ལས་འབྲས་ལ་སོགས་མེད་པར་འདོད་ན་ཉེས་པ་སོ་ན་གནས་ལ། ཡོད་པ་མ་ཡིན་པར་འདོད་པའི་ཚེ་མེད་པར་ཁས་ལེན་དགོས་ཏེ། སྒྲུབ་པ་བཀག་པ་དགག་པ་ཡིན་དགོས་པའི་ཕྱིར། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཅེས་པ་ལྟར་རོ། །ཅི་སྟེ་བདེན་ཞེན་བསལ་བའི་ཕྱིར་དུ་ཡོད་པ་མ་ཡིན་ཞེས་སྨྲའོ་ཞེ་ན། དེ་ནི་རང་བཞིན་མེད་པར་སྒྲུབ་པའི་རིགས་པ་ཉིད་ཀྱིས་ཁེགས་པས་དེ་ལ་དགོས་པ་ཅི་ཞིག་ཡོད། འགའ་ཞིག་ཡོད་པ་དང་ནི་རང་བཞིན་གྱིས་ཡོད་པ་དོན་གཅིག་པས་ཡོད་ན་རང་བཞིན་གྱིས་ཡོད་པར་འདོད་དགོས་སོ་ཞེས་འདོད་དོ། །འདི་ནི་དངོས་པོར་སྨྲ་བ་དག་གི་འདོད་པ་ཡིན་གྱི་དབུ་མ་པའི་འདོད་པར་ཇི་ལྟར་འགྱུར། དབུ་མ་པས་ནི་རང་བཞིན་གྱིས་མེད་ན་མེད་དགོས་ཞེས་སྨྲ་བ་དག་ལ་རང་བཞིན་མེད་ཅིང་ཐ་སྙད་དུ་མེད་པས་སྐྱོན་མེད་དོ་ཞེས་ལན་འདེབས་པར་བྱེད་པ་ཡིན་ཏེ། ཇི་ལྟར་ཡིན་པའི་ཚུལ་ནི་དབུ་མ་རྩ་བ་ལས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་སོགས་ཀྱི་གཞུང་གི་བརྒལ་ལན་ལས་རྟོགས་པར་བྱའོ། །གཞན་ཡང་མཉམ་བཞག་ཏུ་བློ་ཡོད་པ་མ་ཡིན་ན་མཉམ་རྗེས་དམིགས་རྣམ་མཐུན་པར་འཇུག་པར་མི་འགྱུར་ཏེ། བློ་ཡོད་མེད་ཀྱི་གནས་སྐབས་འགལ་བའི་ཕྱིར་རོ། །ཁྱོད་ལ་ཡང་མཚུངས་ཏེ། མཉམ་བཞག་རྟོག་མེད་ཡིན་ལ་རྗེས་ཐོབ་རྟོགས་བཅས་ཡིན་པའི་ཕྱིར་རོ་ཞེ་ན། ཁོ་བོ་ཅག་རྗེས་ཐོབ་ལ་རྟོག་པ་ཡོད་པར་སྨྲ་ཡི་རྗེས་ཐོབ་ཐམས་ཅད་རྟོག་བཅས་སུ་མི་སྨྲ་སྟེ། མ་དག་ས་བདུན་ནའང་མཉམ་བཞག་གིས་ཟིན་པའི་རྗེས་ཐོབ་རྟོག་མེད་ཀྱང་ཡོད་ལ། དག་པ་སར་ནི་རྣམ་པར་མི་རྟོག་པ་ལ་དབང་ཐོབ་པས་རྗེས་ཐོབ་ཡང་གཙོ་བོར་རྟོག་མེད་ཡིན་ནོ། །འོ་ན་དེ་དག་དུ་མཉམ་རྗེས་ཀྱི་ཁྱད་པར་ཇི་ལྟར་འབྱེད་ཅེ་ན། མཉམ་བཞག་ལ་གནས་པ་དེ་ལས་ལྡང་བ་ཙམ་གྱིས་འབྱེད་ཅིང༌། གནས་སྐབས་འགའ་ཞིག་ཏུ་ཆོས་ཉིད་མཉམ་པར་བཀག་པ་དང༌། དེ་ལས་ལྡང་བའང་ཡོད་མོད་ཀྱི་རྣམ་རྟོག་མངོན་དུ་རྒྱུ་ནི་མི་སྐྱེ་སྟེ་སྤངས་པའི་ཕྱིར་རོ། །འོ་ན་རྫོགས་པའི་སངས་རྒྱས་དང་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། སྒྲིབ་གཉིས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་རོ། །འགྲེལ་པ་ལས་ཀྱང༌། བག་ཆགས་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་དང༌། སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ལ་ལྡོག་པར་འགྱུར་གྱི། གཞན་དག་ལ་ནི་མ་ཡིན་ནོ་ཞེས་སོ། །འོ་ན་རྣམ་རྟོག་ཀྱང་སྐྱེ་བར་འགྱུར་ཏེ། རྒྱུ་བག་ཆགས་ཡོད་པའི་ཕྱིར་རོ་ཞེ་ན། རྒྱུ་ཡོད་ཀྱང་རྐྱེན་མེད་པའི་ཕྱིར་སྐྱེ་བ་མ་ཡིན་ནོ། །མཉམ་བཞག་བསྟན་ཟིན་ཏོ། །རྗེས་ཐོབ་ཀྱི་འདོད་ཚུལ་དགག་པ་ནི། སྣང་བ་ལ་འཁྲུལ་སྣང་གིས་ཁྱབ་པར་འདོད་པ་ལྟར་ན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་པས་འཁྲུལ་པའི་སྣང་བ་ཡང་ཡོངས་སུ་འཕེལ་བར་འགྱུར་ཏེ། ཆོས་ཅན་གྱི་མཐོང་ཚུལ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའི་ཕྱིར་རོ། །ཅི་སྟེ་འཁྲུལ་པ་ལ་ཞེན་ཡུལ་ལ་འཁྲུལ་པ་དང༌། སྣང་ཡུལ་ལ་འཁྲུལ་པ་གཉིས་ལས་དང་པོ་ནི་རྒྱུའི་དུས་སུ་ལུང་རིགས་ཀྱིས་བསལ་བར་བྱ་བ་ཡིན་ལ། གཉིས་པ་ནི་རྒྱུའི་དུས་སུ་སྤང་མི་དགོས་པ་དང་སྣང་ཡང་ཞེན་པ་མེད་པས་འཁོར་བའི་རྒྱུ་མ་ཡིན་ཞིང་ལམ་གྱི་གེགས་ཀྱང་མི་བྱེད་པའི་ཕྱིར་དང༌། རྒྱུའི་དུས་སུ་མ་རིག་པའི་བག་ཆགས་སྤང་མི་ནུས་པའི་ཕྱིར་དང༌། སྣང་བཅས་དགེ་བ་བསྒྲུབ་པའི་རྟེན་ཡིན་པས། ཚོགས་མ་རྫོགས་པ་དེ་སྲིད་དུ་དགོས་པའི་ཕྱིར་རོ་ཞེ་ན། སྣང་བའི་མཐོང་རྒྱ་གོང་ནས་གོང་དུ་ཁྱད་པར་དུ་འཕེལ་བར་འགྱུར་བས་ལམ་དམན་པ་ཉིད་དུ་འགྱུར་རོ། །ཅི་སྟེ་བདེན་པའི་ཡུལ་ཅན་ཡིན་ན་བདེན་པ་ཡོད་པར་འགྱུར་ལ། རྫུན་པའི་ཡུལ་ཅན་ཡིན་ན་རྗེས་ཐོབ་འཁྲུལ་པར་འགྱུར་རོ་ཞེ་ན། དངོས་པོར་སྨྲ་བ་རྣམས་ནི་གཟུགས་སོགས་ཕྱིའི་ཡུལ་བདེན་པ་སྣང་བའི་མིག་སོགས་མ་འཁྲུལ་པ་དང༌། སྨིག་རྒྱུ་སོགས་རྫུན་པའི་སྣང་བའི་ཤེས་པ་འཁྲུལ་པར་སྨྲ་ལ། འདིར་ནི་དེ་འདྲ་མི་བཞེད་དེ། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་བྱ་བྱེད་ཐམས་ཅད་རྫུན་པ་ཁོ་ན་ལ་རུང་བར་འདོད་པའི་ཕྱིར་ཏེ། ཚིག་གསལ་ལས། ཅི་དངོས་པོ་རྫུན་པའི་རང་བཞིན་ཅན་རྣམས་ཀྱང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་རམ་ཞེ་ན་འགྱུར་ཏེ། དཔེར་ན་སྒྱུ་མའི་ན་ཆུང་ནི་དེའི་རང་བཞིན་མངོན་པར་མི་ཤེས་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ལ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་དགེ་བའི་རྩ་བ་བསགས་རྣམས་ཀྱི་རྣམ་པར་བྱང་བའི་རྒྱུར་འགྱུར་བ་བཞིན་ནོ་ཞེས་བཤད་པ་ལྟར་རོ། །འོ་ན་འདིར་འཁྲུལ་པ་དང་མ་འཁྲུལ་པའི་ཁྱད་པར་གང་གིས་འབྱེད་ཅེ་ན། འཁྲུལ་པའི་རྐྱེན་གྱིས་སྣང་བ་དང་མི་སྣང་བ་ཁོ་ན་ཡིན་ཏེ། འཁྲུལ་པའི་རྐྱེན་གྱིས་སྣང་ན་ནི་འཁྲུལ་པར་འགྱུར་ལ་མི་སྣང་ན་ནི་འཁྲུལ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བ་ཡོད་པར་མཚུངས་ཀྱང་འཁྲུལ་མ་འཁྲུལ་ནི་འཁྲུལ་པའི་རྐྱེན་གྱིས་སྣང་མི་སྣང་ཁོ་ན་ལ་རགས་ལས་པས་སོ། །སྣང་བ་ཐམས་ཅད་འཁྲུལ་སྣང་དུ་སྨྲ་བ་ནི་ཐེག་ཆེན་གྱི་ཕུན་ཚོགས་མི་བཟོད་པར་ཁོ་ན་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། བྱང་ཆུབ་ལམ་ཅན་བསོད་ནམས་དང༌། །ཡེ་ཤེས་རང་བཞིན་སངས་རྒྱས་ཀྱིས། །གང་ལས་བསྟན་པའི་ཐེག་ཆེན་ཏེ། །ཡེ་ཤེས་དངོས་རྣམས་མི་བཟོད་དོ། །ཞེས་པ་ལྟར་རོ། །སྐྱོན་གཞན་ཡང་རྗེས་ཐོབ་ཀྱི་འཁྲུལ་སྣང་གི་ཤེས་པ་རྒྱུ་མེད་ཀྱི་དངོས་པོར་ཁས་བླངས་པར་འགྱུར་རོ། །མཉམ་བཞག་ལས་སྐྱེ་བར་འདོད་ན་མཉམ་བཞག་ལ་བློ་མེད་པར་འགལ་ལོ། །གལ་ཏེ་མཉམ་པར་འཇོག་ཁའི་གཉིས་སྣང་ལས་སྐྱེ་བ་ཡིན་ཏེ། དཔེར་ན་ལས་འགག་ནས་ཡུན་རིང་ལོན་པ་ལས་ཀྱང་འབྲས་བུ་འབྱུང་བ་བཞིན་ནོ་ཞེ་ན། དཔེ་དོན་མི་འདྲ་སྟེ། ལས་ཀྱི་གནས་སྐབས་སུ་སེམས་ཀྱི་རྒྱུན་མ་འགག་པར་ཡོད་ཅིང་འདིར་ནི་རིག་པ་རྒྱུན་ཆད་པའི་ཕྱིར། ཉེས་པ་སོ་ན་གནས་སོ། །གཉིས་སྣང་སྔོན་དུ་སོང་བ་ཙམ་ལས་སྐྱེ་བར་འདོད་དོ་ཞེ་ན། འོ་ན་སྔོན་གྱི་མི་དགེ་བ་ལས་ཀྱང་འཕགས་པའི་ཡེ་ཤེས་སྐྱེ་བར་འདོད་པར་གྱིས་ཤིག ཅི་སྟེ་ཁྱེད་ལ་ཡང་རྗེས་ཐོབ་རྒྱུ་མེད་དུ་ཐལ་བར་འགྱུར་ཏེ། མཉམ་པར་འཇོག་ཁའི་གཉིས་སྣང་ནི་འགག་ཟིན། མཉམ་བཞག་ཟག་མེད་ལས་ཀྱང་སྐྱེ་བར་མི་རིགས་པའི་ཕྱིར་ཞེ་ན། མཉམ་པར་འཇོག་ཁའི་གཉིས་སྣང་གིས་མཉམ་བཞག་ལ་རིགས་མཐུན་ཕྱི་མ་སྐྱེད་པའི་ནུས་པ་བཞག་པ་ལས་སྐྱེ་བར་འདོད་པས་སྐྱོན་མེད་ལ། ཁྱོད་ཀྱིས་ནི་རིག་པ་རྒྱུན་ཆད་དུ་འདོད་པས་མི་འདྲའོ། །འཐད་པ་འགོད་པ་རྟོག་བྱ་རྟེན་འབྲེལ་གྱི་རང་བཞིན། དེ་དག་ཇི་ལྟར་རྟོགས་པའི་ཚུལ་ལོ། །དང་པོ་ནི་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་སྟེ། དེ་ལ་འཁོར་བའི་རྟེན་འབྲེལ་གྱི་རྒྱུ་ནི་ཉོན་མོངས་པའི་བག་ཆགས་དང་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དང༌། ལས་དང་ཉོན་མོངས་པ་རྣམས་ལས་སྐྱེས་ཏེ། མདོ་ལས་མ་རིག་པ་ནི་རྒྱུའོ། །འདུ་བྱེད་ནི་རྐྱེན་ནོ། །ཞེས་སོགས་ནས་བག་ལ་ཉལ་བ་ནི་རྒྱུའོ། །ཀུན་ནས་ལྡང་བ་ནི་རྐྱེན་ཏེ་ཞེས་པའི་བར་དུ་གསུངས་པ་ལྟར་རོ། །རྣམ་བྱང་གི་རྟེན་འབྲེལ་གྱི་རྒྱུ་ནི་དྲི་མ་དང་བྲལ་བའི་ཆོས་ཉིད་དང༌། ཆོས་ཅན་འོད་གསལ་བའི་སེམས་ཏེ། ཆོས་ཀྱི་དབྱིངས་བསྟོད་པ་ལས། ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་པ་དང༌། ས་བོན་གྱུར་པའི་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྤངས་པར་གྱུར་པ་ལས། །སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་དུ་བ་ཁུག་སྣ་དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །དེ་བཞིན་འོད་གསལ་པ་ཡི་སེམས། །ཞེས་པ་ལྟར་རོ། །རྐྱེན་ནི་གཞན་གྱིས་ཆོས་བསྟན་པ་དང༌། རང་གིས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོགས་པའོ། །དེ་ལ་སྐྱེད་པའི་རྒྱུ་ནི་སེམས་ཡིན་ལ། ཆོས་ཉིད་ནི་དེའི་གཞི་ཡིན་པས་རྒྱུར་བཞག་པ་ཡིན་ནོ། །རྟེན་འབྲེལ་ཐམས་ཅད་འཁྲུལ་སྣང་དུ་འདོད་པ་དག་གིས་ནི་འདི་མ་རྟོགས་པ་ཡིན་ནོ། །སོ་སྐྱེ་རྣམས་ལ་བདེན་པར་སྣང་བ་དང་འཕགས་པའི་རྗེས་ཐོབ་ཀྱི་གནས་སྐབས་འགའ་ཞིག་ཏུ་གཉིས་སུ་སྣང་བའི་རྐྱེན་ནི་ལྷན་སྐྱེས་མ་རིག་པ་ཡིན་ལ། གྲུབ་མཐའ་ལ་ཞུགས་པ་རྣམས་ལ་རྟག་ཆད་སོགས་སུ་སྣང་བའི་རྐྱེན་ནི་ཀུན་བཏགས་ཀྱི་མ་རིག་པ་ཡིན་པས་འདི་གཉིས་ཀྱིས་འཁོར་བར་འཆིང་བར་བྱེད་པ་ཡིན་ཏེ། རིགས་པ་དྲུག་ཅུ་པ་ལས། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུང་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །ཞེས་སོ། །གཞན་ཡང་སོ་སོ་སྐྱེ་བོ་ཐ་མལ་པ་རྣམས་ལྷན་སྐྱེས་ཀྱི་མ་རིག་པའི་དབང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ་བདེན་པར་ཞེན་ཅིང་སླར་ཡང་རང་གཞན་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཀུན་བཏགས་ཀྱི་མ་རིག་པ་དུ་མ་ཡོངས་སུ་སྤེལ་བས་ཚེ་འདིའི་བདེ་བའི་ཆེད་དུ་མི་དགེ་བ་བཅུ་སྤྱོད་པས་ངན་སོང་དུ་འགྲོ་བར་འགྱུར་ཞིང༌། འགའ་ཞིག་ནི་འཁོར་བའི་བདེ་འབྲས་ལ་མངོན་པར་ཞེན་པས་བསོད་ནམས་དང་མི་གཡོ་བའི་ལས་བསགས་པས་མཐོ་རིས་འཁོར་བར་འཆིང་བར་བྱེད་དོ། །རིགས་པ་དྲུག་ཅུ་པ་ལས། ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། །ཞེས་པ་དང༌། འཇུག་པ་ལས། སོ་སོ་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །ཞེས་པ་ལྟར་རོ། །འདི་ནི་རེ་ཤིག་ཇི་ལྟར་བཅིང་བའི་ཚུལ་ལོ། །རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུ་དང་དེའི་ཆོས་ཉིད་ཚོགས་སྦྱོར་དུ་ལུང་རིགས་ཀྱིས་རྣམ་པར་དཔྱད་པས་ན་ཕྱི་ནང་གི་དངོས་པོ་མཐའ་དག་སྒྱུ་མ་ལྟ་བུ་དང༌། རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་ནས་མཐའ་གང་དུ་ཡང་རྣམ་པར་མི་རྟོག་པར་བདེན་གཉིས་ཟུང་འཇུག་ཏུ་བསྒོམ་པ་སྟེ། རིགས་པ་དྲུག་ཅུ་པ་ལས། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པའི། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། །ཞེས་པ་ལྟར་རོ། །དེ་ལྟར་བསྒོམས་པས་སྒོམ་པ་རྫོགས་པ་ན་མཐོང་ལམ་དུ་བདེན་བཞིའི་དེ་ཁོ་ན་ཉིད་སྐྱེ་བ་མེད་པ་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་མཐོང་བས་གྲོལ་བ་ཐོབ་པར་འགྱུར་རོ། །ཅི་ཆོས་ཉིད་མཐོང་བ་མེད་པ་མ་ཡིན་ནམ། ཇི་ལྟ་མངོན་སུམ་དུ་འགྱུར་ཞེ་ན། སྐྱོན་མེད་དེ། འཇིག་རྟེན་ན་མི་དམིགས་པ་ལ་ཡང་མངོན་སུམ་ཞེས་ཐ་སྙད་འདོགས་པར་མཐོང་སྟེ། འགག་ཞིག་སྨིག་རྒྱུ་ལ་ཆུར་མཐོང་བ་ན་འདི་ན་ཆུ་ཡོད་པ་མ་ཡིན་ཏེ། དེར་སོང་ལ་ལྟོས་ཤིག ངའི་ཚིག་མངོན་དུ་འགྱུར་རོ་ཞེས་སྨྲས་པ་ལྟ་བུའོ། །མཉམ་བཞག་གི་གནས་སྐབས་ལ་ནི་ཡོད་མེད་ལ་སོགས་མཐའ་གཉིས་སུ་འཛིན་པ་ཐམས་ཅད་དང་བྲལ་བས་བཏགས་པའི་ཚེ་གང་ཡང་མ་གཟིགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་གཟིགས་པའི་ཕྱིར། མ་གཟིགས་པའི་ཚུལ་གྱིས་གཟིགས་སོ་ཞེས་བཤད་པ་སྟེ། ཇི་སྐད་དུ། ཡང་དག་པའི་ཡེ་ཤེས་ཤར་བ་ན་རབ་རིབ་ཀྱིས་བསླད་པའི་སྐྲ་ཤད་ལ་སོགས་པ་བདག་གི་ངོ་བོ་ལྟར། རང་གི་མཚན་ཉིད་རྣམས་མི་སྣང་བ་དེས་རང་གི་མཚན་ཉིད་ཡོད་པ་ཉིད་དུ་བཞག་མི་ནུས་སོ། །ཞེས་པ་ལྟར་རོ། །རྗེས་ཐོབ་ཀྱི་གནས་སྐབས་སུ་སྣང་ལ་རང་བཞིན་མེད་པར་མཐོང་སྟེ། ཇི་སྐད་དུ། དངོས་ལ་མཁས་པ་རྣམས་ཀྱིས་ནི། །དངོས་པོ་མི་རྟག་སླུ་བའི་ཆོས། །ཡང་དག་སྟོང་པ་བདག་མེད་པ། །རྣམ་པར་དབེན་པ་རབ་ཏུ་མཐོང༌། །ཞེས་སོ། །མཐོང་ལམ་ཡན་ཆད་དུ་བྱང་སེམས་འགའ་ཞིག་ནི་མཚན་མའི་སྤྲོས་པ་དགག་པའི་ཕྱིར་སྟོང་ཉིད་ལ་མཉམ་པར་འཇོག་མོད་ཀྱི་སེམས་འགག་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཆོས་ཉིད་དོན་དམ་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ༌། །ཞེས་པ་དང༌། ཉི་མ་དང༌། ཟླ་བ་དང༌། ནོར་བུ་དང༌། མེའི་འོད་ཀྱི་ངོ་བོ་ཉིད་བཞིན་དུ་ཤིན་ཏུ་གསལ་བའོ་ཞེས་སོ། །བྱང་སེམས་འགའ་ཞིག་ནི་ཞིང་དག་པ་དང་མཚན་དཔེ་ལ་སོགས་པ་སྒྲུབ་པའི་ཕྱིར་དུ་རྗེས་ཐོབ་ལ་གཙོ་བོར་གནས་ནས་ཀུན་རྫོབ་རྟེན་འབྲེལ་ལྷུར་ལེན་པའང་ཡོད་ཀྱི་མ་རིག་པའི་རྒྱུས་འབྱུང་བ་ནི་མིན་ཏེ། དེའི་ཚེ་འཁྲུལ་པའི་སྣང་བ་འགྲིབས་ནས་དག་པའི་སྣང་བ་ཇི་ཆེར་འཕེལ་བས་སོ། །གཙོ་བོར་ནི་སྣང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་དེའི་སྟོང་ཉིད་ཟུང་དུ་འཇུག་པ་ལ་མཉམ་པར་འཇོག་སྟེ། ཉེས་པ་ཐམས་ཅད་ཀྱི་རྩ་བ་གཏི་མུག་གི་གཉེན་པོ་རྟེན་འབྲེལ་རང་བཞིན་མེད་པར་སྒོམ་པ་ལས་ལྷག་པ་གཞན་མེད་པའི་ཕྱིར་ཏེ། ཚིག་གསལ་ལས། གང་ཕྱིར་རྟེན་འབྱུང་གཏི་མུག་ཟད་བྱེད་མཐོང་སྟེ་དེ་ནི་དེ་ཉིད་ཡིན། །དེ་ནི་བདེ་བར་གཤེགས་པ་རྣམས་ཀྱི་དབུ་མའི་ལམ་དུ་ཡང་དག་བསྒྲགས་པར་འགྱུར། །དེ་ནི་ཐུབ་པའི་རང་བཞིན་ཆོས་ཀྱི་སྐུར་འདོད་དེ་ནི་སྟོང་པ་ཉིད་དུ་བརྗོད། །སངས་རྒྱས་རྣམས་ཀྱི་ཐུགས་ཡིན་དེ་ནི་རིགས་པ་ཆེན་པོ་ཡིན་ནོ་ཞེས་ཀྱང་བསྒྲགས། །ཞེས་སོ། །དེ་ཕྱིར་རྟེན་འབྲེལ་འཁྲུལ་སྣང་འབའ་ཞིག་སྒྲོ་བཏགས་ཁོ་ནར་འདོད་པ་དག་གིས་ནི་དབུ་མའི་གཞི་དང་ལམ་དང་འབྲས་བུ་གསུམ་ལ་སྐུར་བ་བཏབ་པས་མཆིལ་མའི་ཐལ་བ་བཞིན་དུ་རྒྱང་རིང་དུ་དོར་བར་བྱའོ། །དེ་ལྟར་རྟེན་འབྲེལ་ཉིད་མཐོང་ཚུལ་གྱི་བྱེ་བྲག་གིས་བདེན་པ་གཉིས་སུ་འཇོག་པ་ཡིན་ནོ། །ཅི་སྟེ་མཉམ་བཞག་གིས་བདེན་གཉིས་ཟུང་འཇུག་ཏུ་རྟོགས་པ་ཡིན་ན་མཉམ་བཞག་སྣང་བཅས་སུ་འགྱུར་བས་སྣང་མེད་དུ་བཤད་པ་དང་འགལ་ལོ་ཞེ་ན། འཁྲུལ་པའི་སྣང་བ་མེད་པ་ལ་དགོངས་པ་ཡིན་གྱི་སྣང་བ་གཏན་མེད་པ་ནི་མིན་ཏེ། ཚིག་གསལ་ལས། གང་གི་ཚེ་མ་རིག་པའི་རབ་རིབ་དང་བྲལ་བས་དྲི་མ་མེད་པའི་ཡེ་ཤེས་ཀྱི་སྤྱན་མངའ་བ་རྣམས་ཀྱིས་གཟིགས་པ་ལ་ལྟོས་ནས་ནི། དེའི་ཚེ་རབ་རིབ་དང་བྲལ་བ་དག་གིས་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་མ་མཐོང་བ་གཉིས། འཕགས་པས་བྱིས་པའི་སྐྱེ་བོའི་བློས་བཏགས་པའི་རང་བཞིན་མ་གཟིགས་པ་རྣམས་ཞེས་པ་དང༌། འཇུག་འགྲེལ་ལས། ཤཱཀྱ་དངོས་པོ་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ཉི་མས་སེམས་ཀྱི་རྒྱུད་སྣང་བར་བྱས་ཤིང་དམ་པ་མ་ཡིན་པའི་ལྟ་བ་མ་ལུས་པས་མཐོང་ཤིང་ཚང་ཚིང་དུ་གྱུར་པའི་མ་རིག་པའི་མུན་པ་བཅོམ་པ་འདུས་བྱས་རྨི་ལམ་དང་མིག་འཕྲུལ་དང༌། སྒྱུ་མ་དང༌། གཟུགས་བརྙན་དང༌། སྤྲུལ་པ་དང་མཚུངས་པར་མཐོང་བ་ཉོན་མོངས་པའི་དྲི་མ་མ་ལུས་བསལ་བ་སེམས་ཀྱི་རྒྱུད་དྲི་མ་མེད་པ་ཞེས་སོ། །དེ་བས་ན་མཐའ་བྲལ་གྱི་རྟེན་འབྲེལ་སྣང་ཡང་གཞན་གྱིས་བཏགས་པའི་བདེན་པ་མི་སྣང་བས་སྣང་མེད་དུ་བཤད་པ་ཁོ་ནའོ། །རིགས་པ་དྲུག་ཅུ་པ་ལས་ཀྱང༌། དངོས་པོ་གཟུགས་བརྙན་ལྟ་བུར་ནི། །ཡེ་ཤེས་མིག་གིས་རབ་མཐོང་ན། །བདག་ཉིད་ཆེན་པོ་དེ་དག་ནི། །ཡུལ་གྱི་འདམ་ལ་མ་ཆགས་སོ། །ཞེས་གསུངས་སོ། །རྟེན་འབྲེལ་མ་རྟོགས་ན་རྟེན་འབྲེལ་ལ་ལོག་པར་ཞུགས་པའི་སྒྲིབ་སྤོང་མི་ནུས་ཏེ། སྟོང་ཉིད་བསྒོམས་ཀྱང་རྟེན་འབྲེལ་ལ་བདེན་འཛིན་མི་ལྡོག་པའི་ཕྱིར་རོ། །ཕྱི་རོལ་པས་བཏགས་པའི་བདག་མེད་པར་བསྒོམས་པས་ལྷན་སྐྱེས་ཀྱི་བདེན་འཛིན་མི་ལྡོག་པ་བཞིན། ཅི་སྟེ་རྟེན་འབྲེལ་ཉིད་སྟོང་ཉིད་དུ་བསྒོམས་པས་བདེན་འཛིན་ལྡོག་ཅེ་ན། དེ་ལྟ་ན་རྟེན་འབྲེལ་ལ་དམིགས་ནས་དེ་ཉིད་སྟོང་པ་ཉིད་དུ་བསྒོམ་པའི་ཕྱིར། རྟེན་འབྲེལ་དམིགས་ཡུལ་དུ་འདོད་པར་བྱ་དགོས་པས་སྣང་མེད་དུ་འདོད་པར་དོར་བར་གྱིས་ཤིག དེ་ལྟར་རྟེན་འབྲེལ་རང་བཞིན་མེད་པའི་སྣང་སྟོང་ཟུང་འཇུག་ཉིད་དབུ་མའི་ལམ་ཡིན་ཞིང་སྣང་སྟོང་ཟུང་འཇུག་ཏུ་བསྒོམ་པའི་རྣལ་འབྱོར་ཉིད་དབུ་མའི་ལམ་གྱི་གཙོ་བོ་ཡིན་པས། བདག་ལེགས་སུ་འདོད་པ་དག་གིས་འདི་ལ་འབད་པར་བྱའོ། །ཅི་སྟེ་སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤང་འགྱུར་ཞིང༌། །ཅི་ཡང་མེད་ཅེས་གོམས་པས་ནི། །ཕྱི་ནས་དེ་ཡང་སྤོང་བར་འགྱུར། །ཞེས་དང་པོ་སྟོང་ཉིད་རྐྱང་པ་བསྒོམ་ཞིང་ཕྱིས་སྟོང་ཉིད་ཀྱང་མི་བསྒོམ་པར་བཤད་པ་ཇི་ལྟར་འཆད་ཅེ་ན། དེ་ནི་དང་པོ་དངོས་པོ་རྣམས་ལ་བདེན་པར་ཞེན་པ་སྤངས་པའི་སྟོང་པའི་དོན་དུ་སྟོང་པ་ཉིད་གོམས་པར་བྱེད་ལ། ཕྱིས་སྟོང་པ་ཉིད་ལ་བདེན་པར་ཞེན་པ་སྤང་བའི་དོན་དུ་གསུངས་ཀྱི་སྟོང་ཉིད་གཏན་ནས་མི་དགོས་པར་སྟོན་པ་མ་ཡིན་ནོ། །དེས་ན་སྟོང་ཉིད་ཡན་གར་བ་བསྒོམ་པ་ནི་ལམ་གྱི་གཙོ་བོ་མ་ཡིན་ཏེ། གཙོ་བོར་སྣང་བ་ལ་བདེན་ཞེན་སྐྱེ་ཡི་སྟོང་ཉིད་ལ་དམིགས་པ་ནི་ཤས་ཆུང་བས་སོ། །དེ་ཉིད་ཀྱི་ཕྱིར་མདོ་དང་དགོངས་འགྲེལ་གྱི་དགོངས་པ་གུང་སྒྲིག་ལ་ཇི་སྐད་བཤད་པ་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ལུང་དང་རིགས་པ་དག་གིས་ཆོས་ཀྱི་བདག་མེད་པ་བསྟན་ཟིན་ཏོ། །གཉིས་པ་གང་ཟག་གི་བདག་མེད་བསྟན་པ་ལ་དྲུག་སྟེ། བདག་འགོག་པའི་རྒྱུ་མཚན་བསྟན། བདག་རྫས་སུ་ཡོད་པར་འདོད་པ་དགག བརྟེན་ནས་བཏགས་པ་ཙམ་དུ་རྣམ་པར་བཞག མ་རིག་པའི་དབང་གིས་རྙེད་པའི་ཚུལ། བདག་མེད་བསྒོམས་པས་གྲོལ་བའི་ཚུལ། བརྟགས་པས་ཆོས་གཞན་ལ་ཡང་སྦྱར་བའོ། །དང་པོ་ནི། རྣམ་པར་དཔྱོད་པའི་བློ་ཡིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང༌། སྐྱེ་རྒ་ན་འཆི་ལ་སོགས་པའི་སྐྱོན་རྣམས་མ་ལུས་པ། དེའི་རྣམ་པར་ཞུགས་པའི་འཇིག་ཚོགས་ལ་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་དེ་ལས་འབྱུང་བར་མཐོང་བར་གྱུར་ཅིང་འཐད་པས་ཀྱང་གྲུབ་སྟེ། ཉོན་མོངས་པ་དང་སྐྱེ་བ་དང་རྒས་པ་ལ་སོགས་པའི་སྐྱོན་མ་ལུས་པ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་པའི་ཕྱིར་ཏེ། འཇིག་ཚོགས་ལ་ལྟ་བ་མ་སྤངས་པ་རྣམས་ལ་འདུ་བྱེད་མངོན་པར་གྲུབ་པའི་ཕྱིར་དང༌། དེ་ལ་སོགས་པའི་སྡུག་བསྔལ་འབྱུང་བའི་ཕྱིར་རོ། །མདོ་ལས་ཀྱང་ཉོན་མོངས་པ་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན། འཇིག་ཚོགས་ལ་ལྟ་བའི་ཀུན་འབྱུང་བ་ཅན་ཞེས་གསུངས་སོ། །འཇིག་ལྟ་དེའི་དམིགས་པ་གང་ཞེ་ན། བདག་ནི་འཇིགས་ལྟ་དེའི་ཡུལ་དུ་རྟོག་པ་སྟེ་ཤེས་པར་བྱས་ཏེ། ངར་འཛིན་པ་ནི་བདག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་ཉོན་མོངས་པ་དང་སྐྱོན་མ་ལུས་པ་ཡོངས་སུ་སྤང་བར་འདོད་པས་འཇིག་ཚོགས་ལ་ལྟ་བ་སྤང་བར་བྱ་བ་ཡིན་ལ་དེ་ཡང་བདག་མེད་པར་ཁོང་དུ་ཆུད་པ་ལས་སྤོང་བར་འགྱུར་བས་རྣལ་འབྱོར་པས་ཐོག་མར་བདག་ཁོ་ན་འགོག་པར་བྱེད་དོ། །གཉིས་པ་ལ་གཉིས་ཏེ། གཞན་སྡེའི་འདོད་པ་དགག རང་སྡེའི་འདོད་པ་དགག དང་པོ་ནི། འཇིག་ཚོགས་ལ་ལྟ་བའི་དམིགས་པ་བདག་ཇི་འདྲ་ཞེ་ན། རེ་ཞིག་མུ་སྟེགས་གྲངས་ཅན་རྣམས་ཀྱིས་ཁྱད་པར་ལྔ་ལྡན་དུ་བརྟགས་སོ། །ཁྱད་པར་ལྔ་པོ་ནི། ཡུལ་ལ་ལོངས་སྤྱོད་པས་ན་ཟ་བ་པོ་དང༌། རྣམ་འགྱུར་ཐམས་ཅད་ཞི་བར་གྱུར་ཀྱང་གནས་པའི་ཕྱིར་རྟག་པའི་དངོས་པོ་དང༌། བྱ་བ་ལ་སྙོམ་ལས་ཅན་དུ་གྱུར་པས་ན་བྱེད་པ་པོ་མིན་པའོ། །རྡུལ་དང་མུན་པ་དང་སྙིང་སྟོབས་དང་བྲལ་བའི་ཕྱིར་ཡོན་ཏན་མེད་པ་དང༌། ཁྱབ་པའི་ཕྱིར་ན་བྱ་བ་མེད་པ་ཉིད་དོ་ཞེས་ཟེར་རོ། །བདག་དེའི་དབྱེ་བ་ཅུང་ཟད་ཅུང་ཟད་མི་འདྲ་བ་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ནི་ལུགས་ནི་ཐ་དད་འགྱུར། འདི་ལྟར་བྱེ་བྲག་པ་རྣམས་བདག་ཡོན་ཏན་དགུ་ལྡན་དུ་སྨྲ་བར་བྱེད་དོ། །ཁ་ཅིག་ནི་ལུས་ཆེན་པོ་ལེན་པའི་སྐབས་སུ་བརྐྱང་པ་དང༌། ཆུང་ངུ་ལེན་པའི་དུས་སུ་བསྐུམ་པའི་བྱ་བ་དང་བཅས་པར་སྨྲའོ། །རིག་བྱེད་དུ་སྨྲ་བ་ནི་བུམ་པ་ལ་སོགས་པའི་སྣོད་ཐ་དད་ཀྱི་ནང་གི་ནམ་མཁའ་ལྟར་བདག་གཅིག་ཉིད་ལུས་ཐ་དད་པའི་སྒོ་ནས་སྣ་ཚོགས་པ་ཉིད་ཅེས་འདོད་དོ། །གཉིས་པ་སེལ་བྱེད་བཤད་པ་ལ་གཉིས་ཏེ། གནོད་པ་བརྗོད་པ་དང༌། སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ་སྟེ། གཞན་ལ་གྲགས་ཀྱི་རྗེས་དཔག་གིས་གནོད་པ། རང་བཞིན་མ་དམིགས་པས་གནོད་པ། ངར་འཛིན་གྱི་ཡུལ་དུ་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་ལ་གནོད་ཚུལ་དང༌། ཁྱད་པར་ལ་གནོད་ཚུལ་ལོ། །དང་པོ་ནི། མུ་སྟེགས་ཅན་རྣམས་ཀྱིས་རབ་ཏུ་བརྟག་པ་དེ་ལྟར་གྱུར་པའི་བདག་ནི་ཡོད་པ་མ་ཡིན་ཞིང་འདི་ནི་ངར་འཛིན་གྱི་རྟེན་དུའང་མི་རིགས་ཏེ། སྐྱེ་བ་དང་བྲལ་བའི་ཕྱིར། མོ་གཤམ་གྱི་བུ་ལྟར་རོ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་པ་དང་ངར་འཛིན་གྱི་རྟེན་དུའང་མི་འདོད་དེ། སྐྱེ་བ་དང་བྲལ་བའི་ཕྱིར། མོ་གཤམ་གྱི་བུ་བཞིན་ནོ། །ཁྱད་པར་ལ་གནོད་ཚུལ་ནི། གྲངས་ཅན་པའི་བསྟན་བཅོས་དང་བྱེ་བྲག་པའི་བསྟན་བཅོས་ལས་བཤད་པའི་བདག་དེའི་ཁྱད་ཆོས་ཀུན་ཀྱང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ན་མུ་སྟེགས་རྣམས་ཀྱིས་གང་བསྟན་པའི་ཁྱད་པར་དེ་ཀུན་ལ་མུ་སྟེགས་པ་རང་ལ་གྲགས་པའི་མ་སྐྱེས་པའི་གཏན་ཚིགས་ཀྱིས་གནོད་པ་དེའི་ཕྱིར་རོ། །གཉིས་པ་རང་བཞིན་མ་དམིགས་པས་གནོད་པ་ནི། ཕུང་པོ་ལས་ཐ་དད་པའི་བདག་གི་ངོ་བོ་དང་ཁྱད་པར་མི་འཐད་པ་དེའི་ཕྱིར་ཕུང་པོ་ལས་དོན་གཞན་པའི་བདག་མེད་དེ། ཕུང་པོ་མ་གཏོགས་པ་སྟེ་ལོགས་ཤིག་ཏུ་བདེན་འཛིན་འཇུག་པ་མ་གྲུབ་པའི་ཕྱིར། རྩ་བ་ལས། བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་གཉིས་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །ཅེས་པ་དང༌། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་ངར་འཛིན་གྱི་ཡུལ་དུ་མི་འཐད་པ་ནི། གཞན་ཡང་འཇིག་རྟེན་གྱི་ངར་འཛིན་གྱི་བློའི་རྟེན་དུ་མི་འདོད་དེ། གང་དག་རྟག་པ་དང་ཟ་བ་པོ་ལ་སོགས་པ་ཁྱད་པར་དུ་བྱས་པའི་བདག་དེ་རིགས་པ་མིན་པའང་བདག་ཏུ་ལྟ་བའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་དགག་པ་ནི། ཅི་སྟེ་ད་ལྟ་རྟག་པའི་བདག་མི་ཤེས་པ་རྣམས་ལ་ངར་འཛིན་དམིགས་པ་ཡང་སྔོན་རྟག་པའི་བདག་གོམས་པའི་དབང་གིས་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདི་ལྟར་གང་དག་བསྐལ་པ་མང་པོར་དུད་འགྲོའི་སྐྱེ་བ་བརྒྱུད་མར་བསྐྱལ་བར་གྱུར་པ་རྟག་པའི་བདག་གོམས་པར་མ་བྱས་པ་དེས་ཀྱང་མ་སྐྱེས་པའི་རྟག་པའི་བདག་འདི་མ་མཐོང་ལ། ངར་འཛིན་དེ་དག་ལ་ཡང་འཇུག་པ་མཐོང་བའི་ཕྱིར་རོ། །ཀྱང་གི་སྒྲས་ནི་དམྱལ་བ་ལ་སོགས་པར་སྐྱེས་པ་སྡུད་དོ། །དེས་ན་ཕུང་པོ་ལས་དོན་གཞན་པའི་བདག་འགའ་ཡང་མེད་དོ། །རང་སྡེའི་འདོད་པ་དགག་པ་ལ་གཉིས་ཏེ། བདག་དང་ཕུང་པོ་གཅིག་ཏུ་འདོད་པ་དགག