སྟོང་ཕྲག་བརྒྱ་པའི་རྣམ་འགྲེལ་གྱི་སྨད་ཕྱོགས། ཏ༽

དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཡིན་གྱི་ཞེས་པ་ནས། སྟོང་པ་ཉིད་དོ་ཞེས་པའི་བར་རོ། །ཚུལ་ཁྲིམས་ལ་འགོད་པ་བསྟན་ཟིན་ཏོ། །བཟོད་པ་ལ་འགོད་པ་ལ། དང་པོ་བཟོད་པ་ལ་གདམས་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་སེམས་ཅན་ཕན་ཚུན་ཞེས་པ་ནས། རིག་པར་གྱིས་ཤིག་ཅེས་པའི་བར་རོ། །འཁོར་གསུམ་མི་དམིགས་པར་བྱ་བར་སྟོན་པ་ནི། གང་གནོད་པར་བྱེད་པ་དང་ཞེས་སོགས་ཏེ། འཁོར་གསུམ་མི་དམིགས་པ་དང༌། དེའི་འཐད་པ་དང་གཉིས་ཀྱིས་སྟོན་ནོ། །དང་པོ་ནི། གང་གིས་ཞེས་པ་ནས། ཅིའི་གནོད་པར་བྱ་ཞེས་པའི་བར་རོ། །གཉིས་པ་ལ་འཐད་པ་འགོད་པ་དང༌། འཐད་པའི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི་ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པ་སྟེ་ཞེས་པའོ། །གཉིས་པ་ནི། རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཞེས་པ་ནས། དེ་ནི་རྟག་པ་ཡང་རང་བཞིན་གྱིས་སྟོང་ངོ༌། །ཞེས་པའི་བར་རོ། །རང་བཞིན་སྟོང་པ་ཉིད་རྟོགས་པ་ལ་སྦྱོར་བ་དང༌། དོན་དམ་པར་བྱེད་པས་སྟོང་པས་སྟོང་པར་བསྟན་པ་སྟེ། དང་པོ་ནི་རང་བཞིན་གྱིས་སྟོང་པ་ནི་སུ་ལ་ཡང་ཞེས་པ་ནས། འདུལ་ལོ། །རབ་ཏུ་འགོད་དོ་ཞེས་པའི་བར་རོ། །འཁོར་གསུམ་མི་དམིགས་པའི་འཐད་པ་ནི། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་གྱི་དོན་དམ་པར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སེམས་ཅན་རྣམས་ཀྱི་དབེན་པའོ་ཞེས་པའི་བར་རོ། །བཟོད་པ་ལ་འགོད་པ་བསྟན་ཟིན་ཏོ། །བརྩོན་འགྲུས་ལ་འགོད་པ་ལ། དང་པོར་བརྩོན་འགྲུས་ལ་གདམས་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། བརྩོན་འགྲུས་ལ་ཡང་དག་པར་བསྐུལ་ཏེ་ཞེས་པའི་བར་རོ། །འཁོར་གསུམ་མི་དམིགས་པར་རྟོགས་པར་བྱ་བར་བསྟན་པ་ནི། རིགས་ཀྱི་བུ་དག་རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་ཞེས་པ་ནས། ཆོས་མ་འདྲེས་པ་དག་ལ་བརྩོན་པར་གྱིས་ཤིག་ཅེས་པའི་བར་རོ། །འཁོར་གསུམ་མི་དམིགས་པའི་ཆོས་སྟོན་པའི་ཚུལ་ནི། རིགས་ཀྱི་བུ་དག་སྟོང་པ་ཉིད་ཀྱིས་ཆོས་དེ་དག་ཅེས་པ་ནས། མི་གནས་པས་དེ་དག་རབ་ཏུ་འགོད་དོ་ཞེས་པའི་བར་རོ། །འཁོར་གསུམ་མི་དམིགས་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་གནས་པ་མེད་དོ་ཞེས་པའི་བར་རོ། །བརྩོན་འགྲུས་ལ་གདམས་ཚུལ་བྱེ་བྲག་ཏུ་བཤད་པ་ལ། མདོར་བསྟན་པ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། རྗེས་སུ་སྟོན་ཏོ་ཞེས་པའི་བར་རོ། །རྒྱས་པར་བཤད་པ་ལ། གང་ལ་བརྩོན་པའི་ཡུལ་བཤད་པ་དང༌། འཁོར་གསུམ་དུ་རྟོག་པ་མི་འཐད་པ་དང༌། དེའི་འཐད་པ་བཤདཔ་དང༌། ཆོས་སྟོན་པའི་བྱེད་པ་བཤད་པའོ། །དང་པོ་ནི། ཚུར་ཤོག་རིགས་ཀྱི་བུ་སྦྱིན་པའམ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དག་ལ་བརྩོན་འགྲུས་རྩོམ་ལ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། ཆོས་དེ་དག་ཅེས་པ་ནས། མ་བྱེད་ཅིག་ཅེས་པའི་བར་རོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བྱ་བ་མ་ཡིན་ནོ་ཞེས་པའི་བར་རོ། །བཞི་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། བྱང་ཆུབ་ལ་འགོད་དོ་ཞེས་པའི་བར་རོ། །བརྩོན་འགྲུས་ལ་འགོད་ཚུལ་བསྟན་ཟིན་ཏོ། །བསམ་གཏན་ལ་འགོད་པའི་ཚུལ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གདམས་ཚུལ་དངོས་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། སྒོམས་ཤིག་ཅེས་པའི་བར་རོ། །འཁོར་གསུམ་དུ་རྟོག་པ་དགག་པ་ནི། གཡེང་བ་ཞེས་པ་ནས། མ་བྱེད་ཅིག་ཅེས་པའི་བར་རོ། །རྟོག་པར་མི་རིགས་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། དམིགས་སུ་མེད་དོ་ཞེས་པའི་བར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། གདམས་པ་རྒྱས་པར་སྟོན་པ་དང༌། གདམས་པ་ལྟར་ཉམས་སུ་བླང་བའི་ཕན་ཡོན་ནོ། །དང་པོ་ནི། ཁྱོད་ཀྱིས་ཏིང་ངེ་འཛིན་དེ་ལ་གནས་ཏེ་རང་བཞིན་སྟོང་པ་ཉིད་ལ་སྤྱད་ན་ཞེས་པ་ནས། བརྩོན་འགྲུས་ཆུང་ངུས་འགྲུབ་པར་འགྱུར་རོ་ཞེས་གདམས་ཤིང་རྗེས་སུ་སྟོན་ཏེ་ཞེས་པའི་བར་ཏེ། ལུས་ངག་ཡིད་གསུམ་གྱི་དགེ་བ་དང༌། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དང༌། སེམས་ཅན་སྨིན་པ་དང༌། ཞིང་ཡོངས་སུ་དག་པར་བྱ་བ་ཐམས་ཅད་བརྩོན་འགྲུས་ཆུང་ངུས་འགྲུབ་ཞེས་པའི་དོན་ནོ། །གཉིས་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་ཐབས་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅེས་པའི་བར་ཏེ། ཕན་ཡོན་ཐོབ་ཚུལ་འཐད་པ་དང་བཅས་པ་བསྟན་ཏོ། །བསམ་གཏན་ལ་འགོད་པ་བསྟན་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པ་ལ། གདམས་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་འཁོར་གསུམ་མི་དམིགས་པར་གདམས་པ་དང༌། མི་དམིགས་པའི་དོན་ཉམས་སུ་བླངས་པའི་འབྲས་བུ་དང༌། འཁོར་གསུམ་མི་དམིགས་པའི་འཐད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཞེས་པ་ནས། རྟོགས་ཤིག་དང་ཞེས་པས་བསྟན་ཏོ། །གཉིས་པ་ནི། ཁྱོད་ཀྱིས་ཞེས་པ་ནས། བདུད་རྩིར་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་ནི། རང་བཞིན་སྟོང་པ་ཉིད་ལ་ནི་ཞེས་པ་ནས། ཅི་ཞིག་ཡོངས་སུ་ཉམས་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ནི། རབ་འབྱོར་དེ་ལྟར་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ལ་འདོམས་ཤིང་རྗེས་སུ་སྟོན་ཏོ། །དེ་ལྟར་འདོམས་ཤིང་རྗེས་སུ་སྟོན་པའི་ཚེ་ཞེས་པ་ནས། གཞན་ཡང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཡང་དག་པར་བསྐུལ་བ་ཡིན་ཞེས་པའི་བར་རོ། །ཕར་ཕྱིན་དྲུག་ལ་བཀོད་པའི་ཚུལ་རྒྱས་པར་བསྟན་ཟིན་ཏོ། །གཉིས་པ་འབྲས་བུ་བྱང་ཆུབ་ལ་བཀོད་ཀྱང་ཞེན་པ་མེད་པ་ནི། བདག་ཀྱང་རྒྱུན་དུ་ཞུགས་པ་ཞེས་པ་ནས། འདུལ་བ་དང་འགོད་པ་ཡིན་ཏེ་ཞེས་པའི་བར་ཏེ། དམན་པའི་བྱང་ཆུབ་ལ་འགོད་པ་དང༌། བླ་མེད་བྱང་ཆུབ་ལ་འགོད་པ་གཉིས་ཀྱིས་བསྟན་ཏོ། །གསུམ་པ་དོན་བསྡུ་བ་ནི། རབ་འབྱོར་ཞེས་པ་ནས། ལས་མེད་པར་གནས་པ་མ་ཡིན་ནོ་ཞེས་པའི་བར་རོ། །རང་བཞིན་སྟོང་པ་ཉིད་ལ་འགོད་པ་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། འཇུག་པ་ལགས་ཞེས་པའི་བར་ཏེ། ཕྱིན་དྲུག་ལ་འགོད་པའི་སྐབས་སུ་རང་བཞིན་སྟོང་པ་ཉིད་ལ་གནས་ནས་ཞེས་གསུངས་པ་རྩོད་པའོ། །གཉིས་པ་ལ་ལྔ་སྟེ། གཞན་ལ་སྟོང་པ་ཉིད་ཀྱི་ཆོས་སྟོན་པ་དང༌། སྟོང་པ་ཉིད་ཀྱང་རང་བཞིན་གྱིས་སྟོང་པར་བསྟན་པ་དང༌། སྟོང་ཉིད་རྟོགས་པ་ལ་བཀོད་པའི་ཕན་ཡོན་བཤད་པ་དང༌། སྟོང་ཉིད་ལ་གནས་ནས་གཞན་དོན་བྱེད་ཚུལ་དང༌། སྟོང་པ་ཉིད་ཀྱི་དོན་གཞན་དུ་མི་དཀྲུག་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། སྟོང་པར་མི་བསྟན་ཏོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ངོས་བཟུང་བ་དང༌། དེ་ལ་ཆོས་གང་ཡང་མ་དམིགས་པ་དང༌། མི་སྟོང་པ་ལ་གནོད་བྱེད་བརྗོད་པ་དང་གསུམ་གྱིས་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བསྟན་བྱའི་སྟོང་ཉིད་གཏན་ལ་དབབ་པ་དང༌། གཞན་ལ་སྟོང་ཉིད་ཀྱི་ཆོས་བསྟན་ཚུལ་དངོས་སོ། །དང་པོ་ནི། རང་བཞིན་གྱིས་སྟོང་པའི་ཆོས་དེ་དག་ཀྱང་གང་ཞེ་ན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་པའི་བར་རོ། །སྟོང་པ་ཉིད་ཀྱི་ཆོས་སྟོན་ཚུལ་དངོས་ནི། དེ་བས་ན་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཕུང་པོ་ལྔ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏེ་ཞེས་པ་ནས། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ་ཞེས་པའི་བར་རོ། །གཉིས་པ་སྟོང་པ་ཉིད་ཀྱང་རང་བཞིན་གྱིས་སྟོང་པར་བསྟན་པ་ནི་གཉིས་ཏེ། བཟློག་པའི་སྒོ་ནས་སྟོང་པ་ཉིད་སྟོན་ཚུལ་དང༌། སྟོང་པ་ཉིད་གཞན་དུ་བཤིག་པར་མི་ནུས་པའི་དོན་ནོ། །དང་པོ་ནི། རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི་ཞེས་པ་ནས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། དེའི་ཕྱིར་རང་བཞིན་སྟོང་པ་ཉིད་ཀྱང་བཤིག་པར་འགྱུར་ན་ཞེས་པ་ནས། རྣམ་པར་བྱང་བ་དམིགས་པ་མེད་དོ་ཞེས་པའི་བར་ཏེ། དོན་དངོས་དང་འཐད་པ་གཉིས་ཀྱིས་བསྟན་ཏོ། །དོན་ནི་རང་བཞིན་མི་སྟོང་པ་དེའི་ཕྱིར་སྟོང་ཉིད་བཤིག་པར་འགྱུར་བ་ལས་བཤིག་པར་མི་ནུས་ཏེ། ཡུལ་དུས་གང་ན་ཡང་མི་གནས་པའི་ཕྱིར་ཏེ། དེ་ལ་ནི་ཆོས་གང་ཡང་མ་དམིགས་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་སྟོང་པ་ཉིད་རྟོགས་པའི་ལམ་ལ་བཀོད་པའི་ཕན་ཡོན་བསྟན་པ་ལ་གཉིས་ཏེ། སྟོང་ཉིད་རྟོགས་པས་ཕྱིར་མི་ལྡོག་པར་བསྟན་པ་དང༌། འཐད་པའི་སྒོ་ནས་དེ་ཉིད་རྒྱས་པར་སྟོན་པའོ། །དང་པོ་ནི། དེ་ནི་ཆོས་རྣམས་ཀྱི་རང་བཞིན་ཏེ་དེ་ལ་གནས་ཤིང་ཞེས་པ་ནས། ཕྱིར་མི་ལྡོག་ཅེས་པའི་བར་ཏེ། རག་བཞིན་སྟོང་པ་ཉིད་རྟོགས་པའི་ཤེར་ཕྱིན་ལ་གནས་པ། ཕྱིར་མི་ལྡོག་པའི་ཡོན་ཏན་ཐོབ་བོ་ཞེས་པའི་དོན་ནོ། །གཉིས་པ་ལ་འཐད་པ་དགོད་པ་དང༌། བསྒྲུབ་བྱའི་ཆོས་བསྟན་པའོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན་དེ་ནི་འདི་ལྟར་དེས་བསྒྲིབ་པའི་ཆོས་གང་ཡང༌། ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུར་གདགས་པ་ཡང་མི་དམིགས་ཞེས་པའི་བར་རོ། །གཉིས་པ་ནི། བླ་ན་མེད་པ་ཞེས་པ་ནས། གང་ལས་འོང་ཞེས་པའི་བར་ཏེ། འཁོར་འདས་ཀྱི་ཆོས་གང་ཡང་མ་དམིགས་པར་རྟོགས་པའི་ཕྱིར། བྱང་ཆུབ་ལ་ཐེ་ཚོམ་མ་མཆིས་སོ་ཞེས་པའི་དོན་ནོ། །བཞི་པ་ཆོས་སྟོན་པའི་བྱེད་པ་ལ་དོགས་པ་གཅོད་པ་ལ་གཉིས་ཏེ། དོན་དམ་པར་བྱེད་པ་མེད་པར་བསྟན་པ་དང༌། ཐ་སྙད་དུ་བྱེད་པའི་ཚུལ་རྣམ་པར་གཞག་པའོ། །དང་པོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པས་ཞེས་པ་ནས། གང་ཞིག་ཅེས་པ་དང༌། འགོད་པར་བྱ་སྟེ་ཞེས་པའི་བར་ཏེ། སྤྲུལ་པའི་དཔེས་དོན་དམ་པར་ཆོས་བསྟན་པའི་བྱེད་པ་མེད་པར་བསྟན་ཏོ། །གཉིས་པ་ལ་གཉིས་ཏེ། གདུལ་བྱ་ཕྱིན་ཅི་མ་ལོག་པ་ལ་འགོད་པ་དང༌། སྟོང་ཉིད་ལ་གནས་ནས་གཞན་གྱི་དོན་སྒྲུབ་ཚུལ་ལོ། །དང་པོ་ལ་བྱེད་པ་དངོས་བསྟན་པ་དང༌། ཕྱིན་ཅི་མ་ལོག་པ་ངོས་བཟུང་བ་དང༌། དེ་བདག་གཉིས་ཀྱིས་སྟོང་པའི་ཚུལ་ལོ། །དང་པོ་ནི། གཞན་དུ་ན་ཞེས་པ་ནས། འགོད་དོ་ཞེས་པའི་བར་རོ། །གཞན་དུ་ན་ཞེས་པ་ནི་དོན་དམ་པར་མེད་པ་ལས་གཞན་དུ་ཐ་སྙད་དུ་བྱེད་པའི་ཚུལ་འོག་ནས་འབྱུང་བ་འདིའོ་ཞེས་པའི་དོན་ནོ། །ཡང་ན་ཐ་སྙད་དུ་བྱེད་པའི་ཚུལ་རྣམ་པར་བཞག་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས་བྱེད་པའི་ངོ་བོ་ནི། གཞན་དུ་ན་ཞེས་པ་ནས། འགོད་དོ་ཞེས་པའི་བར་རོ། །འགོད་བྱའི་ཡུལ་ངོས་བཟུང་བ་ནི། ཕྱིན་ཅི་ལོག་ཅེས་པ་ནས། ཕྱིན་ཅི་ལོག་མ་ཡིན་པའོ་ཞེས་པའི་བར་ཏེ། ཕྱིན་ཅི་ལོག་ཀྱང་ཕྱིན་ཅི་ལོག་ཏུ་བདེན་པ་མ་ཡིན་ཏེ། རྟེན་འབྱུང་ཡིན་པའི་ཕྱིར། དེས་ན་བདེན་འཛིན་གྱི་རྟོག་པ་མེད་པ་ནི་ཕྱིན་ཅི་མ་ལོག་པའོ་ཞེས་པའི་དོན་ནོ། །བདེན་འཛིན་གྱི་སྤྲོས་པ་དགག་པ་ནི་གང་ལ་ཕྱིན་ཅི་ལོག་མེད་པ་དེ་ལ་བདག་མེད་དོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། སྟོང་ཉིད་ལ་གནས་ནས་གཞན་གྱི་དོན་སྒྲུབ་ཚུལ་དང༌། བྱེ་བྲག་ཏུ་ལམ་ཤེས་ཀྱི་བྱེད་པ་བཤད་པའོ། །དང་པོ་ལ། གནས་པའི་ཡུལ་སྟོང་ཉིད་ངོས་བཟུང་བ་དང༌། གཞན་དོན་བསྒྲུབ་པའི་ཚུལ་དངོས་སོ། །དང་པོ་ནི། གང་ལ་གཟུགས་མེད་པ་དང་ཞེས་པ་ནས། རང་བཞིན་སྟོང་པ་ཉིད་དེ་ཞེས་པའི་བར་རོ། །གཉིས་པ་ནི། ཟག་བཅས་ཀྱི་ཆོས་སྤངས་པ་ལ་འགོད་པ་དང༌། ཟག་མེད་ཀྱི་བྱང་ཆུབ་ལ་འགོད་པའོ། །དང་པོ་ནི། དེ་ལ་གནས་ཤིང་ཞེས་པ་ནས། འགྲེལ་ཏོ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས་ཏེ། བྱང་ཆུབ་ངོས་བཟུང་བ་དང༌། དེ་བདག་གཉིས་ཀྱིས་སྟོང་པར་བསྟན་པའོ། །དང་པོ་ནི། གང་ཟག་པ་མེད་པའི་ཆོས་འདི་ལྟ་སྟེ་ཞེས་པ་ནས། བྱང་ཆུབ་སྟེ་ཞེས་པའི་བར་ཏེ། ཟག་པ་མེད་པའི་ཆོས་རང་བཞིན་གྱིས་སྟོང་པ་ཉིད་དུ་རྟོགས་པ་བྱང་ཆུབ་བོ་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་ལ་བདག་མེད་དོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ་ཞེས་པའི་བར་རོ། །གཉིས་པ་ལམ་ཤེས་ཀྱི་བྱེད་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། སྟོང་ཉིད་ལས་གཞན་བྱང་ཆུབ་ཏུ་འཇུག་པའི་ཐབས་མེད་པ་དང༌། གདུལ་བྱ་འཆིང་བ་ལས་ཡོངས་སུ་འགྲོལ་བ་དང༌། གནས་སྐབས་ལམ་གྱིས་བྱ་བ་བྱེད་པ་དང༌། མཐར་ཐུག་སངས་རྒྱས་ནས་ཆོས་སྟོན་ཚུལ་ལོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཞན་དུ་ན་ཞེས་པ་ནས། མི་སྟོང་པ་མ་ཡིན་ནོ་ཞེས་པའི་བར་ཏེ། སྟོང་ཉིད་མ་རྟོགས་པར་བྱང་ཆུབ་ཀྱི་བྱེད་པ་ལ་འཇུག་པའི་ནུས་པ་མེད་ཅིང༌། སྟོང་ཉིད་དེ་ཡང་ཐོག་མཐའ་དབུས་གསུམ་དུ་སྟོང་ངོ་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་བས་ན་ཞེས་པ་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་དོ་ཞེས་པའི་བར་རོ། །གསུམ་པ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཞེས་པ་ནས། དག་པར་བྱས་ནས་ཞེས་པའི་བར་རོ། །བཞི་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཞར་ལས་བྱུང་བའི་དོན་ནོ། །དང་པོ་ནི། ཚེའི་འདུ་བྱེད་ཅེས་པ་ནས། རྒྱུན་མི་གཅོད་དོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞེས་པ་ནས། འབྱུང་བར་མི་འགྱུར་རོ་ཞེས་པའི་བར་རོ། །ལམ་ཤེས་ཀྱི་བྱེད་པ་རྒྱས་པར་བསྟན་ཟིན་ཏོ། །གཉིས་པ་དོན་བསྡུ་བ་ནི། དེ་བས་ན་ཞེས་པ་ནས། ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་པའི་བར་རོ། །སྟོང་པ་ཉིད་ཀྱི་དོན་གཞན་དུ་མི་དཀྲུགས་པར་བསྟན་པ་ལ། རབ་འབྱོར་གྱིས་ཚིག་གིས་མི་དཀྲུགས་པའི་ཚུལ་བཤད་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་ཉིད་རྒྱས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། རང་བཞིན་མི་དཀྲུགས་པའི་ཚུལ་བརྗོད་པ་དང༌། སྟོང་པ་ཉིད་རྟོགས་པའི་སྤྱོད་པ་ལ་བསྔགས་པའོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་ལ་སྤྱོད་ཅིང་གཟུགས་ཀྱང་གཞན་ནོ་ཞེས་པ་ནས། འཁྲུག་པར་མི་བགྱིད་ཀྱིས་ཞེས་པའི་བར་རོ། །གཉིས་པ་ནི། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བགྱི་བར་སྤྱོད་པ་ངོ་མཚར་ཆེའོ་ཞེས་པའི་བར་རོ། །གཉིས་པ་བཅོམ་ལྡན་འདས་ཀྱིས་དེ་ཉིད་རྒྱས་པར་བཤད་པ་ལ་བཞི་སྟེ། བཅོམ་ལྡན་འདས་ཀྱི་གསུང་གིས་དེ་ཉིད་བརྟན་པར་མཛད་པ་དང༌། རང་བཞིན་དཀྲུགས་པའི་ཚུལ་དགག་པ་དང༌། མི་དཀྲུགས་པའི་ཚུལ་ལ་གདམས་པ་དང༌། གང་གིས་ཀྱང་དཀྲུགས་པར་མི་ནུས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དེ་བཞིན་ཏེ་ཞེས་པའི་བར་ཏེ། ཚིག་གསུམ་གྱིས་བསྟན་ཏོ། །གཉིས་པ་ལ་གསུམ་སྟེ། གཞན་གྱི་ལོག་རྟོག་བརྗོད་པ་དང༌། དེ་དག་དགག་པའི་ཚུལ་རྒྱས་པར་བརྗོད་པ་དང༌། མ་རྟོགས་པའི་ཉེས་དམིགས་བརྗོད་པའོ། །དང་པོ་ནི། རབ་འབྱོར་གལ་ཏེ་གཟུགས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ཡིན་ཏེ་ཞེས་པའི་བར་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པ་ཉིད་མ་ཡིན་པར་སྟོང་པ་ཉིད་ལ་གཞན་དུ་སྨྲ་ན་ཞེས་པའི་དོན་ནོ། །གཉིས་པ་ནི་གལ་ཏེ་གཟུགས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་ཆོས་གང་ཡང་རྣམ་པར་འཇིག་པར་འགྱུར་བའམ། རྟག་ཏུ་གནས་པའམ་འགྲོ་བ་མེད་དེ་ཞེས་པའི་བར་གྱིས་བསྟན་ཏོ། །འདིའི་དོན་ནི། རང་བཞིན་གྱིས་མི་སྟོང་བར་འདོད་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་བརྗོད་པ་དང༌། བཟློག་པ་རང་རྒྱུད་ཀྱི་སྒོ་ནས་རང་བཞིན་སྟོང་པ་ཉིད་གསལ་བར་མཛད་པའོ། །གསུམ་པ་སྟོང་ཉིད་མ་རྟོགས་པའི་ཉེས་པ་ནི། གཞན་དུ་ན་ལྷ་དང་བཅས་པའི་འཇིག་རྟེན་དང་ཞེས་པ་ནས། འཁོར་བ་ནས་ཡོངས་སུ་མི་འགྲོལ་ལོ་ཞེས་པའི་བར་ཏེ། སྟོང་ཉིད་རྟོགས་པ་ལས་གཞན་དུ་མ་རྟོགས་ན་འཁོར་བ་ལས་ཡོངས་སུ་མི་འགྲོལ་ལོ་ཞེས་པའི་དོན་ནོ། །གསུམ་པ་རང་བཞིན་སྟོང་པ་ཉིད་མི་དཀྲུགས་པའི་ཚུལ་གདམས་པ་ལ་དོན་ནི། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། གཟུགས་སྟོང་པའམ་འོན་ཏམ་མི་སྟོང་ཞེས་བྱ་བ་རྣམ་པར་འཁྲུག་པར་མི་བྱའོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུགས་པར་མི་བྱའོ། །ཞེས་པའི་བར་རོ། །གཉིས་པ་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་རང་བཞིན་སྟོང་པ་ཉིད་ནི་འདི་ནི་གཟུགས་སོ་ཞེས་པ་ནས། འདི་ནི་བྱང་ཆུབ་ཀྱི་སྟོང་པ་ཉིད་དོ་ཞེས་བྱང་ཆུབ་རྣམ་པར་འཁྲུགས་པར་མི་བྱེད་དོ་ཞེས་པའི་བར་ཏེ། གཉིས་ཀྱི་ཚུལ་དུ་དཀྲུགས་པར་བྱར་མེད་པའི་ཕྱིར་ཞེས་པའི་དོན་ནོ། །བཞི་པ་གང་གིས་ཀྱང་དཀྲུགས་པར་མི་ནུས་པར་བསྟན་པ་ལ་གསུམ་སྟེ། དཔེ་དང༌། དོན་དང༌། འཐད་པའོ། །དང་པོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས། ནང་གི་ནམ་མཁའ་རྣམ་པར་དཀྲུགས་པར་མི་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་དེ་བཞིན་དུ་གཟུགས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་དེ་ཞེས་པ་ནས་རྫོགས་པའི་བྱང་ཆུབ་རྣམ་པར་འཁྲུག་པར་མི་བྱེད་དོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེ་ན་དེ་དག་ལ་གང་འདི་ལྟར་འདི་ནི་གཟུགས་ཏེ་འདི་ནི་སྟོང་པ་ཉིད་དོ་ཞེས་པ་ནས། བྱང་ཆུབ་འདི་ནི་སྟོང་པ་ཉིད་དོ་ཞེས་རྣམ་པར་དཀྲུགས་པ་དེ་ལྟ་བུའི་རང་བཞིན་མེད་དོ་ཞེས་པའི་བར་ཏེ། ཆོས་ཅན་དང་ཆོས་ཉིད་ཐ་དད་པའི་ཚུལ་དུ་བཟུང་ན་དཀྲུགས་པར་འགྱུར་བ་ལ། དཀྲུགས་པར་འགྱུར་བའི་རང་བཞིན་ཐ་དད་པ་གཉིས་མེད་པའི་ཕྱིར་ཏེ། ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་ཞེས་པའི་དོན་ནི། རྒྱན་ལས། རང་བཞིན་གྱིས་སྟོང་པ་ཉིད་དང་ཞེས་གསུངས་སོ། །རང་བཞིན་སྟོང་པ་ཉིད་ལ་འགོད་པའི་ཕྲིན་ལས་བསྟན་ཟིན་ཏོ། །ས་དང་པོ་ལ་འགོད་པའི་ཕྲིན་ལས་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། འཚང་རྒྱ་བར་མི་ནུས་སོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པས་དབྱེར་མ་མཆིས་ན། འཐོབ་བྱ་ཐོབ་བྱེད་གཉིས་མེད་པས་འཚང་རྒྱ་བར་མི་ནུས་སོ། །ཞེས་པའི་དོན་ནོ། །གཉིས་པ་ལན་ལ། གཉིས་མེད་རྟོགས་པའི་བྱང་ཆུབ་ངོས་བཟུང་བ་དང༌། བྱང་ཆུབ་ཀྱི་སྤྱོད་པ་རྒྱས་པར་བཤད་པ་དང༌། དེ་ལ་གཞན་གྱི་ཀླན་ཀ་སྤང་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། བྱང་ཆུབ་བོ་ཞེས་པའི་བར་རོ། །འདིས་ནི་གཉིས་སུ་དབྱེར་མེད་པའི་སྟོང་ཉིད་རྟོགས་པ་ལ་བྱང་ཆུབ་ཏུ་བསྟན་ཏོ། །གཉིས་པ་ལ། གཉིས་སུ་ཞེན་པའི་སྤྱོད་པ་དགག་པ་དང༌། གཉིས་སུ་མི་འཛིན་པའི་འཐད་པ་དང༌། བྱང་ཆུབ་ལ་གཉིས་འཛིན་མི་མངའ་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བར་གཉིས་སུ་བྱ་བ་ལ་མི་སྤྱོད་དོ་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མི་སྤྱོད་དོ་ཞེས་པའི་བར་ཏེ། གཉིས་སུ་མེད་པའི་ཚུལ་གྱིས་མི་སྤྱོད་པ་ཉིད་བྱང་ཆུབ་ཀྱི་སྤྱོད་པར་བསྟན་ཏོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བདག་དང་བདག་གིར་བྱ་བ་མེད་པ་སྟེ་ཞེས་པ་ནས། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བྱ་བར་བདག་དང་བདག་གིར་བྱ་བ་མེད་དོ་ཞེས་པའི་བར་ཏེ། བདག་དང༌། བདག་གི་བ་གཉིས་ཀྱི་ཚུལ་དུ་བཟུང་བར་བྱར་མེད་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་འམ་ཞེས་པ་ནས་མི་སྤྱོད་དོ་ཞེས་པའི་བར་རོ། །གསུམ་པ་དེ་ལ་གཞན་གྱི་ཀླན་ཀ་སྤང་བ་ལ། རྩོད་པ་དང༌། ལན་དང༌། ལན་ལ་རྩོད་པ་སྤང་བའོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཞེས་པ་ནས། ཅི་ལ་སྤྱོད་པ་ལགས་ཞེས་པའི་བར་ཏེ། བྱང་ཆུབ་ལ་གཉིས་འཛིན་མི་མངའ་ཞེས་བསྟན་པ་ལ་རྩོད་དོ། །གཉིས་པ་ལན་ལ་གསུམ་སྟེ། དོན་དམ་པར་གཉིས་འཛིན་གྱིས་སྤྱོད་བློ་མེད་པ་དང༌། རབ་འབྱོར་རང་ཉིད་ལ་བརྒལ་བ་དང༌། རབ་འབྱོར་གྱི་ཁས་བླངས་དང་མཚུངས་པ་བརྗོད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། སྤྱོད་པ་ཡོད་དམ་ཞེས་པའི་བར་རོ། །གཉིས་པ་ནི། གསོལ་པ་ཞེས་པ་ནས། གང་ལ་ཡང་སྤྱོད་པ་ཡོད་དམ་ཞེས་པའི་བར་རོ། །གསུམ་པ་ལ། གཞན་གྱིས་ཁས་བླངས་ཀྱི་ཚུལ་དང༌། མཚུངས་པ་བརྗོད་པ་དངོས་སོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ག་ལ་མཆིས་སོ་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། སྤྱོད་པ་མེད་དོ་ཞེས་པའི་བར་རོ། །གསུམ་པ་ལན་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་འཛིན་པ་ལ་ཡང་མི་སྤྱོད་ཅེས་པ་ནས། འཚང་རྒྱ་བར་འགྱུར་ཞེས་པའི་བར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་མི་སྤྱོད་ན་ཞེས་པའི་བར་ཡན་ཆད་ཀྱིས་ནི་ཁས་བླངས་བརྗོད་ལ། ཇི་ལྟར་ཞེས་པ་ནས། འཚང་རྒྱ་བར་འགྱུར་ཞེས་པའི་བར་ནི་མི་འདོད་པ་འཕེན་པའོ། །འདོད་ན། ཐལ་འགྱུར་བརྒྱུད་ལ་འཕེན་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱོད་ཅེས་པ་ནས། འཚང་རྒྱ་བར་མི་ནུས་ཏེ་ཞེས་པའི་བར་ཏེ། རྣམ་བྱང་གི་ཆོས་ཐམས་ཅད་རྫོགས་པར་མ་བྱས་པར་སངས་རྒྱས་མི་འཐོབ་ཅེས་པའི་དོན་ནོ། །རྩོད་པ་བསྟན་ཟིན་ཏོ། །གཉིས་པ་ལན་ལ་གཉིས་ཏེ། ཐ་སྙད་ལ་བརྟེན་པའི་ལན་དང༌། དོན་དམ་ལ་བརྟེན་པའི་ལན་ནོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། རྣམ་བྱང་གི་ཆོས་མ་རྫོགས་པར་འཚང་མི་རྒྱ་བ་དང༌། ཆོས་རྫོགས་ནས་འཚང་རྒྱ་བར་བསྟན་པ་དང༌། གང་ལ་གནས་ནས་འཚང་རྒྱའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ནས། སངས་རྒྱས་པར་མི་ནུས་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་པའི་བར་རོ། །གསུམ་པ་ལ་གཉིས་ཏེ། དོན་དངོས་དང༌། ཞར་ལས་བྱུང་བའི་དོན་ནོ། །དང་པོ་ནི། རབ་འབྱོར་དེ་ཡང་གཟུགས་ཀྱི་རང་བཞིན་ལ་གནས་ཞེས་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱའོ་ཞེས་པའི་བར་རོ། །གཉིས་པ་ནི། རང་བཞིན་དེ་ཡང་ཉེ་བར་ཞི་བ་སྟེ་ཞེས་པ་ནས། མངོན་པར་རྟོགས་པར་བྱེད་པ་མེད་དེ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཞེས་པ་ནས། འཚང་རྒྱ་ཡི་ཞེས་པའི་བར་རོ། །ཀུན་རྫོབ་ལ་བརྟེན་པའི་ལན་བསྟན་ཟིན་ཏོ། །གཉིས་པ་དོན་དམ་ལ་བརྟེན་པའི་ལན་ནི། དོན་དམ་པར་ན། གཟུགས་སམ། ཚོར་བའམ་ཞེས་པ་ནས། ཆོས་དེ་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་སྟེ་བཏགས་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་པའི་བར་རོ། །དོན་དམ་པར་ཆོས་གང་ཡང་མི་འདོད་ན། ཆོས་གང་ལ་སྤྱད་པས་སངས་རྒྱ་བར་འགྱུར་ཞེས་པས་བསྟན་ཏོ། །བདེན་པ་གཉིས་པ་བརྟེན་པའི་ལན་རྒྱས་པར་བསྟན་ཟིན་ཏོ། །ཐུན་མོང་གི་དོན་བསྡུ་བ་ནི། དེ་བས་ན་བྱང་ཆུབ་སེམས་དཔའ་ཞེས་པ་ནས། འབྲས་བུ་དམིགས་པར་འགྱུར་བ་ཡོད་དམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པའི་བར་ཏེ། ཐ་སྙད་དུ་བྱང་ཆུབ་ཀྱི་སྤྱོད་པ་དང་འབྲས་བུ་བྱང་ཆུབ་ཐོབ་པ་ཡོད་ཀྱང༌། དམིགས་བྱེད་ཀྱི་སེམས་དང༌། ཐོབ་བྱེད་ཀྱི་སེམས་ཅན་དང༌། ཐོབ་བྱའི་བྱང་ཆུབ་སོགས་མི་དམིགས་པར་རྨི་ལམ་གྱི་དཔེས་བསྟན་པའོ། །ས་དང་པོ་ལ་འགོད་པ་བསྟན་ཟིན་ཏོ། །རྒྱན་ལས་ཀྱང་དེའི་དོན་ནི། གཉིས་ཟད་དང་ཞེས་གསུངས་སོ། །ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པ་ལ་གཉིས་ཏེ། བརྒལ་ལན་གྱི་སྒོ་ནས་མདོར་བསྟན་པ་དང༌། བདེན་གཉིས་ཀྱི་སྒོ་ནས་ལན་བསྟན་པའོ། །དང་པོ་ལ་གཉིས་ཏེ། བཅོམ་ལྡན་འདས་ཀྱིས་རབ་འབྱོར་གྱི་ལན་ལ་བརྒལ་བ་དང༌། རབ་འབྱོར་རང་ཉིད་ཀྱིས་ལན་བརྗོད་ཚུལ་ལོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་ཇི་ལྟར་ཁྱོད་ཅེས་པ་ནས། ལུང་བསྟན་པར་འགྱུར་ཞེས་པའི་བར་རོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། བཀའ་ལུང་བསྟན་ཏོ་ཞེས་པའི་བར་ཏེ། གོང་དུ་རྨི་ལམ་གྱི་དཔེས་བྱང་ཆུབ་ཐོབ་བྱེད་ཀྱི་ལམ་དང༌། འབྲས་བུ་བྱང་ཆུབ་དམིགས་སུ་ཡོད་དམ་ཞེས་བརྒལ་བ་ན། རབ་འབྱོར་གྱིས་དེ་ནི་མ་ལགས་སོ་ཞེས་ལན་བཏབ་པ་ལས་འཕྲོས་ནས། འབྲས་བུ་བྱང་ཆུབ་མེད་ན་ཁྱོད་ཀྱིས་དགྲ་བཅོམ་ཐོབ་པར་ལུང་བསྟན་དུ་མེད་པར་འགྱུར་ཞེས་བཅོམ་ལྡན་འདས་ཀྱིས་རྩད་པ་ན། རབ་འབྱོར་གྱིས་ཐ་སྙད་དུ་ལུང་བསྟན་ཏོ་ཞེས་ལན་བཏབ་པའི་དོན་ཏོ། །གཉིས་པ་བདེན་པ་གཉིས་ཀྱི་སྒོ་ནས་ལན་བཏབ་པ་ལ་གསུམ་སྟེ། ཐ་སྙད་དུ་རབ་འབྱོར་གྱི་ལན་དང་མཐུན་པར་བསྟན་པ་དང༌། དོན་དམ་པར་ཆོས་གང་ཡང་དམིགས་སུ་མེད་པ་དང༌། བདེན་གཉིས་རྟོགས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་ཚུལ་ལོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་བཏགས་པའོ། །གཟུགས་ཀྱང་ཐ་སྙད་དུ་བཏགས་པའོ་ཞེས་པ་ནས། རྣམ་མཁྱེན་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ་ཞེས་པའི་བར་གྱིས་གསུངས་སོ། །གཉིས་པ་ནི། བྱང་སེམས་ཆེན་པོས་ནི། ཆོས་གང་ཆོས་གང་ལ་ཡང་འཕེལ་བར་བྱེད་པའམ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། སེམས་ཅན་རྣམས་ཀྱི་དོན་བྱེད་དོ་ཞེས་པའི་བར་རོ། །མངོན་རྟོགས་རྒྱན་ལས་ཀྱང༌། བརྡ་དང་ཞེས་གསུངས་སོ། །ཆོས་ཉིད་འཁྲུག་པ་མེད་པའི་ལེའུ་སྟེ་དྲུག་ཅུ་རེ་ལྔ་པ་རྣམ་པར་བཤད་པའོ།།  ༈ དྲུག་ཅུ་རེ་དྲུག་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བྱེད་པའི་ལེའུ་བཤད་པ། དམིགས་པ་མེད་པའི་དོན་རྟོགས་པ་ལ་འགོད་པའི་མཛད་པ་ནི། ཞུས་ལན་བདུན་གྱིས་སྟོན་ཏེ། དང་པོ་ལ་ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས་ཞེས་པའི་བར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱས་ཀྱང་དོན་དམ་པར་བྱང་ཆུབ་ཏུ་འཚང་རྒྱ་བ་མ་མཆིས་ན། ཇི་ལྟར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཞེས་དྲིས་པའོ། །ལན་ནི། ཐ་སྙད་དུ་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་སྤྱོད་ཀྱང༌། དོན་དམ་པར་མི་དམིགས་པར་རྟོགས་ཤིང༌། དེ་ལས་གཞན་དུ་ཡང་མི་སྤྱོད་ན། བྱང་ཆུབ་ཀྱི་ལམ་ཐོབ་ནས་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་ཞེས་སྟོན་པའི་ལན་གྱིས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་ཀྱང༌། སྦྱིན་པ་དང༌། སྦྱིན་པའི་བདག་པོ་དང༌། ལེན་པ་ཡང་མི་དམིགས། ཆོས་དེ་དག་ལས་གཞན་དུ་ཡང་མི་སྤྱོད་ན་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བསྒོམ་པ་ཡང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མི་སྤྱོད་ན། དེ་ཚེ་བྱང་སེམས་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་སེམས་ཆེན་པོ་ཡུམ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་མེད་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་པའི་བར་གྱིས་གསུངས་སོ། །ཞུས་ལན་གཉིས་པ། ཤཱ་རིའི་བུས་དྲིས་ལན་བརྩམས་ཏེ་གསུངས་པ་ལ། ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། རྩོམ་པར་བགྱིད་པ་ལགས་ཞེས་པའི་བར་ཏེ། གོང་དུ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ་ཞེས་པ་ལས་འཕྲོས་ནས། བྱང་ཆུབ་ཀྱི་ལམ་ལ་ཚུལ་ཅི་ལྟ་བུར་སྤྱོད་པས་བརྩོན་པར་འགྱུར་བར་ཞུས་པའོ། །ལན་ནི། གཟུགས་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གཅིག་ཏུ་མི་སྡུད་སོ་སོར་མི་འབྱེད་པར། ངོ་བོ་ཉིད་མེད་པར་རྟོགས་ནས་བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་འགྱུར་རོ་ཞེས་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་གཟུགས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱོར་བར་བྱ་བའམ། དབྱེ་བར་བྱ་བའི་གཟུགས་ངོ་བོ་ཉིད་མེད་དོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱོར་བར་བྱ་བའམ། དབྱེ་བར་བྱ་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ངོ་བོ་ཉིད་མེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་སྣ་ཚོགས་པ་གཅིག་ཏུ་མི་སྡུད་གཅིག་ཏུ་མི་སྦྱོར་ཐ་དད་དུ་མི་འབྱེད་དེ། ཅི་ཕྱིར་མི་སྡུད་མི་འབྱེད་ཅེ་ན། གང་སྦྱར་བར་བྱ་བའམ། དབྱེ་བར་བྱ་བའི་གཟུགས་ངོ་བོ་ཉིད་མེད་པར་རྟོགས་པའི་ཕྱིར། འགྲེས་ལྷག་མ་རྣམས་ཀྱི་བཤད་ཚུལ་ཡང་འདི་བཞིན་ནོ། །ཞུས་ལན་གཉིས་པ་བསྟན་ཟིན་ཏོ། །ཞུས་ལན་གསུམ་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཆོས་གང་ལ་ཡང༌། གང་སྦྱར་བར་བྱའམ། དབྱེ་བར་བྱ་བའི་ངོ་བོ་ཉིད་མ་མཆིས་ན་ཞེས་པ་ནས། ཇི་ལྟར་འགྲུབ་པར་འགྱུར་ཞེས་པའི་བར་ཏེ། སྦྱར་བར་བྱ་བའམ་དབྱེ་བར་བྱ་བའི་ངོ་བོ་ཉིད་མ་མཆིས་ན། བསླབ་བྱའི་ཡུམ་གྲུབ་པར་མི་འགྱུར། ཡུམ་མ་གྲུབ་ན་དེ་ལ་བསླབ་པར་མི་འགྱུར། ཡུམ་ལ་མ་བསླབ་ན་འཚང་རྒྱ་བར་མི་འགྱུར་ཞེས་རྩོད་པའོ། །གཉིས་པ་ལན་ལ། ཡུམ་ལ་མ་བསླབ་པར་སངས་རྒྱས་མི་འཐོབ་པར་རྗེས་སུ་བརྗོད་པ་དང༌། ཡུམ་ལ་ཇི་ལྟར་སློབ་པའི་ཚུལ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་པ་ནས་དེ་ཡང་ཐབས་མཁས་པས་ཡིན་གྱི་ཐབས་མི་མཁས་པ་མ་ཡིན་ནོ་ཞེས་པས་བསྟན་ཏོ། །གཉིས་པ་ལ། གང་ལ་བསླབ་པར་བྱ་བའི་ཡུལ་ངོས་བཟུང་བ་དང༌། ཇི་ལྟར་སློབ་པའི་ཚུལ་དངོས་བསྟན་པའོ། །དང་པོ་ལ། བསླབ་བྱའི་ཤེར་ཕྱིན་གྱི་ཡུལ་ངོས་བཟུང་བ་དང༌། ཡུལ་ཅན་ཤེར་ཕྱིན་བསྟན་ཏེ། དེ་ལ་བསླབ་པར་གདམས་པའོ། །དང་པོ་ལ། གཟུང་བྱའི་ཡུལ་མེད་པས་དེ་ལ་འཛིན་པ་མེད་པར་བསྟན་པ་དང༌། གཟུང་བྱའི་ཡུལ་མེད་པར་གཏན་ལ་དབབ་པའོ། །དང་པོ་ནི། གཟུང་བྱའི་ཡུལ་གྱི་ངོ་བོ་ཉིད་ཡོད་ན་དེ་ལ་འཛིན་པར་འགྱུར་བ་ཞིག་ན། གཟུང་བྱའི་ངོ་བོ་ཉིད་མེད་པའི་ཕྱིར། གཟུགས་ནས་རྣམ་མཁྱེན་གྱི་བར་བློས་ཅི་ཞིག་བཟུང་སྟེ། ཆོས་གང་ཡང་འཛིན་པ་མེད་དོ་ཞེས་སྟོན་པ་སྟེ། ཤཱ་རིའི་བུ་གལ་ཏེ་བྱང་སེམས་ཡུམ་ལ་སྤྱོད་པའི་ཚེ། ཆོས་གང་ལ་ལ་ཞིག་གི་ངོ་བོ་ཉིད་དམིགས་ན་ནི་ཞེས་པ་ནས། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་ཡང་ཅི་ཞིག་བཟུང་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཟུང་དུ་མེད་པའོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་བཟུང་དུ་མེད་པའོ་ཞེས་པའི་བར་ཏེ། རྣམ་བྱང་གི་ཆོས་གང་ཡང་བཟུང་དུ་མེད་པར་བསྟན་པའོ། །གཉིས་པ་ཡུལ་ཅན་ཤེས་ཕྱིར་བསྟན་ཏེ་དེ་ལ་བསླབ་པར་གདམས་པ་ནི། ཤཱ་རིའི་བུ་དེ་ནི་བཟུང་དུ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཞེས་པ་ནས། དེ་ལ་བྱང་སེམས་ཆེན་པོས་བསླབ་པར་བྱ་སྟེ་ཞེས་པའི་བར་རོ། །གཉིས་པ་ཇི་ལྟར་སློབ་པའི་ཚུལ་དངོས་སྟོན་པ་ལ་གསུམ་སྟེ། བསླབ་བྱའི་ཆོས་མི་དམིགས་པ་དང༌། སློབ་པ་པོའི་གང་ཟག་མི་དམིགས་པ་དང༌། གང་ཟག་ཏུ་འཇོག་པའི་ཆོས་ཡང་མི་དམིགས་པའོ། །དང་པོ་ལ་དོན་དངོས་ནི། དེ་ལ་སློབ་པའི་བྱང་སེམས་ཆེན་པོས་ནི་བསླབ་པ་ཡང་མི་དམིགས་ན་ཞེས་པ་ནས། ལྟ་ཡང་ཅི་སྨོས་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་དོ་ཞེས་པའི་བར་རོ། །གཉིས་པ་ནི་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་སོ་སོ་སྐྱེ་བོའི་ཆོས་ནི་གང༌། རྒྱུན་དུ་ཞུགས་པ་ནི་གང་ཞིག་ཡོད་ཅེས་པ་ནས། སངས་རྒྱས་ནི་གང་ཞིག་ཡོད་ཅེས་པའི་བར་རོ། །གསུམ་པ་ནི། གལ་ཏེ་གང་ཟག་དེ་དག་དམིགས་སུ་མེད་ན་ཞེས་པ་ནས། དེ་དག་འབྱུང་བར་ཡང་ག་ལ་འགྱུར་ཞེས་པའི་བར་རོ། །འདི་དག་གིས་ནི་ཆོས་གང་ཡང་མ་དམིགས་པའི་ཚུལ་གྱིས་ཤེར་ཕྱིན་ལ་སློབ་ཅེས་བསྟན་ཏོ། །ཞུས་ལན་བཞི་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་དངོས་པོ་མ་མཆིས་པ་ལ་ཞེས་པ་ནས། ཅིའི་སླད་དུ་དམིགས་པར་འགྱུར་ཞེས་པའི་བར་ཏེ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པ་ལ་ནི། སོ་སྐྱེ་ནས་སངས་རྒྱས་ཞེས་བགྱི་བའི་བར་དམིགས་པར་མི་འགྱུར་བ་ལས། འཇིག་རྟེན་ན་མངོན་སུམ་དམིགས་པས་གནོད་དོ་ཞེས་པའི་དོན་ནོ། །གཉིས་པ་ལན་ལ། གཟུགས་ནས་རྣམ་མཁྱེན་གྱི་བར་སོ་སོ་སྐྱེ་བོས་ཇི་ལྟར་ཞེན་པ་ལྟར་ཡོད་པ་མ་ཡིན་པར་བསྟན་པ་དང༌། ཕྱིན་ཅི་ལོག་གི་དབང་གིས་དངོས་པོར་རྣམ་པར་རྟོག་པར་བསྟན་པ་དང༌། ཕྱིན་ཅི་ལོག་བཟློག་ནས་ཡང་དག་པའི་དོན་ལ་འཇོག་པའི་ཕྲིན་ལས་བསྟན་པའོ། །དང་པོ་ནི། གཟུགས་ཀྱི་དངོས་པོ་ལ་སོ་སོ་སྐྱེ་བོས་མངོན་པར་ཞེན་པར་འགྱུར་བ་ལྟར་ཡོད་དམ་ཞེས་བརྒལ་བའི་སྒོ་ནས་མེད་པར་བསྟན་པ་དང༌། ཤཱ་རིའི་བུས་ཕྱིན་ཅི་ལོག་གི་ཞེན་པ་མ་གཏོགས་པ་དངོས་པོ་ལ་མེད་དོ་ཞེས་བཅོམ་ལྡན་འདས་དང་རྗེས་སུ་མཐུན་པར་ལན་བཏབ་པའི་དོན་གྱིས་གསུངས་སོ། །ལྷག་མ་ཚོར་བ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་འགྲེས་རྣམས་ལ་ཡང་བཤད་ཚུལ་དེ་བཞིན་དུ་སྦྱར་རོ། །མདོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཅི་གཟུགས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་འགྱུར་བ་དེ་ལྟ་བུ་ཡོད་དམ་ཡོད་པར་གྱུར་ཏམ་ཡོད་པར་འགྱུར་རམ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་འགྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་འགྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཚིག་གསུམ་སྨོས་པ་ནི་དུས་གསུམ་གྱི་དབྱེ་བའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་པ་ནས། རྣམ་པར་རྟོགས་ཏེ་ཞེས་པའི་བར་རོ། །གསུམ་པ་ནི། དེའི་ཕྱིར་ཞེས་པ་ནས། ཡང་དག་པར་འཇོག་གོ་ཞེས་པའི་བར་ཏེ། ཕྱིན་ཅི་ལོག་གི་དབང་གིས་དངོས་པོར་རྟོག་པ་དེའི་ཕྱིར། ཤེས་རབ་ཀྱིས་དངོས་པོ་མེད་པའི་དོན་མཐོང་ནས། དངོས་འཛིན་གྱི་ཕྱིན་ཅི་ལོག་བཟློག་སྟེ་བྱང་ཆུབ་ལ་འགོད་དོ་ཞེས་པའི་དོན་ནོ། །ཞུས་ལན་ལྔ་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཐབས་མཁས་པ་ནི་གང་ཞེས་པ་ནས། ཐབས་མཁས་པ་དེ་གང་ལགས་ཞེས་པའི་བར་ཏེ། གང་དུ་དངོས་པོ་མེད་པའི་དོན་མཐོང་ནས། གདུལ་བྱ་བླ་མེད་བྱང་ཆུབ་ཏུ་འཇོག་པའི་ཆོས་སྟོན་ཞེས་བསྟན་པ་ལ་དྲིས་པའོ། །ལན་ལ། ལམ་ལ་འཇུག་པའི་གེགས་ལེ་ལོའི་དངོས་པོ་མ་མཐོང་བ་དང༌། ལམ་ལ་མངོན་པར་ཞེན་པའི་གཉེན་པོར་སྟོང་པ་ཉིད་ཀྱི་ཆོས་སྟོན་པ་དང༌། སྟོང་ཉིད་ཀྱི་དོན་མཐོང་ནས་སྒྱུ་མ་ལྟ་བུའི་ལུས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་སྟོན་པ་དང༌། རྒྱུན་ཞུགས་སོགས་ཀྱི་འབྲས་བུ་ལ་འགོད་པའི་ཆོས་སྟོན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་ཞེས་པ་ནས། རྗེས་སུ་མི་མཐོང་ངོ་ཞེས་པའི་བར་ཏེ། ལེ་ལོའི་གཉེན་པོ་དགུ་ཉིད་མི་དམིགས་པར་རྟོགས་པའི་དོན་བསྟན་ཏོ། །གཉིས་པ་ནི། ཤཱ་རིའི་བུ་སེམས་ཅན་རྣམས་རྨོངས་པས་ཞེས་པ་ནས། རང་གི་མཚན་ཉིད་ཀྱིས་སྟོང་པའོ། །ཞེས་པའི་བར་ཏེ། སེམས་ཅན་རྨོངས་པས་ཕུང་པོ་སོགས་ལ་མངོན་པར་ཞེན་པ་མ་གཏོགས་པ་གནས་ཚུལ་དངོས་པོའི་རང་གི་མཚན་ཉིད་ཀྱིས་སྟོང་པའོ་ཞེས་གདམས་པར་མཛད་པའོ། །གསུམ་པ་ནི། དེ་ལྟ་བས་ན་ཞེས་པ་ནས། ཤེས་རབ་ཀྱི་གཏམ་བྱེད་དོ་ཞེས་པའི་བར་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་དོན་མཐོང་ནས། སྒྱུ་མ་ལྟ་བུའི་ལུས་གཞན་ངོར་ཡུན་རིང་དུ་གནས་པར་བྱིན་གྱིས་བརླབས་ནས། ཕྱིན་དྲུག་གི་མི་མཐུན་ཕྱོགས་ལས་བཟློག་པའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་སྟོན་པར་མཛད་དོ་ཞེས་པའི་དོན་ནོ། །བཞི་པ་ནི། གང་གི་ཚེ་སེམས་ཅན་དེ་དག་སྦྱིན་པ་ལ་བཀོད་པར་གྱུར་པ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དེ་ལྟ་བུའི་གཏམ་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། ཕྱིན་དྲུག་ལ་སྦྱོར་བའི་ཆོས་སྟོན་པའི་རྗེས་སུ། འབྲས་བུ་ལ་སྦྱོར་བའི་ཆོས་སྟོན་པར་བྱེད་དོ་ཞེས་པའི་དོན་ནོ། །ཞུས་ལན་དྲུག་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། དེ་ལྟར་སེམས་ཅན་མ་མཆིས་ཤིང་ཞེས་པ་ནས། དེ་ལྟ་བུའི་གཏམ་བགྱིད་ན་ཇི་ལྟར་དམིགས་པ་མ་མཆིས་པར་འགྱུར་ཞེས་པའི་བར་ཏེ། སེམས་ཅན་རྣམས་ཐོག་མར་ཕྱིན་དྲུག་ལ་སྦྱོར་བའི་གཏམ་དང༌། དེའི་འོག་ཏུ་འབྲས་བུ་ལ་འགོད་པའི་གཏམ་བགྱིད་ན། ཇི་ལྟར་དམིགས་པ་མ་མཆིས་པར་འགྱུར། དམིགས་པ་མཆིས་ན་སེམས་ཅན་མ་མཆིས་པར་འདོད་པ་ཇི་ལྟར་མི་འགལ་ཞེས་རྩོད་པའོ། །ལན་ལ་དོན་དམ་པར་དམིགས་པ་མེད་པ་འཐད་པ་དང་བཅས་པ་དང༌། སེམས་ཅན་ལ་ཆོས་སྟོན་ཡང་དམིགས་ཡུལ་གྱི་སེམས་ཅན་མེད་པར་བསྟན་པ་དང༌། དོན་དམ་པར་དམིགས་ཡུལ་གྱི་སེམས་ཅན་མ་དམིགས་ཀྱང་ཐབས་ལ་མཁས་པས་ཆོས་སྟོན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཞེས་པ་ནས། དམིགས་པ་གང་ཡང་མེད་དེ་ཞེས་པའི་བར་གྱིས་ནི་དམ་བཅའ་བསྟན་ལ། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་སེམས་ཅན་གང་ཡང་མ་དམིགས་ན་ཞེས་པའི་བར་གྱིས་ནི་གཏན་ཚིགས་བསྟན་ཏེ། དོན་དམ་པར་དམིགས་པར་བྱ་བ་གང་ཡང་མེད་དེ། ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་དུ་ཡུམ་ལ་སྤྱོད་པ་མ་གཏོགས་པར་དོན་བྱ་བའི་སེམས་ཅན་མ་དམིགས་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་ནི། འོ་ན་ཐ་སྙད་དུ་ཆོས་སྟོན་པར་བྱ་བའི་སེམས་ཅན་ངོ་བོ་ཉིད་ཀྱིས་ཡོད་དོ་སྙམ་ན། ཤཱ་རིའི་བུ་ཞེས་པ་ནས། དེ་ལ་གདགས་པ་གང་ཡང་མེད་དོ་ཞེས་པའི་བར་དུ་གསུངས་ཏེ། བདེན་པ་གཉིས་ལས་བརྩམས་ནས་ཆོས་བསྟན་ཀྱང་གང་ལ་ཆོས་བསྟན་པར་བྱ་བའི་སེམས་ཅན་བདེན་པ་གཉིས་ཆར་དུ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དོ་ཞེས་པའོ། །གསུམ་པ་ནི། འོ་ན་ཆོས་སྟོན་པ་ཡང་མེད་དོ་ཞེ་ན། ངོ་བོ་ཉིད་ཀྱིས་གྲུབ་པའི་སེམས་ཅན་མེད་ལ། འོན་ཀྱང་ཆོས་སྟོན་ཞེས་པ་ནི། འོན་ཀྱང་ཞེས་པ་ནས། ཆོས་སྟོན་ཞེས་པའི་བར་རོ། །ཆོས་སྟོན་ན་གང་ཐོབ་པར་བྱ་བ་དང་གང་གིས་ཐོབ་པར་བྱ་བ་ཡོད་དགོས་སོ་ཞེ་ན། ཚེ་འདི་ཉིད་ལ་ཡང༌། བདག་དང་སེམས་ཅན་མི་དམིགས་ན། གཉིས་པོ་དམིགས་པར་བྱར་མེད་པ་ལྟ་ཡང་ཅི་སྨོས་ཞེས་སྟོན་པ་ནི། དེས་སེམས་ཅན་དེ་དག་ཅེས་པ་ནས། ཅི་སྨོས་ཏེ་ཞེས་པའི་བར་རོ། །དམིགས་བྱ་ཡང་མ་དམིགས་པ་དེ་ལྟ་བུའི་ཚུལ་གྱིས་ཆོས་སྟོན་པ་ནི། ཤཱ་རིའི་བུ་དེ་ལྟར་ཞེས་པ་ནས། ཆོས་སྟོན་ཏོ་ཞེས་པའི་བར་རོ། །ཞུས་ལན་བདུན་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ལྟར་བྱང་སེམས་ཆེན་པོ་ཆོས་གང་ཡང་གཅིག་པའམ་ཐ་དད་པར་ཡང་མི་དམིགས་ཞེས་པ་ནས། རྣམ་པར་སྨིན་པ་དེ་ལྟ་བུ་ཡང་ལྟ་ག་ལ་མཆིས་ཞེས་པའི་བར་གྱིས་བསྟན་ཏེ། དམིགས་པར་བྱ་བའི་ཆོས་མེད་ན་གཅིག་དང་ཐ་དད་མི་དམིགས་ལ། དེ་མི་དམིགས་ན་གང་གི་དོན་དུ་གོ་ཆ་འཚལ་བ་དང༌། གོ་ཆ་བགོ་བའི་གང་ཟག་ཁམས་གསུམ་ན་མི་སྣང་ལ། གང་གི་ཆེད་དུ་གོ་ཆ་འཚལ་བའི་སེམས་ཅན་རྣམས་ཁམས་གསུམ་ནས་འགྲོལ་བ་ཡང་མེད། སེམས་ཅན་ལ་སེམས་ཅན་དུ་གདགས་པ་ཡང་མི་དམིགས། དེ་མི་དམིགས་ན་སེམས་ཅན་གྱི་དོན་དུ་སྤྲོ་བ་ཆེན་པོ་བྱེད་པ་ཡང་དོན་མེད་པར་འགྱུར་ལ། སེམས་ཅན་དང་སེམས་ཅན་དུ་གདགས་པ་ཡང་མེད་ན། འཆིང་འགྲོལ་མེད་པར་འགྱུར་ཞིང༌། དེ་མེད་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་མེད་ན། རྒྱུད་སོ་སོར་འགྲོལ་བའི་ལམ་ཐ་དད་པ་མེད་པར་འགྱུར། དེ་མེད་ན་ལས་དང་ཉོན་མོངས་པ་མེད་པར་འགྱུར། དེ་མེད་ན་ལས་ཉོན་གྱི་རྣམ་སྨིན་གྱིས་འགྲོ་བ་ལྔའི་འཁོར་བ་ན། རྣམ་པར་སྨིན་པ་ཉམས་སུ་མྱོང་བ་མེད་པར་འགྱུར་རོ་ཞེས་པའི་དོན་ནོ། །ལན་ལ་དྲུག་སྟེ། དོན་དམ་པར་ཆོས་གང་ཡང་མ་དམིགས་པར་རྗེས་སུ་བརྗོད་པ་དང༌། འཁོར་འདས་ཀྱི་གང་ཟག་སྔར་དམིགས་པ་ཕྱིས་མི་དམིགས་པར་འགྱུར་བ་མེད་པ་དང༌། དངོས་པོའི་གནས་ཚུལ་དུས་རྟག་ཏུ་འགྱུར་བ་མེད་པར་བསྟན་པ་དང༌། དངོས་པོའི་གནས་ཚུལ་ལ་ཆོས་གང་ཡང་མེད་པའི་འཐད་པས་སྒྲོལ་བར་བྱ་བའི་སེམས་ཅན་མེད་པ་དང༌། ཐ་སྙད་དུ་སྟོང་ཉིད་ཀྱི་དོན་ཐོས་ནས་སེམས་ཅན་གྱི་ཆེད་དུ་གོ་ཆ་བགོས་པའི་ཚུལ་དང༌། སྒྱུ་མའི་དཔེས་སེམས་ཅན་གྱི་དོན་བྱེད་ཚུལ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཞེས་པ་ནས། བརྗོད་པ་བཞིན་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། སྔོན་སེམས་ཅན་ཞིག་འབྱུང་བར་འགྱུར་ལ། ཕྱིས་འབྱུང་བ་མེད་པར་འགྱུར་ཏེ་ཞེས་པ་ནས། འདས་པ་དེ་ལྟ་བུ་མེད་པར་འགྱུར་ཏེ་ཞེས་པའི་བར་རོ། །དེ་ཡང་སྔོན་སེམས་ཅན་ངོ་བོས་ནི་མེད་པ་འཆིང་བ་ལས་གྲོལ་ནས། སེམས་ཅན་མ་ཡིན་པའི་ངོ་བོར་གནས་པ་མེད་ལ། བྱང་སེམས་དང་སངས་རྒྱས་ཀྱང་སྔར་དེ་མ་ཡིན་པའི་ངོ་བོར་གནས་པ་མེད་དོ་ཞེས་པའི་དོན་ནོ། །གསུམ་པ་ནི། ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་ཞེས་པ་ནས། དེ་བཞིན་དུ་གནས་པས་དེ་ཞེས་པའི་བར་ཏེ། དོན་དམ་པར་ཆོས་ཐམས་ཅད་ཆོས་ཉིད་ལས་མ་འདས་ལ། ཆོས་ཉིད་ལ་འགྱུར་བ་མེད་ཅེས་པའི་དོན་ཡིན་པས། སྔར་ཡོད་ཕྱིས་གཞན་དུ་འགྱུར་བ་མེད་པར་བསྟན་པའི་འཐད་པའོ། །བཞི་པ་ནི། དེ་ལ་བདག་ཀྱང་མེད། སེམས་ཅན་ཡང་མེད་ཅེས་པ་ནས། སྒྲོལ་བར་བྱ་བ་དེ་ལྟ་བུ་དག་ག་ལ་ཡོད་ཅེས་པའི་བར་ཏེ། གནས་ཚུལ་ལ་བདག་དང་ཆོས་གང་ཡང་མེད་ན། སྒྲོལ་བར་བྱ་བ་དེ་ལྟ་བུ་ག་ལ་ཡོད་ཅེས་པའི་དོན་ཏེ། དེ་ལ་བདག་ཀྱང་མེད་ཅེས་པ་ནས། ཆོས་དེ་དག་མེད་ན་ཞེས་པའི་བར་གྱིས་ནི་གཏན་ཚིགས་བསྟན་ཏོ། །འགྲོ་བ་ལྔའི་ཞེས་པ་ནས། ག་ལ་ཡོད་ཅེས་པའི་བར་གྱིས་ནི་བསྒྲུབ་བྱའི་ཆོས་བསྟན་ཏོ། །ལྔ་པ་ནི། ཤཱ་རིའི་བུ་དེ་ལ་ཞེས་པ་ནས། སྒྲོལ་བར་བྱའོ་སྙམ་མོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཞེས་པ་ནས། དེ་དག་ཐོས་ནས་ཞེས་པའི་བར་གྱིས་ནི། སྔོན་གྱི་སངས་རྒྱས་རྣམས་ལ་སྟོང་པ་ཉིད་ཀྱི་ཆོས་ཐོས་ཞེས་བསྟན་ཏེ། གོ་ཆ་བགོ་བའི་རྒྱུ་བསྟན་ཏོ། །སེམས་ཅན་རྣམས་ཀྱི་དོན་དུ་ཞེས་པ་ནས། འཇུག་སྟེ་ཞེས་པའི་བར་གྱིས་ནི་གོ་ཆ་བགོ་བའི་ཚུལ་མདོར་བསྟན་ཏོ། །གོ་ཆ་བགོ་ཡང་དམིགས་ཡུལ་གྱི་སེམས་ཅན་མི་དམིགས་པར་བསྟན་པ་ནི། ཕྱིན་ཅི་ལོག་གི་ཞེས་པ་ནས། དམིགས་པ་མེད་དོ་ཞེས་པའི་བར་རོ། །ཤཱ་རིའི་བུ་བྱང་སེམས་ཆེན་པོ་ནི། དེ་ལྟ་བུའི་གོ་ཆ་ཆེན་པོ་གྱོན་ཏེ་ཞེས་པ་ནས། སྙམ་མོ་ཞེས་པའི་བར་གྱིས་ནི། གོ་ཆ་བགོས་ཚུལ་རྒྱས་པར་བསྟན་ཏོ། །དྲུག་པ་ལ་སྒྱུ་མ་ལྟ་བུའི་དཔེས་བསྟན་པའི་སྒོ་ནས་བརྒལ་བ་དང༌། སྒྱུ་མ་ལྟ་བུའི་དཔེ་དང་མཚུངས་པར་མགོ་སྒྲེ་བའོ། །དང་པོ་ནི། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་སྒྱུ་མའི་མཁན་པོའམ་ཞེས་པ་ནས། བསོད་ནམས་འཕེལ་བར་བྱ་བ་ཡོད་དམ་ཞེས་པའི་བར་ཏེ། སྒྱུ་མའི་མཁན་པོས་སྤྲུལ་པའི་སྐྱེས་བུ་ཞིག་གིས་སེམས་ཅན་མང་པོ་སྤྲུལ་ཏེ། དེ་ལ་བཟའ་བ་དང་བཏུང་བས་ཚིམ་པར་བྱས་ན་བསོད་ནམས་འཕེལ་བར་བྱ་བ་ཡོད་དམ་ཞེས་པའི་ཚུལ་གྱིས་བརྒལ་བའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་བྱས་སོ་ཞེས་པས་ནི་རྗེས་སུ་མཐུན་པའི་ལན་བཏབ་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་ཞེས་པ་ནས། གདུལ་བར་བྱ་བའི་སེམས་ཅན་གང་ཡང་མི་དམིགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སེམས་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་སྤྱོད་པ་དང༌། བྱང་ཆུབ་ཀྱི་ལམ་རྫོགས་པར་བྱེད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང་གདུལ་བར་བྱ་བའི་སེམས་ཅན་མ་དམིགས་ཏེ། སྒྱུ་མ་མཁན་གྱིས་དོན་བྱེད་པ་བཞིན་ནོ་ཞེས་པའོ། །མངོན་རྟོགས་རྒྱན་ལས་ཀྱང༌། དམིགས་པ་མེད་པ་དང་ཞེས་བསྟན་ཏོ། །ལུས་ཅན་ཡོངས་སུ་སྨིན་པའི་ཕྲིན་ལས་ལ། ཞུས་པ་དང་ལན་གཉིས་ལས། ཞུས་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། གང་ལགས་ཞེས་པའི་བར་ཏེ། སེམས་ཅན་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཐབས་བྱང་ཆུབ་ཀྱི་ལམ་གང་ལགས་ཞེས་པའི་བར་རོ། །ལན་ལ། བྱང་ཆུབ་ཀྱི་ལམ་མདོར་བསྟན་པ་དང༌། སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་པ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་སྤྱོད་པ་བྱང་ཆུབ་ཀྱི་ལམ་དུ་བསྟན་ཏོ། །གཉིས་པ་ལ་གཉིས་ཏེ། དང་པོ་དྲི་བ་ནི། གསོལ་པ། བཅོམ་ལྡན་འདས་ཞེས་པ་ནས། ཡོངས་སུ་སྨིན་པར་བགྱིད་པ་ལགས་ཞེས་པའི་བར་རོ། །གཉིས་པ་ལན་ལ། ཕྱིན་དྲུག་རེ་རེ་གཙོ་བོར་འགྱུར་བའི་ཐབས་ཀྱིས་སེམས་ཅན་སྡུད་ཅིང་སྨིན་པར་བྱེད་པ་དང༌། ཕྱིན་དྲུག་ལ་བརྟེན་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་དང༌། ཕྱིན་དྲུག་གི་རྐྱེན་གྱིས་བྱང་ཆུབ་ཀྱི་ལམ་འབྲས་བུ་དང་བཅས་པ་ལ་སྦྱོར་བའོ། །དང་པོ་ལ་དྲུག་སྟེ། སྦྱིན་པ་ལ་བརྟེན་ནས་ཕྱིན་དྲུག་གི་བྱ་བས་སེམས་ཅན་གྱི་དོན་བྱེད་པའི་ཚུལ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་རྣམས་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱེད་པའོ། །དང་པོ་ལ་དྲུག་སྦྱིན་པ་ལ་བརྟེན་ནས། སྦྱིན་པ་དང༌། སྦྱིན་པའི་ཚུལ་ཁྲིམས་དང༌། སྦྱིན་པའི་བཟོད་པ་དང༌། སྦྱིན་པའི་བརྩོན་འགྲུས་དང༌། སྦྱིན་པའི་བསམ་གཏན་དང༌། སྦྱིན་པའི་ཤེས་རབ་ཀྱིས་སེམས་ཅན་སྨིན་པར་བྱེད་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་སྦྱིན་པ་ཇི་ལྟར་གཏོང་བའི་ཚུལ་ལ་གདམས་པ་དང༌། སྦྱིན་པ་ལ་འཇུག་པའི་དོན་དུ་འབྲས་བུ་ལ་སྤྲོ་བ་བསྐྱེད་པ་དང༌། བསྡུ་བའི་དངོས་པོ་བཞིས་བསྡུས་ཏེ་རྣམ་བྱང་གི་རྒྱུ་འབྲས་ལ་འགོད་ཚུལ་དང༌། འཁོར་གསུམ་མི་དམིགས་པའི་སྦྱིན་པས་གཞན་གྱི་དོན་བྱེད་པ་ལ་བསྐུལ་བ་དང༌། འཁོར་ལོས་བསྒྱུར་རྒྱལ་གྱི་སྦྱིན་པའི་ཚུལ་གྱིས་སྦྱིན་པ་གཏོང་བ་ལ་སྦྱོར་བ་དང༌། སྦྱིན་པའི་ཡོ་བྱད་ཀྱིས་བསྡུས་ནས་མྱ་ངན་ལས་འདས་པ་ལ་སྦྱོར་བའོ། །དང་པོ་ལ་འཁོར་གསུམ་མི་དམིགས་པའི་སྦྱིན་པ་ལ་གདམས་པ་དང༌། འཁོར་གསུམ་མི་དམིགས་པའི་སྦྱིན་པས་བྱང་ཆུབ་ཀྱི་འབྲས་བུ་ལ་སྦྱོར་བ་དང༌། སྦྱིན་པ་ལ་འཇུག་པའི་ཐབས་སྣ་ཚོགས་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཞེས་པ་ནས། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་མི་དམིགས་པས་ཞེས་པ་ནས། བྱང་ཆུབ་ལ་སྦྱོར་རོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། མཐུན་པས་དགའ་བར་སྤྱོད་དོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་པ་ནས། རྒྱལ་པོ་ཐོབ་བོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་དེ་དག་ན་ཡང་སེམས་ཅན་དེ་དག་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དོ་ཞེས་པ་ནས། རང་བྱང་ཆུབ་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །བཞི་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཞར་ལ་ཡང་ཕན་ཡོན་བསྟན་པའོ། །དང་པོ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྐུལ་ལོ་ཞེས་པ་ནས། བསྐུལ་བར་བྱེད་དེ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ལྟར་སྤྱོད་པའི་ཚེ་ཅི་ནས་ཀྱང༌། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ནམ་ཡང་ངན་སོང་གསུམ་དུ་མི་ལྟུང་བ་དང༌། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད་པར་མི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ་ཞེས་པས་བསྟན་ཏེ། བྱང་ཆུབ་སེམས་དཔས་སྦྱིན་པ་གཏོང་ཚུལ་ལ་གདམས་པ་ལྟར་སྤྱོད་པས། ངན་སོང་དུ་མི་ལྟུང་བ་དང༌། འཁོར་ལོས་སྒྱུར་རྒྱལ་གྱི་ལུས་ཐོབ་པའི་ཡོན་ཏན་གཉིས་འབྱུང་བར་བསྟན་ཏོ། །འཐད་པ་ནི། དེའི་འབྱུང་བ་ཅི་ཞེ་ན། ས་བོན་བཏབ་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་བའི་ཕྱིར་ཞེས་པའོ། །ལྔ་པ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློང་མ་བ་གང་ཇི་སྙེད་ཅིག་འོང་ཡང་ཞེས་པ་ནས། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བ་དག་ལྟ་སྨོས་སུ་ཡང་མེད་པ་དེ་ལྟར་སྤྱད་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོས་སྙིང་བརྩེ་བས་སྒོ་ཐམས་ཅད་ནས་ཕྱོགས་དང་རིས་སུ་མི་འབྱེད་པར་སྦྱིན་པ་གཏོང་བའི་ཚུལ་དེ་ལྟར་དུ་བྱང་ཆུབ་སེམས་དཔས་སྦྱིན་པ་བཏང་བར་བྱའོ་ཞེས་པའི་དོན་ནོ། །དྲུག་པ་ལ། སྡུད་བྱེད་ཀྱི་ཡོ་བྱད་བཤད་པ་དང་ཡོ་བྱད་ཀྱིས་བསྡུས་ནས་མྱང་འདས་ལ་འགོད་པའི་ཚུལ་ལོ། །དང་པོ་ནི། གསོལ་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དེ་དག་ནི་ཡོ་བྱད་དེ་ཞེས་པའི་བར་ཏེ། གོང་དུ་ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཐར་བར་བྱ་ཞེས་གསུངས་པ་ལ་དྲིས་པའི་ལན་གྱིས་ཡོ་བྱད་ངོས་བཟུང་སྟེ་གསུངས་པ་དག་གོ །གཉིས་པ་ནི། ཡོ་བྱད་དེ་དག་གིས་ཞེས་པ་ནས། མྱ་ངན་ལས་བཟློ་སྟེ་ཞེས་པའི་བར་ཏེ། ཇི་སྐད་བཤད་པའི་ཡོ་བྱད་དེ་དག་གིས་གདུལ་བྱ་བསྡུས་ནས་རིམ་གྱིས་ཐེག་པ་གསུམ་ལ་འགོད་དེ། མྱ་ངན་ལས་བཟླའོ་ཞེས་པའི་དོན་ནོ། །སྦྱིན་པ་ལ་བརྟེན་པའི་སྦྱིན་པ་རྒྱས་པར་བསྟན་ཟིན་ཏོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་རོ། །སྦྱིན་པ་ལ་གནས་ནས་ཚུལ་ཁྲིམས་ལ་སྦྱོར་བ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། གནས་སྐབས་ཚུལ་ཁྲིམས་ལ་སྦྱོར་བ་དང༌། ཚུལ་ཁྲིམས་ཀྱི་འབྲས་བུ་ལ་འགོད་པའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོས་ཡུམ་ལ་སྤྱོད་ཅིང༌། སེམས་ཅན་རྣམས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་སྦྱོར་བ་ཡིན་ཞེ་ན་ཞེས་པ་ནས། མཐུན་པས་དགའ་བར་སྤྱོད་དོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ལྟར་ཞེས་པ་ནས། མྱ་ངན་ལས་ཟློས་ཏེ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་རོ། །སྦྱིན་པ་ལ་བརྟེན་ནས་བཟོད་པ་ལ་སྦྱར་བ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། གནས་སྐབས་བཟོད་པ་ལ་སྦྱར་བ་དང༌། མཐར་ཐུག་མྱང་འདས་ལ་སྦྱར་བའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། སྦྱོར་བ་ཡིན་ཞེ་ན་ཞེས་པའི་བར་གྱིས་དྲི་བ་བཀོད་ནས། རབ་འབྱོར་འདི་ལ་ཞེས་པ་ནས། བཟོད་པ་བསྒོམ་པ་དག་གི་ཡང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ལྟར་ཞེས་པ་ནས། མྱ་ངན་ལས་བཟློ་ཏེ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་རོ། །སྦྱིན་པ་ལ་བརྟེན་ནས་བརྩོན་འགྲུས་ལ་སྦྱོར་བ་ལ་ཡང་སྔ་མ་ལྟར་གཉིས་ཀྱི་དང་པོ་ལ་གཉིས་ཏེ། གནས་སྐབས་བརྩོན་འགྲུས་ལ་སྦྱོར་བ་དང༌། མཐར་ཐུག་མྱང་འདས་ལ་སྦྱོར་བའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ཞེས་པ་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་དྲི་བ་བཀོད་ནས། རབ་འབྱོར་འདི་ལ་ཞེས་པ་ནས། བརྩོན་འགྲུས་རྩོམ་པ་དག་གི་ཡང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །ཞེས་པའི་བར་རོ། །གཉིས་པ་ནི། དེ་ལྟར་ཞེས་པ་ནས། མྱ་ངན་ལས་ཟློས་ཏེ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་རོ། །སྦྱིན་པ་ལ་བརྟེན་ནས་བསམ་གཏན་ལ་སྦྱོར་བ་ལ་ཡང་གཉིས་ཏེ། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་ཡང་གཉིས་ཏེ། གནས་སྐབས་བསམ་གཏན་ལ་སྦྱོར་བ་དང༌། མཐར་ཐུག་མྱང་འདས་ལ་སྦྱོར་བའོ། །དང་པོ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། སྦྱོར་བ་ཡིན་ཞེས་པའི་དྲི་བ་བཀོད་ནས། རབ་འབྱོར་འདི་ལ་ཞེས་པ་ནས། རྣམ་པར་ཐར་པའི་སྒོ་གསུམ་མོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་དག་བསྒོམས་ནས་ཞེས་པ་ནས། ཡོངས་སུ་མི་ཉམས་ཏེ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། ཡོངས་སུ་སྡུད་པ་ཡིན་ཞེས་པའི་བར་རོ། །སྦྱིན་པ་ལ་གནས་ནས་ཤེས་རབ་ཀྱི་ཕར་ཕྱིན་ལ་སྦྱོར་བ་ལ་ཡང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། ཤེར་ཕྱིན་ལ་གདམས་པ་དང༌། གདམས་པའི་བྱེད་པ་བསྟན་པའོ། །དང་པོ་ལ་དྲི་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། སྡུད་པ་ཡིན་ཞེས་པའི་བར་རོ། །ལན་ལ། ཕར་ཕྱིན་དང་པོ་ལྔ་བསྒོམ་པ་ལ་གདམས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་གདམས་པའོ། །དང་པོ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། རྣམ་པ་དེ་དག་རྫོགས་པར་བགྱི་ལ་ཞེས་པའི་བར་རོ། །གཉིས་པ་ལ། གང་ཟག་གི་བདག་མེད་བསྒོམ་པ་ལ་གདམས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བདག་གམ་ཞེས་པ་ནས། མཐོང་བ་པོ་ཡོད་དམ་ཞེས་ཡོངས་སུ་རྟོགས་ཤིག་ཅེས་གདམས་ཤིང་རྗེས་སུ་སྟོན་ཏེ་ཞེས་སྦྲེལ་ནས་བཤད་པར་བྱའོ། །ཆོས་ཀྱི་བདག་མེད་རྟོགས་པ་ལ་གདམས་ཤིང་གདམས་པ་ནི། གཟུགས་སམ། ཚོར་བའམ་ཞེས་པ་ནས། ཆོས་གང་ཡང་ཡོད་དམ་ཞེས་པའི་བར་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་མ་དམིགས་པའི་ཚུལ་གྱིས་ཡོངས་སུ་རྟོགས་ཤིག་ཅེས་གདམས་པའོ། །གཉིས་པ་ནི། དེ་ལ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་ཞེས་པ་ནས། སངས་རྒྱས་སོ་ཞེས་བྱ་བར་རྣམ་པར་མི་རྟོག་སྟེ་ཞེས་པའི་བར་ཏེ། གདམས་པ་ལྟར་ཉམས་སུ་བླངས་པས་ཆོས་གང་ལ་ཡང༌། རྣམ་པར་མི་རྟོག་པ་ཐོབ་པ་ནི་གདམས་པའི་བྱེད་པ་ཡིན་པར་བསྟན་ཏོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། སྡུད་པ་ཡིན་ནོ་ཞེས་པའི་བར་རོ། །སྦྱིན་པ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བྱ་བ་སྒྲུབ་ཚུལ་བསྟན་ཟིན་ཏོ། །ཚུལ་ཁྲིམས་ལ་བརྟེན་ནས་ཕྱིན་དྲུག་གི་བྱ་བ་བསྒྲུབ་པས་སེམས་ཅན་གྱི་དོན་བྱེད་ཚུལ་ལ་ཡང་དྲུག་ལས། དང་པོ་ཚུལ་ཁྲིམས་ལ་གནས་ནས། སྦྱིན་པ་ལ་སྦྱོར་བའི་ཚུལ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་དྲུག་སྟེ། སྦྱིན་པ་ཇི་ལྟར་གཏོང་བའི་ཚུལ་ལ་གདམས་པ་དང༌། སྦྱིན་པ་ལ་འཇུག་པའི་དོན་དུ་འབྲས་བུ་ལ་སྤྲོ་བ་བསྐྱེད་པ་དང༌། བསྡུ་བའི་དངོས་པོ་བཞིས་བསྡུས་ཏེ་རྣམ་བྱང་གི་ཆོས་ལ་འགོད་པ་དང༌། འཁོར་གསུམ་མི་དམིགས་པའི་སྦྱིན་པས་གཞན་དོན་བྱེད་པ་ལ་བསྐུལ་བ་དང༌། འཁོར་ལོས་བསྒྱུར་རྒྱལ་གྱི་སྦྱིན་པའི་ཚུལ་གྱིས་སྦྱིན་པ་གཏོང་བ་ལ་སྦྱོར་བ་དང༌། སྦྱིན་པའི་ཡོ་བྱད་ཀྱིས་བསྡུས་ནས་མྱ་ངན་ལས་འདས་པ་ལ་སྦྱོར་བའོ། །དང་པོ་ལ། འཁོར་གསུམ་མི་དམིགས་པའི་སྦྱིན་པ་ལ་གདམས་པ་དང༌། འཁོར་གསུམ་མི་དམིགས་པའི་སྦྱིན་པས་འབྲས་བུ་ལ་སྦྱོར་བ་དང༌། སྦྱིན་པ་ལ་འཇུག་པའི་ཐབས་སྒོ་དུ་མ་ནས་བསྟན་པའོ། །དང་པོ་ནི། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་པ་ནས། འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དམིགས་སུ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་ལ་ཞེས་པ་ནས། བྱང་ཆུབ་ལ་སྦྱོར་རོ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་སྤྱོད་ཅིང་ཞེས་པ་ནས། མཐུན་པས་དགའ་བར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ལྟར་བྱང་སེམས་ཆེན་པོ་དེ་ཡང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས་ཞེས་པ་ནས། རྒྱལ་སྲིད་ཐོབ་བོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་དག་ནམ་ཡང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ་ཞེས་པ་ནས། རང་བྱང་ཆུབ་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །བཞི་པ་ལ། དངོས་ཀྱི་དོན་དང༌། ཞར་ལ་ཕན་ཡོན་བསྟན་པའོ། །དང་པོ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བར་བྱེད་དོ་ཞེས་པ་ནས། སྦྱིན་པའི་ཕར་ཕྱིན་ལ་སྤྱད་པར་བྱ་སྟེ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ལྟར་སྤྱད་པའི་ཚེ། ཅི་ནས་ཀྱང་ཞེས་པ་ནས། འབྲས་བུ་འབྱུང་བ་སྟེ་ཞེས་པའི་བར་ཏེ། སྦྱིན་པ་གཏོང་བའི་ཕན་ཡོན་གཉིས་འབྱུང་བ་འཐད་པ་དང་བཅས་པས་བསྟན་ཏོ། །ལྔ་པ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་ཞེས་པ་ནས། དེ་ལྟར་སྤྱད་པར་བྱའོ་ཞེས་པའི་བར་རོ། །དྲུག་པ་ལ་གཉིས་ཏེ། སྡུད་བྱེད་ཀྱི་ཡོ་བྱད་བཤད་པ་དང༌། ཡོ་བྱད་ཀྱིས་བསྡུས་ནས་མྱང་འདས་ལ་འགོད་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཡོ་བྱད་དེ་དག་གང་ལགས་ཞེས་པ་ནས། དེ་དག་ནི་ཡོ་བྱད་དེ་ཞེས་པའི་བར་ཏེ། གོང་དུ་ཕྱི་རོལ་གྱི་ཡོ་བྱད་དག་གིས་ཞེས་པ་ནས། ཡོ་བྱད་དེ་དག་གང་ཞེས་དྲི་བའི་ལན་གྱིས་གསུངས་སོ། །གཉིས་པ་ནི། ཡོ་བྱད་དེ་དག་གིས་ཞེས་པ་ནས། མྱ་ངན་ལས་ཟློས་ཏེ་ཞེས་པའི་བར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། སྡུད་པ་ཡིན་ནོ་ཞེས་པའི་བར་རོ། །ཚུལ་ཁྲིམས་ལ་གནས་ནས་ཚུལ་ཁྲིམས་ལ་སྦྱོར་བ་ནི། དྲིས་ལན་གཉིས་ཀྱིས་བཤད་པ་ལ་དྲི་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། སྦྱོར་བ་ཡིན་ཞེ་ན་ཞེས་པའི་བར་རོ། །གཉིས་པ་ལན་ལ་རྒྱས་པར་བཤད་པ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། མྱ་ངན་ལས་ཟློས་ཏེ་ཞེས་པའི་བར་ཏེ། རྒྱས་པར་ནི་སྔ་མ་སྦྱིན་པའི་སྐབས་སུ་བཤད་པ་བཞིན་སྦྱར་རོ། །གཉིས་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། སྡུད་པ་ཡིན་ནོ་ཞེས་པའི་བར་རོ། །ཚུལ་ཁྲིམས་ལ་གནས་ནས་བཟོད་པ་ལ་སྦྱོར་བ་ལ་དྲི་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། སྦྱོར་བ་ཡིན་ཞེ་ན་ཞེས་པའི་བར་རོ། །ལན་ལ་རྒྱས་པར་བཤད་པ་ནི། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གནས་ཤིང༌། སེམས་ཅན་གང་ཁྲོ་བ་དང་ཞེས་པ་ནས། མྱ་ངན་ལས་བཟློ་ཞེས་པའི་བར་རོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། བཟོད་པའི་ཕར་ཕྱིན་གྱིས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་རོ། །བརྩོན་འགྲུས་ལ་སྦྱོར་བ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་པ་ནས། ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་ཏེ། དྲི་བ་དང་ལན་ལ་རྒྱས་བཤད་དོན་བསྡུ་གཉིས་སྔ་མ་བཞིན་སྦྱར་ནས་བཤད་དོ། །བསམ་གཏན་ལ་སྦྱོར་བ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་སྤྱོད་ཅིང་ཞེས་པ་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་རོ། །ཚུལ་ཁྲིམས་ལ་གནས་ནས་ཤེར་ཕྱིན་ལ་སྦྱོར་བ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་སྤྱོད་ཅིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན་ཞེས་པ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་ཏེ། སྔ་མ་བཞིན་ནོ། །ཚུལ་ཁྲིམས་ལ་གནས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བྱ་བས་སེམས་ཅན་གྱི་དོན་བྱེད་པ་བསྟན་ཟིན་ཏོ། །བཟོད་པ་ལ་གནས་ནས་ཕྱིན་དྲུག་གི་བྱ་བས་སེམས་ཅན་གྱི་དོན་བྱེད་ཚུལ་ལ་དྲུག་ལས། བཟོད་པ་ལ་གནས་ནས་སྦྱིན་པས་སེམས་ཅན་བསྡུ་བ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་བཟོད་པའི་ཕར་ཕྱིན་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན་ཞེས་པ་ནས། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོ་བཟོད་པའི་ཕར་ཕྱིན་ལ་གནས་ཤིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ནོ་ཞེས་པའི་བར་ཏེ། རྒྱས་པར་སྔ་མ་བཞིན་ནོ། །བཟོད་པ་ལ་གནས་ནས་ཚུལ་ཁྲིམས་ལ་སྦྱོར་བ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་བཟོད་པའི་ཕར་ཕྱིན་ལ་སྤྱོད་ཅིང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན་ཞེས་པ་ནས། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོ་བཟོད་པའི་ཕར་ཕྱིན་ལ་གནས་ཤིང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ནོ་ཞེས་པའི་བར་རོ། །བཟོད་པ་ལ་གནས་ནས་བཟོད་པ་ལ་སྦྱོར་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་ཞེས་པས་དྲི་བ་བཀོད་ནས། རབ་འབྱོར་འདི་ལ་ཞེས་པ་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་རོ། །བཟོད་པ་ལ་གནས་ནས། བརྩོན་འགྲུས་ལ་སྦྱོར་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་སྦྱོར་བ་ཡིན་ཞེ་ན་ཞེས་པའི་བར་གྱིས་དྲི་བ་བཀོད་དེ། རབ་འབྱོར་འདི་ལ་ཞེས་པ་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །བཟོད་པ་ལ་གནས་ནས་བསམ་གཏན་ལ་སྦྱོར་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། བསམ་གཏན་གྱི་ཕར་ཕྱིན་ལ་སྦྱོར་བ་ཡིན་ཞེ་ན་ཞེས་པའི་བར་གྱིས་དྲི་བ་བཀོད་དེ། རབ་འབྱོར་འདི་ལ་ཞེས་པ་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །བཟོད་པ་ལ་གནས་ནས་ཤེར་ཕྱིན་ལ་སྦྱོར་བ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེས་པའི་བར་གྱིས་དྲི་བ་བཀོད་དེ། རབ་འབྱོར་འདི་ལ་ཞེས་པ་ནས། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏོ། །བཟོད་པའི་ཕར་ཕྱིན་ལ་གནས་ནས་ཕྱིན་དྲུག་གིས་སེམས་ཅན་གྱི་དོན་བསྒྲུབ་པ་བསྟན་ཟིན་ཏོ། །བརྩོན་འགྲུས་ལ་གནས་ནས་ཕྱིན་དྲུག་གི་བྱ་བས་སེམས་ཅན་གྱི་དོན་བྱེད་ཚུལ་ལ། དྲི་བ་དྲུག་བཀོད་ནས། རྒྱས་པར་ལན་གྱིས་བཤད་པ་དྲུག་ཚན་གྱིས་བསྟན་ཚུལ་སྔ་མ་བཞིན་ཏེ། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན་ཞེས་པ་ནས། རབ་འབྱོར་དེ་ལྟར་བྱང་སེམས་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་ཏེ། རྒྱས་པར་སྔ་མ་བཞིན་བཤད་དོ། །འདི་ལ་ཤོག་ལྡེབ་བདུན་ཙམ་སྣང་ངོ༌། །བསམ་གཏན་གྱི་ཕར་ཕྱིན་ལ་གནས་ཤིང་ཕྱིན་དྲུག་གིས་སེམས་ཅན་གྱི་དོན་བྱེད་ཚུལ་ལ་ཡང་དྲིས་ལན་དྲུག་གིས་རྒྱས་པར་སྟོན་པ་སྟེ། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། སྦྱིན་པའི་ཕར་ཕྱིན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་ཞེས་པ་ནས། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། ཤེས་རབ་ཀྱི་ཕར་ཕྱིན་གྱིས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་ཏེ། རྒྱས་པར་ནི་སྦྱིན་པའི་སྐབས་སུ་བཤད་པ་བཞིན་ནོ། །འདི་ལ་ཡང་ཤོག་ལྡེབ་བདུན་ཙམ་སྣང་ངོ༌། །ཤེས་རབ་ཀྱི་ཕར་ཕྱིན་ལ་གནས་ནས་ཕྱིན་དྲུག་གི་བྱ་བས་སེམས་ཅན་གྱི་དོན་བྱེད་ཚུལ་ལ་དྲུག་ཡོད་པ་རིམ་པ་ལྟར་སྟོན་པ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན་ཞེས་པ་ནས། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་རྣམ་པར་མི་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱས་པར་ནི་སྦྱིན་པའི་སྐབས་སུ་བཤད་པ་བཞིན་དུ་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་ཕྱིན་དྲུག་གི་བྱ་བས་སེམས་ཅན་གྱི་དོན་བྱེད་ཚུལ་བསྟན་ཟིན་ཏོ། །ཕྱིན་དྲུག་རེ་རེ་གཙོ་བོར་འགྱུར་བའི་ཐབས་ཀྱིས་སེམས་ཅན་སྡུད་ཅིང་སྨིན་པར་བྱེད་པ་བསྟན་ཟིན་ཏོ། །ཕྱིན་དྲུག་ལ་བརྟེན་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་སྟོན་པ་ལ། སྦྱིན་པའི་ཕར་ཕྱིན་ལ་གནས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱིས་སེམས་ཅན་གྱི་དོན་བྱེད་ཚུལ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་སྦྱིན་པའི་ཕར་ཕྱིན་ལ་གནས་ཤིང་དྲན་པ་ཉེ་བར་བཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་ཞེས་པ་ནས། རབ་འབྱོར་དེ་ལྟར་ན་བྱང་སེམས་ཆེན་པོ་སྦྱིན་པའི་ཕར་ཕྱིན་ལ་གནས་ཤིང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ་ཞེས་པའི་བར་ཏེ། དྲན་པ་ཉེར་བཞག་བཞི་ལ་སྦྱོར་བ་དང༌། ཡང་དག་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་ལམ་བརྒྱད་ལ་སྦྱོར་བའི་བར་དོན་བདུན་གྱིས་བཤད་དོ། །ཚུལ་ཁྲིམས་ལ་གནས་ནས་བྱང་ཆུབ་ཀྱི་ཕྱོགས་ལ་སྦྱོར་ཚུལ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གནས་ཤིང༌། དྲན་པ་ཉེ་བར་བཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་ཞེས་པ་ནས། འཕགས་ལམ་ཡན་ལག་བརྒྱད་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ་ཞེས་པའི་བར་ཏེ། དོན་བདུན་གྱིས་སྔ་མ་བཞིན་དུ་བཤད་དོ། །བཟོད་པ་ལ་བརྟེན་ནས་བྱང་ཆུབ་ཀྱི་ཕྱོགས་ལ་སྦྱོར་ཚུལ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་པ་ནས། འཕགས་ལམ་ཡན་ལག་བརྒྱད་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེས་པའི་བར་ཏེ་སྔ་མ་བཞིན་བཤད་དོ། །བརྩོན་འགྲུས་ལ་གནས་ནས་བྱང་ཆུབ་ཀྱི་ཕྱོགས་ལ་སྦྱོར་ཚུལ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་པ་ནས། འཕགས་ལམ་ཡན་ལག་བརྒྱད་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ་ཞེས་པའི་བར་ཏེ་སྔ་མ་བཞིན་ནོ། །བསམ་གཏན་གྱི་ཕར་ཕྱིན་ལ་གནས་ནས་བྱང་ཆུབ་ཀྱི་ཕྱོགས་ལ་སྦྱོར་ཚུལ་ནི། རབ་འབྱོར་ཇི་ལྟར་ན་བྱང་སེམས་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། དྲན་པ་ཉེ་བར་བཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་ཞེས་པའི་བར་ཏེ་སྔ་མ་བཞིན་ནོ། །ཤེར་ཕྱིན་ལ་གནས་ནས་བྱང་ཕྱོགས་ལ་སྦྱོར་ཚུལ་ནི། རབ་འབྱོར་ཇི་ལྟར་ན་ཞེས་པ་ནས། བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། དྲན་པ་ཉེ་བར་བཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ་སྔ་མ་བཞིན་ནོ། །ཕྱིན་དྲུག་ལ་བརྟེན་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱིས་སེམས་ཅན་གྱི་དོན་བྱེད་ཚུལ་བསྟན་ཟིན་ཏོ། །ཕྱིན་དྲུག་གི་རྐྱེན་གྱིས་བྱང་ཆུབ་ཀྱི་ལམ་ལ་སྦྱོར་བ་ལ་དྲུག་སྟེ། དང་པོ་སྦྱིན་པའི་རྐྱེན་གྱིས་བྱང་ཆུབ་ཀྱི་ལམ་ལ་སྦྱོར་བ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། སེམས་ཅན་མགོན་མེད་པ་ཞེས་པ་ནས། འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་ཐར་བར་གྱུར་པ་ཞེས་པའི་བར་གྱིས་བསྟན་ཏོ། །ཚུལ་ཁྲིམས་ཀྱི་རྐྱེན་གྱིས་བྱང་ཆུབ་ཀྱི་ལམ་འབྲས་བུ་དང་བཅས་པ་ལ་སྦྱོར་བ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་སེམས་ཅན་རྣམས་འདི་ལྟར་ཡོངས་སུ་སྨིན་པར་བྱའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །བཟོད་པའི་རྐྱེན་གྱིས་བྱང་ཆུབ་ཀྱི་ལམ་འབྲས་བུ་དང་བཅས་པ་ལ་སྦྱོར་བ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་བཟོད་པའི་ཕར་ཕྱིན་ལ་གནས་ཤིང༌། སེམས་ཅན་སེམས་འཁྲུགས་པ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །བརྩོན་འགྲུས་ཀྱི་རྐྱེན་གྱིས་བྱང་ཆུབ་ཀྱི་ལམ་འབྲས་བུ་དང་བཅས་པ་ལ་སྦྱོར་བ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་པ་ནས། རྗེས་སུ་ཐོབ་པར་བྱེད་དོ་ཞེས་པའི་བར་རོ། །བསམ་གཏན་གྱི་རྐྱེན་གྱིས་བྱང་ཆུབ་ཀྱི་ལམ་འབྲས་བུ་དང་བཅས་པ་ལ་སྦྱོར་བ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་བསམ་གཏན་གྱི་ཕར་ཕྱིན་ལ་གནས་ཤིང་འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་ཐར་རོ་ཞེས་པའི་བར་རོ། །ཤེས་རབ་ཀྱི་རྐྱེན་གྱིས་བྱང་ཆུབ་ཀྱི་ལམ་འབྲས་བུ་དང་བཅས་པ་ལ་སྦྱོར་བ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཞེས་པ་ནས། འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་ཐར་རོ་ཞེས་པའི་བར་རོ། །མངོན་རྟོགས་རྒྱན་ལས་ཀྱང༌། ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་བྱེད་པའི་ལེའུ་སྟེ་དྲུག་ཅུ་རེ་དྲུག་པ་རྣམ་པར་བཤད་པའོ།།  ༈ དྲུག་ཅུ་རེ་བདུན་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ལེའུ་བཤད་པ། ལེའུ་འདི་ནས་མཛད་པ་བཞི་སྟོན་ཏེ། བྱང་སེམས་ཀྱི་ལམ་ལ་འགོད་པ་དང༌། མངོན་པར་མ་ཞེན་པ་ལ་འགོད་པ་དང༌། བྱང་ཆུབ་ཐོབ་པ་ལ་འགོད་པ་དང༌། ཞིང་ཡོངས་སུ་དག་པ་ལ་འགོད་པའོ། །དང་པོ་ལ་ལམ་གྱི་རང་བཞིན་བཤད་པ་དང༌། ལམ་གྱིས་སློབ་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ལམ་གྱི་དབྱེ་བ་བཤད་པ་དངོས་དང༌། ཆོས་ཐམས་ཅད་ལ་སློབ་པར་བསྟན་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་གྱུར་ཏེ་ཞེས་པ་ནས། རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་ནི་བྱང་སེམས་ཆེན་པོའི་ལམ་མོ་ཞེས་པའི་བར་གྱིས་བསྟན་ཏེ། རབ་འབྱོར་གྱིས་བྱང་སེམས་ཀྱི་ལམ་ཇི་ལྟ་བུ་ཞིག་ཡོད་སྙམ་པའི་དོགས་པ་སྐྱེས་པ་བཅོམ་ལྡན་འདས་ཀྱི་ཐུགས་སུ་ཆུད་ནས། སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་བྱང་ཆུབ་ཀྱི་ལམ་དང༌། ཆོས་ཐམས་ཅད་ལ་སློབ་པ་བྱང་སེམས་ཀྱི་ལམ་དུ་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་ལ་མ་བསླབ་པར་རྣམ་མཁྱེན་ཐོབ་པར་མི་ནུས་པས། ཆོས་ཐམས་ཅད་ལ་བསླབ་པ་བྱང་སེམས་ཀྱི་ལམ་དུ་བསྟན་ཏོ། །འདིར་བསླབ་པར་བྱ་བའི་ཆོས་ཐམས་ཅད་ནི་རིག་པའི་གནས་ལྔ་ལ་ངོས་བཟུང་ངོ༌། །གཉིས་པ་ལ་རྩོད་པ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཆོས་གང་ལ་ཞེས་པ་ནས། སྤྲོས་པ་མ་མཆིས་པ་སྤྲོ་བར་བགྱིད་པའོ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་སྟོང་ཉིད་ཡིན་ན། ཐམས་ཅད་ལ་ཇི་ལྟར་བསླབ་པར་བགྱི། ཐམས་ཅད་ལ་སློབ་ན་སྤྲོས་པ་མེད་པ་སྤྲོ་བ་ཉིད་དུ་བགྱིད་པར་འགྱུར་རོ་ཞེས་པའི་དོན་ནོ། །ལན་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྗེས་སུ་བརྗོད་པ་དང༌། སྟོང་ཉིད་མིན་པ་ལ་སྐྱོན་བསྟན་པ་དང༌། སྟོང་ཉིད་རྟོགས་པའི་བྱེད་པ་བསྟན་པ་དང༌། ངོ་བོ་ཉིད་ཀྱིས་སྟོང་པ་ལ་ཆོས་རྣམས་ཀྱི་རབ་དབྱེ་འཐད་པ་དང༌། ཆོས་ཀྱི་རབ་དབྱེ་བསྟན་པའི་དགོས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་གསུངས་པའོ། །གཉིས་པ་ནི། རབ་འབྱོར་གལ་ཏེ་ཞེས་པ་ནས། འཚང་མི་རྒྱ་སྟེ་ཞེས་པའི་བར་རོ། །གསུམ་པ་ནི། རབ་འབྱོར་ཆོས་ཐམས་ཅད་སྟོང་པས་ན་ཞེས་པ་ནས། འཚང་རྒྱའོ་ཞེས་པའི་བར་རོ། །བཞི་པ་ནི། རབ་འབྱོར་ཁྱོད་ཀྱིས་གཞན་ཡང་གང་ཞེས་པ་ནས། ཆོས་རྣམ་པར་དབྱེ་བར་འགྱུར་རོ་ཞེས་པའི་བར་རོ། །ལྔ་པ་ནི། རབ་འབྱོར་ཞེས་པ་ནས། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་པའི་བར་ཏེ། སོ་སོ་སྐྱེ་བོས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མི་ཤེས་པས་དེ་ཤེས་པའི་དོན་དུ་ཆོས་རྣམས་ཀྱི་རབ་དབྱེ་སྟོན་ཞེས་པའི་དོན་ནོ། །མངོན་རྟོགས་རྒྱན་ལས་ཀྱང༌། བྱང་ཆུབ་སེམས་དཔའི་ལམ་དང་ནི། །ཞེས་གསུངས་སོ། །གཉིས་པ་མངོན་པར་མ་ཞེན་པ་ལ་འགོད་པ་ལ། རང་རྒྱུད་ལ་ཞེན་པ་སྤོང་བའི་ཐབས་དང༌། གཞན་ལ་ཞེན་པ་སྤོང་བའི་ཐབས་དང༌། ཟག་མེད་ཀྱི་ཆོས་ལ་སྤྱོད་ཀྱང་མངོན་པར་ཞེན་པས་མི་གནས་པ་དང༌། དགོས་པ་གང་དུ་མི་གནས་པའི་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། མངོན་པར་ཞེན་པ་མེད་པའི་ཐབས་དང༌། ཐབས་ལ་ཞུགས་པའི་བྱེད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་ལ་ཞེས་པ་ནས། ཡོངས་སུ་བརྟག་པར་བྱའོ་ཞེས་པའི་བར་ཏེ། རྒྱུ་རྐྱེན་གྱིས་མངོན་པར་འདུ་བྱ་བ་ལས་མ་གཏོགས་པ། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པར་ཤེས་རབ་ཀྱིས་ཡོངས་སུ་བརྟག་པར་བྱའོ་ཞེས་པའི་དོན་ནོ། །གཉིས་པ་ནི་ཆོས་ཐམས་ཅད་ངོ་བོ་མེད་པར་ཤེས་རབ་ཀྱིས་བརྟགས་པས་སྦྱིན་པ་ནས་བྱང་ཆུབ་ཀྱི་བར་རམ། ཆོས་གང་ལ་ཡང་ཆགས་པར་མི་འགྱུར་ཏེ། དེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་རྟོག་པས་ཞེས་པ་ནས། ཆགས་པར་མི་འགྱུར་རོ་ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། སྟོང་སྟེ་ཞེས་པའི་བར་རོ། །ཁྱབ་པ་བསྟན་པ་ནི། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་མངོན་པར་ཞེན་པར་མི་འགྱུར་རོ་ཞེས་པའོ། །སྟོང་ཉིད་ལ་མ་ཞེན་པའི་དོན་བསྟན་པ་ནི། སྟོང་པ་ཉིད་ཀྱང་ཞེས་པ་ནས། ལྟ་ཅི་སྨོས་ཏེ་ཞེས་པའི་བར་རོ། མ་ཞེན་པར་བསྟན་པའི་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། རྣམ་པར་སྤྱོད་དོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་བསླབ་པ་འདི་ལ་གནས་ཤིང་སེམས་ཅན་འདི་དག་ཅི་ལ་སྤྱོད་ཅེས་སེམས་ཅན་གྱི་སྤྱོད་པ་ལ་ལྟས་ཏེ་ཞེས་པ་ནས། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མངོན་པར་ཞེན་པ་མེད་པར་དེ་ནི་འདི་ལྟར་དེ་དག་ལ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། གང་གིས་མངོན་པར་ཞེན་པའི་ངོ་བོ་ཉིད་མེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་བསླབ་པ་འདི་ལ་གནས་ཤིང་ཞེས་པའི་དོན་ནི། ངོ་བོ་ཉིད་མེད་པར་རྟོགས་ནས། མངོན་པར་ཞེན་པ་མེད་པར་སྤྱོད་པའི་བསླབ་པ་འདི་ལ་གནས་ཞེས་པའི་དོན་ནོ། །གཞན་ལ་གདམས་པ་སྟོན་པའི་ཚུལ་ནི། ཕྱིན་དྲུག་ནས་རྣམ་མཁྱེན་གྱི་བར་ལ་སྤྱོད་ཅིག དེ་ལ་བདེན་པའི་སྙིང་པོ་གང་ཡང་མེད་དོ་ཞེས་པའི་ཚུལ་གྱིས་འདོམས་སོ། །ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་ལ་རློམ་སེམས་སུ་བྱེད་པ་མི་འཐད་པའི་གཏན་ཚིགས་འགོད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ངོ་བོ་ཉིད་མེད་དེ་ཞེས་པའི་བར་རོ། །དེ་ལ་དེ་དག་ལ་ཞེས་པས་ཆོས་ཅན་བསྟན་ཏོ། །ཆོས་ཐམས་ཅད་མངོན་པར་ཞེན་པ་མེད་པ་སྟེ་ཞེས་པ་དང༌། གང་གིས་མངོན་པར་ཞེན་པའི་ངོ་བོ་ཉིད་མེད་དོ་ཞེས་པས་བསྒྲུབ་བྱའི་ཆོས་བསྟན་ཏོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཞེས་པས་གཏན་ཚིགས་བསྟན་ཏེ། འཐད་པ་བསྟན་པའི་སྒོ་ནས་དོན་བསྡུ་བའོ། །གསུམ་པ་ཟག་མེད་ཀྱི་ཆོས་ལ་སྤྱོད་ཀྱང་མངོན་པར་ཞེན་པས་མི་གནས་པ་ལ་གསུམ་སྟེ། སྤྱོད་པ་ལ་མངོན་པར་ཞེན་པས་མི་གནས་པ་དང༌། སྒོམ་པ་ལ་མངོན་པར་ཞེན་པས་མི་གནས་པ་དང༌། འབྲས་བུ་ལ་མངོན་པར་ཞེན་པས་མི་གནས་པའོ། །དང་པོ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ་ཞེས་པའི་བར་རོ། །འཐད་པ་ནི། སྤྱད་བྱ་དང༌། སྤྱོད་པ་པོ་དང༌། སྤྱོད་པའི་རྣམ་པ་རང་བཞིན་གྱིས་སྟོང་པའི་ཕྱིར་ཞེས་སྦྱོར་རོ། །འཐད་པ་འདི་དག་གི་རིགས་པས་གཞུང་ལ་ཆད་པར་སྣང་ངོ༌། །གཉིས་པ་ནི། དེ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ་ཞེས་པ་ནས། དེ་ནི་འདི་ལྟར་མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ༌། །གང་མཉམ་པར་བཞག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ༌། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་ཞེས་པའི་བར་ཏེ། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་བཞི་དང༌། རྣམ་ཐར་བརྒྱད་དང༌། བྱང་ཆུབ་ཀྱི་ཕྱོགས་རྣམས་དང༌། བདེན་བཞི་དང༌། རྣམ་ཐར་སྒོ་གསུམ་དང༌། མངོན་ཤེས་ལྔ་ལ་སྙོམས་པར་འཇུག་ཀྱང་དེ་དག་ལ་མངོན་པར་ཞེན་པས་མི་གནས་ཏེ། མཉམ་པར་བཞག་བྱ་དང༌། གཞོག་པར་བྱེད་པ་དང༌། མཉམ་པར་བཞག་པའི་རྣམ་པ་རང་བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་བསྟན་ཏོ། །གསུམ་པ་ལ། འབྲས་བུ་ལ་མི་གནས་པའི་དོན་དངོས་དང༌། འཐད་པ་དྲིས་ལན་གྱིས་བསྟན་པའོ། །དང་པོ་ནི། དེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ཀྱང་དེ་ལ་མི་གནས་སོ་ཞེས་པ་ནས། དེ་རང་བྱང་ཆུབ་ཐོབ་ཀྱང་དེ་ལ་མི་གནས་སོ་ཞེས་པའི་བར་ཏེ་མངོན་པར་ཞེན་པས་མི་གནས་པའི་དོན་ནོ། །འཐད་པ་ཡང་སྔ་མའི་རིགས་པས་དཔགས་ནས་སྦྱར་རོ། །གཉིས་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་མི་གནས་ཞེས་པ་སྟེ། ཅིའི་སླད་དུ་འབྲས་བུ་ལ་མངོན་པར་ཞེན་པས་མི་གནས་ཞེས་དྲིའོ། །ལན་ལ་གཉིས་ཏེ། འཐད་པ་དངོས་དང༌། འཐད་པ་དེ་ཉིད་འཐད་པ་རྒྱུད་པས་གཏན་ལ་དབབ་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་གཉིས་ཀྱི་ཕྱིར་མི་གནས་ཏེ་ཞེས་པ་ནས། དེ་དག་ལ་མེད་དོ་ཞེས་པའི་བར་ཏེ། འབྲས་བུ་ངོ་བོ་ཉིད་ཡོད་པ་དང༌། ངོ་བོ་ཉིད་མེད་པ་གཉིས་ཆར་ཐོབ་པའི་སླད་དུ་མི་གནས་པའི་ཕྱིར་ཏེ་ངོ་བོ་ཉིད་ཡོད་མེད་གཉིས་ཀ་ལ་གང་ལ་གནས་པ་དང༌། གང་གིས་གནས་པ་དང༌། གང་གནས་པར་འགྱུར་པ་དེ་ལྟ་བུའི་འབྲས་བུ་མེད་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་ཙམ་གྱིས་དགའ་བར་ཡང་མི་འཛིན་ཏེ་ཞེས་པ་ནས། འབྲས་བུ་ཐོབ་པ་དེ་ཙམ་གྱིས་དགའ་བར་མི་འཛིན་ཏེ། ཞེས་པའི་བར་རོ། །འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བདག་གིས་རང་སངས་རྒྱས་ཀྱི་སའི་བར་དུ་ཐོབ་པར་མི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མི་བྱ་ཡི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་པའི་བར་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་སོགས་ཀྱི་རྟོགས་རིགས་ཐོབ་པར་མི་བྱ་བ་མ་ཡིན་མོད་ཀྱི་དེ་ལ་གནས་པར་མི་བྱའོ། །གང་བྱ་བ་ཡིན་ཞེ་ན། སངས་རྒྱས་ཐོབ་པར་བྱའོ། །ཅི་ཕྱིར་རྒྱུན་ཞུགས་སོགས་ལ་གནས་པར་མི་བྱ་ཞེ་ན། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་བཅུའི་བར་དུ་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པ་སེམས་གང་ཡང་མི་སྐྱེད་པའི་ཕྱིར། འོ་ན་ཇི་ལྟར་སེམས་བསྐྱེད་པར་བྱ་ཞེ་ན། བྱང་སེམས་ཀྱི་སྐྱོན་མེད་པ་ལ་ཞུགས་ནས། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པ། སེམས་གཞན་གང་ཡང་མི་བསྐྱེད་དོ་སྙམ་པའི་ཚུལ་གྱིས་སེམས་བསྐྱེད་པར་བྱའོ། །བྱ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་བྱང་ཆུབ་ཀྱི་ལམ་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །བྱང་ཆུབ་ཐོབ་པ་ལ་འགོད་པའི་མཛད་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། ཇི་ལྟར་བསྒྲུབ་པར་བགྱི་ཞེས་པའི་བར་རོ། །ལན་ལ། ཆོས་ཐམས་ཅད་མ་སྐྱེས་པར་རྗེས་སུ་བརྗོད་པ་དང༌། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྔར་བཞིན་དུ་ཕྱིས་ཀྱང་གནས་པར་བསྟན་པ་དང༌། དེ་མ་ཤེས་པའི་དོན་དུ་ཆོས་བསྟན་ནས་འཁོར་བ་ལས་ཐར་བར་བྱེད་པ་དང༌། ལམ་གྱིས་བྱང་ཆུབ་ཐོབ་ཚུལ་གཏན་ལ་དབབ་པ་དང༌། འབྲས་བུ་བྱང་ཆུབ་ཀྱི་ཡོན་ཏན་བརྗོད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ་ཞེས་པ་ནས། མ་སྐྱེས་སོ་ཞེས་པའི་བར་རོ། །གཉིས་པ་ནི་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པར་འདོད་པ་མ་ལགས་སམ་ཞེས་དྲི་བ་སྟེ། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མ་ལགས་སམ་ཞེས་པའི་བར་རོ། །དྲི་བ་དང་མཚུངས་པར་བརྗོད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། གནས་སོ་ཞེས་པའི་བར་རོ། །གསུམ་པ་ནི། འོ་ན་སྔ་ན་གནས་པས་དེ་བསྟན་པ་དོན་མེད་དོ་ཞེ་ན། དེ་ལའང་ཞེས་པ་ནས། ཐར་པར་བྱེད་དོ་ཞེས་པའི་བར་གྱིས་ལན་བསྟན་ཏོ། །བཞི་པ་ནི་ལམ་སྐྱེད་པར་གྱུར་པ་དང༌། མ་སྐྱེས་པ་དང༌། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ལ་གནས་ནས། བྱང་ཆུབ་ཐོབ་པ་མ་ཡིན་པ་རྒལ་ལན་གྱིས་གཏན་ལ་དབབ་པ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། མ་ཡིན་ནོ་ཞེས་པའི་བར་རོ། །འོ་ན་ཇི་ལྟར་ཐོབ་སྙམ་ན། བྱང་ཆུབ་ཐ་སྙད་ཙམ་དུ་ཐོབ་པ་ཡིན་ན་ནི། ལམ་ངོ་བོ་ཉིད་ཀྱིས་ཡོད་པས་བྱང་ཆུབ་ངོ་བོ་ཉིད་ཀྱིས་ཡོད་པ་ཐོབ་པ་མ་ཡིན་ཞེས་སྟོན་པ་ནི། གསོལ་པ་བཅོམ་ལྡན་འདས་འོ་ན་ཞེས་པ་ནས། ཐོབ་པ་ཡང་མ་ཡིན་ཞེས་པའི་བར་རོ། །འོ་ན་བྱང་ཆུབ་དང་ལམ་ངོ་བོ་ཉིད་ཀྱིས་ཐ་དད་པ་ཡིན་ནམ་སྙམ་ན་མ་ཡིན་ཞེས་སྟོན་པ་ནི། བྱང་ཆུབ་ཉིད་ཀྱང་ལམ། ལམ་ཉིད་ཀྱང་བྱང་ཆུབ་བོ་ཞེས་པས་སྟོན་ནོ། །གལ་ཏེ་ལམ་དང་བྱང་ཆུབ་གཅིག་ན། བྱང་ཆུབ་སྔ་ན་ཐོབ་པར་འགྱུར་དགོས་ལ། དེ་ལྟ་ན་མཚན་དང་དཔེ་བྱད་སོགས་ཐོབ་པའི་སྒོ་ནས་སངས་རྒྱས་སུ་ཇི་ལྟར་འཇོག ཅེས་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། ཅིའི་སླད་དུ་བསྟན་ཞེས་པའི་བར་རོ། །སངས་རྒྱས་གཅིག་གིས་བྱང་ཆུབ་སྔ་ན་མེད་པ་གསར་དུ་ངོ་བོ་ཉིད་ཀྱིས་ཐོབ་པར་བྱེད་པ་མ་ཡིན་ནམ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་ནས། རབ་འབྱོར་དེ་ཅི་སྙམ་དུ་སེམས། བྱང་ཆུབ་ཉིད་ཀྱང་སངས་རྒྱས་སོ་ཞེས་པའི་བར་རོ། །ལམ་དང་བྱང་ཆུབ་ངོ་བོ་ཉིད་ཀྱིས་ཐ་མི་དད་པར་བསྟན་པ་ལ། སྔ་ནས་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་རབ་འབྱོར་གྱིས་རྩོད་པ་སྨྲས་པའི་ལན་ནི། སྔ་ནས་ཐོབ་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་མ་འདྲེས་པའི་བར་རྫོགས་པར་བྱས་ཤིང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་ལ་བརྟེན་ནས། སངས་རྒྱས་དགོས་པའི་ཕྱིར་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ་ཞེས་པ་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ་ཞེས་པའི་བར་རོ། །ལྔ་པ་ནི། བླ་ན་མེད་པ་ཞེས་པ་ནས། དབང་བསྒྱུར་བ་ཞེས་པའི་བར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་འགོད་པའི་མཛད་པ་ལ། དང་པོ་དྲི་བ་ནི། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། ཡོངས་སུ་དག་པར་བགྱི་ཞེས་པའི་བར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་ན། སྦྱང་བྱ་སྦྱོར་བྱེད་མེད་པས་སངས་རྒྱས་ཀྱི་ཞིང་ཇི་ལྟར་ཡོངས་སུ་སྦྱོང་བར་བགྱི་ཞེས་པའོ། །ལན་ལ་བཞི་སྟེ། བཅུད་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། སྣོད་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། བཅུད་སྦྱོང་བའི་ཐབས་གཞན་སྟོན་པ་དང༌། ཞིང་སྦྱོང་བའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རབ་འབྱོར་འདི་ལ་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་ལ་ཡང༌། སྦྱང་བྱའི་གནས་ངན་ལེན་བཤད་པ་དང༌། གནས་ངན་ལེན་སྤོང་ཞིང་བདག་གཞན་དགེ་བ་ལ་སྦྱོར་བའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས། ལུས་ཀྱི་གནས་ངན་ལེན་ནི་གང་ལགས་ཞེས་པ་ནས། རབ་འབྱོར་དེ་དག་ནི་བྱང་སེམས་ཆེན་པོའི་ལུས་ཀྱི་གནས་ངན་ལེན་དང༌། ངག་གི་གནས་ངན་ལེན་དང༌། ཡིད་ཀྱི་གནས་ངན་ལེན་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །ཉོན་སྒྲིབ་ཀྱིས་བསྡུས་པའི་གནས་ངན་ལེན་ནི། ལུས་ཀྱི་ལས་མི་དགེ་བ་སྲོག་གཅོད་པ་ཞེས་པ་ནས། ཡོངས་སུ་མ་དག་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །སྒྲིབ་པ་གཉིས་ཀའི་གནས་ངན་ལེན་ནི། རབ་འབྱོར་གཞན་ཡང་དྲན་པ་ཉེ་བར་བཞག་པ་བཞི་དང༌། བྲལ་བ་ནི་བྱང་སེམས་ཀྱི་གནས་ངན་ལེན་ཏོ་ཞེས་པ་ནས། སྨོན་པ་མེད་པ་དང་བྲལ་བ་ནི་བྱང་སེམས་ཀྱི་གནས་ངན་ལེན་ཏོ་ཞེས་པའི་བར་རོ། །ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ནི། རབ་འབྱོར་གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱེད་པའམ། དེ་ལ་འདོད་པ་བསྐྱེད་པ་ནས། འདུས་མ་བྱས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །དོན་བསྡུ་བ་ནི། རབ་འབྱོར་དེ་དག་ནས་ཞེས་པ་ནས། གནས་ངན་ལེན་ཏེ་ཞེས་པའི་བར་རོ། །སྤང་བྱ་གནས་ངན་ལེན་བསྟན་ཟིན་ཏོ། །གཉིས་པ་གནས་ངན་ལེན་སྤོང་ཞིང་བདག་གཞན་དགེ་བ་ལ་སྦྱོར་བ་ནི། བྱང་སེམས་ཆེན་པོ་དེ་ཡུམ་ལ་སྤྱོད་པའི་ཚེ། གནས་ངན་ལེན་དེ་ཐམས་ཅད་རྣམ་པར་སྤངས་ཤིང་ཞེས་པ་ནས། ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོས་ཏེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་སྣོད་ཀྱི་ཞིང་ཡོངས་སུ་སྦྱོང་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་ཞེས་པ་ནས། ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་ཡོངས་སུ་གྲུབ་པར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ་ཞེས་པའི་བར་རོ། །བཅུད་སྦྱོང་བའི་ཐབས་གཞན་བསྟན་པ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཏེ། ལ་ལ་བདག་ཉིད་ཀྱིས་ཀྱང་བསམ་གཏན་དང་པོ་ལ་མཉམ་པར་འཇོག་ཅེས་པ་ནས། དེ་ལྟར་རྣམ་པར་བཀྲོལ་ནས་ངེས་པའི་ཕུང་པོ་ལ་རབ་ཏུ་བཀོད་དེ། དེར་བཀོད་པ་རྣམས་ཕྱིན་ཆད་ངན་སོང་གསུམ་དུ་ལྟུང་བར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་དོན་ཡང་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། བྱང་ཆུབ་ཀྱི་ཕྱོགས་རྣམས་དང༌། རྣམ་ཐར་སྒོ་གསུམ་གྱི་བར་ལ་དང་པོར་འགོད་པ་དང༌། བར་དུ་ཆོས་དེ་དག་དང་མི་འགལ་བ་དང༌། ཐ་མར་མ་རྫོགས་ཀྱི་བར་དུ་སངས་མི་རྒྱ་བས་སེམས་བསྐྱེད་པ་དང༌། རང་གཞན་དགེ་བའི་རྩ་བ་དང་ལྡན་པར་བྱེད་ཅིང་འབྲས་བུ་གཟུགས་ཀྱི་རྣམ་པ་འཛིན་པར་བྱེད་པའི་སྒོ་ནས་ཞིང་དག་པར་བྱེད་པ་དང༌། ངན་སོང་གསུམ་དང་ཉེས་པའི་རྣམ་པ་གཞན་རྣམས་ཀྱི་མིང་ཙམ་ཡང་མེད་པ་དང༌། ཤིང་རླུང་གིས་བཏབ་པའམ། ཕྱི་ནང་གི་དངོས་པོ་རྣམས་ལས་རྣམ་ཐར་སྒོ་གསུམ་སྟོན་པའི་ཆོས་ཀྱི་སྒྲ་འབྱུང་བར་བྱེད་པ་དང༌། སངས་རྒྱས་ཀྱི་མཚན་ལེགས་པར་བརྗོད་ནས་མཚན་ཐོས་པ་རྣམས་བྱང་ཆུབ་ཏུ་ངེས་པར་བྱེད་པ་དང༌། ཆོས་ལ་ཐེ་ཚོམ་མི་ཟ་བར་བྱེད་པ་དང༌། ཉེས་པའི་རྣམ་པས་ཟིན་པས་ཆོས་སྤོང་བ་ཅན་ངན་སོང་དུ་ལྟུང་བར་འགྱུར་བ་རྣམས་ཉེས་པ་ལས་བཀྲོལ་ནས་མི་ལྟུང་བར་བྱེད་པའི་ཞིང་ཡོངས་སུ་དག་པར་བྱེད་པའོ་ཞེས་བསྟན་ཏོ། །བཞི་པ་ནི། རབ་འབྱོར་དེ་ལྟར་ན་ཞེས་པ་ནས། བྱང་ཆུབ་ཀྱི་བར་དུ་ངེས་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །མངོན་རྟོགས་རྒྱན་ལས་ཀྱང༌། བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང༌། །བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང༌། །རྣམ་པར་དག་དང་ཞེས་གསུངས་པས་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པར་རྣམ་པར་བཤད་པའོ།།  ༈ དྲུག་ཅུ་རེ་བརྒྱད་པ་སེམས་ཅན་ཡོངས་སུ་སྨིན་པའི་ལེའུ་བཤད་པ། ལེའུ་འདི་ནས་མཛད་པ་བཞི་སྟོན་ཏེ། ཡང་དག་པ་ཉིད་དུ་ངེས་པ་ལ་འགོད་པ་དང༌། སེམས་ཅན་གྱི་དོན་ཚད་མེད་པ་ལ་འགོད་པ་དང༌། སངས་རྒྱས་བསྟན་པ་སོགས་ཀྱི་ཡོན་ཏན་ལ་འགོད་པ་དང༌། བྱང་ཆུབ་ཀྱི་རྒྱུའི་ཡན་ལག་ལ་འགོད་པའོ། །དང་པོ་ལ་བྱང་ཆུབ་ཏུ་ངེས་པའི་ཁྱད་པར་དང༌། ལུས་ཡོངས་སུ་འཛིན་པའི་ཁྱད་པར་རོ། །དང་པོ་ལ་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་དང༌། ལས་ཀྱི་དབང་གིས་མི་སྐྱེ་བ་དང༌། བསོད་ནམས་མ་ཡིན་པ་ལ་མི་སྤྱོད་པ་དང༌། ལུས་འཛིན་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ལས། དང་པོ་སྤྱིར་བསྟན་པ་ལ་དྲི་བ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། ངེས་ཞེས་བགྱི་བའམ། མ་ངེས་ཞེས་བགྱི་ཞེས་པའི་བར་གྱིས་དྲི་བ་གཉིས་བཀོད་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། མ་ངེས་པ་མ་ཡིན་ནོ་ཞེས་པའི་བར་རོ། །འདིས་བྱང་ཆུབ་སེམས་དཔའ་གང་བཟུང་ཞེ་ན། དགའ་ལྡན་ན་གནས་པ་ནས་ས་དང་པོ་ཡན་ཆད་བཟུང་ལ། སེང་གེ་བཟང་པོས་ནི་ཕྱིར་མི་ལྡོག་པ་ཙམ་ལ་བཟུང་ངོ༌། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་དྲི་བ་ནི། གསོལ་པ་ཉན་ཐོས་ཀྱི་ཕུང་པོའམ་ཞེས་པ་ནས། གང་དུ་གནས་པ་ལགས་ཞེས་པའི་བར་ཏེ། ཉན་རང་སངས་རྒྱས་གསུམ་གང་དུ་ངེས་པ་ལགས་ཞེས་དྲིས་པའོ། །ལན་ལ་དང་པོ་གཉིས་སུ་ངེས་པ་བཀག་ནས། སངས་རྒྱས་སུ་ངེས་པ་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། སངས་རྒྱས་ཀྱི་ཕུང་པོ་ངེས་པའོ་ཞེས་པའི་བར་རོ། །ངེས་པའི་བྱང་ཆུབ་སེམས་དཔའ་ལ་དོགས་པ་བཅད་པ་ལ་དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། སྲིད་པ་ཐ་མ་པ་ངེས་ཞེས་བགྱི་ཞེས་པའི་བར་རོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ངེས་པའོ་ཞེས་པའི་བར་ཏེ། དྲིས་པའི་བྱང་ཆུབ་སེམས་དཔའ་གསུམ་ཀ་ངེས་པར་བསྟན་པའོ། །གཉིསཔ་ལ་བྱང་སེམས་དམན་པའི་གནས་སུ་མི་སྐྱེ་བ་སྤྱིར་བསྟན་པ་དང༌། མགོ་སྒྲེའི་ལན་གྱིས་དམན་པའི་གནས་སུ་མི་སྐྱེ་བར་བསྟན་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། འགྱུར་རམ་མི་འགྱུར་ཞེས་པའི་བར་གྱིས་དྲི་བ་བཀོད་དེ། ལན་ནི། བཅོམ་ལྡན་འདས་ཞེས་པ་ནས་མི་སྐྱེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ། རབ་འབྱོར་ལ་བརྒལ་བ་འགོད་པ་དང༌། རབ་འབྱོར་གྱིས་ལན་བཏབ་པ་དེ་དང་མཚུངས་པར་སྒྲེ་བ་དངོས་སོ། །དང་པོ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། སྐྱེ་བར་འགྱུར་རམ་ཞེས་པའི་བར་ཏེ། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བརྒལ་བ་བཀོད་པའོ། །རབ་འབྱོར་གྱི་ལན་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། བྱ་བ་མ་ཡིན་པར་ལྟུང་བའི་གནས་མེད་དོ་ཞེས་པའི་བར་རོ། །ལས་ཀྱི་དབང་གིས་མི་ཁོམ་པའི་གནས་སུ་མི་སྐྱེ་བར་བསྟན་ཏོ། །གསུམ་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་པ་ནས། མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་ཅེས་བྱ་བའི་གནས་མེད་དོ་ཞེས་པའི་བར་རོ། །བཞི་པ་ལ་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། དགེ་བའི་རྩ་བ་དེ་དག་གང་དུ་མཆིས་ཞེས་པའི་བར་ཏེ། ལས་ཀྱི་དབང་གིས་མི་སྐྱེ་བར་བསྟན་པའི་བྱེ་བྲག་མ་ངེས་པར་བསྟན་པ་སྤྱིར་འགོག་སྙམ་པས་རྒོལ་བ་སྟེ། དེ་བཞིན་གཤེགས་པ་ཡང་ངན་སོང་དུ་སྐྱེ་བའི་རབ་དབྱེ་བསྟན་ན། དེ་དག་གི་དགེ་བའི་རྩ་བ་ཆུད་ཟོས་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའི་ཚུལ་གྱིས་རྩོད་པའོ། །ལན་ལ་གཉིས་ཏེ། དོན་དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ཅིང་བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་ཞིང་ཞེས་པའི་བར་རོ། །གཉིས་པ་ནི། ངན་སོང་གི་སྡུག་བསྔལ་གྱིས་གོས་པར་འགྱུར་རོ་ཞེ་ན་ཞེས་པ་ནས། སྐྱེ་ཡང་མི་གོས་པར་རིག་པར་བྱའོ་ཞེས་པའི་བར་རོ། །གཉིས་པ་ལུས་ཡོངས་སུ་འཛིན་པའི་ཁྱད་པར་ལ་གཉིས་ལས། དང་པོ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། ཡོངས་སུ་འཛིན་ཏོ་ཞེས་པའི་བར་གྱིས་སྐྱེ་བའི་རྒྱུ་དྲིས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དེ་ནི་གནས་མ་ཡིན་ཏེ་ཞེས་པའི་བར་ཏེ། དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་བྱེད་པ་བསྟན་པས་ནི། གཞན་དོན་དུ་སྐྱེ་བ་འཛིན་པའི་རྒྱུ་བསྟན་ལ། དགེ་བའི་ཆོས་གང་ཞེས་པ་ནས་གནས་མ་ཡིན་ནོ་ཞེས་པའི་བར་གྱིས་ནི། བར་མ་དོར་མྱང་འདས་མངོན་དུ་མི་བྱེད་པར་བསྟན་ཏོ། །དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱེད་པ་ནི། རབ་འབྱོར་དེ་ལྟ་བས་ན་ཞེས་པ་ནས། ཡོངས་སུ་སྤོང་ངོ་ཞེས་པའི་བར་རོ། །ཞུས་ལན་གཉིས་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས། སྐྱེ་བར་འགྱུར་ཞེས་པའི་བར་ཏེ། ཟག་མེད་ཀྱི་ཆོས་དང་ལྡན་ན་ངན་སོང་དུ་སྐྱེ་བར་འགལ་ལོ་ཞེས་པའོ། །ལན་ལ། དཔེའི་སྒོ་ནས་སྐྱེ་བ་ཡོངས་སུ་འཛིན་ཡང་ཉེས་པས་མ་གོས་པའི་ཚུལ་བསྟན་པ་དང༌། ཉེས་པས་མ་གོས་པའི་དོན་གྱི་ཆེ་བ་བརྗོད་པའོ། །དང་པོ་ལ། སངས་རྒྱས་ཀྱི་སྤྲུལ་པའི་དཔེས་ཉེས་པས་མ་གོས་པའི་ཚུལ་དང༌། དགྲ་བཅོམ་པའི་སྤྲུལ་པའི་དཔེས་ཉེས་པས་མ་གོས་པའི་ཚུལ་དང༌། སྒྱུ་མའི་རྟ་གླང་སོགས་ཀྱི་དཔེས་ཉེས་པས་མ་གོས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། སངས་རྒྱས་ཀྱིས་རབ་འབྱོར་ལ་བརྩད་པའི་ལན་གྱིས་དཔེ་བསྟན་པ་དང༌། བཅོམ་ལྡན་འདས་ཀྱིས་དཔེ་དང་མགོ་སྒྲེས་པའི་ལན་གསུངས་པའོ། །དང་པོ་ལ་དྲིས་ལན་བཞི་སྟེ། དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་པ་ནས། ཟག་པ་མི་མངའ་འོ་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས། བཅོམ་ལྡན་འདས་མཆིས་སོ་ཞེས་པའི་བར་རོ། །གསུམ་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དེ་ལྟ་བུ་མ་ལགས་སོ་ཞེས་པའི་བར་རོ། །བཞི་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དེ་ལྟ་བུ་མ་ལགས་སོ་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། ཡོངས་སུ་སྨིན་པར་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་ལ། སངས་རྒྱས་ཀྱིས་རབ་འབྱོར་ལ་རྩད་པའི་ལན་གྱིས་དཔེ་བསྟན་པ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས། དགྲ་བཅོམ་པས་སྤྲུལ་པ་ཞེས་པ་ནས། དེ་དེ་བཞིན་ཏེ་མཆིས་སོ་ཞེས་པའི་བར་རོ། །གཉིས་པ་བཅོམ་ལྡན་འདས་ཀྱིས་དཔེ་དང་མགོ་བསྒྲེ་བའི་ལན་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། ཉམས་སུ་མི་མྱོང་ངོ་ཞེས་པའི་བར་རོ། །གསུམ་པ་ལ་ཡང་གཉིས་ལས། དང་པོ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས། སྒྱུ་མའི་མཁན་པོས་ཞེས་པ་ནས། དེ་ནི་མ་ལགས་སོ་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་ཞེས་པ་ནས། འགྱུར་བ་གང་ཡང་མེད་དོ་ཞེས་པའི་བར་རོ། །གཉིས་པ་ཉེས་པས་མ་གོས་པའི་ཆེ་བ་བརྗོད་པ་ནི། རབ་འབྱོར་གྱིས་གསོལ་པ། ཀྱེ་མ་ཞེས་པ་ནས། དེ་ནི་ངོ་མཚར་ཆེའོ་ཞེས་པའི་བར་རོ། །སེམས་ཅན་གྱི་དོན་ཚད་མེད་པའི་མཛད་པ་ལ། ཞུས་ལན་གསུམ་ལས། དང་པོ་ནི། ཉེས་པས་མ་གོས་ཞེས་པ་ལས་འཕྲོས་ནས། སྡུག་བསྔལ་གྱིས་མི་གོས་པའི་ཐབས་ལ་མཁས་པ་སྟོན་པའི་དྲིས་ལན་གྱིས་གསུངས་ཏེ། དྲི་བ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་པ་ནས། མི་གོས་པར་སྤྱོད་པ་ལགས་ཞེས་པའི་བར་རོ། །གཉིས་པ་ལ་ཉེས་པས་མི་གོས་པའི་ཐབས་ལ་མཁས་པ་བསྟན་པ་དང༌། མ་དམིགས་པའི་གཏན་ཚིགས་ཀྱིས་ཉེས་པས་མ་གོས་པར་སྒྲུབ་པ་དང༌། གཏན་ཚིགས་དེ་ཉིད་འཐད་པ་གཞན་གྱིས་གཏན་ལ་དབབ་པ་དང༌། མ་དམིགས་པའི་དོན་རྟོགས་པའི་བྱེད་པ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡུམ་ལ་གནས་ཤིང་ཞེས་པ་ནས། རེག་པར་འགྱུར་བ་མེད་དོ་ཞེས་པའི་བར་ཏེ། སྟོང་པ་ཉིད་རྟོགས་པའི་ཤེར་ཕྱིན་ལ་གནས་པའི་རྒྱུས། ཕྱོགས་བཅུའི་སེམས་ཅན་ཚད་མེད་པའི་དོན་བྱེད་ཀྱང་ཉེས་པའི་སྐྱོན་གྱིས་རེག་པར་འགྱུར་བ་མེད་དོ་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཞེས་པ་ནས། ཐམས་ཅད་མི་དམིགས་ཏེ་ཞེས་པའི་བར་ཏེ། ཉེས་པས་རེག་པར་བྱ་བ་དང༌། རེག་པར་བྱ་བའི་ཡུལ་དང༌། རེག་པའི་ཆོས་སུ་མ་དམིགས་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་ལ། རེག་པར་མི་བྱེད་དོ་ཞེས་པ་ནི་བསྒྲུབ་བྱའི་ཆོས། དེ་ནི་འདི་ལྟར་ཞེས་པ་ནས། སྟོང་པས་ཞེས་པའི་བར་གྱིས་ནི་གཏན་ཚིགས་བསྟན་ཏོ། །སྟོང་པ་ཉིད་ཀྱིས་ཞེས་པ་ནས། རེག་པར་བྱ་བ་མ་ཡིན་ནོ་ཞེས་པའི་བར་གྱིས་ནི་ཁྱབ་པ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། མི་དམིགས་སོ་ཞེས་པའི་བར་གྱིས་ནི་ཁྱབ་པའི་གཏན་ཚིགས་བསྟན་ཏོ། །བཞི་པ་མི་དམིགས་པའི་དོན་རྟོགས་པའི་བྱེད་པ་ནི། དེ་ནི་མི་དམིགས་པ་སྟོང་པ་ཉིད་དེ་ཞེས་པ་ནས། འཚང་རྒྱའོ་ཞེས་པའི་བར་རོ། །གཉིས་པ་ལ་དྲི་བ་ནི། གོང་དུ་ཤེར་ཕྱིན་ལ་གནས་ཞེས་པ་ལས་འཕྲོས་ནས་དྲིས་པ་སྟེ། གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། སྤྱོད་པ་ལགས་སམ་ཞེས་པའི་བར་ཏེ། ཤེར་ཕྱིན་འབའ་ཞིག་ལ་སྤྱོད་ཀྱི་གཞན་ལ་མི་སྤྱོད་དམ་ཞེས་དྲིས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཁོང་དུ་མ་ཆུད་པ་དེ་ལྟ་བུ་ཡོད་དམ་ཞེས་པའི་བར་ཏེ། ཤེར་ཕྱིན་གྱིས་ཁོང་དུ་མ་ཆུད་པའི་ཆོས་མེད་པས་ཤེར་ཕྱིན་ལ་བསླབ་པས་ཐམས་ཅད་ལ་བསླབ་པར་འགྱུར་རོ་ཞེས་པའི་དོན་ནོ། །ཞུས་ལན་བཞི་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། འདུ་བ་ལགས་ཞེས་པའི་བར་ཏེ། ཤེར་ཕྱིན་ཡང་ངོ་བོ་ཉིད་ཀྱིས་སྟོང་ན། ཇི་ལྟར་དེའི་ཁོང་དུ་ཆུད་དེ་ཞེས་རྩོད་པའོ། །ལན་ལ་གཉིས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་འདུས་པར་བསྟན་པ་དང༌། སྟོང་པ་ཉིད་དུ་འདུས་པས་ཤེར་ཕྱིན་ལ་སྤྱོད་པར་གདམས་པའོ། །དང་པོ་ལ་ཡང་གཉིས་ཏེ། དོན་དུ་མཚན་མར་བྱས་པའི་ལན་དང༌། སྟོང་ཉིད་དུ་ཁས་བླངས་པའི་རྟགས་ཀྱིས་ཐམས་ཅད་སྟོང་པ་ཉིད་དུ་འདུས་པར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། མ་མཆིས་སོ་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། དེ་དེ་ལྟ་ལགས་སོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་མིན་དྲིས་ནས། སྟོང་པ་ཉིད་དུ་ཁས་བླངས་པ་ན་དེའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་འདུས་པར་བསྟན་པའོ། །གཉིས་པ་སྟོང་པ་ཉིད་དུ་འདུས་པས་ཡུམ་ལ་སྤྱོད་པར་གདམས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་དེས་ན་ཞེས་པ་ནས། སྤྱོད་པར་རིག་པར་བྱའོ་ཞེས་པའི་བར་རོ། །འདི་དག་གི་དོན། མངོན་པར་རྟོགས་པའི་རྒྱན་ལས་ཀྱང༌། ངེས་པ་དང་ཞེས་པ་དང༌། སེམས་ཅན་དོན་ནི་ཚད་མེད་དང་ཞེས་པ་བསྟན་ཏོ། །སངས་རྒྱས་བསྟན་པ་ཚིགས་ཀྱི་མཛད་པ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་དྲི་བ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་ལགས་ཞེས་པའི་བར་གྱིས་བསྟན་ཏེ། མཉམ་བཞག་ཏུ་སྟོང་ཉིད་ལ་གནས་ནས་མངོན་ཤེས་གང་ལ་གནས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་སངས་རྒྱས་ལ་བསྙེན་བཀུར་ཇི་ལྟར་བགྱིད་པ་དང༌། ཆོས་ཇི་ལྟར་ཉན་པ་དང༌། དེ་དག་ལ་དགེ་བའི་རྩ་བ་སོགས་པའི་མཐུས་མངོན་པར་ཤེས་པ་ཇི་ལྟར་བསྒྲུབ་ཅེས་དྲིས་པའོ། །གཉིས་པ་ལན་ལ། སྟོང་པ་ཉིད་ལ་ཇི་ལྟར་གནས་པའི་ཚུལ་དང༌། དེ་ལ་བརྟེན་ནས་མངོན་ཤེས་སྒྲུབ་ཚུལ་དང༌། མངོན་ཤེས་སྒྲུབ་དགོས་པར་བསྟན་པའོ། །དང་པོ་ནི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ཞེས་པའི་བར་རོ། །ཞར་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི། གཞན་དུ་ན་ཞེས་པ་ནས། ཆོས་ཐམས་ཅད་ཀྱིས་སྟོང་སྟེ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་པ་ནས། འཆི་འཕོ་བ་ཤེས་པ་མངོན་པར་བསྒྲུབ་པ་སྟེ་ཞེས་པའི་བར་ཏེ། སྟོང་ཉིད་རྟོགས་པའི་ཡུམ་ལ་གནས་ནས། ཟག་ཟད་མངོན་ཤེས་བསྒྲུབས་ཏེ། དེའི་སྒོ་ནས་མངོན་ཤེས་གཞན་རྣམས་བསྒྲུབ་པར་སྟོན་པའོ། །གསུམ་པ་ནི་མངོན་པར་ཤེས་པ་མེད་པར་ཞེས་པ་ནས། བཙལ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཡང་བྱང་ཆུབ་ཀྱི་རྩ་བ་མངོན་ཤེས་དེ་དག་ལས་བྱང་ཆུབ་བཙལ་བར་བྱ་བར་བསྟན་ཏོ། །བྱང་ཆུབ་ཚོལ་བར་འདོད་པས་ལྷའི་མིག་གི་མངོན་ཤེས་ཀྱི་སྒོ་ནས་རང་གཞན་དགེ་བའི་ཆོས་ལ་སྦྱོར་བ་ནི། དེ་འཚོལ་བའི་ཚེ་ཞེས་པ་ནས་སྦྱར་ཏེ་ཞེས་པའི་བར་རོ། །དགེ་བའི་ཆོས་ཐོབ་ཀྱང་ཞེན་པ་མེད་པར་བསྟན་པ་ནི། དགེ་བའི་ཆོས་ཞེས་པ་ནས། མེད་དོ་ཞེས་པའི་བར་རོ། །དེའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། བྱེད་པ་པོ་མེད་དོ་ཞེས་པའི་བར་རོ། །གཉིས་པ་ལན་ལ་བཞི་སྟེ། ལྷའི་མིག་ལ་བརྟེན་ནས་སེམས་ཅན་གྱི་དོན་སྒྲུབ་ཚུལ་དང༌། མིག་དང་རྫུ་འཕྲུལ་གྱི་ཤེས་པ་ལ་བརྟེན་ནས་སེམས་ཅན་གྱི་དོན་སྒྲུབ་ཚུལ་དང༌། མངོན་ཤེས་ལྔ་ལ་བརྟེན་ནས་དོན་གཉིས་སྒྲུབ་ཚུལ་དང༌། མངོན་ཤེས་ཀྱིས་སེམས་ཅན་གྱི་དོན་བསྒྲུབ་ཀྱང་ཉེས་པས་མི་གོས་པའི་ཚུལ་ལོ། །དང་པོ་ལ་མདོར་བསྟན་པ་ནི། དེ་འཚོལ་བའི་ཚེ་ལྷའི་མིག་རྣམ་པར་དག་པ་ཞེས་པ་ནས། བྱེད་པ་མེད་དོ་ཞེས་པའི་བར་ཏེ། རང་གཞན་དགེ་བའི་ཆོས་ལ་སྦྱོར་ཞིང༌། དགེ་བའི་ཆོས་ལ་མངོན་པར་ཞེན་པ་མེད་པའི་འཐད་པ་དང་བཅས་པས་བསྟན་ཏོ། །རྒྱས་པར་བཤད་པ་ལ། མངོན་ཤེས་ལ་བརྟེན་ནས། ཤར་ཕྱོགས་ཀྱི་སེམས་ཅན་གྱི་དོན་བྱེད་ཚུལ་དང༌། ཕྱོགས་ལྷག་མ་རྣམས་ཀྱི་སེམས་ཅན་གྱི་དོན་བྱེད་ཚུལ་དང༌། ཞར་ལ་གཞན་དོན་སྒྲུབ་པ་མངོན་ཤེས་ལ་རག་ལས་པར་བསྟན་ཏོ། །དང་པོ་ལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། སྤྱིར་རྣམ་བྱང་གི་ཆོས་ལ་འགོད་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་ཚུལ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་ཚུལ་ལོ། །དང་པོ་ནི། ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པ་དེ་ཉིད་ཀྱིས་ཞེས་པ་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང༌། སེམས་ཅན་དེ་དག་གི་བྱ་བ་བྱེད་དེ་ཞེས་པའི་བར་གྱིས་བསྟན་ཏེ། ལྷའི་མིག་གིས་གདུལ་བྱའི་སེམས་ཅན་མཐོང་ནས། རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་དེ་དག་ཏུ་སོང་སྟེ་སྦྱིན་པ་ནས་མ་འདྲེས་པའི་བར་རམ། འཕགས་པ་བཞིའི་ཆོས་ལ་འགོད་ཅེས་བསྟན་ཏོ། །གཉིས་པ་ལ། སྦྱིན་པའི་གཏམ་གྱིས་དོན་བྱེད་ཚུལ་ནི། དེ་ལས་སེམས་ཅན་སེར་སྣ་ཅན་ཞེས་པ་ནས། ངན་སོང་གསུམ་ལས་མི་ཐར་བར་འགྱུར་ཏ་རེ་ཞེས་ཆོས་སྟོན་ནོ་ཞེས་པའི་བར་རོ། །ཚུལ་ཁྲིམས་ཀྱི་གཏམ་གྱིས་དོན་བྱེད་ཚུལ་ནི། སེམས་ཅན་ཚུལ་ཁྲིམས་ཞེས་པ་ནས། ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་ཞེས་པའི་བར་རོ། །བཟོད་པའི་གཏམ་གྱིས་སེམས་ཅན་གྱི་དོན་བྱེད་ཚུལ་ནི། སེམས་ཅན་ཕན་ཚུན་ཞེས་པ་ནས། གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་ཞེས་པའི་བར་རོ། །བརྩོན་འགྲུས་ཀྱི་གཏམ་གྱིས་དོན་བྱེད་ཚུལ་ནི། སེམས་ཅན་ལེ་ལོ་ཅན་ཞེས་པ་ནས། ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ་ཞེས་སོགས་སོ། །བསམ་གཏན་གྱི་གཏམ་གྱིས་སེམས་ཅན་གྱི་དོན་བྱེད་ཚུལ་ནི། སེམས་ཅན་སེམས་གཡེང་བ་ཞེས་པ་ནས། གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ་ཞེས་སོགས་སོ། །ཤེས་རབ་ཀྱི་གཏམ་གྱིས་དོན་བྱེད་ཚུལ་ལ། དངོས་ཀྱི་དོན་དང༌། ཞར་ལས་བྱུང་བའོ། །དང་པོ་ནི། སེམས་ཅན་ཤེས་རབ་འཆལ་བ་ཅན་ཞེས་པ་ནས། ཤེས་རབ་འཆལ་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་འགྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་ཞེས་པའི་བར་རོ། །ལམ་གྱི་མི་མཐུན་ཕྱོགས་སྤོང་བ་ལ། སྦྱོར་བ་ནི། འདོད་ཆགས་ཀྱིས་ཞེས་པ་ནས། ལམ་ལ་སྦྱོར་ཏེ་ཞེས་པའི་བར་རོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ་གདམས་པ་ནི། ཉན་ཐོས་ཀྱི་ལམ་ཞེས་པ་ནས། མངོན་པར་ཞེན་པ་མེད་དོ་ཞེས་ཆོས་སྟོན་ཏོ་ཞེས་པའི་བར་རོ། །དོན་བསྡུ་བ་ནི། རབ་འབྱོར་དེ་ལྟར་ཞེས་པ་ནས། དོན་བྱེད་པ་ཡིན་ནོ་ཞེས་པའི་བར་རོ། །ཕྱོགས་ལྷག་མ་ལ་སྦྱར་བའི་འགྲེས་ཀྱི་བཤད་ཚུལ་ཡང་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བ་གཉིས་གཉིས་ཀྱིས་བསྟན་ནས། རྣམ་བྱང་གི་ཆོས་ཐམས་ཅད་ལ་འགོད་པ་དང༌། ཕྱིན་དྲུག་གི་མི་མཐུན་ཕྱོགས་ལས་བཟློག་པར་གདམས་པ་དང༌། ལམ་གྱི་མི་མཐུན་ཕྱོགས་སྤོང་བ་ལ་སྦྱོར་བ་དང༌། ཐེག་པ་གསུམ་གྱི་ལམ་ལ་སྦྱོར་བ་རྣམས་སྔར་བཞིན་བཤད་དོ། །གསུམ་པ་གཞན་དོན་མངོན་ཤེས་ལ་རག་ལས་པར་བསྟན་པ་ནི། རབ་འབྱོར་བྱང་སེམས་ཆེན་པོས་ནི་ཞེས་པ་ནས། བསྟན་པར་མི་ནུས་སོ་ཞེས་པའི་བར་རོ། །ལྷའི་མིག་ལ་བརྟེན་ནས་གཞན་དོན་སྒྲུབ་པའི་ཚུལ་རྒྱས་པར་བསྟན་ཟིན་ནས། གསུམ་པ་དོན་བསྡུ་བ་ནི། རབ་འབྱོར་དེ་ལྟ་བས་ན་ཞེས་པ་ནས། སེམས་ཅན་གྱི་དོན་ཅི་བྱ་བ་དེ་དགའ་བདེ་བདེ་བར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྷའི་མིག་ལ་བརྟེན་ནས་སེམས་ཅན་གྱི་དོན་སྒྲུབ་ཚུལ་བསྟན་ཟིན་ཏོ། །གཉིས་པ་མིག་དང་རྫུ་འཕྲུལ་གྱི་ཤེས་པ་ལ་བརྟེན་ནས། སེམས་ཅན་གྱི་དོན་སྒྲུབ་ཚུལ་ལ། ཕ་རོལ་ཏུ་ཕྱིན་པའི་གཏམ་དང༌། འཕགས་པའི་གཏམ་དང༌། ངེས་པར་འབྱུང་བའི་གཏམ་གྱིས་སེམས་ཅན་གྱི་དོན་བྱེད་ཚུལ་དང་དོན་གསུམ་གྱིས་སྟོན་ཏེ། ཤར་ཕྱོགས་ཀྱི་སེམས་ཅན་གྱི་དོན་བྱེད་ཚུལ་དང༌། ཕྱོགས་ལྷག་མ་རྣམས་ཀྱི་དོན་བྱེད་ཚུལ་དང་དོན་གཉིས་ལ་སྦྱར་ནས་བཤད་པར་བྱའོ། །མདོ་ནི། དེ་ནས་ལྷའི་མིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ༌། །དེ་ལྟར་མཐོང་ནས་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་གཏམ་ཞེས་པ་ནས། དེ་ནས་ལྷའི་མིག་གིས་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཐམས་ཅད་ཀྱང་མཐོང་སྟེ། དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང༌། སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ་ཞེས་པས་བསྟན་ཏེ། ཕྱོགས་བཅུའི་འགྲེས་ཐམས་ཅད་ལ་འཆད་ཚུལ་གསུམ་སྦྱར་ནས་བསྟན་ཏོ། །མིག་དང་རྫུ་འཕྲུལ་གྱི་ཤེས་པ་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱེད་ཚུལ་བསྟན་ཟིན་ཏོ། །གསུམ་པ་མངོན་ཤེས་ལྔ་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱེད་ཚུལ་ལ་ལྔ་སྟེ། ལྷའི་རྣ་བའི་སྒོ་ནས་ཕྱོགས་བཅུའི་སེམས་ཅན་གྱི་དོན་བྱེད་པ་དང༌། གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་སྒོ་ནས་ཕྱོགས་བཅུའི་སེམས་ཅན་གྱི་དོན་བྱེད་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ཀྱི་སྒོ་ནས་ཕྱོགས་བཅུའི་སེམས་ཅན་གྱི་དོན་བྱེད་པ་དང༌། རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་སྒོ་ནས་ཕྱོགས་བཅུའི་སེམས་ཅན་གྱི་དོན་བྱེད་ཚུལ་དང༌། ཟག་ཟད་མངོན་ཤེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་ཚུལ་ལོ། །དང་པོ་ནི། དེ་ལྷའི་རྣ་བའི་ཁམས་ཀྱིས་འདི་ལྟ་སྟེ། ལྷ་དང་མི་གཉིས་ཀའི་སྒྲ་ཡང་ཐོས་ཏེ། དེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་ཞེས་པ་ནས། སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་ཞེས་སོགས་ཀྱི་ཚིག་བཅུ་པོ་དག་གིས། ཕྱོགས་བཅུའི་སེམས་ཅན་གྱི་དོན་བྱེད་པར་གསུངས་སོ། །གཉིས་པ་ནི། དེ་སེམས་ཀྱི་རྣམ་གྲངས་ཤེས་པ་ཞེས་པ་ནས། ཆོས་སྟོན་ཏོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་བདག་གམ་གཞན་གྱི་སྔོན་གྱི་གནས་རྣམས་རྗེས་སུ་དྲན་ཏེ་ཞེས་པ་ནས་ཆོས་སྟོན་ཏོ་ཞེས་པའི་བར་རོ། །འདིར་ལྷའི་རྣ་བའི་མངོན་ཤེས་ཀྱིས་སེམས་ཅན་གྱི་དོན་བྱེད་ཚུལ་ཕྱོགས་བཅུ་རེ་རེ་ཞིང་སྦྱར་ནས་རྒྱས་པར་གསུངས་ལ། མངོན་ཤེས་གཞན་བཞི་ལ་ཕྱོགས་བཅུ་རེ་རེ་ཞིང་སྦྱར་བ་མི་སྣང་བས་འདིར་མདོ་ཅུང་ཟད་ཆད་པར་མངོན་ནོ། །བཞི་པ་མངོན་ཤེས་ཀྱིས་སེམས་ཅན་གྱི་དོན་བསྒྲུབས་ཀྱང་ཉེས་པས་མི་གོས་པའི་ཚུལ་ལ་གཉིས་ཏེ། ཉེས་པས་མི་གོས་པའི་དོན་དངོས་བསྟན་པ་དང༌། ཞར་ལ་རང་གཞན་གྱི་དོན་མངོན་ཤེས་ལ་རག་ལས་པར་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་ལྟར་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་མངོན་པར་བསྒྲུབ་པར་བྱ་སྟེ་ཞེས་པ་ནས། སྡུག་བསྔལ་དེས་འཕྲོགས་པར་མི་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། དེ་ལྟར་མངོན་པར་ཤེས་པས་རྣམ་པར་རྩེ་བར་བྱས་ཏེ་ཞེས་པ་ནས། བྱང་ཆུབ་མེད་དོ་ཞེས་པའི་བར་ཏེ། ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་སྨིན་པར་བྱེད་པ་རྣམས་མངོན་ཤེས་ལ་རག་ལས་པར་བསྟན་ཏོ། །རག་ལས་པའི་འཐད་པ་ནི། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ལམ་གྱི་ཡན་ལག་དང་མི་ལྡན་པའི་བྱང་སེམས་ཆེན་པོ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་དོ་ཞེས་གསུངས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་ཅན་ནོ། །རྫོགས་པའི་བྱང་ཆུབ་མེད་དོ་ཞེས་པ་ནི་བསྒྲུབ་བྱའི་ཆོས་སོ། །ལམ་གྱི་ཡན་ལག་དང་མི་ལྡན་པ་ནི་གཏན་ཚིགས་སོ། །ལམ་གྱི་ཡན་ལག་ནི་མངོན་ཤེས་ཡིན་པས་དེ་དང་མི་ལྡན་ན་བྱང་ཆུབ་མི་འཐོབ་ཅེས་པའི་དོན་ནོ། །འདིའི་དོན། མངོན་པར་རྟོགས་པའི་རྒྱན་ལས། སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་ཡན་ལག་ལ་འགོད་པའི་མཛད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་སེམས་ཆེན་པོ་ལམ་གྱི་ཡན་ལག་ཡོངས་སུ་རྫོགས་པར་གྱིས་ཤིག་ཅེས་པ་ནས། དེ་དག་གང་ལགས་ཞེས་པའི་བར་གྱིས་ནི་དྲི་བ་བསྟན་ཏེ། གོང་དུ་བྱང་ཆུབ་ཀྱི་ཡན་ལག་ཅེས་སྨོས་པ་ལ་དྲིས་པའོ། །ལན་ནི། བཅོམ་ལྡན་འདས་ཞེས་པ་ནས། ཡན་ལག་གོ་ཞེས་པའི་བར་རོ། །གཉིས་པ་ལ་ལམ་གྱི་ཡན་ལག་རྒྱས་པར་བཤད་པ་དང༌། དེ་བྱང་ཆུབ་སེམས་དཔའི་ལམ་དུ་བསྟན་པ་དང༌། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ལམ་གྱི་ཡན་ལག་གང་གིས་ཞེས་པ་ནས། དེ་དག་གང་ལགས་ཞེས་པའི་བར་གྱིས་དྲི་བ་བཀོད་དེ། ལན་ལ། སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་འཁོར་གསུམ་དུ་མི་རྟོག་པ་དང༌། རང་གཞན་འཁོར་བ་ལས་སྒྲོལ་བའི་བྱེད་པ་དང་ལྡན་པ་སྟེ། དོན་གཉིས་གཉིས་ཀྱི་སྒོ་ནས་བསྟན་དོ། །མདོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་འཁོར་བ་ལས་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལ། བྱང་ཆུབ་སེམས་དཔའི་ལམ་ངོས་བཟུང་བ་དང༌། དེ་དག་གི་བྱེད་པ་བསྟན་པའོ། །དང་པོ་ནི། རབ་འབྱོར་དགེ་བའི་ཆོས་དེ་དག་ནི་ཞེས་པ་ནས། བྱང་ཆུབ་ཀྱི་ལམ་དེ་ཞེས་པའི་བར་རོ། །གཉིས་པ་ནི། ལམ་དེས་འདས་པ་དང༌། མ་འོངས་པ་དང་ཞེས་པ་ནས། སེམས་ཅན་རྣམས་ཀྱི་དོན་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏོ། །སེམས་ཅན་ཡོངས་སུ་སྨིན་པའི་ལེའུ་སྟེ། དྲུག་ཅུ་རྩ་བརྒྱད་པ་རྣམ་པར་བཤད་པའོ།།  ༈ དྲུག་ཅུ་རེ་དགུ་པ་དངོས་པོ་དང་དངོས་པོ་མེད་པའི་ལེའུ་བཤད་པ། གསུམ་པ་རྩོད་པ་སྤང་བ་ལ། རྩོད་པ་དང༌། ལན་ནོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་གང་ལགས་ཞེས་པའི་བར་ཏེ། གོང་དུ་བསྟན་པའི་སྦྱིན་པ་ནས། མ་འདྲེས་པའི་བར་བྱང་ཆུབ་སེམས་དཔའི་ཆོས་སུ་བསྟན་ན། དེ་ལས་གཞན་པའི་སངས་རྒྱས་ཀྱི་ཆོས་གང་ལགས། དེ་ལས་ལོགས་སུ་གྱུར་པ་མེད་ན་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཁྱད་པར་མེད་པར་འགྱུར་རོ་ཞེས་རྩོད་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་འདི་སྐད་དུ་གལ་ཏེ་ཆོས་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ཆོས་ཡིན་ན། སངས་རྒྱས་ཀྱི་ཆོས་གང་ཡིན་ཟེར་བ་ནི་ཞེས་པ་ནས། སངས་རྒྱས་ཀྱི་ཁྱད་པར་རོ་ཞེས་པའི་བར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཁྱད་པར་གཉིས་གསུངས་སོ། །ཁྱད་པར་དང་པོ་ནི། སྦྱིན་པ་ནས་མ་འདྲེས་པའི་བར་ཐོབ་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། ཐོབ་པ་ནི་སངས་རྒྱས་ཡིན་པས་ཁྱད་པར་ཡོད་དོ། །ཇི་སྐད་བཤད་པའི་ཆོས་དེ་དག་བྱང་ཆུབ་སེམས་དཔའི་བསླབ་བྱ་ཡིན་ལ། སངས་རྒྱས་ནི་དེ་ཐོབ་པ་ཡིན་པས་གཉིས་ཀའི་ཆོས་སུ་འགལ་བ་མེད་དོ། །ཁྱད་པར་གཉིས་པ་ནི། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་དུ་ཞུགས་པ་ཡིན་ལ། སངས་རྒྱས་ནི་བྱང་ཆུབ་བརྙེས་པ་ཡིན་པས་ཁྱད་པར་ཡོད་དོ་ཞེས་བསྟན་ཏོ། །མངོན་པར་རྟོགས་པའི་རྒྱན་ལས་ཀྱང༌། བྱང་ཆུབ་ཡན་ལག་ཅེས་པའི་ཚིག་རྐང་གཅིག་གིས་བསྟན་ཏོ། །ལས་རྣམས་ཆུད་མི་ཟ་བའི་ཕྲིན་ལས་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན་ཞེས་པ་ནས། ལས་ཀྱི་རྣམ་པར་སྨིན་པ་ཡང་མ་མཆིས་སོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་སྟོང་ན་ངན་འགྲོ་དང༌། མཐོ་རིས་དང༌། འཕགས་པའི་གང་ཟག་གི་རྣམ་པར་དབྱེ་བ་མི་འཐད་པར་འགྱུར་ལ། གང་ཟག་མི་འཐད་ན་ལས་སོག་པ་པོ་མེད་པས་ལས་མ་མཆིས་པར་འགྱུར་ལ། དེ་ལྟ་ན་ལས་ཀྱི་རྣམ་པར་སྨིན་པ་ཡང་མ་མཆིས་པར་འགྱུར་རོ་ཞེས་པའི་དོན་ནོ། །གཉིས་པ་ལན་ལ། དོན་དམ་དུ་འདོད་པའི་ལན་དང༌། ཀུན་རྫོབ་ཏུ་ལས་འབྲས་ཆུད་མི་ཟ་བར་བསྟན་པ་དང༌། དོན་དམ་པར་ལས་དང༌། གང་ཟག་མ་དམིགས་པ་དང༌། ཀུན་རྫོབ་ཏུ་གདུལ་བྱ་འཁོར་བ་ལས་སྒྲོལ་བའི་ཕྲིན་ལས་འཐད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་པ་ནས། མི་དམིགས་སོ་ཞེས་པའི་བར་ཏེ། དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་ལས་ཀྱི་རྣམ་པར་སྨིན་པ་སོགས་མི་དམིགས་སོ་ཞེས་པའི་དོན་ནོ། །གཉིས་པ་ལ་ཟག་བཅས་ཀྱི་ལས་ཆུད་མི་ཟ་བ་དང༌། ཟག་མེད་ཀྱི་ལས་ཆུད་མི་ཟ་བར་བསྟན་པའོ། །དང་པོ་ནི། རབ་འབྱོར་གང་གིས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་དེ་ལྟར་མ་ཤེས་པ་དེ་དག་ནི་ཞེས་པ་ནས། གཟུགས་མེད་པའི་ཁམས་སུ་སྐྱེའོ་ཞེས་པའི་བར་ཏེ། སྟོང་པ་ཉིད་ཀྱི་དོན་མ་རྟོགས་པས་ཟག་བཅས་ཀྱི་ལས་བསགས་ནས་ཁམས་གསུམ་དུ་སྐྱེའོ་ཞེས་པའི་དོན་ནོ། །གཉིས་པ་ལ་གཉིས་ཏེ། ལས་དངོས་བཤད་པ་དང༌། ལས་ཀྱི་བྱེད་པ་བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སྤྱད་དེ་ཞེས་པའི་བར་རོ། །གཉིས་པ་ལ། རང་དོན་གྱི་བྱེད་པ་བཤད་པ་དང༌། གཞན་དོན་གྱི་བྱེད་པ་བཤད་པའོ། །དང་པོ་ནི། ཉམས་པ་མེད་པའི་སྤྱོད་པས་ཞེས་པ་ནས། སངས་རྒྱས་ཏེ་ཞེས་པའི་བར་རོ། །གཉིས་པ་ནི་མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་པ་ནས། དོན་བྱེད་དོ་ཞེས་པའི་བར་རོ། །དེ་ལ་ཆུད་མི་ཟ་བའི་དོན་ནི། ལས་བསགས་པ་དང་རྗེས་སུ་མཐུན་པར་འབྲས་བུ་ཉམས་སུ་མྱོང་བའོ། །གསུམ་པ་ནི། གསོལ་པ་བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །ཞེས་པའི་བར་ཏེ། གང་ཟག་དང་ལས་མི་དམིགས་སོ་ཞེས་པའི་དོན་ནོ། །བཞི་པ་ལ་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་དེས་དེ་མི་དམིགས་ན་ཞེས་པ་ནས། སངས་རྒྱས་སུ་ཇི་ལྟར་གདགས་པ་མཛད་ཅེས་པའི་བར་ཏེ། དོན་དམ་པར་ལས་དང་གང་ཟག་མ་དམིགས་ན། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་གདགས་པའི་གང་ཟག་ཇི་ལྟར་གདགས་པར་མཛད། གང་ཟག་ཏུ་གདགས་པ་མེད་ན་གདུལ་བྱ་འཁོར་བ་ལས་ཡོངས་སུ་སྒྲོལ་བ་ཡང་མི་འཐད་དོ། །ཞེས་པའི་དོན་ནོ། །དེ་ལ་ཡང་སྟོང་ཉིད་མ་རྟོགས་པའི་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཏུ་འཇུག་པ་བསྟན་པ་དང༌། སྟོང་ཉིད་མ་རྟོགས་པའི་རྒྱུ་ཕྱེ་སྟེ་རྣམ་པར་བཤད་པ་དང༌། སྟོང་ཉིད་མ་རྟོགས་པའི་སེམས་ཅན་སྒྲོལ་བའི་དོན་དུ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པ་དང༌། སྤྱོད་པ་སྤྱད་ནས་སངས་རྒྱས་ཏེ་སེམས་ཅན་སྒྲོལ་བའི་མཛད་པ་བསྒྲུབ་པའོ། །དང་པོ་ལ། སོ་སྐྱེས་སྟོང་ཉིད་མ་རྟོགས་པར་བསྟན་པ་དང༌། རྟོགས་ན་དེ་དག་གི་ཆེད་དུ་བྱང་ཆུབ་ལ་འཇུག་པ་དོན་མེད་པར་འགྱུར་བ་དང༌། སྟོང་པ་ཉིད་ཀྱི་དོན་ཐོས་ནས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ལ་འཇུག་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་ཞེས་པ་ནས། མ་ལགས་སོ་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཞེས་པ་ནས། ཡོངས་སུ་མི་འགྲོལ་བས་ཞེས་པའི་བར་རོ། །གསུམ་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས། བྱང་ཆུབ་ཏུ་འཇུག་སྟེ་ཞེས་པའི་བར་རོ། །གཉིས་པ་ནི། ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་པར་ཆགས་པར་བྱ་བ་དེ་ལྟར་ཡོད་པ་མ་ཡིན་ན། དེ་དག་ནི་མེད་ཅིང་ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་ཡོད་པར་བཏགས་ཤིང༌། སེམས་ཅན་མེད་པ་ལ་སེམས་ཅན་དུ་འདུ་ཤེས། གཟུགས་མེད་པ་ལ་གཟུགས་སུ་འདུ་ཤེས་ཞེས་པ་ནས། འདུས་མ་བྱས་ཀྱི་ཆོས་མེད་པ་ལ་འདུས་མ་བྱས་ཀྱི་ཆོས་སུ་འདུ་ཤེས་ནས་ཞེས་པའི་བར་རོ། །གསུམ་པ་ནི། ཡོད་པ་མ་ཡིན་པའི་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ཞེས་པ་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་པའི་བར་རོ། །གསུམ་པ་ནི། མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་པ་ནས། འགྲེལ་ཏོ་ཞེས་པའི་བར་རོ། །མངོན་རྟོགས་རྒྱན་ལས། ལས་རྣམས་ལ་ནི་ཆུད་མི་ཟ་ཞེས་གསུངས་སོ། །བདེན་པ་མཐོང་བ་ལ་འགོད་པའི་མཛད་པ་ལ། ཞུས་ལན་བཞི་ཡོད་པའི་དང་པོ་ལ་ཞུས་པ་ནི། རབ་འབྱོར་གྱིས་གསོལ་པ་གལ་ཏེ་ཞེས་པ་ནས། འགྲོལ་བ་ལགས་ཞེས་པའི་བར་ཏེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་ན། སངས་རྒྱས་ཏེ་སེམས་ཅན་སྒྲོལ་བར་ཇི་ལྟར་མཛད་ཅེས་རྩོད་པའོ། །ཀུན་རྫོབ་ཏུ་འཐད་པའི་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཡོངས་སུ་འགྲོལ་ལོ་ཞེས་པའི་བར་ཏེ། སྡུག་བསྔལ་ལས་སྒྲོལ་བའི་ཐབས་སྟོན་པ་ནི། བདེན་བཞིའི་ཆོས་སྟོན་པའོ། །དེ་དག་ལ་ལམ་མཐའ་དག་མ་ཚང་བས། དེ་ཙམ་གྱིས་ཡོངས་སུ་མི་འགྲོལ་ལོ་ཞེ་ན། འཕགས་པའི་བདེན་བཞིར་ཆོས་ཐམས་ཅད་འདུས་པར་བསྟན་པ་ནི། འཕགས་པའི་བདེན་པ་བཞི་པོ་འདིར་ཞེས་པ་ནས། འཇིག་རྟེན་དུ་འབྱུང་བས་ཞེས་པའི་བར་ཏེ། ལམ་ཇི་སྙེད་ཅིག་ཡོད་པ་ཡང་བདེན་བཞིའི་ལམ་གྱི་ནང་དུ་འདུས་པའི་ཕྱིར། དེ་དག་ཉམས་སུ་བླང་བས་དཀོན་མཆོག་གསུམ་འཇིག་རྟེན་དུ་འབྱུང་བས་ན། དེས་སེམས་ཅན་རྣམས་ཡོངས་སུ་འགྲོལ་བར་འགྱུར་རོ་ཞེས་བསྟན་ཏོ། །ཞུས་ལན་གཉིས་པ་ལ། ཞུས་ལན་དངོས་དང༌། དེ་ལས་འཕྲོས་པའི་དོན་ནོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སྡུག་བསྔལ་འཚལ་བས་ན། ཞེས་པ་ནས། འོན་ཏེ་ལམ་གྱིས་མྱ་ངན་ལས་འདའ་བར་འགྱུར་ཞེས་པའི་བར་ཏེ། བདེན་བཞིས་མྱ་ངན་ལས་འདའ་འམ། བདེན་བཞི་ཤེས་པས་མྱ་ངན་ལས་འདའ་བར་འགྱུར་ཞེས་དྲིས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྡུག་བསྔལ་ཤེས་པས་ཞེས་པ་ནས། ལམ་ཤེས་པས་མྱ་ངན་ལས་འདའ་བ་མ་ཡིན། ལམ་གྱིས་ཀྱང་མ་ཡིན་ཞེས་པའི་བར་ཏེ། བདེན་བཞི་དང་བདེན་བཞི་ཤེས་པས་མི་གནས་པའི་མྱ་ངན་ལས་འདའ་བ་ཐོབ་པ་མ་ཡིན་གྱི། བདེན་བཞི་མཉམ་པ་ཉིད་དུ་རྟོགས་པས་ཐོབ་པ་ཡིན་ནོ་ཞེས་བསྟན་ཏོ། །གཉིས་པ་ལ། དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་གང་ལ་སྡུག་བསྔལ་ཡང་མ་མཆིས་ཞེས་པ་ནས། མཉམ་པ་ཉིད་ཅེས་བགྱི་བ་དེ་གང་ལགས་ཞེས་པའི་བར་ཏེ། གོང་དུ་མཉམ་པ་ཉིད་རྟོགས་པས་མྱ་ངན་ལས་འདའ་ཞེས་བསྟན་པ་ལ་དྲིས་པའོ། །གཉིས་པ་ལན་ལ། མཉམ་པ་ཉིད་ཀྱི་དོན་ངོས་བཟུང་བ་དང༌། བདེན་བཞི་མཉམ་པ་ཉིད་རྟོགས་པའི་དོན་དུ་སྤྱོད་པར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་འཕགས་པའི་བདེན་པ་བཞི་པོ་ཞེས་པ་ནས། མི་འགྲིབ་པར་འདུག་པ་སྟེ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས། སྤྱོད་དོ་ཞེས་པའི་བར་རོ། །ཞུས་ལན་གསུམ་པ་ལ་ཞུས་པ་ནི། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། སྐྱོན་མ་མཆིས་པ་ལགས་ཞེས་པའི་བར་ཏེ། ཇི་ལྟར་སྤྱོད་ན་བདེན་པ་རྟོགས་པའི་དོན་དུ་སྤྱོད་པ་ལགས་ཞེས་པ་དང༌། ཇི་ལྟར་སྤྱོད་ན་ཉན་རང་དུ་མི་ལྟུང་ཞིང༌། བྱང་སེམས་ཀྱི་སྐྱོན་མ་མཆིས་པར་འཇུག་པ་ལགས་ཞེས་དོན་གཉིས་དྲིས་པའོ། །དྲི་བ་དང་པོའི་ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། ཆོས་ཐམས་ཅད་སྟོང་པར་མཐོང་སྟེ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་བདེན་པར་མ་དམིགས་པར་རྟོགས་ནས་བདེན་བཞི་རང་བཞིན་མེད་པར་ཁོང་དུ་ཆུད་པའི་སྒོ་ནས་བདེན་བཞི་མཉམ་པ་ཉིད་དུ་རྟོགས་པའི་དོན་དུ་སྤྱོད་དོ་ཞེས་པའི་དོན་ནོ། །གཉིས་པ་ལ། བདེན་བཞི་མཉམ་པ་ཉིད་དུ་རྟོགས་པའི་རྒྱུ་དང༌། དམིགས་པའི་སེམས་མི་བསྐྱེད་པ་དང༌། བྱང་ཆུབ་ལ་གཞོལ་བའི་བསམ་པས་ཡང་དག་པའི་དོན་ལ་འཇུག་པའོ། །དང་པོ་ནི། དེས་དེ་ལྟར་མཐོང་བས་ཞེས་པ་ནས། ལྟུང་བ་མེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་བྱང་ཆུབ་སེམས་དཔའི་རིགས་ཞེས་པ་ནས། ཆུད་པར་བྱེད་དོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་སྡུག་བསྔལ་ཡོངས་སུ་ཤེས་ཀྱང་ཞེས་པ་ནས། སེམས་མི་བསྐྱེད་དོ་ཞེས་པའི་བར་རོ། །བཞི་པ་ནི། གཞན་དུ་ན་ཞེས་པ་ནས། མཐོང་བར་བྱེད་དོ་ཞེས་པའི་བར་རོ། །ཞུས་ལན་བཞི་པ་ལ། དྲི་བ་ནི། གསོལ་པ་ཞེས་པ་ནས། དེ་གང་ལགས་ཞེས་པའི་བར་ཏེ། གོང་དུ་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བྱེད་པ་ཞེས་པ་ལ་དྲིས་པའོ། །ལན་ལ། ཡང་དག་པའི་དོན་ངོས་བཟུང་བ་དང༌། དེ་ལ་ལྷག་མཐོང་གིས་ཇི་ལྟར་བལྟ་བར་བྱ་བ་དང༌། དེ་མ་བཅོས་པའི་དོན་དུ་བསྟན་པ་དང༌། དེ་རྟོགས་པའི་སྒོ་ནས་སེམས་ཅན་ལ་ཆོས་སྟོན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དོ་ཞེས་པའི་བར་རོ། །གཉིས་པ་ནི། གསོལ་པ་སྟོང་པ་ཉིད་གང་ལགས་ཞེས་པ་ནས། ཡོད་པར་མི་མཐོང་ངོ་ཞེས་པའི་བར་རོ། །གསུམ་པ་ནི། དངོས་པོ་མེད་པ་ནི་བྱང་ཆུབ་སྟེ་ཞེས་པ་ནས། མི་ཤེས་མི་མཐོང་བས་ཞེས་པའི་བར་ཏེ། གང་གིས་ཀྱང་མ་བཅོས་པ་དང༌། བློ་གང་གིས་ཀྱང་ངོ་བོ་ཉིད་མི་མཐོང་ངོ་ཞེས་པའི་དོན་ནོ། །བཞི་པ་ནི། དེའི་ཕྱིར་ཞེས་པ་ནས། ཆོས་སྟོན་ཏོ་ཞེས་པའི་བར་རོ། །མངོན་པར་རྟོགས་པའི་རྒྱན་ལས་ཀྱང༌། བདེན་མཐོང་ཞེས་པ་དང་སྦྱར་རོ། །དངོས་པོ་དང་དངོས་པོ་མེད་པའི་ལེའུ་སྟེ་དྲུག་ཅུ་རེ་དགུ་པ་རྣམ་པར་བཤད་པའོ།།  ༈ བདུན་ཅུ་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པའི་ལེའུ་བཤད་པ། ལེའུ་འདི་ནས་ཕྱིན་ཅི་ལོག་སྤངས་པའི་མཛད་པ་དང༌། ཕྱིན་ཅི་ལོག་གཞི་མེད་པ་ལ་འགོད་པའི་མཛད་པ་གཉིས་སྟོན་པའི་དང་པོ་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། ཐ་དད་དུ་རྣམ་པར་དབྱེ་བའམ། རྣམ་པར་འགོད་པར་ཡང་ཇི་ལྟར་འགྱུར་ཞེས་པའི་བར་ཏེ། འདི་ལ་ཁས་བླངས་རྗེས་སུ་བརྗོད་པ་ནི། ལེའུ་གོང་མའི་སྐབས་སུ་སངས་རྒྱས་སོགས་གང་གིས་ཀྱང་མ་བྱས་ཞེས་པ་ལས་འཕྲོས་པ་སྟེ། བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། མ་བགྱིས་ཞེས་པའི་བར་རོ། །རྩོད་པ་དངོས་ནི། འཁོར་བའི་ལས་འབྲས་མི་འཐད་པར་རྒོལ་བ་དང༌། རྣམ་བྱང་གི་ལས་འབྲས་མི་འཐད་པར་རྒོལ་བ་གཉིས་ཀྱིས་བསྟན་པའི་དང་པོ་ནི། ཆོས་དེ་དག་ལ་འདི་དག་ནི་སེམས་ཅན་དམྱལ་བ་པའོ་ཞེས་པ་ནས། ལས་འདིས་ནི་འདུ་ཤེས་མེད། འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་ཇི་ལྟར་འགྱུར་ཞེས་སྦྱར་ཏེ་དེ་ཉིད་ཀྱིས་བསྟན་ཏོ། །གཉིས་པ་ནི། ལས་འདིས་རྒྱུན་དུ་ཞུགས་པའི་འབྲས་བུ་འགྱུར་རོ་ཞེས་པ་ནས། ཇི་ལྟར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །རྒྱས་པར་བཤད་པ་ནི། བཅོམ་ལྡན་འདས་དངོས་པོ་མ་མཆིས་པ་ལ་ནི། བགྱི་བ་གང་ཡང་མ་མཆིས་ཏེ་ཞེས་པ་ནས། འཁོར་བ་ལས་ཡོངས་སུ་སྒྲོལ་བར་འགྱུར་རོ་ཞེས་བགྱི་བ་དེ་ལྟ་བུ་གང་ཡང་མ་མཆིས་སོ་ཞེས་པའི་བར་གྱིས་བསྟན་ཏེ། སྔ་མ་བཞིན་དུ་འཁོར་བའི་ལས་འབྲས་མི་འཐད་པར་རྒོལ་བ་དང༌། རྣམ་བྱང་གི་ལས་འབྲས་མི་འཐད་པར་རྒོལ་བ་གཉིས་རིམ་པ་བཞིན་བསྟན་ཏོ། །གཉིས་པ་ལན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ། དེ་ཁོ་ན་ཉིད་དུ་འདོད་པར་བསྟན་པ་ནི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། འབྲས་བུ་ཡང་མེད་ན་ཞེས་པའི་བར་རོ། །ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པས་བསྟན་པ་ནི། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་འཕགས་པའི་ཆོས་ལ་མི་མཁས་པ་རྣམས་ཀྱིས་ཞེས་པ་ནས། ལྷའི་ནང་དུ་ལུས་མངོན་པར་འགྲུབ་སྟེ་ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དོན་དམ་པར་ལས་འབྲས་མ་གྲུབ་པ་དང༌། ཐ་སྙད་དུ་ལས་འབྲས་རྣམ་པར་བཞག་པའོ། །དང་པོ་ནི། དངོས་པོ་མེད་པ་ལ་ནི་ཞེས་པ་ནས། མེད་པ་ཉིད་དོ་ཞེས་པའི་བར་ནི་ལན་དངོས་སོ། །དེ་ཉིད་བརྒལ་ལན་གྱིས་གཏན་ལ་དབབ་པ་ལ། དང་པོ་ཁས་བླངས་རྗེས་སུ་བརྗོད་པ་ནི། རབ་འབྱོར་དེ་ལ་འདི་སྐད་དུ་དངོས་པོ་མེད་པ་ལ་ནི་བྱ་བ་གང་ཡང་མེད་དེ་ཞེས་པ་ནས། སྒྲོལ་བར་འགྱུར་བ་དེ་ལྟ་བུའི་བྱ་བ་གང་ཡང་མེད་དོ་ཞེས་ཟེར་བ་ནི་ཞེས་པའི་བར་ཏེ། དངོས་པོ་མེད་པ་ལ་ནི་བྱ་བ་གང་ཡང་མེད་པས། གང་གིས་ངན་སོང་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་མེད་ལ། ཟག་མེད་ཀྱི་ལས་ཀྱིས་རྒྱུན་ཞུགས་ནས་རྣམ་མཁྱེན་གྱི་བར་ཐོབ་པར་འགྱུར་བ་ཡང་མེད་དོ། །དེ་ལྟར་ན་རྣམ་མཁྱེན་ཐོབ་ནས། སེམས་ཅན་འཁོར་བ་ལས་སྒྲོལ་བའི་བྱ་བ་ཡང་སྨྲ་ན་ཞེས་པའི་དོན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བརྒལ་བ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་མེད་པ་མ་ཡིན་ནམ་ཞེས་པའི་བར་ཏེ། ཁྱོད་ཀྱིས་འདོད་པའི་ལམ་དང༌། རྒྱུན་ཞུགས་སོགས་དོན་དམ་པར་དངོས་པོ་མེད་པ་མ་ཡིན་ནམ་ཞེས་རྩོད་པའོ། །རབ་འབྱོར་གྱིས་ལན་སྨྲས་པ་ནི། གསོལ་པ་བཅོམ་ལྡན་འདས་ལམ་ནི་དངོས་པོ་མ་མཆིས་པའོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མ་མཆིས་པའོ་ཞེས་པའི་བར་ཏེ། བཅོམ་ལྡན་འདས་ཀྱིས་རྒོལ་བ་དང་མཐུན་པར་ལན་བཏབ་པའོ། །ལན་དེ་ཉིད་ཀྱི་སྒོ་ནས་འཐོབ་བྱ་ཐོབ་བྱེད་མེད་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། འདི་ལྟར་མཚན་ཉིད་མེད་པའོ་ཞེས་པའི་བར་ཏེ། རབ་འབྱོར་རང་ཉིད་ཀྱིས་ཀྱང་དངོས་པོ་མེད་པར་མ་སྨྲས་སམ། དངོས་པོ་མེད་པ་ལ་ཐོབ་བྱ་ཐོབ་བྱེད་ཡོད་པ་མ་ཡིན་ལ། དེ་ཉིད་ཀྱིས་མཚན་མ་མེད་དོ་ཞེས་བསྟན་ཏོ། །གཉིས་པ་ནི། ཀུན་རྫོབ་ཏུ་ལས་འབྲས་རྣམ་པར་བཞག་པ་ནི། རབ་འབྱོར་དེ་ལ་བྱང་སེམས་ཆེན་པོ་ཞེས་པ་ནས། རྣམ་པར་འགྲེལ་ཏོ་ཞེས་པའི་བར་ཏེ། ཐ་སྙད་དུ་ཕྱིན་ཅི་ལོག་བཞིས་མངོན་པར་ཞེན་ནས། འཁོར་བར་ཡོངས་སུ་འཆིང་བ་ཡོད་པས། དེ་ལས་རྣམ་པར་འགྲོལ་བའི་ལས་ཡོད་དོ་ཞེས་པའི་དོན་ནོ། །མངོན་པར་རྟོགས་པའི་རྒྱན་ལས། ཕྱིན་ཅི་ལོག་ནི་སྤངས་པ་དང༌། ཞེས་གསུངས་སོ། །ཕྱིན་ཅི་ལོག་གི་གཞི་མེད་པ་ལ་འགོད་པའི་ལས་ལ་རྩོད་པ་དང༌། ལན་ནོ། །དང་པོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས་ཞེས་པ་ནས། ཅི་སྟེ་མི་འགྲོལ་ཞེས་པའི་བར་ཏེ། མངོན་པར་ཞེན་པའི་གཞི་ཡོད་པ་མ་ཡིན་ནམ། གལ་ཏེ་མེད་ན་ནི་ལས་བྱེད་པར་ཇི་ལྟར་འགྱུར་ཞེས་པའི་དོན་ནོ། །གཉིས་པ་ལན་ལ་མདོར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱིན་ཅི་ལོག་མ་གཏོགས་པར་ཞེས་པ་ནས་མེད་དོ་ཞེས་པའི་བར་ཏེ། ཕྱིན་ཅི་ལོག་གིས་བཟུང་བ་མ་གཏོགས་པ། ཕྱིན་ཅི་ལོག་གི་གཞིའམ། དམིགས་པ་ཅུང་ཟད་ཀྱང་མེད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། དང་པོ་མཚམས་སྦྱར་བ་ནི། རབ་འབྱོར་དེ་ལྟ་བས་ན་ཞེས་པ་ནས། དཔེ་བཤད་དོ་ཞེས་པའི་བར་རོ། །གཉིས་པ་དོན་དངོས་ལ། རྨི་ལམ་གྱི་དཔེས་ཕྱིན་ཅི་ལོག་གི་གཞི་མེད་པར་བསྟན་པ་དང༌། གཟུགས་བརྙན་གྱི་དཔེས་བསྟན་པ་དང༌། སྒྲ་བརྙན་གྱི་དཔེས་བསྟན་པ་དང༌། སྨིག་རྒྱུའི་དཔེས་བསྟན་པ་དང༌། སྒྱུ་མའི་དཔེས་བསྟན་པ་དང༌། སྤྲུལ་པའི་དཔེས་གཞི་མེད་པར་བསྟན་པའོ། །དང་པོ་ལ། རྨི་ལམ་གཞི་དང་བཅས་པ་མ་གྲུབ་པར་བསྟན་པ་དང༌། གཞིའི་ཁྱད་པར་གྱི་ཆོས་མ་གྲུབ་པར་བསྟན་པ་དང༌། གཞི་རྟོགས་པའི་རྣམ་བྱང་གི་ཆོས་མ་གྲུབ་པར་བསྟན་པའོ། །དང་པོ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས་རྨི་ལམ་དུ་མཐོང་བ་ལ་ཞེས་པ་ནས། ཅི་འཚལ་ཏེ་མ་མཆིས་སོ་ཞེས་པའི་བར་ཏེ། རྨི་ལམ་ཉིད་ཀྱང་མ་མཆིས་ན། དེའི་ཡུལ་ལ་ལོངས་སྤྱོད་པ་ལྟ་ག་ལ་མཆིས་ཞེས་པའི་དོན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ་ཞེས་པ་ནས། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པའི་བར་ཏེ། གཞིའི་ཁྱད་པར་གྱི་ཆོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྨི་ལམ་ལྟ་བུ་མ་ཡིན་པ་མེད་པས་འཁོར་བ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །གསུམ་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། རྨི་ལམ་ལ་ལམ་བསྒོམ་པས་ཞེས་པ་ནས། གདགས་སུ་མ་མཆིས་པའོ་ཞེས་པའི་བར་ཏེ། རྨི་ལམ་ལ་ལམ་བསྒོམ་པ་མ་མཆིས་སོ་ཞེས་པའི་དོན་ནོ། །གཉིས་པ་ལ་གཟུགས་བརྙན་གྱིས་དཔེས་འཁོར་བའི་ཆོས་མ་གྲུབ་པར་བསྟན་པ་དང་མྱ་ངན་ལས་འདས་པའི་ཆོས་མ་གྲུབ་པར་བསྟན་པའོ། །དང་པོ་ལ་ཡང༌། གཟུགས་བརྙན་གྱི་དཔེས་འཁོར་བའི་ཆོས་ཡོད་པ་དགག་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཞེས་པ་ནས་དངོས་པོ་ཡོད་དམ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དང་རྗེས་སུ་མཐུན་པའི་རབ་འབྱོར་གྱི་ཚིག་གིས་འཁོར་བ་མ་གྲུབ་པར་བསྟན་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མ་མཆིས་སོ་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལ་ལམ་བསྒོམས་པས་ཞེས་པ་ནས། མ་མཆིས་སོ་ཞེས་པའི་བར་རོ། །གསུམ་པ་ལ་འཁོར་བ་མ་གྲུབ་པར་བསྟན་པ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས། ནགས་སྟུག་པོ་དང་ཞེས་པ་ནས། ལྷར་སྐྱེ་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་དམིགས་སོ་ཞེས་པའི་བར་རོ། །གཉིས་པ་མྱང་འདས་ཀྱི་ཆོས་དགག་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཅི་སྙམ་དུ་སེམས། སྒྲ་བརྙན་གྱི་ལམ་གང་ལ་བསྒོམ་པས་ཞེས་པ་ནས། མ་མཆིས་སོ་ཞེས་པའི་བར་རོ། །བཞི་པ་ལ། འཁོར་བའི་ཆོས་མ་གྲུབ་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། སྨིག་རྒྱུ་ལ་ཞེས་པ་ནས། ལྷར་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ་ཞེས་པའི་བར་རོ། །རྣམ་བྱང་གི་ཆོས་མ་གྲུབ་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་དེ་ཅི་སྙམ་དུ་སེམས། ཕྱིན་ཅི་ལོག་གི་འདུ་ཤེས་དེ་ལ་ཞེས་པ་ནས། མ་མཆིས་སོ་ཞེས་པའི་བར་རོ། །ལྔ་པ་ལ་འཁོར་བའི་ཆོས་མ་གྲུབ་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། སྒྱུ་མའི་མཁན་པོས་ཞེས་པ་ནས། ལྷར་སྐྱེ་བར་འགྱུར་བ་ནི་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་མ་མཆིས་སོ་ཞེས་པའི་བར་རོ། །རྣམ་བྱང་གི་ཆོས་མ་གྲུབ་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། སྒྱུ་མ་གང་ལ་ལམ་བསྒོམས་པས་ཞེས་པ་ནས། ག་ལ་མཆིས་ཞེས་པའི་བར་རོ། །དྲུག་པ་ལ་འཁོར་བའི་ཆོས་མ་གྲུབ་པ་དང༌། མྱ་ངན་ལས་འདས་པའི་ཆོས་མ་གྲུབ་པར་བསྟན་པའོ། །དང་པོ་ལ་ཡང་བཅོམ་ལྡན་འདས་ཀྱི་གསུང་གིས་འཁོར་བའི་ཆོས་མ་གྲུབ་པར་བསྟན་པ། དེ་དང་རྗེས་སུ་མཐུན་པའི་རབ་འབྱོར་གྱི་ཚིག་གིས་མ་གྲུབ་པར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པ་མཛད་ན་ཞེས་པ་ནས། ལྷར་སྐྱེ་བ་དེ་ལྟ་བུའི་དངོས་པོ་ཡོད་དམ་ཞེས་པའི་བར་རོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ་ཞེས་པ་ནས། མ་མཆིས་སོ་ཞེས་པའི་བར་རོ། །གཉིས་པ་ལ་ཡང་སྔ་མ་ལྟར་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་སྤྲུལ་པ་དེ་ལ་ཞེས་པ་ནས། སྒོམ་པ་ཡོད་དམ་ཞེས་པའི་བར་རོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པ་ནས། རྣམ་པར་བྱང་བ་མེད་དོ་ཞེས་པའི་བར་རོ། །མངོན་པར་རྟོགས་པའི་རྒྱན་ལས། དེ་གཞི་མེད་པའི་ཚུལ་ལ་འགོད། །ཅེས་གསུངས་སོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པའི་ལེའུ་སྟེ་བདུན་ཅུ་པ་རྣམ་པར་བཤད་པའོ།།  ༈ བདུན་ཅུ་དོན་གཅིག་པ་དོན་དམ་པའི་རྣལ་འབྱོར་གྱི་ལེའུ་བཤད་པ། ལེའུ་འདི་ནས་རྣམ་པར་བྱང་བ་ལ་འགོད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ལ་འགོད་པ་དང༌། བདེན་གཉིས་དབྱེར་མེད་རྟོགས་པ་ལ་འགོད་པ་དང་གསུམ་སྟོན་ཏེ། དང་པོ་ལ་རྩོད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་རྣམ་པར་བྱང་བ་གསུངས་པ་དེ་ཅི་ལྟ་བུ་ལགས་ཞེས་པའི་བར་ཏེ། ཡང་དག་པར་མཐོང་བ་དང་མ་མཐོང་བ་ལ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཡང་མ་མཆིས་ན། བཅོམ་ལྡན་འདས་ཀྱིས་རྣམ་པར་བྱང་བ་དེ་གསུངས་པ་གང་ལགས་ཞེས་པ་སྟེ། ལན་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། རྣམ་པར་བྱང་བ་གསུངས་སོ་ཞེས་པའི་བར་ཏེ། རང་བཞིན་མེད་པར་མཉམ་པའི་དོན་ལ་རྣམ་བྱང་དུ་གསུངས་སོ། །གཉིས་པ་ལ། དེ་བཞིན་ཉིད་ཀྱི་རྣམ་གྲངས་བརྒྱད་ལ་རྣམ་བྱང་དུ་བསྟན་པ་དང༌། དོན་དམ་པར་ཐ་སྙད་ལས་འདས་པར་བསྟན་པའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། རབ་འབྱོར་རྣམ་པར་བྱང་བ་སྟེ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ནི་འཇིག་རྟེན་གྱི་ཞེས་པ་ནས། འདས་པའི་ཆོས་སོ་ཞེས་པའི་བར་རོ། །གཉིས་པ་བྱང་ཆུབ་ཀྱི་རྒྱུ་ཚོགས་ལ་འགོད་པ་ལ། རྩོད་པ་དང༌། ལན་ནོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྲ་བརྙན་ལྟ་བུ་ཞེས་པ་ནས། ཇི་ལྟར་ཞེས་སྦྱར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལགས་ཞེས་པའི་བར་ཏེ། ཆོས་ཐམས་ཅད་རྨི་ལམ་ལ་སོགས་པ་འཁྲུལ་བའི་དཔེ་དང་འདྲ་བར་དངོས་པོ་དང་རྫས་སུ་མ་མཆིས་པ་ལགས་ན། སྦྱིན་པ་ནས་མ་འདྲེས་པའི་བར་ལ་གནས་ནས། ཇི་ལྟར་སེམས་བསྐྱེད་པར་འགྱུར་ཞེས་པའོ། །གཉིས་པ་ལན་ལ། ལན་དངོས་དང༌། དེ་ལ་རྩོད་པ་སྤང་བ་དང༌། བྱང་ཆུབ་ཀྱི་རྒྱུ་ཚོགས་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་ཁྱོད་ཀྱིས་བརྗོད་པའི་ཆོས་དེ་དག་ཅེས་པ་ནས། སྤྲུལ་པ་ནི་ཡང་དག་པ་མ་ལགས་ཏེ་ཞེས་པའི་བར་ཏེ། ཁྱོད་ཀྱིས་བརྗོད་པའི་སྦྱིན་པ་ནས་མ་འདྲེས་པའི་བར་ནི་འཁྲུལ་བའི་དཔེ་དྲུག་དང་འདྲ་བར་མི་བདེན་ནོ་ཞེས་པའི་དོན་ནོ། །གཉིས་པ་རྩོད་པ་ནི། བཅོམ་ལྡན་འདས་ཡང་དག་པ་མ་ལགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་ཞེས་པ་ནས། སངས་རྒྱ་བར་མི་ནུས་སོ་ཞེས་པའི་བར་ཏེ། སྦྱིན་པ་ནས་མ་འདྲེས་པའི་བར་ཡང་དག་པ་མ་ལགས་ན། སྦྱིན་པ་ནས་མ་འདྲེས་པའི་བར་ལ་སྤྱོད་པས་སངས་རྒྱས་ཐོབ་པར་མི་ནུས་སོ་ཞེས་པའི་དོན་ནོ། །གཉིས་པ་ལན་ལ། དོན་དམ་པར་འདོད་པའི་ལན་དང༌། ཀན་རྫོབ་ཏུ་མ་ངེས་པའི་ལན་ནི། དང་པོ་ལ། རབ་འབྱོར་དེ་ཅི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པ་ནས། རབ་འབྱོར་དེ་ཅི་སྙམ་དུ་སེམས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པའི་བར་གྱིས་ནི་བརྒལ་བ་དང༌། ལན་གྱིས་དོན་དམ་པར་ཆོས་གང་ཡང་འཚང་མི་རྒྱ་བར་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་པའི་བར་གྱིས་ནི། རབ་འབྱོར་གྱིས་ལན་བཏབ་པའི་དོན་གསལ་བར་མཛད་དོ། །དེ་དག་གི་འཐད་པ་ནི། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཐོབ་པར་མི་ནུས་སོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་འོན་ཀྱང་ཞེས་པ་ནས། ཐོབ་པའི་ཕྱིར་ནི་མ་ཡིན་ནོ་ཞེས་པའི་བར་ཏེ། སྦྱིན་པ་ནས་མ་འདྲེས་པའི་བར་དེ་དག་ལ་སྤྱོད་པ་ནི་བྱང་ཆུབ་བསྐྱེད་པའི་རྒྱུར་འགྱུར་ལ། འབྲས་བུ་ངོ་བོ་ཉིད་ཀྱིས་གྲུབ་པ་ཐོབ་པའི་ཕྱིར་དུ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །གསུམ་པ་བྱང་ཆུབ་ཀྱི་རྒྱུ་ཚོགས་བསྟན་པ་ལ་དྲུག་སྟེ། བྱང་ཆུབ་ཀྱི་ལམ་ངོས་བཟུང་བ་དང༌། བྱང་ཆུབ་པ་ལམ་ལ་རག་ལས་པར་བསྟན་པ་དང༌། ལམ་གྱིས་ཡུལ་རྟོགས་ཚུལ་བསྟན་པ་དང༌། ལམ་ལ་བརྟེན་ནས་གཞན་དོན་ལ་འཇུག་ཚུལ་དང༌། ཞར་ལ་སངས་རྒྱས་ཚུལ་ལ་དོགས་པ་གཅད་པ་དང༌། དོན་དམ་རྟོགས་པའི་ཡེ་ཤེས་ངོས་བཟུང་བའོ། །དང་པོ་ལ། ཡུལ་རང་བཞིན་མེད་པའི་འཐད་པ་དང༌། རང་བཞིན་མེད་པར་རྟོགས་པའི་ལམ་དངོས་སོ། །དང་པོ་ནི། ཆོས་དེ་དག་གི་མི་སྐྱེ་བ་དང་ཞེས་པ་ནས། དེ་ལྟ་བས་ན་ཞེས་པའི་བར་རོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ་དགེ་བའི་ཆོས་གང་དང་གང་རྩོམ་ཡང༌། དེ་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་བྱ་བར་རབ་ཏུ་ཤེས་ཏེ་ཞེས་པའི་བར་ཏེ། སྦྱིན་པ་ནས་མ་འདྲེས་པའི་བར་གྱི་ཆོས་རྣམས་སྒྱུ་མ་ལྟར་རང་བཞིན་མེད་པར་ཤེས་པ་ཉིད་ལམ་དུ་བསྟན་ཏོ། །གཉིས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བར་མི་ནུས་པས་ཞེས་པའི་བར་ཏེ། སྦྱིན་པ་ནས་མ་འདྲེས་པའི་བར་རྣམས་རྒྱུད་ལ་ཡོངས་སུ་རྫོགས་པར་བསྐྱེད་པ་ནི། རང་བཞིན་མི་དམིགས་པར་རྟོགས་པ་ལ་རག་ལས་ལ། ཆོས་དེ་དག་ཡོངས་སུ་མ་རྫོགས་པར་ཡང་རྣམ་མཁྱེན་ཐོབ་པར་མི་ནུས་སོ་ཞེས་པའི་དོན་ནོ། །གསུམ་པ་ལམ་གྱིས་ཡུལ་རྟོགས་ཚུལ་བསྟན་པ་ལ་གསུམ་སྟེ། དཔེའི་སྒོ་ནས་རང་བཞིན་མེད་པར་ཤེས་པའི་ཚུལ་དང༌། རང་བཞིན་མེད་པར་རྟོགས་པའི་བྱེད་པ་དང༌། ཡུལ་རྟོགས་ཚུལ་ལ་དོགས་པ་གཅོད་པའོ། །དང་པོ་ནི། དེའི་ཕྱིར་དེ་ལྟ་བས་ན་བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སྤྱད་ཅིང༌། དགེ་བའི་ཆོས་གང་དང་གང་རྩོམ་ཡང་དེ་ཐམས་ཅད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུར་ཤེས་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྨི་ལམ་དུ་ལྟ་བུར་ཤེས་སོ། །སྒྲ་བརྙན་དང༌། མིག་ཡོར་དང༌། སྨིག་རྒྱུ་དང༌། སྒྱུ་མ་དང༌། སྤྲུལ་པ་ལྟ་བུར་ཤེས་སོ་ཞེས་པའི་བར་ཏེ། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རྨི་ལམ་ལ་སོགས་པའི་དཔེ་དྲུག་ལྟར་རང་བཞིན་མེད་པར་ཤེས་ཞེས་པའི་དོན་ནོ། །ཞར་ལ་སེམས་ཅན་གཞན་ཡང་ཡུལ་གང་ལ་སྤྱོད་པའི་ཚུལ་བསྟན་པ་ནི། དེ་ཐམས་ཅད་ཀྱང་རྨི་ལམ་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ་ཞེས་པ་ནས། སྤྲུལ་པ་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་བས་ན་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཆོས་རྣམས་དངོས་པོ་མེད་པར་འཛིན་ཏོ་ཞེས་པ་ནས། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ་ཞེས་པའི་བར་ཏེ། རང་བཞིན་མེད་པར་ཤེས་པས་བདེན་པའི་དངོས་པོ་མེད་པར་བཟུང་ཞིང་རྟོགས་པ་ལ་བརྟེན་ནས། རྣམ་མཁྱེན་ཐོབ་པར་བྱེད་དོ་ཞེས་པའི་དོན་ནོ། །གསུམ་པ་ལ། གཟུང་བྱའི་ཡུལ་མེད་པར་བསྟན་པ་དང༌། ཡུལ་མེད་པར་རྟོགས་པས་བྱང་ཆུབ་ཐོབ་པར་བསྟན་པའོ། །གཟུང་བྱའི་དངོས་པོ་གཅིག་ཡོད་དམ་སྙམ་ན་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མེད་དོ་ཞེས་པ་ནས། མ་འདྲེས་པ་རྣམས་ཀྱང་བཟུང་དུ་མེད་དོ་ཞེས་པའི་བར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་མ་འདྲེས་པའི་བར་གང་ཡང་བཟུང་བྱའི་དངོས་པོ་མེད་པར་བསྟན་ཏོ། །གཉིས་པ་ནི། དེ་བས་ན་ཞེས་པ་ནས། དོན་དུ་གཉེར་ཏེ་ཞེས་པའི་བར་ཏེ། གཟུང་བྱའི་དངོས་པོ་མེད་པར་རྟོགས་ནས་བྱང་ཆུབ་ཐོབ་པར་བྱ་དགོས་ཞེས་པའི་དོན་ནོ། །གཟུང་བྱའི་དངོས་པོ་མེད་པའི་འཐད་པ་ནི། དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་ཞེས་པ་ནས། སྤྲུལ་པ་ལྟ་བུ་སྟེ་ཞེས་པའི་བར་རོ། །ལམ་ལ་བརྟེན་ནས་གཞན་དོན་སྒྲུབ་ཚུལ་ལ། རང་བཞིན་མེད་པར་རྟོགས་པའི་ལམ་ལ་འཇུག་པའི་འཐད་པ་དང༌། གཞན་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པ་དང༌། ཕྱིན་ཅི་ལོག་གི་འཆིང་བ་ལས་གྲོལ་བའོ། །དང་པོ་ནི། སེམས་ཅན་རྣམས་ཀྱིས་ཆོས་དེ་དག་ཅེས་པ་ནས་ཡང་དག་པར་འཇུག་སྟེ་ཞེས་པའི་བར་ཏེ་རང་བཞིན་མེད་པའི་དོན་མ་ཤེས་པར་བཟུང་དུ་མེད་པའི་དོན་མི་རྟོགས་ལ། དེ་མ་རྟོགས་ན་གཞན་དོན་དུ་བྱང་ཆུབ་ཀྱི་ལམ་ལ་འཇུག་པར་མི་ནུས་པས། བླ་མེད་བྱང་ཆུབ་ཀྱི་དོན་དུ་རང་བཞིན་མེད་རྟོགས་ཀྱི་ལམ་དུ་འཇུག་ཅེས་པའི་དོན་ནོ། །གང་གི་སྒོ་ནས་གཞན་དོན་ལ་སྤྱོད་སྙམ་ན། གཉིས་པ་གཞན་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པ་ནི། དེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་པ་ནས། བྱང་ཆུབ་ཏུ་མི་འཇུག་སྟེ་ཞེས་པའི་བར་རོ། །དོན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ཡང༌། གཞན་དོན་དུ་བྱང་ཆུབ་ཀྱི་ཆེད་དུ་ཡིན་གྱི། རང་དོན་དུ་བྱང་ཆུབ་ཀྱི་ཆེད་དུ་མི་འཇུག་གོ་ཞེས་པའི་དོན་ནོ། །གསུམ་པ་ལ་འཆིང་བ་གང་ལས་འགྲོལ་བ་དང༌། བཀྲོལ་བའི་བྱེད་པ་བསྟན་པ་དང༌། གཉིས་དོན་གྱི་བྱེད་པ་བསྟན་པའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གང་སེམས་ཅན་མེད་པ་ལ་སེམས་ཅན་གྱི་འདུ་ཤེས་སུ་གནས་པ་དང་ཞེས་པ་ནས། ཕྱིན་ཅི་ལོག་ལས་ཤིན་ཏུ་རྣམ་པར་འགྲོལ་ཏེ་ཞེས་པའི་བར་ཏེ། བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱི་འདུ་ཤེས་ལས་བཀྲོལ་བར་བསྟན་ཏོ། །གཉིས་པ་ནི། ཕྱིན་ཅི་ལོག་ལས་རྣམ་པར་འགྲོལ་ཞིང༌། འཆི་བ་མེད་པའི་གནས་སུ་བཀོད་དོ་ཞེས་པ་ནས། སྤྲོས་མེད་ཀྱི་སེམས་ཀྱིས་ཉེ་བར་བསྒྲུབས་ཤིང༌། མང་དུ་སྤྱོད་དེ་ཞེས་པའི་བར་རོ། །གསུམ་པ་ནི། རྣམ་གྲངས་དེས་ན་ཞེས་པ་ནས། འཇིག་རྟེན་གྱི་ཐ་སྙད་ཡིན་གྱི་དོན་དམ་པར་མ་ཡིན་ནོ་ཞེས་པའི་བར་རོ། །ཞར་ལ་སངས་རྒྱ་ཚུལ་ལ་དོགས་པ་གཅད་པ་ལ་གསུམ་སྟེ། དྲི་བ་དགོད་པ་དང༌། ལན་བཤད་པ་དང༌། ལན་ལ་རྩོད་པ་སྤང་བའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མངོན་པར་རྟོགས་པར་སངས་རྒྱས་ཞེས་པའི་བར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཞེས་པ་ནས། མངོན་པར་རྫོགས་པར་འགྱུར་བ་མེད་ཅེས་པའི་བར་རོ། །དེ་ཡང་དོན་དམ་པར་ཆོས་འདིས་ཆོས་འདི་ལྟ་བུ་ཞིག་འཚང་རྒྱ་བར་མ་དམིགས་ཏེ། འདི་དག་ནི་སྤྲོས་པ་ཡིན་ལ། དོན་དམ་པར་གཉིས་ཀྱི་ཚུལ་གྱིས་ཐོབ་པ་དང་མངོན་པར་རྫོགས་པ་མེད་པའི་ཕྱིར་ཞེས་སྟོན་པའོ། །གསུམ་པ་ལ་རྩོད་པ་དགོད། ལན་བཤད། ལན་ལ་རྩོད་པ་སྤང་བའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། འགྱུར་རམ་ཞེས་པའི་བར་ཏེ། གཉིས་ཀྱི་ཚུལ་གྱིས་ཐོབ་པ་དང་མངོན་པར་རྟོགས་པ་མེད་ན། གཉིས་ཀྱི་ཆོས་མེད་པས་ཐོབ་པ་དང་མངོན་པར་རྟོགས་པ་ཡང་མེད་པར་འགྱུར་རོ་ཞེས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གཉིས་ཀྱིས་ཀྱང་ཐོབ་པ་དང་ཞེས་པ་ནས། སྤྲོས་པ་མེད་པ་ནི་ཆོས་མཉམ་པ་ཉིད་དོ་ཞེས་པའི་བར་ཏེ། གཉིས་ཀྱི་ཚུལ་གྱིས་ཐོབ་པ་དང་མངོན་པར་རྟོགས་པ་མེད་དེ། ཐོབ་པ་དང་མངོན་རྟོགས་གཉིས་ཀྱི་ཚུལ་དུ་བཞག་པ་ནི། སྤྲོས་པ་ཡིན་ལ། དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་མེད་པར་མཉམ་པ་ཉིད་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་ལ། མཉམ་པ་ཉིད་དུ་བསྟན་པ་ལ་རྩོད་པ་འགོད་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྟན་པ་དང༌། དེ་གང་ཟག་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པར་བསྟན་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། གང་ཞིག་མཆིས་ཞེས་པའི་བར་ཏེ། དངོས་པོ་མ་མཆིས་པ་ལ་མཉམ་པ་ཉིད་ཅེས་བགྱི་བ་གང་ཞིག་མཆིས་ཞེས་རྩོད་པའོ། །གཉིས་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་དངོས་པོ་མེད་པ་དང་ཞེས་པ་ནས། རྣམ་པར་འདས་པའོ་ཞེས་པའི་བར་རོ། །གསུམ་པ་ནི། མཉམ་པ་ཉིད་ནི་བྱིས་པའམ་ཞེས་པ་ནས། དེ་བཞིན་གཤེགས་པའི་ཡུལ་མ་ཡིན་ནོ་ཞེས་པའི་བར་རོ། །བཞི་པ་ལ་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མངའ་བསྒྱུར་བ་མ་ལགས་སམ་ཞེས་པའི་བར་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངའ་བསྒྱུར་བ་མ་ཡིན་པར་ཐལ། མཉམ་པ་ཉིད་དེ་བཞིན་གཤེགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཞེས་པའོ། །ལན་ལ་ཆོས་དོན་གཞན་གཉིས་མེད་པར་བསྟན་པ་དང༌། དེ་ལས་འཕྲོས་པའི་རྩོད་པ་སྤང་བའོ། །དང་པོ་ལ་ཐལ་འགྱུར་འགོད་པ་དང༌། ལྡོག་པ་རང་རྒྱུད་འཕེན་པ་དང༌། རང་རྒྱུད་ཀྱི་རྟགས་ཀྱིས་ཁྱབ་པ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ཡང་ཞེས་པ་ནས། མངའ་བསྒྱུར་བར་ཡང་འགྱུར་ན་ཞེས་པའི་བར་ཏེ། དབང་བསྒྱུར་བྱ་དང་སྒྱུར་བྱེད་དོན་གཞན་གཅིག་ཡོད་ན་དེ་ལ་དབང་བསྒྱུར་བར་འགྱུར་ཞེས་པའི་དོན་ནོ། །གཉིས་པར་རང་རྒྱུད་ནི། སོ་སོ་སྐྱེ་བོ་རྣམས་ཀྱིས་ཆོས་མཉམ་པ་ཉིད་གང་ཡིན་པ་ཞེས་པ་ནས། བྱེ་བྲག་གང་ཡང་མེད་དོ་ཞེས་པའི་བར་ཏེ། དབང་བསྒྱུར་བྱ་དང་སྒྱུར་བྱེད་གཉིས་ཀྱི་བྱེ་བྲག་གང་ཡང་མེད་དེ། མཉམ་པ་མི་མཉམ་གྱི་བྱེ་བྲག་གཉིས་སུ་མེད་པའི་ཕྱིར་ཏེ་སེམས་ཅན་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་གཅིག་པའི་ཕྱིར་ཏེ། མཉམ་པ་ཉིད་ཡིན་པའི་ཕྱིར། ཁྱབ་པ་བསྟན་པ་ནི། དེ་ལྟར་སོ་སོ་སྐྱེ་བོ་རྣམས་ཀྱི་ཞེས་པ་ནས། མི་དམིགས་སོ་ཞེས་པའི་བར་ཏེ། མཉམ་པ་ཉིད་ལ་སོ་སོ་སྐྱེ་བོ་ནས། སངས་རྒྱས་ཀྱི་བར་གྱི་ཆོས་རྣམ་པར་རྟོག་པས་སོ་སོར་བཟུང་བ་དེ་དག་ནི། གཉིས་སུ་བྱར་མེད་དེ་མཉམ་པ་ཉིད་ལ་དེ་དག་མི་དམིགས་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་དེ་ལས་འཕྲོས་པའི་རྩོད་པ་སྤང་བ་ནི། དང་པོ་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས། དེ་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་ལ་འདི་ནི། སོ་སོ་སྐྱེ་བོ་ཞེས་པ་ནས། སངས་རྒྱས་དང་ཁྱད་པར་མ་མཆིས་པར་འགྱུར་རོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ན་སོ་སོ་སྐྱེ་བོ་དང༌། འཕགས་པའི་གང་ཟག་རྣམས་ལ་ཁྱད་པར་མེད་པར་འགྱུར་རོ། །ཞེས་པའོ། །གཉིས་པ་ལན་ལ། དོན་དམ་དུ་འདོད་པའི་ལན་དང༌། ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའི་ལན་དང༌། བདེན་གཉིས་མི་འགལ་བའི་ཚུལ་ཟབ་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ལས་མི་གཡོ་བར་བསྟན་པའོ། །དང་པོ་ལ་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་སྟེ་ཞེས་པ་ནས། ཁྱད་པར་མ་མཆིས་པར་འགྱུར་རོ་ཞེས་པའི་བར་རོ། །གཉིས་པ་ལན་ལ། ལན་དངོས་དང༌། ལན་ལ་རྩོད་པ་སྤང་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཞེས་པ་ནས་ཁྱད་པར་མེད་དོ་ཞེས་པའི་བར་རོ། །གཉིས་པ་ལ་རྩོད་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་སྟེ་ཞེས་པ་ནས། ཁྱད་པར་མ་མཆིས་ན་ཞེས་པའི་བར་གྱིས་ཁས་བླངས་རྗེས་སུ་བརྗོད་ནས། ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེས་པ་ནས། འགྱུར་བ་ལགས་ཞེས་པའི་བར་ཏེ། སོ་སྐྱེ་ནས་སངས་རྒྱས་ཀྱི་བར་ཁྱད་པར་མ་མཆིས་ན། འཇིག་རྟེན་ན་དཀོན་མཆོག་གསུམ་གྱི་རྣམ་དབྱེ་མེད་པར་འགྱུར་རོ་ཞེས་པའོ། །གཉིས་པ་ལན་ལ། བཅོམ་ལྡན་འདས་ཀྱིས་དཀོན་མཆོག་གསུམ་ཐ་དད་པ་བཀག་པ་དང༌། རབ་འབྱོར་གྱིས་དེ་དང་རྗེས་སུ་མཐུན་པར་བརྗོད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཞེས་པ་ནས། ཡིན་སྙམ་མམ་ཞེས་པའི་བར་རོ། །གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། མཚན་ཉིད་མ་མཆིས་པའོ་ཞེས་པའི་བར་རོ། །གཉིས་པ་ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའི་ལན་ནི། དེ་ལྟར་ཆོས་རྣམས་ཞེས་པ་ནས། རྣམ་པར་འགོད་པ་བགྱི་བ་ཞེས་པའི་བར་རོ། །གསུམ་པ་ལ། ཟབ་པའི་ཚུལ་མདོར་བསྟན་པ་དང༌། ཆོས་ཀྱི་རྣམ་དབྱེ་བསྟན་པའི་དགོས་པ་དང༌། ཟབ་པའི་ཚུལ་བསྟན་པའི་དོན་བསྡུ་བའོ། །དང་པོ་ནི། དེ་ནི་བཅོམ་ལྡན་འདས་ཀྱིས་ཡུམ་མོ་ཞེས་པ་ནས། མཐུའོ་ཞེས་པའི་བར་འཕྲེང་གཅིག་གོ །གཉིས་པ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས། དེ་སྟེ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྫོགས་པར་སངས་རྒྱས་ལ། མངོན་པར་རྫོགས་པར་སངས་མ་རྒྱས་པའི་ཕྱིར་ཆོས་རྣམས་འགོད་པར་མ་མཛད་ན། སེམས་ཅན་དམྱལ་བ་ཡོད་པར་མངོན་ནམ་ཞེས་པ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོད་པར་མངོན་ནམ། གསོལ་པ་བཅོམ་ལྡན་འདས་ཆོས་དེ་དག་ཐམས་ཅད་ནི་མཆིས་པར་མངོན་པར་མི་འགྱུར་རོ་ཞེས་པའི་བར་ཏེ། གདུལ་བྱ་སངས་མ་རྒྱས་པ་རྣམས་ཀྱི་དོན་དུ་ཆོས་ཀྱི་རྣམ་དབྱེ་བཞག་པར་མ་མཛད་ན། དེ་དག་གིས་ཆོས་ཀྱི་རྣམ་དབྱེ་ཁོང་དུ་ཆུད་པར་མི་འགྱུར་བས། དེའི་ཕྱིར་རྣམ་པར་དབྱེ་བ་མཛད་དོ་ཞེས་པའི་དོན་ནོ། །གསུམ་པ་ནི་རབ་འབྱོར་དེ་ལྟ་བས་ན་ཞེས་པ་ནས། དེ་བཞིན་གཤེགས་པའི་མཐུའོ་ཞེས་པའི་བར་རོ། །བཞི་པ། ཆོས་ཐམས་ཅད་མཉམ་པ་ཉིད་ལས་མི་གཡོ་བར་བསྟན་པ་ལ། དྲི་བ་ནི། གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་དེ་བཞིན་དུ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཡང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ་ཞེས་པའི་བར་རོ། །གཉིས་པ་ལན་ལ། དོན་དམ་པར་འདོད་པའི་ལན་དང༌། དེའི་འཐད་པ་རྒྱས་པར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ་ཞེས་པ་ནས། མི་འདའ་འོ་ཞེས་པའི་བར་རོ། །གཉིས་པ་ནི། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་ནས། དེ་དག་ལས་ཆོས་མཉམ་པ་ཉིད་ཅེས་བྱ་བ་གཞན་གང་ཡང་མེད་དོ་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པ་དང༌། དད་པ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་དང༌། རྒྱུན་ཞུགས་དང༌། ཕྱིར་འོང་དང༌། ཕྱིར་མི་འོང་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉིད་ཀྱི་རྣམ་གྲངས་བརྒྱད་ལ་མཉམ་པ་ཉིད་དུ་ངོས་བཟུང་ནས། ཆོས་ཐམས་ཅད་དེ་ལས་མི་འདའ་བར་བསྟན་ཏོ། །དེ་དག་གི་འཐད་པ་ནི། དེ་བཞིན་ཉིད་ཀྱི་རྣམ་གྲངས་བརྒྱད་ལ་མཉམ་པ་ཉིད་ཅེས་བརྗོད་ཀྱི། དེ་ལས་གཞན་པའི་མཉམ་པ་ཉིད་ཅེས་བྱ་བ་གང་ཡང་མེད་དོ་ཞེས་བསྟན་ཏོ། །མངོན་པར་རྫོགས་པའི་རྒྱན་ལས་ཀྱང༌། ཚོགས་ལ་འགོད་ཅེས་བསྟན་ཏོ། །འདུས་བྱས་དང་འདུས་མ་བྱས་དབྱེར་མེད་དུ་རྟོགས་པ་ལ་འགོད་པའི་མཛད་པ་ལ། ཞུས་ལན་གཉིས་ཀྱི་དང་པོ་ལ། ཞུས་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་པ་ནས། ཆོས་མཉམ་པ་ཉིད་ལགས་ན་ཞེས་པའི་བར་གྱིས་ནི་ཁས་བླངས་རྗེས་སུ་བརྗོད་པའོ། །ཐལ་འགྱུར་འགོད་པ་ལ། དང་པོ་ཆོས་ཅན་ངོས་བཟུང་བ་ནི། བཅོམ་ལྡན་འདས་མཚན་ཉིད་མི་འདྲ་བའི་ཆོས་འདི་ལྟ་སྟེ། གཟུགས་དང༌། ཚོར་བ་དང་ཞེས་པ་ནས། བཅོམ་ལྡན་འདས་ཆོས་དེ་དག་ནི་ཀུན་ཀྱང་གཅིག་དང་གཅིག་ཏུ་མི་འདྲ་བ་གཅིག་ལས་གཅིག་འདས་པའོ་ཞེས་པའི་བར་ཏེ། མཚན་ཉིད་མི་འདྲ་བའི་ཆོས་ངོས་བཟུང་བའོ། །དེ་ཆོས་ཅན་དུ་བཟུང་ནས་ཐལ་འགྱུར་འགོད་པ་ནི། བཅོམ་ལྡན་འདས་ཇི་ལྟར་ཞེས་པ་ནས། གཅིག་པར་འགྱུར་བ་ལགས་ཞེས་པའི་བར་རོ། །གོང་དུ་དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་ཆོས་ཉིད་ཀྱང་གཞན་ལ་ཞེས་པ་ནས། འདུས་མ་བྱས་ཀྱི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན་ན་ཞེས་པའི་བར་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཉིད་སོ་སོ་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །འདོད་པ་ལ་གནོད་བྱེད་འགོད་པ་ནི། རྣམ་པར་འགོད་པར་ཇི་ལྟར་འགྱུར་ཞེས་པ་སྟེ། ཆོས་རྣམས་ཀྱི་རྣམ་དབྱེ་ཇི་ལྟར་མཛད་ཅེས་པའི་དོན་ནོ། །ཐལ་འགྱུར་བརྒྱུད་པ་འགོད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་པ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པ་ལགས་ཞེས་པའི་བར་ཏེ། ཆོས་གང་ལ་གནས་ཀྱང་ཆོས་རྣམས་ཀྱི་རྣམ་དབྱེ་བགྱིད་པ་ལགས། ཆོས་རྣམས་ཀྱི་རྣམ་དབྱེ་མ་བགྱིས་པར་ནི་ཆོས་རྣམས་མ་འདྲེས་པར་དེ་བཞིན་གཤེགས་པ་ཡུམ་ལ་སྤྱོད་པར་མི་ནུས་སོ། །དེ་མི་ནུས་ན་གོང་མར་འཕར་ཞིང་སྐྱོན་མེད་པར་འཇུག་པར་མི་ནུས་ལ། སྐྱོན་མེད་པར་མ་ཞུགས་ན་ཉན་རང་གི་ས་ལས་འདས་ཏེ། མངོན་ཤེས་རྫོགས་པར་བགྱིད་བར་མི་འགྱུར། དེ་ལྟ་ན་མངོན་ཤེས་ཀྱི་སྒོ་ནས་སྦྱིན་སོགས་རྫོགས་པ་དང༌། སངས་རྒྱས་ཀྱི་ཞིང་འཛིན་པར་མི་རུང་བར་འགྱུར་རོ་ཞེས་པའོ། །གཉིས་པ་ལན་ལ། གཞན་གྱི་རྒོལ་བ་རྗེས་སུ་བརྗོད་པ་དང༌། སྟོང་པ་ཉིད་མ་ཡིན་པ་ལ་རྒོལ་བ་བཀོད་པ་དང༌། རྗེས་སུ་མཐུན་པའི་ལན་གྱིས་སྟོང་ཉིད་དུ་ཁས་བླངས་པ་དང༌། ཁས་བླངས་དེ་ཉིད་ཀྱི་མཚན་ཉིད་ཐ་དད་པ་མ་དམིགས་པ་དང༌། གཅིག་དང་ཐ་དད་ཀྱི་སྤྲོས་པ་ལས་གྲོལ་བ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་འདི་སྐད་དུ་དེ་སྟེ་ཞེས་པ་ནས། ཇི་ལྟར་མཉམ་པ་ཉིད་གཅིག་པར་འགྱུར་ཞེས་ཟེར་བ་ནི་ཞེས་པའི་བར་ཏེ། མཚན་ཉིད་མི་འདྲ་བའི་ཆོས་རྣམས་ཇི་ལྟར་མཉམ་པ་ཉིད་དུ་གཅིག་པར་འགྱུར་ཞེས་རབ་འབྱོར་གྱིས་བཀོད་པའི་ཐལ་འགྱུར་རྗེས་སུ་བརྗོད་པའོ། །གཉིས་པ་ནི། རབ་འབྱོར་དེ་ཅི་སྙམ་དུ་སེམས། གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ་ཞེས་པ་ནས། དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་པ་ལ་མི་འཐད་པར་བསྟན་པའོ། །གསུམ་པ་ནི། གསོལ་པ་བཅོམ་ལྡན་འདས་ཞེས་པ་ནས། དེ་ནི་སྟོང་པ་ཉིད་དོ་ཞེས་པའི་བར་རོ། །བཞི་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སྟོང་པ་ཉིད་ལ་གཟུགས་ཀྱི་མཚན་ཉིད་དམ་ཞེས་པ་ནས། ཆོས་ཀྱི་མཚན་ཉིད་ཐ་དད་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་དམིགས་སམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པའི་བར་ཏེ། སྟོང་པ་ཉིད་ལ་མཚན་ཉིད་ཐ་དད་པའི་ཆོས་མ་དམིགས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གཅིག་པར་འགྲུབ་བོ་ཞེས་པའི་དོན་ནོ། །ལྔ་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན་རྣམ་གྲངས་དེས་ཞེས་པ་ནས། དེ་བཞིན་གཤེགས་པ་ལས་གུད་ན་ཡང་དེ་མེད་པར་རིག་པར་བྱའོ་ཞེས་པའི་བར་ཏེ། ཆོས་ཉིད་ལ་ཡང་སོ་སོ་སྐྱེ་བོ་ནས་དེ་བཞིན་གཤེགས་པའི་བར་མེད་ལ། དེ་དག་ལས་གུད་ན་ཡང་ཆོས་ཉིད་མེད་པར་རིག་པར་བྱའོ་ཞེས་པའི་དོན་ནོ། །ཞུས་ལན་གཉིས་པ་ལ་དྲི་བ་འགོད་པ་ནི། ཆོས་ཉིད་དེ་འདུ་བགྱིས་པ་ལགས་སམ། འདུ་མ་བགྱིས་པ་ལགས་ཞེས་པའོ། །ལན་ལ། ཆོས་ཉིད་སྤྲོས་པ་མེད་པར་བསྟན་པ་དང༌། དོན་དམ་ལ་སྤྲོས་པ་མི་འཇུག་པར་བསྟན་པ་དང་སྤྲོས་པ་མི་འཇུག་པ་ཉིད་དོན་དམ་དུ་བསྟན་པ་དང༌། བྱང་སེམས་ཀྱི་སྤྱོད་པ་རྨད་དུ་བྱུང་བར་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་ཞེས་པ་ནས། དམིགས་སུ་མེད་དོ་ཞེས་པའི་བར་གྱིས་ནི། སྤྲོས་པ་མེད་པར་བསྟན་ལ། རབ་འབྱོར་དེ་ལྟར་ཞེས་པ་ནས། འདི་ལྟར་མཚན་ཉིད་མེད་པའོ་ཞེས་པས་ནི་འཐད་པ་བསྟན་ཏོ། །གཉིས་པ་ནི། དེ་ཡང་དེ་བཞིན་གཤེགས་པ་ཞེས་པ་ནས། དོན་དམ་པ་དམིགས་སུ་མེད་དོ་ཞེས་པའི་བར་རོ། །གསུམ་པ་ནི་འོན་ཀྱང་ཞེས་པ་ནས། དོན་དམ་པ་སྟེ་ཞེས་པའི་བར་རོ། །བཞི་པ་ནི། དེ་ཅིའི་ཕྱིར་ཞེས་པ་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་བྱེད་དོ་ཞེས་པའི་བར་ཏེ། ཆོས་ཉིད་ལས་མ་གཡོས་ཀྱང་བྱང་སེམས་ཀྱི་སྤྱོད་པ་བྱེད་པར་ངོ་མཚར་བར་བསྟན་པའོ། །མངོན་པར་རྟོགས་པའི་རྒྱན་ལས་ཀྱང༌། འདུས་བྱས་འདུས་མ་བྱས་པ་དང༌། །ཐ་དད་ཡོངས་སུ་མི་ཤེས་དང༌། །ཞེས་གསུངས་སོ། །དོན་དམ་པའི་རྣལ་འབྱོར་གྱི་ལེའུ་སྟེ་བདུན་ཅུ་དོན་གཅིག་པ་རྣམ་པར་བཤད་པ་སྟེ་གསལ་བར་བྱས་པའོ།།  ༈ བདུན་ཅུ་དོན་གཉིས་པ་ཆོས་ཉིད་མི་འགྱུར་བར་བསྟན་པའི་ལེའུ་བཤད་པ། འབྲས་བུ་མྱང་འདས་སྟོན་པ་ལ། ཞུས་ལན་དྲུག་ཡོད་པའི་དང་པོ་ལ་ཞུས་པ་ལ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་བགྱིད་པ་ལགས་ཞེས་པའི་བར་ཏེ། སྟོང་པ་ཉིད་ལ་ཆོས་གང་ཡང་མ་མཆིས་ན་སྟོང་པ་ཉིད་ལས་མི་གཡོ་བ་ལས། བསྡུ་བའི་དངོས་པོ་བཞིས་ཇི་ལྟར་སེམས་ཅན་གྱི་དོན་བགྱིད་པ་ལགས་ཞེས་པའི་དོན་ནོ། །གཉིས་པ་ལན་ནི། སྟོང་པ་ཉིད་ལ་གནས་ནས་གདུལ་བྱ་འཆིང་བ་ལས་འགྲོལ་བས་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ནས། འདུས་མ་བྱས་ཀྱི་ཁམས་ཀྱི་འདུ་ཤེས་དང་བྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲོལ་བ་དང༌། འདུས་མ་བྱས་ཀྱི་དབྱིངས་སྟོང་པ་ཉིད་ཡིན་ཡང་འདུས་མ་བྱས་ཀྱི་དབྱིངས་སུ་འགོད་པ་དང༌། དེ་བཞིན་གཤེགས་པ་ཁྱུ་མཆོག་གི་མཐུར་འགྱུར་རོ་ཞེས་པའི་བར་ཏེ། སྟོང་པ་ཉིད་ལ་ཆོས་ཅི་ཡང་གྲུབ་པ་མེད་པའི་དོན་ཤེས་པ་ལ་གནས། གཞན་ལ་ཡང་སྟོང་པ་ཉིད་ཀྱི་ཆོས་སྟོན་ཏེ་བདེན་འཛིན་གྱི་འཆིང་བ་ལས་འགྲོལ་བར་མཛད་དོ། །གལ་ཏེ་སྟོང་པ་ཉིད་མ་ཡིན་ན་གདུལ་བྱ་མྱང་འདས་ལ་འགོད་པ་དང༌། དེ་ཉིད་དེ་བཞིན་གཤེགས་པའི་མཐུར་ཡང་མི་འགྱུར་ཏེ། རང་བཞིན་གྱིས་གྲུབ་པ་ལ་འགྱུར་བ་མེད་པས་བྱ་བྱེད་མི་རུང་བའི་ཕྱིར་ཞེས་པའི་དོན་ནོ། །ཞུས་ལན་གཉིས་པ་ནི། གསོལ་པ་བཅོམ་ལྡན་འདས་དེ་ཅིས་སྟོང་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། གང་སྤྲུལ་པ་དེ་ནི་སྟོང་པའོ་ཞེས་པའི་བར་ཏེ། སྤྲུལ་པའི་དཔེས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་དང༌། སྟོང་པ་ཉིད་དང་སྤྲུལ་པ་ཐ་མི་དད་པ་དང༌། དེའི་འཐད་པ་གཉིས་དང་བཅས་པ་རྒལ་ལན་གྱིས་གཏན་ལ་ཕབ་པའོ། །ཞུས་ལན་གསུམ་པ་ནི། གསོལ་པ་བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་པའི་ཆོས་སྤྲུལ་པ་ལགས་ཀྱང༌། འཇིག་རྟེན་ལས་འདས་པའི་ཆོས་འདི་ལྟ་སྟེ་ཞེས་པ་ནས། ཆོས་དེ་ཉིད་ཀྱང་སྤྲུལ་པ་ལགས་སམ་ཞེས་པའི་བར་གྱིས་ནི་དྲི་བ་བཀོད་དོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་སྤྲུལ་པ་སྟེ་ཞེས་པ་ནས། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་སྤྲུལ་པའོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་སྤྲུལ་པ་ཡིན་པར་བསྟན་ཏོ། །ཞུས་ལན་བཞི་པ་ལ་ཞུས་པ་ནི། གསོལ་པ་བཅོམ་ལྡན་འདས་གང་ཡང་ཞེས་བགྱི་བ་རྒྱུན་དུ་ཞུགས་པའི་འབྲས་བུའམ་ཞེས་པ་ནས། མཚམས་སྦྱོར་བ་ཐམས་ཅད་སྤངས་པའི་ཆོས་དེ་དག་ཀྱང་སྤྲུལ་པ་ལགས་སམ་ཞེས་པའི་བར་ཏེ། རྒྱུན་ཞུགས་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་སྤྲུལ་པ་ལགས་སམ་ཞེས་འདྲི་བའོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བསྐྱེད་པའམ་བཀག་པའི་ཆོས་ཅི་ཡང་རུང་སྟེ་ཞེས་པ་ནས། དེ་ཐམས་ཅད་ནི་སྤྲུལ་པའོ་ཞེས་པའི་བར་ཏེ། སྤྲོས་པའི་ཆོས་ཐམས་ཅད་སྤྲུལ་པར་བསྟན་ཏོ། །མཚན་མའི་ཆོས་ཐམས་ཅད་སྤྲུལ་པར་བསྟན་ཏོ། །ཞུས་ལན་ལྔ་པས་གང་ལ་འགོད་པའི་མྱ་ངན་ལས་འདས་པ་ངོས་བཟུང་བ་ལ། དྲི་བ་ནི་གསོལ་པ་བཅོམ་ལྡན་འདས་གང་མ་སྤྲུལ་པའི་ཆོས་དེ་གང་ལགས་ཞེས་པའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གང་ལ་སྐྱེ་བ་ཡང་མེད་འགག་པ་ཡང་མེད་པ་དེ་ནི་མ་སྤྲུལ་པའོ་ཞེས་པ་ནས། ཆོས་དེ་ནི་མ་སྤྲུལ་པའོ་ཞེས་པའི་བར་ཏེ། སྐྱེ་འགག་གི་མཚན་མ་མེད་པ་མྱང་འདས་སོ་ངོས་བཟུང་ནས། དེ་ནི་མ་སྤྲུལ་པའི་ཆོས་སུ་བསྟན་ཏོ། །ཞུས་ལན་དྲུག་པས་སྟོང་ཉིད་ལ་མྱང་འདས་ཀྱི་མཚན་མ་ཙམ་ཡང་མེད་པར་བསྟན་པ་ལ། ཐོག་མར་རབ་འབྱོར་གྱིས་རྟོགས་པ་བརྗོད་པ་ནི། གསོལ་པ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཞེས་པ་ནས། མྱ་ངན་ལས་འདས་པ་ཡང་སྤྲུལ་པར་འགྱུར་རོ་ཞེས་པའི་བར་ཏེ། བཅོམ་ལྡན་འདས་ཀྱིས་དགོངས་པ་ལྟར་ན་མྱ་ངན་ལས་འདས་པའི་མཚན་མར་བཟུང་ཡང༌། བློས་སྤྲུལ་པར་འགྱུར་རོ་ཞེས་པའི་དོན་ནོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་པ་ནས། དེ་ནི་མྱ་ངན་ལས་འདས་པའོ་ཞེས་པའི་བར་ཏེ། མྱ་ངན་ལས་འདས་པའི་ཆོས་ཀྱང་བཀོད་པ་འབའ་ཞིག་ཏུ་ཟད་དོ། །དོན་དམ་པར་ནི་ཆོས་ཐམས་ཅད་སྟོང་པ་ཉིད་སུས་ཀྱང་མ་བྱས་པ་མ་བཅོས་པ་སྟེ། དེ་ལྟ་བུའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ་ཞེས་པའི་དོན་ནོ། །འདི་དག་གིས་ནི་མཚན་མའི་ཆོས་ཐམས་ཅད་ཀྱི་དབྱེ་བ་རྣམ་པར་བཞག་པ་ནི་བློས་སྤྲུལ་པའམ། བཀོད་པ་འབའ་ཞིག་ཏུ་ཟད་ཀྱི། མྱ་ངན་ལས་འདས་པ་ནི་བློས་བྱས་པའི་མཚན་མ་ཐམས་ཅད་ཀྱིས་སྟོང་ངོ་ཞེས་བཤད་དོ། །གང་དུ་འགོད་པར་བྱ་བའི་མྱ་ངན་ལས་འདས་པ་བསྟན་ཟིན་ཏོ། །ཞུས་ལན་བདུན་པ་ནི། ལས་དང་པོ་པའི་གང་ཟག་ལ་སྟོང་པ་ཉིད་ཇི་ལྟར་གདམས་པར་བགྱི་ཞེས་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ལས་དང་པོ་ལ་གང་ཟག་གིས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཡོངས་སུ་འཚལ་བར་བགྱི་ན། ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་པས་བསྟན་ཏོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་སྔོན་དངོས་ཡོད་འགྱུར་ལ་ཞེས་པ་ནས། ཡོད་པར་འགྱུར་རེ་སྐན་ཞེས་པའི་བར་ཏེ། གནས་ཚུལ་ལམ་དོན་དམ་པར་སྔོན་དངོས་པོར་ཡོད་པ་ཕྱིས་མེད་པར་འགྱུར་བ་ཡང་ཡོད་པ་མ་ཡིན་ལ། སྟོང་པ་ཉིད་འདི་ལ་དངོས་པོ་ཡོད་མེད། རང་གི་ངོ་བོ་ཉིད་དང༌། གཞན་གྱི་དངོས་པོ་ཡང་མེད་ན་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་གྲུབ་པ་ག་ལ་ཡོད་ཅེས་བསྟན་ཏོ། །འདིས་ནི་ཤེས་བྱའི་སྟོང་པ་ཉིད་ངོས་བཟུང་ནས་གདུལ་བྱ་ལ་ཚུལ་དེ་ལྟ་བུས་གདམས་པར་བྱའོ་ཞེས་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཆོས་ཉིད་མི་འགྱུར་བར་བསྟན་པའི་ལེའུ་སྟེ་བདུན་ཅུ་རྩ་གཉིས་པ་རྣམ་པར་བཤད་པ་སྟེ་གསལ་བར་བྱས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་རྣམ་བཤད་རྒྱ་ཆེར་བཤད་པ་བསྟན་ཟིན་ཏོ།།  ༈ མཇུག་བྱང་སྨོན་ཚིག ཀུན་མཁྱེན་གདེངས་ཅན་རོལ་བའི་ཆུ་གཏེར་མཁྱེན་བརྩེའི་མེ་ཏོག་རྣམ་པར་བཀྲ། །སྟོབས་བཅུའི་སྤྲིན་སྔོན་གཡོ་ལྡན་མ་ལུས་མཁྱེན་པའི་གློག་འོད་རབ་འཁྱུག་ལ། མཐའ་ཡས་ཡོན་ཏན་ནོར་བུའི་ཕྲེང་ལྡན་ཟབ་སྙན་སྤྲིན་གྱི་རྔ་སྒྲ་ཅན། །གཙུག་ལག་ཆུ་ཀླུང་བདག་པོ་སངས་རྒྱས་གངས་ཅན་མཚོ་ལས་ལེགས་འོངས་པ། །གསུང་རབ་ཡན་ལག་བརྒྱད་ལྡན་ལེགས་བཤད་དྲི་བསུང་གེ་སར་གཡོ་ལྡན་ཞིང༌། །ཐོས་སྒྲོགས་ཡིད་ཀྱི་ཁང་བཟང་བདེན་བཞི་སྟོན་པའི་འཆི་མེད་རྔ་སྒྲ་སྒྲོགས། །བདེན་གཉིས་ཉི་ཟླའི་འོད་ལྡན་ཆོས་ཀུན་རོ་གཅིག་སྟོན་པ་རྒྱལ་བའི་གསུང༌། །ཡོད་མེད་ཕྱོགས་འཇིག་དབུ་མའི་ལམ་བཟང་སྟོན་པ་རིང་ལུགས་བླ་ན་མེད། །སྐྱོན་བྲལ་ཚིག་གི་ཕྲེང་ལྡན་ཟབ་མོའི་དོན་གྱི་ལྷ་དབང་རོལ་བའི་གནས། །ཕྱིན་དྲུག་དོ་ཤལ་ཕྲེང་ལྡན་དོན་གཉིས་ཟློས་གར་སྒྱུར་བྱེད་རྣམ་རོལ་ཞིང༌། །ས་བཅུའི་དབང་ཕྱུག་གཟུངས་དང་ཏིང་འཛིན་རོལ་པའི་མཚོ་སྐྱེས་སྔོན་མེད་འཁྲུངས། །མཐོ་རིས་སྐྱེད་ཚལ་འགྲམ་ནས་མཁྱེན་རབ་རྒྱ་མཚོའི་གླིང་དུ་བགྲོད་པའི་ལམ། །ཐེག་མཆོག་སྟོན་པའི་ལུས་ལྡན་སྡུད་བྱེད་མཚམས་སྦྱོར་སྐྲ་ཚོགས་ཡང་དག་འབྲེལ། །ཟབ་མོའི་གཏམ་གྱི་ཟློས་གར་ས་གསུམ་ཁྱོན་གནས་རྣ་བའི་ལམ་དུ་སྒྱུར། །བདུད་དཔུང་མུན་རི་གནོན་པའི་རྨད་བྱུང་དོན་གྱི་འོད་སྟོང་རྣམ་པར་འཕྲོ། །མཐོ་རིས་ལམ་ལས་དགོངས་པའི་མི་གནས་མྱང་འདས་མཆོག་ལ་འཇུག་པའི་སྒོ། །ཐུབ་པའི་གསུང་རབ་མཚན་མོའི་མགོན་པོ་གདུལ་བྱའི་ཀུ་མུད་རྒྱས་པའི་གཉེན། །རབ་དཀར་ཟླ་འོད་ལྡན་པ་མིག་གི་ལམ་དུ་གསལ་བར་མཐོང་བ་ཡིས། །ནམ་མཁའི་གོས་ཅན་ལྷ་ཡི་བླ་མ་སེར་སྐྱའི་རྗེས་འཇུག་པད་དཀར་ཅན། །རིག་བྱེད་འདོན་པའི་ངལ་བ་བཏང་ནས་དད་པའི་ཆུ་གཏེར་རྣམ་པར་གཡོ། །ཀུན་གཟིགས་དབང་པོའི་གསུང་རབ་མ་ལུས་ཤེས་བྱའི་དོན་གྱི་སྙིང་པོ་ཅན། །ལེགས་བཤད་ཟབ་མོའི་དོན་ལྡན་སངས་རྒྱས་ཀླུ་དབང་མཆོག་ཏུ་རོལ་པའི་གནས། །ངོ་མཚར་དོན་གྱི་རི་མོ་བཀྲ་ཡང་ལྷ་དང་མི་ཡིས་མཐོང་བ་མེད་པ་ཅན། །ས་གསུམ་ཀུན་ཏུ་རྣམ་པར་གྲགས་ཀྱང་རྣ་བའི་ཡུལ་ལས་རབ་ཏུ་འདས། །དངོས་སྨྲའི་རི་དྭགས་སྐྲག་པར་མཛད་ཀྱང་མི་འཇིགས་སྤོབས་པའི་དཔལ་དང་ལྡན། །ཆོས་ཀུན་རོ་གཅིག་སྟོན་པར་མཛད་ཀྱང་མ་ལུས་ཤེས་བྱ་རྣམ་པར་འབྱེད། །དོན་ཟབ་སྤྲིན་དཀར་མགུལ་ནས་རྣམ་མང་དོན་གྱི་འཇའ་རིས་རྣམ་པར་བཀྲ། །རྣམ་མང་ཤེས་བྱའི་ཆུ་ཀླུང་རྣམ་པར་རྒྱས་པ་རྒྱལ་ཡུམ་མི་ཟད་ཆུ་གཏེར་ཆེ། །མང་ཐོས་རྒྱ་མཚོར་འཇུག་པའི་གྲུ་བོས་དོན་ཟབ་དགོངས་དོན་ཡིད་བཞིན་ནོར་བུ་རྙེད། །ཚིག་དོན་རྒྱ་ཆེར་རྣམ་འགྲེལ་བློ་གསལ་ཀླུ་དབང་གཙུག་གི་རྒྱན་དུ་བྱས། །གཉིས་མེད་གསུངས་པའི་གསུང་རབ་མཚན་མ་མེད་པའི་ཆོས་ཚུལ་ཟབ་མོའི་དོན། །རྒྱ་ཆེར་རབ་ཏུ་རྣམ་འགྲེལ་དོན་ཟབ་ཕུལ་བྱུང་གསལ་བའི་ཟླ་འོད་ཅན། །རྣམ་བཤད་ཡོན་ཏན་བརྒྱ་ལྡན་ལུང་རིགས་དུ་མའི་ཚོན་རིས་རྣམ་བཀྲ་བ། །ཚུལ་འདི་མང་ཐོས་མེ་ཏོག་དཀར་པོའི་ཕྲེང་བ་བློ་གྲོས་གཙུག་ན་འཛིན། །གཞུང་བརྒྱའི་དོན་ལ་སྤོབས་པ་རབ་བརྙེས་རིགས་པའི་སྟོབས་མངའ་བ། །མི་འཕྲོག་མཁྱེན་རབ་ལྷུན་སྟུག་རིགས་གནས་བརྒྱ་ཡི་ཆུ་གཏེར་སྐ་རགས་བཅིངས། །རྒྱུད་སྡེ་རིན་ཆེན་ལས་གྲུབ་མི་འཇིགས་སྤོབས་པའི་རི་དབང་མངོན་མཐོ་བ། །རྒྱ་ཆེན་ཤེས་བྱའི་གནས་ལ་བླང་དོར་ཀུན་ནས་གསལ་བའི་མིག་སྟོང་ཅན། །འཆད་རྩོད་རྩོམ་པ་བདུད་རྩིའི་དཔལ་ལ་དབང་འབྱོར་སྨྲ་བའི་དབང་པོ་ཡིས། །བློ་གྲོས་ཆུ་གཏེར་ལས་བྱུང་རྣམ་བཤད་རི་བོང་འཛིན་པ་འདི་བསྒྲུབས་སོ། །འདིར་འབད་དགེ་བ་ཆོས་དབྱིངས་ཁྱོན་ལྟར་ཀུན་ནས་ཡངས་པ་ཐོབ་པ་ཡིས། །ལུས་ཀྱི་པད་མོ་རྒྱས་བྱེད་ཡི་གེའི་མི་མོ་རྣམ་པར་འགོད་པ་དང༌། །མ་ལུས་འགྲོ་བའི་དོན་དང་བསྟན་པ་ཉིན་མོར་བྱེད་པའི་དཔལ་དུ་བསྔོ། །ཡུམ་གྱི་ཚིག་དོན་རབ་བཤད་དགེ་བ་ཆུ་ཤེལ་ནོར་བུའི་དཀྱིལ་འཁོར་ཅན། །དག་པའི་ཡིད་མཁར་གནས་པའི་དཔལ་ལས་སྲིད་མཚོར་གནས་པའི་འགྲོ་བ་ཀུན། །ཚོགས་གཉིས་རི་བོང་འཛིན་པའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་གྱུར་ནས། །སྒྲིབ་གཉིས་སྤྲིན་བྲལ་མཁའ་ལ་མ་ལུས་སྐྱོབ་པའི་དབང་པོ་ཐོབ་གྱུར་ཏེ། །དོན་གཉིས་རྒྱ་མཚོའི་མཐར་སོན་དཔག་ཡས་ནོར་བུའི་དཔལ་ལ་དབང་འབྱོར་ནས། །སྲིད་པའི་རྭ་བ་རབ་བརྒལ་མི་གནས་མྱང་འདས་གླིང་དུ་བགྲོད་གྱུར་ཅིག། ༈ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཤིན་ཏུ་ཟབ་པའི་དོན་རྒྱ་ཆེར་སྟོན་པ་སྟོང་ཕྲག་བརྒྱ་པའི་དགོངས་དོན་རིགས་པ་དང་འབྲེལ་བའི་ངག་གིས་ཤིན་ཏུ་ཞིབ་པར་རྣམ་པར་བཤད་པ་འདི་ནི། མཁས་མང་དུ་མའི་ལེགས་བཤད་ཀྱི་བདུད་རྩིས་བློ་གྲོས་ཀྱི་རྒྱ་མཚོ་ཡོངས་སུ་གང་པའི་དཔལ་དང་ལྡན་ཞིང༌། སྒྲ་ཚད་གཉིས་ཀྱི་ལུས་སྟོབས་རབ་ཏུ་རྒྱས་པ། སྡེ་སྣོད་གསུམ་གྱི་དོན་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན། ཡུལ་དབུས་ཀྱི་སློབ་དཔོན་ཤར་རྒྱལ་མོ་རོང་པ་རོང་སྟོན་ཆེན་པོ་སྨྲ་བའི་སེང་གེ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོས། དམ་པའི་བསྟི་གནས་སུ་སྟོན་པ་སྐུ་བལྟམས་པ་ནས་བཟུང་སྟེ། འདས་ལོ་ཉིས་སྟོང་སུམ་བརྒྱ་དང་སུམ་ཅུ་སོ་བརྒྱད་བསྲེ་བའི་དུས་ཀྱི། ཁྲོ་མོ་སྟེ་ཤིང་ཕོ་འབྲུག་གི་ལོ་སྟོན་ཟླ་དང་པོ་ཁྲུམས་ཀྱི་ཟླ་བའི་དཀར་ཚེས་བཅུ་བཞིའི་ཉིན་ཡོངས་སུ་རྫོགས་པར་བགྱིས་ཏེ་སྦྱར་བའོ།། ༈ འདིའི་བདག་རྐྱེན་ཤེས་བྱའི་ཡི་གེ་པ་ནི། ལུང་རིགས་སྨྲ་བ་ཡར་ལུང་པ་ནམ་མཁའ་དཔལ་ལྡན་གྱིས་བགྱིས་སོ། །འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ནས་རྒྱས་ཏེ་འགྲོ་བ་ཐམས་ཅད་ཀྱིས་མཐའ་བྲལ་ཟབ་མོའི་ལམ་མཆོག་མཐོང་བར་འགྱུར་ཅིག། ༈ འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་མཐོང་བ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག། ༈ ཚུལ་འདིར་འབད་པའི་རྣམ་དཀར་འོ་རྒྱུན་ནི། །དཔལ་ལྡན་བླ་མ་དགྱེས་པའི་ཞལ་བསིལ་དང༌། །འགྲོ་བ་ཀུན་གྱི་སྒྲིབ་གཉིས་དག་བྱེད་དུ། །ཀུན་བཟང་སྨོན་ལམ་རྒྱ་མཚོར་བསྡོངས་གྱུར་ཅིག །དགེའོ། །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*