བཞི་པ་ནི། དེས་སྟོང་པ་ཉིད་དེ་དག་ལ་གནས་ཤིང་ཞེས་པ་ནས། སྤྱོད་དོ་སྙམ་པའི་སེམས་མི་འབྱུང་ངོ་ཞེས་པའི་བར་རོ། །ཕྲིན་ལས་ལ་སྤྱིར་བསྟན་པ་བཤད་ཟིན་ཏོ། །གཉིས་པ་སོ་སོར་བཤད་པ་ལ་གསུམ་སྟེ། ལམ་གྱི་རྟེན་ལ་འགོད་པ་དང༌། ལམ་ལ་འགོད་པ་དང༌། ལམ་གྱི་འབྲས་བུ་ལ་འགོད་པའོ། །དང་པོ་ལ། གཟིགས་པ་བཅུ་ཕྲག་བདུན་ཏེ། ཆོས་སྟོན་པའི་སྒོ་ནས་དམྱལ་བའི་སྡུག་བསྔལ་ཞི་བར་བྱེད་པའི་ཕྱོགས་སྐོར་གྱི་འགྲེས་དང༌། མཛད་པ་པོ་བྱང་ཆུབ་སེམས་དཔས་སངས་རྒྱས་མཉེས་པར་བྱེད་པའི་ཕྱོགས་སྐོར་གྱི་འགྲེས། སྦྱིན་པ་གཏོང་བའི་སྒོ་ནས་དུད་འགྲོའི་སེམས་ཅན་གྱི་དོན་བྱེད་པའི་ཕྱོགས་སྐོར་གྱི་འགྲེས། སེར་སྣ་སྤོང་བའི་ཆོས་སྟོན་པའི་སྒོ་ནས་ཡི་དྭགས་ཀྱི་དོན་བྱེད་པའི་ཕྱོགས་སྐོར་གྱི་འགྲེས། འཁོར་བ་ལ་སྐྱོ་བ་བསྐྱེད་པའི་དོན་དུ་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒོ་ནས་ལྷའི་དོན་བྱེད་པའི་ཕྱོགས་སྐོར་གྱི་འགྲེས། ཚངས་པའི་ལྟ་བ་སྤང་བའི་དོན་དུ་སྟོང་པ་ཉིད་ཀྱི་ཆོས་སྟོན་པའི་སྒོ་ནས་ལྟ་བ་དང་བྲལ་བར་བྱེད་པའི་ཕྱོགས་སྐོར་གྱི་འགྲེས། བསྡུ་བའི་དངོས་པོ་བཞིས་མིའི་དོན་བྱེད་པའི་ཕྱོགས་སྐོར་གྱི་འགྲེས་ཏེ་འགྲེས་རྣམ་པ་བདུན་གྱིས་བསྟན་ཏོ། །དེ་ལ་འགྲེས་དང་པོའི་དོན་ནི། སྡུག་བསྔལ་ཞི་བར་བྱས་ཏེ་ཆོས་སྟོན་པ་དང༌། མངོན་མཐོའི་འབྲས་བུ་ལ་འགོད་པ་དང༌། ངེས་པར་ལེགས་པའི་འབྲས་བུ་ལ་འགོད་པའོ། །དང་པོ་ལ་ཆོ་འཕྲུལ་གསུམ་གྱིས་ཆོས་སྟོན་པའི་དོན་གཉིས་ཀྱིས་བསྟན་ཏེ། དང་པོ་ལ་མདོར་བསྟན་པ་ནི། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་ཞེས་པ་ནས། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ཆོས་སྟོན་ཅིང་ཞེས་པའི་བར་རོ། །གཉིས་པ་རྒྱས་པར་བཤད་པ་ནི། རྫུ་འཕྲུལ་གྱི་ཞེས་པ་ནས། ཆོ་འཕྲུལ་གྱིས་སྟོན་པ་དང་ཞེས་པའི་བར་ཏེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སྡུག་བསྔལ་ཞི་བར་བྱེད་པ་དང༌། ཆོ་འཕྲུལ་ཐ་མ་གསུམ་གྱིས་ཆོས་སྟོན་པའོ། །གཉིས་པ་ནི། བྱང་སེམས་ཆེན་པོ་དེ་དག་ཅེས་པ་ནས། ཆོས་སྟོན་ཏེ་ཞེས་པའི་བར་རོ། །གཉིས་པ་མངོན་མཐོ་ལ་འགོད་པ་ནི། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཅེས་པ་ནས། སྐལ་པ་མཉམ་པར་སྐྱེ་ཞིང་ཞེས་པའི་བར་རོ། །གསུམ་པ་ནི། རིམ་གྱིས་ཞེས་པ་ནས་མཐོང་ངོ་ཞེས་པའི་བར་རོ། །ཤར་ཕྱོགས་ཀྱི་འཇིག་རྟེན་ལ་གཟིགས་པའི་མཛད་པ་ལ་སྦྱར་བ་དེ་བཞིན་དུ། སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ལ་གཟིགས་པའི་བར་གྱི་མཛད་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཕྱོགས་སྐོར་གྱི་འགྲེས་གཉིས་པ་སྟོན་པ་ལ། རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན་ཞེས་སོགས་ཀྱིས་བསྟན་ཏེ། མཛད་པ་སྒྲུབ་པ་པོ་བྱང་ཆུབ་སེམས་དཔས་སངས་རྒྱས་མཉེས་པར་བྱེད་ཅིང༌། བསྙེན་བཀུར་བ་དང༌། སངས་རྒྱས་ཀྱིས་བསྟན་པའི་ཆོས་འཛིན་པ་དང༌། གཟུགས་ནས་བྱང་ཆུབ་ཀྱི་བར་དུ་ཆུད་མི་ཟ་བར་བྱེད་པའི་དོན་གྱིས་གསུངས་ཏེ། ཕྱོགས་བཅུའི་གཟིགས་པ་ཐམས་ཅད་ཀྱི་བཤད་ཚུལ་ལ་སྦྱར་རོ། །ཕྱོགས་སྐོར་གྱི་འགྲེས་གསུམ་པ་ནི། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱི་ཞེས་སོགས་ཀྱིས་སྟོན་ཏེ། བྱོལ་སོང་ལ་ལུས་དང་ཡན་ལག་གིས་སྦྱིན་པ་གཏོང་བ་དང༌། སྦྱིན་པའི་བྱེད་པས་མངོན་མཐོ་ཐོབ་པ་དང༌། མངོན་མཐོ་ཐོབ་པས་ངེས་ལེགས་ཀྱི་བྱེད་པ་ལ་ཞུགས་ཏེ་མྱང་འདས་ཐོབ་པ་དང༌། མཛད་པ་པོའི་བྱང་ཆུབ་སེམས་དཔའི་བསམ་སྦྱོར་གཉིས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཞེས་པ་ནས། མངོན་པར་མཐོ་བ་དང་ཞེས་པའི་བར་རོ། །གཉིས་པ་ནི། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་ཞེས་པ་ནས། ལྷ་དང་མིའི་ནང་དུ་སྐྱེ་བ་དང་ཞེས་པའི་བར་རོ། །གསུམ་པ་ནི། དེ་དག་ཏུ་སྐྱེས་ནས་ཀྱང་ཞེས་པ་ནས། མྱ་ངན་ལས་འདའ་བ་མཐོང་སྟེ་ཞེས་པའི་བར་རོ། །བཞི་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཕན་པ་མང་པོ་བྱེད་དོ་ཞེས་པའི་བར་རོ། །ཤར་ཕྱོགས་ཀྱི་འཇིག་རྟེན་ལ་གཟིགས་པའི་འགྲེས་ཀྱི་བཤད་ཚུལ་བཞིན་དུ་ཕྱོགས་ལྷག་མ་རྣམས་ཀྱང་སྦྱར་རོ། །ཕྱོགས་སྐོར་གྱི་འགྲེས་བཞི་པ་སྟོན་པ་ལ། ཡི་དྭགས་རྣམས་ལ་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང༌། དེ་དག་ལ་བྱམས་པའི་སེམས་བསྐྱེད་པ་དང༌། མངོན་མཐོ་ལ་འགོད་པ་དང༌། མྱང་འདས་ཀྱི་བར་དུ་སངས་རྒྱས་དང་མི་འབྲལ་བའི་ཡོན་ཏན་ལ་འགོད་པའོ། །དང་པོ་ནི། རབ་འབྱོར་ངས་ཡང་འདི་ནས་ཞེས་པ་ནས། སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་ཞེས་པའི་བར་རོ། །གཉིས་པ་ནི། དེ་དག་ན་ཞེས་པ་ནས། སེམས་བསྐྱེད་ཅིང་ཞེས་པའི་བར་རོ། །གསུམ་པ་ནི། ཡི་དྭགས་ཀྱི་སྐྱེ་གནས་དེ་དག་ནས་ཞེས་པ་ནས། འཇིག་རྟེན་དུ་སྐྱེས་ཏེ་ཞེས་པའི་བར་རོ། །བཞི་པ་ནི། ཕུང་པོ་མ་ལུས་པའི་ཞེས་པ་ནས། མི་འགྱུར་པ་དག་མཐོང་ངོ་ཞེས་པའི་བར་རོ། །ཕྱོགས་ལྷག་མའི་འགྲེས་ཀྱི་བཤད་ཚུལ་ཡང་དེ་བཞིན་ནོ། །ཕྱོགས་སྐོར་གྱི་འགྲེས་ལྔ་པ་ལ། ལྷ་ལ་ཆོས་སྟོན་པ་དང༌། ཆོས་སྟོན་པའི་བྱེད་པ་དང༌། ཆོས་ཇི་ལྟར་སྟོན་པའོ། །དང་པོ་ནི། རབ་འབྱོར་ངས་ཡང་འདི་ནས་ཞེས་པ་ནས། ལྷ་རྣམས་ལ་ཆོས་སྟོན་པ་དང་ཞེས་པའི་བར་རོ། །གཉིས་པ་ནི། བྱང་སེམས་ཆེན་པོ་དེ་དག་ལས་ཞེས་པ་ནས། དེ་དག་སྐྱེ་བར་གྱུར་པར་ཤེས་ནས་ཞེས་པའི་བར་རོ། །གསུམ་པ་ནི། འདི་སྐད་དུ་གྲོགས་པོ་དག་ཅེས་པ་ནས། ཆོས་སྟོན་ཏེ་ཞེས་པའི་བར་རོ། །ཕྱོགས་ལྷག་མ་རྣམས་ཀྱི་འགྲེས་ལ་ཡང་བཤད་ཚུལ་དེ་བཞིན་ནོ། །ཆོས་སྟོན་པའི་ཚུལ་ནི། ཆོས་ཀྱི་སྡོམ་བཞིའི་སྒོ་ནས། འཁོར་བ་ལ་སྐྱོ་བ་སྐྱེས་ཏེ་མྱང་འདས་ལ་འདུན་པར་མཛད་པ་ཡིན་ནོ། །ཕྱོགས་སྐོར་གྱི་འགྲེས་དྲུག་པ་ལ། སྟོང་ཉིད་ཀྱི་བདེན་འཛིན་གྱི་ལྟ་བ་བསྐྱེད་པ་མི་འཐད་པ་དང༌། བདེན་འཛིན་གྱི་ལྟ་བ་དགག་པའི་བྱེད་པ་དང༌། བསམ་པ་གང་གིས་གང་ལ་ཆོས་སྟོན་པ་དང༌། བསྟན་པའི་ཆོས་ཀྱི་ཆེ་བ་བརྗོད་པའོ། །དང་པོ་ནི། རབ་འབྱོར་ཡང་འདི་ནས་ཞེས་པ་ནས། སྟོང་པ་ལ་ལྟ་བ་ཅི་ཞིག་ལྟ་བསྐྱེད་ཅེས་པའི་བར་རོ། །གཉིས་པ་ནི། ཆོས་ཐམས་ཅད་ཅེས་པ་ནས། བྲལ་བར་བྱེད་པ་མཐོང་སྟེ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཆོས་སྟོན་ཏོ་ཞེས་པའི་བར་རོ། །བཞི་པ་ནི། རབ་འབྱོར་འདི་ནི་ངོ་མཚར་ཆེ་སྟེ་ཞེས་པ་ནས། ཆོས་སོ་ཞེས་པའི་བར་རོ། །འགྲེས་ལྷག་མ་རྣམས་ཀྱི་བཤད་ཚུལ་ཡང་དེ་བཞིན་ནོ། །ཕྱོགས་སྐོར་གྱི་འགྲེས་བདུན་པ་ནི། བསྡུ་བའི་དངོས་པོ་བཞིས་མི་རྣམས་ཀྱི་དོན་མཛད་པའི་འགྲེས་ཀྱིས་གསུངས་ཏེ། འགྲེས་དངོས་ཀྱི་དོན་དང༌། དེ་ལས་འཕྲོས་པའི་སྦྱིན་པ་བཤད་པའོ། །དང་པོ་ལ་སྦྱིན་པ་ནི། ཟང་ཟིང་གིས་གདུལ་བྱ་ཡོངས་སུ་སྡུད་པའི་ཐབས་སོ། །ཚིག་སྙན་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཏམ་བརྗོད་པའོ། །དོན་སྤྱོད་པ་ནི། དོན་ཉམས་སུ་ལེན་དུ་གཞུག་པའོ། །དོན་མཐུན་པ་ནི་གཞན་ཡིད་ཆེས་སུ་གཞུག་པའི་དོན་དུ་རང་ཉིད་ཀྱང་དེ་དང་མཐུན་པར་སྤྱོད་པའོ། །འགྲེས་ལྷག་མ་རྣམས་ཀྱི་བཤད་ཚུལ་ཡང་དེ་བཞིན་ནོ། །གཉིས་པ་ལ་ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པའོ། །དེ་ལ་མདོར་བསྟན་པ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པ་ཞེས་པའི་བར་རོ། །རྒྱས་པར་བཤད་པ་ལ་ཡང་ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པའོ། །དང་པོ་ལ་སྦྱིན་པ་དངོས་དང༌། སྦྱིན་པའི་བྱེད་པ་བསྟན་པ་དང༌། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ལོང་ལ་དེངས་ཤིག་ཅེས་བརྗོད་དེ་ཞེས་པའི་བར་རོ། །གཉིས་པ་ལ། འཇིག་རྟེན་པའི་ཆོས་ལ་འགོད་པ་དང༌། ངེས་པར་ལེགས་པའི་ཆོས་ལ་བསྐུལ་བའོ། །དང་པོ་ནི། དེས་སྦྱིན་པ་དེ་སྦྱིན་ནས་ཀྱང་ཞེས་པ་ནས། འདུ་ཤེས་མེད་མིན་སྐྱེ་མཆེད་ལ་འགོད་ཅེས་པའི་བར་རོ། །གཉིས་པ་ནི། ལ་ལ་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་པ་ནས། ལ་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་བསྐུལ་ལོ་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། རྨད་དུ་བྱུང་བའི་ཆོས་སོ་ཞེས་པའི་བར་རོ། །གཉིས་པ་ལ། དང་པོ་དྲི་བ་འགོད་པ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། སྡུད་པ་ཡིན་ཞེ་ན་ཞེས་པའི་བར་རོ། །ལན་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་གཉིས་པོ་འདི་དག་ནི་ཆོས་ཀྱི་སྦྱིན་པ་སྟེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ་ཞེས་པས་བསྟན་ཏོ། །གཉིས་པ་ལ་གཉིས་ཏེ། འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་བཤད་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་བཤད་པའོ། །དང་པོ་ནི། རབ་འབྱོར་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་གང་ཞེ་ན་ཞེས་པ་ནས། དེ་ནི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པའོ་ཞེས་པའི་བར་རོ། །གཉིས་པ་ལ་མདོར་བསྟན། སོ་སོར་བཤད། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་བྱང་སེམས་ཆེན་པོ་དེས། འཇིག་རྟེན་གྱི་ཞེས་པ་ནས། ཆོས་ཀྱི་འབྲས་བུ་ལ་རབ་ཏུ་འགོད་དོ་ཞེས་པའི་བར་རོ། །གཉིས་པ་ལ་ཡང༌། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་འཕགས་པའི་ཆོས་མདོར་བསྟན་པ་དང༌། ཆོས་ཀྱི་འབྲས་བུ་མདོར་བསྟན་པའོ། །དང་པོ་ནི། འཕགས་པའི་ཆོས་ཞེས་བྱ་བ་ནི་ཞེས་པ་ནི། སྨོན་པ་མེད་པ་རྣམས་སོ་ཞེས་པའི་བར་རོ། །གཉིས་པ་ནི། འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ནི་ཞེས་པ་ནས། དགྲ་བཅོམ་པ་ཉིད་ཅེས་པའི་བར་རོ། །གཉིས་པ་ནི། འཕགས་པའི་ཆོས་བཤད་པ་དང༌། འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་བཤད་པའོ། །དང་པོ་ལ། སོ་སོར་ཕྱེ་བ་དང༌། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་བྱང་སེམས་ཆེན་པོ་འཕགས་པའི་ཆོས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པའོ་ཞེས་པ་ནས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཤེས་པའོ་ཞེས་པའི་བར་རོ། །གཉིས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མ་རྟོགས་པར་ཆོས་རྣམས་སོ་ཞེས་པའི་བར་རོ། །གཉིས་པ་ནི། བྱང་སེམས་ཆེན་པོ་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་གང་ཞེ་ན་ཞེས་པ་ནས། འབྲས་བུའོ་ཞེས་པའི་བར་རོ། །གསུམ་པ་རྩོད་པ་སྤང་བ་ལ། རབ་འབྱོར་གྱི་ཚིག་གིས་རྩོད་པ་འགོད་པ་དང༌། སྟོན་པས་ཀུན་རྫོབ་ཀྱི་ཚུལ་གྱིས་ལན་གསུངས་པ་དང༌། ལན་ལས་འཕྲོས་པའི་རྩོད་ལན་ནོ། །དང་པོ་ལ་གང་ལ་རྩོད་པའི་ཡུལ་ནི། གོང་དུ་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་བསྟན་པ་ལ་རྩོད་དོ། །ཇི་ལྟར་རྩོད་པའི་ཚུལ་ནི། བྱང་སེམས་ཀྱིས་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ཐོབ་ན། རྣམ་མཁྱེན་ཡང་ཐོབ་པར་འགྱུར་རམ་ཞེས་རྩོད་པ་སྟེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། ཐོབ་པར་འགྱུར་རམ་ཞེས་པའི་བར་རོ། །གཉིས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འགོད་པ་ཡིན་ནོ་ཞེས་པའི་བར་རོ། །འདི་དག་གིས་ནི་ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པའི་སྒོ་ནས་མིའི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པའི་ཕྲིན་ལས་ཀྱི་དོན་རབ་ཏུ་བཤད་ཟིན་ཏོ། །མངོན་པར་རྟོགས་པའི་རྒྱན་ལས། འགྲོ་རྣམས་ཞི་བའི་ལམ་དང་ནི། །ཞེས་པའི་དོན་བསྟན་ཏོ། །གཉིས་པ་ལམ་ལ་འགོད་པ་ལ། ཚོགས་ལམ་ནས་སྒོམ་ལམ་གྱི་བར་ལྔ་ཡོད་པ་ལས། དང་པོ་ཚོགས་ལམ་ལ་འགོད་པ་དང༌། བསྡུ་པའི་དངོས་པོ་བཞི་ལ་འགོད་པ་བསྟན་ཏེ། བཞི་པོ་ནི། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པའོ། །དེ་ལ་ཆོས་ཀྱི་སྦྱིན་པས་ནི་དོན་གཉིས་བསྟན་ཏེ། ཆོས་ཀྱི་ངོ་བོ་བཤད་པས་ནི་ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུའི་ཡོན་ཏན་བཤད་པས་སྐུ་གཉིས་པོ་སྦས་དོན་གྱི་ཚུལ་དུ་གནས་པ་དོན་གྱིས་བསྟན་ཏོ། །དེ་ལ་དྲན་པ་ཉེར་བཞག་སོགས་འཇིག་རྟེན་ལས་འདས་པའི་ཆོས་ཀྱིས་ནི་ངོ་བོ་ཉིད་ཀྱི་སྐུའི་ཡོན་ཏན་བཤད་པ་ཡིན་ལ། མཚན་དང་དཔེ་བྱད་ཀྱིས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ཡོན་ཏན་བཤད་པ་ཡིན་ནོ། །དང་པོ་སྦྱིན་པའི་དོན་སྟོན་པ་ལ་གསུམ་སྟེ། སོ་སོའི་དབྱེ་བ་དང༌། །ས་སོའི་མཚན་ཉིད་དང༌། དོན་བསྡུ་བའོ། །དང་པོ་ནི། རབ་འབྱོར་བྱང་སེམས་ཆེན་པོའི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་གང་ཞེ་ན་འདི་ལྟ་སྟེ། དྲན་པ་ཉེ་བར་བཞག་པ་བཞི་དང་ཞེས་པ་ནས། འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱའོ་ཞེས་པའི་བར་རོ། །གཉིས་པ་སོ་སོར་བཤད་པ་ལ། དང་པོ་དྲན་པ་ཉེ་བར་བཞག་པ་བཞི་སྟོན་པ་ལ་བཞི་ལས། ལུས་དྲན་པ་ཉེ་བར་བཞག་པ་ལ་དམིགས་པ་ནི། ནང་གི་ལུས་དང༌། ཕྱིའི་ལུས་དང༌། ཕྱི་ནང་གཉིས་ཀའི་ལུས་ལ་ཞེས་པས་བསྟན་ཏོ། །བསྒོམ་ཚུལ་ནི། ལུས་ཀྱི་རྗེས་སུ་བལྟ་ཞིང་ཞེས་པ་ནས། འཇིག་རྟེན་གང་དུ་ཡང་ཉེ་བར་ལེན་པ་མེད་དོ་ཞེས་པའི་བར་རོ། །ཀུན་འབྱུང་ཞེས་པས་ནི། རྒྱུ་ཀུན་འབྱུང་གི་བདེན་པ་བསྟན་ཏོ། །ལུས་ལ་ཟད་པ་ཞེས་པས་ནི་འགོག་པ་བསྟན་ཏོ། །ལུས་ལ་མི་གནས་པར་རྣམ་པར་སྤྱོད་ཅེས་པ་ནི་ལམ་བསྟན་ཏོ། །རྗེས་སུ་ལྟ་བ་ཞེས་པས་ནི་ལུས་ཀྱི་སྡུག་བསྔལ་ཀུན་འབྱུང་བ་དང༌། ལུས་ཀྱི་སྡུག་བསྔལ་འགོག་པ་དང༌། ལུས་ཀྱི་སྡུག་བསྔལ་འགོག་པའི་ལམ་ལ་ཤེས་རབ་ཀྱིས་རྣམ་པར་སྤྱོད་པའི་དོན་ནོ། །ལྷག་མ་ཚོར་བ་དྲན་པ་ཉེ་བར་བཞག་པ་དང༌། སེམས་དང་ཆོས་དྲན་པ་ཉེ་བར་བཞག་གི་བཤད་ཚུལ་ཡང་དེ་བཞིན་ཏེ། གང་ལ་ཡང་ཉེ་བར་ལེན་པ་མེད་དོ་ཞེས་པའི་བར་དུ་སྦྱར་རོ། །ཡང་དག་པར་སྤོང་བ་བཞི་ནི། རབ་འབྱོར་ཡང་དག་པར་སྤོང་བ་ཞེས་པ་ནས། མོས་པ་བསྐྱེད་པའོ་ཞེས་པའི་བར་ཏེ། མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ་དང༌། སྐྱེས་པ་སྤོང་བ་དང༌། དགེ་བ་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་སྤེལ་བར་བྱེད་པ་སྟེ་དོན་བཞི་བསྟན་ཏོ། །རྫུ་འཕྲུལ་གྱི་རྐང་པ་ནི། རབ་འབྱོར་རྫུ་འཕྲུལ་ཞེས་པ་ནས། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་པའི་བར་ཏེ། མོས་པ་ཞེས་སོགས་ཀྱིས་ནི་རྒྱུ་དང༌། ཏིང་ངེ་འཛིན་སྨོས་པས་ནི་ངོ་བོ་དང༌། སྤོང་བ་ཞེས་སོགས་ཀྱིས་ནི་བྱེད་པ་བསྟན་པས་དོན་གསུམ་གསུམ་གྱིས་བསྟན་ཏོ། དབང་པོ་ལྔ་དང༌། སྟོབས་ལྔ་ནི། རྣམ་བྱང་ལ་དབང་བསྒྱུར་བ་དང༌། མི་མཐུན་ཕྱོགས་ཀྱིས་རྫི་བར་མི་ནུས་པ་སྟེ། རབ་འབྱོར་དབང་པོ་ཞེས་པ་ནས། སྟོབས་ལྔ་ཞེས་བྱའོ་ཞེས་པའི་བར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། རབ་འབྱོར་བྱང་ཆུབ་ཅེས་པ་ནས། ཡན་ལག་བདུན་ཞེས་བྱའོ་ཞེས་པའི་བར་རོ། །ཡན་ལག་ནི་ཆ་ཤས་སོ། །སོ་སོའི་དོན་ནི་གོང་དུ་བརྗོད་ཟིན་ཏོ། །འཕགས་ལམ་ཡན་ལག་བརྒྱད་ནི། རབ་འབྱོར་འཕགས་པའི་ཞེས་པ་ནས། བརྒྱད་པ་ཞེས་བྱའོ་ཞེས་པའི་བར་རོ། །ཏིང་ངེ་འཛིན་གསུམ་ནི། དེ་ལ་ཏིང་ངེ་འཛིན་གསུམ་གང་ཞེ་ན་ཞེས་པ་ནས། དེ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་གཉིས་ཀྱིས་བསྟན་ཏོ། །རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ། གཟུགས་ཅན་གྱི་རྣམ་ཐར་གསུམ། གཟུགས་མེད་ཀྱི་རྣམ་ཐར་བཞི། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་དང་བརྒྱད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། བསམ་གཏན་བཞི་དང༌། གཟུགས་མེད་བཞི་དང༌། འགོག་པའི་སྙོམས་འཇུག་དང་དགུས་བསྟན་ཏོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ནི། དེ་ལ་མཐའ་དག་གི་སྐྱེ་མཆེད་བཅུ་གང་ཞེ་ན་ཞེས་པ་ནས། བཅུ་ཞེས་བྱའོ་ཞེས་པའི་བར་ཏེ། འབྱུང་བ་ལ་དམིགས་པའི་ཏིང་ངེ་འཛིན་བཞི། ཁ་དོག་ལ་དམིགས་པའི་ཏིང་ངེ་འཛིན་བཞི། རྣམ་ཤེས་དང་ནམ་མཁའ་ལ་དམིགས་པའི་ཏིང་ངེ་འཛིན་གཉིས་ཏེ་བཅུའོ། །དམིགས་ཡུལ་གྱི་སྣང་བ་མཐའ་དག་ས་དང་ཆུ་ལ་སོགས་པར་མོས་པས། ས་དང༌། ཆུ་ལ་སོགས་པའི་སྣང་བས་ཁྱབ་པའི་ཕྱིར་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་ནས་མཐའ་དག་གི་སྐྱེ་མཆེད་ཅེས་བྱའོ། །མདོའི་འགྱུར་ལས། མཐའ་དག་གི་སྐྱེ་མཆེད་ཅེས་གསུངས་ལ། བསྟན་བཅོས་ལས་ཟད་པར་གྱི་སྐྱེ་མཆེད་ཅེས་འབྱུང་བ་ནི་འགྱུར་གྱི་ཁྱད་པར་རོ། །ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ལ། དབྱིབས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི། ཁ་དོག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞིའོ། །དང་པོ་ལ། གཟུགས་ཅན་གཟུགས་ཆུང་ངུ་ལ་བལྟ་བའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད། གཟུགས་ཅན་གཟུགས་ཆེན་པོ་ལ་ལྟ་བའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད། གཟུགས་ཅན་མ་ཡིན་པ་གཟུགས་ཆུང་ངུ་ལ་ལྟ་བའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད། གཟུགས་ཅན་མ་ཡིན་པ་གཟུགས་ཆེན་པོ་ལ་ལྟ་བའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་སྟེ། ནང་གཟུགས་སུ་འདུ་ཤེས་ཤིང་ཞེས་པ་ནས། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ་ཞེས་པའི་བར་ཏེ། དང་པོ་གཉིས་ནི། གཟུགས་ཅན་གྱི་རྣམ་པར་ཐར་པ་ཐོབ་པར་དག་གིས་བསྒོམ་ལ། ཕྱི་མ་གཉིས་ནི། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་པར་ཐར་པ་ཐོབ་པ་དག་གིས་བསྒོམ་མོ། །དེ་ལ་གཟུགས་ཕྲ་མོ་དང་རགས་པ་ཞེས་གསུངས་པ་ནི། སྣོད་ཀྱི་འཇིག་རྟེན་གྱི་དབྱིབས་ཆེ་ཆུང་གཉིས་ལ་འདོད་དོ། །ཁ་དོག་སྡུག་མི་སྡུག་གཉིས་ནི་སེམས་ཅན་གྱི་གཟུགས་ཏེ། མཐོ་རིས་དང་ངན་སོང་གི་གཟུགས་ལ་བཤད་དོ། །ཁ་དོག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་ནི། ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། མདོག་སྔོན་པོ་སྟེ། འདི་ལྟ་སྟེ་དཔེར་ན་མེ་ཏོག་ཨོ་མ་ཀ་ལྟ་བུའམ། ཡུལ་བ་ར་ན་སཱིར་བྱས་པའི་གོས་ལྟར་སྔོ་བ། སྔོ་བར་སྣང་བ། མདོག་སྔོ་བར་མཐོང་ཡང༌། གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས་ཟིན་གྱིས་མནན་ཏེ་མཐོང་ཞིང་ཞེས་པ་ནས། སྐྱེ་མཆེད་བརྒྱད་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ནང་གཟུགས་མེད་པར་འདུ་ཤེས་པ་གསུངས་པ་ནི། གཟུགས་ཅན་མ་ཡིན་པའི་རྣམ་པར་ཐར་པ་ཐོབ་པ་དག་གིས་སྒོམ་དགོས་པར་བསྟན་ཏོ། །གཟུགས་སྔོན་པོ་ཞེས་གསུངས་པ་ནི་མདོར་བསྟན་ཏོ། །ཁ་དོག་སྔོན་པོ་ནི་ལྷན་སྐྱེས་སོ། །སྔོན་པོར་སྣང་བ་ནི་བཅོས་མའོ། །མདོག་སྔོན་པོ་ནི་གཉིས་ཀའི་དབང་དུ་བྱས་ཏེ། གཉིས་ག་ལ་མདོག་སྔོན་པོ་ཡོད་པའི་ཕྱིར་རོ། །མེ་ཏོག་ཨོ་མ་ཀ་ནི་ལྷན་སྐྱེས་ཀྱི་སྔོན་པོའི་དཔེའོ། །བ་ར་ན་སཱིའི་གོས་སྔོན་པོ་ནི་བཅོས་མའི་དཔེའོ། །ཁ་དོག་སྔོན་པོ་སོགས་གསུམ་སྨོས་པ་ནི། སྔར་གྱི་དེ་ཉིད་བཟླས་ཏེ་བསྟན་པའོ། །ཤེས་པ་ནི་ཞི་གནས་ཀྱིས་སོ། །མཐོང་བ་ནི་ལྷག་མཐོང་གིས་སོ། །ལྷག་མ་རྣམས་ཀྱི་བཤད་ཚུལ་ཡང་འདི་བཞིན་ནོ། །ཨོ་མ་ཀ་ནི་ཟར་མའི་མེ་ཏོག་གོ །ཤིང་ཀར་ཤི་ཀ་ནའི་མེ་ཏོག་ནི་དོང་ཀའི་མེ་ཏོག་གོ །མཉྫུ་ཛི་བ་ཀའི་མེ་ཏོག་ནི་ཨུག་ཆོས་སོ། །སྐར་མ་པ་ཝ་སངས་ནི། ཐོ་རེངས་ཀྱི་ཆ་ལ་འཆར་བའི་སྐར་ཆེན་ནོ། །ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི། དེ་ལ་ཉོན་མོངས་པ་མེད་པ་གང་ཞེ་ན་ཞེས་པ་ནས། ཞེས་བྱའོ་ཞེས་པའི་བར་ཏེ། ཕ་རོལ་གྱི་ཉོན་མོངས་པ་སྐྱེ་འགྱུར་འགོག་པའི་མཐུ་ཡོད་པའི་ཏིང་ངེ་འཛིན་ལ་བརྗོད་དོ། །སྨོན་ནས་ཤེས་པ་ནི། སྨོན་ལམ་གྱིས་ཤེས་པ་གང་ཞེ་ན་ཞེས་པ་ནས། དེ་ནི་སྨོན་ལམ་གྱིས་ཤེས་པ་ཞེས་བྱའོ་ཞེས་པའི་བར་ཏེ། དུས་གསུམ་གྱི་ཤེས་བྱ་གང་དང་གང་ཤེས་པར་སྨོན་པ་སྔོན་དུ་བཏང་ནས། མཉམ་པར་བཞག་སྟེ་ཏིང་ངེ་འཛིན་དེ་ལས་ལངས་ནས། སྔར་ཇི་ལྟར་སྨོན་པ་ལྟར་ཤེས་པ་ལ་བརྗོད་དོ། །མངོན་པར་ཤེས་པ་དྲུག་ནི། དེ་ལ་མངོན་པར་ཤེས་པ་ཞེས་པ་ནས། དྲུག་པོ་དེ་དག་གོ་ཞེས་པའི་བར་ཏེ། རྫུ་འཕྲུལ་ནི་ལུས་ཡོངས་སུ་དག་པ་ལས་ཐོབ་ལ། ལྷའི་མིག་དང་རྣ་བ་གཉིས་ནི། ལུས་ཀྱི་ཁྱད་པར་ཡོངས་སུ་དག་པ་ལས་ཐོབ་བོ། །ཕ་རོལ་གྱི་སེམས་ཤེས་པ་སོགས་བཞི་ནི། ཡིད་དག་པ་ལས་ཐོབ་བོ། །ཚིག་དོན་ནི་གཞན་དུ་བཤད་ཟིན་ཏོ། །ཡོངས་སུ་དག་པ་བཞི་ནི། དེ་ལ་ཡོངས་སུ་དག་པ་ཞེས་པ་ནས། བཞི་པོ་དེ་དག་གོ་ཞེས་པའི་བར་ཏེ། རྟེན་ལུས་འདོར་ལེན་དང༌། དམིགས་པ་སྤྲུལ་བསྒྱུར་དང༌། སེམས་ཏིང་ངེ་འཛིན་དང༌། ཡེ་ཤེས་ཇི་ལྟ་ཇི་སྙེད་རྟོགས་པ་ལ་མངའ་བརྙེས་པའོ། །དག་པའི་སྒྲ་ནི་མི་མཐུན་ཕྱོགས་ཀྱིས་དག་པར་སྟོན་པའོ། །དབང་བཅུ་ནི། དེ་ལ་དབང་བཅུ་གང་ཞེ་ན་ཞེས་པ་ནས། བཅུ་པོ་དེ་དག་གོ་ཞེས་པའི་བར་རོ། །ཚེ་དང་ཡོ་བྱད་ལ་དབང་བ་གསུམ་གསུངས་པ་ནི། སྦྱིན་པའི་ཕར་ཕྱིན་གྱི་འབྲས་བུ་སྟེ། རིམ་པ་ལྟར་མི་འཇིགས་པའི་སྦྱིན་པ་དང༌། ཆོས་དང་ཟང་ཟིང་གི་སྦྱིན་པ་གསུམ་གྱི་འབྲས་བུའོ། །ལས་དང་སྐྱེ་བ་ལ་དབང་བ་ནི་ཚུལ་ཁྲིམས་དང༌། མོས་པ་ནི་བཟོད་པ་དང༌། སྨོན་ལམ་ནི་བརྩོན་འགྲུས་དང༌། རྫུ་འཕྲུལ་ནི་བསམ་གཏན་དང༌། ཡེ་ཤེས་དང་ཆོས་ལ་དབང་བ་གཉིས་ནི། ཤེས་རབ་ཀྱི་ཕར་ཕྱིན་གྱི་འབྲས་བུའོ། །སྟོབས་བཅུ་ནི། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན་ཞེས་པ་ནས། བཅུ་པོ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་སོ་ཞེས་པའི་བར་ཏེ། གནས་དང་གནས་མ་ཡིན་པ་མཁྱེན་པ་ནི། ཆོས་གང་དང་གང་གི་རྒྱུ་ཡིན་མིན་གྱི་རབ་དབྱེ་མཁྱེན་པའོ། །ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་ནི། ལས་གང་དང་གང་ལས་འབྲས་བུ་གང་དང་གང་སྨིན་པ་ཡོངས་སུ་མཁྱེན་པའོ། །ཁམས་སྣ་ཚོགས་པ་མཁྱེན་པ་ནི། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་ས་བོན་གང་དང་གང་ལས་གྲུབ་པའི་ས་བོན་སྣ་ཚོགས་པ་མཁྱེན་པའོ། །མོས་པ་སྣ་ཚོགས་མཁྱེན་པ་ནི་སེམས་ཅན་གང་དང་གང་ཡུལ་གང་དང་གང་ལ་མོས་པའི་ཚུལ་མཁྱེན་པའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་ནི། དབང་པོ་ཡུལ་ལ་འཇུག་པའི་ཚུལ་མྱུར་བ་དང་བུལ་བའི་ཁྱད་པར་མཁྱེན་པའོ། །ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་ནི། ངན་འགྲོ་དང༌། མཐོ་རིས་དང༌། བྱང་ཆུབ་གསུམ་དུ་འགྲོ་བའི་ལམ་མཁྱེན་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་ནི། ཟག་མེད་ཀྱི་ཏིང་ངེ་འཛིན་དང་ཟག་བཅས་ཀྱི་ཏིང་ངེ་འཛིན་བྱེད་པ་དང་བཅས་པ་མཁྱེན་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ནི། རང་དང་གཞན་གྱི་ཚེ་རབས་དུ་མའི་འབྱུང་ཚུལ་དང༌། གནས་ཚུལ་མ་ལུས་པ་མཁྱེན་པའོ། །འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་ནི། ལྷའི་མིག་གིས་སེམས་ཅན་རྣམས་གང་ནས་འཆི་འཕོ་བ་དང༌། ལས་གང་དང་གང་གིས་རིགས་དྲུག་གང་དང་གང་དུ་སྐྱེ་བའི་ཚུལ་གཟིགས་པའོ། །ཟག་ཟད་མཁྱེན་པ་ནི། ཟག་པ་ཟད་པའི་རྒྱུ་ལས་སེམས་དང་ཤེས་རབ་རྣམ་པར་གྲོལ་བའི་ཚུལ་རབ་ཏུ་མཁྱེན་པ་སྟེ། སྟོབས་བཅུ་བསྟན་ཟིན་ཏོ། །མི་འཇིགས་པ་བཞི་ནི། རབ་འབྱོར་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན་ཞེས་པ་ནས། བཞི་པོ་དེ་དག་ནི་མི་འཇིགས་པའོ་ཞེས་པའི་བར་གྱིས་བསྟན་ཏེ། རང་དོན་རྟོགས་པ་ཕུན་སུམ་ཚོགས་ཀྱི་དམ་བཅའ་དང༌། རང་དོན་སྤངས་པ་ཕུན་ཚོགས་ཀྱི་དམ་བཅའ་དང༌། གཞན་དོན་བར་ཆད་ཀྱི་ཆོས་དམ་བཅས་པ་ལ་མི་འཇིགས་པ་དང༌། གཞན་དོན་ངེས་འབྱུང་གི་ལམ་དམ་བཅས་པ་ལ་མི་འཇིགས་པའོ། །དང་པོ་ནི་ཤེས་བྱ་མ་ལུས་པ་ཐུགས་སུ་ཆུད་པར་དམ་བཅས་པ་ལ། འདི་ཐུགས་སུ་མ་ཆུད་དོ་ཞེས་གང་གིས་ཀྱང་བརྒལ་མི་ནུས་པས་ན་མི་འཇིགས་པ་ཞེས་བཤད་པ་སྟེ། བདག་གིས་ཡང་དག་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་པ་ན་ཞེས་པ་ནས། རྗེས་སུ་མི་མཐོང་སྟེ་ཞེས་པའི་བར་གྱིས་བསྟན་ཏེ། ཚུལ་ཁྲིམས་ཀྱིས་ང་རྒྱལ་བ་དགེ་སྦྱོང་ངམ། རིགས་ཀྱི་ང་རྒྱལ་བ་བྲམ་ཟེའམ། མཐུས་ང་རྒྱལ་བ་ལྷའམ། བདུད་དམ། ཆགས་བྲལ་གྱིས་ང་རྒྱལ་བ་ཚངས་པ་དང༌། སྐྱེ་དགུའི་ཚོགས་སམ། གཞན་སུ་ཡང་རུང་ཞེས་པས་ནི། དེ་དག་གི་ཁོངས་སུ་མ་གཏོགས་པ་གཞན་བསྟན་ཏེ། རྒོལ་བ་པོ་ངོས་བཟུང་བའོ། །མི་འཇིགས་པའི་བྱེད་པ་བསྟན་པ་ནི། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་ཞེས་པ་ནས། རྣམ་པར་སྤྱོད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་ཞེས་པས་ནི། བདེ་བ་ཐོབ་པ་ཞེས་གསུངས་པ་དེ་ཉིད་གསུངས་སོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་ཞེས་པས་ནི། བག་ཚ་བ་མེད་པ་ཐོབ་ཅེས་པའི་དོན་བཤད་དོ། །ཚངས་པའི་འཁོར་ལོ་ཞེས་སོགས་ལྷག་མ་རྣམས་ཀྱི་ནི། མི་འཇིགས་པ་རྣམ་པར་སྤྱོད་ཅེས་པའི་དོན་བཤད་དོ། །ལྷག་མ་རྣམས་ཀྱི་བཤད་ཚུལ་ཡང་དེ་བཞིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི། དེ་བཞིན་གཤེགས་པའི་ཞེས་པ་ནས་དམིགས་པའོ་ཞེས་པའི་བར་ཏེ། དབྱེ་བ་དང་སོ་སོའི་དོན་གཉིས་ཀྱིས་བསྟན་ཏོ། །བཞི་པོ་ཡང་རིམ་བཞིན་དུ་བརྗོད་བྱའི་དོན་དང༌། རྗོད་བྱེད་ཀྱི་ཆོས་དང༌། ངེས་པའི་ཚིག་དང༌། འཆད་བྱེད་ཀྱི་སྤོབས་པ་བཞི་ལ་དམིགས་ནས་ཐོགས་མེད་དུ་ཤེས་པའོ། །བསྲུང་བ་མེད་པ་གསུམ་ནི། རབ་འབྱོར་དེ་བཞིན་གཤེགས་པའི་བསྲུང་བ་མེད་པ་གསུམ་གང་ཞེ་ན་ཞེས་པ་ནས། འདི་ནི་བསྲུང་བ་མེད་པ་གསུམ་པའོ་ཞེས་པའི་བར་ཏེ། སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པས། གང་ཟག་གཞན་གྱིས་སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཉེས་པ་ཡོངས་སུ་བརྗོད་པའི་འཇིགས་པ་མི་མངའ་བས། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བསྒྲིམས་ཏེ་བསྲུང་མི་དགོས་པའི་དོན་ནོ། །དྲན་པ་ཉེ་བར་བཞག་པ་གསུམ་ནི། དེ་ལ་དེ་བཞིན་གཤེགས་པའི་དགོངས་པ་ཉེ་བར་བཞག་པ་གསུམ་གང་ཞེ་ན་ཞེས་པ་ནས། དྲན་པ་ཉེ་བར་བཞག་པ་གསུམ་པའོ་ཞེས་པའི་བར་ཏེ། སྟོན་པ་ཆོས་སྟོན་པའི་ཚེ་གུས་པས་ཉན་པ་ལ་ཐུགས་དགྱེས་པ་དང༌། གུས་པས་མི་ཉན་པ་ལ་མི་དགྱེས་པ་དང༌། རེས་འགའ་གུས་པ་དང་མི་གུས་པ་གཉིས་ལ་དགྱེས་མི་དགྱེས་ཆ་གཉིས་ཀྱིས་དབེན་པ་དང་ལྡན་པར་གནས་པའི་དོན་ནོ། །བསྙེལ་བ་མི་མངའ་བ་ནི། དེ་ལ་དེ་བཞིན་གཤེགས་པའི་ཉམས་པ་མེད་པ་ནས་ཞེས་པ་ནས། ཆོས་ཉིད་དོ་ཞེས་པའི་བར་ཏེ། སེམས་ཅན་གྱི་དོན་བྱེད་པའི་དུས་ལས་མི་འདའ་བའོ། །བག་ཆགས་བཅོམ་པ་ནི། དེ་ལ་དེ་བཞིན་གཤེགས་པའི་བག་ཆགས་ཀྱི་སྒྲིབ་པ་ཞེས་པ་ནས། སྤངས་པ་ཞེས་བྱའོ་ཞེས་པའི་བར་རོ། །ཐུགས་རྗེ་ཆེན་པོ་ནི། དེ་ལ་དེ་བཞིན་གཤེགས་པའི་ཞེས་པ་ནས། དེ་ནི་ཐུགས་རྗེ་ཆེན་པོ་ཞེས་པའི་བར་ཏེ། གདུལ་བྱའི་ངོར་ཉིན་མཚན་དུས་དྲུག་ཏུ་གཟིགས་པ་དང༌། དངོས་སུ་ན་དུས་རྟག་ཏུ་གཟིགས་པའི་ཚུལ་གཉིས་ཀྱིས་བསྟན་ཏོ། །མ་འདྲེས་པ་བཅོ་བརྒྱད་ནི། རབ་འབྱོར་དེ་བཞིན་གཤེགས་པའི་ཆོས་ཞེས་པ་ནས་མ་འདྲེས་པ་རྣམས་སོ་ཞེས་པའི་བར་ཏེ། རྟོགས་པ་མ་འདྲེས་པ་དྲུག སྤྱོད་པ་མ་འདྲེས་པ་དྲུག ཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་གྱིས་བསྟན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། རབ་འབྱོར་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ་ཞེས་པའི་བར་ཏེ། དམིགས་པ་སྒྱུ་མ་ལྟ་བུ་དང༌། དྲན་པས་བདག་རྐྱེན་བྱས་པ་དང༌། ཞི་བའི་རྣམ་པ་ཅན་དང༌། བདེན་པའི་མཚན་ཉིད་མེད་པ་སྟེ་ཁྱད་པར་བཞི་ལྡན་ནོ། །དྲན་པ་ཉེ་བར་བཞག་པ་ནས། རྣམ་མཁྱེན་གྱི་བར་གྱི་ཡོན་ཏན་རྣམས་བསྟན་ཟིན་ཏོ། །འདི་དག་གིས་ངོ་བོ་ཉིད་ཀྱི་སྐུའི་ཡོན་ཏན་རྒྱས་པར་བསྟན་ནས། ཡོན་ཏན་དང་ལྡན་པའི་ངོ་བོ་ཉིད་ཀྱི་སྐུ་སྦས་དོན་དུ་འཕངས་སོ། །བསྟན་བཅོས་ཀྱི་སྦས་དོན་ངོ་བོ་ཉིད་ཀྱི་སྐུ་དངོས་སུ་བཀོད་ནས། མདོས་བསྟན་པའི་ཡོན་ཏན་རྣམས་ངོ་བོ་ཉིད་ཀྱི་སྐུའི་ཡོན་ཏན་གྱི་རྒྱས་བཤད་དུ་སྦྱར་རོ། །འབུམ་དང་ཉི་ཁྲི་ལས་ནི་མདོར་བསྟན་གྱི་མདོ་མི་འབྱུང་ལ། ཉི་ཁྲི་ལེ་བརྒྱད་མ་ལས་ནི་མདོར་བསྟན་གྱི་མདོ་དྲངས་པར་སྣང་ངོ༌། །མངོན་རྟོགས་རྒྱན་ལས། འདི་དག་གི་དོན། །བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་པ་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་བར་གྱིས་གསུངས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པ་ལ། འབུམ་དང་ཉི་ཁྲི་ལེ་མང་གཉིས་ལ་མདོར་བསྟན་གྱི་ཚིག་མེད་ལ། ཉི་ཁྲི་ལེ་བརྒྱད་མ་ལས་འབྱུང་ངོ༌། །འདི་ཡང་ཡོན་ཏན་དངོས་སུ་རྒྱས་པར་བསྟན་ནས། ཡོན་ཏན་དང་ལྡན་པའི་སྐུ་སྦས་དོན་དུ་འཕངས་སོ། །བསྟན་བཅོས་ཀྱིས་སྦས་དོན་གྱི་སྐུ་དངོས་སུ་བཀོད་ནས། ཡོན་ཏན་རྒྱས་བཤད་དུ་སྦྱར་རོ། །ཡོན་ཏན་ཡང་གཉིས་ཏེ། མཚན་དང་དཔེ་བྱད་དོ། །སྐྱེས་བུ་ཆེན་པོ་མཚོན་པས་ན་མཚན་ནོ། །ནང་གི་ཡོན་ཏན་ཕྱི་རོལ་གྱིས་གསལ་བར་བྱེད་པས་ན་དཔེ་བྱད་དོ། །དང་པོ་ལ་གཉིས་ཏེ། དྲི་བས་མཚམས་སྦྱར་བ་ནི། དེ་ལ་དེ་བཞིན་གཤེགས་པའི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན་ཞེས་པའོ། །མཚན་གྱི་དོན་བཤད་པ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་དབྱེ་བ་དང༌། སོ་སོའི་མཚན་ཉིད་དང༌། མཚན་གྱི་རྒྱུའོ། །དང་པོ་ནི། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་ཞེས་པ་ནས། བའི་རྫི་མ་ལྟ་བུ་དང་ཞེས་པའི་བར་རོ། །གཉིས་པ་ནི། དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོའི་རྩིབས་སྟོང་དང་ལྡན་པ་ཞེས་པ་ནས། མ་འཛིངས་པས་བའི་རྫི་མ་ལྟ་བུའོ་ཞེས་པའི་བར་རོ། །བདུན་མཐོ་བ་ཞེས་པའི་སྐབས་སུ། རྒྱས་བཤད་ལ་ལྟག་པའི་ཕྱོགས་མཐོ་བ་ཆད་དོ། །གསུམ་པ་ནི། དེ་ལ་བླ་མའི་བསུ་སྐྱེལ་དང༌། ཆོས་ཉན་པ་ལ་བསྟོད་པ་དང་ཞེས་པ་ནས། དེ་ནི་ཀུན་ནས་མཛེས་པའི་སྔ་ལྟས་སོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་དེ་དག་ནི་ཞེས་པ་ནས། རྩ་གཉིས་སོ་ཞེས་པའི་བར་རོ། །མཚན་རྣམས་བསྟན་ཟིན་ཏོ། །དཔེ་བྱད་བཟང་པོ་སྟོན་པ་ལ། དྲི་བས་མཚམས་སྦྱར་བ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། དེ་ལ་དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན་ཞེས་པའོ། །གཉིས་པ་ལ། འདི་ལྟ་སྟེ་ཞེས་པ་ནས། སེན་མོ་མཐོ་བ་ཡིན་ཞེས་པའི་བར་གྱིས་སེན་མོའི་དཔེ་བྱད་གསུམ་བསྟན་ཏོ། །སོར་མོ་ཟླུམ་པོ་ཡིན་ཞེས་སོགས་གསུམ་གྱིས་ནི་སོར་མོའི་དཔེ་བྱད་གསུམ་བསྟན་ཏོ། །རྩ་མི་མངོན་པ་ཡིན་ཞེས་སོགས་གཉིས་ཀྱིས་ནི་རྩའི་དཔེ་བྱད་གཉིས་བསྟན་ཏོ། །ལོང་བུ་མི་མངོན་པ་ཞེས་སོགས་གཉིས་ཀྱིས་ནི་ཞབས་ཀྱི་དཔེ་བྱད་བསྟན་ཏོ། །སེང་གེའི་འགྲོས་ཞེས་སོགས་བདུན་གྱིས་ནི་འགྲོས་ཀྱི་དཔེ་བྱད་བསྟན་ཏོ། །སྐུ་ལེགས་པ་དང༌། སྦྱངས་པ་དང༌། གཞོལ་བ་དང༌། གཙང་བ་དང༌། འཇམ་པ་དང༌། རྣམ་པར་དག་པ་དང་ལྔས་སྐུ་སྤྱི་ལ་ལྡན་པའི་དཔེ་བྱད་ལྔ་བསྟན་ཏོ། །མཚན་རྫོགས་པ་དང༌། སྐུ་ཆེ་བ་དང༌། སྐུ་མཉམ་པ་དང༌། གཞོན་པ་དང༌། ཞུམ་པ་མེད་པ་དང༌། རྒྱས་པ་དང༌། འཁྲེགས་པ་དང་བདུན་གྱིས་ནི་སྐུའི་ཁྱད་པར་གྱི་དཔེ་བྱད་བསྟན་ཏོ། །ཡན་ལག་དང༌། ཉིང་ལག་འབྱེས་པས་ནི་གཉིས་པོ་དེ་ཉིད་བསྟན་ཏོ། །དེ་ནས་རབ་རིབ་མེད་པ་ཞེས་པས་ནི་སྤྱན་གྱི་ཁྱད་པར་གྱི་དཔེ་བྱད་བསྟན་ཏོ། །དེ་ནས་ཕྱལ་གྱི་བཞི་སྨོས་པས་ནི་ཕྱལ་གྱི་དཔེ་བྱད་བཞི་བསྟན་ཏོ། །ལྟེ་བ་ཟབ་པ་དང་གཡས་ཕྱོགས་སུ་འཁྱིལ་བ་གཉིས་ཀྱིས་ནི་ལྟེ་བའི་དཔེ་བྱད་གཉིས་བསྟན་ཏོ། །ཀུན་ནས་མཛེས་པ་དང༌། གཙང་བ་གཉིས་ཀྱིས་ནི་ཀུན་སྤྱོད་གཉིས་བསྟན་ཏོ། །སྐུ་ལ་སྨེ་བ་མེད་པས་ནི་དཔེ་བྱད་གཅིག་བསྟན་ཏོ། །ཕྱག་ཤིང་བལ་ལྟར་འཇམ་པ་སོགས་གསུམ་གྱིས་ནི་ཕྱག་གི་དཔེ་བྱད་གསུམ་བསྟན་ཏོ། །ཞལ་ཧ་ཅང་ཡང་མི་རིང་བ་དང༌། གཟུགས་བརྙན་སྣང་བ་གཉིས་ཀྱིས་ནི་ཞལ་གྱི་དཔེ་བྱད་གཉིས་བསྟན་ཏོ། །འདིར་སེང་གེ་བཟང་པོས། མངོན་རྟོགས་རྒྱན་ལས། མཆུ་ནི་བིམ་པ་ལྟར་དམར་དང༌། །ཞེས་འདོན་པར་མཛད་ལ། ཤནྟི་པས། ཞལ་ལ་གཟུགས་བརྙན་འབྱུང་བ་དང༌། །ཞེས་པའི་གཞུང་བཀོད་པ་གཉིས་ལས། མདོ་ལ་ཕྱི་མ་ཉིད་སྣང་ངོ༌། །ལྗགས་འཇམ་པ་སོགས་གསུམ་སྨོས་པས་ནི། ལྗགས་ཀྱི་དཔེ་བྱད་གསུམ་བསྟན་ཏོ། །དེ་ནས་འབྲུག་གི་སྒྲ་ཞེས་སོགས་གཉིས་ཀྱིས་ནི། གསུང་གི་དཔེ་བྱད་བསྟན་ཏོ། །དེ་ནས་ཚེམས་མཆེ་བ་ཞེས་སོགས་བཞིས་ནི་ཚེམས་ཀྱི་དཔེ་བྱད་བསྟན་ཏོ། །ཤངས་མཐོ་བ་དང་གཙང་བ་གཉིས་ཀྱིས་ནི་ཤངས་ཀྱི་དཔེ་བྱད་བསྟན་ཏོ། །སྤྱན་རིང་བ་དང་དག་པ་དང་དཀར་ནག་འབྱེས་པ་དང་གསུམ་གྱིས་ནི་སྤྱན་གྱི་དཔེ་བྱད་བསྟན་ཏོ། །རྫི་མ་སྟུག་པ་དང༌། རིང་བ་དང༌། འཇམ་པ་དང༌། སྤུ་མཉམ་པ་དང༌། སྣུམ་པ་དང་ལྔས་ནི་སྨིན་མའི་དཔེ་བྱད་བསྟན་ཏོ། །སྙན་རིང་བ་དང་མཉམ་པ་དང༌། མ་ཉམས་པ་དང་གསུམ་གྱིས་ནི་སྙན་གྱི་དཔེ་བྱད་བསྟན་ཏོ། །དཔྲལ་བའི་ཁྱད་པར་གཉིས་སྨོས་པས་ནི། དཔྲལ་བའི་དཔེ་བྱད་བསྟན་ཏོ། །དབུ་ཤིན་ཏུ་ཆེ་བ་དང༌། རྒྱས་པ་དང༌། གནག་པ་དང༌། འཇམ་པ་དང༌། མ་འཛིངས་པ་དང༌། མི་རྩུབ་པ་དང༌། དྲི་ཞིམ་པ་དང་དྲུག་གིས་དབུ་དང་དབུ་སྐྲའི་དཔེ་བྱད་བསྟན་ཏོ། །དེ་ནས་ཕྱག་དང་ཞབས་ཀྱི་དཔལ་གྱི་བེའུ་དང༌། བཀྲ་ཤིས་དང༌། གཡུང་དྲུང་འཁྱིལ་བ་གསུམ་ནི་ཕྱག་དང་ཞབས་ཀྱི་དཔེ་བྱད་སྟོན་པའི་ཚིག་གོ །འགྱུར་རྙིང་ལས་དགའ་བ་དང་འཁྱིལ་བས་བརྒྱན་པ་ཞེས་འབྱུང་ངོ༌། །གསུམ་པ་དོན་བསྡུ་བ་ནི། རབ་འབྱོར་དེ་དག་ནི་ཞེས་པ་ནས་བརྒྱད་ཅུའོ་ཞེས་པའི་བར་རོ། །སྦྱིན་པ་སོ་སོའི་མཚན་ཉིད་བསྟན་ཟིན་ཏོ། །གསུམ་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟ་བུའི་ཆོས་ཀྱི་རྣམ་པ་དེ་དག་ཅེས་པ་ནས། ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་སྙན་པར་སྨྲ་བ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། དོན་དངོས་དང༌། འཐད་པའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོའི་ཚིག་སྙན་པས་ཞེས་པ་ནས། སེམས་ཅན་རྣམས་ཡོངས་སུ་སྡུད་དོ་ཞེས་པའི་བར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཏམ་གྱིས་གདུལ་བྱ་རྣམས་ཡོངས་སུ་སྡུད་དོ་ཞེས་པའི་དོན་ནོ། །གཉིས་པ་ནི། ཕྱིན་དྲུག་གི་གཏམ་གྱིས་ཅི་ཕྱིར་གདུལ་བྱ་ཡོངས་སུ་སྡུད་ཅེ་ན། གདུལ་བྱ་ཡོངས་སུ་སྡུད་པའི་ཐབས་ཕྱིན་དྲུག་ལ་མ་འདུས་པ་མེད་པའི་ཕྱིར་ཞེས་པའི་དོན་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མ་འདྲེས་པ་མེད་དེ་ཞེས་པའི་བར་རོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། སྡུད་དོ་ཞེས་པའི་བར་རོ། །གསུམ་པ་དོན་སྤྱོད་པ་ནི། དྲི་བས་མཚམས་སྦྱར་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། སྡུད་པ་ཡིན་ཞེ་ན་ཞེས་པའི་བར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་དོན་དངོས་དང༌། འཐད་པའོ། །དང་པོ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། སྡུད་དོ་ཞེས་པའི་བར་རོ། །གཉིས་པ་འཐད་པ་ནི། ཕྱིན་དྲུག་ལ་སྤྱོད་པའི་བྱ་བས་ཅི་ཕྱིར་སེམས་ཅན་ཡོངས་སུ་སྡུད་ཅེ་ན། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མ་འདུས་པ་མེད་དེ་ཞེས་པའི་བར་རོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། སེམས་ཅན་སྡུད་དོ་ཞེས་པའི་བར་རོ། །བཞི་པ་དོན་སྤྱོད་པ་ལ་འགོད་པ་ལ། དྲི་བས་མཚམས་སྦྱར་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། སྡུད་པ་ཡིན་ཞེ་ན་ཞེས་པའི་བར་རོ། །དོན་དངོས་ནི། རབ་འབྱོར་འདི་ལ་ཞེས་པ་ནས། སེམས་ཅན་རྣམས་སྡུད་དོ་ཞེས་པའི་བར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་དང་མཐུན་པར་སྤྱོད་པས་སེམས་ཅན་རྣམས་སྡུད་པ་དེའི་ཕྱིར་ཞེ་ན་ཞེས་པ་ནས། སེམས་ཅན་རྣམས་སྡུད་དོ་ཞེས་པའི་བར་གྱིས་ནི་འཐད་པ་བཀོད་དོ། །རབ་འབྱོར་དེ་ཡང་ཞེས་པ་ནས། ཆོས་སོ་ཞེས་པས་ནི་དོན་བསྡུས་སོ།། ༈ སྤྲུལ་པའི་སྐུ་སྟོན་པ་ལ། གཞན་ལ་ཆོས་སྟོན་པའི་ཚུལ་དང༌། ཞུས་ལན་གྱི་སྒོ་ནས་དོགས་པ་སྤང་བའོ། །དང་པོ་རྗོད་བྱེད་ལ་མཁས་པའི་ཐབས་སྟོན་པ་དང༌། ཡི་གེ་མེད་པ་ཡི་གེའི་སྒོ་ནས་སྟོན་པའི་དཔེ་བསྟན་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་ཞེས་པ་ནས། ཡི་གེ་མེད་པ་མངོན་པར་བསྒྲུབ་པ་ལ་མཁས་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། རིགས་ཀྱི་བུ་ཁྱེད་ཚུར་ཤོག་ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་གྱིས་ཤིག་ཅེས་པས་ནི་མདོར་བསྟན་ཏོ། །ཡི་གེ་གཉིས་ནས་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པར་གྱིས་ཤིག་ཅེས་སོགས་ཀྱིས་ནི་རྒྱས་པར་བཤད་པའོ། །དེ་ལ་ཡི་གེ་བཞི་བཅུ་རྩ་གཉིས་ནི་སྐབས་དང་པོར་བསྟན་ཟིན་ལ། ཡི་གེ་གཅིག་གིས་བྱང་བའི་རང་བཞིན་ཆོས་ཐམས་ཅད་ཤེས་པར་གྱིས་ཤིག་ཅེས་པའི་དོན་ལ། ཡི་གེ་གཅིག་ནི་ཨ་ཡིན་ལ། ཨའི་དོན་རྟོགས་པས་སྐྱེ་མེད་ཀྱི་དོན་ཁོང་དུ་ཆུད་པའི་ཕྱིར། ཨ་ནི་སྐྱེ་བ་མེད་པའི་ཏིང་ངེ་འཛིན་སྒྲུབ་པའི་ཐབས་སོ། །འདིའི་ནང་དུ་ཡི་གེ་ཐམས་ཅད་ཀྱི་རང་བཞིན་འདུས་པར་སྒོམས་ཤིག་ཅེས་པའོ། །དེ་དག་གི་དོན་བསྒོམས་པས་ཀྱང་ཡི་གེ་གཅིག་གི་དོན་རྟོགས་པར་འགྱུར་བས། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་ཏིང་ངེ་འཛིན་གྱི་ཁོངས་སུ་ཡང་འདི་འདུས་པར་རྟོགས་པར་གྱིས་ཤིག་ཅེས་པའོ། །ཡི་གེ་མེད་པ་ལ་མངོན་པར་བསྒྲུབ་པ་ལ་མཁས་པའི་དོན་ནི། ཡི་གེ་བསྒྲུབ་པ་ལ་མཁས་པས། ཡི་གེའི་དོན་སྐྱེ་མེད་ཀྱི་དོན་ལ་མཁས་ཏེ། བརྗོད་དུ་མེད་པའི་ཆོས་ཐམས་ཅད་ཀྱི་དོན་རྟོགས་སོ་ཞེས་པའི་དོན་ནོ། །གཉིས་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། ཐུན་མོང་མ་ཡིན་ནོ་ཞེས་པའི་བར་ཏེ། ཡི་གེ་མེད་པའི་དོན་ཡང་སྟོན་ལ་ཡི་གེ་ཡང་མི་འདོར་བ་ནི། གཉིས་པ་ཞུས་ལན་གྱི་སྒོ་ནས་དོགས་པ་སྤང་བ་ལ། ཞུས་ལན་གསུམ་གྱི་དང་པོ་ལ་རྩོད་པ་འགོད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་སོགས་ཀྱིས་སྟོན་ཏེ། གང་ལ་བསྟན་པའི་ཡུལ་སེམས་ཅན་དང༌། བསྟན་བྱའི་ཆོས་རྣམས་ཀྱང་མི་སྣང་ན་ཆོས་བཤད་པ་ཇི་ལྟར་རུང༌། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཡང་ཡོད་པ་མ་ཡིན་ན་དེ་ལ་སྦྱོར་བ་ཡང་ཇི་ལྟར་རུང་ཞེས་ཞུས་པའོ། །འདི་ལ་རྩོད་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གཏན་ཚིགས་འགོད་པ་ནི། བཅོམ་ལྡན་འདས་གལ་ཏེ་ཞེས་པ། མི་དམིགས་པ་ལགས་ན་ཞེས་པའི་བར་རོ། །རྣམ་བྱང་གི་ཆོས་ལ་སྤྱོད་ཅིང༌། མངོན་ཤེས་དྲུག་ལ་གནས་ནས་སེམས་ཅན་ལ་ཆོས་སྟོན་པར་ཇི་ལྟར་འགྱུར་ཞེས་ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་ཇི་ལྟར་ཞེས་པ་ནས། སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ་དང་པོ་གཏན་ཚིགས་བསྟན་པ་ནི། དེ་ལ་ནི་སེམས་ཅན་མི་དམིགས་ཏེ། སེམས་ཅན་དུ་གདགས་པ་ཡང་མི་དམིགས་སོ། །གཏན་ཚིགས་དང་བསྒྲུབ་བྱའི་ཆོས་ལ་སྦྱར་བ་ནི། སེམས་ཅན་མི་དམིགས་པས་གཟུགས་དམིགས་སུ་མ་མཆིས་སོ་ཞེས་པ་ནས། སེམས་ཅན་མ་དམིགས་པས་དཔེ་བྱད་བཟང་པོ་བརྒྱད་ཅུ་དམིགས་སུ་མ་མཆིས་སོ་ཞེས་པའི་བར་ཏེ། སེམས་ཅན་མི་དམིགས་པའི་རིགས་པས་གཟུགས་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དམིགས་སུ་མེད་པར་བསྟན་པའི། དེ་དག་གི་ཁྱབ་པ་བསྟན་པ་ནི། སེམས་ཅན་དམིགས་སུ་མ་མཆིས་པ་ལ་ནི་སེམས་ཅན་མ་མཆིས་སོ་ཞེས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུ་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏེ། སེམས་ཅན་མ་མཆིས་པ་ལ་དཔེ་བྱད་བཟང་པོའི་བར་མ་དམིགས་པས་ཁྱབ་ཅེས་བསྟན་ཏོ། །གསུམ་པ་ནི། བྱང་ཆུབ་ཀྱི་ཆོས་རྣམས་ལ་ཞེས་པས་ནི་ཆོས་ཅན་བཟུང་ངོ༌། །དམིགས་པར་འགྱུར་བ་ལྟ་ག་ལ་མཆིས་ཞེས་པ་ནི་ཐལ་འགྱུར་འགོད་པའོ། །གཏན་ཚིགས་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས། མི་དམིགས་ན་ཞེས་པའི་བར་གྱིས་བསྟན་ཏེ། ཇི་ལྟར་རྩོད་པའི་ཚུལ་བསྟན་ཟིན་ཏོ། །ལན་ལ་ཆོས་ཐམས་ཅད་མ་དམིགས་པར་ཞལ་གྱིས་བཞེས་པ་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་དང༌། ཆོས་སྟོན་པའི་ཕྲིན་ལས་བསྟན་པ་དང༌། ཆོས་སྟོན་པའི་དོན་རྟོགས་པའི་བྱེད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཇི་སྐད་དུ་སྨྲས་པ་བཞིན་ནོ་ཞེས་པས་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་དེ་ལྟར་སེམས་ཅན་མི་དམིགས་པས་ན། སྟོང་པ་ཉིད་དུ་རིག་པར་བྱའོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དུ་རིག་པར་བྱའོ་ཞེས་པའི་བར་རོ། །སེམས་ཅན་མི་དམིགས་པའི་འཐད་པས་ཆོས་ཐམས་ཅད་སྟོང་པ་ཉིད་བཅོ་བརྒྱད་དུ་རིག་པར་བྱའོ་ཞེས་བསྟན་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ་ཞེས་པའི་དོན་ནོ། །གསུམ་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། སྟོང་ཉིད་རྟོགས་པའི་དོན་དུ་ཆོས་བསྟན་པ་དང༌། བསྟན་པ་ཆོས་ཉིད་དང་མི་འགལ་བ་དང༌། ཆོས་སྟོན་པའི་དཔེ་དོན་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་ལ་ཞེས་པ་ནས། ཆོས་སྟོན་ཏོ་ཞེས་པའི་བར་ཏེ། བྱང་ཆུབ་སེམས་དཔའ་རང་ཉིད་ཀྱིས་སྟོང་པ་ཉིད་ཀྱི་དོན་མཐོང་ནས་དེ་མ་རྟོགས་པ་རྣམས་ལ་ཆོས་སྟོང་པ་ཉིད་རྟོགས་པའི་དོན་དུ་སྟོན་ཞེས་པ་དང༌། ཇི་ལྟར་སྟོང་པ་ཉིད་དེ་དག་ལའང་བདེན་འཛིན་མི་འཇུག་པ་དེ་ལྟར་སྟོན་ཞེས་པའི་དོན་ནོ། །ཆོས་སྟོན་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེས་དེ་ལྟར་མཐོང་ན་ཞེས་པ་ནས། སྟོན་པར་བྱེད་དོ་ཞེས་པའི་བར་ཏེ། སྟོང་ཉིད་བསྟན་པས་སྟོང་པ་ཉིད་ཀྱི་དོན་རྟོགས་ནས། སྒྲུབ་པ་མེད་པར་ཤེས་པར་བྱེད་པ་བསྟན་ཏོ། །གཉིས་པ་ནི། ཆོས་གང་ཡང་ཞེས་པ་ནས། སྟོན་པར་བྱེད་དོ་ཞེས་པའི་བར་ཏེ། ཆོས་གང་བསྟན་པ་ཐམས་ཅད་དངོས་པོའི་གནས་ཚུལ་དང་མི་འགལ་བར་སྟོན་ནོ་ཞེས་པའི་དོན་ནོ། །གསུམ་པ་ལ། དཔེ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཞེས་པ་ནས། སྤྲུལ་པ་དེས་ཆོས་ལ་ལ་ཞིག་ཐ་དད་དུ་ཕྱེ་བ་ཡོད་དམ་ཞེས་པའི་བར་ཏེ། སྤྲུལ་པས་ཆོས་སྟོན་པའི་སྒོ་ནས། གདུལ་བྱ་རྣམ་པར་བྱང་བ་ལ་སྦྱོར་ཡང་གནས་ཚུལ་ལ་ཆོས་སོ་སོར་ཕྱེ་ནས་སྟོན་པ་མེད་ཅེས་སྟོན་ནོ། །རབ་འབྱོར་གྱིས་དེ་དང་མཐུན་པར་ལན་བཏབ་པ་ནི། གསོལ་པ་ཞེས་པ་ནས། མ་ལགས་སོ་ཞེས་པའི་བར་ཏེ། གནས་ཚུལ་ལ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །དོན་སྟོན་པ་ལ་གཉིས་ཏེ། ཆོས་སྟོན་གདུལ་བྱ་ཡང་དག་པའི་དོན་ལ་འགོད་པ་དང༌། བསྟན་བྱའི་ཆོས་གཏན་ལ་དབབ་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། རབ་ཏུ་འགོད་དོ་ཞེས་པའི་བར་ཏེ། སྤྲུལ་པས་ཆོས་སྟོན་པའི་ཚུལ་དུ་མ་བཅིངས་མ་གྲོལ་བའི་དོན་བསྟན་ནས་ཡང་དག་པ་ལ་འགོད་དོ་ཞེས་པའི་དོན་ནོ། །གཉིས་པ་ལ། ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བར་བསྟན་པ་དང༌། དོན་དེ་གཉིས་དངོས་པོའི་མཚན་མ་དང་མ་འབྲེལ་བ་དང༌། མ་བཅིངས་མ་གྲོལ་བའི་འཐད་པ་བཀོད་པའོ། །དང་པོ་ནི། གོང་དུ་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བ་བསྟན་པ་ན། མ་བཅིངས་མ་གྲོལ་བའི་ནོན་ཅིའི་ཕྱིར་ཞེ་ན་ཞེས་པའི་ཚུལ་གྱིས་དྲི་བ་བཀོད་ནས། ལན་ལ། རབ་འབྱོར་དེ་ནི་འདི་ལྟར་གཟུགས་མ་བཅིངས་མ་གྲོལ་བ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་མ་བཅིངས་མ་གྲོལ་བ་སྟེ་ཞེས་པའི་བར་གྱིས་གསུངས་ཏེ། གནས་ཚུལ་ལ་ལས་ཉོན་མེད་པས། དེས་བཅིངས་པ་མེད་ལ། དེ་མེད་པས་ཕྱིས་དེ་ལས་གྲོལ་བ་ཡང་མེད་དོ་ཞེས་སྟོན་ནོ། །གཉིས་པ་ནི། གཟུགས་ཀྱི་མ་བཅིངས་མ་གྲོལ་བ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མ་བཅིངས་མ་གྲོལ་བ་གང་ཟིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་ཀྱི་མ་བཅིངས་མ་གྲོལ་ཉིད་གཟུགས་ཉིད་ལ་བྱའམ་སྙམ་ན་མ་ཡིན་ནོ་ཞེས་བསྟན་ཏེ། ལྷག་མ་རྣམས་ཀྱི་བཤད་ཚུལ་ལ་ཡང་སྦྱར་རོ། །གསུམ་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་སྦྱར་ཏེ། དེ་ནི་འདི་ལྟར་གཟུགས་ནི་ཤིན་ཏུ་རྣམ་པར་དག་པའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའི་བར་དུ་གསུངས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་པའི་དོན་ནོ། །ཆོས་སྟོན་པའི་ཕྲིན་ལས་རྒྱས་པར་བསྟན་ཟིན་ཏོ།། ༈ གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཆོས་སྟོན་ཀྱང་སེམས་ཅན་དུ་མི་དམིགས་སོ་ཞེས་པའི་བར་རོ། །བཞི་པ་ཆོས་བསྟན་པའི་དོན་རྟོགས་པའི་བྱེད་པ་ནི། ཆོས་གང་ལ་ཡང་མི་གནས་པ་དང༌། མི་གནས་པའི་འཐད་པ་བསྟན་པ་དང༌། འཕགས་པའི་ལམ་དང་འགལ་བར་མི་བྱ་བར་བསྟན་པའོ། །དང་པོ་ནི། རབ་འབྱོར་བྱང་སེམས་ཆེན་པོ་ཆོས་ཐམས་ཅད་མི་དམིགས་པ་ལ་མི་གནས་པའི་ཚུལ་གྱིས་གནས་ཏེ། གཟུགས་སྟོང་པ་ཉིད་ལ་མི་གནས་པའི་ཚུལ་དང་ཞེས་པ་ནས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་ནི། གང་ཡང་གནས་པ་མེད་དོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་མི་དམིགས་པར་རྟོགས་པས་གང་ལ་ཡང་མངོན་པར་མ་ཞེན་པས་མི་གནས་པའི་ཚུལ་གྱིས་སྟོང་པ་ཉིད་ལ་གནས་པར་སྟོན་ནོ། །གཉིས་པ་ལ་འཐད་པ་འགོད་པ་དང༌། དེ་ཉིད་འཐད་པ་གཞན་གྱིས་གསལ་བར་བྱེད་པའོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དངོས་པོ་མི་གནས་སོ་ཞེས་པའི་བར་ཏེ། གནས་བྱ་མི་དམིགས་པའི་དོན་གྱིས་བཤད་དོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མི་གནས་སོ་ཞེས་པའི་བར་རོ། །གསུམ་པ་ལ། འཕགས་པ་ཐམས་ཅད་ཀྱིས་རྟོགས་པ་དང་འགལ་བར་མི་བྱེད་པ་དང༌། འགལ་བར་མི་བྱ་བའི་འཐད་པ་འགོད་པ་དང༌། ཆོས་གང་བསྟན་ཀྱང་ཆོས་ཉིད་དང་མི་འགལ་བར་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ཐམས་ཅད་ཅེས་པ་ནས། སྐྱོན་དུ་མི་བྱའོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པ་ལ་སྤྱད་པར་བྱ་བ་ཡིན་པས། འཕགས་པའི་གང་ཟག་བཞི་པོ་རྣམས་ཀྱི་རྟོགས་རིགས་ཐ་དད་པའི་ཚུལ་དུ་བསྐྱེད་པར་བྱ་བ་མ་ཡིན་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཆོས་ཉིད་དེ་རྗེས་སུ་རྟོགས་ནས་ཀྱང་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ་ཞེས་པའི་བར་ཏེ། འཕགས་པའི་གང་ཟག་བཞི་པོ་བདག་མེད་རྟོགས་པ་ལ་རྟོགས་རིགས་གཅིག་པར་རྟོགས་ནས་ཆོས་སྟོན་ཞེས་པའི་དོན་ནོ། །གསུམ་པ་ནི་ཆོས་སྟོན་པར་མཛད་ན་ཚུལ་ཇི་ལྟར་སྙམ་ན། དེ་ཡང་ཆོས་རྣམས་ཀྱི་ཆོས་ཉིད་ལས་མི་འདའོ་ཞེས་བསྟན་ཏེ། ཆོས་ཉིད་ལས་མི་འདའ་བར་སྟོན་ཞེས་པའི་དོན་ནོ། །འཐད་པ་འགོད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། འདའ་བ་མེད་དོ་ཞེས་པའི་བར་ཏེ། ཆོས་རྣམས་ཀྱི་གནས་ཚུལ་དང་མཐུན་པར་སྟོན་ཅིང༌། ཆོས་ཀྱི་དབྱིངས་ལས་འདའ་བ་མེད་པ་དེ་ཅིའི་ཕྱིར་ཞེ་ན། དེ་དག་གང་ལས་འདའ་བར་འགྱུར་བའི་རང་བཞིན་མེད་པའི་ཕྱིར་ཞེས་པའི་དོན་ནོ། །ཞུས་ལན་དང་པོ་བསྟན་ཟིན་ཏོ། །ཞུས་ལན་གཉིས་པ་ལ། དང་པོ་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཀྱི་དབྱིངས་ལ་འདའ་བ་མ་མཆིས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ་ཞེས་པའི་བར་ཏེ། གོང་དུ་ཆོས་ཀྱི་དབྱིངས་ལ་འདའ་བའི་ཆོས་མ་གྲུབ་པར་བསྟན་པ་ལ་དྲི་བ་བཀོད་པས། དེ་ཆོས་ཀྱི་དབྱིངས་ལས་འདའ་བ་མེད་ན། གཟུགས་དང་ཚོར་བ་སོགས་ལ་རྣམ་པར་འགྱུར་བའི་ཆོས་སྣང་བས་གཟུགས་སོགས་ཀྱི་ཆོས་གཞན་དུ་གྲུབ་པ་ཡོད་དམ་ཞེས་དྲིས་པ་སྟེ། རྣམ་མཁྱེན་གྱི་བར་གྱི་དྲི་ཚུལ་ཡང་དེ་བཞིན་དུ་སྦྱར་རོ། །གཉིས་པ་ལན་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ཆོས་དང་ཆོས་ཉིད་ཐ་མི་དད་པར་བསྟན་པ་དང༌། དེ་ལ་རྩོད་པ་སྤང་བ་དང༌། རྩོད་སྤང་ལས་འཕྲོས་པའི་རྩོད་ལན་ནོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་མ་ཡིན་ནོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་མ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །དེ་མ་ཡིན་ནོ་ཞེས་པའི་ཚིག་གིས་ནི། ཐ་དད་པ་མ་ཡིན་ཞེས་བསྟན་ཏོ། །གཉིས་པ་ལ་རྩོད་པ་འགོད་པ་ནི། འོ་ན་ཇི་ལྟར་ཆོས་རྣམས་ཀྱི་འབྲས་བུ་ཞེས་པ་ནས། རྣམ་པར་འགོད་པར་འགྱུར་ཞེས་པའི་བར་ཏེ། ཆོས་ཅན་དང༌། ཆོས་ཉིད་ཐ་མི་དད་ན། ཆོས་ཀྱི་དབྱིངས་དང་ཆོས་ཅན་གཅིག་ཏུ་འགྱུར་ལ། དེ་ལྟ་ན་ནམ་མཁའ་ལྟར་ཀུན་ཏུ་རོ་གཅིག་པས་འཁོར་འདས་ཀྱི་རྒྱུ་འབྲས་ཇི་ལྟར་རྣམ་པར་འགོད་པར་འགྱུར་ཞེས་རྩོད་པའོ། །ལན་ལ་བདེན་གཉིས་ཀྱི་ལན་དང༌། དོན་དམ་པར་མེད་པའི་འཐད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ཏེ་ཞེས་པ་ནས། བསྟན་པར་མི་ནུས་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས། སྟོང་པ་ཉིད་དོ་ཞེས་པའི་བར་རོ། །གསུམ་པ་ལ། དང་པོ་རྩོད་པ་འགོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། བདེན་པར་མ་ལགས་ན་ཞེས་པའི་བར་གྱིས་ཁས་བླངས་རྗེས་སུ་བརྗོད་ལ། བྱིས་པ་སོ་སོའི་སྐྱེ་བོ་ཞེས་པ་ནས། བྱང་ཆུབ་ཏུ་འགྱུར་རོ་ཞེས་པའི་བར་གྱིས་ནི་གནོད་བྱེད་བརྗོད་པ་ཡིན་ནོ། །དོན་དམ་པར་འབྲས་བུ་ཐོབ་པར་བྱར་མེད་ན། འབྲས་བུ་ཐོབ་པ་བློས་བཏགས་པ་ཙམ་དུ་འགྱུར་བས། སོ་སྐྱེས་ཀྱང་བྱང་ཆུབ་ཐོབ་པ་ཉིད་དུ་འགྱུར་རོ། །ཞེས་པའི་དོན་ནོ། །གཉིས་པ་ལན་ལ། ལན་དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་སོ་སྐྱེས་བདེན་གཉིས་མ་ཤེས་པས་འབྲས་བུ་ཐོབ་པའི་གྲངས་སུ་རྣམ་པར་གཞག་ཏུ་མེད་པ་དང༌། འཕགས་པས་བདེན་གཉིས་རྟོགས་པའི་ལམ་བསྒོམས་པས་འབྲས་བུ་ཐོབ་པའི་གྲངས་སུ་རྣམ་པར་གཞག་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་པ་ནས། འབྲས་བུ་རྣམ་པར་འགོད་པ་ལྟ་ག་ལ་ཡོད་ཅེས་པའི་བར་ཏེ། སོ་སོ་སྐྱེ་བོས་བདེན་གཉིས་ཤེས་ནས་ལམ་བསྒོམ་པ་ཡོད་ན། འབྲས་བུ་ཐོབ་པའི་གྲངས་སུ་རྣམ་པར་གཞག་པར་རིགས་པ་ལས། དེ་མེད་པའི་ཕྱིར་འབྲས་བུ་ཐོབ་པའི་གྲངས་སུ་གཞག་ཏུ་མེད་དོ་ཞེས་པའི་དོན་ཏོ། །གཉིས་པ་ནི། རབ་འབྱོར་འཕགས་པའི་གང་ཟག་རྣམས་ལ་ནི་ཞེས་པ་ནས། རྣམ་པར་འགོད་པ་ཡོད་དོ་ཞེས་པའི་བར་རོ། །གཉིས་པ་ལ་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མཆིས་སམ་ཞེས་པའི་བར་ཏེ། གོང་དུ་ལམ་བསྒོམ་པ་ལ་ནི། འབྲས་བུ་ཐོབ་པ་རྣམ་པར་བཞག་ཏུ་ཡོད་དོ་ཞེས་གསུངས་པ་ལ་རྩོད་པ་སྟེ། ལམ་བསྒོམ་པས་འབྲས་བུ་ཐོབ་པའ་ཐོབ་པར་བྱར་ཡོད་ཅེས་རྩོད་པའོ། །ལན་ལ་དོན་དམ་པར་ཐོབ་པར་བྱར་མེད་པ་དང༌། ཀུན་རྫོབ་ཏུ་ལམ་མ་བསྒོམ་པར་མི་འཐོབ་པ་དང༌། ཆོས་ཅན་དང་ཆོས་ཉིད་སོ་སོར་བཟུང་བས་ཀྱང་མི་འཐོབ་པར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ་ཞེས་པ་ནས། ཐོབ་པར་བྱ་བ་མེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་ལམ་མ་བསྒོམ་པར་ཡང་ཞེས་པ་ནས། ཐོབ་པར་མི་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། འགོད་པར་མི་བྱེད་དོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་སྟོང་ཉིད་དུ་རོ་གཅིག་པར་རྟོགས་པའི་ཐབས་ལ་མཁས་པ་དང་ལྡན་པས། འབྲས་བུ་ཐོབ་པར་རྣམ་པར་གཞག་ཏུ་ཡོད་ཀྱི། འདུས་བྱས་ཆོས་ཅན་དང༌། འདུས་མ་བྱས་ཆོས་ཉིད་གཉིས་པོ་སོ་སོར་སྤྱད་པས་ནི་འབྲས་བུ་འཐོབ་པར་གཞག་ཏུ་མེད་དོ་ཞེས་པའི་དོན་ནོ། །ཞུས་ལན་གཉིས་པ་ལ་བསྟན་ཟིན་ཏོ། །ཞུས་ལན་གསུམ་པ་ལ། དང་པོ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་འདུས་བྱས་ཀྱི་ཁམས་ཞེས་པ་ནས། ཇི་ལྟར་འཚལ་བར་བགྱི་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དང་པོ། བཅོམ་ལྡན་འདས་ཞེས་པ་ནས། མ་མཆིས་ན་ཞེས་པའི་བར་གྱིས་ནི་ཁས་བླངས་རྗེས་སུ་བརྗོད་པའོ། །ཁས་བླངས་ནང་འགལ་བར་བརྗོད་པ་ནི། བཅོམ་ལྡན་འདས་ཀྱིས་འདི་ནི་ཞེས་པ་ནས། འཚལ་བར་བགྱི་ཞེས་པའི་བར་ཏེ། འབྲས་བུ་ཐོབ་པའི་རྣམ་པར་དབྱེ་བ་སོ་སོར་གསུངས་པ་དང༌། ཆོས་ཐམས་ཅད་རིས་སུ་བཅད་དུ་མེད་པར་གསུངས་པ་གཉིས་འགལ་ལོ་ཞེས་པའི་དོན་ནོ། །གཉིས་པ་ལན་ལ། རིས་སུ་བཅད་དུ་མེད་པའི་དོན་དྲིས་ལན་གྱི་སྒོ་ནས་གཏན་ལ་དབབ་པ་དང༌། རིས་སུ་བཅད་པ་མེད་པར་གནས་པ་བཞིན་བསྒོམ་པའི་བྱེད་པ་དང༌། བྱེད་པ་དེ་ཉིད་སྤྲུལ་བའི་དཔེས་བསྟན་པའོ། །དང་པོ་ལ་དོན་དང་མཐུན་པའི་ལན་འདྲེན་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་བརྒལ་བ་འགོད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུན་དུ་ཞུགས་པའི་འབྲས་བུའམ་ཞེས་པ་ནས། འོན་ཏེ་འདུས་མ་བྱས་པ་ཡིན་ཞེས་པའི་བར་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་སོགས་འདུས་བྱས་ཆོས་ཅན་སོ་སོར་འཛིན་པས་རབ་ཏུ་ཕྱེའམ། འདུས་མ་བྱས་བདག་མེད་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་ཞེས་བརྒལ་བའོ། །ལན་ནི། གསོལ་པ་ཞེས་པ་ནས། མ་བགྱིས་སོ་ཞེས་པའི་བར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བརྒལ་བ་དགོད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། ཡོད་དམ་ཞེས་པའི་བར་ཏེ། འདུས་མ་བྱས་བདག་མེད་ཀྱི་དོན་ལ་རིས་སུ་བཅད་པ་ཡོད་དམ་ཞེས་བརྒལ་བའོ། །ལན་ནི། གསོལ་པ་ཞེས་པ་ནས། མ་ལགས་སོ་ཞེས་པའི་བར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བརྒལ་བ་འགོད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། རིས་སུ་བཅད་པ་ཡོད་དམ་ཞེས་པའི་བར་ཏེ། འཕགས་པ་རྣམས་ཀྱིས་མཚན་ཉིད་མེད་པའི་དོན་ཁོང་དུ་ཆུད་པ་མ་ཡིན་ནམ། མཚན་ཉིད་མེད་པའི་དོན་ལ་རིགས་མི་འདྲ་བ་སོ་སོར་གཅོད་དུ་ཡོད་དམ་ཞེས་བརྒལ་བའོ། །ལན་ནི། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པའོ། །རིས་སུ་བཅད་དུ་མེད་པའི་དོན། དྲིས་ལན་གྱི་སྒོ་ནས་གཏན་ལ་དབབ་པ་བསྟན་ཟིན་ཏོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། དེ་ལ་མངོན་པར་ཞེན་པ་མེད་པས་གང་ལ་ཡང་ཆགས་པ་མེད་དོ་ཞེས་པའི་བར་ཏེ། རིས་སུ་བཅད་དུ་མེད་པའི་དོན་དྲིས་ལན་གྱི་སྒོ་ནས་གཏན་ལ་བབ་པ་དེ་བཞིན་དུ་བསྒོམས་པས་ཆོས་ཐམས་ཅད་སྟོང་ཉིད་དུ་རོ་གཅིག་པར་ཁོང་དུ་ཆུད་ལ། དེའི་མཐུས་གང་ལ་ཡང་ཞེན་པ་དང་ཆགས་པ་མེད་དོ་ཞེས་པའི་དོན་ནོ། །གསུམ་པ་ལ་སྤྲུལ་པའི་དཔེ་བཤད་པ་དང༌། དོན་ལ་སྦྱར་བ་དང༌། དོན་གྱི་འཐད་པ་འགོད་པའོ། །དང་པོ་ནི། འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པས་སྦྱིན་པ་ཡོངས་སུ་གཏོང་ཡང་སྦྱིན་པའི་འབྲས་བུ་ལ་ཆགས་པ་མེད། སྦྱིན་པའི་འབྲས་བུ་ཉམས་སུ་མྱོང་བ་མེད་དེ་གཞན་དུ་ན་སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་དོན་དུ་སྦྱིན་པ་ཡོངས་སུ་གཏོང་ངོ་ཞེས་པ་ནས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་བསྒོམ་མོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་གཤེགས་པའི་སྤྲུལ་པས་དགེ་བ་ལ་སྤྱོད་ཀྱང་རང་དོན་དུ་འབྲས་བུ་ལ་མངོན་པར་ཞེན་པ་མེད་ཅིང༌། འབྲས་བུ་ཉམས་སུ་མྱོང་བ་མེད་དོ། །འབྲས་བུ་ཉམས་སུ་མྱོང་བ་མེད་ན། སྦྱིན་པ་ཡོངས་སུ་གཏོང་བ་མེད་དོ་སྙམ་ན། དོན་དམ་པར་མེད་ཀྱང་གཞན་དུ་ན་སྟེ། ཐ་སྙད་པའི་ངོ་ན་གཞན་དོན་དུ་སྦྱིན་པ་གཏོང་ངོ་ཞེས་པའི་དོན་ཏེ། ལྷག་མ་རྣམས་ཀྱི་བཤད་ཚུལ་ཡང་དེ་བཞིན་ནོ། །གཉིས་པ་ནི། རབ་འབྱོར་དེ་བཞིན་དུ་བྱང་སེམས་ཆེན་པོ་ཡང་ཞེས་པ་ནས། ཆགས་པ་མེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། ཐ་སྙད་དུ་ཕྱིན་དྲུག་ལ་སྤྱོད་ཀྱང༌། དོན་དམ་པར་ཆོས་གང་ལ་ཡང་གནས་པ་མེད་ལ། མངོན་པར་ཆགས་པ་ཡང་མེད་དེ། དེ་བཞིན་གཤེགས་པའི་སྤྲུལ་པ་བཞིན་ནོ་ཞེས་པའི་དོན་ནོ། །གསུམ་པ་ནི་དེ་ཅི་ཕྱིར་ཞེ་ན་ཞེས་པ་ནས། ཁོང་དུ་ཆུད་དོ་ཞེས་པའི་བར་ཏེ། དེ་ཅི་ཕྱིར་ཆགས་པ་མེད་ཅེ་ན། ཆོས་རྣམས་ཀྱི་མཚན་ཉིད་རང་བཞིན་མེད་པའི་ཕྱིར་ཞེས་པའི་དོན་ནོ། །དེ་ལྟར་ཞུས་ལན་གསུམ་གྱིས་མཛད་པ་བསྒྲུབ་པར་བྱེད་པ་པོ་སྤྲུལ་པའི་སྐུ་བསྟན་ཏེ། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་སོ། །མདོ་དང་བསྟན་བཅོས་གོ་རིམ་མི་མཐུན་ནོ་ཞེ་ན། བསྟན་བཅོས་ལས་མདོའི་སྦས་དོན་ཕྱུང་ནས་མཛད་པའི་ཐོག་མར་བཤད་ཅིང༌། །གོ་བདེའི་དོན་དུ་མཛད་པ་རྣམས་ཕྱོགས་གཅིག་ཏུ་བཤད་དོ། །མཚན་དང་དཔེ་བྱད་མངོན་པར་བསྒྲུབ་པ་དང༌། ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པ་རྣམ་པར་བཤད་པའོ།།  ༈ དྲུག་ཅུ་རེ་བཞི་པ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྟན་པའི་ལེའུ་བཤད་པ། ལེའུ་འདི་ནས་ཕྲིན་ལས་སྟོན་ཏེ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་རྟོགས་པ་ལ་འགོད་པ་དང༌། སེམས་ཅན་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་ལ་འགོད་པའོ། །དང་པོ་ནི་ཞུས་ལན་བདུན་གྱིས་བསྟན་ཏེ། དང་པོ་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་རྟོགས་པའི་ཞུས་ལན་ལ། ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། མཚན་ཉིད་རབ་ཏུ་རྟོགས་པ་ལགས་ཞེས་པའི་བར་ཏེ། གོང་དུ་ཆོས་རྣམས་ཀྱི་མཚན་ཉིད་ཁོང་དུ་ཆུད་ཅེས་པ་ལ་དྲི་བ་བཀོད་པའོ། །ལན་ལ་གསུམ་སྟེ། སྤྲུལ་པའི་དཔེ་བསྟན་པ་དང༌། དོན་ལ་སྦྱར་བ་དང༌། དོན་བསྡུ་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྤྲུལ་པ་ནི། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་ཡོངས་སུ་སྤྱོད་པ་མེད་དེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་གནས་ཚུལ་ལ་འཁོར་འདས་ཀྱི་ཆོས་གང་ལ་ཡང་སྤྱོད་པ་མེད་དོ་ཞེས་པའི་དོན་ནོ། །གཉིས་པ་ནི། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། སྤྱོད་པ་མེད་དོ་ཞེས་པའི་བར་ཏེ། སྤྲུལ་པ་བཞིན་དུ་ཆོས་གང་ལ་ཡང་ཡོངས་སུ་སྤྱོད་པ་མེད་པའི་ཚུལ་གྱིས་ཆོས་རྣམས་ཀྱི་མཚན་ཉིད་རྟོགས་ཞེས་པའི་དོན་ནོ། །གསུམ་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས་རྟོགས་པ་ཡིན་ནོ་ཞེས་པའི་བར་རོ། །ཞུས་ལན་གཉིས་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་སྤྲུལ་པ་ཞེས་པ་ནས། ལམ་བསྒོམ་དུ་ཅི་ཞིག་མཆིས་ཞེས་པའི་བར་ཏེ། གང་ལ་རྩོད་པའི་ཡུལ་ནི། སྤྲུལ་པས་གང་ལ་སྤྱོད་པ་མེད་པ་བཞིན་དུ། གང་ལ་ཡང་མི་སྤྱོད་པ་ཆོས་ཀྱི་མཚན་ཉིད་རྟོགས་ཞེས་པ་ལ་རྩོད་དོ། །རྩོད་པའི་ཚུལ་ནི། སྤྲུལ་པ་དང་མཚུངས་ན། ལམ་བསྒོམས་ཀྱང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་རྟོགས་པར་མི་འགྱུར་བར་ཐལ། ལམ་བསྒོམས་ཀྱང་འགྲོ་བ་ལྔའི་འཁོར་བ་ན་གནས་པར་མི་དམིགས་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ལམ་བསྒོམ་པ་ཡང་ཚུལ་དེ་བཞིན་དུ་འགྱུར་རོ་ཞེས་པའི་དོན་ནོ། །གཉིས་པ་ལན་ལ་ལམ་བསྒོམ་པའི་བྱེད་པ་སྤྲུལ་པ་དང་མཚུངས་པ་དང༌། སྤྲུལ་པའི་ཚུལ་གྱིས་ཆོས་རྟོགས་པར་བསྟན་པའོ། །དང་པོ་ལ། བཅོམ་ལྡན་འདས་ཀྱི་ཚིག་གིས་སྤྲུལ་པ་དང་མི་མཐུན་པ་ལ་བརྒལ་བ་དང༌། རབ་འབྱོར་གྱི་ཚིག་གིས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པར་ལན་བརྗོད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། གང་ཡང་ཡོད་དམ་ཞེས་པའི་བར་ཏེ། ལམ་བསྒོམས་མ་བསྒོམས་ཀྱི་བྱེད་པ་སྣང་བར་འགྱུར་བའི་གཞི་སྤྲུལ་པའི་དངོས་པོ་ཡོད་དམ་ཞེས་རྩོད་པའོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཞེས་པ་ནས། ཤེས་པ་གང་ཡང་མ་མཆིས་སོ་ཞེས་པའི་བར་ཏེ། སྤྲུལ་པ་མེད་པས་སྤྲུལ་པའི་ལམ་བསྒོམ་པའི་བྱེད་པ་འཁོར་འདས་ཀྱི་ཆོས་རྟོགས་པར་འགྱུར་བ་ཡང་མེད་ལ། ལམ་མ་བསྒོམས་ཀྱང་འཁོར་བ་ན་འཆིང་བར་འགྱུར་བ་ཡང་མེད་ཅེས་པའི་དོན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། རྟོགས་པ་ཡིན་ནོ་ཞེས་པའི་བར་རོ། །ཞུས་ལན་གསུམ་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། རྣམ་པར་ཤེས་པ་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་སམ་ཞེས་པའི་བར་ཏེ། གོང་དུ་སྤྲུལ་པས་ཆོས་ཐམས་ཅད་ལ་སྤྱོད་ཚུལ་དང༌། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་སྤྱོད་ཚུལ་དཔེ་དོན་དུ་སྦྱར་བ་ལ་དྲི་བ་སྟེ། ཆོས་ཐམས་ཅད་ལ་སྤྲུལ་པ་ལྟ་བུའི་ཚུལ་དུ་སྤྱོད་ན། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་སམ་ཞེས་དྲིས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཐམས་ཅད་ནི་ཞེས་པ་ནས། སྤྲུལ་བ་ལྟ་བུའོ་ཞེས་པའི་བར་རོ། །ཞུས་ལན་བཞི་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ལྟར་གཟུགས་ཐམས་ཅད་ཅེས་པ་ནས། རྣམ་པར་ཤེས་པ་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན་ཞེས་པའི་བར་གྱིས་ནི་ཁས་བླངས་རྗེས་སུ་བརྗོད་པའོ། །ཐལ་འགྱུར་འགོད་པ་ནི། ཇི་ལྟར་བྱང་སེམས་ཆེན་པོའི་མཐུར་འགྱུར་ཞེས་པའོ། །ཐལ་འགྱུར་གྱི་གཏན་ཚིགས་ནི། བཅོམ་ལྡན་འདས་སྤྲུལ་པ་ལ་ནི་གཟུགས་མ་མཆིས་ཞེས་པ་ནས། འཁོར་བ་མ་མཆིས་ན་ཞེས་པའི་བར་ཏེ། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ཡིན་ན། འཁོར་འདས་ཀྱི་ཆོས་གང་ཡང་མ་མཆིས་པས་ན། གདུལ་བྱ་འཁོར་བ་ལས་སྒྲོལ་བ་བྱང་ཆུབ་སེམས་དཔའི་མཐུར་ཇི་ལྟར་འགྱུར་ཞེས་པའི་དོན་ནོ། །གཉིས་པ་ལན་ལ། འཁོར་འདས་ཀྱི་ཆོས་མ་དམིགས་པ་དང༌། དེའི་འཐད་པ་འགོད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། སེམས་ཅན་གང་ཡང་མི་དམིགས་སོ་ཞེས་པའི་བར་ཏེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་དམིགས་པར་འདོད་པ་ལ་བརྒལ་བ་དང༌། རབ་འབྱོར་གྱིས་ལན་སྨྲས་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་ཉིད་བརྟན་པར་མཛད་པ་དང་དོན་གསུམ་གྱིས་བསྟན་ཏོ། །གཉིས་པ་འཐད་པ་འགོད་པ་ནི། སེམས་ཅན་བདེན་པར་མི་དམིགས་པ་དེ་ཅི་ཕྱིར་ཞེ་ན་ཞེས་སྦྱར་ཏེ། འདི་ལྟར་ཞེས་པ་ནས། རྟོགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་ཤེས་པའི་ཕྱིར་ཞེས་པ་སྟེ། ཡུལ་ཅན་གྱི་བློ་ཚད་མར་བྱས་པའོ། །ཞུས་ལན་ལྔ་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་སེམས་ཆེན་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འཚལ་ཞིང་མཐོང་སྟེ་རྟོགས་ལ་ཞེས་པ་ནས། ལགས་ན་ཞེས་པའི་བར་གྱིས་ནི་ཁས་བླངས་རྗེས་སུ་བརྗོད་པའོ། །འཚལ་བ་དང༌། མཐོང་བ་དང༌། རྟོགས་པ་གསུམ་སྨོས་པས་ནི། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་སྦྱར་རོ། །གང་གི་དོན་དུ་ཕྱིན་དྲུག་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་སྤྱོད་པ་ལགས་ཞེས་པ་ནས། དགོས་པ་ཅིའི་སླད་དུ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བྱང་སེམས་ཀྱི་སྤྱོད་པ་ལ་སྤྱོད་པ་ལགས་ཞེས་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལགས་ཞེས་དྲི་བ་བཞིའི་སྒོ་ནས་བརྒལ་བའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སེམས་ཅན་རྣམས་རང་རང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཤེས་སུ་ཟིན་ན་ནི་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། སེམས་ཅན་རྣམས་ཀྱིས་དང་པོ་ནས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་བདེན་མེད་དུ་ཡོངས་སུ་ཤེས་ན་ནི། བདེན་མེད་མ་ཤེས་པ། ཤེས་པ་ལ་འགོད་པའི་དོན་དུ་བྱང་སེམས་ཀྱི་སྤྱོད་པ་ལ་འབད་པ་བྱེད་མི་དགོས་པ་ལས། དང་པོ་ནས་བདེན་མེད་དུ་མི་ཤེས་པའི་ཕྱིར། དེ་དག་གི་དོན་དུ་བསྐལ་པ་གྲངས་མེད་པར་ཕྱིན་དྲུག་ལ་སྤྱོད་ཅིང༌། སེམས་ཅན་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་དག་པར་བྱེད་པའི་བྱང་སེམས་ཀྱི་སྤྱོད་པ་ལ་འབད་དོ་ཞེས་པའི་དོན་ནོ། །ཞུས་ལན་དྲུག་པ་ལ། དང་པོ་ཞུས་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཞེས་པ་ནས། གྱེན་དུ་བསྐྱོད་པར་བགྱི་ཞེས་པའི་བར་ཏེ། སྤྲུལ་པ་ལྟ་བུ་ལགས་ན་ཞེས་པ་ཡན་ཆད་ཀྱིས་ཁས་བླངས་རྗེས་སུ་བརྗོད་དོ། །ལྷག་མ་རྣམས་ཀྱིས་ཐལ་འགྱུར་འགོད་པ་བསྟན་ཏེ། ཆོས་ཐམས་ཅད་རྨི་ལམ་ལྟར་བདེན་པ་མེད་པ་ཡིན་ན། སེམས་ཅན་རྣམས་རྒྱུ་ཅི་ལ་གནས། ཡུམ་ལ་བྱང་སེམས་ཇི་ལྟར་སྤྱོད། སེམས་ཅན་རྣམས་གཞི་གང་ལ་གནས་པ་ལས་གྱེན་དུ་བསྐྱོད་པར་བགྱི་ཞེས་པའི་ཚུལ་གྱིས་དྲིས་སོ། །ལན་ལ་གཉིས་ཏེ། མིང་དང་མཚན་མ་ལས་སྒྲོལ་བའི་ཕྲིན་ལས་བསྟན་པ་དང༌། མིང་དང་མཚན་མ་སོ་སོར་ངོས་བཟུང་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་རྣམས་ནི་མིང་དང་ཞེས་པ་ནས། གྱེན་དུ་བསྐྱོད་དོ་ཞེས་པའི་བར་ཏེ། མིང་མཚན་མར་འཛིན་པའི་འཆིང་བ་ལས་དགྲོལ་ནས། དམན་པའི་ས་ལས་གྱེན་དུ་བསྐྱོད་དོ་ཞེས་པའི་དོན་ནོ། །གཉིས་པ་ལ་དང་པོ་དྲི་བ་ནི། གསོལ་པ་ཞེས་པ་ནས། མཚན་མ་གང་ལགས་ཞེས་པའི་བར་རོ། །ལན་ལ་དང་པོ་མདོར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་ཞེས་པ་ནས། སྒྲོ་བཏགས་པའོ་ཞེས་པའི་བར་ཏེ། མིང་ནི་དོན་དང་ལྷན་ཅིག་སྐྱེས་པ་མ་ཡིན་གྱི་རྟོག་པས་གློ་བུར་དུ་བཏགས་པ་ཡིན་ལ། མཚན་མ་ཡང་མིག་གི་རྗེས་སུ་འབྲང་བའི་རྟོག་པས་སྒྲོ་བཏགས་པའི་དོན་ནོ། །གཉིས་པ་ལ་མིང་བཤད་པ་དང༌། མཚན་མ་བཤད་པའོ། །དང་པོ་ལ་གཉིས་ཏེ། མིང་བཤད་པ་དངོས་དང༌། མིང་དུ་ཞེན་པ་ལས་གྲོལ་བའི་ཆོས་སྟོན་པའོ། །དང་པོ་ནི་འདི་ལྟ་སྟེ། མིང་ཞེས་བྱ་བའི་མཚན་མའམ། གཟུགས་ཞེས་བྱ་བའམ་ཞེས་པ་ནས། འདུས་བྱས་ཐམས་ཅད་ནི་མིང་ཙམ་སྟེ་ཞེས་པའི་བར་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་ཙམ་དུ་བསྟན་པ་དང༌། མིང་གི་སྒོ་ནས་བཏགས་པ་ཙམ་དུ་བསྟན་ཏོ། །གཉིས་པ་ནི། དེ་དག་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། ཆོས་སྟོན་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་ནི་མིང་ཙམ་ཡིན་ལ། མིང་ནི་རྟོག་པ་ཙམ་ལས་འབྱུང་བ་རྟོག་པས་བཏགས་པ་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པས། ཆགས་པར་མ་བྱེད་ཅིག་ཅེས་པའི་ཚུལ་གྱིས་ཆོས་སྟོན་ནོ་ཞེས་པའི་དོན་ནོ། །གཉིས་པ་མཚན་མ་བཤད་པ་ལ་ཡང་གཉིས་ཏེ། མཚན་མ་བཤད་པ་དངོས་དང༌། མཚན་མ་མེད་པ་ལ་འགོད་པའི་ཕྲིན་ལས་སོ། །དང་པོ་ནི། རབ་འབྱོར་མཚན་མ་གང་ཞེ་ན་ཞེས་པ་ནས། འདི་ནི་གཟུགས་མེད་པའི་མཚན་མ་ཞེས་བྱའོ་ཞེས་པའི་བར་ཏེ། གཟུགས་ཡོད་མེད་གཉིས་ཀའི་མཚན་མ་ངོས་བཟུང་བས་བསྟན་ཏོ། །གཉིས་པ་ནི། དེ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་པ་ནས། མཚན་མ་མེད་པའི་དབྱིངས་སུ་རབ་ཏུ་འགོད་དོ་ཞེས་པའི་བར་གྱིས་བསྟན་ཏེ། མཚན་མ་ཡོད་མེད་གཉིས་ཀྱི་མཐའ་མི་སྟོང་པ་དང༌། མཚན་མ་ལས་དགྲོལ་ཞིང་མཚན་མེད་ཀྱི་དབྱིངས་ལ་འགོད་པའི་ཕྲིན་ལས་བསྟན་ཏོ། །འདི་དག་གི་དོན་མངོན་རྟོགས་རྒྱན་ལས། ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །ཞེས་གསུངས་སོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྟོགས་པ་ལ་འགོད་པའི་ཕྲིན་ལས་བསྟན་ཟིན་ཏོ། །ཞུས་ལན་བདུན་པ་ལ། ཞུས་ལན་གསུམ་གྱི་དང་པོ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཆོས་འདི་ཐམས་ཅད་ནི་ཞེས་པ་ནས། ལགས་ན་ཞེས་པའི་བར་ཏེ། ཆོས་ཐམས་ཅད་མིང་དང་བཏགས་པ་ཙམ་དུ་ཟད་ཅིང༌། གནས་ཚུལ་ལ་མིང་དང་མཚན་མ་དང་བྲལ་བ་ལ་བློས་བཏགས་པ་ཙམ་ཡིན་ན། ཞེས་པས་ནི་ཁས་བླངས་བརྗོད་པའོ། །ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། ཐེག་པ་གསུམ་ལ་སྦྱོར་བ་ལགས་ཞེས་པའི་བར་རོ། །ལན་ལ་མཚན་མར་འཛིན་པས་དགེ་བའི་ཁྱད་པར་ཐོབ་པར་མི་འགྱུར་བ་དང༌། མཚན་མ་མེད་པའི་ཚུལ་གྱིས་དགེ་བའི་ཆོས་རྫོགས་པར་འགྱུར་བ་དང༌། མཚན་མར་འཛིན་པ་ཅུང་ཟད་ཙམ་གྱིས་ཀྱང༌། བྱང་ཆུབ་ཐོབ་པར་མི་འགྱུར་བ་དང༌། མཚན་མེད་རྟོགས་པས་གཞན་གྱི་དོན་བྱེད་པར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དངོས་པོའི་མཚན་མ་ཞིག་ཡོད་ན་ནི་ཞེས་པ་ནས། སྦྱོར་བ་མི་འགྱུར་གྱི་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། འདི་ལྟར་དངོས་པོའི་མཚན་མ་ཡང་མེད། དངོས་པོར་ཡང་མེད་པས་རབ་འབྱོར་དེའི་ཕྱིར་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། མཚན་མ་མེད་པའི་ཚུལ་གྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་དོ་ཞེས་པ་ནས། མཚན་མ་མེད་པའི་ཚུལ་གྱིས་གཞན་ཡང་དགེ་བའི་ཆོས་དེ་དག་ལ་སྦྱོར་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། རང་གིས་མཚན་མ་མེད་པའི་དོན་རྟོགས་ནས་རྣམ་བྱང་གི་ཆོས་རྫོགས་པར་བྱས་ཏེ། གདུལ་བྱ་གཞན་ཡང་དགེ་བའི་ཆོས་དེ་དག་ལ་སྦྱོར་ཏེ། རང་གཞན་གྱི་དོན་གཉིས་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་གལ་ཏེ་ཆུང་ངུ་ན། སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་གྱི་ཁྱོན་གཅིག་མཚན་མ་ཡོད་ན་ཞེས་པ་ནས། གཞོག་པར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏེ། མཚན་མར་འཛིན་པ་ཅུང་ཟད་ཙམ་གྱིས་ཀྱང་རང་གཞན་གྱི་དོན་རྫོགས་པར་མི་འགྱུར་རོ་ཞེས་བསྟན་ཏོ། །བཞི་པ་ནི། རབ་འབྱོར་ཟག་པ་མེད་པའི་ཆོས་ཐམས་ཅད་ནི་མཚན་མ་མེད་པ་ཞེས་པ་ནས། དོན་བྱེད་དོ་ཞེས་པའི་བར་རོ། །ཞུས་ལན་དང་པོ་བསྟན་ཟིན་ཏོ། །ཞུས་ལན་གཉིས་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་ཤིང་ཞེས་པ་ནས། འདི་དག་ནི། སངས་རྒྱས་ཀྱི་ཆོས་སོ་ཞེས་ཇི་ལྟར་བགྲང་བར་བགྱི་ཞེས་པའི་བར་ཏེ། ཆོས་ཐམས་ཅད་མཚན་མ་མེད་ན་ནམ་མཁའ་ལྟ་བུ་རོ་གཅིག་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རྣམ་དབྱེ་ཇི་ལྟར་འགྱུར་ཞེས་པའི་དོན་ནོ། །ལན་ལ་ཆོས་ཐམས་ཅད་མཚན་མ་མེད་པར་བསྟན་པ་དང༌། མཚན་མ་མེད་པ་ལ་བསླབ་པའི་ཕན་ཡོན་དང༌། ཕན་ཡོན་འབྱུང་བའི་འཐད་པ་དང༌། ཆོས་ཐམས་ཅད་ལ་སློབ་ཚུལ་གཏན་ལ་དབབ་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། མཚན་མ་མེད་པ་ཡང་གཞན་ལ་ཞེས་པ་ནས། ཆོས་ཐམས་ཅད་མཚན་མ་མེད་པར་རིག་པར་བྱ་སྟེ་ཞེས་པའི་བར་གྱིས་བསྟན་ཏེ། བཅོམ་ལྡན་འདས་ཀྱི་བཟློག་པ་འཕེན་པའི་སྒོ་ནས་བརྒལ་བ་དང༌། རབ་འབྱོར་གྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པར་ལན་བཏབ་པས་གཏན་ལ་དབབ་པའོ། །གཉིས་པ་ནི། རབ་འབྱོར་ཆོས་ཐམས་ཅད་མཚན་མ་མེད་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་དག་གིས་རྣམ་པར་འཕེལ་ལོ་ཞེས་པའི་བར་གྱིས་བསྟན་ཏེ། ཕྱིན་དྲུག་ནས་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་ལ་མཚན་མ་མེད་པར་རྟོགས་པའི་ཚུལ་གྱིས་བསླབ་པས་དགེ་བའི་རྩ་བ་གོང་ནས་གོང་དུ་རྣམ་པར་འཕེལ་ལོ་ཞེས་པའི་དོན་ནོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བསླབ་པར་བྱ་བ་གཞན་མེད་དེ་ཞེས་པའི་བར་ཏེ། མཚན་མ་མེད་པ་ལ་བསླབ་པས་དགེ་བའི་རྩ་བ་རྣམ་པར་འཕེལ་བ་དེ་ཅིའི་ཕྱིར་ཞེ་ན། མཚན་མ་མེད་པ་ནི་རྣམ་ཐར་སྒོ་གསུམ་གྱིས་བསྡུས་ལ། རྣམ་ཐར་སྒོ་གསུམ་ལས་མ་གཏོགས་པའི་མཚན་མེད་ལ་སློབ་པའི་སྒོ་གཞན་མེད་པའི་ཕྱིར་ཞེས་པའི་དོན་ནོ། །བཞི་པ་ལ་རྣམ་ཐར་སྒོ་གསུམ་གྱིས་དགེ་བའི་ཆོས་ཐམས་ཅད་བསྡུས་པར་བསྟན་པ་དང༌། རྣམ་ཐར་སྒོ་གསུམ་ལ་བསླབ་པས་ཆོས་ཐམས་ཅད་ལ་བསླབ་པར་བསྟན་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔས་བསླབ་པར་བྱ་བ་རྣམ་ཐར་སྒོ་གསུམ་དུ་འདུས་པ་དེ་ཅི་ཕྱིར་ཞེ་ན་ཞེས་སྦྱར་ཏེ། རྣམ་པར་ཐར་པའི་སྒོ་སྟེ་ཞེས་པའི་བར་དུ་གསུངས་སོ། །དོན་ནི་རྣམ་ཐར་སྒོ་གསུམ་དུ་མ་འདུས་པའི་བྱང་སེམས་མཚན་མེད་ལ་སློབ་པའི་སྒོ་གཞན་མེད་དེ། མཚན་མེད་ཀྱི་སྒོ་དགེ་བའི་ཆོས་ཐམས་ཅད་རྣམ་ཐར་སྒོ་གསུམ་དུ་མ་འདུས་པ་མེད་པའི་ཕྱིར་ཏེ། རྒྱུ་དང༌། འབྲས་བུ་དང༌། ངོ་བོ་དང་གསུམ་མཚན་མ་མེད་པར་རྟོགས་པའི་སྒོ་ནི་རྣམ་ཐར་སྒོ་གསུམ་ཡིན་པས་འདི་གསུམ་ལ་བསླབ་པས་ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་པར་འགྱུར་བའི་དོན་ནོ། །གཉིས་པ་ནི་རྣམ་ཐར་སྒོ་གསུམ་པོ་འདི་ལ་སློབ་པའི་བྱང་སེམས་ཆེན་པོ་ཞེས་པ་ནས། རྣམ་མཁྱེན་ལ་སློབ་པ་ཡིན་ཞེས་པའི་བར་ཏེ། རྣམ་ཐར་སྒོ་གསུམ་ལ་བསླབ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མཚན་མ་མེད་པའི་ཚུལ་དུ་སློབ་པར་འགྱུར་བ་ཡིན་ཞེས་པའི་དོན་ནོ། །ཞུས་ལན་གསུམ་པ་ལ་གཉིས་ཏེ། ཤེས་བྱ་ཤེས་ཚུལ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་ལྔ་སྟེ། ཕུང་པོ་ཤེས་པའི་ཚུལ་དང༌། སྐྱེ་མཆེད་ཤེས་པའི་ཚུལ་དང༌། ཁམས་ཤེས་པའི་ཚུལ་དང༌། རྟེན་ཅིང་འབྲེལ་འབྱུང་ཤེས་པའི་ཚུལ་དང༌། འཕགས་པའི་བདེན་པ་ཤེས་པའི་ཚུལ་ལོ། །དང་པོ་ལ་དྲི་བ་ནི། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་རྣམ་པ་གང་གི་ཚུལ་དུ་ཞེས་པ་ནས། སློབ་པ་ལགས་ཞེས་པའི་བར་གྱིས་བསྟན་ཏོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཞེས་པ་ནས། དེ་ལྟར་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། དང་པོ་གཟུགས་ཀྱི་ཕུང་པོ་ཤེས་ཚུལ་ནི། ཆོས་ཅན་གཟུགས་ཤེས་ཚུལ་དང༌། ཆོས་ཉིད་དེ་བཞིན་ཉིད་ཤེས་ཚུལ་གཉིས་ཀྱིས་བསྟན་ཏོ། །ཕུང་པོ་ལྷག་མ་རྣམས་ཀྱི་ཤེས་ཚུལ་ཡང་དེ་ལྟར་རོ། །གཉིས་པ་སྐྱེ་མཆེད་ཤེས་ཚུལ་ནི། ཇི་ལྟར་ན་སྐྱེ་མཆེད་རྣམས་ཤེས་པ་ཡིན་ཞེ་ན་ཞེས་པ་ནས། དེ་ལྟར་ན་སྐྱེ་མཆེད་རྣམས་ཤེས་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། ཕྱི་ནང་གི་ཆོས་རྣམས་སྟོང་པ་ཉིད་དུ་ཤེས་པ་བསྟན་ཏོ། །གསུམ་པ་ཁམས་ཤེས་པའི་ཚུལ་ནི། ཇི་ལྟར་ཁམས་རྣམས་ཤེས་པ་ཡིན་ཞེ་ན་ཞེས་པ་ནས། དེ་ལྟར་ན་ཁམས་རྣམས་ཤེས་པ་ཡིན་ནོ་ཞེས་པའི་བར་ཏེ། ཕྱི་ནང་གི་ཁམས་རྣམས་སྟོང་པ་ཉིད་དུ་ཤེས་པའི་ཚུལ་གྱིས་བསྟན་ཏོ། །བཞི་པ་རྟེན་འབྲེལ་ཤེས་ཚུལ་ནི། ཇི་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་ཡིན་ཞེ་ན་ཞེས་པ་ནས། དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་ཡིན་ནོ་ཞེས་པའི་བར་ཏེ། སྐྱེ་འགག་སོགས་ཀྱི་སྤྲོས་པ་བརྒྱད་དང་བྲལ་བར་ཤེས་པར་བསྟན་ཏོ། །ལྔ་པ་འཕགས་པའི་བདེན་པ་ཤེས་ཚུལ་ནི། ཇི་ལྟར་ན་འཕགས་པའི་བདེན་པ་རྣམས་ཤེས་པ་ཡིན་ཞེ་ན་ཞེས་པ་ནས། དེ་ལྟར་ན་འཕགས་པའི་བདེན་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ནོ་ཞེས་པའི་བར་ཏེ། ཆོས་ཅན་དང་ཆོས་ཉིད་ཤེས་ཚུལ་གཉིས་ཀྱིས་བསྟན་ཏེ། གཉིས་ལས་རྣམ་པར་གྲོལ་བ་ཞེས་བཤད་པ་ནི་རྟག་ཆད་གཉིས་ལས་གྲོལ་བའོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་འགོད་པ་བསྟན་ཟིན་ཏོ། །བདག་ཉིད་ཇི་ལྟ་བ་བཞིན་སེམས་ཅན་གྱི་དོན་བྱེད་པ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། དཀྲུག་པར་མི་འགྱུར་རམ་ཞེས་པའི་བར་ཏེ། གོང་དུ་ཕུང་པོ་དང༌། ཁམས་ལ་སོགས་པ་སོ་སོར་མཁྱེན་ཚུལ་བསྟན་པ་ལ་རྩོད་པ་སྟེ། ཕུང་པོ་སོགས་སོ་སོར་མཁྱེན་བན། ཐམས་ཅད་ཆོས་དབྱིངས་སུ་རོ་གཅིག་པའི་ཚུལ་དོར་བས་ཆོས་དབྱིངས་དཀྲུག་པར་འགྱུར་རོ་ཞེས་པའི་དོན་ནོ། །གཉིས་པ་ལན་ལ་གསུམ་སྟེ། ཆོས་དབྱིངས་ལས་གཞན་མེད་པར་བསྟན་པ་དང༌། ཆོས་དབྱིངས་ལ་སློབ་པར་བསྟན་པ་དང༌། སློབ་པའི་དོན་ལ་རྩོད་པ་སྤང་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཞེས་པ་ནས། བཏགས་པ་མེད་དོ་ཞེས་པའི་བར་ཏེ། ཆོས་དབྱིངས་ལས་ཐ་དད་པའི་དོན་ཁས་མི་ལེན་པས་ཆོས་དབྱིངས་དཀྲུགས་པར་མི་འགྱུར་ཞེས་འཐད་པའི་སྒོ་ནས་བསྟན་ཏོ། །གཉིས་པ་ལ་གསུམ་སྟེ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བ་སྟེ། ཆེ་བ་བརྗོད་པ་ལས་འཕྲོས་པའི་དྲིས་ལན་ནོ། །དང་པོ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བསླབ་པར་བྱའོ་ཞེས་པའི་བར་བགྱི་འཕྲེང་གཅིག་གོ །གཉིས་པ་ལ་གཉིས་ཏེ། འཐད་པ་འགོད་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཞེས་པ་ནས། ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཞེས་པའི་བར་ཏེ། ཆོས་ཀྱི་དབྱིངས་ལ་བསླབ་པས་ཐམས་ཅད་ལ་བསླབ་པར་འགྱུར་ཏེ། ཐམས་ཅད་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་ཞེས་བསྟན་ཏོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ཞེས་པ་ནས། ཆོས་ཐམས་ཅད་དོ་ཞེས་པའི་བར་ཏེ། ཆོས་དབྱིངས་ངོས་བཟུང་ནས་ཆོས་ཐམས་ཅད་དེའི་བདག་ཉིད་དུ་བསྟན་པའོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཐམས་ཅད་ལ་བསླབ་པར་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་སློབ་ཚུལ་ལ་རྩོད་པ་སྤང་བ་ལ། རྩོད་པ་འགོད་པ་དང༌། ལན་བཤད་པའོ། །དང་པོ་ལ་ཁས་བླངས་བརྗོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ན་ཞེས་པ་སྟེ། སྔར་ཆོས་ཐམས་ཅད་ཆོས་དབྱིངས་སུ་བསྟན་པ་རྗེས་སུ་བརྗོད་པའོ། །གནོད་བྱེད་བརྗོད་པ་དངོས་ལ་གསུམ་སྟེ། ཆོས་རྣམས་ལ་སོ་སོར་སློབ་པ་མི་འཐད་པ་དང༌། སློབ་པར་འདོད་པ་ལ་གནོད་བྱེད་འགོད་པ་དང༌། སྔ་མའི་གཏན་ཚིགས་ཀྱི་ཁྱབ་པ་བསྟན་པའོ། །དང་པོ་ནི་ཇི་ལྟར་གཟུགས་ལ་བསླབ་པར་བགྱི་ཞེས་པ་ནས། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འཚལ་བར་བགྱི་བའི་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་ལམ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་པའི་བར་རོ། །འདི་ལ་དོན་གསུམ་སྟེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སློབ་པ་མི་འཐད་པ་དང༌། མངོན་མཐོའི་ཆོས་ལ་སློབ་པ་མི་འཐད་པ་དང༌། ངེས་ལེགས་ཀྱི་ཆོས་ལ་སློབ་པ་མི་འཐད་པའོ། །དང་པོ་ནི། ཇི་ལྟར་གཟུགས་ལ་བསླབ་པར་བགྱི་ཞེས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འགྲུབ་པར་བགྱི་བ་ལ་བསླབ་པར་བགྱི་ཞེས་པའི་བར་རོ། །གཉིས་པ་ནི། ཇི་ལྟར་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི་ཞེས་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་སློབ་ཅིང་ཞེས་པའི་བར་རོ། །དེར་ཡང་སྐྱེ་བར་མི་བགྱི་ཞེས་པ་ནི། འཁོར་བ་ལས་བཟློག་པའི་ཆོས་དེ་ཞར་ལས་བྱུང་བའོ། །གསུམ་པ་ནི། ཇི་ལྟར་སེམས་དང་པོ་བསྐྱེད་པ་ལ་བསླབ་པར་བགྱི་ཞེས་པ་ནས། བྱང་ཆུབ་ཀྱི་ལམ་ལ་བསླབ་པར་བགྱི་ཞེས་པའི་བར་རོ། །གཉིས་པ་ལ་ཁས་བླངས་བརྗོད་པ་ནི། བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པར་བགྱི་ན་ཞེས་པའི་བར་རོ། །ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེས་པ་ནས། ལགས་གྲང་ཞེས་པའི་བར་ཏེ། སྤྲོས་པ་མེད་པ་ལ་སྤྲོས་པ་བྱེད་པ་ཉིད་དུ་འགྱུར་རོ་ཞེས་པའི་དོན་ནོ། །གསུམ་པ་སྔ་མའི་གཏན་ཚིགས་ཀྱི་ཁྱབ་བ་བསྟན་པ་ལ། ཁྱབ་པ་འགོད་པ་ནི། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ལ་ནི་རྟོག་པ་དེ་དག་མ་མཆིས་ཏེ་ཞེས་པས་བསྟན་ཏོ། །ཁྱབ་པའི་གཏན་ཚིགས་འགོད་པ་ནི། དེ་ཅིའི་སླད་དུ་ཞེ་ན། གཟུགས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། གཟུགས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ་ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་པའི་བར་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་སོ་སོར་རྟོག་པར་བྱར་མེད་དེ། གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བའི་ཕྱིར་ཞེས་པའི་དོན་ནོ། །རྩོད་པ་བསྟན་ཟིན་ཏོ། །གཉིས་པ་ལན་ལ། སྤྲོས་པ་དང་བྲལ་བ་ཞལ་གྱིས་བཞེས་པ་དང༌། ཆོས་དབྱིངས་ལས་ཐ་དད་པའི་དོན་མེད་པར་བསྟན་པ་དང༌། ཐ་སྙད་དུ་ཆོས་སོ་སོར་ཕྱེ་ནས་སྟོན་པ་དང༌། སྒྱུ་མའི་དཔེས་ཆོས་སྟོན་ཚུལ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཞེས་པ་ནས། ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་གལ་ཏེ་ཡང་ཞེས་པ་ནས། ཆོས་ཀྱི་དབྱིངས་སུ་ཤེས་ནས་ཞེས་པའི་བར་རོ། །གསུམ་པ་ནི་ཆོས་ཐམས་ཅད་མིང་མེད་པ་མིང་གི་བརྡས་ཆོས་སྟོན་ཏེ་ཞེས་པ་ནས། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ་ཞེས་སྟོན་ཏོ་ཞེས་པའི་བར་རོ། །བཞི་པ་ལ་གཉིས་ཏེ། དཔེ་བཤད་པ་དང༌། དོན་ལ་སྦྱར་བའོ། །དང་པོ་ལ་གཉིས་ཏེ། ལྟ་བ་པོ་མཁས་པ་མཐོང་བ་དང་མཁས་པས་མཐོང་བའི་ཚུལ་ལོ། །དང་པོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྒྱུ་མའི་མཁན་པོའམ་ཞེས་པ་ནས། སངས་རྒྱས་ཀྱི་སྐུ་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པར་སྟོན་པ་ནི་ངོ་མཚར་ཆེའོ་ཞེས་ངོ་མཚར་ཆེར་འཛིན་ཏོ་ཞེས་པའི་བར་ཏེ། སྒྱུ་མའི་མཁན་པོས་འཁོར་འདས་ཀྱི་ཆོས་རྣམས་གཞན་ལ་སྣང་བར་སྟོན་པ་ནི་མཁས་པ་རྣམས་ཀྱིས་དེ་ལ་བདེན་པར་འཛིན་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་ལས་སྐྱེས་བུ་མཁས་ཤིང་ཞེས་པ་ནས། དེ་དག་གིས་ཤེས་པ་འབྱུང་ངོ་ཞེས་པའི་བར་ཏེ། གཞན་དག་གིས་དངོས་པོ་མེད་པ་ལ་དངོས་པོར་འདུ་ཤེས་སོ་ཞེས་པའི་ཚུལ་དུ་རྟོགས་སོ་ཞེས་པའོ། །གཉིས་པ་དོན་ལ་སྦྱར་བ་ནི། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། མི་དམིགས་ཏེ་ཞེས་པའི་བར་དུ་བཤད་ནས། འོག་ནས་རབ་འབྱོར་གལ་ཏེ་ཆོས་ཀྱི་དབྱིངས་སྔོན་ཅི་ལྟ་བར་ཕྱིས་ཀྱང་དེ་བཞིན་མ་ཡིན་ནམ་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ་ཞེས་པའི་བར་སྔ་མའི་མཇུག་ཐོགས་སུ་སྦྱར་ཏེ་བཤད་པར་བྱའོ། །འབུམ་ཕལ་ཆེ་བ་ལས། སངས་རྒྱས་ཀྱི་ལམ་མི་མཇུག་ཐོགས་སུ་འབྱུང་བ་ནི་མདོ་འཁྲུགས་པ་ཡིན་ནོ། །དེ་ལ་དང་པོ་ནི་སེམས་ཅན་གྱི་དོན་བྱེད་ཀྱང་དེ་མི་དམིགས་ཞེས་བསྟན་ལ། ཚིག་ཕྱི་མས་ནི་ཆོས་ཀྱི་དབྱིངས་རྟོགས་པའི་བྱེད་པ་བཤད་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པ་དང༌། སངས་རྒྱས་ཀྱི་ལམ་ལ་འགོད་པ་དང༌། ཕྱིན་དྲུག་ལ་འགོད་པ་རྒྱས་པར་སྟོན་པ་ལ། དང་པོ་ནི། བདག་ཀྱང་སྦྱིན་པ་གཏོང་བ་ཡིན་ཞེས་པ་ནས། ཤེས་རབ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན་ནོ་ཞེས་པའི་བར་རོ། །གཉིས་པ་སངས་རྒྱས་ཀྱི་ལམ་ལ་འགོད་པ་ནི། བདག་ཀྱང་དགེ་བ་བཅུའི་ལམ་ཡང་དག་པར་འཛིན་པ་ཡིན་ཞེས་པ་ནས། སེམས་ཅན་གཞན་ཡང་དཔེ་བྱད་བཟང་པོ་བརྒྱད་ཅུ་བསྒྲུབ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྟན་པའི་ལེའུ་སྟེ་དྲུག་ཅུ་རྩ་བཞི་པའི་བཤད་པའོ།།  ༈ དྲུག་ཅུ་རེ་ལྔ་པ་ཆོས་ཉིད་འཁྲུག་པ་མེད་པའི་ལེའུ་བཤད་པ། ཕར་ཕྱིན་དྲུག་རྒྱས་པར་བཤད་པ་ལ་གཉིས་ཏེ། ཡུམ་སྒོམ་ཚུལ་ལ་རྩོད་པ་སྤང་བ་དང༌། ཕྱིན་དྲུག་སོ་སོར་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྩོད་པ་འགོད་པ་དང༌། ལན་བཤད་པ་དང༌། ལན་ལ་རྩོད་པ་སྤང་བའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་ཞེས་པའི་བར་ཏེ། གོང་དུ་སྒྱུ་མའི་དཔེས་སེམས་ཅན་མི་དམིགས་ཀྱང་སེམས་ཅན་གྱི་དོན་བྱེད་ཅེས་པ་ལ་རྩོད་པ་སྟེ། སེམས་ཅན་མི་དམིགས་ན་འོ་ན་སུའི་དོན་དུ་ཡུམ་བསྒོམ་པ་ལགས་ཞེས་རྩོད་པའོ། །གཉིས་པ་ནི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ཡང་དག་པའི་མཐའ་ལ་འགོད་དོ་ཞེས་པའི་བར་ཏེ། སེམས་ཅན་རྣམས་སྟོང་པ་ཉིད་དུ་རྟོགས་ནས་དེ་དག་གི་དོན་དུ་ཡུམ་བསྒོམས་ནས་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་དོ་ཞེས་པའི་དོན་ནོ། །གསུམ་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ། དེ་ལྟར་ཞེས་པ་ནས། ཡང་དག་པའི་མཐའ་ལ་འགོད་པ་ལགས་ཞེས་པའི་བར་ཏེ། སེམས་ཅན་རྣམས་ཡང་དག་པའི་མཐའ་ཡིན་ན། གང་ལ་བཀོད་པའི་ཡུལ་དང༌། འགོད་པར་བྱ་བ་གཉིས་ཀ་ཡང་དག་པའི་མཐའ་ཡིན་པས་ཡང་དག་པའི་མཐའ་ལ། ཡང་དག་པའི་མཐའ་གནས་པ་དང༌། རང་བཞིན་ལ་རང་བཞིན་གཉིས་པ་ཡོད་པར་འགྱུར་རོ་ཞེས་རྩོད་པའོ། །གཉིས་པ་ལན་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། འཐད་པ་འགོད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། འཁྲུག་པར་མི་བྱེད་དོ་ཞེས་པའི་བར་ཏེ། ཡང་དག་མཐའ་ལ་ཡང་དག་མཐའ་གཉིས་པ་གནས་པ་སོགས་མེད་ཀྱང་གདུལ་བྱ་ཡང་དག་པའི་མཐའ་ལ་འགོད་པ་དང༌། ཡང་དག་པའི་མཐའ་འཁྲུགས་པར་ཡང་མི་བྱེད་དོ་ཞེས་བསྟན་ཏོ། །གཉིས་པ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། གཉིས་སུ་བྱར་མེད་དོ་ཞེས་པའི་བར་ཏེ། སེམས་ཅན་དང་ཡང་དག་མཐའ་སོ་སོར་བཅད་དུ་མེད་དེ། གཉིས་པ་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར། དེ་ལྟར་ན་ཡང་དག་པའི་མཐའ་འཁྲུག་པར་མི་བྱེད་པ་དང༌། དེ་ལ་འགོད་པ་ཡང་མི་འགལ་ལོ་ཞེས་པའི་དོན་ནོ། །གཉིས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོ་སོ་སོར་བཤད་པ་ལ་གཉིས་ཏེ། དྲི་བ་འགོད་པ་དང་ལན་བཤད་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། དེ་ལྟ་བུའི་མཐའ་གང་ལགས་ཞེས་པའི་བར་ཏེ། གོང་དུ་ཡང་དག་པའི་མཐའ་འཁྲུག་པར་མི་བྱེད་དེ་ཞེས་པ་ལ་དྲི་བ་སྟེ། དངོས་པོའི་གནས་ཚུལ་གཞན་དུ་དཀྲུག་ཏུ་མེད་པའི་ཐབས་དྲིས་པའོ། །གཉིས་པ་ལན་ལ་གསུམ་སྟེ། ཕྱིན་དྲུག་སོ་སོར་བཤད་པ་དང༌། འབྲས་བུ་བྱང་ཆུབ་ལ་འགོད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་དོན་དྲུག་ལས། སྦྱིན་པ་ལ་འགོད་པ་ནི། སེམས་ཅན་རྣམས་སྦྱིན་པ་ལ་རབ་ཏུ་འགོད་དོ་ཞེས་པ་ནས། ངོ་བོ་ཉིད་ཀྱིས་ཤིན་ཏུ་སྟོང་ངོ་ཞེས་བརྗོད་དོ་ཞེས་པའི་བར་ཏེ། སྦྱིན་སོགས་ལ་འཁོར་གསུམ་མི་དམིགས་པར་བྱ་བ་ནི། སྦྱིན་པ་ལ་རབ་ཏུ་བཀོད་ནས་ཞེས་པ་ནས། གཞན་ནོ་སྙམ་དུ་མ་སེམས་ཤིག་ཅེས་པའི་བར་གྱིས་བསྟན་ཏོ། །འཁོར་གསུམ་མི་དམིགས་པར་རྟོགས་པའི་འབྲས་བུ་ནི། རིགས་ཀྱི་བུ་ཁྱོད་ནམ་སྦྱིན་པ་ཡང་ཞེས་པ་ནས། བདུད་རྩིར་འགྱུར་ཏེ་ཞེས་པའི་བར་རོ། །འཁོར་གསུམ་མི་དམིགས་པ་ལ་གདམས་པ་དོན་བསྡུ་བ་ནི། སྦྱིན་པ་འདིས་ཞེས་པ་ནས། མ་འཛིན་ཅིག་ཅེས་པའི་བར་རོ། །འཁོར་གསུམ་མི་དམིགས་པའི་འཐད་པ་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་ཞེས་པ་ནས་སྟོང་ངོ་ཞེས་བརྗོད་དེ་ཞེས་པའི་བར་རོ། །སྦྱིན་པ་ལ་འགོད་པ་བསྟན་ཟིན་ཏོ། །ཚུལ་ཁྲིམས་ལ་འགོད་པ་ནི། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་རྣམས་ཚུལ་ཁྲིམས་ལ་འགོད་དེ་ཞེས་པ་ནས། དེའི་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ལྟ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་པའི་བར་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པ་དང༌། འཁོར་གསུམ་མི་དམིགས་པར་གདམས་པ་དང༌། འཁོར་གསུམ་མི་དམིགས་པར་བསྟན་པའི་འབྲས་བུ་དང༌། འཁོར་གསུམ་མི་དམིགས་པར་རྟོགས་པའི་འབྲས་བུ་དང༌། འཁོར་གསུམ་མི་དམིགས་པའི་འཐད་པའོ། །དང་པོ་ནི། ཚུར་ཤོག་རིགས་ཀྱི་བུ་སྲོག་གཅོད་པ་སྤོང་ལ་ཞེས་པ་ནས། ཕྱིར་ལྡོག་པར་གྱིས་ཤིག་ཅེས་པའི་བར་རོ། །གཉིས་པ་ནི། རིགས་ཀྱི་བུ་ཆོས་འདི་དག་ལ་ཞེས་པ་ནས། འདི་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན་ཞེས་སྟོན་ཅིང་ཚུལ་ཁྲིམས་ལ་འགོད་དེ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཡོངས་སུ་མྱ་ངན་ལས་འདས་ཏེ་ཞེས་པའི་བར་རོ། །འཁོར་གསུམ་མི་དམིགས་པའི་འཐད་པ་དང་བཅས་པ་ནི།               རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*