བརྗོད་དུ་མེད་པའི་གང་ཟག་རྫས་ཡོད་དགག་པའོ། །དང་པོ་ལ་འདོད་པ་བརྗོད་པ་ནི། རང་གི་སྡེ་པ་འཕགས་པ་མང་པོས་བཀུར་བའི་སྡེ་བ་ན་རེ། ཇི་སྐད་བཤད་པའི་རིགས་པས་ཕུང་པོ་ལས་གཞན་དུ་བདག་གྲུབ་པ་མེད་པའི་ཕྱིར་བདག་ཏུ་ལྟ་བའི་དམིགས་པ་ཕུང་པོ་ཁོ་ནའོ་ཞེས་སྨྲའོ། །དེ་ལས་ཀྱང་ཁ་ཅིག་ནི་ཕུང་པོ་ལྔ་ཆར་བདག་ཏུ་འདོད་དེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་གཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་པ་ལྟ་བུའོ། །གཞན་དག་ནི་སེམས་ལ་བདག་གོ་ཞེས་འདོད་དེ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་གྱུར། །བདག་ཉིད་ལེགས་པར་དུལ་བས་ནི། མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་སེམས་ལ་བདག་གི་སྒྲས་གསུངས་སོ། །དེ་གང་ལས་ཤེས་ཤེ་ན། ཕུང་པོ་ལས་ཐ་དད་པའི་བདག་མེད་པའི་ཕྱིར་དང༌། མདོ་གཞན་ལས་སེམས་དུལ་བར་གསུངས་པའི་ཕྱིར། ཇི་སྐད་དུ། སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བས་ནི་བདེ་བ་འདྲེན། །ཞེས་གསུངས་པས་སོ་ཞེའོ། །དེ་དགག་པ་ལ་གཉིས་ཏེ། དགག་པ་རྒྱས་པར་བཤད་པ་དང༌། དགག་པའི་དོན་བསྡུ་བའོ། །དང་པོ་ལ་ལྔ་སྟེ། གནོད་བྱེད་བརྗོད་པ་དང༌། སྒྲུབ་བྱེད་དགག་པ་དང༌། མཐའ་གཞན་བཀག་པ་དང༌། རྟེན་ནས་བཏགས་པར་བསྟན་པ་དང༌། མ་འབྲེལ་བའི་དོན་ཅན་བརྗོད་པའོ། །དང་པོ་ལ་གསུམ་སྟེ། རིགས་པ་དང་འགལ་བ་བརྗོད། ལུང་དང་འགལ་བ་བརྗོད། མངོན་རྟོགས་དང་འགལ་བ་བརྗོད་པའོ། །དང་པོ་ལ་རྒྱས་པར་བཤད་པ་དང༌། མདོར་བསྡུ་བ་གཉིས་ལས། དང་པོ་ནི། གལ་ཏེ་ཕུང་པོ་ལྔའམ་སེམས་ལ་བདག་ཏུ་འདོད་ན་དེ་དག་བདག་ཡིན་པ་དེའི་ཕྱིར། ཕུང་པོ་དེ་གཟུགས་དང་ཚོར་བ་ལ་སོགས་པའི་དབྱེ་བ་མང་ལ་སེམས་ཀྱང་མིག་གི་རྣམ་ཤེས་ལ་སོགས་པའི་སྒོ་ནས་མང་བས་བདག་དེ་དག་ཀྱང་མང་པོར་ཐལ་བར་འགྱུར་རོ། །འདོད་ན་འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་གཅིག་སྐྱེ་ཞེས་པའི་ལུང་གིས་གནོད་པ་ཡིན་ནོ། །བདག་ནི་རྫས་སུ་ཡང་འགྱུར་ཏེ། གཟུགས་ལ་སོགས་པའི་རྫས་རྣམས་ཁོ་ན་ལ་ཕུང་པོར་བརྗོད་ཅིང་དེ་ཁོ་ན་ལ་བདག་ཏུ་བསྙད་པའི་ཕྱིར་རོ། །འདོད་ན་དགེ་སློང་ལྔ་པོ་འདི་རྣམས་ནི་མིང་ཙམ་ཐ་སྙད་ཙམ་བཏགས་པ་ཙམ་སྟེ་ཞེས་པ་དང༌། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་པའི་ལུང་ཁས་བླངས་པས་གནོད་དོ། །བདག་དེར་ལྟ་བ་ནི་གཞི་མེད་ཀྱི་ཕྱིན་ཅི་ལོག་ཏུ་མི་འགྱུར་ཏེ། ཡུལ་རྫས་སུ་ཡོད་པ་ལ་འཇུག་པས་སོ། །སྔོ་སེར་ལ་དམིགས་པའི་ཤེས་པ་བཞིན། ཕུང་པོ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤངས་པ་ཁོ་ནས་སྤོང་བ་ཉིད་དུ་ཡང་འགྱུར་རོ། །གཞན་ཡང་བདག་ཕུང་པོའི་རང་བཞིན་ཅན་དུ་འདོད་ན་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་ཚེ་ཕུང་པོ་ལྔ་རྒྱུན་ཆད་པས་ངེས་པར་བདག་རྒྱུན་ཆད་པར་འགྱུར་རོ། །འདོད་ན་ཁྱོད་ནི་ཕུང་པོ་རྒྱུན་ཆད་པའི་མཐར་འཛིན་པས་མཐར་འཛིན་གྱི་ལྟ་བ་ཅན་དུ་ཐལ་བར་འགྱུར་ཏེ། གང་གི་ཕྱིར་ཁྱོད་ཀྱིས་འཇིག་ཚོགས་ལྟ་བ་ཡོངས་སུ་བཟུང་བའི་བདག་དེ་ཉིད་ལ་རྟག་པར་དང་ཆད་པར་འཛིན་པས་མཐར་འཛིན་པའི་ལྟ་བར་རྣམ་པར་བཞག་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་སྔ་རོལ་དུ་སྐད་ཅིག་རེ་རེ་དེ་དག་ལ་ཕུང་པོ་སྐྱེ་ཞིང་འཇིག་པས་བདག་ཀྱང་དེ་བཞིན་དུ་སྐྱེ་ཞིང་འཇིག་པར་འགྱུར་ཏེ། བདག་ཕུང་གཅིག་ཡིན་པའི་ཕྱིར་རོ། །འདོད་ན་དེའི་ཚེ་དེའི་དུས་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་པ་ཡང་མི་འཐད་པར་ཐལ། སྔར་གྱི་བདག་ཀྱང་སྔར་གྱི་ལུས་ཞིག་པའི་ཕྱིར་དང༌། འདིར་བདག་གཞན་ཉིད་སྐྱེ་བར་ཁས་བླངས་པའི་ཕྱིར་རོ། །རྩ་བ་ལས་ཀྱང༌། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་དག་འབྱུང་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་པ་དང༌། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་སོ། །བདག་སྐྱེ་བ་དང་འཇིག་པར་འདོད་པར་སྐྱོན་གཞན་ཡང་ཡོད་དེ། ལས་བྱེད་པ་པོའི་བདག་གི་འོག་རོལ་དུ་ལས་ལ་རྟེན་མེད་པར་ཐལ། སྔར་གྱི་ལས་བྱེད་པ་པོའི་བདག་ཞིག་ནས་མེད་པས་སོ། །འདོད་ན་ལས་ཀྱང་མེད་པར་འགྱུར་ཏེ། རྟེན་མེད་པའི་ཕྱིར་རོ། །འདོད་ན་མ་འོངས་པ་ན་ལས་ལས་འབྲས་བུ་འབྱུང་བ་མེད་པར་ཐལ། ལས་མེད་པའི་ཕྱིར། མ་འོངས་པའི་སྐྱེ་བའི་དུས་ན་ལས་ཀྱི་རྣམ་སྨིན་ལ་ལོངས་སྤྱོད་པ་མེད་པར་ཐལ། སྔར་གྱི་ལས་བྱེད་པ་པོའི་བདག་ཞིག་ནས་མེད་པའི་ཕྱིར། སྔ་མས་བྱས་པའི་ལས་ཀྱི་འབྲས་བུ་ལ་ཕྱི་མས་སྤྱོད་པས་སྐྱོན་མེད་དོ་ཞེ་ན། འོ་ན་གཞན་ལྷས་སྦྱིན་གྱིས་བསགས་པའི་ལས་ཀྱི་འབྲས་བུ་ལ་གཞན་མཆོད་སྦྱིན་གྱིས་ཟ་བར་འགྱུར་ཏེ། བདག་སྔ་མས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ལ་བདག་ཕྱི་མ་གཞན་གྱིས་ལོངས་སྤྱོད་པའི་ཕྱིར་རོ། །འདོད་ན་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པར་འགྱུར་རོ། །ཇི་སྐད་དུ་རྩ་བ་ལས། གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དེ་ནི་གནས་གྱུར་ཅིང༌། །དེར་མ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང༌། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང༌། །དེ་ལ་སོགས་པར་ཐལ་བར་འགྱུར། །ཞེས་གསུངས་སོ། །སྔ་ཕྱིའི་བདག་རྒྱུད་གཅིག་ཏུ་གཏོགས་ལ་ལྷས་སྦྱིན་དང་མཆོད་སྦྱིན་གྱི་རྒྱུད་ཐ་དད་པ་ཁོ་ན་ཡིན་པས་ཉེས་པ་མེད་དོ་ཞེ་ན། གལ་ཏེ་སྔ་ཕྱི་རྒྱུད་དེ་ཉིད་དུ་སྟེ་གཅིག་ཏུ་ཡོད་ན་སྐྱོན་མེད་པར་རིགས་ནའང་སྔར་གཞན་དབང་ལ་རིགས་པའི་རྣམ་དཔྱད་བྱས་པའི་ཚེ་རྒྱུད་སྔ་ཕྱི་གཅིག་ཏུ་འདོད་པ་ལ་བྱམས་པ་ཉེར་སྦས་ལ་རྟེན་ཆོས་རྣམས་ནི་ཞེས་པའི་སྐབས་དེར་ཉེས་པ་བཤད་ཟིན་ཏོ། །རྩ་བ་ལས་ཀྱང༌། གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །ཞེས་སོ། །དོན་བསྡུ་བ་ནི། ཕུང་པོ་དང་སེམས་བདག་ཡིན་པ་ལ་རིགས་པའི་གནོད་བྱེད་ཡོད་པ་དེའི་ཕྱིར། ཕུང་པོ་དང་སེམས་བདག་ཏུ་ཡོད་པ་མི་རིགས་སོ། །གཉིས་པ་ལུང་དང་འགལ་བ་བརྗོད་པ་ནི། སྡེ་པ་ཐམས་ཅད་ཀྱིས་འདོད་པའི་ལུང་འདི་ལྟ་སྟེ། འཇིག་རྟེན་རྟག་གོ་ཞེས་སོགས་བཞི། མཐའ་དང་ལྡན་པ་ཞེས་སོགས་བཞི། དེ་བཞིན་གཤེགས་པ་གྲོང་ནས་འབྱུང་བ་སོགས་བཞི། ལུས་སྲོག་གཅིག་དང་ཐ་དད་ལ་བརྟེན་པ་གཉིས་ཏེ་བཅུ་བཞི་གསུངས་པ་ལས། འཇིག་རྟེན་གྱི་སྒྲས་ཕུང་པོ་འཛིན་དགོས་ཏེ། བདག་ཕུང་པོའི་རང་བཞིན་ཅན་ཡིན་ཕྱིར། འཛིན་པ་དེའི་ཚེ་ཕུང་པོ་རྣམས་འཛིན་པས་མི་རྟག་པའི་ཕྱིར། འཇིག་རྟེན་མི་རྟག་པ་ཉིད་ཅེས་ལུང་བསྟན་པར་ཡང་འགྱུར་ལ། མྱ་ངན་ལས་འདས་པའི་འོག་ཏུ་ཕུང་པོ་རྣམས་མེད་པས་འཇིག་རྟེན་མཐའ་དང་ལྡན་ནོ་ཞེས་ལུང་བསྟན་པར་འགྱུར་རོ། །འདོད་པ་ཡང་མ་ཡིན་ཏེ། འཇིག་རྟེན་མཐའ་དང་ལྡན་པ་ལ་སོགས་པ་མེད་པར་གསུངས་པའི་ཕྱིར་རོ། །ཇི་སྐད་དུ། ཤར་གྱི་རི་བོ་པའི་སྡེ་པའི་གཞུང་ལས། འཇིག་རྟེན་རྟག་གོ་ཞེས་བྱ་བ་དེ་ལྟ་བུའི་ལྟ་བ་ཅན་དེ་ལ་ཡང་བསྐྲད་པའི་ལས་བྱའོ། །འཇིག་རྟེན་མི་རྟག་གོ་ཞེས་བྱ་བ་དེ་ལྟ་བུའི་ལྟ་བ་ཅན་དེ་ཡང་བསྐྲད་པའི་ལས་བྱའོ་ཞེས་སོགས་ལུང་མ་བསྟན་གྱི་དངོས་པོ་བཅུ་བཞི་ཐམས་ཅད་ལ་སྦྱར་ནས་གསུངས་པའི་ཕྱིར་རོ། །གསུམ་པ་མངོན་རྟོགས་དང་འགལ་བ་བརྗོད་པ་ནི། གཞན་ཡང་མང་པོས་བཀུར་བའི་སྡེ་པ་ཁྱོད་ལྟར་ན་ཕུང་པོ་ལྔའམ་སེམས་བདག་ཡིན་པའི་ཕྱིར་རྣལ་འབྱོར་པ་འདིས་བདེན་པ་མཐོང་བའི་དུས་སུ་བདག་མེད་པ་མཐོང་བའི་རྣལ་འབྱོར་པས་སྡུག་བསྔལ་གྱི་བདེན་པ་མཐོང་བ་དེའི་ཚེ་ཕུང་པོའི་དངོས་པོ་རྣམས་མེད་པར་མཐོང་བར་འགྱུར་རོ། །ཅི་སྟེ་ལས་འབྲས་ཀྱི་འབྲེལ་བའི་དུས་སུ། ཕུང་པོ་ལ་བདག་གི་སྒྲ་སྦྱོར་ལ། བདག་མེད་པར་མཐོང་བ་དེའི་ཚེ་ནི་གཞན་གྱིས་བརྟགས་པའི་བདག་ལ་འཇུག་པས་ཉེས་པ་མེད་དོ་ཞེ་ན། ལས་འབྲས་ཀྱི་སྐབས་སུ་ཕུང་པོ་ལ་བདག་གི་སྒྲས་གསུངས་ལ་བདག་མེད་པར་མཐོང་བའི་དུས་སུ་གཞན་གྱིས་བརྟགས་པའི་བདག་སྤོང་བས་དེ་མེད་པར་མཐོང་ན་བདག་མེད་པར་རྟོགས་པ་དེའི་ཚེ་བདག་གི་སྒྲས་བརྟགས་པའི་བདག་ཡོངས་སུ་འཛིན་པ་དེའི་ཕྱིར་ཁྱོད་ཉིད་ལྟར་ན་སེམས་སམ་ཕུང་པོ་བདག་ཏུ་མི་འགྱུར་བས་ཁྱོད་ཀྱི་ཕྱོགས་ཉམས་པར་འགྱུར་རོ། །སྐྱོན་གཞན་ཡང་ཁྱོད་ཀྱི་ལྟར་ན་རྣལ་འབྱོར་པ་བདག་མེད་མངོན་སུམ་དུ་མཐོང་བས་གཟུགས་སོགས་ཕུང་པོ་ལྔའི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ཏེ། ཕུང་པོ་ལྔ་གཞན་གྱིས་བཏགས་པའི་བདག་དང་བྲལ་བར་མཐོང་བ་ཙམ་ཡིན་པའི་ཕྱིར། འདོད་ན་བདག་མེད་མཐོང་བས་ཆགས་སོགས་ཉོན་མོངས་པ་སྤོང་བར་མི་འགྱུར་རོ། །གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཆགས་སོགས་ཉོན་མོངས་སྤོང་བར་འདོད་ན་ཉོན་མོངས་སྤངས་པ་ལ་བདག་མེད་རྟོགས་པ་དགོས་པ་མེད་པར་འགྱུར་རོ། །རྣལ་འབྱོར་པས་གཞན་གྱིས་བརྟགས་པའི་བདག་མེད་པར་རྟོགས་ཀྱང་ཆགས་སོགས་ཉོན་མོངས་སྐྱེ་བར་འགྱུར་ཏེ། གཟུགས་སོགས་ལ་མཚན་མར་དམིགས་ནས་འཇུག་པའི་ཕྱིར། གཉིས་པ་སྒྲུབ་བྱེད་དགག་པ་ལ་གསུམ་སྟེ། ལུང་གི་དགོངས་པ་ཕུང་པོ་བདག་ཏུ་འདོད་པ་དགག ཕུང་པོའི་ཚོགས་པ་བདག་ཏུ་ལུང་གིས་བསྒྲུབ་མི་ནུས། ཚོགས་ཙམ་བདག་ཏུ་འདོད་ལ་ལུང་གིས་གནོད་པ་འགོད། དང་པོ་ནི། ལུང་གིས་ཕུང་པོ་བདག་ཏུ་སྟོན་པར་བྱེད་དེ། ཇི་སྐད་དུ། དགེ་སློང་ངམ་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་གཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་སོ་ཞེ་ན། གང་གི་ཕྱིར་སྟོན་པས་ཕུང་པོ་ལྔ་པོ་འདི་དག་ལ་བདག་ཏུ་ལྟའོ་ཞེས་གསུངས་པ་དེའི་ཕྱིར། ཕུང་པོ་ལ་བདག་ཏུ་འདོད་ན་མདོ་དེ་ནི་ཕུང་པོ་ལས་གཞན་དུ་བདག་ཡོད་པ་འགོག་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་མུ་སྟེགས་ཅན་གྱི་གཞུང་ལས་འབྱུང་བའི་བདག་དགག་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་བདེན་པ་ཕྱིན་ཅི་མ་ལོག་པར་གསལ་བར་བྱས་པ་ཡིན་ནོ། །དེ་ཡང་གང་ལས་ངེས་ཤེ་ན། མདོ་གཞན་ལས་གཟུགས་བདག་མ་ཡིན་ཞེས་བྱ་བ་ལ་སོགས་གསུངས་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། མདོ་གཞན་ལས་གང་གི་ཕྱིར་གཟུགས་དང་ཚོར་བ་རྣམས་བདག་མ་ཡིན། འདུ་ཤེས་མ་ཡིན། འདུ་བྱེད་རྣམས་མ་ཡིན་རྣམ་ཤེས་ཀྱང་བདག་མིན་པར་གསུངས་པ་དེའི་ཕྱིར། མདོ་གཞན་ལས་བསྟན་པའི་དོན་ཕུང་པོ་བདག་ཅེས་བཞེད་པ་མ་ཡིན་ནོ། །གཉིས་པ་ནི། དགེ་སློང་དག་ཅེས་སོགས་ཀྱི་མདོ་འདིས་ཕུང་པོ་བདག་ཏུ་སྟོན་པ་ཡིན་དུ་ཆུག་ཀྱང༌། མདོ་དེས་ཕུང་པོ་བདག་ཅེས་བརྗོད་པའི་ཚེ་ཕུང་པོ་རྣམས་ཀྱི་ཚོགས་པ་བདག་ཡིན་གྱི་ཕུང་པོ་རེ་རེ་བའི་ངོ་བོ་བདག་ཏུ་རིགས་པ་མིན་ཏེ། དཔེར་ན་ཤིང་རྣམས་ལ་ནགས་ཚལ་ཞེས་བརྗོད་པ་ན་ཤིང་གི་ཚོགས་པ་ནགས་ཚལ་ཡིན་གྱི་ཤིང་རེ་རེ་ནགས་ཚལ་མིན་པ་བཞིན་ནོ། །ཚོགས་ཙམ་བདག་ཏུ་འདོད་པ་དེ་ལྟར་ན་ཡང་ཕུང་པོ་ཚོགས་པ་དེ་རྫས་སུ་མེད་པའི་ཕྱིར། མགོན་དུ་གྱུར་པ་ཡང་མིན་དུལ་བར་བྱ་བ་དང་དཔང་པོ་ཉིད་ཀྱང་མིན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། བདག་ཉིད་བདག་གི་མགོན་ཡིན་ཏེ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ངན་དང་ལེགས་པར་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོའང་ཡིན། །ཞེས་མགོན་དང་དཔང་པོ་ཉིད་དུ་གསུངས་ལ། བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་པའི་ལུང་ལས་ནི། འདོད་པ་ཡང་མ་ཡིན་ནོ། །དེ་ཕྱིར་ཕུང་པོ་ཚོགས་པ་ཙམ་དེ་བདག་མ་ཡིན་ནོ། །གསུམ་པ་ནི། མདོ་ལས་ཤིང་རྟ་དང་མཚུངས་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་འབྱུང་བས་ན་ཤིང་རྟ་དང་མཚུངས་པ་ཡིན་ནོ། །དེ་བས་ན་ཚོགས་པ་ཙམ་བདག་ཏུ་འདོད་པ་དེའི་ཚེ་ཤིང་རྟ་དེའི་ཡན་ལག་འཕང་ལོ་ལ་སོགས་པར་གནས་པ་རྣམས་ཤིང་རྟ་ཉིད་དུ་ཐལ་བར་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ཏེ། འོག་ནས་འགོག་པར་འགྱུར་པའི་ཕྱིར་རོ། །དེ་ལྟར་ན་མདོ་ལས་ཕུང་པོ་ལ་བརྟེན་ནས་བདག་བཏགས་པ་ཙམ་ཡིན་པར་གསུངས་པ་དེའི་ཕྱིར། ཕུང་པོ་འདུས་ཤིང་ཚོགས་པ་ཙམ་བདག་མ་ཡིན་ནོ། །དེ་ཡང་འདི་ལྟར་ཕུང་པོ་ལ་བརྟེན་ནས་བཏགས་པ་དེ་ནི་ཉེ་བར་ལེན་པའི་ཡན་ལག་ཚོགས་པ་ཙམ་མིན་ཏེ། བརྟེན་ནས་བཏགས་པ་ཙམ་ཡིན་པའི་ཕྱིར། དཔེར་ན་སྔོན་པོ་ལ་སོགས་པ་འབྱུང་བ་ལས་གྱུར་པ་དག་ལ་སོགས་འབྱུང་བ་དག་ལ་བརྟེན་ནས་བཏགས་པས་འབྱུང་བ་འདུས་པ་ཙམ་མ་ཡིན་པ་བཞིན་ནོ། །གསུམ་པ་མཐའ་གཞན་དགག་པ་ལ་གཉིས་ཏེ། དབྱིབས་བདག་ཏུ་འདོད་པ་དགག་པ་དང༌། བྱེད་པ་པོ་མེད་པའི་ལས་དགག་པའོ། །དང་པོ་ནི། ཅི་སྟེ་འཕང་ལོ་ལ་སོགས་པའི་ཚོགས་པ་ཤིང་རྟ་མ་ཡིན་གྱི་འོན་ཀྱང་འཕང་ལོ་ལ་སོགས་པའི་དབྱིབས་ཁྱད་པར་ཅན་དང་ལྡན་པ་ལ་ཤིང་རྟའི་ཐ་སྙད་བཏགས་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ཚོགས་པ་ཙམ་བདག་མ་ཡིན་གྱི་དེ་རྣམས་ཀྱིས་བསྐྱེད་པའི་དབྱིབས་ཁྱད་པར་ཅན་བདག་ཡིན་པར་འདོད་དོ་ཞེ་ན། དབྱིབས་དེ་གཟུགས་ཅན་ཁོ་ན་ལ་ཡོད་པའི་ཕྱིར། ཁྱོད་ལ་གཟུགས་དེ་དག་ཉིད་བདག་ཅེས་བྱ་བར་འགྱུར་གྱི་སེམས་ལ་སོགས་པའི་ཚོགས་ནི་བདག་ཉིད་དུ་འགྱུར་བ་མིན་ཏེ། གང་གི་ཕྱིར་ན་སེམས་ལ་སོགས་པ་དེ་དག་ལ་དབྱིབས་ཡོད་པ་མིན་པའི་ཕྱིར་རོ། །གཞན་ཡང་ཉེ་བར་ལེན་པའི་བདག་རང་ཉིད་ཉེ་བར་བླང་བྱའི་ཉེར་ལེན་གྱི་ཕུང་པོ་དང་གཅིག་ཏུ་རིགས་པའི་དངོས་པོ་མིན་ཏེ། གལ་ཏེ་གཅིག་ཡིན་པ་དེ་ལྟ་ན་ལས་དང་བྱེད་པ་པོ་ཡང་གཅིག་ཉིད་དུ་ཐལ་བར་འགྱུར་རོ། །འདོད་པ་ཡང་མ་ཡིན་ཏེ། འབྱུང་བ་དང་རྒྱུར་བྱས་པའི་གཟུགས་དང་བུམ་པ་དང༌། རྫ་མཁན་དག་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་པ་དང༌། དེ་ནི་ཉེར་ལེན་ཉིད་ཀྱང་མིན། །ཞེས་གསུངས་སོ། །གཉིས་པ་ནི། སྟོང་ཆེན་རབ་འཇོམས་ཀྱི་མདོ་ལས། ལས་བྱེད་པ་པོ་ནི་མ་དམིགས་ཀྱི་ལས་ཀྱང་ཡོད་ལ་རྣམ་པར་སྨིན་པ་ཡང་ཡོད་དོ། །ཞེས་གསུངས་པས་ན། བྱེད་པ་པོ་མེད་པའི་ལས་ཡོད་དོ་སྙམ་དུ་སེམས་པ་ཡིན་ན་མིན་ཏེ། གང་གི་ཕྱིར་ན་བྱེད་པ་པོ་མེད་པའི་ལས་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་ལས་སུ་འཇོག་པའི་རྒྱུ་མེད་པར་འགྱུར་ཏེ། བྱེད་པ་པོས་མ་བྱས་པའི་ཕྱིར་རོ། །བསྟན་བཅོས་ལས་ཀྱང༌། བདག་ནི་ཉེ་བར་ལེན་མེད་ཡིན། །མེད་པ་ཉིད་དུའང་དེ་མ་ངེས། །ཞེས་གསུངས་སོ། །དེས་ན་བྱེད་པ་པོ་ལ་བརྟེན་ནས་ལས་སུ་ཐ་སྙད་འདོགས་ལ། ལས་ལ་བརྟེན་ནས་ཀྱང་བྱེད་པ་པོའི་ཐ་སྙད་འདོགས་པ་བཞིན་དུ། ཉེར་བར་བླང་བྱ་ལ་བརྟེན་ནས་ཉེ་བར་ལེན་པོ་སོགས་གདགས་པར་བྱ་ལ། ཉེ་བར་ལེན་པ་པོ་ལ་བརྟེན་ནས་ཀྱང་ཉེ་བར་བླང་བྱ་འཇོག་པ་ཡིན་ནོ། །ལུང་དེའི་དོན་ནི། བདག་དང་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་རང་བཞིན་དུ་གྲུབ་པ་བཀག་པར་ཤེས་པར་བྱའི། ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་ནི་བཀག་པ་མ་ཡིན་ཏེ། ཇི་སྐད་དུ། མ་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་ཆོས་རྣམས་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །ཞེས་གསུངས་པས་སོ། །བཞི་པ་བརྟེན་ནས་བཏགས་པར་བསྟན་པ་ནི། གང་གི་ཕྱིར་ཐུབ་པས། མདོ་ལས། རྒྱལ་པོ་ཆེན་པོ་དེ་ནི་ཁམས་དྲུག་དང༌། རེག་པའི་སྐྱེ་མཆེད་དྲུག་དང༌། ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་དོ་ཞེས་བདག་དེ་སའི་ཁམས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ་དང་ནམ་མཁའི་ཁམས་ཞེས་བྱ་བའི་ཁམས་དྲུག་དང་མིག་ལ་སོགས་པའི་རྟེན་དྲུག་དག་ལ་བརྟེན་ནས་བཏགས་པ་ཙམ་དུ་ཉེ་བར་བསྟན་ཅིང༌། སེམས་དང་སེམས་བྱུང་གི་ཆོས་རྣམས་ཉེ་བར་བཟུང་ནས་བཏགས་པ་ཙམ་དུ་གསུངས་པ་དེའི་ཕྱིར། བདག་དེ་ནི་ཕུང་པོ་དེ་རྣམས་དང་དེ་ཉིད་དེ་གཅིག་ཀྱང་མ་ཡིན་ལ་ཕུང་པོ་ཚོགས་ཙམ་ཉིད་ཀྱང་མིན་ནོ། །རྒྱུ་མཚན་དེའི་ཕྱིར་ཆོས་དེ་རྣམས་ལ་ངར་འཛིན་གྱི་བློས་བདག་ཏུ་འཛིན་པ་མི་རིགས་སོ། །དེ་ལྟར་ཕུང་པོ་རྣམས་ངར་འཛིན་གྱི་ཡུལ་མ་ཡིན་ལ། ཕུང་པོ་ལས་གཞན་ན་ཡང་ཡོད་པ་མ་ཡིན་པས་རྣལ་འབྱོར་པས་བདག་མ་དམིགས་པ་ལས་བདག་གི་བ་ཡང་ཡོད་པ་མ་ཡིན་པ་ཉིད་དུ་ཤེས་ཏེ། ཟག་བཅས་ཀྱི་ཕུང་པོ་རྣམ་པར་བསལ་ནས་ཕུང་པོ་ལེན་པ་མེད་པར་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཕྱིར་ཕུང་པོ་ལས་ཐ་དད་པ་དང་ཐ་མི་དད་པའི་བདག་མེད་པ་རྣམ་པར་དཔྱད་པ་འདི་ཆེས་ཤིན་ཏུ་རིགས་པ་ཡིན་ནོ། །ལྔ་པ་མ་འབྲེལ་བའི་དོན་ཅན་དུ་བརྗོད་པ་ནི། མུ་སྟེགས་པས་བཏགས་པའི་བདག་མེད་པར་རྟོག་པ་ན་ཕུང་པོ་ལ་བདག་ཏུ་འཛིན་པ་བཟློག་པར་འདོད་པ་ནི་ཧ་ཅང་མ་འབྲེལ་ཏེ། འདི་ལྟར་གལ་ཏེ་བདག་རྟག་པ་ངར་འཛིན་གྱི་ཡུལ་ཡིན་ན་ནི། དེ་མེད་པར་རྟོག་པས་ངར་འཛིན་སྤོང་བ་ཞིག་ན། ཁྱོད་ལྟར་ན་བདག་མེད་རྟོག་པའི་ཚེ་རྟག་པའི་བདག་སྤང་བ་སྟེ་མེད་པར་མཐོང་ཞིང༌། རྟག་པའི་བདག་འདི་ནི་ངར་འཛིན་གྱི་རྟེན་དུའང་མི་འདོད་པ་དེའི་ཕྱིར་མངོན་སུམ་དུ་རྟག་པའི་བདག་མེད་པར་ཤེས་ནས་ཕུང་པོའི་ཡུལ་ཅན་གྱི་བདག་ཏུ་ལྟ་བ་དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར་བ་སྟེ་བཞད་གད་ཀྱི་གནས་ཡིན་ཏེ། རྟག་པའི་བདག་དང་ངར་འཛིན་ལ་འབྲེལ་བ་མེད་པའི་ཕྱིར། དོན་དེ་ཉིད་དཔེའི་སྒོ་ནས་བཤད་པ་རང་གི་ཁྱིམ་གྱི་རྩིག་པའི་ཕུག་ན་དུག་སྦྲུལ་གནས་པར་མཐོང་བཞིན་དུ་འདི་ན་གླང་ཆེན་མེད་ཅེས་དོགས་པ་བསལ་ནས་དུག་སྦྲུལ་གྱི་འཇིགས་པ་སྤོང་བར་བྱེད་པ་དེ་ནི་ཀྱེ་མ་ཤེས་ལྡན་གཞན་གྱིས་གནམ་པོར་བཞད་གད་ཀྱི་གནས་སུ་བྱ་བ་ཉིད་དེ། གླང་པོ་ཆེ་མེད་པས་སྦྲུལ་གྱི་འཇིགས་པ་སེལ་བར་མི་རིགས་པའི་ཕྱིར། དཔེ་དེ་བཞིན་དུ་ཕུང་པོ་དང་རྣམ་པར་ཤེས་པ་བདག་ཏུ་སྨྲ་བ་ལྟར་ན་ཡང་རྟག་པའི་བདག་མེད་པར་རྟོག་པས་ཕུང་པོའི་ཡུལ་ཅན་གྱི་ངར་འཛིན་བསལ་བར་མི་ནུས་སོ། །དེའི་ཕྱིར་འཁོར་བ་ཉིད་བཟློག་པར་མི་འགྱུར་རོ། །གཉིས་པ་བཀག་པའི་དོན་བསྡུ་བ་ལ་གསུམ་སྟེ། རྟེན་དང་བརྟེན་པ་འདོད་པ་དགག ལྡན་པའི་དོན་དུ་འདོད་པ་དགག འཇིག་ལྟའི་གྲངས་ངེས་བསྟན་པའོ། །དང་པོ་ནི། ཕུང་པོ་ལ་བདག་བརྟེན་པར་འདོད་པ་མ་ཡིན། བདག་ལ་ཡང་ཕུང་པོ་དེ་རྣམས་བརྟེན་པར་ཡོད་པ་མིན་ཏེ། གང་གི་ཕྱིར་ན་བདག་དང་ཕུང་པོ་གཞན་ཉིད་དུ་ཡོད་ན་མཁར་གཞོང་དང་ཞོ་ལྟར་རྟེན་དང་བརྟེན་པར་རྟོག་པ་འདིར་འགྱུར་ན་གཞན་ཉིད་དུ་མེད་པ་དེའི་ཕྱིར་རྟེན་དང་བརྟེན་པ་འདིར་རྟོག་པ་དོན་མེད་པའོ། །བདག་ནི་གཟུགས་དང་ལྡན་པར་མི་འདོད་དེ། གང་གི་ཕྱིར་ན་བདག་ཡོད་པ་མིན་པ་དེའི་ཕྱིར། །དེས་ན་བདག་ཕུང་པོ་དང་ལྡན་ནོ་ཞེས་སྦྱོར་བ་དོན་མེད་དོ། །ལྷས་སྦྱིན་གནག་སྟེ་བ་ལང་དང་ལྡན་ཞེས་པ་ལྟར་གཞན་ཏེ་ཐ་དད་ཀྱི་ལྡན་པ་དང༌། གཟུགས་དང་ལྡན་ཞེས་བྱ་བ་ལྟར་གཞན་མིན་པ་ཐ་མི་དད་ཀྱི་ལྡན་པར་འདོད་གྲང་ན། གཉིས་ཀ་ལྟར་ཡང་མི་འཐད་དེ། བདག་ནི་གཟུགས་དང་དེ་ཉིད་དང་གཞན་ཉིད་དུ་མེད་པའི་ཕྱིར། གསུམ་པ་འཇིག་ལྟའི་གྲངས་ངེས་བསྟན་པ་ནི། གཟུགས་བདག་མ་ཡིན་ཏེ། ལས་དང་བྱེད་པ་པོ་གཅིག་ཏུ་འགྱུར་བའི་ཕྱིར་རོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཚན་དང་ལྡན་པ་བཞིན་དུ་བདག་ནི་གཟུགས་དང་ལྡན་པ་མིན་ལ། ནགས་ཁྲོད་ན་སེང་གེ་གནས་པ་ལྟར་གཟུགས་ལ་བདག་བརྟེན་པ་ཡང་མེད། རི་བོ་གངས་ཅན་ལ་ནགས་ཀྱི་ཚོགས་ལྟར་བདག་ལའང་གཟུགས་བརྟེན་པར་ཡོད་པ་མིན་ནོ། །དེ་ལྟར་རྣམ་པ་བཞི་བཞིར་དཔྱད་པའི་སྒོ་ནས་ཕུང་པོ་ཀུན་བདག་མེད་པར་ཤེས་པར་བྱའོ། །ཕུང་པོ་དེ་དག་ལ་འཇིག་ཚོགས་ལ་ལྟ་བས་ཇི་སྐད་བཤད་པ་ལས་བཟློག་པ་རྣམ་པ་བཞི་བཞིའི་སྒོ་ནས་བདག་ཏུ་བཟུང་བའི་དབྱེ་བས་བདག་ཏུ་ལྟ་བ་ཉི་ཤུར་འདོད་དོ། །གལ་ཏེ་ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་གསུངས་པས། ཇི་ལྟར་ཉི་ཤུར་བརྗོད་ཅེ་ན། མདོ་ལས། འཇིག་ཚོགས་ལ་ལྟ་བ་ཉི་ཤུར་རྣམ་པར་བཞག་ལ། དེས་ཀྱང་ཕུང་པོ་རྣམས་མ་བཟུང་བར་བདག་ཏུ་མངོན་པར་ཞེན་མི་ནུས་པས་རྣམ་པ་བཞི་བཞིའི་སྒོ་ནས་ཕུང་པོ་རྣམས་ལ་དམིགས་ཤིང་འཇུག་གོ །ཕུང་པོ་ལས་གཞན་དུ་བདག་ཏུ་མངོན་པར་ཞེན་པ་མེད་པས་འཇིག་ཚོགས་ལ་ལྟ་བའི་རྣམ་པ་ལྔ་པ་མི་སྲིད་དོ། །དེས་ན་འཇིག་ཚོགས་ལ་ལྟ་བ་ཉི་ཤུར་ངེས་སོ། །བསྟན་བཅོས་ལས་རྣམ་པར་དཔྱད་པ་ལྔ་པོ་ཕུང་པོ་ལས་གཞན་པའི་བདག་དགག་པར་མཛད་པ་ནི་མུ་སྟེགས་པའི་ལུགས་དགག་པའི་ཕྱིར། མདོ་ལས། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུར་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཞེས་ལུང་ལས་བཤད་པ་གང་ཞེ་ན། འཇིག་ཚོགས་ལ་ལྟ་བའི་རི་བོ་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཡིས་བཅོམ་ནས་རྩེ་མོ་ཆེས་མཐོ་བའི་བདག་ཏུ་ལྟ་བ་གང་དག་དང་ལྷན་ཅིག་ཏུ་འཇིག་པར་འགྱུར་བ་འཇིག་ཚོགས་ལ་ལྟ་བའི་རི་བོ་ལྷུན་སྟུག་པ་ལ་གནས་པ་ཇི་སྐད་བཤད་པའི་ཉི་ཤུ་པོ་འདི་དག་གོ །ལྟ་བའི་རི་བོ་དེ་ཡང་ཡེ་ཤེས་ཀྱི་རྡོ་རྗེ་མ་བབས་པས་ཉིན་རེ་བཞིན་ཉོན་མོངས་པའི་བྲག་རྡོ་འཕེལ་བ་འཁོར་བ་ཐོག་མ་མེད་པ་ནས་འབྱུང་བ་དབང་ཁམས་གསུམ་དུ་མཐོ་བ། ཕྱོགས་ཀྱི་ངོས་མ་ལུས་པ་ལ་ཁྱབ་པ། མ་རིགས་པའི་གསེར་གྱི་ས་གཞི་ལས་འཐོན་པ་ཞིག་གོ །འདིར་ཀུན་བཏགས་དང་ལྷན་སྐྱེས་ཀྱི་བདག་ཏུ་བཟུང་བ་གང་བཟུང་ཞེ་ན། འཁོར་བ་ཐོག་མ་མེད་པ་ནས་ཞེས་འབྱུང་བས་ན་ལྷན་སྐྱེས་ཀྱི་བདག་ཏུ་ལྟ་བ་བཟུང་ངོ༌། །བརྗོད་དུ་མེད་པའི་བདག་དགག་པ་ལ་གཉིས་ཏེ། གཞན་གྱི་འདོད་པ་བརྗོད། དེ་ལ་གནོད་བྱེད་བརྗོད། དང་པོ་ནི། མང་པོས་བཀུར་བ་དག་གང་ཟག་ནི་སྐྱེ་བ་དང་འཇིག་པར་འགྱུར་བས་ཕུང་པོ་དང་གཅིག་ཏུ་མི་འཐད་ཅིང་ཕུང་པོ་ལས་མ་གཏོགས་པར་བདག་ཏུ་འཛིན་པ་མ་གྲུབ་པས་གཞན་དུ་ཡང་མི་འཐད་དོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་གཞན་ཉིད་དུ་བརྗོད་དུ་མེད་དོ། །རྟག་པ་དང་ཆད་པར་འགྱུར་བས་རྟག་པ་དང་མི་རྟག་པ་ཉིད་དུ་ཡང་བརྗོད་དུ་མེད་དོ། །སོགས་པ་མྱ་ངན་ལས་འདས་པའི་ཚེ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་དུ་མེད་དོ། །རྫས་སུ་ནི་ཡོད་པ་ཉིད་དེ། བྱེད་པ་པོ་དང་ཟ་བ་པོ་ཉིད་དུ་བརྗོད་པའི་ཕྱིར་དང༌། འཁོར་བ་དང་མྱ་ངན་ལས་འདས་པ་དང༌། བཅིངས་པ་དང་ཐར་པ་དང་འབྲེལ་བ་ཅན་ཡིན་པའི་ཕྱིར། གང་ཟག་དེ་ནི་རང་གི་ངོ་བོས་ཤེས་བྱ་མིན་གྱི། སྐྱེ་མཆེད་དྲུག་ཡུལ་དུ་བྱས་པའི་སྒོ་ནས་ཤེས་པར་བྱེད་པས་རྣམ་པར་ཤེས་པ་དྲུག་གི་ཤེས་བྱར་ཡང་དེ་འདོད་ཅིང༌། དེ་ནི་ངར་འཛིན་གྱི་གཞིར་ཡང་འདོད་པ་ཡིན་ནོ། །གཉིས་པ་གནོད་བྱེད་བརྗོད་པ་ལ་གསུམ་སྟེ། རྫས་སུ་ཡོད་པར་འདོད་པ་དགག བཏགས་པ་ཙམ་དུ་རྣམ་པར་བཞག དངོས་པོའི་རྟེན་ཅན་ཡིན་པ་དགག དང་པོ་ནི། གལ་ཏེ་དངོས་པོར་གྲུབ་པའི་བདག་འགའ་ཞིག་གྲུབ་པར་གྱུར་ན་གང་ཟག་ཆོས་ཅན། ཕུང་པོ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཚད་མས་རྟོགས་པ་ཉིད་མ་ཡིན་པར་ཐལ། གང་གི་ཕྱིར་ན། དངོས་པོར་ཡོད་པའི་ཕྱིར། དཔེར་ན་གཟུགས་ལས་སེམས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཚད་མས་མི་རྟོགས་པ་བཞིན། གཞན་ཡང་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་མི་འགྱུར་བར་ཐལ། སེམས་ལྟར་རྫས་སུ་གྲུབ་པའི་དངོས་པོ་ཡིན་པའི་ཕྱིར། གཉིས་པ་བཏགས་པ་ཙམ་དུ་རྣམ་པར་བཞག་པ་ནི། གང་གི་ཕྱིར་ཁྱོད་ལྟར་ན་བུམ་པ་རང་གི་གདགས་གཞི་གཟུགས་སོགས་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འགྱུར་བས་དངོས་པོར་མ་གྲུབ་པར་འདོད་པ་བཞིན་དུ་བདག་གང་ཡིན་པ་དེ་ཡང་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་ཉིད་དུ་གྲུབ་པར་རྟོགས་པར་མི་བྱའི་བཏགས་ཡོད་ཙམ་དུ་ཤེས་པར་བྱའོ། །གསུམ་པ་དངོས་པོའི་རྟེན་ཅན་ཡིན་པ་དགག་པ་ནི། ཁྱོད་ཀྱི་རྣམ་པར་ཤེས་པ་དངོས་པོར་ཡོད་པས་རང་གི་བདག་ཉིད་ལས་རྫས་གཞན་མིན་པར་འདོད་ཅིང་གཟུགས་ལས་རྫས་གཞན་དུ་འདོད་པ་བཞིན་དུ་དངོས་པོར་གྲུབ་པ་ལ་རྫས་གཅིག་དང་རྫས་ཐ་དད་ཀྱི་རྣམ་པ་དེ་གཉིས་གང་རུང་དུ་མཐོང་བར་འགྱུར་བ་དེའི་ཕྱིར་ཁྱོད་ཀྱི་བདག་ནི་དངོས་པོར་མེད་དེ། དངོས་པོའི་ཆོས་རྫས་གཅིག་དང་རྫས་ཐ་དད་དང་བྲལ་བའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །རྣམ་པར་དཔྱད་ན་གང་ཟག་རྫས་སུ་མི་རིགས་པ་དེའི་ཕྱིར། ངར་འཛིན་གྱི་རྟེན་ཏེ་ཡུལ་བདག་དེ་དངོས་པོར་རིགས་པ་མིན་ནོ། །གཉིས་པ་དོན་བསྡུ་བ་ནི། ཇི་སྐད་བཤད་པའི་རིགས་པས་བདག་འདི་ནི་ཕུང་པོ་ལས་གཞན་མིན་ལ་ཕུང་པོའི་ངོ་བོའང་མིན་ནོ། །ཕུང་པོ་ལ་བརྟེན་པ་ཡང་མིན་ལ་ཕུང་པོ་དེ་དང་ལྡན་པ་ཡང་མིན་པར་ཤེས་པར་བྱའོ། །གསུམ་པ་བརྟེན་ནས་བཏགས་པ་ཙམ་དུ་རྣམ་པར་བཞག་པ་ལ་གཉིས་ཏེ། བཏགས་པར་རྣམ་པར་བཞག་པའི་དགོས་པ། ཇི་ལྟར་བཏགས་པ་དཔེ་ཡིས་སྟོན་པའོ། །དང་པོ་ནི། རིགས་པའི་རྣམ་དཔྱད་མེད་པར་རྒྱུ་ལ་བརྟེན་ནས་འབྲས་བུ་འདི་འབྱུང་ཙམ་ཞིག་ཁས་ལེན་པ་བཞིན་དུ་འཇིག་རྟེན་གྱི་ཐ་སྙད་གནས་པར་བྱ་བའི་ཕྱིར། བདག་འདི་ནི་ཕུང་པོ་རྣམས་ལ་བརྟེན་ནས་ཐ་སྙད་དུ་བཏགས་པ་ཙམ་དུ་གྲུབ་པར་ཁས་བླངས་པར་བྱ་སྟེ། འཇིག་རྟེན་ན་བདག་ཏུ་ཐ་སྙད་བཏགས་པ་མཐོང་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དཔེ་དོན་སྦྱར་བ་མདོར་བསྟན། དཔེ་ཤིང་རྟ་རྒྱས་པར་བཤད། དཔེས་དོན་མཚོན་པའི་ཚུལ་ལོ། །དང་པོ་ལ། ཤིང་རྟ་འདི་ནི་རང་གི་ཡན་ལག་འཕང་ལོ་དང༌། འཛེར་བུ་དང་སྲོག་ཤིང་ལ་སོགས་པ་ལས་རྫས་གཞན་དུ་འདོད་པར་རིགས་པ་མ་ཡིན་ཏེ། ཡན་ལག་ལས་གཞན་དུ་མ་དམིགས་པའི་ཕྱིར། གཞན་མིན་པ་གཅིག་ཀྱང་མ་ཡིན་ཏེ། ཉེ་བར་བླང་བྱ་དང་ལེན་པ་པོ་གཅིག་ཏུ་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །གཅིག་དང་ཐ་དད་དུ་མེད་པས་ཡན་ལག་དེ་དང་ལྡན་པ་ཡང་མིན་ཞིང་ཡན་ལག་ལ་བརྟེན་པའང་མིན། ཡན་ལག་དག་ཤིང་རྟ་དེར་བརྟེན་པ་ཡང་མིན། ཡན་ལག་འདུས་པ་ཙམ་ཡང་མིན་ལ། དབྱིབས་ཀྱང་མིན་པ་ཇི་ལྟ་བ་བཞིན་བདག་ཀྱང་རིགས་པར་བྱའོ། །གཉིས་པ་ལ་བཞི་སྟེ། ཤིང་རྟ་དོན་དམ་པ་དགག ཤིང་རྟ་ཀུན་རྫོབ་པ་རྣམ་པར་བཞག རྣམ་པར་དཔྱད་པའི་འབྲས་བུ། རྩོད་པ་སྤོང་བའོ། །དང་པོ་ལ་གསུམ་སྟེ། ཚོགས་པ་ཁོ་ན་ཤིང་རྟ་ཡིན་པ་དགག དབྱིབས་དང་ཚོགས་པ་གཉིས་ཀ་ཤིང་རྟ་ཡིན་པ་དགག བྱེ་བྲག་དུ་དབྱིབས་ཤིང་རྟ་ཡིན་པ་དགག་པའོ། །དང་པོ་ནི། གལ་ཏེ་ཚོགས་ཙམ་ཤིང་རྟར་འདོད་པར་གྱུར་ན་ནི་ཡན་ལག་སིལ་བུར་གནས་པ་སྟེ་སྤུངས་པར་གྱུར་པ་ལ་ཡང་ཤིང་རྟ་ཉིད་ཡོད་པར་འགྱུར་ཏེ། ཡན་ལག་ཚོགས་ཙམ་ནི་དེ་ལའང་ཡོད་པའི་ཕྱིར། གཉིས་པ་ནི། གང་གི་ཕྱིར་ཡན་ལག་ཅན་མེད་ན་དེའི་ཡན་ལག་དག་ཀྱང་མེད་པས་ཡན་ལག་ཚོགས་པའི་དབྱིངས་ཤིང་རྟར་རིགས་པ་ཡང་མིན་ཏེ། ཡན་ལག་ཅན་མེད་ན་ཡན་ལག་ཀྱང་མེད་པའི་ཕྱིར་རོ། །ཡན་ལག་ཅན་མེད་པ་ནི་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །གལ་ཏེ་ཤིང་རྟ་བཤིག་པ་ལ་ཡན་ལག་ཅན་མེད་ཀྱང་ཡན་ལག་དམིགས་པས་མ་ངེས་སོ་ཞེ་ན། ཤིང་རྟ་བཤིག་ནས་ཡན་ལག་སྤུངས་པར་གནས་པ་ཆོས་ཅན། ཤིང་རྟ་མེད་པའི་ཤིང་རྟའི་ཡན་ལག་ཏུ་བདེན་པ་མེད་པར་ཐལ། ཤིང་རྟའི་ཐ་སྙད་ཤེས་པ་དང་མི་ཤེས་པ་གང་གི་ངོར་ཡང་ཤིང་རྟའི་ཡན་ལག་ཏུ་མ་དམིགས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཡན་ལག་རེ་རེའི་དབྱིབས་ཤིང་རྟ་ཡིན་པ་དགག ཡན་ལག་ཚོགས་པའི་དབྱིབས་ཤིང་རྟ་ཡིན་པ་དགག དང་པོ་ནི། གལ་ཏེ་དབྱིབས་ཙམ་ཞིག་ཤིང་རྟར་འདོད་ན་དབྱིབས་དེ་ཡན་ལག་སོ་སོ་བ་དག་གམ་ཚོགས་པའི་ཡིན་པར་རྟོག སོ་སོ་བ་དག་གི་ཡིན་པར་འདོད་ན་སྔར་གྱི་དབྱིབས་ཀྱི་ཁྱད་པར་དག་གིའམ། བཏང་བ་དག་གི་ཡིན་པར་འགྱུར། གལ་ཏེ་ཕྱོགས་དང་པོ་ལྟར་འདོད་ན་མི་རིགས་ཏེ། འདི་ལྟར་ཁྱོད་ཀྱིས་ཡན་ལག་རེ་རེ་བའི་དབྱིབས་ཤིང་རྟའི་སྔར་ན་ཡོད་པར་གྱུར་པ་ཇི་ལྟ་བ་བཞིན་ཤིང་རྟར་རྟོགས་པའི་དུས་ནའང་དེ་བཞིན་དུ་འདོད་ན་ཡན་ལག་སོ་སོ་བའི་བྱེ་བར་གྱུར་པ་དེ་དག་ལ་ཤིང་རྟ་ཡོད་པ་མིན་པ་ཇི་ལྟ་བ་ལྟར་ཤིང་རྟ་བཅས་པའི་དུས་ད་ལྟ་ཡང་ནི་ཤིང་རྟ་ཡོད་པ་མ་ཡིན་པར་འགྱུར་ཏེ། སྔར་ཤིང་རྟ་མ་བཅས་པའི་དུས་ཀྱི་ཡན་ལག་གི་དབྱིབས་དང་ཐ་མི་དད་པའི་ཕྱིར། ཅི་སྟེ་ཕྱོགས་གཉིས་པ་ལྟར་འདོད་ན། སྔར་གྱི་ཡན་ལག་གི་དབྱིབས་ལས་གཞན་ཁོ་ན་ཤིང་རྟར་འགྱུར་བའི་ཕྱིར་ད་ལྟ་ཤིང་རྟ་ཉིད་ཀྱི་དུས་འདིར་སྔར་གྱི་འཕང་ལོ་ལ་སོགས་པའི་དབྱིབས་ལས་ད་ལྟར་གྱི་འཕང་ལོ་ལ་སོགས་པའི་དབྱིབས་ཐ་དད་དུ་ཡོད་པར་འགྱུར་རོ། །གལ་ཏེ་ཐ་དད་དུ་ཡོད་ན་ནི་ད་ལྟར་གྱི་འཕང་ལོ་ལ་སོགས་པའི་དབྱིབས་འདི་སྔར་གྱི་འཕང་ལོ་སོགས་ཀྱི་དབྱིབས་ལས་ཐ་དད་དུ་གཟུང་དུ་ཡོད་པར་འགྱུར་ན་དེ་ཡང་ཡོད་པ་མིན་ནོ། །རྒྱུ་མཚན་དེའི་ཕྱིར་ཡན་ལག་གི་དབྱིབས་ཙམ་ཤིང་རྟར་ཡོད་པ་མ་ཡིན་ནོ། །གཉིས་པ་ཡན་ལག་ཚོགས་པའི་དབྱིབས་ཤིང་རྟ་ཡིན་པ་དགག་པ་ནི། ཅི་སྟེ་ཡན་ལག་ཚོགས་པ་རྣམས་ཀྱི་དབྱིབས་ཁྱད་པར་བ་ཤིང་རྟ་ཡིན་ནོ་སྙམ་ན། དེ་ཡང་མི་རིགས་ཏེ། གལ་ཏེ་ཚོགས་པ་ཞེས་བྱ་བའི་དངོས་པོ་ཅུང་ཟད་གཅིག་ཡོད་ན་དེའི་རྟེན་ཅན་གྱི་དབྱིབས་གདགས་པར་འགྱུར་བ་ཞིག་ན་གང་གི་ཕྱིར་ཁྱོད་ཀྱི་ལྟར་ན་ཡན་ལག་ཚོགས་པ་དངོས་པོར་གྲུབ་པ་ཅི་ཡང་མེད་པས་ཤིང་རྟའི་དབྱིབས་དེ་ཡན་ལག་ཚོགས་པ་རྣམས་ཀྱི་རྟེན་ཅན་མ་ཡིན་ན་གང་ཞིག་ཅི་ཡང་མ་ཡིན་པའི་ཚོགས་པ་དེ་ལ་བརྟེན་ནས་འདིར་ནི་དབྱིབས་སུ་གདགས་པར་ཡང་ཇི་ལྟར་འགྱུར་ཏེ། ཁྱོད་ལྟར་ན་བཏགས་པ་ནི་རྫས་ཀྱི་རྟེན་ཅན་ཁོ་ན་ཡིན་པའི་ཕྱིར། གཉིས་པ་ཤིང་རྟ་ཀུན་རྫོབ་པ་རྣམ་པར་བཞག་པ་ལ་གསུམ་སྟེ། བདེན་མེད་ཀྱི་དོན་ལ་གདམས་པ་བརྗོད་པ། སྔར་གྱི་རིགས་པས་བདེན་མེད་དུ་བསྟན་པ། ཁྱད་པར་གྱི་ཐ་སྙད་རྣམ་པར་བཞག་པའོ། །དང་པོ་ནི། ཅི་སྟེ་མི་བདེན་དུ་ཟིན་ཀྱང་ཡན་ལག་ཚོགས་པ་ལ་བརྟེན་ནས་མི་བདེན་པའི་དབྱིབས་སུ་གདགས་པར་འདོད་ན། ཁྱོད་ཀྱིས་མི་བདེན་པའི་དབྱིབས་འདི་ནི་མི་བདེན་པའི་ཚོགས་པ་ལ་བརྟེན་ནས་གདགས་པ་ཇི་ལྟར་འདོད་པ་དེ་ལྟར་དུ་མི་བདེན་པའི་རྒྱུ་མ་རིག་པ་དང༌། ས་བོན་ལ་བརྟེན་ནས་འབྲས་བུའི་རྣམ་པ་འདུ་བྱེད་དང༌། མྱུ་གུ་མི་བདེན་པའི་རང་བཞིན་ཅན་སྐྱེ་བ་ཡིན་ལ། དེ་བཞིན་དུ་རྒྱུ་དང་འབྲས་བུ་མི་བདེན་པའི་རང་བཞིན་ཅན་ཐམས་ཅད་ཀྱང་ནི་ཤེས་པར་གྱིས་ཤིག འབད་རྩོལ་བརྒྱ་ཕྲག་དག་བྱས་ཀྱང་གང་གི་ཤ་ཟ་བར་མི་ནུས་པའི་རི་དྭགས་ཀྱི་གྲིབ་མ་ལྟ་བུའི་དངོས་པོ་ལ་མངོན་པར་ཞེན་པས་ཅི་ཞིག་བྱ་སྟེ་ཞེན་པར་མི་རིགས་སོ། །གཉིས་པ་ནི་ཤིང་རྟ་བཀག་པའི་རིགས་པ་འདིས་ནི་གཟུགས་སོགས་རྫས་བརྒྱད་ཀྱི་བཀོད་པ་དེ་ལྟར་གནས་པ་རྣམས་ལ་བློས་བུམ་པའོ་ཞེས་བྱ་བར་ཞེན་པར་རིགས་པ་མ་ཡིན་ནོ། །གཞན་ཡང་ཇི་སྐད་བཤད་པའི་ཚུལ་གྱིས་མཐའ་བཞི་ལས་སྐྱེ་བ་མེད་པས་ན་གདགས་གཞི་གཟུགས་སོགས་ཀྱང་ཡོད་པ་མ་ཡིན་པ་དེའི་ཕྱིར་ཡང་བུམ་པ་གཟུགས་སོགས་ཀྱི་རྟེན་ཅན་དུ་མི་རིགས་པས་གཟུགས་སོགས་དེ་དག་གི་དབྱིབས་ཀྱི་ཁྱད་པར་གྱི་བདག་ཉིད་མ་ཡིན་ནོ། །གལ་ཏེ་ཇི་སྐད་བཤད་པའི་ཚུལ་དུ་རྣམ་པ་བདུན་གྱིས་བཙལ་བ་ན་ཤིང་རྟ་མེད་པས་འཇིག་རྟེན་ཤིང་རྟའི་སྒོ་ནས་ཐ་སྙད་འདོགས་པ་རྒྱུན་ཆད་པར་འགྱུར་རོ་ཞེ་ན། ཉེས་པ་འདི་ཁྱོད་ལ་ཡང་འགྱུར་ཏེ་རྣམ་པ་བདུན་གྱིས་བཙལ་བ་ན་ཤིང་རྟ་མི་འཐད་ཅིང་ཁྱོད་ཀྱིས་རྣམ་པར་དཔྱད་ནས་དངོས་པོ་རྣམས་འགྲུབ་པར་འཇོག་པའི་ཕྱིར་རོ། །ཁོ་བོ་ཅག་ལ་ནི་ཉེས་པ་འདི་མེད་དེ། གང་གི་ཕྱིར་ན་ཤིང་དེ་ནི་དེ་ཁོ་ན་ཉིད་དུའམ་འཇིག་རྟེན་དུ་ཡང་རིགས་པ་རྣམ་པ་བདུན་གྱིས་བཙལ་ན་གྲུབ་པར་འགྱུར་བ་མིན་མོད་ཀྱི། འོན་ཀྱང་རིགས་པའི་རྣམ་དཔྱད་མེད་པར་འཇིག་རྟེན་གྱི་ཐ་སྙད་ཉིད་ལ་ལྟོས་ནས་ཤིང་རྟ་འདིར་རང་གི་ཡན་ལག་འཕང་ལོ་ལ་སོགས་པ་ལ་བརྟེན་ནས་ཤིང་རྟ་འོན་ཅིག་ཅེས་སོགས་ཀྱི་ཐ་སྙད་འདོགས་པ་ཡིན་པས་སོ། །དེས་ན་ཁོ་བོ་ཅག་གི་ཕྱོགས་ལ་འཇིག་རྟེན་ཐ་སྙད་རྒྱུན་ཆད་པར་མི་འགྱུར་ལ། ཕ་རོལ་པོས་ཀྱང་འདི་ཉིད་ཁས་བླང་བར་བྱ་བ་ཡིན་ནོ། །གསུམ་པ་ཁྱད་པར་གྱི་ཐ་སྙད་རྣམ་པར་བཞག་པ་ནི། འཇིག་རྟེན་གྱི་གྲགས་པའི་སྒོ་ནས་ཤིང་རྟའི་ཐ་སྙད་འདོགས་པར་མ་ཟད་ཀྱི་མིང་གི་ཁྱད་པར་ཡང་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཁས་བླང་བར་བྱ་སྟེ། འདི་ལྟར་འགྲོ་བ་སྟེ་འཇིག་རྟེན་པའི་ངོར་ཤིང་རྟ་དེ་ཉིད་འཕང་ལོ་ལ་སོགས་པའི་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་དང་ཡང་དེའི་ཆ་ཤས་ལ་ལྟོས་ནས་ཆ་ཤས་ཅན་དང༌། ཤིང་རྟ་དེ་ཉིད་བྱ་བ་ལ་ལྟོས་ནས་བྱེད་པ་པོ་ཞེས་བསྙད་པ་ཡིན་ལ། སྐྱེ་བོ་རྣམས་ལ་བླང་བྱ་ལ་ལྟོས་ནས་ལེན་པ་པོ་ཉིད་དུ་གྲུབ་པར་བརྗོད་པ་ཡིན་ནོ། །རང་གི་སྡེ་བ་གང་དག་མདོ་ལས། ལས་ཡོད་ཀྱི་བྱེད་པ་པོ་ནི་མེད་དོ། །ཞེས་གསུངས་པའི་དོན་ཁོང་དུ་མ་ཆུད་པར་ཡན་ལག་ཙམ་ཡོད་ཀྱི་ཡན་ལག་ཅན་ཡོད་པ་མ་ཡིན་པ་དང༌། ཆ་ཤས་ཡོད་ཀྱི་ཆ་ཤས་ཅན་མེད་པ་དང༌། ལས་ཡོད་ཀྱི་བྱེད་པ་པོ་ནི་མེད་དོ། །ཞེས་སོགས་ཐ་སྙད་ལ་བསྐུར་བ་འདེབས་པར་འགྱུར་བས་འཇིག་རྟེན་ན་རབ་ཏུ་གྲགས་པའི་ཀུན་རྫོབ་ལས་དང་བྱེད་པ་པོ་ལ་སོགས་པ་མ་བརླག་ཅིག་ཅེས་བཟློག་པར་བྱ་བ་ཁོ་ནའོ། །གསུམ་པ་རྣམ་པར་དཔྱད་པའི་འབྲས་བུ་བསྟན་པ་ནི། འཇིག་རྟེན་གྱི་ཀུན་རྫོབ་འདི་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་ཞིང༌། མ་བཏགས་གྲགས་པ་ཙམ་དུ་ཡོད་པའི་ཕྱིར། རྣལ་འབྱོར་པས་ཕྱོགས་བདུན་དུ་དཔྱོད་པའི་རིགས་པའི་རིམ་པ་འདི་ཉིད་ཀྱིས་རྣམ་པར་དཔྱོད་ན་དེ་ཁོ་ན་ཉིད་ཀྱི་གཏིང་དཔོག་པར་འགྱུར་རོ། །ཇི་ལྟར་ཞེ་ན། ཤིང་རྟ་ཞེས་བྱ་བ་རང་བཞིན་གྱིས་གྲུབ་པ་ཡོད་ན། རྣམ་པ་བདུན་ལས་གང་ཡང་རུང་བ་ཞིག་ཏུ་འགྱུར་ན་རྣམ་པ་བདུན་གྱིས་བཙལ་ན་མེད་པ་གང་ཡིན་པ་དེ་ཇི་ལྟ་ཇི་ལྟ་བུར་ཡོད་ཅེས་རྣལ་འབྱོར་པས་ཤིང་རྟ་འདི་ཡི་ཡོད་པ་མི་རྙེད་པ་དེས་ན་དེ་ཁོ་ན་ཉིད་ཀྱི་དོན་ལ་བདེ་བླག་ཏུ་འཇུག་པར་འགྱུར་བས་སོ། །འང་གི་སྒྲས་ནི་ཀུན་རྫོབ་ཉམས་པར་ཡང་མི་འགྱུར་ཏེ། རྣམ་པར་དཔྱད་ན་མེད་པ་ཡིན་གྱི་མ་བརྟག་གྲགས་པ་ཙམ་དུ་ཀུན་རྫོབ་འཇོག་པའི་ཕྱིར་རོ། །འདིས་ནི་དོན་དམ་དུ་མེད་པ་དང་ཀུན་རྫོབ་ཏུ་ཡོད་པ་མི་འགལ་བར་བསྟན་པས་ན་དབུ་མའི་གནད་བསྟན་པར་རིག་པར་བྱའོ། །ཤིང་རྟ་དཔྱད་པའི་སྐབས་འདིར་ཤིང་རྟ་དེའི་གྲུབ་པའི་ཚུལ་མ་བརྟག་གྲགས་པ་ཙམ་དུ་གྲུབ་པར་ཇི་ལྟར་བཤད་པ་དེ་བཞིན་དུ་འདོད་པར་བྱའོ། །བཞི་པ་རྩོད་པ་སྤང་བ་ནི། རྣལ་འབྱོར་པས་ཤིང་རྟ་མ་དམིགས་ལ་རག་མོད། ཡན་ལག་ཚོགས་པ་ཙམ་ཞིག་ཡོད་པ་ཡིན་ནོ་ཞེ་ན། སྣམ་བུ་ཚིག་པའི་ཐལ་བ་ལ་སྣལ་མ་འཚོལ་བ་ཁྱོད་ནི་བཞད་གད་དུ་བྱ་བར་རིགས་ཏེ། རིགས་པས་དཔྱད་ནས་ཤིང་རྟ་ཉིད་ཡོད་པ་མིན་པ་དེའི་ཚེ་ཡན་ལག་ཅན་གྱི་ཤིང་རྟ་ཡོད་མེད་པས་དེའི་ཡན་ལག་ཀྱང་ཡོད་པར་ག་ལ་འགྱུར། གལ་ཏེ་ཤིང་རྟ་ཞིག་ཀྱང་འཕང་ལོ་ལ་སོགས་པ་དམིགས་པས་ན་ཡན་ལག་ཅན་མེད་ན་ཡན་ལག་ཅན་མེད་པར་ཇི་ལྟར་བརྗོད་ཅེ་ན། མ་ཡིན་ཏེ། ཤིང་རྟ་རྟོག་པ་པོའི་ཁོ་ནས་འཕང་ལོ་ལ་སོགས་པ་ཤིང་རྟའི་ཡན་ལག་ཏུ་རྟོག་གི་ཤིང་རྟ་མི་ཤེས་པ་དག་ནི་ཤིང་རྟའི་ཡན་ལག་ཏུ་རྟོག་པ་མ་ཡིན་པས་ཡན་ལག་ཅན་མེད་ན་ཡན་ལག་ཀྱང་མེད་པར་གྲུབ་བོ། །གཞན་ཡང་དོན་འདི་ནི་དཔེ་ལས་ཤེས་པར་བྱ་སྟེ། ཤིང་རྟ་རིལ་པོ་མེས་ཚིག་ན་ཡན་ལག་འཕང་ལོ་ལ་སོགས་མེད་པ་དཔེ་དེ་བཞིན་དུ་རྣམ་པར་དཔྱོད་པའི་བུད་ཤིང་ལས་བྱུང་བའི་བློ་གྲོས་ཀྱི་མེས་ཡན་ལག་ཅན་གྱི་ཤིང་རྟ་མ་ལུས་པ་བསྲེགས་པ་དེའི་ཡན་ལག་ཀྱང་དམིགས་པར་མི་འགྱུར་ཏེ། ཡན་ལག་མ་ལུས་པ་རྣམ་དཔྱོད་ཀྱི་མེས་ངེས་པར་བསྲེགས་པའི་ཕྱིར་རོ། །གསུམ་པ་དཔེས་དོན་མཚོན་པ་ལ་གཉིས་ཏེ། དཔེ་དང་དོན་སྦྱར་བ་དངོས། ངོ་བོ་ཉིད་ཀྱིས་གྲུབ་པ་དགག་པའོ། །དང་པོ་ནི། ཇི་ལྟར་འཕང་ལོ་ལ་སོགས་པ་ལ་བརྟེན་ནས་ཤིང་རྟར་འདོགས་ཤིང་འཕང་ལོ་ལ་སོགས་པ་དག་ཉེ་བར་ལེན་པ་ཡིན་ལ། ཤིང་རྟ་ཉེ་བར་ལེན་པ་པོའི་ཡིན་པ་དེ་བཞིན་དུ་འཇིག་རྟེན་གྱི་གྲགས་པ་ལ་བརྟེན་ནས་ཕུང་པོ་ལྔ་དང༌། ཁམས་དང་སྐྱེ་མཆེད་དྲུག་ལ་རྟེན་ནས་བདག་ཏུ་འདོགས་ཤིང་ཕུང་པོ་ཉེ་བར་བླང་བྱ་ཡིན་ལ། བདག་ཉེ་བར་ལེན་པ་པོ་ཉིད་དུ་འདོད་དོ། །འདིའི་ལས་དང་བྱེད་པ་པོའི་རྣམ་པར་བཞག་པ་ཡང་ཤིང་རྟ་ལྟར་ཁས་བླངས་པར་བྱའོ་ཞེས་བཤད་པ་ཉེར་ལེན་ལས་ཡིན་ལ་བདག་འདི་ནི་བྱེད་པ་པོའང་ཡིན་པར་རྣམ་པར་བཞག་གོ །གཉིས་པ་ནི་བདག་འདི་ནི་སྔར་བྱུང་བ་ད་ལྟར་ཡང་ཡོད་པའི་བརྟན་པ་མིན་ཞིང༌། མ་བྱུང་བ་ལས་བྱུང་བའི་མི་བརྟན་པ་ཉིད་ཀྱང་མིན། འདི་ནི་སྐྱེ་འཇིག་བྱེད་པ་ཡང་མིན། འདི་ལ་རྟག་པ་ཉིད་དང་མི་རྟག་པ་ལ་སོགས་པ་ཉིད་ཀྱང་ཡོད་པ་མིན་ལ། ཕུང་པོ་དང་དེ་ཉིད་དང་གཞན་ཉིད་དུ་ཡང་མེད་དེ། བཏགས་པ་ཙམ་དུ་ཟད་པས་དངོས་པོར་ཡོད་པ་མ་ཡིན་པའི་ཕྱིར། ཇི་སྐད་དུ། མདོ་ལས། མི་ཟད་པ་ཡི་ཆོས་བཞི་ནི། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །སེམས་ཅན་མྱ་འདས་བྱང་ཆུབ་སེམས། །དེ་བཞིན་སངས་རྒྱས་ཆོས་རྣམས་སོ། །གལ་ཏེ་དེ་དག་རྫས་ཡོད་ན། །དེ་དག་ཡོངས་སུ་ཟད་གྱུར་གྲང༌། །མེད་པ་དེ་དག་མི་ཟད་དེ། །དེ་ཕྱིར་དེ་དག་ཟད་མེད་གསུངས། །ཞེས་འབྱུང་ངོ༌། །བསྟན་བཅོས་ཀྱི་རིགས་པས་ཀྱང་མི་འཐད་དེ། ཇི་སྐད་དུ་རྩ་བ་ལས། འདས་པའི་དུས་ན་བྱུང་གྱུར་ཞེས། །བྱ་བ་འདི་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །དེ་ཉིད་བདག་ཏུ་འགྱུར་སྙམ་ན། །ཉེ་བར་ལེན་པ་ཐ་དད་འགྱུར། །ཞེས་སོ། །མི་འབྱུང་བ་ཉིད་ཀྱང་མི་འཐད་དེ། རྩ་བ་ལས། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་པ་དང༌། མ་བྱུང་བ་ལས་འབྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་དང༌། །འབྱུང་བའང་རྒྱུ་མེད་ཅན་དུ་འགྱུར། །ཞེས་སོ། །སྐྱེ་འཇིག་ཉིད་དུའང་མི་འཐད་དེ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་འབྱུང་བས་སོ། །དེ་ཉིད་ཀྱི་ཕྱིར་རྟག་པ་དང་མི་རྟག་པ་ཉིད་དུ་མི་འཐད་དེ། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་སོ། །ཕུང་པོ་དང་དེ་ཉིད་དང་གཞན་ཉིད་དུའང་མེད་དེ། ཇི་སྐད་དུ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །བཞི་པ་མ་རིག་པའི་དབང་གིས་རྙེད་པའི་ཚུལ་ནི། རྣམ་པ་བདུན་གྱིས་བཙལ་ན་ཡོད་པ་མ་ཡིན་ན། བདག་གི་ཐ་སྙད་འདི་གང་ལས་རྙེད་ཅེ་ན། མི་དང་དུད་འགྲོ་ལ་སོགས་པའི་འགྲོ་བ་རྣམས་ཡུལ་གང་ལ་རྟག་ཏུ་ངར་འཛིན་གྱི་བློ་རབ་ཏུ་འབྱུང་བ་གང་ཡིན་པ་དེ་བདག་ཡིན་པར་རིག་པར་བྱ་ཞིང༌། བདག་དེའི་ལོངས་སྤྱོད་བྱ་མིག་སོགས་ནང་དང༌། གཟུགས་སོགས་ཕྱི་རོལ་གྱི་ཆོས་གང་ཡིན་པ་དེར་ང་ཡིར་འཛིན་པའི་བློ་འབྱུང་བའི་བདག་དེ་ནི་མ་བརྟག་གྲགས་པའི་ངོར་གཏི་མུག་གི་རྒྱུ་ལས་རྙེད་པ་ཡིན་གྱི་རང་གི་ངོ་བོས་གྲུབ་པ་ནི་མ་ཡིན་ནོ། །ལྔ་པ་བདག་མེད་པ་བསྒོམས་པས་གྲོལ་བའི་ཚུལ་ནི། གཏི་མུག་གི་རྒྱུ་ལས་བདག་ཉིད་ཐ་སྙད་འདོགས་ཤིང་རིགས་པས་དཔྱད་ན་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་དག་གིས་བདག་རྣམ་པ་ཐམས་ཅད་དུ་མ་དམིགས་ལ་དེ་མ་དམིགས་ན་ཡང་བདག་གི་བ་དམིགས་པར་མི་འགྱུར་རོ། །ཇི་ལྟར་བདག་མེད་ན་བདག་གི་བ་ཡང་མེད་ཅེ་ན། གང་གི་ཕྱིར་བྱེད་པ་པོ་མེད་པ་ཅན་གྱི་ལས་མེད་པ་དེའི་ཕྱིར་བདག་མེད་པར་བདག་གི་བ་ཡོད་པ་མིན་ནོ། །རྒྱུ་མཚན་དེའི་ཕྱིར་རྣལ་འབྱོར་པ་དེས་ཐམས་ཅད་ལ་བདག་གིས་སྟོང་པར་ལྟ་ཞིང་བདག་མེད་རྟོགས་པའི་ལྟ་བ་དེ་ཉིད་ཐབས་ཏིང་ངེ་འཛིན་ལ་བརྟེན་ནས་གུས་སྦྱོར་དང་རྟག་སྦྱོར་གཉིས་ཀྱིས་མཐར་ཐུག་པར་ཐོབ་པ་ན། ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་ཏུ་འཛིན་པ་བཅད་ནས་ཉོན་མོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཏེ་འཁོར་བར་སྐྱེ་བའི་ལས་བསགས་པ་མེད་པས་ཡང་སྲིད་ལེན་པ་མེད་པར་རྣམ་པར་གྲོལ་བར་འགྱུར་རོ། །ཇི་སྐད་དུ། ནང་དང་ཕྱི་རོལ་ཉིད་དག་དང༌། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང༌། །དེར་ཟད་པས་ན་སྐྱེ་བ་ཟད། །ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་མེད་མཐོང་དུ་ཟིན་ཀྱང་སྙིང་རྗེའི་དབང་གིས་བྱང་ཆུབ་བར་དུ་སྲིད་པའི་རྒྱུན་ཡོངས་སུ་བཟུང་སྟེ་ཐབས་མཁས་བསོད་ནམས་ཚོགས་ཀྱིས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པས་ན་མཁས་པ་དག་གིས་ལུས་དང་སྲོག་ལ་བབ་ཀྱང་ཇི་སྐད་བཤད་པའི་བདག་མེད་པར་ཡོངས་སུ་བཙལ་བར་བྱའོ། །དྲུག་པ་བརྟག་པ་གཞན་ལ་སྦྱར་བ་ལ་གཉིས་ཏེ། ཡན་ལག་ལ་སོགས་པ་ཆོས་གཞན་ལ་སྦྱར་བ་དང༌། བྱེ་བྲག་ཏུ་རྒྱུ་འབྲས་ལ་སྦྱར་བའོ། །དང་པོ་ནི། གང་དག་བུམ་པ་དང༌། སྣམ་བུ་དང༌། རེ་ལྡེ་དང༌། དམག་དང༌། ནགས་ཚལ་དང༌། ཕྲེང་བ་དང༌། ལྗོན་ཤིང་དང༌། ཁང་ཁྱིམ་དང༌། ཤིང་རྟ་དང༌། བྲན་དང༌། མགྲོན་གནས་ལ་སོགས་པའི་དངོས་པོ་རྣམས་རྣམ་པ་བདུན་གྱིས་བཙལ་བས་ཡོད་པ་མ་ཡིན་ཞིང་དེ་ལས་གཞན་དུ་གྱུར་པ་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན་ནོ། །དེའི་རིགས་ཅན་གྱི་དངོས་པོ་གཞན་ཡང་དེ་བཞིན་དུ་ཐ་སྙད་ཀྱི་སྒོ་ནས་སྐྱེ་བ་འཛིན་པ་འདིས་རྙེད་པ་དེ་རྣམས་རྟོགས་པར་བྱ་སྟེ། གང་གི་ཕྱིར་ན་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི་ང་ནི་འཇིག་རྟེན་དང་མི་རྩོད་དོ། །ཞེས་བྱ་བའི་ལུང་ལས་ནི། ཐུབ་དབང་དེ་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་དེ་འཇིག་རྟེན་གྱི་ཐ་སྙད་ལ་དགག་པ་མི་མཛད་པར་འཇིག་རྟེན་གྱི་ཐ་སྙད་ཞལ་གྱིས་བཞེས་པའི་ཕྱིར། ཡང་འཇིག་རྟེན་པ་དག་དངོས་པོ་རྣམས་ལ་གང་དག་གི་སྒོ་ནས་ཇི་ལྟར་ཐ་སྙད་འདོགས་ཤེ་ན། བུམ་པ་ལ་སོགས་པའི་དོན་དེ་དག་གི་མེ་རིས་སྔོ་བསངས་ལ་སོགས་པའི་ཡོན་ཏན་ལ་ལྟོས་ནས་བུམ་པ་ལ་ཡོན་ཏན་ཅན་དང༌། ཡོན་ཏན་ཅན་ལ་ལྟོས་ནས་ཀྱང་ཡོན་ཏན་རྣམ་པར་འཇོག་ལ་དེ་བཞིན་དུ་མགྲིན་པ་དང་ལྟོ་བ་ལ་སོགས་པའི་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་དང༌། ལྟོ་བ་ལྡིར་བ་དང༌། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ལ་ལྟོས་ནས་མཚན་གཞི་དང༌། ཡུལ་ལ་མངོན་པར་ཞེན་པའི་འདོད་ཆགས་ལ་ལྟོས་ནས་དེའི་རྟེན་ལ་འདོད་ཆགས་ཅན་དང༌། བུད་ཤིང་ལ་སོགས་པའི་བསྲེག་བྱ་དང༌། མེ་ལ་སོགས་པའི་སྲེག་བྱེད་ལ་སོགས་པར་ཐ་སྙད་འདོགས་པ་དེ་རྣམས་ལ་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་པ་བདུན་གྱིས་བཙལ་བཙལ་བ་ན་ཡོད་པ་མིན་ཤིང༌། རྣམ་དཔྱད་བྱས་པ་དེ་ལས་གཞན་དུ་གྱུར་པ་སྟེ་རྣམ་དཔྱད་མེད་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན་ནོ། །གཉིས་པ་བྱེ་བྲག་ཏུ་རྒྱུ་འབྲས་ལ་སྦྱོར་བ་ལ་བཞི་སྟེ། རྒྱུ་འབྲས་ལྟོས་གྲུབ་ཏུ་སྦྱར་བ། རང་བཞིན་གྱིས་གྲུབ་པ་དགག་པ། རང་ཕྱོགས་སྐྱོན་མེད་པར་བརྗོད་པ། གཞན་གྱིས་སྨྲས་པའི་སྐྱོན་སྤངས་པའོ། །དང་པོ་ནི། ཡན་ལག་ལ་སོགས་པ་རྣམས་ཕན་ཚུན་ལྟོས་གྲུབ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྒྱུ་དང་འབྲས་བུ་གཉིས་ཀྱང་ཕན་ཚུན་ལྟོས་པ་ཡིན་ནོ་ཞེས་བཤད་པ། གལ་ཏེ་ས་བོན་ལ་སོགས་པའི་རྒྱུ་ཡིས་བསྐྱེད་པར་བྱ་བ་སྐྱེད་པ་དེ་ལྟ་ན་ས་བོན་སོགས་དེ་རྒྱུ་ཡིན་ཞིང༌། གལ་ཏེ་སྐྱེད་པར་མི་བྱེད་ན་ནི་འབྲས་བུ་སྐྱེད་པ་དེ་མེད་པས་ས་བོན་སོགས་དེ་རྒྱུར་འཇོག་པའི་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་རོ། །འབྲས་བུ་ཡང་ནི་རྒྱུ་ཡོད་པར་གྱུར་ན་སྐྱེས་བར་འགྱུར་བ་དེའི་ཕྱིར་ཕན་ཚུན་ལྟོས་ནས་གྲུབ་པས་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། རྒྱུ་དང་འབྲས་བུ་གཉིས་པོ་གང་ལས་རྒྱུ་གང་ཞིག་ལས་འབྲས་བུར་འཇོག་པར་འགྱུར་བ་དང༌། འབྲས་བུ་གང་ཞིག་ལས་རྒྱུར་འཇོག་པར་འགྱུར་བའི་རྒྱུ་འབྲས་གཉིས་ལས་སྔར་གང་ཞིག་འགྲུབ་པར་འགྱུར་བ་དེ་སྨྲོས་ཤིག གལ་ཏེ་རྒྱུ་སྔར་གྲུབ་ན་ནི་རྒྱུ་ནི་རྒྱུའོ་ཞེས་སོགས་རྣམ་པར་འཇོག་བྱེད་ཀྱི་རྒྱུ་མེད་པར་འགྱུར་ཏེ། རྒྱུ་འབྲས་བུ་མེད་པའི་སྔ་རོལ་དུ་གྲུབ་པའི་ཕྱིར་རོ། །འབྲས་བུ་སྔར་གྲུབ་པ་ནི་འབྲས་བུ་རྒྱུ་མེད་དུ་འགྱུར་ཏེ། རྒྱུ་ལས་མ་སྐྱེས་པའི་ཕྱིར་རོ། །གཞན་ཡང་རྒྱུས་འབྲས་བུ་རང་བཞིན་གྱིས་གྲུབ་པ་སྐྱེད་ན་ཕྲད་ནས་སྐྱེད་དམ་མ་ཕྲད་པར་སྐྱེད་དྲང༌། གལ་ཏེ་ཁྱོད་ཀྱིས་རྒྱུ་ཡིས་ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་ན་ནི། དེའི་ཚེ་རྒྱ་མཚོ་དང་ཆུ་ཀླུང་ཕྲད་པ་ལྟར་ནུས་པ་དབྱེར་མེད་དུ་གྱུར་པས་འདི་ནི་སྐྱེད་བྱེད་དེ། འདི་ནི་འབྲས་བུའོ་ཞེས་ཐ་དད་དུ་བཟུང་དུ་མེད་པར་འགྱུར་རོ། །སོ་སོར་ཏེ་མ་ཕྲད་པར་སྐྱེད་ན་ནི་རྒྱུ་དང་རྒྱུ་མིན་པ་རྣམས་དང༌། རང་གི་འབྲས་བུ་སྐྱེད་མི་བསྐྱེད་ཀྱི་ཁྱད་པར་མེད་པར་འགྱུར་ཏེ། མ་ཕྲད་པས་ན་རང་གི་འབྲས་བུ་མ་ཡིན་པ་མི་སྐྱེད་པ་ལྟར་དུ་རང་གི་བསྐྱེད་བྱ་ཡིན་པ་དང་མ་ཡིན་པ་གཉིས་ཀ་དང་མི་ཕྲད་པར་མཚུངས་པའི་ཕྱིར། མ་ཕྲད་ཀྱང་སྐྱེད་ན་ནི་རིལ་སྐྱེད་པར་འགྱུར་རོ། །ཕྲད་མ་ཕྲད་ཀྱི་རྟོག་པ་གཉིས་པོ་འདི་དག་སྤངས་ནས་རྟོག་པ་གསུམ་པ་གཞན་ཡང་ཁྱོད་ལ་ཡོད་པར་འགྱུར་བ་མ་ཡིན་པས་རང་བཞིན་གྱིས་གྲུབ་པའི་རྒྱུས་མི་སྐྱེད་པ་ཁོ་ནའོ། །ཁྱོད་ཀྱིས་རྒྱུས་འབྲས་བུ་སྐྱེད་པར་མི་བྱེད་པ་དེའི་ཕྱིར་འབྲས་བུ་ཞེས་བྱ་བ་ཡང་ཡོད་པ་མིན་ནོ། །རྒྱུས་འབྲས་བུ་མི་སྐྱེད་པ་དེའི་ཚེ་འབྲས་བུ་མེད་པས་འབྲས་བུ་དང་བྲལ་བའི་རྒྱུ་ནི་རྒྱུའོ་ཞེས་རྣམ་པར་འཇོག་པར་བྱེད་པའི་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། རྒྱུ་ནི་འབྲས་བུ་ལ་ལྟོས་པའི་ཕྱིར། རྒྱུ་མེད་པར་ཡོད་པར་འདོད་པའང་རིགས་པ་མིན་ནོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་གཉིས་རང་བཞིན་གྱིས་ཡོད་པའང་མིན་ནོ། །གསུམ་པ་རང་ཕྱོགས་ལ་སྐྱོན་མེད་པར་བརྗོད་པ་ནི། ཁྱོད་ཀྱི་ཇི་ལྟར་ཞེ་ན་གང་གི་ཕྱིར་རྒྱུ་དང་འབྲས་བུ་གཉིས་ཆར་ཡང་ནི་སྒྱུ་མ་དང་འདྲ་བར་རང་བཞིན་ཡོད་པ་མ་ཡིན་ཞིང༌། རང་བཞིན་མེད་ཀྱང་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལྟར་མ་དཔྱད་པའི་བློ་ངོར་སྣང་བ་ཙམ་ཡིན་པ་དེའི་ཕྱིར་ཕྲད་པ་དང་མ་ཕྲད་པ་ལ་སོགས་པ་བརྟགས་ནས་གནོད་བྱེད་བརྗོད་པ་དག་གིས་བདག་ལ་སྐྱོན་དུ་མི་འགྱུར་ཞིང་འཇིག་རྟེན་པའི་རྒྱུ་འབྲས་ཀྱི་དངོས་པོ་རྣམས་ཀྱང་སྣང་ཚོད་དུ་ཡོད་པས་ཐམས་ཅད་གྲུབ་བོ། །བཞི་པ་གཞན་གྱིས་སྨྲས་པའི་སྐྱོན་སྤོང་བ་ལ་གཉིས་ཏེ། ཐལ་བ་བརྗོད་པ་དང༌། སྐྱོན་སྤང་བརྗོད་པའོ། །དང་པོ་ནི། འདིར་སྐྱོན་སྨྲ་བ་དག་གིས་སྨྲས་པ། ཁྱོད་ཀྱི་སུན་འབྱིན་འདིས་སུན་དབྱུང་བྱ་ཕྲད་ནས་སུན་འབྱིན་ནམ་མ་ཕྲད་པར་ཡིན་ཞེས་ཉེས་པ་འདི་ནི་དབུ་མ་པ་ཁྱོད་ལའང་འགྱུར་བ་མ་ཡིན་ནམ། གལ་ཏེ་ཕྲད་ནས་སུན་འབྱིན་པར་བྱེད་ན་ནི་སུན་འབྱིན་དང་སུན་དབྱུང་བྱ་ཐ་དད་དུ་མེད་པའི་ཉེས་པ་དེ་ཉིད་དུ་འགྱུར་རོ། །མ་ཕྲད་པར་ཡིན་ན་ཡང་རིལ་སུན་འབྱིན་པའི་ཉེས་པ་དེ་ཉིད་དུ་འགྱུར་རོ། །ཕྲད་མ་ཕྲད་ཀྱི་རྟོག་པ་གཉིས་པོ་འདི་དག་སྤངས་ནས་རྟོག་པ་གསུམ་པོ་གཞན་ཡང་ཡོད་པར་འགྱུར་བ་མ་ཡིན་ནོ། །གང་གི་ཚེ་ཕྲད་ནས་སམ་མ་ཕྲད་པར་སྐྱེ་ཞེས་དེ་སྐད་དུ་སྨྲ་ཞིང་བརྟག་པ་དེ་ཉིད་ཀྱིས་རང་གིས་སྨྲས་པའི་སུན་འབྱིན་གྱིས་རང་ཕྱོགས་ཁོ་ན་རྣམ་པར་འཇོམས་པ་དེའི་ཚེ་ཁྱོད་ཀྱི་སུན་དབྱུང་བྱ་སུན་འབྱིན་པར་ནུས་པ་མ་ཡིན་པས་ན་ཁྱོད་ཀྱིས་ཁྱོད་ཉིད་སུན་དབྱུང་བས་ཤུགས་ཀྱིས་ན་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ཉིད་དོ། །གཞན་ཡང་གང་གི་ཚེ་དབུ་མ་པ་རང་གི་སུན་འབྱིན་གྱི་ཚིག་ལ་ཐལ་བར་འགྱུར་བ་མཚུངས་པའི་ཕྱིར། ཕྲད་མ་ཕྲད་ཀྱི་བརྟག་པའི་རིགས་པ་ལྟག་ཆོད་དུ་གྱུར་པ་ཉིད་ཀྱིས་ན། འབྲས་བུ་མ་ཕྲད་པར་བསྐྱེད་པ་ལ་གནོད་བྱེད་ཀྱི་རིགས་པ་ཅི་ཞིག་ཡོད་དེ། འདི་ལྟར་རྡོ་ཁབ་ལེན་གྱིས་མ་ཕྲད་པར་མཚུངས་ཀྱང༌། རུང་བའི་ཡུལ་ན་གནས་པའི་ལྕགས་འདྲེན་པར་བྱེད་ཀྱི་ཐམས་ཅད་ནི་མ་ཡིན་པས་གཞན་དུ་མ་ཕྲད་པར་སྐྱེད་དུ་ཟིན་ཀྱང་མ་ཕྲད་པ་ཐམས་ཅད་བསྐྱེད་པ་མ་ཡིན་གྱི་འབྲས་བུར་རུང་བ་ཁོ་ན་སྐྱེད་པར་འགྱུར་རོ། །དེ་ལྟར་ན་རིགས་པ་མེད་པར་རྒྱུ་འབྲས་ཀྱི་དངོས་པོ་མཐའ་དག་ལ་སྐུར་བ་འདེབས་པ་དེའི་ཕྱིར། ཁྱོད་ནི་སྐྱེ་བོ་དམ་པས་བཞེད་པར་ཡང་མི་འགྱུར་རོ། །སུན་ཅི་ཕྱིན་དུ་རྒོལ་བ་པོ་ཡང་ཡིན་པར་འགྱུར་ཏེ། གང་གི་ཕྱིར་ན་ཁྱོད་ལ་རང་ཕྱོགས་བཞག་ཏུ་མེད་ཅིང༌། གཞན་སུན་འབྱིན་པ་ཙམ་དུ་ཞུགས་པའི་ཕྱིར་ཞེས་སྨྲའོ། །གཉིས་པ་སྐྱོན་སྤང་ལ་དྲུག་སྟེ། གཞན་གྱི་ཐལ་བ་མི་མཚུངས་པར་བརྗོད། མི་བདེན་པ་སུན་འབྱིན་པ་འཐད་པ་དཔེ་ཡིས་སྟོན་པ། ཀླན་ཀ་བརྗོད་པའི་ངག་དོན་མེད་དུ་ཐལ་བ། གཞན་ལ་རང་བཞིན་བསྒྲུབ་པའི་མཐུ་མེད་པར་བསྟན་པ། སུན་འབྱིན་ལྷག་མའི་སྒོ་ནས་ལན་འདེབས་ཚུལ། སུན་ཅི་ཕྱིན་དུ་རྒོལ་བའི་སྐྱོན་མེད་པའི་ཚུལ་ལོ། །དང་པོ་ནི། འདི་ལ་ལན་བརྗོད་པར་བྱ་སྟེ། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་པར་སུན་འབྱིན་པར་བྱེད་དམ་འོན་ཏེ་ཕྲད་ནས་སུན་འབྱིན་པ་ཡིན་ཞེས་སྨྲས་ཟིན་པའི་ཉེས་པ་ནི་འདིར་གང་ཟག་གང་ལ་ངེས་པར་སུན་འབྱིན་བྱེད་དང༌། སུན་དབྱུང་བྱ་རང་བཞིན་གྱིས་གྲུབ་པར་འདོད་པའི་ཕྱོགས་ཡོད་པ་དེ་ལ་སྐྱོན་འདིར་འགྱུར་གྱི། དབུ་མ་པ་བདག་ལ་ནི་རང་བཞིན་གྱིས་གྲུབ་པའི་ཕྱོགས་འདི་ནི་ཡོད་པ་མིན་པའི་ཕྱིར་ཐལ་བར་འགྱུར་བ་འདི་ནི་མཚུངས་པའི་གོ་སྐབས་སྲིད་པ་ཡོད་པ་མིན་ཏེ། སུན་དབྱུང་བྱ་དང༌། སུན་འབྱིན་བྱེད་གཉིས་ཀ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། ཕྲད་པ་དང་མ་ཕྲད་པ་བརྟག་ཏུ་མེད་དོ། །དེས་ན་ཁྱོད་ཀྱི་ཐལ་བར་འགྱུར་བ་འདི་ནི་མཚུངས་པའི་གོ་སྐབས་སྲིད་པ་མ་ཡིན་ནོ། །ཇི་སྐད་དུ་ཚེ་དང་ལྡན་པ་རབ་འབྱོར་ཅི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཆོས་ཐོབ་པ་འཐོབ་པར་འགྱུར་རམ། འོན་ཏེ་མ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཆོས་ཐོབ་པ་འཐོབ་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཆོས་ཐོབ་པ་འཐོབ་པར་མི་འདོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། ཐོབ་པ་ཡང་ཡོད་མངོན་པར་རྟོགས་པ་ཡང་ཡོད་མོད་ཀྱི། གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། ཐོབ་པ་དང་མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི། དོན་དམ་པར་ནི་ཐོབ་ཅིང་མངོན་པར་རྟོགས་པ་མེད་དོ། །ཞེས་བྱ་བ་རྒྱ་ཆེར་གསུངས་པ་ལྟ་བུའོ། །མདོ་འདིས་ནི་སྐྱེས་པའི་ཆོས་ཀྱིས་སྐྱེས་པ་དང༌། མ་སྐྱེས་པའི་ཆོས་ཀྱིས་འཐོབ་པ་བཀག་ནས། མ་བརྟགས་པར་འཇིག་རྟེན་གྱི་ཐ་སྙད་དུ་ཐོབ་པ་ཁས་བླངས་པ་དེ་བཞིན་དུ་སུན་དབྱུང་བར་བྱ་བ་དང༌། སུན་འབྱིན་པ་དག་ཀྱང་ཕྲད་པ་དང་མ་ཕྲད་པ་སུན་འབྱིན་པ་མ་ཡིན་མོད་ཀྱི། འོན་ཀྱང་སུན་འབྱིན་པས་སུན་དབྱུང་བྱ་སུན་འབྱིན་པར་བྱེད་དོ་ཞེས་བཤད་པར་བྱའོ། །གཉིས་པ་མི་བདེན་པ་སུན་འབྱིན་འཐད་པ་དཔེའི་སྒོ་ནས་སྟོན་པ་ནི། ཇི་ལྟར་དངོས་པོར་སྨྲ་བ་ཁྱོད་ཀྱིས་ཆུ་ཤིན་ཏུ་དྭངས་པའི་ནང་དུ་ཤར་བའི་ཉི་མའི་གཟུགས་བརྙན་ལའང་ཉི་མ་གཟས་བཟུང་བ་ལ་སོགས་པ་རྣམས་ཀྱི་ཚེ་ན་ཉི་མའི་དཀྱིལ་འཁོར་ལ་ཡོད་པའི་ཁྱད་པར་རྣམས་མཐོང་བར་འགྱུར་ལ། ཉི་མ་དང་ཆུ་ཕྲད་པ་དང་མ་ཕྲད་པར་གཟུགས་བརྙན་གྱི་རྣམ་པ་སྐྱེད་པ་མི་རིགས་མོད་ཀྱི་འོན་ཀྱང་ཆུ་དང་ཉི་མ་ལ་བརྟེན་ནས་ཉི་མའི་གཟུགས་བརྙན་སྐྱེ་ལ་གཟུགས་བརྙན་ལ་བརྟེན་ནས་ཉི་མ་གཟས་བཟུང་ངོ་ཞེས་པའི་ཐ་སྙད་ཅིག་འབྱུང་བར་འགྱུར་བ་དང༌། མེ་ལོང་གི་ནང་གི་གཟུགས་བརྙན་མི་བདེན་བཞིན་དུ་རང་གི་བཞིན་གྱི་མཛེས་པ་བསྒྲུབ་པར་བྱ་བའི་ཕྱིར། རྫུན་པའི་རང་བཞིན་ཅན་གྱི་མེ་ལོང་གི་གཟུགས་བརྙན་ལ་བརྟེན་ནས་དྲི་མ་སེལ་བའི་ནུས་པ་དེ་ཡོད་པ་ཇི་ལྟ་བ་བཞིན་དུ། དངོས་པོར་སྨྲ་བ་སུན་འབྱིན་པའི་སྐབས་འདིར་ཡང་དངོས་པོར་སྨྲ་བའི་ཤེས་རབ་ཀྱི་གདོང་པ་ལ་ཡོད་པའི་བདག་འཛིན་ལ་སོགས་པའི་དྲི་མ་སྦྱང་བ་སྟེ་དག་པར་བྱ་བ་ལ་ནུས་པ་མཐོང་བར་འགྱུར་བའི་རྡོ་རྗེ་གཟེགས་མ་ལ་སོགས་པའི་གཏན་ཚིགས་ཕྲད་པ་དང་མ་ཕྲད་པ་ལ་སོགས་པའི་འཐད་པ་དང་བྲལ་བ་ལས་ཀྱང་བསྒྲུབ་བྱ་རང་བཞིན་གྱིས་སྐྱེ་མེད་རྟོགས་ཞེས་ཤེས་པར་བྱའོ། །དེ་ཡང་འདི་ལྟར་ཆུ་ཟླ་ལྟ་བུའི་གཏན་ཚིགས་ཀྱིས་སྒྲུབ་པ་ལྟ་བུའི་ཕྱིར་རྒོལ་ལ་རྨི་ལམ་ལྟ་བུའི་བསྒྲུབ་བྱ་མིག་འཕྲུལ་ལྟ་བུའི་ཚུལ་དུ་ཡོངས་སུ་ཤེས་པར་བྱེད་དོ། །འདིས་ནི་དབུ་མ་པ་ལ་རྟགས་དང་བསྒྲུབ་བྱ་མེད་པ་ཡང་བཀག་པ་ཡིན་ནོ། །གསུམ་པ་ཀླན་ཀ་བརྗོད་པ་དོན་མེད་དུ་བསྟན་པ་ནི། གཞན་ཡང་གལ་ཏེ་རང་གིས་བསྒྲུབ་བྱ་གོ་བར་བྱེད་པའི་གཏན་ཚིགས་དངོས་པོར་གྲུབ་པ་དང༌། རྟགས་ཀྱིས་དངོས་སུ་གོ་བྱ་ཉིད་དུ་འགྱུར་བའི་བསྒྲུབ་པར་བྱ་བའི་ངོ་བོའང་ཡོད་པར་འགྱུར་ན། ཕྲད་པ་དང་མ་ཕྲད་པ་ལ་སོགས་པའི་རིགས་པ་ཉེ་བར་སྦྱོར་བ་འཐད་པར་འགྱུར་བ་ཞིག་ན་བསྒྲུབ་བྱ་དང་སྒྲུབ་བྱེད་རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན་པས་ཕྲད་མ་ཕྲད་ཀྱི་བརྟག་པ་འཇུག་པར་བྱེད་པ་ནི། ཁྱོད་ཀྱི་ཡིད་ཆད་དེ་འབད་པ་དོན་མེད་འབའ་ཞིག་ཡིན་ཏེ། དཔེར་ན་རབ་རིབ་ཅན་གྱིས་སྐྲ་ཤད་དམིགས་པས་རབ་རིབ་མེད་པ་ལ་མི་གནོད་པ་བཞིན་དུ། དངོས་པོ་རང་བཞིན་མེད་པར་སྨྲ་བ་ལ་ཁྱོད་ཀྱིས་ཕྲད་མ་ཕྲད་ཀྱི་ཕྱོགས་གཉིས་ཡོངས་སུ་བཟུང་ནས་སུན་འབྱིན་བཀོད་པས་ཀྱང་མི་གནོད་དོ། །དེ་ཉིད་ཀྱི་ཕྱིར་གང་དག་རྡོ་ཁབ་ལེན་གྱིས་མ་ཕྲད་པར་རང་གི་བྱ་བ་བྱེད་པ་རྣམ་པར་བཞག་པའི་དཔེ་དག་ཀྱང་བཀག་པར་རིག་པར་བྱ་སྟེ། དེ་དག་ལ་ཐལ་བར་འགྱུར་བ་མཚུངས་པའི་ཕྱིར་རོ། །རང་བཞིན་མེད་པར་སྒྲུབ་པའི་མཐུན་དཔེ་སྟོན་པ་ནི། གཞན་ཡང་རྨི་ལམ་དང་སྒྱུ་མ་ལ་སོགས་པ་གཉིས་ཀ་ལ་གྲུབ་པའི་དཔེ་ཁོ་ནས་རྒྱུ་འབྲས་ཀྱི་དངོས་པོ་རྣམས་དངོས་པོ་རང་བཞིན་མེད་པར་རྟོགས་སུ་གཞུག་པར་ནི་ནུས་པ་ཆེས་སླ་བ་ཇི་ལྟ་བ་བཞིན་དུ་རང་བཞིན་ཡོད་པར་གཞན་དབུ་མ་པ་ལ་དག་ལ་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱེད་ནུས་པ་མ་ཡིན་ཏེ། དངོས་པོ་རང་བཞིན་ཡོད་པར་བསྒྲུབ་པ་ལ་གཉིས་ཀ་ལ་གྲགས་པའི་དཔེ་མེད་པའི་ཕྱིར་ཏེ། ཁོ་བོ་ཅག་ནི་དངོས་པོ་འགའ་ལ་ཡང་རང་བཞིན་ཅུང་ཟད་ཀྱང་ཁས་མི་ལེན་པའི་ཕྱིར། དེ་ལྟར་ན་ཁོ་བོས་དངོས་པོ་སྨྲ་བའི་རྩོད་པ་བཟློག་པ་ཡིན་པས་ལན་སུས་ཀྱང་བརྗོད་པར་ནུས་པ་མ་ཡིན་པས་དངོས་པོ་རྣམས་རང་བཞིན་མེད་པར་གྲུབ་བོ། །དེ་ཉིད་ཀྱི་ཕྱིར་ན་འཇིག་རྟེན་དར་གྱི་སྲིན་བུ་ལྟར་རང་གི་རྣམ་པར་རྟོག་པས་ཡོངས་སུ་བཅིངས་པའི་སྟེང་དུ་དངོས་པོ་རང་བཞིན་ཡོད་པར་བསྒྲུབ་པའི་རྟོག་གེ་ངན་པའི་དྲྭ་བས་འཁོར་བ་འདིར་འཇིག་རྟེན་པ་རྣམས་ལ་ཅི་སྟེ་བཅོལ་བར་བྱེད་དེ་བྱེད་པར་མི་རིགས་སོ། །སུན་འབྱིན་ལྷག་པའི་སྒོ་ནས་ལན་འདེབས་ཚུལ་ནི། རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་སྨྲ་བ་སུན་འབྱིན་པའི་ལྷག་མ་རྡོ་རྗེ་གཟེགས་མ་སོགས་གོང་དུ་བསྟན་པ་ཡང་ནི་ཤེས་པར་བྱས་ནས་རྒྱུས་འབྲས་བུ་ཕྲད་ནས་སྐྱེད་དམ། སོགས་པ་མ་ཕྲད་པར་སྐྱེད་ཅེས་སོགས་ཀྱི་ལན་གྱི་ཆེད་དུ་འདིར་སུན་འབྱིན་དུ་བཏང་བར་བྱའོ། །ཇི་ལྟར་ཞེ་ན། ཕྲད་པ་དང་མ་ཕྲད་པ་སོགས་ཀྱི་རྣམ་དཔྱད་མི་འཇུག་སྟེ། སྒྱུ་མ་ལྟར་རིགས་པས་དཔྱད་མི་བཟོད་པའི་ཕྱིར་རོ་ཅེས་བྱའོ། །སུན་ཅི་ཕྱིན་དུ་རྒོལ་བའི་སྐྱོན་མེད་པའི་ཚུལ་ནི། སུན་ཅི་ཕྱིན་དུ་རྒོལ་བ་ཡང་ཇི་ལྟར་ཡོད་པ་མིན་པའི་ཚུལ་ནི། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་པ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་དེ་སྐད་སྔར་བཤད་ཟིན་པ་ལས་རྟོགས་པར་བྱ་སྟེ། དེར་ནི་ཐ་སྙད་དུ་རྣམ་རྟོག་ལོག་པ་ཙམ་ཞིག་རང་ཕྱོགས་སུ་བསྟན་པའི་ཕྱིར་དང༌། དོན་དམ་པར་ནི་སུས་ཀྱང་རང་གི་ཕྱོགས་མ་བཞག་ཅིང་གཞན་ཕྱོགས་བཟློག་པ་ཡང་མེད་པས་སུན་ཅི་ཕྱིན་དུ་རྒོལ་བ་པོ་ཡང་ཡོད་པ་མ་ཡིན་ནོ། །རང་གི་ཚིག་ལ་ཐལ་པ་མཚུངས་པའི་རྩོད་པ་དང༌། སུན་ཅི་ཕྱིན་དུ་རྒོལ་བ་པར་ཐལ་བའི་རྩོད་པ་རྣམས་ལ་གནོད་བྱེད་དུ་བརྗོད་པའི་སུན་འབྱིན་གྱི་ལྷག་མ་དངོས་པོ་མཐའ་དག་ལ་སྐུར་བ་འདེབས་པར་ཐལ་བའི་རྩོད་པའི་སུན་འབྱིན་བདེན་གཉིས་ཀྱི་ལན་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱ་སྟེ། ཐ་སྙད་དུ་རྟེན་འབྱུང་གི་སྐྱེ་བ་ཁས་བླངས་པ་ཡིན་ལ། དོན་དམ་པར་ནི་སྐུར་བ་བཏབ་པར་བྱ་བའི་ཡུལ་དང༌། འདེབས་པ་པོ་གཉིས་ཀ་ཡང་ཡོད་པ་མ་ཡིན་པས་སྐུར་པ་འདེབས་པ་མེད་དོ་ཞེས་རྟོག་པར་བྱའོ། །མཁས་རློམ་གཞན་དག་གིས་ནི་གཞུང་འདི་ཁོང་དུ་མ་ཆུད་དོ། །དེ་ལྟར་བདག་མེད་རིགས་པས་བསྟན་པའི་ཚུལ་བརྗོད་ཟིན་ཏོ། །གཉིས་པ་ལུང་གིས་བསྟན་པ་ལ་གཉིས་ཏེ། དགོས་པའི་སྒོ་ནས་གཉིས་སུ་དབྱེ་བ་དང༌། སླར་ཡང་རྣམ་པ་མང་དུ་དབྱེ་བའོ། །དང་པོ་ནི། བདག་མེད་པ་འདི་ནི་རྣམ་པ་གཉིས་སུ་གསུངས་སོ། །གང་གི་སྒོ་ནས་ཤེ་ན། ཆོས་དང་གང་ཟག་གི་དབྱེ་བས་སོ། །དགོས་པ་ནི་གདུལ་བྱའི་འགྲོ་བ་རྣམས་སྒྲིབ་གཉིས་ལས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་དུ་གསུངས་ཏེ། དེའང་ཉན་ཐོས་དང་རང་སངས་རྒྱས་རྣམས་གྲོལ་བར་བྱ་བའི་ཕྱིར་དུ་གང་ཟག་གི་བདག་མེད་པས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་གྲོལ་བར་བྱ་བའི་ཕྱིར་ནི་གཉིས་ཀ་བསྟན་ཏོ། །འོ་ན་སྔར་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཤད་པ་དང་འགལ་ལོ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཀྱང་རྟེན་འབྲེལ་རང་བཞིན་མེད་པར་མཐོང་བ་ཡོད་མོད་ཀྱི། ཤེས་བྱ་རྒྱ་ཆེན་པོ་ཡོངས་སུ་ཤེས་པ་ལྷུར་ལེན་པ་མེད་པའི་ཕྱིར་ཆོས་ཀྱི་བདག་མེད་རྫོགས་པར་བསྒོམ་པ་མེད་པས་ཆོས་ཀྱི་བདག་མེད་རྫོགས་པར་མ་བསྟན་ཏོ། །རྣམ་པར་གྲོལ་བ་དོན་དུ་གཉེར་བ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ནི་ཡོད་དོ། །གང་ཟག་གི་བདག་མེད་མ་ལུས་པར་སྒོམ་པ་ནི་ཡོད་པར་བཞག་གོ །གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གོང་དུ་བསྟན་པའི་བདག་མེད་པ་འདི་ཉིད་ནི་གདུལ་བྱ་རྣམས་ཀྱི་བསམ་པ་ལ་ལྟོས་ནས་རྣམ་པ་མང་དུ་ཕྱེ་སྟེ་གསུངས་སོ། །དེ་ལ་སྤྲོས་པ་དང་བཅས་པས་སྟོང་པ་ཉིད་བཅུ་དྲུག་བསྟན་ཏེ། ཇི་སྐད་དུ་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། གཉིས་ཀ་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ་ཞེས་གསུངས་སོ། །མདོར་བསྡུས་ཏེ་སླར་ཡང་སྟོང་པ་ཉིད་བཞིར་བཤད་དེ། རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ༌། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ༌། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ༌། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ༌། །ཞེས་གསུངས་སོ། །སྟོང་པ་ཉིད་དག་ནི་ཐེག་ཆེན་དུ་ཡང་བཞེད་པ་ཡིན་ཏེ། སྒྲིབ་པ་གཉིས་ཀྱི་གཉེན་པོར་བདག་མེད་རབ་ཏུ་གསུངས་པ་ཡིན་པའི་ཕྱིར་རོ། །འདི་དག་ཀྱང་རྣམ་པ་དེ་ལྟ་བུས་གདུལ་བྱའི་སྐྱེ་བའི་དབང་གིས་གཟུགས་ལ་སོགས་པ་ལྟར་ཀུན་རྫོབ་ཏུ་བསྙད་པར་ཟད་ཀྱི་དོན་དམ་པར་ནི་སྟོང་པ་དང་མི་སྟོང་པའི་ཆོས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། བཅུ་དྲུག་བཤད་པ་དང༌། བཞིར་བཤད་པའོ། །དང་པོ་ལ། ནང་སྟོང་པ་ཉིད་ཀྱི་དབང་དུ་བྱས་པ་ནི་མིག་ནས་ཡིད་ཀྱི་བར་དྲུག་ནི་ནང་གི་ཆོས་ཞེས་བྱའོ། །དེ་ལ་མིག་ནི་མིག་གིས་སྟོང་ངོ༌། །དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང༌། ལུས་དང་ཡིད་ཀྱང་རང་རང་གི་ངོ་བོས་སྟོང་པར་བསྙད་པར་བྱ་སྟེ། གང་གི་ཕྱིར་ན་མིག་རང་བཞིན་མེད་པ་དེ་ཉིད་མིག་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རང་བཞིན་མེད་ཅེ་ན། །རང་བཞིན་བྱས་པ་ཡིན་ནོ་ཞེས། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པའི་ཚུལ་དུ་གདོན་མི་ཟ་བར་རང་བཞིན་མི་འདོར་བར་ཐེར་ཟུག་ཏུ་གནས་པའམ་འཇིག་པར་འགྱུར་བ་གང་རུང་ཞིག་ཏུ་འགྱུར་བ་ཡིན་ན། མིག་སོགས་འདི་དག་ནི་ཐེར་ཟུག་དུ་གནས་པ་ཡང་མ་ཡིན་འཇིག་པ་ཡང་མ་ཡིན་པའི་ཕྱིར་རོ། །རང་བཞིན་དག་ནི་བཅོས་མིན་དང༌། །ཞེས་གསུངས་པ་དེ་ལྟ་བུའི་རང་བཞིན་སློབ་དཔོན་གྱི་ཞལ་གྱིས་བཞེས་པ་ཡོད་དམ་ཞེ་ན། ཆོས་ཐམས་ཅད་ལ་རང་བཞིན་གྱི་ཐ་སྙད་གདགས་པ་དེ་ལྟ་བུ་ནི་ཡོད་དེ། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ་ཞེས་གསུངས་པ་ལྟ་བུའོ། །མིག་སོགས་ཀྱི་ཆོས་ཉིད་ཅེས་བྱ་བ་འདི་ཡང་དེ་དག་གི་རང་བཞིན་ནོ། །རང་བཞིན་དེ་ཡང་བཅོས་མ་མ་ཡིན་པ་འཕགས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ངོ་བོའོ། །གལ་ཏེ་དེ་མེད་ན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ལམ་སྒོམ་པ་དང༌། ཆོས་ཉིད་རྟོགས་པའི་ཕྱིར་དཀའ་བ་རྩོམ་པ་སོགས་པ་དང༌། དེ་བཞིན་གཤེགས་པ་འབྱུང་བ་ཡང་དོན་མེད་པ་ཞིག་ན་དོན་མེད་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་ཡོད་པར་མ་གྱུར་ན་ནི་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ཞིང༌། དེ་བཞིན་གཤེགས་པ་རྣམས་འབྱུང་བ་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་དེ་ཡོད་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་པ་ལ་མཁས་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །འདིར་སྨྲས་པ། དངོས་པོ་རྣམས་ལ་རང་བཞིན་ཅུང་ཟད་ཀྱང་མི་འདོད་ཅིང་བཅོས་མ་མ་ཡིན་པ་རང་བཞིན་དུ་འདོད་པ་ནི་ཕན་ཚུན་འགལ་བ་བརྗོད་པའོ་ཞེ་ན། མ་ཡིན་ཏེ། རང་བཞིན་མེད་པ་ཞེས་བྱ་བ་འདི་ནི་སོ་སོ་སྐྱེ་བོས་ཡོངས་སུ་བཟུང་བ་ཉིད་རང་བཞིན་དུ་མི་འཐད་པ་ལ་དགོངས་པ་སྟེ། འདི་ཉིད་རང་བཞིན་དུ་ཡོད་ན་ནི་ཐ་མལ་པས་ཀྱང་རྟོགས་པའི་ཕྱིར་ཚངས་པར་སྤྱོད་པ་དོན་མེད་པས་སོ། །རང་བཞིན་དུ་བརྗོད་པ་འདི་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་བཅོས་མ་མ་ཡིན་པ་དང༌། གཞན་ལ་མི་ལྟོས་པ་ཉིད་དུ་བརྗོད་དོ། །འདི་ནི་སློབ་དཔོན་གྱི་བཞེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ལ་ཡང་ཁས་ལེན་དུ་གཞུག་པར་ནུས་པས། གཉིས་ཀ་ལ་གྲུབ་པ་ཉིད་དུ་བཞག་གོ །གང་དག་མེའི་རང་བཞིན་ཚ་བ་ལ་འདོད་པ་མི་འཐད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་བཅོས་མ་ཡིན་པའི་ཕྱིར་དང༌། གཞན་ལ་ལྟོས་པའི་ཕྱིར་རོ། །དེས་ན་གདོད་མ་ནས་རང་གི་ངོ་བོས་སྟོང་པ་ཉིད་རང་བཞིན་ཡིན་པར་རིགས་ཏེ། འདི་ཁོང་དུ་ཆུད་པས་སྒྲིབ་པ་གཉིས་སྤོང་བའི་ཕྱིར་ཏེ། འདི་ལྟར་ཉོན་མོངས་པ་དང་རྣམ་པར་རྟོག་པ་རྣམས་དངོས་པོ་ལ་མངོན་པར་ཞེན་པའི་རྩ་བ་ཅན་ཡིན་ལ། ཇི་སྐད་བརྗོད་པའི་སྟོང་ཉིད་འདི་རྟོགས་པ་ལས་ནི་བདེན་འཛིན་ལྡོག་པའི་ཕྱིར། དེའི་ཕྱིར་མཐའ་བྲལ་སྟོང་པ་ཉིད་འདི་ནི་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། དེ་བཞིན་གཤེགས་པའི་གསུང་རབ་ཐམས་ཅད་ཀྱི་བརྗོད་བྱའི་སྙིང་པོ་ཡིན་པས་འདི་ལ་ཤིན་ཏུ་གཅེས་སྤྲས་སུ་བྱ་དགོས་སོ། །གང་དག་དོན་དམ་པར་ཡོད་པར་ལྟ་བ་ནི་ཉོན་མོངས་པའི་རྩ་བ་བདེན་འཛིན་འཕེལ་བར་བྱེད་པའི་ཕྱིར་སྒྲིབ་པའི་གཉེན་པོར་མི་རུང་ཞིང༌། ལྟ་བ་ཐམས་ཅད་ཀྱི་གཉེན་པོ་ནི་སྟོང་པ་ཉིད་ཡིན་ན་སྟོང་ཉིད་བདེན་པར་ལྟ་བ་ནི་སྨན་དུག་ཏུ་སོང་བ་བཞིན་དུ་དམ་ཆོས་ཀྱི་བདུད་རྩིས་གསོར་མི་རུང་བ་ཡིན་ཏེ། འོད་སྲུངས་ཀྱིས་ཞུས་པ་ལས། གང་ཟག་གི་བདག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི་སྟོང་པ་ཉིད་དུ་ལྟ་བ་མངོན་པའི་ང་རྒྱལ་ཅན་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་སྟོང་པ་ཉིད་རང་བཞིན་གྱིས་གྲུབ་པ་གཞན་ཀུན་རྫོབ་ཀྱི་ཆོས་ཀྱིས་སྟོང་པར་སྨྲ་བ་ལྟར་ན་སྟོང་ཉིད་རྟོགས་པའི་ཤེས་རབ་སྒྲིབ་པའི་གཉེན་པོར་མི་རུང་སྟེ། སྤང་བྱ་དང་གཉེན་པོ་ནི་དམིགས་པ་གཅིག་ལ་འཛིན་སྟངས་ཐ་དད་ཀྱིས་འཇུག་དགོས་ན། ཆོས་ཅན་དང་ཆོས་ཉིད་དོན་ལ་ཐ་དད་དུ་གྱུར་པས་སྤང་བྱ་དང་གཉེན་པོ་དམིགས་པ་ཐ་དད་པའི་ཕྱིར་རོ། །དེས་ན་འདི་ནི་མཁས་པ་དག་གིས་ལུང་དང་རིགས་པས་རྒྱ་ཆེར་དགག་པར་བྱའོ། །དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན། ཕྱིའི་ཆོས་རྣམས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །ཐེར་ཟུག་ཏུ་གནས་པ་ཡང་མ་ཡིན་འཇིག་པ་ཡང་མ་ཡིན་པའི་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང་པའོ། །སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང་ཆོས་རྣམས་ཉིད་ཀྱང་དེ་བཞིན་དུ་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། གཟུགས་སོགས་དེའི་རང་བཞིན་སྟོང་ཉིད་དེ་ཡིན་པའི་ཕྱིར་རོ། །གཟུགས་སོགས་རང་བཞིན་མེད་པ་ཉིད་ལ་ཕྱི་རོལ་སྟོང་པ་ཉིད་དུ་འདོད་དོ། །ཕྱི་མ་རྣམས་ཀྱང་འདི་ལྟར་དུ་ཤེས་པར་བྱའོ། །གཉིས་ཀ་སྟོང་པ་ཉིད་གང་ཞེ་ན། ཕྱི་དང་ནང་གི་ཆོས་གཉིས་ཆར་རང་བཞིན་མེད་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། ཆོས་རྣམས་རང་བཞིན་སྟོང་པ་ཉིད་མཁས་པས་སྟོང་པ་ཉིད་ཅེས་བྱ་བར་བསྙད་ལ། སྟོང་པ་ཉིད་དེ་ཡང༌། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པ་ལྟར་རང་གི་དངོས་པོས་མི་སྟོང་པའི་ཆོས་ཅུང་ཟད་ཡོད་ན་དེ་ལ་ལྟོས་པའི་ཆོས་སྟོང་པ་ཅུང་ཟད་ཡོད་པར་འགྱུར་ན་ཇི་སྐད་བརྗོད་པའི་རིགས་པས་རང་གི་ངོ་བོས་མི་སྟོང་པའི་ཆོས་ཅུང་ཟད་དུ་ཡོད་པ་མིན་ནོ། །དེ་ལ་ལྟོས་པའི་སྟོང་པ་ཡོད་པར་ག་ལ་འགྱུར། དེའི་ཕྱིར་རང་གི་སྟོང་ཉིད་ཀྱང་རང་གི་ངོ་བོས་སྟོང་པར་འདོད་པ་ཡིན་ནོ། །དེ་ལ་སྟོང་པ་ཉིད་ཅེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་དུ་འདོད་དོ། །དགོས་པ་ཅིའི་ཕྱིར་བཤད་ཅེ་ན། སྟོང་པ་ཉིད་དངོས་པོར་འཛིན་པའི་བློ་ཅན་གྱི་འཛིན་པ་བཟློག་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་ལ་དེ་ཡང་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་སྨད་པར་མཛད། །ཅེས་པ་ལྟར་རོ། །ཆེན་པོ་སྟོང་པ་ཉིད་གང་ཞེ་ན། ཤར་ལ་སོགས་པའི་ཕྱོགས་རྣམས་ནི། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་མ་ལུས་པ་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་དང༌། མུ་མཐའ་མེད་པའི་བྱམས་སོགས་ཚད་མེད་སྒོམ་པའི་དཔེ་ཅན་དུ་གནས་པ་ཡིས་ན་མུ་མཐའ་བྲལ་བའི་ཕྱིར་ཆེན་པོ་ཞེས་བྱའོ། །ཕྱོགས་འདི་དག་བཅུ་ཆར་ཡང་ཕྱོགས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་གང་ཡིན་པ་དེ་ཆེན་པོ་སྟོང་པ་ཉིད་ཡིན་ནོ། །དགོས་པ་བྱེ་བྲག་པ་ཕྱོགས་ཆེན་པོའི་རྫས་སུ་འཛིན་པ་བཟློག་པའི་ཕྱིར་གསུངས་སོ། །དོན་དམ་པ་སྟོང་པ་ཉིད་གང་ཞེ་ན། མྱང་ངན་ལས་འདས་པ་དེ་ནི་དགོས་པ་མཆོག་ཡིན་པས་དོན་དམ་པ་ཞེས་བརྗོད་པ་ཡིན་ལ། དེ་རང་གི་ངོ་བོ་ཡིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་སྟོང་པ་ཉིད་དེ། མྱ་ངན་ལས་འདས་པ་དངོས་པོར་འཛིན་པའི་བློ་ཅན་གྱི་འཛིན་པ་བཟློག་པར་བྱ་བའི་ཕྱིར་དུ་དོན་དམ་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱིས་དོན་དམ་པ་སྟོང་པ་ཉིད་འདི་ནི་བསྟན་པར་མཛད་དོ། །འདུས་བྱས་སྟོང་པ་ཉིད་གང་ཞེ་ན། རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་ཁམས་གསུམ་པོ་འདུས་བྱས་ཡིན་པར་ངེས་པར་བསྙད་དོ། །དེ་ནི་དེ་ཡིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུས་བྱས་སྟོང་པ་ཉིད་དུ་གསུངས་སོ། །འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན། ཆོས་གང་ལ་སྐྱེ་བ་དང་གནས་པ་དང་མི་རྟག་པ་གསུམ་པོ་དེ་དག་ཉིད་མེད་པ་ལ་འདུས་མ་བྱས་ཞེས་བརྗོད་དོ། །དེ་ནི་དེ་ཡི་ངོ་བོ་ཡིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལས་འདས་པ་སྟོང་ཉིད་ནི། མཐའ་ནི་རྟག་པ་དང་ཆད་པའི་མཐའ་སྟེ་གང་ལ་མཐའ་ཡོད་པ་མིན་པ་དེ་ནི་མཐའ་ལས་འདས་པར་བརྗོད། དེ་དེའི་ངོ་བོ་ཁོ་ནས་སྟོང་པ་ཉིད་ནི་མཐའ་ལས་འདས་པ་ཉིད་ཅེས་བྱ་བར་བསྙད་དོ། །ཐོག་མར་དང་ཐ་མ་མེད་པ་སྟོང་པ་ཉིད་ནི། ཐོག་མ་ནི་དང་པོ་ཐ་མ་ནི་མཐའ་སྟེ། དེ་དག་མེད་པས་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་བརྗོད། ཐོག་མ་དང་ཐ་མ་མེད་པ་དེ་ལ་དབུས་མི་དམིགས་ཤིང༌། གང་ལ་ཐོག་མ་དང་ཐ་མ་དང་དབུས་མི་དམིགས་པ་དེ་ལ་སྔ་མ་ནས་འོང་བ་དང༌། ཕྱི་མར་འགྲོ་བ་དང་ཡང་བྲལ་བའི་ཕྱིར་རྨི་ལམ་ལྟ་བུའི་སྲིད་པ་འདི་ཡི་ངོ་བོས་ཡིས་དབེན་པ་ཉིད་གང་ཡིན་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ་ཞེས་བསྟན་བཅོས་ལས་ནི་ངེས་པར་བསྙད་དོ། །དོར་བ་མེད་པ་སྟོང་པ་ཉིད་ནི་དོར་བ་ཞེས་བྱ་བ་ནི་འཐོར་བ་དང་འབོར་བ་ལ་ངེས་པར་བརྗོད་ལ། དོར་བ་མེད་པ་ནི་རྟོགས་པའི་ཆོས་གཏོང་བ་མེད་པ་སྟེ། འགའ་ཡང་འབོར་བ་མེད་པ་གང་ཡིན་པའོ། །དོར་བ་མེད་པ་དེ་ཉིད་ཀྱི་ངོ་བོས་དེ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ། རྒྱུ་མཚན་དེའི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་བརྗོད་དོ། །རང་བཞིན་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་ནི་རང་བཞིན་ཏེ། གང་གི་ཕྱིར་ན། སློབ་མ་དང༌། རང་སངས་རྒྱས་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་པ་མཐོང་བས་མངོན་པར་འདུ་མ་མཛད་པ་དེའི་ཕྱིར་རོ། །དེས་ན་འདུས་བྱས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་ལ་རང་བཞིན་ཉིད་དུ་བསྙད་པ་སྟེ་དེ་ཉིད་དེ་ཡིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་རང་བཞིན་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན། ཁམས་བཅོ་བརྒྱད་དང་རེག་དྲུག་དང༌། དེ་ལས་བྱུང་བའི་ཚོར་དྲུག་དང༌། གཟུགས་ཅན་དང་གཟུགས་ཅན་མིན་པ་དང༌། དེ་བཞིན་དུ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཉིད་ཅེས་བརྗོད་ལ། དེ་དག་ཐམས་ཅད་དེ་དག་གི་ངོ་བོས་དབེན་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ། མདོར་བསྟན་པ་དང༌། རང་གི་མཚན་ཉིད་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ཀྱི་རང་གིས་མཚན་ཉིད། གཟུགས་སུ་རུང་བ་ལ་སོགས་པ་བདེན་པའི་དངོས་པོ་མེད་པ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་རྒྱས་པར་བཤད་པ་དང༌། རྣམ་བྱང་གི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། གཟུགས་ནི་གཞིག་ཅིང་གཞོམ་དུ་རུང་བས་གཟུགས་སུ་རུང་བའི་མཚན་ཉིད་ཅན་ནོ། །ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། །འདུ་ཤེས་ནི་ཆོས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་མཚན་མ་འཛིན་པ་ཉིད་དོ། །འདུ་བྱེད་ནི་སེམས་ཡུལ་ལ་མངོན་པར་འདུ་བྱེད་པའོ། །རྣམ་པར་ཤེས་པའི་གཟུགས་སོགས་ཡུལ་རྣམས་ལ་རྣམ་པར་རིག་པ་རང་གི་མཚན་ཉིད་ཅན་ནོ། །ཉེ་བར་ལེན་པའི་ཕུང་པོ་རྣམས་ནི་སྡུག་བསྔལ་གསུམ་ཅི་རིགས་པ་དང་འབྲེལ་བའི་རང་གི་མཚན་ཉིད་ཅན་ནོ། །ཁམས་རྣམས་འཛིན་པར་ཆོས་མཐུན་པའི་སྒོ་ནས་སྦྲུལ་གདུག་པ་དང་འདྲ་བའི་མཚན་ཉིད་ཅན་དུ་འདོད། སྐྱེ་མཆེད་རྣམས་ནི་སངས་རྒྱས་ཀྱིས་སྐྱེ་བའི་སྒོར་གྱུར་ཉིད་དུ་གསུངས་ཏེ། སེམས་སེམས་བྱུང་སྐྱེ་བའི་སྒོར་གྱུར་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་རྒྱུ་རྐྱེན་འདུ་འཕྲོད་པའི་མཚན་ཉིད་ཅན་དེ། རྟེན་འབྲེལ་ནི་རྒྱུ་རྐྱེན་འཕྲོད་པ་རབ་ཏུ་ཕྱེ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱུའི་གནས་སྐབས་ཀྱི་ཆོས་ཀྱི་མཚན་ཉིད། འབྲས་བུའི་གནས་སྐབས་ཀྱི་ཆོས་ཀྱི་མཚན་ཉིད། དང་པོ་ལ་གཉིས་ཏེ། ཐུན་མོང་མིན་པ་དང༌། ཐུན་མོང་བའི་ཆོས་སོ། །དང་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཏོང་བ་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་ནོ། །ཚུལ་ཁྲིམས་ནི་ཉོན་མོངས་པའི་གདུང་བ་མེད་པའི་མཚན་ཉིད་ཅན། བཟོད་པའི་ནི་ཁྲོ་བ་མེད་པའི་མཚན་ཉིད་ཅན་ནོ། །བརྩོན་འགྲུས་ནི་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱི་མཚན་ཉིད་ཅན་ཏེ། དགེ་བ་ཡོངས་སུ་འཛིན་པའི་ཕྱིར་རོ། །བསམ་གཏན་ནི་སྡུད་པའི་མཚན་ཉིད་ཅན་ཏེ། དགེ་བའི་ཆོས་སྡུད་པའི་ཕྱིར་རོ། །ཤེས་རབ་ནི་ཆགས་པ་མེད་པའི་མཚན་ཉིད་ཅན་ཏེ། ཆོས་རང་བཞིན་མེད་པར་ཤེས་པས་ཆོས་གང་ལ་ཡང་ཆགས་པ་མེད་པའི་ཕྱིར། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་མཚན་ཉིད་ནི་གོང་དུ་བཤད་པ་འདི་དག་ཡིན་པར་བརྗོད་དོ། །གཉིས་པ་ཐུན་མོང་གི་ཆོས་ནི། བསམ་གཏན་རྣམས་དང་ཚད་མེད་པ་དག་དང་དེ་བཞིན་དུ་དེ་ལས་གཞན་པའི་གཟུགས་མེད་པ་གང་ཡིན་པ་དེ་དག་འདོད་པ་ལ་ཆགས་པ་དང་བྲལ་ཏེ། ཁོང་ཁྲོ་བ་སྤངས་པས་ཐོབ་པའི་ཕྱིར། ཡང་དག་མཁྱེན་པ་དེ་བཞིན་གཤེགས་པ་ཡིས་མི་འཁྲུགས་པའི་མཚན་ཉིད་ཅན་དུ་གསུངས་སོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ནི་འཁོར་བ་ལས་ཐར་པའི་རྒྱུ་ཡིན་པས་ངེས་པར་འབྱུང་བར་བྱེད་པའི་རང་གི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དངོས་པོ་དམིགས་པ་མེད་པར་རྣམ་པར་རྟོག་པའི་དྲི་མས་མ་སྦགས་པའི་ཕྱིར་རྣམ་པར་དབེན་པའི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་མཚན་མ་མེད་པ་ལ་དམིགས་པའི་སྒོ་ནས་ཞི་བའི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་པའི་སྒོ་གསུམ་པ་སྨོན་པ་མེད་པ་ནི་སྡུག་བསྔལ་དང་གཏི་མུག་མེད་པའི་མཚན་ཉིད་ཅན་ཏེ། འདུ་བྱེད་ཀྱི་རང་བཞིན་སྡུག་བསྔལ་གྱི་རང་བཞིན་ལ་ཤེས་རབ་ཀྱིས་རྗེས་སུ་ལྟ་བ་ན་སྨོན་པར་མི་བྱེད་པའི་ཕྱིར། རྣམ་ཐར་བརྒྱད་པོ་རྣམས་ཀྱི་མཚན་ཉིད་ནི། སྙོམས་འཇུག་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་པའོ། །བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར་དང༌། གཟུགས་མེད་བཞི་དང༌། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་རོ། །གཉིས་པ་འབྲས་བུའི་གནས་སྐབས་ཀྱི་ཆོས་ཀྱི་མཚན་ཉིད་ལ། སྟོབས་རྣམས་ཀྱི་མཚན་ཉིད་ནི་ཤེས་བྱ་ཤིན་ཏུ་རྣམ་པར་གཏན་ལ་འབེབས་པའི་རང་བཞིན་དུ་གསུངས་སོ། །གཞན་སྡུག་བསྔལ་ལས་སྐྱོབ་པའི་སངས་རྒྱས་ཀྱི་མི་འཇིགས་པ་བཞིའི་དམ་བཅའ་རྣམས་ནི་ཤིན་ཏུ་བརྟེན་པའི་ངོ་བོའམ་མཚན་ཉིད་ཅན་ཡིན་ཏེ། སུས་ཀྱང་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སྤོབས་པ་དང་སོགས་པ་ཆོས་དང་དོན་ལ་སོགས་པ་མི་ཟད་པས་ཆད་པ་མེད་པའི་མཚན་ཉིད་ཅན་ནོ། །བྱམས་པ་ཆེན་པོ་ནི་འགྲོ་བ་ཕན་པ་ཉེ་བར་སྒྲུབ་པ་ཞེས་བྱའོ། །ཐུགས་རྗེ་ཆེན་པོ་ནི་སེམས་ཅན་སྡུག་བསྔལ་ཅན་རྣམས་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ནོ། །དགའ་བ་ཆེན་པོ་ནི་བདེ་བ་དང་ལྡན་པ་ལ་རབ་ཏུ་དགའ་བའི་མཚན་ཉིད་ཅན་ནོ། །བཏང་སྙོམས་ཆེན་པོ་ནི་ཁོང་ཁྲོ་བ་ལ་སོགས་པ་དང་མ་འདྲེས་པའི་མཚན་ཉིད་ཅན་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་ཉན་རང་བྱང་ཆུབ་སེམས་དཔའ་དང་ཐུན་མོང་མ་ཡིན་པས་མ་འདྲེས་པ་བཅུ་དང་བརྒྱད་དུ་འདོད་པ་གང་དག་ནི་སྟོན་པ་དེ་བཞིན་གཤེགས་པ་དེས་མི་འཕྲོག་པའི་རང་གི་མཚན་ཉིད་ཅན་དུ་གསུངས་ཏེ། གང་གི་ཕྱིར་ན་གཞན་གྱིས་མི་འཕྲོག་པ་དེའི་ཕྱིར་རོ། །བཅོ་བརྒྱད་པོ་གང་ཞེ་ན། སྤྱོད་པ་མ་འདྲེས་པ་དྲུག རྟོགས་པ་མ་འདྲེས་པ་དྲུག ཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་མོ། །རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་ངོ་བོ་དང་ཁྱད་པར་གྱི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ལ་མངོན་སུམ་པའི་མཚན་ཉིད་ཅན་དུ་འདོད་དོ། །གཞན་ཉན་རང་གི་མཁྱེན་པ་ནི་རྟོགས་པ་ཉི་ཚེ་བ་ཉིད་ཡིན་པས་ཆོས་ཐམས་ཅད་ལ་མངོན་སུམ་ཞེས་བྱ་བར་མི་འདོད་དོ། །གསུམ་པ་དོན་བསྡུ་བ་ནི། གང་ཞིག་འདུས་བྱས་སུ་གཏོགས་པ་ཐམས་ཅད་ཀྱི་མཚན་ཉིད་དང༌། འདུས་མ་བྱས་སུ་གཏོགས་པ་ཐམས་ཅད་ཀྱི་མཚན་ཉིད་གང་ཡིན་པ་དེ་དེ་ཁོ་ནས་སྟོང་པ་ཉིད་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །མི་དམིགས་པ་སྟོང་པ་ཉིད་ནི། ད་ལྟར་བ་འདི་སྐད་ཅིག་མ་ཉིད་ཀྱིས་མི་གནས་ཤིང་འདས་པ་དང་མ་འོངས་པ་ནི་ཞིག་པ་དང་མ་སྐྱེས་པའི་ཕྱིར་ཡོད་པ་མིན་ལ། གང་དུ་དུས་གསུམ་པོ་དེ་དག་མི་དམིགས་པ་དེ་ལ་མི་དམིགས་པ་ཞེས་བརྗོད། མི་དམིགས་པ་དེ་རང་གི་ངོ་བོ་དེ་ཡིས་དབེན་པ་ཉིད་གང་ཡིན་པ་དེ་ཐེར་ཟུག་ཏུ་གནས་པ་དང་འཇིག་པ་མིན་པས་མི་དམིགས་པ་ཞེས་བྱ་བའི་སྟོང་པ་ཉིད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། དངོས་པོ་རྣམས་ལ་ཚོགས་པའམ་འདུས་པའི་ངོ་བོ་མེད་དེ། རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་རོ། །ངོ་བོ་མེད་པ་སྟེ་རྒྱུ་རྐྱེན་འདུས་པ་དེ་ཉིད་ཀྱི་ངོ་བོས་སྟོང་པ་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་བཅུ་དྲུག་བཤད་ཟིན་ཏོ། །བསྡུས་པའི་སྒོ་ནས་བཞིར་བཤད་པ་ནི། དངོས་པོའི་སྒྲ་ནི་མདོར་བསྡུ་ན་ཕུང་པོ་ལྔ་རྣམས་ལ་བརྗོད་པ་ཡིན་ལ། དེ་རྣམས་དེའི་ངོ་བོས་སྟོང་པ་ཉིད་གང་ཡིན་པ་དེ་དངོས་པོ་སྟོང་པ་ཉིད་དུ་བཤད་དོ། །མདོར་བསྡུ་ན་ནི་དངོས་པོ་མེད་པ་ནི་འདུས་མ་བྱས་པའི་ཆོས་རྣམས་ལ་བརྗོད་ལ། དངོས་པོ་མེད་པ་དེ་ཉིད་དངོས་པོ་མེད་པ་དེས་སྟོང་པ་ཉིད་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །འདི་ལྟར་ཆོས་རྣམས་ཀྱི་རང་བཞིན་ནི་ཉན་ཐོས་སོགས་ཀྱིས་མ་བྱས་པས་རང་བཞིན་ཞེས་བྱ་བར་བསྙད་ལ། རང་བཞིན་དེའི་ངོ་བོ་ཉིད་མེད་པ་ནི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །སངས་རྒྱས་རྣམས་ནི་བྱུང་བའམ་མ་བྱུང་ཡང་རུང་དངོས་སུ་ན་དངོས་པོ་ཀུན་གྱི་ཆོས་ཉིད་སྟོང་པ་ཉིད་ནི་ཚུར་རོལ་མཐོང་བ་ལས་ཕ་རོལ་གཟིགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་གཞན་གྱི་དངོས་པོར་རབ་ཏུ་བསྒྲགས་སོ། །ཡང་ན་འཁོར་བ་ལས་འདས་པས་གཞན་གྱི་དངོས་པོ་ནི་དེ་བཞིན་ཉིད་དང༌། ཡང་དག་པའི་མཐར་ཉིད་དེ། དེ་སྟོང་པ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་དོ། །སྟོང་པ་ཉིད་བཅུ་དྲུག་དང་བཞི་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཏེ་མདོ་ལས་སྔར་བཤད་པ་དེ་བསྒྲགས་སོ། །གསུམ་པ་ཤེར་ཕྱིན་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པ་ལ་གསུམ་སྟེ། ས་འདི་ལ་གནས་པའི་ཡོན་ཏན་དང༌། ས་གོང་མ་ཐོབ་པའི་ཡོན་ཏན་དང༌། བདེན་གཉིས་ཀྱི་ཡོན་ཏན་གྱིས་མཇུག་བསྡུ་བའོ། །དང་པོ་ནི། སྔར་བཤད་པའི་བདག་མེད་གཉིས་ཀྱི་ཚུལ་དེ་ལྟར་རྣམ་པར་དཔྱད་པའི་བློ་གྲོས་ཀྱི་ཟེར་གྱིས་དེ་ཁོ་ན་ཉིད་མཐོང་བའི་གེགས་ཀྱི་མུན་པ་བཅོམ་ནས་དེ་ཁོ་ན་ཉིད་ལ་སྣང་བ་ཞེས་ཐ་སྙད་གདགས་པའི་དོན་གོམས་པར་བྱས་པའི་བྱང་ཆུབ་སེམས་དཔའ་ནི། རང་གི་ལག་ན་གནས་པའི་སྐྱུ་རུ་ར་གསལ་བར་སྣང་བ་བཞིན་དུ་སྲིད་གསུམ་འདི་དག་མ་ལུས་པ་གདོད་ནས་སྐྱེ་བ་མེད་པ་མངོན་སུམ་དུ་རྟོག་སྟེ་འགོག་པ་ལ་སྙོམས་པར་ཞུགས་ཏེ་སྤྲོས་པ་ཐམས་ཅད་བཀག་པའི་འགོག་པར་འགྲོ་བ་སྟེ་སྙོམས་པར་འཇུག་གོ །འོ་ན་གཞན་དོན་དོར་བས་འགོག་པར་མངོན་དུ་བྱེད་པར་འགྱུར་རོ་ཞེ་ན། རྟག་ཏུ་འགོག་པར་འཇུག་པའི་ནུས་པ་ཐོབ་པས་མྱ་ངན་ལས་འདས་པར་གཏོགས་པའི་བསམ་པ་དང་ལྡན་པ་ཡིན་མོད་ཀྱང་སྦྱོར་བས་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད་པས་འགོག་པ་མངོན་དུ་མི་བྱེད་དོ། །གཉིས་པ་ནི། ས་དྲུག་པ་དེའི་གོང་རོལ་ས་བདུན་པ་ལ་སོགས་པར་ནི་བདེ་བར་གཤེགས་པའི་གསུང་ལས་སྐྱེས་པ་ཉན་ཐོས་དང༌། སངས་རྒྱས་འབྲིང་པོ་རང་སངས་རྒྱས་དང་བཅས་པ་མ་ལུས་པ་རྣམས་བློ་ཤེས་རབ་ཀྱིས་སྟོབས་ཀྱིས་ཕམ་པར་བྱེད་པའང་ཡིན་ནོ། །གསུམ་པ་ནི། ཀུན་རྫོབ་སྦྱིན་སོགས་དང་དོན་དམ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱི་གཤོག་པ་ཤིན་ཏུ་ཡངས་པ་དྲི་མ་མེད་པ་དཀར་བ་རབ་ཏུ་རྒྱས་པར་གྱུར་པའི་རྒྱལ་པོ་ལྟ་བུ་ས་དྲུག་པའི་བྱང་ཆུབ་སེམས་དཔའ་དེའི་གདུལ་བྱའི་སྐྱེ་བོ་ངང་པའི་ཚོགས་དང་འདྲ་བ་ཡིས་མདུན་དུ་བདར་ནས་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས་རྒྱལ་བའི་ཡོན་ཏན་གཏིང་མཐའ་རྟོགས་པར་དཀའ་བས་རྒྱ་མཚོ་ལྟ་བུའི་ཕ་རོལ་མཆོག་རབ་ཀྱི་མཐར་ཐུག་པར་འགྲོའོ། །དབུ་མ་ལ་འཇུག་པའི་རྣམ་བཤད་ངེས་དོན་རྣམ་ངེས་ལས་སེམས་བསྐྱེད་པ་དྲུག་པའི་བཤད་པའོ།། །།སེམས་བསྐྱེད་པ་བདུན་པ་ནི། བྱང་ཆུབ་སེམས་དཔའ་ས་བདུན་པ་རིང་དུ་སོང་བ་འདིར་སེམས་ཀྱི་སྐད་ཅིག་དང་སྐད་ཅིག་རེ་རེ་ལ། ཡང་དག་པའི་མཐའ་དེ་བཞིན་ཉིད་ལ་འགོག་པར་བརྗོད་པ་དེ་ཉིད་ལ་སྙོམས་པར་འཇུག་ལྡང་བྱེད་པར་འགྱུར་ཞིང་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །མངོན་དུ་བྱས་ན་དེ་ལས་མི་ལྡང་བའི་ཕྱིར་མྱ་ངན་ལས་འདའ་བར་འགྱུར་བས་སོ། །ས་དེར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལེགས་པར་འབར་བ་ཐོབ་པ་ཡང་ཡིན་ནོ། །ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེས་རབ་ཀྱི་རང་བཞིན་ཏེ། ཤེས་རབ་ཉིད་རྣམ་པ་ཁྱད་པར་ཅན་དུ་བཞུགས་པ་ལ་ཕར་ཕྱིན་བཞི་བཞག་པས་སོ། །དབུ་མ་ལ་འཇུག་པའི་རྣམ་བཤད་ངེས་དོན་རྣམ་ངེས་ལས་སེམས་བསྐྱེད་པ་བདུན་པའི་བཤད་པའོ།། །།ས་བརྒྱད་པའི་བཤད་པ་ལ། དང་པོ་གང་ལ་འཇུག་པར་བསྟན་པ་ནི། ས་བདུན་པ་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་དེ་ནི་ཡང་དང་ཡང་དུ་སྔར་ས་བདུན་པ་མན་ཆད་དུ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་དགེ་བ་ཐོབ་པ་བས་ལྷག་པ་རབ་ཀྱི་གནས་སྐབས་ཐོབ་པར་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་དུ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པས་རྣམ་རྟོག་གིས་གཡོ་བར་མི་ནུས་པ་ས་བརྒྱད་པ་མི་གཡོ་བ་དེ་ལ་འཇུག་པར་འགྱུར་རོ། །སྔར་གྱི་དགེ་བ་ལས་ལྷག་པ་ནི་དཔེར་ན་གྲུ་ཆེན་པོ་ནི་རྒྱ་མཚོ་ལ་མ་ཐུག་གི་བར་དུ་རྩོལ་བ་ཆེན་པོས་བསྐྱོད་པ་བཞིན་དུ། ས་བདུན་པ་མན་ཆད་འབད་རྩོལ་གྱི་མཚན་མ་དང་བཅས་ལ། གྲུ་བོ་ཆེ་རྒྱ་མཚོར་ཕྱིན་མ་ཐག་ཏུ་སྐྱེས་བུའི་རྩོལ་བ་ལ་མི་ལྟོས་པར་རླུང་ཤུགས་ཀྱིས་འགྲོ་བའི་དཔེས་ས་བརྒྱད་པ་ནས་རྩོལ་མེད་དུ་ངང་གིས་འཇུག་པས་ཐམས་ཅད་མཁྱེན་པའི་རྒྱ་མཚོར་བགྲོད་པ་ལ་ཤིན་ཏུ་མྱུར་བར་བསྟན་ཏོ། །གཉིས་པ་སྨོན་ལམ་གྱི་ཕར་ཕྱིན་ལྷག་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་འདིའི་སྨོན་ལམ་ས་དང་པོར་བཏབ་པའི་སྨོན་ལམ་རྣམས་འདིར་ཤིན་ཏུ་དག་པར་གྱུར་པས་སྨོན་ལམ་གྱི་ཕར་ཕྱིན་ཆེས་ལྷག་པར་འགྱུར་རོ། །འདི་ནི་གཞོན་ནུའི་སར་ཡང་བཞག་སྟེ། ཇི་ལྟར་རྒྱལ་པོའི་སྲས་ལ་གཞོན་ནུ་དང༌། རྒྱལ་ཚབ་དང༌། དབང་བསྐུར་བའི་གནས་སྐབས་གསུམ་དུ་འཇོག་པ་དེ་བཞིན་དུ་དག་པ་ས་གསུམ་ལ་རིམ་པ་བཞིན་དུ་གཞོན་ནུ་དང༌། རྒྱལ་ཚབ་དང༌། དབང་བསྐུར་བའི་སར་ཕྱིར་མི་ལྡོག་པའི་ས་བརྙེས་སོ། །གསུམ་པ་རྒྱལ་བ་རྣམས་ལས་གདམས་པ་ཐོབ་པའི་ཚུལ་ནི། བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག་པ་དེའི་ཚེ། ངེད་ཀྱི་ཡེ་ཤེས་སྟོབས་ཡངས་སངས་རྒྱས་ཆོས་ཀྱི་རྣམས། །ད་དུང་ཁྱོད་ལ་མེད་ཀྱི་འབད་རྩོལ་བརྩོན་འགྲུས་བརྩམ། །ཞེས་སོགས་ཀྱི་སྒོ་ནས་རྒྱལ་བ་རྣམས་ཀྱིས་འགོག་པའི་ཏིང་ངེ་འཛིན་ལས་སློང་བར་མཛད་ཅིང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་བསྒྲུབ་པར་བྱིན་གྱིས་རློབས་པར་ཡང་མཛད་དོ། །མ་མཛད་ན་ཉོན་མོངས་སྤངས་པའི་དབང་གིས་དེ་ཉིད་ཀྱི་ཚེ་མྱ་ངན་ལས་འདའ་བར་འགྱུར་རོ། །བཞི་པ་མྱ་ངན་ལས་འདས་པ་ཁྱད་པར་ཅན་ཐོབ་པར་བསྟན་པ་ནི། ས་བརྒྱད་པ་ལ་འཁོར་བར་སྐྱེ་བའི་རྒྱུ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་དྲི་མ་མངོན་དུ་རྒྱུ་རྩ་བ་དང་བཅས་པ་ཉེ་བར་ཞི་བར་འགྱུར་ཏེ། ཆགས་པ་མེད་པའི་བློ་གྲོས་ཀྱི་ཉི་མ་ནི་ཉོན་མོངས་པའི་སྐྱོན་རྣམས་དང་ལྷན་ཅིག་ཏུ་མི་གནས་པའི་ཕྱིར་རོ། །འོ་ན་ས་དེ་ཉིད་དུ་སངས་རྒྱས་པར་འགྱུར་རོ་ཞེ་ན། ཉོན་མོངས་ཟད་ཅིང་ཁམས་གསུམ་གྱི་བླ་མར་གྱུར་ཀྱང་ཤེས་བྱའི་སྒྲིབ་པ་མ་སྤངས་པས་སངས་རྒྱས་རྣམས་ཀྱི་འབྱོར་པའི་ཡོན་ཏན་མཁའ་ལྟར་མཐའ་དང་བྲལ་བ་མ་ལུས་ཐོབ་པར་ནུས་པ་མ་ཡིན་པས་དེ་ཐོབ་པར་བྱ་བའི་ཕྱིར་འདིས་འབད་པར་བྱ་དགོས་སོ། །སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ནི། ས་དེ་ཁམས་གསུམ་ལ་འདོད་ཆགས་དང་བྲལ་ན་འཁོར་བ་འགག་པས་སྲིད་པར་སྐྱེ་བ་ལེན་པར་མི་འགྱུར་ལ། དེ་ལྟ་ན་སངས་རྒྱས་ཀྱི་ཆོས་རྣམས་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། འདི་ཡིས་འཁོར་བ་འགགས་ཀྱང་དབང་རྣམས་བཅུ་པོ་ཐོབ་པར་གྱུར་ཅིང་དེ་དག་གི་མཐུས་མིའི་སྲིད་པའི་འགྲོ་བར་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྒོ་ནས་རང་གིས་བདག་ཉིད་ཀྱི་དངོས་པོ་སྣ་ཚོགས་སྟོན་པར་འགྱུར་བས་ཚོགས་ཡོངས་སུ་རྫོགས་པས་མི་འགལ་ལོ། །ཡིད་ཀྱི་རང་བཞིན་གྱི་ལུས་ནི་ཡིད་ལྟར་ཐོགས་པ་མེད་པའི་ལུས་ལ་བརྗོད་དོ། །དབང་བཅུ་ནི་ཚེ་ལ་དབང་བ། སེམས་ལ་དབང་བ། ཡོ་བྱད་ལ་དབང་བ། ལས་ལ་དབང་བ། སྐྱེ་བ་ལ་དབང་བ། སྨོན་ལམ་ལ་དབང་བ། མོས་པ་ལ་དབང་བ། རྫུ་འཕྲུལ་ལ་དབང་བ། ཡེ་ཤེས་ལ་དབང་བ། ཆོས་ལ་དབང་བའོ། །དབུ་མ་ལ་འཇུག་པའི་བཤད་པ་ངེས་དོན་རྣམ་ངེས་ལས་སེམས་བསྐྱེད་པ་བརྒྱད་པའི་བཤད་པའོ།། །།སེམས་བསྐྱེད་པ་དགུ་པ་བཤད་པ་ནི། ས་དགུ་པ་ལ་ནི་བྱང་ཆུབ་སེམས་དཔའ་དེའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་དག་རྫོགས་ཤིང་ཆེས་དག་པར་འགྱུར་རོ། །དེ་བཞིན་དུ་རང་གི་ས་ལ་བརྟེན་པའི་ཡོན་ཏན་སོ་སོ་ཡང་དག་པར་རིག་པའི་ཆོས་ཡོངས་སུ་དག་པའང་འཐོབ་བོ། །དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་རབ་ཏུ་ཤེས་སོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་ཆོས་རྣམས་ཀྱི་དོན་མ་འདྲེས་པར་སོ་སོར་ཤེས་པའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཆོས་རྣམས་མ་འདྲེས་པར་སྟོན་པ་རབ་ཏུ་ཤེས་སོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ནི་ཆོས་རྣམས་ཀྱི་བཤད་པའི་རྒྱུན་ཆད་པ་མེད་པ་ཉིད་དུ་འདུ་ཤེས་སོ། །སེམས་བསྐྱེད་པ་དགུ་པའི་བཤད་པའོ།། །།སེམས་བསྐྱེད་པ་བཅུ་པ་བཤད་པ་ལ་གཉིས་ཏེ། ཡོན་ཏན་བརྗོད་པ་དང༌། སའི་ངེས་ཚིག་གཉིས་ལས། དང་པོ་ནི། བཅུ་པའི་ས་ལ་བྱང་ཆུབ་སེམས་དཔའ་དེ་ཡིས་ཕྱོགས་བཅུ་ཀུན་ནས་སངས་རྒྱས་རྣམས་ལས་འོད་ཟེར་ཆེན་པོའི་ཆོས་ཀྱི་རྒྱལ་པོ་དབང་བསྐུར་བ་དམ་པ་ཐོབ་ཅིང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ལྷག་པར་མཆོག་ཏུ་དག་པ་འབྱུང་བར་འགྱུར་བ་ཡིན་ནོ། །གཉིས་པ་ངེས་ཚིག་ནི། ཆར་སྤྲིན་རྣམས་ལས་ལོ་ཐོག་སྤེལ་བར་བྱེད་པ་ནི་ཆུ་ཆར་འབབ་པ་དེ་བཞིན་དུ་འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཐོག་སྤེལ་བའི་ཆེད་དུ་ས་བཅུ་པའི་རྒྱལ་སྲས་ལས་ཀྱང་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་དམ་པའི་ཆོས་ཀྱི་ཆར་པ་འབེབས་པས་ས་དེ་ནི་ཆོས་ཀྱི་སྤྲིན་ཞེས་བྱའོ། །སེམས་བསྐྱེད་པ་བཅུ་པའི་བཤད་པའོ།། །།གཉིས་པ་སའི་ཡོན་ཏན་རྒྱས་པར་བཤད་པ་ནི། སེམས་དང་པོ་བསྐྱེད་པ་དེའི་ཚེ་རྒྱལ་སྲས་འདིས་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སངས་རྒྱས་བརྒྱ་མཐོང་ཞིང༌། དེ་དག་གིས་བྱིན་གྱིས་བརླབས་པ་དག་ཀྱང་བྱང་ཆུབ་སེམས་དཔའ་འདི་ཡིས་རྟོགས་སོ། །གང་གི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་བར་གྱུར་པ་དེ་ལ་བྱིན་གྱིས་བརླབས་པ་ཞེས་བྱའོ། །དེ་ཉིད་ཀྱི་ཚེ་ན་བསྐལ་པ་བརྒྱར་གནས་པའི་ནུས་པ་ཐོབ་ཅིང༌། བསྐལ་པ་དེ་སྙེད་ཀྱི་སྔོན་དང་ཕྱི་མའི་མཐར་ཡང་མཁྱེན་པ་ཡང་དག་པར་འཇུག་གོ །བློ་ལྡན་བྱང་ཆུབ་སེམས་དཔའ་འདི་ཡིས་ཏིང་ངེ་འཛིན་བརྒྱ་ཕྲག་ལ་སྙོམས་པར་འཇུག་ཅིང་སྔ་མ་གཏོང་བར་ཡང་བྱེད། འཇིག་རྟེན་ཁམས་བརྒྱ་ཀུན་ནས་གཡོ་ཞིང་སྣང་བར་ཡང་ནུས་ལ། དེ་བཞིན་དུ་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཅན་བརྒྱ་ཕྲག་དགེ་བའི་ལས་ལ་འགོད་པས་སྨིན་པར་བྱེད་ཅིང༌། བརྒྱ་ཕྲག་གྲངས་དང་རྗེས་སུ་འབྲེལ་བའི་སངས་རྒྱས་ཀྱི་ཞིང་དག་ཏུ་འགྲོ་བར་འགྱུར། བྱང་སེམས་དེས་ནི་ཆོས་ཀྱི་སྒོ་བརྒྱ་ཕྲག་རྣམས་ཡང་དག་པར་འབྱེད་པར་བྱེད་ཅིང་ཐུབ་དབང་གི་སྲས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་རང་གི་ལུས་ལ་ལུས་མི་འདྲ་བ་བརྒྱ་ཕྲག་ཀུན་ནས་སྟོན་པར་བྱེད་པའང་ཡིན། རང་གི་འཁོར་དང་བཅས་པས་མཛེས་པར་འབྱོར་བའི་ལུས་ནི་རེ་རེ་ཞིང་འཁོར་རྒྱལ་བའི་སྲས་པོ་བརྒྱ་ཕྲག་གྲངས་དང་རྗེས་སུ་འབྲེལ་བའང་སྟོན་པར་བྱེད་དོ། །བློ་ལྡན་རབ་ཏུ་དགའ་བར་གནས་པས་ཐོབ་པར་གྱུར་བའི་ཡོན་ཏན་གྱི་རིགས་བཅུ་གཉིས་པོ་དེ་དག་ནི་གྲངས་སྔར་གྱི་དེ་ཁོ་ན་བཞིན་དུ་ས་དྲི་མ་མེད་པར་གནས་པས་དེ་དག་སྟོང་ནི་ཡང་དག་པར་ཐོབ་པར་འགྱུར་རོ། །འོད་བྱེད་པ་དང༌། འོད་འཕྲོ་བ་དང༌། སྦྱངས་དཀའ་བ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བའི་ས་ལྔ་པོ་འདི་དག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིས་ནི་རིམ་པ་བཞིན་ཡོན་ཏན་བཅུ་གཉིས་པོ་རེ་རེའང་གསུམ་པ་ལ་འབུམ་ཕྲག བཞི་པ་ལ་བྱེ་བ་བརྒྱ་ཕྲག་འཐོབ་ཅིང་ས་ལྔ་པ་ལ་དེ་ཡི་བྱེ་བ་སྟོང་འགྱུར་འཐོབ་བོ། །དེ་ནས་ས་དྲུག་པ་ལ་བྱེ་བ་བརྒྱ་ཕྲག་སྟོང་འགྱུར་ཡང་སྟེ་བྱེ་བ་འབུམ་འཐོབ་བོ། །ས་བདུན་པ་ལ་ཁྲག་ཁྲིག་ཕྲག་བརྒྱ་རྫོགས་པར་བསྒྱུར་བ་དང༌། སླར་ཡང་དེ་ཉིད་སྟོང་ཕྲག་ཏུ་ཡང་དག་པར་བསྒྱུར་བའི་ཡོན་ཏན་མཐའ་དག་རབ་ཏུ་ཐོབ་པར་འགྱུར་རོ། །ས་བརྒྱད་པ་ཡན་ཆད་ཀྱི་ཡོན་ཏན་ནི་བྱེ་བ་སོགས་ཀྱི་གྲངས་ཀྱིས་བགྲང་བར་མི་ནུས་པས་འཇིག་རྟེན་གྱི་ཁམས་རྣམས་ཀྱི་རྡུལ་ཕྲ་རབ་ཀྱིས་བགྲང་སྟེ། ས་བརྒྱད་པ་མི་གཡོ་བའི་སར་གནས་པའི་རྣམ་པར་རྟོག་པ་མེད་པའི་སེམས་དཔའ་དེས་སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་པའི་འཇིག་རྟེན་ན་རྡུལ་གྱི་གྲངས་ཀྱི་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང་མཉམ་པའི་ཡོན་ཏན་ཐོབ་པར་འགྱུར་ཏེ། དགུ་པ་ལེགས་པའི་བློ་གྲོས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སྔར་བསྟན་པའི་ཡོན་ཏན་སྟོང་གསུམ་གྲངས་མེད་བརྒྱ་ཕྲག་སྟོང་དུ་ཡང་དག་པར་བསྡོམས་པ་ཕྲག་བཅུ་སྟེ་འབུམ་ཕྲག་བཅུའི་རྡུལ་ཚད་ཐོབ་པར་འགྱུར་རོ། །ས་བཅུ་པ་ལ་སྔར་བརྗོད་པའི་ཡོན་ཏན་དུ་མ་ཡོད་པ་ལས། རེ་ཞིག་གི་སྒྲ་ནི་ཡོན་ཏན་མ་བརྗོད་པ་རྣམས་ཀྱང་སྡུད་པ་སྟེ་ཡོན་ཏན་དུ་མ་ཡོད་པ་ལས་རེ་ཞིག་ས་བཅུ་པ་འདིར་ནི་ངག་གི་སྤྱོད་ཡུལ་ལས་ཆེས་འདས་ཤིང་ངག་གི་སྤྱོད་ཡུལ་མ་ཡིན་པའི་བསྡོམས་པ་རྣམས་ནི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་ཐོབ་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདིར་རྟོག་པས་ཀུན་ནས་རྒྱུ་བ་མེད་པར་ལུས་ཀྱི་བ་སྤུའི་ཁུང་བུར་འཁོར་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་བགྲངས་ལས་འདས་པ་དང༌། དེ་བཞིན་དུ་ལྷ་དང་ལྷ་མིན་དང༌། མི་དག་ཀྱང་སྐད་ཅིག་ལ་སྟོན་པར་ནུས་སོ། །ཀྱང་གི་སྒྲས་བསྡུས་པ་བརྒྱ་བྱིན་དང་ཚངས་པ་སོགས་སོ། །དེ་བཞིན་དུ་གདུལ་བྱའི་བསམ་པ་བཞིན་དུ་སྐུ་དུ་མ་གཅིག་ཆར་དུ་སྟོན་པ་དང༌། སྐྱིལ་ཀྲུང་གཅིག་གིས་ཞིང་ཁམས་ཐམས་ཅད་ཁྱབ་པར་བྱེད་པ་སོགས་ལུས་ཀྱི་ལས་དང༌། ཚིག་གཅིག་གིས་གདུལ་བྱ་ཀུན་གྱི་བསམ་པ་བཞིན་ཆོས་སྟོན་པ་ངག་གི་ལས་དང༌། ཏིང་ངེ་འཛིན་གཅིག་གིས་ཏིང་ངེ་འཛིན་དཔག་ཏུ་མེད་པ་བསྒྲུབ་པ་ལ་སོགས་ཡིད་ཀྱི་ལས་ཏེ་རྒྱས་པར་མདོ་ལས་བཙལ་བར་བྱའོ།། །།གསུམ་པ་འབྲས་བུའི་ས་ཉིད་གསལ་བར་བསྟན་པ་ལ་སྤྱིའི་དོན་དང༌། གཞུང་གི་དོན་གཉིས་ལས་དང་པོ་ལ་གཞན་ལུགས་དགག་པ་ནི། དབུ་མ་པར་རློམ་པ་ཁ་ཅིག་ཡུལ་ཅན་ཤེས་པ་དང་ཤེས་བྱའི་སྣང་བ་ཐམས་ཅད་ཀྱི་རྒྱུ་ནི་མ་རིག་པ་ཡིན་ལ། དེ་ཉིད་ལམ་གོམས་པར་བྱས་པས་རིམ་གྱིས་སྤངས་ཏེ། བག་ཆགས་ཤིན་ཏུ་ཕྲ་བའང་ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དྲུང་ཕྱུང་ནས། དེའི་རྗེས་སུ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་རིག་པ་ཆོས་ཀྱི་དབྱིངས་ལ་ཐིམ་ནས། དབྱིངས་སྒྲིབ་བྲལ་འབའ་ཞིག་ཏུ་གྱུར་པ་ཡིན་གྱི་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་ལ། སྐུ་དང་ཕྲིན་ལས་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ནི་གཞན་སྣང་འབའ་ཞིག་གོ་ཞེས་འདོད་དོ། །འདི་ལ་མ་རིག་པ་ནི་འཁྲུལ་སྣང་གི་རྐྱེན་ཙམ་དུ་ཟད་ཀྱི་རྒྱུ་ནི་རང་གི་རྒྱུ་རྐྱེན་སྔ་མ་ལས་སྐྱེས་པ་ཉིད་དུ་བསྒྲུབས་ཟིན་ཏོ། །ཁྱོད་ལྟར་ན་རྒྱུན་མཐའི་ཏིང་ངེ་འཛིན་ཀྱང་འཁྲུལ་སྣང་ཡིན་པའི་ཕྱིར། སྤང་བྱར་ཐལ་བར་འགྱུར་ལ། དེ་ལྟར་ན་རང་ངམ་གཉེན་པོ་གཞན་གྱི་སྤང་བར་འདོད། རང་ཉིད་ཀྱིས་སྤངས་པ་ཡང་མིན་ཏེ། རང་ཉིད་རང་གི་སྤང་བྱར་འགལ་བས་སོ། །གཉེན་པོ་གཞན་གྱིས་ཀྱང་མ་ཡིན་ཏེ། སློབ་ལམ་ལ་དེ་བས་སྟོབས་ཆེ་བ་མེད་ཅིང༌། སངས་རྒྱས་ལ་ཡང་ཡེ་ཤེས་མེད་པས་སོ། །ཅི་སྟེ་གཉེན་པོས་སྤངས་པ་མ་ཡིན་གྱི་རྒྱུ་བག་ཆགས་ཟད་པས་རང་འགགས་སུ་འགྱུར་རམ་སྙམ་ན། བག་ཆགས་དེ་ཉིད་གང་གིས་སྤོང༌། རྒྱུན་མཐའི་ཡེ་ཤེས་ཀྱིས་སྤོང་སྙམ་ན། དེ་ཡང་ཁྱོད་ལ་མི་རུང་སྟེ། རྒྱུན་མཐའ་ཡེ་ཤེས་ནི་འཁྲུལ་སྣང་ཡིན་པས་དེས་སྤོང་བར་མི་ནུས་ཏེ། སྤང་བྱ་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་སྤང་དཀའ་བ་དེ་ཉིད་ཡིན་པས་སོ། །ཤིན་ཏུ་སྤང་དཀའ་བ་དེ་གཉེན་པོ་མི་དགོས་པས་རང་འགགས་སུ་འགྱུར་ན། གོང་གི་སྤང་བྱ་རྣམས་ནི་སྤོང་སླ་བས་གཉེན་པོ་མི་དགོས་པར་འགྱུར་ལ། དེ་བས་ན་གཉེན་པོ་བསྒོམ་པ་ལ་མི་ལྟོས་པར་འགྲོ་བ་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ་བ་བཟློག་ཏུ་མེད་དོ། །རྒྱུན་མཐའི་ཡེ་ཤེས་དེ་ཉིད་ཀྱིས་རིག་པ་ཕྱི་མ་སྐྱེད་ན་སངས་རྒྱས་ཀྱི་ས་ན་རིག་པ་ཡོད་པ་དགག་ཏུ་མེད་ལ། མི་སྐྱེད་པར་ཡང་མི་འཐད་དེ། རྒྱུ་རྐྱེན་ཚང་ཞིང་འགལ་རྐྱེན་གྱི་གེགས་མེད་པའི་ཕྱིར་ཏེ། དེ་ལ་རིག་པ་ཕྱི་མ་རྒྱུན་གཅོད་བྱེད་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ལ་སོགས་པ་གཞན་སྣང་འབའ་ཞིག་ཡིན་པ་ལ་ཡང་བརྗོད་པར་བྱ་སྟེ། ཚོགས་ལམ་པ་ལྟ་བུ་ལ་སྣང་བ་དེ་ཉིད་དེ་དག་གི་སེམས་སམ་དེ་ལས་གཞན་པ་ཞིག་ཡིན། དང་པོ་ལྟར་ན། ཚོགས་ལམ་ཐོབ་པ་ཉིད་ནས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ནུས་པ་ཡོད་པར་འགྱུར་ཏེ། སངས་རྒྱས་ཀྱི་ཡེ་ཤེས་རང་རྒྱུད་ལ་རྫོགས་པའི་ཕྱིར་རོ། །རྒྱུ་བསོད་ནམས་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་ཏེ། མཚན་དང་དཔེ་བྱད་མ་ལུས་པ་རང་རྒྱུད་ལ་ཡོངས་སུ་རྫོགས་པའི་ཕྱིར། སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱང་དངོས་སུ་ཡོངས་སུ་གཅོད་ནུས་པར་ཐལ། དེ་དག་རང་རང་གི་སེམས་ཡིན་པའི་ཕྱིར་རོ། །འདོད་ནུས་པ་ཡང་མ་ཡིན་ཏེ། འདིའི་འགྲེལ་པར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་ཡོངས་སུ་གཅོད་པ་ནི་སངས་རྒྱས་ཁོ་ནས་གཅོད་ལ་གལ་ཏེ་གསུང་ན་ནི། རང་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་བསྐལ་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པར་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཤིང༌། ཕྲིན་ལས་གཞན་མི་བྱེད་པར་སྐྱེན་པ་སྐྱེན་པར་གསུངས་པ་དེ་ལྟར་ནའང་ཡོན་ཏན་མཐའ་དག་རྟོགས་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས་ཞེས་གསུངས་པ་དང་འགལ་བར་འགྱུར་བས་སོ། །ལམ་གོང་ནས་གོང་དུ་བགྲོད་མི་དགོས་པར་འགྱུར་ཏེ། ཚོགས་གཉིས་རྫོགས་པའི་འབྲས་བུ་དེ་ལས་ལྷག་པའི་ཐོབ་བྱ་མེད་པས་སོ། །དབྱིངས་སྒྲིབ་བྲལ་ཐོབ་པའི་དོན་དུ་གོང་དུ་འགྲོ་དགོས་སོ་ཞེ་ན། ཚོགས་ཡོངས་སུ་རྫོགས་ཤིང་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་ཟིན་ན་དབྱིངས་སྒྲིབ་བྲལ་ཐོབ་པར་བྱ་བ་ཅི་ཞིག་ཡོད། དེས་ན་འདི་ནི་བརྟག་མི་བཟོད་པ་ཁོ་ནའོ། །གལ་ཏེ་ཇི་སྐད་བཤད་པའི་རིགས་པས་གདུལ་བྱའི་སེམས་སུ་མི་འཐད་མོད། །འོན་ཀྱང་སྔོན་གྱི་སྨོན་ལམ་དང༌། ཚོགས་གཉིས་ཀྱི་ཤུགས་དང༌། གདུལ་བྱའི་སེམས་རྒྱུད་ཡོངས་སུ་དག་པའི་རྟེན་འབྲེལ་ལས། དེ་ལྟ་བུའི་སྣང་བ་འབྱུང་བ་ལ་དེ་དང་དེ་དག་ཏུ་ཞེན་པས་གདུལ་བྱའི་ངོར་སངས་རྒྱས་ཀྱི་བྱ་བ་བྱེད་པའི་ཕྱིར་སངས་རྒྱས་སུ་བཞག་པ་ཙམ་མོ་ཞེ་ན། ས་བཅུ་རྒྱུན་གྱི་ཐ་མར་རིག་པ་རྒྱུན་ཆད་ན་སངས་རྒྱས་པའི་རྗེས་ཀྱི་གདུལ་བྱ་རྣམས་ལ་ཚོགས་ཀྱི་སྣང་བ་རྒྱུ་མེད་དུ་ཐལ། ཚོགས་གཉིས་ཀྱི་རྒྱུན་ཆད་པའི་ཕྱིར། གལ་ཏེ་རང་རྒྱུད་ལ་མེད་ཀྱང་གཞན་སྣང་ལ་ཡོད་པས་སྐྱོན་མེད་དོ་ཞེ་ན། སེམས་ཅན་གྱི་རྒྱུད་ཀྱིས་མ་བསྡུས་པའི་འཁྲུལ་སེམས་ཡོད་པར་ཐལ་ཏེ། སངས་རྒྱས་ཀྱི་རྒྱུད་ཀྱིས་མ་བསྡུས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡོད་པའི་ཕྱིར། ཡེ་ཤེས་རྣམས་གཞན་སྣང་ཡིན་པས་སྐྱོན་མེད་དོ་ཞེ་ན། སེམས་ཅན་གྱི་རིག་པ་ཡང་གཞན་སྣང་ཙམ་ཡིན་པས་རང་རྒྱུད་ལ་མེད་པར་ཡང་ཅིའི་ཕྱིར་ཁས་མི་ལེན། ལམ་གོང་ནས་གོང་དུ་བགྲོད་པ་ལྟར་རང་རྒྱུད་ཀྱི་ཡེ་ཤེས་རྣམས་ཀྱང་ཇེ་དམན་ཇེ་དམན་དུ་འགྲོ་བར་འགྱུར་ཏེ། བློའི་ནུས་པ་མཐར་ཐུག་པ་ན་རང་རྒྱུད་ཀྱི་ཡེ་ཤེས་རྒྱུན་ཆད་པའི་ཕྱིར་རོ། །གསུང་རབ་ལ་གྲགས་པའི་ཤཱཀྱ་ཐུབ་པའི་སྐུ་དང༌། དེས་གསུངས་པའི་དམ་ཆོས་རྣམས་ནི་གདུལ་བྱའི་འཁྲུལ་སྣང་ཙམ་དུ་འདོད་པས་ན། སྐུ་དང་གསུང་མཚན་ཉིད་པ་མ་ཡིན་ལ། དེ་ལས་གཞན་པའི་སངས་རྒྱས་ཀྱི་སྐུ་དང་གསུང་མཚན་ཉིད་པ་ཡང་ཁྱོད་ལ་མེད་པས་དེ་དག་ལུང་ཁུངས་སུ་བྱས་ནས་དྲང་དོན་དང་ངེས་དོན་ལ་སོགས་པའི་ཁྱད་པར་མ་ཕྱེད་པ་ཡང་བཞད་གད་ཀྱི་གནས་སོ། །དེ་དང་དེ་དག་ཏུ་ཞེན་པའི་ངོར་སངས་རྒྱས་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། འོ་ན་གང་ཟག་འགའ་ཞིག་གི་ངོར་སངས་རྒྱས་ཀྱི་ཆ་ལུགས་སུ་སྤྲུལ་པའི་ཚེའང་སངས་རྒྱས་ཀྱི་གོ་ཆོད་པར་འགྱུར་ཏེ། སངས་རྒྱས་སུ་ཞེན་པའི་ཕྱིར་རོ། །འདི་ནི་མུ་སྟེགས་སྤྱོད་པ་ལས་ཉེས་པ་ཟད་པའི་སྐྱེས་བུ་མེད་པར་འདོད་པ་དང་མཚུངས་པས་དགག་པར་བྱའོ། །གཉིས་པ་འཐད་པ་འགོད་པ་ནི་ཤེས་པ་རིག་པ་སྔ་མའི་འབྲས་བུ་ཡིན་གྱི་མ་རིག་རྒྱུ་ཅན་མ་ཡིན་ལ། རྒྱུན་མཐའི་ཡེ་ཤེས་ཀྱིས་ཀྱང་མ་རིག་པ་སྤོང་གི་ཤེས་པ་སྤང་བ་མ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ས་ན་ཤེས་པ་ཡོད་པར་རིགས་པར་བྱའོ། །ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་འོ་མ་དང་འདྲེས་ཆུ། །སྐད་ཅིག་ན་ནི་གནས་པ་ལས། །ངང་པས་འོ་མ་འཐུང་བྱེད་ཅིང༌། །ཆུ་ནི་མ་ཡིན་དེ་བཞིན་གནས། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་ནས། །ཡེ་ཤེས་ལུས་འདི་གཅིག་གནས་ཀྱང༌། །རྣལ་འབྱོར་པ་ཡིས་ཡེ་ཤེས་གནས། །མི་ཤེས་པ་ནི་འདོར་བར་བྱེད། །ཅེས་པ་དང༌། འདིར་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་སེམས་གྱུར་པའོ། །ཞེས་པ་དང༌། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལ་སེམས་ཅན་དོན་གཉིས་མཛད། །ཅེས་པ་དང༌། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ལས་ཀྱང༌། གང་གི་སེམས་བྱུང་དྲྭ་བ་ནི། །སེམས་ཉིད་ཀྱིས་ནི་བསལ་མཛད་དེ། །སེམས་ཀྱི་རྨོངས་པ་བསལ་བ་ཡི། །རང་སེམས་དེ་ལ་ཕྱག་འཚལ་ལོ། །དེ་ཕྱིར་སེམས་ནི་ཀུན་ཏུ་བསྲུངས། །བདེ་ལེགས་སེམས་ལ་རང་སེམས་འབྱུང༌། །ཞེས་རྒྱ་ཆེར་གསུངས་སོ། །གཞན་ཡང་སངས་རྒྱས་ཀྱི་ས་ན་ཤེས་པ་ཡོད་པར་མངོན་ཏེ། ཤེས་པ་ཐམས་ཅད་ཀྱི་མཐར་ཐུག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར། ཤེས་པ་ཉིད་ཡོད་པར་མངོན་ཏེ། བཞི་འགྲེལ་ལས། རིགས་ཀྱི་ཕུལ་དུ་བྱུང་བ་བྲམ་ཟེ་ལ་ཐུག་པ་དང༌། སྐྱེ་གནས་ཀྱི་ཕུལ་དུ་བྱུང་བ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་ཐུག་པ་དང༌། རིའི་ཕུལ་དུ་བྱུང་བ་ལྷུན་པོ་ལ་ཐུག་པ་དང༌། རྒྱལ་པོའི་ཕུལ་དུ་བྱུང་བ་འཁོར་ལོས་བསྒྱུར་བ་ལ་ཐུག་པ་དེ་བཞིན་དུ་ཤེས་པའི་ཕུལ་དུ་བྱུང་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་འབྱུང་བར་འགྱུར་རོ། །ཞེས་སོ། །ཡེ་ཤེས་མེད་ན་སངས་རྒྱས་ཞེས་བྱ་བར་ཡང་མི་འགྱུར་ཏེ། སངས་རྒྱས་ནི་སྤངས་རྟོགས་གཉིས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཇི་སྐད་དུ། བཞི་འགྲེལ་ལས། སངས་རྒྱས་ཞེས་བྱ་བ་ནི་ཅི་ཞིག་ཅེ་ན། གང་དག་གིས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པའམ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པས་ཤེས་བྱ་ཐམས་ཅད་ལ་བློ་ཁ་ཕྱེ་བས། རྣམ་པར་རྒྱས་པ་ལས་སངས་རྒྱས་ཞེས་བྱ་བ་སྟེ། དཔེར་ན་པདྨ་རྒྱས་པ་བཞིན་ནོ། །ཡང་ན་ཉིད་ཀྱི་ཐུགས་སུ་ཆུད་ཅིང༌། ལྷ་དང་མིས་མ་རྟོགས་པ་རྣམས་རྟོགས་པར་མཛད་པས་ན་སངས་རྒྱས་ཡིན་པའམ། མ་རིག་པའི་གཉིད་མ་ལུས་པ་དང་བྲལ་བས་རྣམ་པར་སད་པས་ན་སངས་རྒྱས་ཏེ། སྐྱེས་བུ་གཉིད་སད་པ་བཞིན་ནོ། །ཞེས་སོ། །ཅི་སྟེ་ཤེས་བྱ་མ་ལུས་པ་མཁྱེན་པའི་བློ་མངའ་ན་སྣང་བ་འདི་དག་ཇི་ལྟར་མཁྱེན་ཞེ་ན། འཁྲུལ་པའི་སྣང་བ་རྣམས་ནི་ཅིར་ཡང་མ་གཟིགས་པའི་ཚུལ་གྱིས་གཞན་ལ་སྣང་བར་རྟོགས་ལ། འཁྲུལ་པས་བདེན་པར་བཏགས་པ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། དེའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་ཏེ། ཚིག་གསལ་ལས། དངོས་པོའི་རྣམ་པ་མ་རིག་པའི་རབ་རིབ་ཀྱི་མཐུས་མ་དམིགས་པ་ནི། མ་གཟིགས་པའི་ཚུལ་གྱིས་བདག་ཉིད་གང་གིས་འཕགས་པ་མ་རིག་པའི་རབ་རིབ་དང་བྲལ་བའི་ཡུལ་དུ་འགྱུར་ཏེ། ངོ་བོ་ཉིད་ནི་དེ་དག་གི་རང་བཞིན་དུ་བཞག་གོ །ཞེས་སོ། །གཞན་དག་གིས་ནི་མིག་མེད་པའི་སྐྱེས་བུས་གཞན་ཅི་ཡང་མ་མཐོང་བ་ལྟར། འགའ་ཡང་མཐོང་བ་མེད་པ་ཉིད་དེ་ཁོ་ན་ཉིད་མཐོང་བའོ་ཞེས་པའི་མདོའི་དོན་དུ་བསམ་ནས་མ་རིག་པའི་རབ་རིབ་དང་བྲལ་བའི་ཡེ་ཤེས་ཀྱི་སྤྱན་གྱིས་མི་མཐོང་བར་འདོད་པ་དེ་དག་གི་ལྟར་ན། མཐོང་བ་ཞེས་བྱ་བའི་ཐ་སྙད་ཀྱང་མི་འཐོབ་སྟེ། མཐོང་བྱ་དང་མཐོང་བྱེད་ཀྱང་མེད་པའི་ཕྱིར་རོ། །གཞན་དུ་ན་མོ་གཤམ་གྱི་བུས་ཀྱང་དེ་ཁོ་ན་ཉིད་མཐོང་བར་བྱ་དགོས་སོ། །ཁོ་བོ་ཅག་གི་ལྟར་ན་གཞན་གྱིས་བཏགས་པ་རྣམས་མ་གཟིགས་པའི་ཚུལ་གྱིས་གཞན་ལ་སྣང་བ་མཁྱེན་ཏེ། དཔེར་ན་མིག་དག་པས་སྐྲ་ཤད་ལ་སོགས་པ་རང་ལ་མི་སྣང་ཡང་གཞན་ལ་སྣང་བ་རྟོགས་པ་ལྟ་བུའོ། །རྟག་ཆད་དང་འཁྲུལ་སྣང་སོགས་དང་བྲལ་བའི་རྟེན་འབྲེལ་ཀུན་རྫོབ་པ་རྣམས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་རྟོགས་ཏེ། དཔེར་ན་མིག་དག་པས་སྐྲ་ཤད་མ་མཐོང་ཡང་དེ་དང་བྲལ་བའི་སྣོད་མཐོང་བ་ལྟ་བུའོ། །དེའི་ཆོས་ཉིད་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་རྟོགས་པ་ཡིན། །དེ་ཡང་སོ་སོར་རྟོག་པ་མ་ཡིན་གྱི་ཟུང་འཇུག་གི་ཚུལ་གྱིས་རྟོགས་པ་ཡིན་ནོ། །གཞན་ཡང་དབུ་མ་རིགས་ཚོགས་དང༌། བསྟོད་ཚོགས་དང༌། སྔགས་དང༌། མཚན་ཉིད་རྣམས་ལ་ལྟ་བའི་ཁྱད་པར་ཡོད་པར་སྨྲ་བ་ནི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ལེགས་པར་མ་སྦྱངས་ཤིང་ལྟ་བ་ངན་པའི་གདོན་གྱིས་བྱིན་གྱིས་བརླབས་པའི་བབ་ཆོལ་འབའ་ཞིག་གོ །དེ་དག་ལ་རྩོད་པ་སྤང་བ་ནི། ཅི་སྟེ་སངས་རྒྱས་ལ་ཡེ་ཤེས་ཡོད་ན་སེམས་དགག་པ་དེ་སྐུ་ཡིས་མངོན་སུམ་མཛད། ཅེས་པ་དང༌། འགྲེལ་པར། སེམས་དང་སེམས་ལས་བྱུང་བ་དང་བྲལ་བའི་ཕྱིར་ཞེས་སོགས་ཇི་ལྟར་དྲང་ཞེ་ན། དེ་དག་ནི་རྣམ་པར་རྟོག་པའི་དབང་དུ་མཛད་པ་ཡིན་ཏེ། འགྲེལ་པར། སེམས་དང་སེམས་ལས་བྱུང་བའི་མེད་པའི་རང་བཞིན་ཅན་རྣམ་རྟོག་མེད་པ་ནི་ཞེས་པ་དང༌། རྣམ་རྟོག་མེད་པར་གྱུར་དུ་ཟིན་ཀྱང་ཞེས་སོགས་དུ་མ་གསུངས་པས་སོ། །ཅི་སྟེ་རྟེན་འབྲེལ་གྱི་སྣང་བ་དེ་དག་བདེན་པར་གྲུབ་ན་དངོས་པོར་སྨྲ་བའི་ལུགས་སུ་འགྱུར་ལ། བཏགས་པ་ཙམ་ཡིན་ན་རྫུན་པའི་ཕྱིར་ཡུལ་ཅན་ཡེ་ཤེས་འཁྲུལ་པར་འགྱུར་རོ་ཞེ་ན། དངོས་པོར་སྨྲ་བ་རྣམས་ནི་བདེན་རྫུན་གྱི་བྱེ་བྲག་གིས་འཁྲུལ་མ་འཁྲུལ་དུ་རྣམ་པར་འབྱེད་ལ། གཞུང་ལུགས་འདིར་ནི་འཇིག་རྟེན་ན་འཁྲུལ་པའི་རྐྱེན་གྱིས་གནོད་པ་ཡོད་མེད་ཀྱི་སྒོ་ནས་འཁྲུལ་མ་འཁྲུལ་གྱི་ཐ་སྙད་བྱེད་པའི་རྗེས་སུ་འབྲངས་ཏེ་འཁྲུལ་མ་འཁྲུལ་གྱི་ཁྱད་པར་ཕྱེ་བ་ཡིན་ལ། ངོས་བཟུང་བའི་ཚུལ་ནི་མི་འདྲ་སྟེ། དབུ་མ་པ་རྣམས་ནི་འཇིག་རྟེན་ན་མ་འཁྲུལ་པར་གྲགས་པའི་གཅོད་བྱེད་ཀྱི་ཤེས་པ་ཡུལ་དང་བཅས་པའང་མ་རིག་པའི་རྐྱེན་གྱིས་སྡང་བའི་འཁྲུལ་སྣང་དུ་བཞེད་པས་སོ། །སངས་རྒྱས་རྣམས་ནི་འཁྲུལ་པའི་རྐྱེན་མཐའ་དག་སྤངས་པའི་ཕྱིར་དེ་དག་གི་མཁྱེན་པ་ཐམས་ཅད་ནི་མ་འཁྲུལ་པ་འབའ་ཞིག་གོ །ཅི་སྟེ་ཀུན་རྫོབ་ཐམས་ཅད་འཁྲུལ་པའི་སྣང་བ་ཡིན་པའི་ཕྱིར། ཀུན་རྫོབ་སྣང་ན་ཅིའི་ཕྱིར་འཁྲུལ་པར་མི་འགྱུར་ཏེ། ཚིག་གསལ་ལས། ཀུན་རྫོབ་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་ངོ་བོ་ཡོད་པར་རྙེད་པར་ཐར་པ་རྣམས་ཀྱི་ཐར་པར་འདྲེན་པར་བྱེད་པའི་དགེ་བའི་རྩ་བ་ལ་སོགས་པའི་རྒྱུར་གྱུར་པ་འདི་ནི་ཇི་སྲིད་དེ་ཁོ་ན་ཉིད་མ་རྟོགས་པ་དེ་སྲིད་དུ་གནས་པར་འགྱུར་མོད་ཅེས་པས་ཀུན་རྫོབ་འཁྲུལ་པར་སྐྱེད་པ་དང༌། དེ་ཁོ་ན་ཉིད་རྟོགས་པ་ན་ལྡོག་པར་བཤད་པས་སོ་ཞེ་ན། དེ་ནི་བྱིས་པ་རྣམས་ཀྱིས་བདེན་པར་བཟུང་བའི་དབང་དུ་བྱས་པ་སྟེ། འཕགས་པ་ལ་བདེན་པར་སྣང་བ་མེད་ཀྱང་ཀུན་རྫོབ་ཙམ་ཞིག་སྣང་བ་ནི་ཡོད་པ་ཡིན་ནོ། །ཅི་སྟེ་ཀུན་རྫོབ་ཀྱི་བདེན་པ་སྣང་བ་མ་ཡིན་ན་ཇི་ལྟར་ཀུན་རྫོབ་ཀྱི་བདེན་པ་གསུང་བར་ཡང་མཛད་ཅེ་ན། འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་པ་བསྟན་པ་སྟེ། རྩ་བ་ལས། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་སུ་བསྟན་པའོ། །ཞེས་པ་དང༌། མདོ་ལས། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་ནི་ང་ཡང་མེད་པར་བཞེད་དོ་ཞེས་འབྱུང་བ་ལྟར་ཐོག་མར་གདུལ་བྱ་རང་གི་བློ་ལ་སྣང་ཚུལ་དང་མཐུན་པར་གསུངས་པས། རང་ཉིད་ཐམས་ཅད་མཁྱེན་པར་ཡིད་ཆེས་པར་བྱས་ནས་ཕྱིས་བདེན་པའི་ཆ་བཀག་ནས་རྫུན་པར་སྟོན་ཅིང༌། དེ་ཁོ་ན་ཉིད་དངོས་སུ་སྟོན་པའི་སྣོད་དུ་བྱེད་ལ། དེ་ནས་བདེན་རྫུན་གཉིས་ཀའི་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་སྟོན་པ་ནི་ཆོས་སྟོན་པའི་རིམ་པའོ། །ཆོས་སྟོན་པ་ལ་ཡང་རང་ལ་སྣང་བའི་དོན་རྟོགས་ནས་སྟོན་པ་དང༌། གཞན་ལ་སྣང་བའི་དོན་རྟོགས་ནས་སྟོན་པ་གཉིས་ཡོད་ལ། བཀའ་ལ་ཡང་ཞལ་ནས་གསུངས་པ་དང༌། རྗེས་སུ་གནང་བ་དང༌། བྱིན་གྱིས་བརླབས་པའི་བཀའ་གསུམ་ལས། ནམ་མཁའ་དང་རྩྭ་ཤིང་སོགས་ལས་ཆོས་ཀྱི་སྒྲ་འབྱུང་བ་ནི་བྱིན་གྱིས་བརླབས་པའི་བཀའ་སྟེ། ཟིན་དང་སྤྲུལ་པ་མཁའ་གཞན་ལས་དེའི་མཐུས། །སྒྲ་གང་ཆོས་ཀྱི་དེ་ཉིད་སྟོན་འབྱུང་བ། །ཞེས་གསུངས་པ་ལྟར་རོ། །ཅི་སྟེ་ཆོས་སྟོན་པ་ཡོད་ན། རྩ་བ་ལས། དམིགས་པ་ཐམས་ཅད་ཉེར་ཞི་ཞིང༌། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང༌། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། འདི་ལ་ཆོས་སྣ་ཚོགས་གསུངས་པར་བཤད་པ་དང༌། ཆོས་གཅིག་གསུང་བ་ཡང་གདུལ་བྱ་རྣམས་ཀྱིས་སྣ་ཚོགས་སུ་གོ་བ་དང༌། ཆོས་གང་ཡང་མ་གསུངས་པར་བསྟན་པའི་རིམ་པ་གསུམ་ལས། དང་པོ་ནི་དྲང་དོན་ཡིན་ལ། གཉིས་པ་ནི་གནས་སྐབས་ཀྱི་ངེས་དོན་ཡིན་ཞིང༌། གསུམ་པ་ནི་ངེས་དོན་མཐར་ཐུག་པའི་དབང་དུ་བྱས་ནས་གསུངས་པས། ཆོས་གང་ཡང་མ་གསུངས་པ་དོན་དམ་གྱི་དབང་དུ་བྱས་པ་ཡིན་ནོ། །གཞན་དུ་རྩ་བ་ལས། ལྟ་བ་ཐམས་ཅད་སྤོང་བའི་ཕྱིར་དམ་པའི་ཆོས་ནི་སྟོན་པ་ཡང་མི་རིགས་པར་འགྱུར་རོ། །ཅི་སྟེ་བདེན་པར་གྲུབ་པའི་ཆོས་གསུང་བར་མཛད་ན་རིག་པ་དང་འགལ་བའི་ངག་གསུང་བར་འགྱུར་ལ། དེ་ཡང་རིགས་པ་མ་ཡིན་ཏེ། ཚིག་གསལ་ལས། དེ་བཞིན་གཤེགས་པ་ནི་རིགས་པ་དང་འགལ་བའི་ངག་མི་གསུང་ལ་ཞེས་བཤད་པས་སོ་ཞེ་ན། དེ་ནི་ངེས་དོན་གྱི་དབང་དུ་མཛད་པ་ཡིན། གདུལ་བྱ་དྲང་བའི་དོན་དུ་དགོས་པ་ལ་ལྟོས་ནས་རིགས་པ་དང་འགལ་བའི་ངག་ཀྱང་གསུངས་ཏེ། ཕ་དང་མ་ནི་བསད་བྱ་ཞིང༌། །ཞེས་པ་ལྟར་རོ། །དེས་ན་ཇི་སྐད་བཤད་པའི་ལུང་དང་རིགས་པ་ལས་སངས་རྒྱས་བཅོམ་ལྡན་འདས་ལ་རང་བཞིན་གྱིས་ཡོད་པ་མ་ཡིན་པ་དང༌། ཐ་སྙད་དུ་མེད་པ་མ་ཡིན་པའི་ཡེ་ཤེས་རྟེན་ཅིང་འབྲེལ་བར་འབྱུང་བ་གདོན་མི་ཟ་བར་ཡོད་དོ། །གཞན་དག་རྟེན་འབྲེལ་ཡིན་པས་ཡོད་པ་མ་ཡིན་ཞེས་པ་ནི་མི་རིགས་ཏེ། བཞི་འགྲེལ་ལས། འདི་ལྟར་དེས་ནི་ཡོད་པ་ཡང་ཡོད་པར་མཁྱེན་ཏེ། གང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཡོད་པ་མ་ཡིན་པའང་ཡོད་པ་མ་ཡིན་པ་སྟེ། གཞན་གྱིས་ཀུན་བཏགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའི་ཞེས་པ་ལྟར་རོ། །འབྲས་བུའི་གནས་སྐབས་ཀྱི་སྤྱི་དོན་རྒྱ་ཆེར་བཤད་ཟིན་ཏོ།། །།གཉིས་པ་གཞུང་དོན་ལ་བཞི། བྱང་ཆུབ་ཇི་ལྟར་བརྙེད་པའི་ཚུལ། དེ་ལ་ཀླན་ཀ་སྤང་བ། སྐུ་དང་ཡོན་ཏན་དང་ཕྲིན་ལས་བཤད་པ། དུས་ཀྱི་སྒོ་ནས་བསྔགས་པའོ། །དང་པོ་ལ་གནས་གང་དུ་བརྙེས་པ་ནི། ཇི་ལྟར་སྤྲིན་ལ་སོགས་པའི་དྲི་མ་མེད་པའི་ནམ་མཁའ་ལ་ཚེས་བཅོ་ལྔའི་ཟླ་བའི་འོད་ཟེར་གྱི་སྣང་བས་མུན་པ་སེལ་བའི་སྒོ་ནས་འགྲོ་བ་མ་ལུས་པ་གསལ་བར་འགྱུར་པ་བཞིན་དུ་མངོན་པར་བྱང་ཆུབ་པའི་སྔོན་རོལ་ས་བཅུ་པའི་ཚེ་སྟོབས་བཅུ་བསྐྱེད་པའི་ས་ཐོབ་པའི་ཆེད་ལ་སླར་ཡང་འབད་པ་རྩོམ་པར་གྱུར་པས་གང་གི་དོན་དུ་འབད་པ་རྩོམ་པར་གྱུར་པའི་རྣམ་མཁྱེན་གྱི་གོ་འཕང་འདི་ལས་ཕུལ་དུ་བྱུང་བ་གཞན་མེད་པས་མཆོག་དང༌། སྒྲིབ་གཉིས་སྤངས་པས་ཞི་བ་དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་ཡོན་ཏན་མཐར་ཐུག་ཅིང༌། འདི་དང་འདྲ་བ་གཞན་མེད་པས་མཚུངས་པ་མེད་པ་ཁྱོད་ཀྱིས་འོག་མིན་གྱི་གནས་ཁོ་ནར་བརྙེས་པར་འགྱུར་རོ། །དུས་ཀྱི་སྒོ་ནས་ཡེ་ཤེས་བརྙེས་ཚུལ་ནི། ཇི་ལྟར་བུམ་པ་ལ་སོགས་པའི་སྣོད་ཀྱི་དབྱེ་བ་ཐ་དད་ཀྱང་མི་སྒྲིབ་པར་མཚུངས་པས་དེར་གཏོགས་པའི་ནམ་མཁའ་ལ་དབྱེ་བ་ཐ་དད་པ་མེད་པ་དེ་ལྟར་གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་ཐ་དད་ཀྱང་སྐྱེ་མེད་དུ་མཚུངས་པས་དེར་གཏོགས་པའི་དེ་ཁོ་ན་ཉིད་ལ་ཆོས་ཅན་ཐ་དད་ཀྱིས་བྱས་པའི་དབྱེ་བ་འགའ་ཡང་དེ་ཁོ་ན་ཉིད་ལ་མེད་པ་དེའི་ཕྱིར་ཤེས་བྱ་ཐམས་ཅད་སྟོང་པ་ཉིད་དུ་རོ་མཉམ་པའམ་རོ་གཅིག་པ་ཉིད་དུ་ཡང་དག་པར་ཐུགས་སུ་ཆུད་པར་མཛད་ནས་མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ཤེས་བྱ་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་སོ། །ནམ་མཁའ་མཛོད་ལས། གང་གིས་ཆོས་གཅིག་སྒོ་ནས་ཚེས་རྣམས་ཀུན། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་སྐྱེ་མེད་ལ། །གསོབ་རྫུན་ཐེག་ཟུག་མིན་པར་ཤེས་པ་སྟེ། །རིང་པོར་མི་ཐོག་བྱང་ཆུབ་སྙིང་པོར་འགྲོ། །ཞེས་པ་དང༌། ཏིང་ངེ་འཛིན་རྒྱལ་པོར། གཅིག་གིས་ཐམས་ཅད་ཤེས་གྱུར་ཅིང༌། །གཅིག་གིས་ཐམས་ཅད་མཐོང་བར་འགྱུར། །ཞེས་དང༌། བཞི་བརྒྱ་པར། དངོས་པོ་གཅིག་གི་ལྟ་པོ་གང༌། །དེ་ནི་ཀུན་གྱི་ལྟ་པོར་བརྗོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་པ་ལྟར་ཆོས་ཉིད་ལ་དབྱེ་བ་མེད་པ་དང༌། གཅིག་རྟོགས་ན་ཀུན་རྟོགས་པར་བཤད་པ་ནི་རང་བཞིན་རྣམ་དག་ལ་དགོངས་ཏེ། འདི་ལྟར་དངོས་པོ་ཀུན་གྱི་སྟོང་པ་ཉིད་རྣམས་སྟོང་ཉིད་དུ་ཁྱད་པར་མེད་པར་གཅིག་ཏུ་བཤད་པར་ཟད་ཀྱི་ཆ་མེད་གཅིག་མིན་ནོ། །འདིར་ནམ་མཁའ་དཔེར་མཛད་ནས་སྒྲིབ་མེད་དུ་མཚུངས་པའི་ཕྱིར་ཞེས་པ་དང༌། བཞི་བརྒྱ་པའི་འགྲེལ་པ་ལས། ཇི་ལྟར་རོ་མཚུངས་པའི་ཕྱིར་རྒྱ་མཚོའི་རོ་མྱ་ངན་རྣམ་པར་མྱང་བར་གྱུར་པ་དེ་བཞིན་དུ། དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱང་ཡིན་ཏེ། མཚན་ཉིད་མཚུངས་པའི་ཕྱིར། ཞེས་སོ། །གཉིས་པ་ཀླན་ཀ་སྤང་བ་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ལ། ཡེ་ཤེས་མི་འཐད་པའི་རྩོད་པ་ནི། གང་གི་ཚེ་སྤྲོས་པ་ཉེ་བར་ཞི་བའི་སྐྱེ་མེད་དེ་ཁོ་ན་ཉིད་ཡིན་ན་སྐྱེ་བ་མེད་པ་དེ་ལ་བློ་གྲོས་འཇུག་པར་མི་འགྱུར་བར་ཁས་བླངས་དགོས་ཏེ། བློ་མེད་པར་མི་འཐད་ལ། སྐྱེ་མེད་ཀྱི་རྣམ་པ་ཅན་གྱི་བློ་ཡང་མི་སྲིད་པའི་ཕྱིར་ཏེ། སྐྱེ་མེད་ལ་རྣམ་པ་གང་ཡང་མི་སྲིད་པས་སོ། །བློ་མ་ཞུགས་ན་སྐྱོན་ཅི་ཡོད་ཅེ་ན། ཡུལ་དེ་ཁོ་ན་ཉིད་ལ་བློ་མ་ཞུགས་པར་ཤེས་བྱ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ངེས་པར་རིགས་པའང་མིན་ལ། ཡུལ་ཀུན་ནས་ཤེས་པ་མེད་པ་ནི་ཤེས་པར་ཇི་ལྟར་འགྱུར་ཏེ་ཕན་ཚུན་འགལ་བར་འགྱུར་རོ། །ཆོས་སྟོན་པ་མི་འཐད་པའི་རྩོད་པ་ནི། སེམས་རང་བཞིན་གྱིས་སྐྱེ་བ་མེད་ན་དེ་ཁོ་ན་ཉིད་མཁྱེན་པ་པོ་མེད་ལ། དེ་མེད་པར་ཁྱེད་ཀྱིས་འདི་ལྟ་བུའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་དོ་ཞེས་གཞན་ལ་སུ་ཞིག་གིས་སྟོན་པར་བྱེད་དེ། སྟོན་པ་ནི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་དཔེའི་སྒོ་ནས་ཡེ་ཤེས་འཐད་པ་དང༌། ཆོས་སྟོན་པ་འཐད་པར་བསྟན་པའོ། །དང་པོ་ནི། ཇི་ལྟར་སེམས་ནི་སྔོན་པོ་ལ་སོགས་པའི་ཡུལ་གང་གི་རྣམ་པ་ཅན་དུ་འགྱུར་བའི་བློ་དེ་ཡིས་སྔོན་པོ་ལ་སོགས་པའི་ཡུལ་དེ་ཡོངས་སུ་ཤེས་པ་མདོ་སྡེ་པ་རྣམས་ཐ་སྙད་བྱེད་པ་དེ་བཞིན་དུ། གང་གི་ཚེ་ཆོས་ཐམས་ཅད་སྐྱེ་མེད་དེ་ཁོ་ན་ཉིད་ཡིན་ཞིང་ཡུལ་རྟོགས་པའི་བློ་ཡང་སྐྱེ་བར་སྣང་བ་དང་བྲལ་བ་སྟེ། སྐྱེ་མེད་དེའི་རྣམ་པ་རྟོག་པར་སྐྱེས་པ་དེའི་ཚེ་རྣལ་འབྱོར་པའི་བློ་དེ་ཡིས་དེ་ཁོ་ན་ཉིད་རྟོགས་པ་ཞེས་ཐ་སྙད་ཀྱི་བདེན་པ་ལ་ཉེ་བར་བརྟེན་ནས་རིག་པར་བཞག་པ་ཡིན་ནོ། །ལྟ་བུའི་སྒྲས་ནི་ཡུལ་དང་ཡུལ་ཅན་ངོ་བོ་ཉིད་ཀྱིས་མ་གྲུབ་པར་སྟོན་ཏོ། །སྐྱབས་གནས་བདུན་བཅུ་པར། ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། །ཅེས་པ་ལྟར་རོ། །འདིར་སྐྱེ་བ་དང་བྲལ་ཞེས་པའི་དོན་ནི་བློ་ཉིད་ཡུལ་སྐྱེ་མེད་དུ་གྱུར་པ་ལ་འཆད་པ་ལྟར་ན་དཔེ་ལ་ཡང་སྔོན་པོའི་རྣམ་པ་ཅན་གྱི་བློ་ཉིད་ཡུལ་སྔོན་པོ་ཉིད་དུ་གྱུར་ཞེས་བཤད་དགོས་པས་མི་འཐད་དོ། །འགྲེལ་པ་ལས། རྣམ་པར་ཤེས་པ་སྔོན་པོའི་རྣམ་པར་སྐྱེ་བ་ན་སྔོན་པོ་ཤེས་སོ་ཞེས་བརྗོད་པ་དེ་བཞིན་དུ། ཤེས་པ་དེ་ཁོ་ན་ཉིད་ཀྱི་རྣམ་པའི་རྗེས་སུ་བྱེད་པ་སྐྱེ་བ་དེ་ཁོ་ན་ཉིད་ཤེས་སོ་ཞེས་ཉེ་བར་གདགས་སོ་ཞེས་འབྱུང་བ་ལྟར་བཤད་དགོས་སོ། །གཞན་ལྟར་ན། ཀུན་ནས་ཤེས་མེད་པར་ནི་ཤེས་པར་ཇི་ལྟར་འགྱུར་ཏེ་འགལ་བར་འགྱུར། ཞེས་པའི་རྩོད་པ་མ་སྤངས་སོ། །འགྲེལ་པར་ཤེས་པ་དང་ཤེས་བྱ་གཉིས་ཀའང་མ་སྐྱེས་པའི་ཕྱིར་ཞེས་པ་དང༌། ཤེས་པ་འདི་སྐྱེ་བ་མེད་པ་ཁོ་ན་ཡིན་པར་བདེན་མོད་ཀྱི་ཞེས་པ་ཡང་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་དགོངས་ཀྱི་ཐ་སྙད་དུ་སྐྱེ་བ་མེད་པ་ནི་མ་ཡིན་ཏེ། ཚིག་གསལ་ལས། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་པར་གྱུར་པ་དེའི་ཚེ། དེ་ཁོ་ན་ཉིད་མ་རྟོགས་པའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ་ཞེས་འབྱུང་བས་སོ། །མ་རྟོགས་པའི་ཚུལ་གྱིས་ཞེས་པ་ཡང་བདེན་པར་གྲུབ་པ་མ་གཟིགས་པའི་ཚུལ་གྱིས་རྟོགས་ཞེས་པ་ཡིན་གྱི་རྟོགས་བྱེད་ཀྱི་བློ་མེད་པ་མ་ཡིན་ནོ། །གཉིས་པ་ཆོས་སྟོན་པའི་འཐད་པ་ལ་གཉིས་ཏེ། མཁྱེན་པ་པོ་རྫས་སུ་གྲུབ་པ་མེད་ཀྱང་ཆོས་སྟོན་པ་འཐད་པ་དང༌། དཔེའི་སྒོ་ནས་ཆོས་སྟོན་པ་འཐད་པའོ། །དང་པོ་ནི། རང་བཞིན་གྱིས་གྲུབ་པའི་མཁྱེན་པ་པོ་མེད་ཀྱང་སངས་རྒྱས་དེའི་ལོངས་སྤྱོད་རྫོགས་པའི་སྐུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ཀྱི་རྒྱུར་གྱུར་པ་བསོད་ནམས་མཐའ་ཡས་ཀྱིས་ཡོངས་སུ་ཟིན་པ་སྟེ་སྒྲུབ་པ་དང༌། དེར་མ་ཟད་ཆོས་སྐུའི་བྱིན་བརླབས་ཀྱིས་སྤྲུལ་པའི་སྐུ་དང༌། ནམ་མཁའ་དང༌། གཞན་རྩ་དང་ཤིང་རྩིག་པ་དང་བྲག་ལ་སོགས་ལས་ཆོས་སྐུ་དེའི་མཐུས་སྒྲ་གང་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པ་འབྱུང་བ་དེ་ལས་ཀྱང་འཇིག་རྟེན་གྱི་དེ་ཁོ་ན་ཉིད་སྐྱེ་འགག་མེད་པ་རིག་པས་མཁྱེན་པ་པོ་རང་བཞིན་གྱིས་གྲུབ་པ་མེད་ཀྱང་ཆོས་སྟོན་པ་མི་འགལ་ལོ། །ནམ་མཁའ་ལ་སོགས་པ་ལས་ཆོས་སྟོན་པ་འབྱུང་བ་ཡང་ཡེ་ཤེས་ཀྱི་མཐུ་ལས་འབྱུང་གི་ཡེ་ཤེས་མེད་པར་ནི་མི་འབྱུང་ངོ༌། །གཉིས་པ་ནི། ཅི་སྟེ་ཆོས་སྐུ་ལ་རྟོག་པ་མེད་པས་རྩོལ་བ་མི་སྲིད་པའི་ཕྱིར། ཆོས་སྟོན་པའི་བྱ་བའི་རྒྱུར་ཇི་ལྟར་འགྱུར་ཞེ་ན། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་བུམ་པ་སོགས་བྱེད་པའི་སྐབས་འདིར་ཡུན་རིང་དུ་ཆེས་འབད་པས་བསྐོར་བའི་འཁོར་ལོ་ནི་རྫ་མཁན་དེའི་རྩོལ་བ་ད་ལྟ་སྐྱེས་པ་མེད་བཞིན་དུ་འཁོར་ལོ་ངང་གིས་འཁོར་ཞིང་བུམ་པ་ལ་སོགས་པའི་རྒྱུར་མཐོང་བ་ལྟར་དེ་བཞིན་དུ་རྣམ་པར་རྟོག་པ་མེད་པས་ད་ལྟ་སྐྱེས་པའི་རྩོལ་བ་མེད་བཞིན་དུ་ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་ལ་བཞུགས་པའི་སངས་རྒྱས་དེ་ཡིས་ཆོས་སྟོན་པ་ལ་སོགས་པའི་བྱ་བ་འཇུག་པ་ནི། གདུལ་བྱའི་སྐྱེ་བོའི་དགེ་བ་ཡོངས་སུ་སྨིན་པ་དང༌། སྔོན་གྱི་རང་གི་སྨོན་ལམ་གྱི་ཁྱད་པར་གྱིས་འཕང་པ་ལས་ཆོས་སྟོན་པ་ལ་སོགས་པའི་བྱ་བ་མངོན་པ་ནི་ཆེས་བསམ་གྱིས་མི་ཁྱབ་བོ། །གཉིས་པ་རྟེན་སྐུ་བཤད་པ་ལ་གསུམ་སྟེ། ཆོས་སྐུ་དང༌། ལོངས་སྐུ་དང༌། རྒྱུ་མཐུན་གྱི་སྐུའོ། །དང་པོ་ནི། སྤངས་པའི་ཁྱད་པར་མཐར་འཛིན་གྱི་རྟོག་པས་བཏགས་པའི་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་རྣམ་པར་དཔྱོད་པ་ལས་བྱུང་བའི་ཡེ་ཤེས་ཀྱི་མེས་བསྲེགས་པས་རྟོག་པ་མཐའ་དག་ཞི་བ་དང༌། རྟོགས་པའི་ཁྱད་པར་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྐུ་དེ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་སྟེ། དངོས་པོ་མེད་པར་འདི་རྣམས་མི་འགྱུར་དཔེར། །བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །ཞེས་པ་ལྟར་རོ། །དེའི་ཚེ་སྐད་ཅིག་གིས་སྐྱེ་འགག་མེད་པ་ལ་ཡེ་ཤེས་ལས་ཉོན་གྱིས་སྐྱེ་བ་དང༌། རྣམ་པར་དཔྱད་པས་འཆི་འཕོ་བའི་འགག་པ་དང༌། ཡིད་ཀྱི་ལུས་ཀྱི་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བའི་འགག་པ་དང༌། གཟུགས་སྐུ་ལྟར་གདུལ་བྱའི་ངོར་སྐྱེ་འགག་ཏུ་སྣང་བའི་སྐྱེ་བ་མེད་ཅིང་འགག་པའང་མེད་པས་ཆོས་ཀྱི་སྐུ་ཞེས་བྱ་སྟེ། ཡེ་ཤེས་སྣང་རྒྱན་གྱི་མདོ་ལས། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པར་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །ཞེས་སོ། །དེ་ལྟར་སྤྲོས་པའི་སེམས་དང་སེམས་ལས་བྱུང་བ་མ་ལུས་པ་འགག་པ་ལོངས་སྐུས་མངོན་དུ་མཛད་དོ། །ཞེས་ཀུན་རྫོབ་ཏུ་གཞག་གོ །གཉིས་པ་ནི། ཆོས་ཀྱི་སྐུས་མངོན་སུམ་དུ་མཛད་པའི་སྐུ་དེ་སྤྲོས་པ་ཞི་བས་རྣམ་པར་མི་རྟོག་ཏུ་ཟིན་ཀྱང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པའི་དོན་སྒྲུབ་བྱེད་དུ་གསལ་བར་གནས་པར་གྱུར་ཅིང་གདུལ་བྱའི་འགྲོ་བ་རྣམས་འཁོར་བའི་འཆིང་བ་ལས་གྲོལ་གྱི་བར་དུ་འཇིག་རྟེན་གྱི་ཆོས་ཀྱི་འབྱོར་བའི་སླད་དུ་རྟག་ཏུ་བཞུགས་སོ། །བསོད་ནམས་མཐའ་ཡས་པས་བསྐྲུན་པའི་མཚན་དཔེས་བརྒྱན་པའི་སྐུ་འདི་ནི་བྱང་ཆུབ་སེམས་དཔའ་སྤྲོས་པ་དང་བྲལ་བ་ཚོགས་གཉིས་ཀྱི་མཐུ་ལས་ཤེས་རབ་དྲི་མ་མེད་པའི་བློའི་མེ་ལོང་ཐོབ་པ་ཁོ་ན་ལ་སྣང་གི་རྟོག་པར་དང་བཅས་པ་ལ་ནི་མ་ཡིན་ནོ། །གསུམ་པ་ལ་གསུམ་སྟེ། སྐུ་གཅིག་ལ་རང་གི་རྣམ་པར་ཐར་པ་སྟོན་པ་དང༌། རང་གཞན་ཀུན་གྱི་རྣམ་པར་ཐར་པ་སྟོན་པ་དང༌། རྨད་དུ་བྱུང་བའི་ཆོ་འཕྲུལ་གཞན་སྟོན་པའོ། །དང་པོ་ནི། །ཐུབ་པའི་དབང་པོས་དུས་གཅིག་ཁོ་ནར་ཆོས་སྐུ་དང༌། ལོངས་སྐུ་དེའི་རྒྱུ་མཐུན་གྱི་གཟུགས་སྐུ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྔ་རོལ་འཁོར་བ་ཐོག་མ་མེད་པར་རང་གི་སྐྱེ་བས་གནས་སྐབས་འགགས་ཟིན་པའི་བྱུང་ཚུལ་མ་ལུས་པས་བཀྲ་བར་གྱུར་པ་མཐའ་དག་གསལ་བ་དང༌། མ་འཆོལ་བར་མེ་ལོང་དག་པར་བཞིན་གྱི་གཟུགས་བརྙན་ལྟར་ལྷུན་གྲུབ་ཏུ་ཁོ་ན་མཛད་དོ། །སྔར་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སངས་རྒྱས་ཀྱི་ཞིང་བཻཌཱུརྻ་ལ་སོགས་པའི་རང་བཞིན་བསྟན་པ་དང༌། གསེར་གྱི་ལྗོན་ཤིང་གིས་མཛེས་པར་བྱས་པ་ཇི་འདྲ་བར་ཐུབ་དབང་དེ་སྐུ་བལྟམས་པ་དང༌། དེ་དག་གི་སྐུ་དང་སྤྱོད་པའི་མཐུ་སྟོབས་ཕུལ་དུ་བྱུང་བ་ཇི་འདྲ་བ་དང༌། སངས་རྒྱས་དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་གྱི་གྲངས་ཇི་སྙེད་པ་དང༌། རྣམ་པ་ཇི་འདྲ་བ་དང༌། ཞིང་དེར་བྱང་ཆུབ་སེམས་དཔའ་རྣམས་ཇི་འདྲ་བ་དང༌། ཐེག་པ་གཅིག་དང་གསུམ་གྱི་ཆོས་ཅི་འདྲ་བ་དང༌། ཞིང་དེར་བདག་བྲམ་ཟེ་སོགས་ཀྱི་རིགས་དང༌། ཁྱིམ་པ་དང་རབ་ཏུ་བྱུང་བ་ཅི་འདྲ་བ་དང༌། ཆོས་ཐོས་ནས་བསླབ་པ་བླངས་ཏེ་སྤྱོད་པ་གང་ལ་སྤྱོད་པ་དང༌། སངས་རྒྱས་དགེ་འདུན་དང་བཅས་པ་དེ་དག་ལ་སྦྱིན་པ་གང་ཚད་ཅི་ཙམ་ཕུལ་བ་དེ་ནི་སྐུ་གཅིག་མ་ལུས་པ་སྟོན་པར་མཛད་དོ། །སྦྱིན་པའི་བྱུང་ཚུལ་སྟོན་པ་དེ་བཞིན་དུ་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ལ་སྤྱོད་པའི་ཚེ་སྟེ་དུས་ཀྱི་སྔར་གྱི་གནས་སྐབས་གང་ཡིན་པ་མ་ཚང་བ་མེད་པ་དག་དུས་གཅིག་ལ་སྟོན་པར་མཛད་དོ། །གཉིས་པ་ལ། རང་གི་སྤྱོད་པ་སྟོན་པ་དང༌། གཞན་གྱི་སྤྱོད་པ་སྟོན་པ་གཉིས་ལས། དང་པོ་ནི། ཉིད་ཀྱི་སྤྱོད་པ་ཀུན་སྐུའི་བ་སྤུའི་ཁུང་འབུར་ཡང་གསལ་བར་སྟོན་ཏོ། །གཉིས་པ་ནི། སངས་རྒྱས་གང་དག་འདས་པ་དང་འབྱུང་བར་འགྱུར་བ་དང༌། གང་དག་ད་ལྟར་ནམ་མཁའི་མཐར་ཐུག་པར་གདངས་མཐོན་པོར་ཚངས་པའི་དབྱངས་ཀྱིས་ཆོས་སྟོན་པས་སྡུག་བསྔལ་གྱིས་བཟུང་བའི་འགྲོ་བ་དབུགས་འབྱིན་པར་མཛད་ཅིང་འཇིག་རྟེན་ན་བཞུགས་པ་དང༌། དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་གཤེགས་པའི་བར་གྱི་སྤྱོད་པ་དེ་དག་ཀུན་བདག་གི་སྤྱོད་པ་སྟོན་པ་བཞིན་དུ་བ་སྤུའི་ཁུང་བུར་དུས་གཅིག་ལ་གསལ་བར་སྟོན་ཏོ། །ཇི་ལྟར་སྟོན་ཅེ་ན། དངོས་རྣམས་མིག་འཕྲུལ་གྱི་རང་བཞིན་ལྟར་དུ་མཁྱེན་ནས་མིག་འཕྲུལ་མཁན་མིག་འཕྲུལ་སྟོན་པ་ལྟར་དུ་སྟོན་ཏོ། །ཉིད་ཀྱི་སྤྱོད་པ་དང་དེ་བཞིན་གཤེགས་པ་གཞན་གྱི་སྤྱོད་པ་སྟོན་པ་དེ་བཞིན་དུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་དང༌། རང་རྒྱལ་འཕགས་པ་དང་ཉན་ཐོས་འཕགས་པ་མ་ལུས་སྤྱོད་པ་དང༌། དེ་རྣམས་ཀྱི་ལྷག་མ་སོ་སོའི་སྐྱེ་བོའི་གནས་སྐབས་ཀྱི་སྤྱོད་པ་ཐམས་ཅད་དུས་གཅིག་གི་ཚེ་སྟོན་པར་བྱེད་དོ། །གསུམ་པ་ལ་ཡུལ་ལ་མངའ་བསྒྱུར་བ་དང༌། དུས་ལ་མངའ་བསྒྱུར་བ་གཉིས་ལས། དང་པོ་ནི། མཁྱེན་པ་ཡོངས་སུ་དག་པའི་སངས་རྒྱས་འདི་ནི་བཞེད་པ་ཙམ་ལ་རག་ལས་པས་འཇུག་པའི་རྡུལ་ཕྲ་རབ་གཅིག་གི་ཡུལ་ལ་ནམ་མཁའི་མཐར་གཏུགས་པའི་འཇིག་རྟེན་དང་མུ་མཐའ་ཡས་པའི་འཇིག་རྟེན་གྱི་རྡུལ་ཕྲ་རབ་གཅིག་གིས་ཁྱབ་པ་ཡང་སྟོན་མོད་དེའི་ཚེ་རྡུལ་ཕྲ་རབ་རགས་པར་ཡང་མི་འགྱུར་འཇིག་རྟེན་ཕྲ་བར་ཡང་མི་འགྱུར་རོ། །གཉིས་པ་དུས་ལ་མངའ་བསྒྱུར་བ་ནི། རྣམ་པར་རྟོག་པ་མི་མངའ་བའི་སངས་རྒྱས་ཁྱོད་ཀྱིས་སྲིད་མཐའ་བར་སྐད་ཅིག་རེ་རེ་ལ་སྤྱོད་པ་སྣ་ཚོགས་པ་སྟོན་པར་མཛད་པའི་གྲངས་ཇི་སྙེད་པ་དེ་ཉིད་ནི་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་མ་ལུས་པ་གང་ཡིན་པ་དེ་དག་ལ་ཡང་གྲངས་དེ་ཙམ་མེད་དོ། །བརྟེན་པ་ཡེ་ཤེས་བསྟན་པ་ལ་གསུམ་སྟེ། རིགས་ཀྱི་དབྱེ་བ་བསྟན་པ་དང༌། གསལ་བའི་དབྱེ་བ་བརྗོད་མི་ནུས་པ་དང༌། ཡོན་ཏན་གྱི་རིགས་གཉིས་སུ་བསྡུ་བའོ། །དང་པོ་ལ་མདོར་བསྟན་པ་ནི། གནས་དང་གནས་མིན་མཁྱེན་སྟོབས་དང༌། །དེ་བཞིན་ལས་རྣམས་སྨིན་བློ་དང༌། །མོས་པ་སྣ་ཚོགས་ཐུགས་ཆུད་དང༌། །སྣ་ཚོགས་ཁམས་ནི་མཁྱེན་སྟོབས་དང༌། །དེ་བཞིན་དབང་མཆོག་མ་ཡིན་དང༌། །མཁྱེན་དང་ཐམས་ཅད་དུ་འགྲོ་དང༌། །བསམ་གཏན་རྣམ་ཐར་ཏིང་འཛིན་དང༌། །སྙོམས་པར་འཇུག་སོགས་བློ་སྟོབས་དང༌། །སྔོན་གནས་དྲན་པ་མཁྱེན་པ་དང༌། །དེ་བཞིན་འཆི་འཕོ་སྐྱེ་བློ་དང༌། །ཟག་རྣམས་ཟད་པར་མཁྱེན་སྟོབས་ཏེ། །སྟོབས་ནི་བཅུ་པོ་འདི་དག་གོ །ཅེས་པའོ། །རྒྱས་པར་བཤད་པ་ལ་བཅུ་ལས་དང་པོ་ནི། དགེ་བ་དང་མི་དགེ་བ་ལ་སོགས་པའི་རྒྱུ་གང་ཞིག་ལས་ཡིད་དུ་འོང་བ་དང་མི་འོང་བ་ལ་སོགས་གང་ཞིག་ངེས་པར་སྐྱེ་བར་འགྱུར་བ་དེ་ནི་འབྲས་བུ་དེའི་གནས་སུ་དེ་དག་མཁྱེན་པའི་སངས་རྒྱས་རྣམས་ཀྱིས་གསུངས་ལ་ཇི་སྐད་བཤད་པ་ལས་བཟློག་པ་དགེ་བ་ལས་ཡིད་དུ་མི་འོང་བ་དང༌། མི་དགེ་བ་ལས་འབྲས་བུ་ཡིད་དུ་འོང་བ་སྐྱེ་བ་གནས་མིན་སོགས་ཀྱི་ཤེས་བྱ་མཐའ་ཡས་པ་ལ་མཁྱེན་པ་ཐོགས་པ་སྤངས་པ་དེ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་སུ་བཤད་དོ། །གཉིས་པ་ནི། འདོད་པའི་དགེ་བའི་ལས་དང༌། མི་འདོད་པ་མི་དགེ་བའི་ལས་དང༌། དེ་ལས་བཟློག་པ་གཉིས་ཀ་མ་ཡིན་པའི་ལས་དང༌། ཟག་བཅས་ཀྱི་ལས་རྣམས་ཟད་པར་བྱེད་པ་ཟག་མེད་ཀྱི་དངོས་ཀྱི་ལས་དང༌། དགེ་མི་དགེའི་ལས་དེའི་རྣམ་པར་སྨིན་པ་ཤིན་ཏུ་སྣ་ཚོགས་པ་ལའང༌། མཁྱེན་པའི་ནུས་མཐུ་ཐོགས་པ་མེད་པར་སོ་སོར་འཇུག་པ་ནི། དུས་གསུམ་པའི་ལས་དང་དེའི་རྣམ་སྨིན་ལ་སོགས་པའི་ཤེས་བྱ་མ་ལུས་པ་ལ་མཁྱེན་པ་ཁྱབ་པར་མཛད་པས་ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་སུ་འདོད་དོ། །གསུམ་པ་ནི། འདོད་ཆགས་ལ་སོགས་ཉོན་མོངས་པ་དང༌། དད་སོགས་ཀྱི་དགེ་བ་རྣམས་གང་ལས་འབྱུང་བའི་ས་བོན་གྱི་སྟོབས་ཀྱིས་ཡོངས་སུ་བཟུང་བའི་འདོད་པའམ་མོས་པ་ཤིན་ཏུ་སྣ་ཚོགས་པ་དམན་པ་དང་འབྲིང་དང་གང་ཡང་ཁྱད་པར་དུ་འཕགས་པར་འདོད་པའི་མོས་པ་དེ་ལས་གཞན་འདོད་ཆགས་ཀྱི་ཀུན་ཏུ་སྤྱོད་པ་རྣམས་ཀྱིས་ཞེ་སྡང་ལ་མོས་པ་སོགས་གཡོགས་ཤིང་སྒྲིབ་པ་དེ་ལྟ་བུའི་མོས་པ་སྣ་ཚོགས་པ་ལའང་མཁྱེན་པ་ཐོགས་པ་མེད་པ་ནི་དུས་གསུམ་གྱི་འགྲོ་བ་མ་ལུས་པ་ལ་ཁྱབ་པ་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱའོ། །བཞི་པ་ནི། ཁམས་ཀྱི་རྣམ་པར་དབྱེ་བ་ལ་མཁས་པའི་སངས་རྒྱས་རྣམས་ཀྱིས་མིག་སོགས་དག་གི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ལ་ཁམས་སུ་གསུངས་ལ་རྣམ་པ་ཀུན་ཏུ་སྟོང་ཉིད་ཐུགས་སུ་ཆུད་ནས་ཁམས་ཀྱི་ཁྱད་པར་མཐའ་ཡས་པ་ལ་འཇུག་པའི་རྫོགས་པའི་སངས་རྒྱས་ཀྱི་མཁྱེན་པ་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་སུ་འདོད་དོ། །ལྔ་པ་ནི། ཀུན་ཏུ་རྟོག་པ་སོགས་ཀུན་ནས་ཉོན་མོངས་ཀྱི་དབང་པོ་དང༌། སོགས་པ་རྣམ་བྱང་གི་དབང་པོ་ཆེས་རྣོ་བ་ཉིད་ནི་མཆོག་ཏུ་བཞེད་ལ། འབྲིང་གི་གནས་སྐབས་དང༌། རྟུལ་པོ་ཉིད་ལ་དབང་པོ་མཆོག་མིན་པར་བཤད་པ་དང༌། མིག་སོགས་དབང་པོ་ཉེར་གཉིས་དང༌། དེ་རྣམས་ཕན་ཚུན་འབྲས་བུ་སྒྲུབ་པར་ནུས་པ་ཐུགས་སུ་ཆུད་པ་ལ་ཆགས་ཐོགས་མེད་པར་འཇུག་པའི་རྣམ་པ་ཐམས་ཅད་མཁྱེན་པ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སུ་འདོད་དོ། །དྲུག་པ་ནི། ལམ་འགའ་ཞིག་རྒྱལ་བ་ཉིད་དང༌། འགའ་ཞིག་རང་རྒྱལ་བྱང་ཆུབ་དང༌། འགའ་ཞིག་ཉན་ཐོས་ཀྱི་བྱང་ཆུབ་ཏུ་བགྲོད་པའི་ལམ་དང༌། འགའ་ཞིག་ཡི་དྭགས་དང༌། དུད་འགྲོ་དང༌། ལྷ་དང༌། མི་རྣམས་དང༌། དམྱལ་བ་ལ་སོགས་པར་འགྲོ་བའི་ལམ་དེ་དག་ལ་མཁྱེན་པ་ཆགས་ཐོགས་མེད་ཅིང་མཐའ་ཡས་པ་འཇུག་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སུ་འདོད་དོ། །བདུན་པ་ནི། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་རྒྱུད་ཀྱི་བྱེ་བྲག་ཐ་དད་པའི་བསམ་གཏན་རྣམས་དང༌། རྣམ་ཐར་བརྒྱད་པོ་གང་དང༌། ཞི་གནས་གང་དག་དང༌། སྙོམས་འཇུག་གི་ཁྱད་པར་གང་དག་གཅིག་དང་བརྒྱད་དུ་གྱུར་པ་དེ་ལ་མཁྱེན་པ་ཐོགས་མེད་དུ་འཇུག་པ་འདི་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་སུ་བཤད་དོ། །བརྒྱད་པ་ནི། ཇི་སྲིད་གཏི་མུག་རྒྱུད་ལ་ཡོད་པ་དེ་སྲིད་པར་གནས་པ་འདས་པའི་གནས་སྐབས་ཀྱི་བདག་དང་སེམས་ཅན་གཞན་རེ་རེའི་སྲིད་པར་སྔར་འདས་པ་ཇི་སྙེད་པ་དེ་ཉིད་ཀྱི་གཞི་དང་བཅས་པ་གྲྭ་ཡུལ་ཕྱོགས་དང་བཅས་པ་རྣམས་ལ་མཁྱེན་པའི་བློ་ཐོགས་མེད་དུ་འཇུག་པ་གང་དང་གང་ཡིན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མཁྱེན་པའི་སྟོབས་སུ་བཤད་དོ། །དགུ་པ་ནི། ནམ་མཁའི་མཐར་ཐུག་པའི་འཇིག་རྟེན་གྱི་ཁམས་ལ་གནས་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་དེ་རེ་རེའི་འཆི་འཕོ་དང༌། སྐྱེ་བ་གང་དག་རབ་ཏུ་བཀྲ་ཞིང་མང་བ་དེ་ལ་མཁྱེན་པ་དུས་སྐད་ཅིག་མ་གཅིག་ལ་ཡུལ་དེར་འཇུག་པ་ཡིས་ན་ཡུལ་མཐའ་ཡས་པ་ལ་མ་ཆགས་རྣམ་པ་ཀུན་ཏུ་ཡོངས་སུ་དག་པ་དེ་ནི་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་སུ་བཤད་དོ། །བཅུ་པ་ནི། རྣམ་ཀུན་མཁྱེན་པའི་སྟོབས་ཀྱིས་རྒྱལ་བ་རྣམས་ཉོན་མོངས་པ་བག་ཆགས་དང་བཅས་པ་དག་ནི་མྱུར་དུ་འཇིག་པ་སྟེ་སྤངས་བར་གྱུར་བའི་འགོག་པ་དང༌། སློབ་མ་ལ་སོགས་པའི་བློ་ཡིས་ཉོན་མོངས་འགོག་པ་གང་ཡིན་པ་དེ་ལ་མཁྱེན་པ་ཆགས་པ་མེད་ཅིང་མཐའ་ཡས་པ་འཇུག་པ་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་སུ་འདོད་དོ། །གཉིས་པ་གསལ་བའི་དབྱེ་བ་བརྗོད་མི་ནུས་པར་བསྟན་པ་ནི། འདབ་ཆགས་ཀྱི་དབང་པོ་ནམ་མཁའ་ལྡིང་འདབ་གཤོག་ཡངས་པའི་རླུང་ཤུགས་ཀྱིས་ཕ་རོལ་གནོན་པ་ཐོབ་པ་ཡང་ནམ་མཁའ་མེད་པས་ལྡོག་པར་མི་འགྱུར་གྱི་འདི་ནི་རང་གི་མཐུ་སྟོབས་ཟད་པས་ལྡོག་པར་འགྱུར་བ་དེ་བཞིན་དུ་སློབ་ཉན་ཐོས་རང་སངས་རྒྱས་དང་བཅས་པ་དང་སངས་རྒྱས་ཀྱི་སྲས་རྣམས་སངས་རྒྱས་ཀྱི་ཡོན་ཏན་ནམ་མཁའ་ལྟར་མཐའ་ཡས་པ་བརྗོད་མི་ནུས་པས་ལྡོག་པར་འགྱུར་གྱི་ཡོན་ཏན་ཡོངས་སུ་ཟད་པས་མ་ཡིན་ནོ། །སངས་རྒྱས་མ་གཏོགས་པ་གཞན་གྱིས་ཤེས་པ་དང་བརྗོད་པར་མི་ནུས་པ་དེའི་ཕྱིར་མ་རིག་པས་བློ་མིག་མདོངས་པ་བདག་འདྲ་བས་ཁྱོད་ཀྱི་ཡོན་ཏན་འདི་དག་ཤེས་པ་དང་བརྗོད་པར་ནུས་པར་འགྱུར་རམ་སྟེ་མི་འགྱུར་རོ། །འོན་ཀྱང་ཡོན་ཏན་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བ་ལ་སོགས་པ་ལས་བཤད་པའི་ཕྱིར་ཡོད་མེད་ཀྱི་དོགས་པ་སྤངས་ཏེ་ཐེ་ཚོམ་མེད་པར་ཅུང་ཟད་ཙམ་ཞིག་སྨྲས་སོ། །གསུམ་པ་ཡོན་ཏན་གྱི་རིགས་གཉིས་སུ་བསྡུ་བ་ནི། མདོར་ན་བསྟན་བཅོས་འདིས་ཡོན་ཏན་ཟབ་པ་དང་རྒྱ་ཆེ་བ་གཉིས་བསྟན་ཏེ། ཟབ་མོ་ནི་སྟོང་པ་ཉིད་ཡིན་ལ། སྦྱིན་སོགས་ཡོན་ཏན་གཞན་རྣམས་ནི་རྒྱ་ཆེ་བའོ། །བསྟན་པའི་ཕན་ཡོན་ནི། ཟབ་པ་དང་རྒྱ་ཆེ་བའི་ཚུལ་ཤེས་པས་ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ། །གསུམ་པ་མཛད་པ་ཕྲིན་ལས་ལ་གསུམ། མཛད་པ་དང་མཛད་པ་པོ་སྦྱར་བ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པ་དང༌། ཐེག་གསུམ་དགོངས་པ་ཅན་དུ་བཤད་པའོ། །དང་པོ་ནི། ཆོས་ཀྱི་སྐུ་ལས་མི་གཡོ་བའི་སྐུ་མངའ་བ་བཅོམ་ལྡན་འདས་ཁྱོད་ཀྱིས་སྲིད་གསུམ་ལས་བརྒལ་དུ་ཟིན་ཀྱང་སླར་ཡང་སྲིད་པ་གསུམ་ན་གནས་པའི་དོན་དུ་བྱོན་ནས་ཐུགས་རྗེས་མྱ་ངན་ལས་འདས་པར་བཀྲི་བར་མཛད་དོ། །གང་ན་འཇིག་རྟེན་ཉོན་མོངས་དང་རྣམ་རྟོག་གིས་འདི་རབ་ཏུ་གཡོ་བའི་བག་ཆགས་ལ་སྤྱོད་པ་ཅན་མངོན་ཞེན་གྱི་རེ་བའི་ཞགས་པ་མང་པོས་བཅིངས་པ་མ་ལུས་པ་དག་གོ །གང་གིས་ན་བཅོམ་ལྡན་འདས་ཁྱོད་ཀྱིས་སོ། །གང་གི་སྒོ་ནས་ཤེ་ན། སྤྲུལ་པའི་སྐུ་རྣམས་ཀྱི་སྒོ་ནས་དགའ་ལྡན་གྱི་གནས་ནས་གཤེགས་པ་དང༌། ཤཱཀྱའི་རིགས་སུ་སྐུ་བལྟམས་པ་དང༌། བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་དང༌། མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་ཞི་བའི་ཆོས་ཀྱི་འཁོར་ལོའང་བསྐོར་བར་མཛད་པ་དེ་ལྟ་བུའི་རིམ་པའི་སྒོ་ནས་སོ། །གཉིས་པ་ནི། ཆོས་ཇི་ལྟ་བུ་སྟོན་པར་མཛད་ཅེ་ན། བཅོམ་ལྡན་འདས་ཁྱོད་ཀྱིས་གདུལ་བྱའི་འགྲོ་བ་ཐེག་པ་མི་མཉམ་དབྱེར་མེད་གཅིག་ཏུ་བསྟན་ཏོ། །ཐེག་པ་གཅིག་ཏུ་ངེས་པ་ཡང་གང་གི་ཕྱིར་ན། འཇིག་རྟེན་འདི་ན་དེ་ཁོ་ན་ཉིད་ཤེས་པ་ལས་དྲི་མ་མཐའ་དག་སེལ་བ་ལ་ལྷུར་བྱེད་པ་སྟེ་ནན་ཏན་བྱ་བ་འདི་ལས་ལྷག་པ་མེད་ལ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་ཡང་རྣམ་པར་འགྱུར་བ་དང་རང་བཞིན་ཐ་མི་དད་པའི་དབྱེ་བའང་རྟེན་པ་མིན་པས་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་བློ་གྲོས་འདི་ཡང་རང་བཞིན་ཐ་དད་དུ་འགྱུར་བ་མིན་པ་དེའི་ཕྱིར། ཡུལ་ལ་རང་བཞིན་ཐ་དད་པ་མེད་ཀྱང་རྟོགས་པ་ཐ་དད་པ་ཅི་འགལ་ཞེ་ན། ཡུལ་རང་བཞིན་ཐ་དད་པ་ལ་རྟོགས་པ་ཐ་དད་ན་ཤེས་པ་དང་ཤེས་བྱ་རྣམ་པ་མི་མཐུན་པས་ཡེ་ཤེས་ཀྱིས་ཡུལ་ཇི་ལྟར་བ་བཞིན་རྟོགས་པར་མི་འགྱུར་རོ། །ཐེག་པ་དབྱེར་མེད་པ་ཡང༌། ཇི་སྐད་དུ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདའ་བ་ཡིན་ལ་དེ་ཡང་གཅིག་ཡིན་གྱི་གཉིས་དང་གསུམ་ནི་མ་ཡིན་ནོ་ཞེས་པ་དང༌། ལངྐར་གཤེགས་པ་ལས། བྱིས་པ་རྣམས་ནི་དྲང་བའི་ཕྱིར། །ང་ཡིས་ཐེག་པའི་དབྱེ་བ་བརྗོད། །ཐེག་པ་རྣམ་བཞག་ཡོད་མ་ཡིན། །ང་ཡིས་ཐེག་པ་གཅིག་ཏུ་བརྗོད། །ཅེས་པ་དང༌། དཔེར་མེད་པར་བསྟོད་པ་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེས་སོ། །དེས་ན་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་བོ། །ཅིའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་ཞེ་ན། སྒྲིབ་པ་མ་ལུས་པ་སྤངས་པའི་ཡེ་ཤེས་མངའ་བས་བཅོམ་ལྡན་འདས་ནི་ཆེན་པོ་ཡིན་ལ་དེའི་ཐེག་པ་ཡིན་པས་ཐེག་པ་ཆེན་པོའོ། །ཡང་ན་ཐེག་པ་ཡང་ཡིན་ལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མངའ་བའི་བཅོམ་ལྡན་འདས་བཞུགས་པར་གྱུར་པས་ཐེག་པ་ཆེན་པོའོ། །གསུམ་པ་ཐེག་གསུམ་དགོངས་པ་ཅན་དུ་བསྟན་པ་ནི། བགྲོད་བྱའི་མྱ་ངན་ལས་འདས་པ་གཅིག་ཁོ་ན་ཡིན་ན་ཇི་ལྟར་ན་ཉན་རང་གི་ཐེག་པས་ཀྱང་མྱ་ངན་ལས་འདས་པར་བསྟན་ཅེ་ན། གང་གི་ཕྱིར་འགྲོ་བ་ལ་ཐེག་ཆེན་ལ་ལྷག་པར་མོས་པ་འཇོམས་པའི་ཉེས་པ་སྐྱེད་བྱེད་ཀྱི་སྙིགས་མ་ལྔ་པོ་འདི་དག་ཡོད་པར་འགྱུར་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་བླ་ན་མེད་པ་ལ་མོས་པའང་འགོག་པར་བྱེད་པ་དེའི་ཕྱིར་འཇིག་རྟེན་རྣམས་སངས་རྒྱས་ཀྱི་སྤྱོད་ཡུལ་གཏིང་ཟབ་པས་ཐེག་པ་ཆེན་པོ་ལ་འཇུག་པར་མི་འགྱུར་ལ། བདེར་གཤེགས་རྣམས་འགྲོ་བ་སྣོད་མིན་པ་ཙམ་གྱིས་ཡལ་བར་མི་འདོར་ཏེ། གང་གི་ཕྱིར་འགྲོ་བ་རྣམས་གདུལ་བའི་ཐབས་རྟོགས་པས་མཁྱེན་རབ་དང༌། ཐུགས་རྗེ་ཐབས་དང་ལྷན་ཅིག་པ་མངའ་བའི་ཕྱིར་དང༌། བདག་གིས་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་བྱའོ་ཞེས་ཁྱོད་ཀྱིས་ཞལ་གྱིས་བཞེས་པའི་ཕྱིར་དང༌། ཞལ་གྱིས་བཞེས་པ་ཡང་རྣམ་པ་གཞན་གྱི་སྒོ་ནས་གདོན་མི་ཟ་བར་སྒྲུབ་དགོས་པའི་ཕྱིར། འགྲོ་བ་རྣམས་ཐེག་ཆེན་ལ་འཇུག་པའི་གེགས་དུ་མ་ཡོད་ཅིང༌། དེ་དག་ཀྱང་མྱང་འདས་ལ་འགོད་དགོས་པ་དེའི་ཕྱིར། དེད་དཔོན་ཐབས་ལ་མཁས་པ་རིན་པོ་ཆེའི་གླིང་དུ་ཆས་པས་སྐྱེ་བོའི་ཚོགས་ཀྱི་ངལ་བ་ཉེ་བར་སེལ་བའི་དོན་དུ་ལམ་དུ་གྲོང་ཁྱེར་ཡིད་དུ་འོང་བ་རྣམ་པར་བཀོད་ནས་རིན་པོ་ཆེའི་གླིང་དུ་རིམ་གྱིས་ཁྲིད་པ་ལྟར། བཅོམ་ལྡན་འདས་ཁྱོད་ཀྱིས་ཉན་རང་གི་ཐེག་པ་འདི་ནི་མཐར་ཐུག་གི་ཐེག་པ་ཐོབ་པའི་ཐབས་སུ་སློབ་མ་སོགས་ཀྱི་རིགས་ཅན་རྣམས་ཀྱི་ཉེ་བར་ཞི་བ་མྱ་ངན་ལས་འདས་པའི་ཚུལ་ལ་ཐོག་མར་ཡིད་སྦྱར་ཞིང༌། འཁོར་བ་ལས་རྣམ་པར་དབེན་པ་རྟེན་འབྲེལ་ལ་བློ་སྦྱངས་པ་རྣམས་ལ་ཐེག་པ་ཆེན་པོ་ལོགས་སུ་གསུངས་སོ། །ཉོན་མོངས་པ་སྤངས་པ་ཐོབ་པ་རྣམས་ལ་ཕྱིས་ནས་ཐེག་ཆེན་བསྟན་ཏེ་ཚོགས་བསགས་ནས་རྣམ་མཁྱེན་ཐོབ་པར་བྱ་དགོས་པས་སོ། །བཞི་པ་དུས་ཀྱི་སྒོ་ནས་བསྔགས་པ་ལ་གཉིས་ཏེ། མངོན་པར་བྱང་ཆུབ་པ་བརྙེས་པའི་དུས་དང༌། བརྙེས་ནས་གཞན་དོན་ལ་བཞུགས་པའི་དུས་སོ། །དང་པོ་ནི། བདེ་བར་གཤེགས་པ་མ་ལུས་པའི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མ་ལུས་པ་སངས་རྒྱས་ཀྱི་ཡུལ་གཞན་དག་ན་ཕྲ་རབ་ཀྱི་རྡུལ་གྱི་གྲངས་བདོག་པར་གྱུར་པ་ཅི་སྙེད་པ་དེ་སྙེད་ནི། སྤྲུལ་པའི་སྐུར་འབྱུང་བའི་རྒྱུ་བྱང་ཆུབ་མཆོག་རབ་སྟེ་ཆོས་སྐུ་དམ་པར་གཤེགས་པའི་བསྐལ་པའང་དེ་སྙེད་དེ། འོན་ཀྱང་བཅོམ་ལྡན་འདས་ཁྱོད་ཀྱིས་གསང་བ་འདི་ནི་སྔོན་དགེ་བ་མ་བསགས་པ་དག་གིས་མོས་པར་དཀའ་བས་དེ་དག་ལ་བསྙེད་པར་བགྱི་བ་མ་ལགས་སོ། །དེ་དག་ལ་མོས་པ་ལ་བསོད་ནམས་གཞལ་དུ་མེད་པའི་ཕྱིར་བཤད་དོ། །གཉིས་པ་ལ་གསུམ་སྟེ། ཐུགས་རྗེའི་དབང་གིས་རྟག་ཏུ་བཞུགས་པར་བསྟན་པ་དང༌། ཐུགས་རྗེའི་རང་བཞིན་བསྟན་པ་དང༌། མྱ་ངན་ལས་མི་འདའ་བར་བསྟན་པའོ། །དང་པོ་ནི། གཞན་དོན་དུ་དུས་ཅི་ཙམ་བཞུགས་ཤེ་ན། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཏུ་ཞི་བ་མྱ་ངན་ལས་འདས་པར་འགྲོ་བ་མིན་ཞིང་ནམ་མཁའ་རྣམ་པར་འཇིག་པར་འགྱུར་བ་མིན་པ་དེ་སྲིད་དུ་ཞི་བར་འགྱུར་བ་ག་ལ་མངའ་སྟེ་ཤེས་རབ་ཀྱི་ཕར་ཕྱིན་གྱི་ཡུམ་གྱིས་བསྐྱེད་ཅིང་ཐུགས་རྗེ་མ་མའི་ཚུལ་དུ་བསྐྱེད་པ་སྟེ་དེ་ལ་གཏོད་པའི་ཕྱིར་རོ། །གཉིས་པ་ནི། སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་དུ་འཇུག་པའི་སངས་རྒྱས་ཀྱི་ཐུགས་རྗེ་ཅི་འདྲ་བ་ཞིག་ཅེ་ན། གཏི་མུག་གི་སྐྱོན་གྱིས་འཇིག་རྟེན་ཁ་ཟས་དུག་བཅས་དང་འདྲ་བའི་འདོད་པའི་ཡོན་ཏན་ཟ་ཞིང་སྤྱོད་པའི་སྐྱེ་བོ་ཐུབ་པ་ཉིད་ཀྱི་ནང་མི་ལྟ་བུར་གྱུར་པ་དེ་དག་ལ་ཐུགས་བརྩེ་བ་ཇི་ལྟ་བ་དེ་ལྟར་དུག་ཟོས་ཉེན་པའི་བུ་གཅིག་པུ་ལ་མའི་སྡུག་བསྔལ་དེ་ཙམ་འབྱུང་བ་མིན་ནོ། །དེས་ན་མགོན་པོ་ཁྱོད་ཐུགས་རྗེའི་དབང་གིས་མཆོག་ཏུ་རབ་ཏུ་ཞི་བར་གཤེགས་པར་འགྱུར་བ་མ་ལགས་སོ། །གསུམ་པ་ནི། བཅོམ་ལྡན་འདས་ཁྱོད་ལ་མྱ་ངན་འདའ་བ་མི་མངའ་བ་སྟེ། ཐུགས་རྗེས་ཁྱོད་ཀྱི་ཐུགས་ཞི་བ་ལས་བཟློག་པས་སོ། །ཅིའི་ཕྱིར་བཟློག་ཅེ་ན། འཇིག་རྟེན་ཐུགས་བརྩེའི་ཡུལ་དུ་རབ་ཏུ་དོང་བས་སོ། །དེ་ཡང་གང་གི་ཕྱིར་ན། མི་མཁས་པ་ལས་འབྲས་ཀྱི་དངོས་པོར་ཞེན་པ་དང༌། ལས་འབྲས་ཀྱི་དངོས་པོ་མེད་པར་མངོན་པར་ཞེན་པའི་བློ་ཅན་གྱིས་སྐྱེ་བ་དང་འཇིག་པའི་གནས་སྐབས་དང༌། སྡུག་པ་དང་བྲལ་བ་དང་མི་སྡུག་པ་དང་ཕྲད་པས་སྐྱེད་པའི་སྡུག་བསྔལ་ཉམས་སུ་མྱོང་བ་དང༌། དམྱལ་བ་ལ་སོགས་པ་སྡིག་ཅན་གྱི་འགྲོ་བ་ཐོབ་པ་དེའི་ཕྱིར་རོ། །བསྟན་བཅོས་རྫོགས་པའི་བྱ་བ་བསྟན་པ་ལ་ལྔ་སྟེ། བསྟན་བཅོས་ཇི་ལྟར་བརྩམ་པའི་ཚུལ། ལུགས་ཐུན་མོང་མ་ཡིན་པར་བསྟན་པ། བསྟན་བཅོས་བརྩམས་པའི་དགོས་པ། གཞན་གཞུང་འདོར་བ་ལ་གདམས་པ། བརྩམ་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ནི། སྔར་བཤད་པའི་དབུ་མའི་ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས་རྩ་བ་ཤེས་རབ་ལ་སོགས་པའི་དབུ་མའི་བསྟན་བཅོས་ལས་བཏུས་ནས་མདོ་སྡེ་ལ་སོགས་པའི་ལུང་ཇི་ལྟ་བ་བཞིན་དང༌། འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་མན་ངག་ཇི་ལྟ་བ་བཞིན་བརྗོད་པ་ཡིན་པས་ན་རང་བཟོའི་ཉེས་པ་མེད་དོ། །གཉིས་པ་ནི། ཇི་ལྟར་དབུ་མའི་བསྟན་བཅོས་འདི་ལས་གཞན་ན་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཕྱིན་ཅི་མ་ལོག་པར་བརྗོད་པ་མེད་པ་དེ་བཞིན་དུ་བསྟན་བཅོས་འདིར་འབྱུང་བའི་དབུ་མའི་ལུགས་སྔར་བཤད་པ་དག་ཀྱང་གཞན་ན་མེད་ཅེས་མཁས་པ་རྣམས་ཀྱིས་ངེས་པར་མཛོད་ཅིག །གསུམ་པ་ནི། བསྟན་བཅོས་རྩོམ་པ་པོའི་སྐྱེ་བོ་གནས་བརྟན་དབྱིག་གཉེན་ལ་སོགས་པས་ཤིན་ཏུ་ཟབ་པའི་འཕགས་པའི་བློ་གྲོས་ཀྱི་རྒྱ་མཚོ་མཐའ་རྟོགས་པར་དཀའ་བས་ཤིན་ཏུ་རྒྱ་ཆེ་བའི་ཁ་དོག་གིས-འཇིགས་པས་དངོས་པོར་སྨྲ་བའི་སྐྱེ་བོས་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཀླུ་སྒྲུབ་ཀྱི་ལུགས་བཟང་གང་དག་རྒྱང་རིང་དུ་སྤངས་པས་དེ་དག་གི་ལོག་པར་རྟོག་པ་བཟློག་ནས་ཀླུ་སྒྲུབ་དེའི་དབུ་མ་རྩ་བའི་ཚིག་ལེའུར་བྱས་པའི་ཀུ་མུད་ཏ་ཁ་འབུས་པ་ཟླ་བ་གྲགས་པའི་བློ་གྲོས་ཀྱི་བསིལ་ཟེར་གྱིས་རབ་ཏུ་ཕྱེ་བའི་ཆུས་ད་ལྟར་སྐྱེ་བོ་དུ་མ་ལ་ཐོས་བསམ་ལ་སོགས་པས་རེ་འདོད་སྐོང་བར་བྱེད་དོ། །བཤད་ཟིན་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་ཟབ་མོ་འཇིགས་སུ་རུང་བ་འདི་ནི་སྔོན་སྟོང་པ་ཉིད་ལ་གོམས་པའི་སྐྱེ་བོ་འགའ་ཡིས་རྒྱུ་ཡི་སྟོབས་ཉིད་ལས་ངེས་པར་རྟོགས་པར་འགྱུར་བ་ཡིན་གྱི་ཟབ་མོ་འདི་ནི་སྟོང་པ་ཉིད་ལ་ལྷག་པར་མོས་པའི་ས་བོན་དང་བྲལ་བས་དབྱིག་གཉེན་ལ་སོགས་པའི་སློབ་དཔོན་གཞན་གྱིས་གསན་རྒྱ་ཆེ་ཡང་ཐུགས་སུ་ཆུད་པར་མི་འགྱུར་རོ། །དེའི་ཕྱིར་དབུ་མའི་གཞུང་ལུགས་འདི་ལས་གཞན་པའི་གཞན་ལུགས་ཀྱི་བཞེད་གཞུང་ངོ་བོ་ཉིད་གསུམ་ལ་སོགས་པའི་ཚུལ་ལུགས་རང་གི་རྟོག་པའི་བློས་སྦྱར་བ་དེ་དག་མཐོང་ནས་བདག་བརྗོད་བྱར་བྱེད་པའི་མུ་སྟེགས་པའི་གཞུང་ལུགས་ལྟར་དུ་དགའ་བའི་བློ་དོར་བར་བྱའོ། །དེས་ན་འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་གཞུང་སྟོང་པ་ཉིད་ཀྱི་ལྟ་བ་ལྷག་པར་མོས་པ་ལ་ཡ་མཚན་པར་རྟོགས་པར་བྱའོ། །ལྔ་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་བཟང་པོ་བདེན་གཉིས་ཕྱིན་ཅི་མ་ལོག་པར་བསྙེད་པ་ལས་ཟླ་བ་གྲགས་པ་བདག་གིས་བསོད་ནམས་གང་ཞིག་ཐོབ་པ་དེས་འཇིག་རྟེན་མ་ལུས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་རྟོགས་ནས་མྱུར་དུ་བདེ་བར་གཤེགས་པའི་ས་ཀུན་དུ་འོད་དེར་བགྲོད་པར་ཤོག བསོད་ནམས་ཇི་ལྟ་བུ་ཞེ་ན། ཕྱོགས་ཀྱི་མཐའ་མ་ལུས་པ་ལ་ཁྱབ་པས་མཐའ་ཡས་པ་དང༌། ཉོན་མོངས་པ་རྣམས་ཀྱིས་དྲི་མ་ཅན་དུ་བྱས་པ་ཁ་དོག་སྔོ་བ་ཡིད་ཀྱི་ནམ་མཁར་བསོད་ནམས་སྟོན་ཀའི་རྒྱུ་སྐར་ལྟར་དཀར་བའམ་ཉོན་མོངས་པ་དང་རྣམ་རྟོག་གི་དུག་གིས་དཀྲིས་པའི་སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་བུ་དང་འདྲ་བར་རྣམ་པར་མི་རྟོག་བཞིན་དུ་དགོས་འདོད་འབྱུང་བའོ། །སློབ་དཔོན་ཟླ་བ་གྲགས་པ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ་རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་ཞེན་བཟློག་པར་མཛད་པས་སྦྱར་བའི་དབུ་མ་ལ་འཇུག་པའི་རྣམ་བཤད་དོ།། །།གསུམ་པ་འགྱུར་བྱང་ལོ་ཙཱ་བའི་འགྱུར་བཤད་པ་ནི། ཁ་ཆེའི་ཡུལ་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་གཙུག་ལག་ཁང་དུ། ཁ་ཆེའི་རྒྱལ་པོ་དཔལ་འཕགས་པ་ལྷའི་སྐུ་རིང་ལ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པ་ལྟར་བསྒྱུར། ཕྱིས་ལྷ་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ། བོད་དུ་འཆད་ཉན་གྱིས་གཏན་ལ་ཕབ་པའོ།། །།བདེ་གཤེགས་བསྟན་པ་ཡན་ལག་བརྒྱད་ལྡན་ཟབ་ཅིང་གཏིང་དཔག་དཀའ་བ་ཤེས་བྱའི་མཚོ། །འཕགས་པ་ཀླུ་ཡི་དབང་པོའི་མཁྱེན་རབ་མཐུ་ཡིས་ལེགས་པར་བསྲུབས་པ་ལས་འཐོན་པའི། །རིགས་པའི་འོད་ཟེར་བརྒྱ་ལྡན་ངོ་བོ་ཉིད་མེད་སྨྲ་བའི་རིང་ལུགས་འདབ་བརྒྱའི་གཉེན། །མཐའ་དག་འགྲོ་བར་ལམ་བཟང་སྟོན་པ་མཆོག་གི་གསུང་རབ་དེ་ཉིད་ལྟ་བའི་མིག །འཕགས་པའི་ཡུལ་གྱི་ཤིང་རྟ་ཆེ་རྣམས་ཀྱིས་ཀྱང་ཇི་བཞིན་མ་རྟོགས་ཟབ་མོའི་དོན། །ཡང་དག་དམ་ཆོས་འོད་ཟེར་སྣང་བས་སྤྲོས་པའི་མུན་པ་ཀུན་སེལ་ཉི་མ་གྲགས། །དེ་ཡི་གསུང་གི་འོད་ཟེར་ལས་སྐྱེས་ཡེ་ཤེས་འབྱུང་གནས་འོད་ཀྱི་མན་ངག་ཆུ་བོའི་རྒྱུན། །རིམ་པར་བརྒྱུད་པའི་མན་ངག་ཟབ་མོའི་བདུད་རྩིས་བློ་གྲོས་མཆོག་ཏུ་རབ་རྒྱས་པ། །མཁྱེན་རབ་རྒྱ་མཚོའི་བདག་ཉིད་བླ་མ་བརྒྱུད་པའི་ལེགས་བཤད་རྨད་བྱུང་མང་དུ་ཐོས་པའི་མཐུས། །མུ་མཐའ་ཡས་པའི་གསུང་རབ་ནགས་ཀྱི་ཚལ་ན་སྤོབས་པའི་རླབས་ཕྲེང་ཆེར་གཡོ་བ། །སྒྲུབ་དང་སུན་འབྱིན་དྲེགས་པའི་ང་རོས་ཕས་རྒོལ་གླང་པོ་དག་གི་སྤོབས་པ་འཕྲོག་བྱེད་ཅིང༌། །ཕ་རོལ་རྣམ་པར་གནོན་པར་དྲེགས་པའི་ཤུགས་འཚང་བཟོད་པར་དཀའ་བའི་ཀླུ་སྒྲུབ་རིགས་ཚུལ་གདོང་ལྔ་བ། །སྨྲ་བའི་དབང་པོ་ཤེས་བྱ་ཀུན་རིག་བློ་ཡིས་བླ་མའི་མན་ངག་ལ་བརྟེན་ནས། །མཁྱེན་པའི་ཟླ་བ་རབ་རྒྱས་ཀླུ་སྒྲུབ་གསུང་རབ་ཀུན་དགའ་ཚལ་རབ་རྒྱས་བྱེད་ཅིང༌། །དངོས་པོར་སྨྲ་བ་མཁས་པའི་ཚོགས་རྣམས་སྤོབས་པ་འཕྲོག་བྱེད་རིགས་པའི་འོད་འབྱིན་པ། །རབ་དཀར་གྲགས་པའི་འོད་ཟེར་རབ་གསལ་དེ་ཡི་གསུང་རབ་དོན་ཟབ་ཕུལ་འབྱུང་འདི། །ཚུལ་བཞིན་བཤད་པའི་དགེ་བ་སྟོན་ཀའི་ཟླ་ལྟར་རབ་དཀར་གང་ཞིག་ཐོབ་པ་དེས། །སྡུག་བསྔལ་རླབས་ཕྲེང་སྲིད་རྩེའི་བར་དུ་རྣམ་པར་གཡོ་བའི་སྲིད་མཚོར་གང་གནས་པ། །ལེགས་བཤད་ཆུ་བོ་མི་ཟད་གཏེར་བྱུང་ཀུན་མཁྱེན་ཟབ་མོའི་རྒྱ་མཚོར་འཇུག་གྱུར་ཅིང༌། །ལྟ་བ་ངན་པའི་མུན་པ་ཀུན་བསལ་བདེར་གཤེགས་བསྟན་པ་ཉིན་མོར་བྱེད་གྱུར་ཅིག །དབུ་མ་ལ་འཇུག་པའི་རྣམ་བཤད་ངེས་དོན་རྣམ་ངེས་ཞེས་བྱ་བ་འདི་ནི། རང་གི་སློབ་མ་དུ་མས་ཡོངས་སུ་བསྐུལ་བའི་ངོར། འཆད་པ་དང༌། རྩོད་པ་དང༌། རྩོམ་པའི་ཚུལ་ལ་སྤོབས་པ་དགེ་བ་ཅན། ཤར་རྒྱལ་མོ་རོང་པ་རོང་སྟོན་ཤེས་བྱ་ཀུན་རིག་གིས་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་དཔག་ཏུ་མེད་པར་ཐོགས་པར་གྱུར་ཅིག། །།ཤུ་བྷཾ།«་་་་་ཆད་མིན་གྱི་དོགས་གཞི་མང་པོ་མཆིས་ཀྱང༌། མ་དཔེ་གཅིག་ལས་མ་རྙེད་ཅིང་དུས་སྐབས་ཀྱི་རྐྱེན་པས་རྩ་འགྲེལ་བསྡུར་རྒྱུའང་མ་བྱུང་བས་བརྟག་དཔྱད་མཛད་དགོས་པ་སྣང༌། མཆན།» འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply