བསོད་ནམས་ཡེ་ཤེས་ལས་བྱུང་བ། །ཞེས་གསུངས་པ་ལྟར་རོ། །འབྲས་བུ་ནི་མ་དག་པ་རྣམས་ཀྱི་ནི་འཁོར་བས་བསྡུས་པ་ཡིན་ལ། དག་པའི་སྣང་བ་རྣམས་ནི་མྱང་འདས་རྒྱུ་འབྲས་དང་བཅས་པ་རྣམས་སོ། །གཉིས་པ་དོན་དམ་གྱི་འདོད་ཚུལ་ལ། ཐམས་ཅད་ཀྱང་སྤྲོས་བྲལ་དུ་འདོད་པ་ལ་ཁྱད་པར་ཡོད་པ་མ་ཡིན་ལ། ངོས་བཟུང་བའི་ཚུལ་ལ་འཕགས་པའི་ཡུལ་གྱི་དབུ་མ་པ་རྣམས་ནི་ཕལ་ཆེར་མཐུན་ལ། བོད་ཀྱི་སློབ་དཔོན་རྣམས་ནི་འགའ་ཞིག་མ་ཡིན་དགག་སྒྱུ་མ་ལྟ་བུར་འདོད་དེ། སྣང་བ་འདི་ལ་དཔྱད་ན་རང་བཞིན་མེད་ཅིང་མ་དཔྱད་ན་སྣང་བ་ཙམ་དུ་ཡོད་པས་སྒྲོ་སྐུར་དང་བྲལ་བའི་སྣང་སྟོང་ཟུང་དུ་འཇུག་པ་དེ་ཉིད་དབུ་མ་ཡིན་ལ། སྣང་བ་རང་བཞིན་གྱིས་སྟོང་པ་ཉིད་དོན་དམ་ཡིན་པའི་ཕྱིར་ཞེས་ཟེར་རོ། །འགའ་ཞིག་ནི་མེད་དགག་ཏུ་འདོད་དེ། མདོ་ལས་གང་གིས་དངོས་རྣམས་དངོས་མེད་ཤེས་གྱུར་པ། །གང་ཞིག་དངོས་པོ་ཀུན་ལ་གནས་ཀྱང་ཆགས་མེད་པ། །དེ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་རེག །ཅེས་འབྱུང་བས་སོ་ཞེས་འདོད་དེ། མཐར་ཐུག་དཔྱོད་པའི་རིགས་པ་ལ་ལྟོས་ནས་སྒྱུ་མ་ལྟ་བུ་ཡིན་ལ། ཐ་སྙད་དཔྱོད་པའི་རིགས་པ་ལ་ལྟོས་ནས་ནི་ཕྱི་མ་ཉིད་ལེགས་སོ། །ཡོངས་གཅོད་དུ་གྲུབ་པར་འདོད་པ་ནི་མི་རིགས་ཏེ། ཆོས་ཉིད་ནི་རྣམ་གཅོད་ཙམ་དུ་ཤེས་བྱ་ཡིན་གྱི། ཡོངས་གཅོད་དུ་ཤེས་བྱ་མ་ཡིན་པའི་ཕྱིར་རོ། །རང་ལུགས་ནི་ཆོས་ཅན་སྣང་བ་འདི་དག་གདོད་མ་ནས་ངོ་བོ་ཉིད་ཀྱིས་མ་གྲུབ་པ་དེ་ཉིད་ལ་ཆོས་ཉིད་དོན་དམ་པ་ཞེས་བརྗོད་པ་ཡིན་གྱི་ཆོས་ཅན་དང་ཆོས་ཉིད་འབྲས་དང་འབྲས་ཀྱི་ཤུན་པ་ལྟ་བུར་འདོད་པས་ནི་དོན་འདི་ཁོང་དུ་མ་ཆུད་དོ། །མ་ཡིན་དགག་དང་མེད་དགག་ཏུ་འདོད་པ་དག་གིས་མིང་གི་ཕྱོགས་རེ་ཙམ་ལ་མངོན་པར་ཞེན་པ་ཟད་དོ། །དབྱེ་བ་ལ་དོན་དམ་ནི་ནམ་མཁའ་ལྟར་ཀུན་ཏུ་རོ་གཅིག་པས་དབྱེ་བ་ཡོད་པ་མ་ཡིན་ལ། ཀུན་རྫོབ་ལ་འཇིག་རྟེན་དུ་ཡང་དག་པ་དང་ལོག་པ་ཞེས་གྲགས་པའི་རྗེས་སུ་འབྲངས་ནས་འཁྲུལ་པའི་རྒྱུས་བསླད་པའི་དབང་པོ་ཡུལ་དང་བཅས་པ་ལ་ལོག་པའི་ཀུན་རྫོབ་དང༌། གཅིག་ཤོས་ལ་ཡང་དག་པའི་ཀུན་རྫོབ་ཅེས་འཇོག་པར་བྱེད་དོ། །ཀུན་རྫོབ་ནི་འཇིག་རྟེན་པའི་ཚུལ་ལ་བརྟེན་པ་ཡིན་ལ། འཇིག་རྟེན་ན་འཁྲུལ་ནས་དུང་སེར་པོར་མཐོང་ཞེས་ཡུལ་ཡུལ་ཅན་གཉིས་ཀ་ལ་ལོག་པའི་ཐ་སྙད་བྱེད་ཀྱི་ཡུལ་ནི་ལོག་པ་ཡིན་ལ། ཡུལ་ཅན་ནི་ཡང་དག་ཡིན་ཞེས་ཐ་སྙད་བྱེད་པ་ནི་མེད་དོ་ཞེས་འདོད་དོ། །ཚུལ་གཞན་གྱི་སྒོ་ནས་དབྱེ་ན། ཀུན་རྫོབ་ཀྱི་བདེན་པ་དང༌། ཀུན་རྫོབ་ཙམ་གཉིས་སུ་འགྱུར་ཏེ། སོ་སོ་སྐྱེ་བོ་རྣམས་ཀྱིས་སྣང་བ་ཙམ་དེ་ལ་བདེན་པར་ཞེན་པའི་ཕྱིར་དང༌། འཕགས་པའི་རྗེས་ཀྱི་ཤེས་པས་སྣང་ཡང་ཞེན་པ་མེད་པའི་དབྱེ་བས་སོ། །བདེན་པ་ཞེས་པ་ནི་ཀུན་རྫོབ་ཏུ་གནས་པ་དེ་ཉིད་བློ་འཁྲུལ་པའི་ངོར་བདེན་པར་སྣང་བས་དེ་སྐད་དུ་བརྗོད་ཀྱི་ཀུན་རྫོབ་ཀྱང་ཡིན་ལ་བདེན་པ་ཡང་ཡིན་པའི་གཞི་མཐུན་དུ་གནས་པས་ཀུན་རྫོབ་བདེན་པར་འཇོག་པ་ནི་མ་ཡིན་ཏེ། ཀུན་རྫོབ་ནི་བརྫུན་པའི་དོན་ཅན་ཡིན་པས་སོ། །ཀུན་རྫོབ་བདེན་པ་གཉིས་པོ་གང་གི་ནང་དུ་འདུ་ཞེ་ན། ཀུན་རྫོབ་བདེན་པར་འདུ་སྟེ། ཀུན་རྫོབ་ཙམ་དུ་གནས་ཀྱང་བདེན་འཛིན་གྱི་བློ་ངོར་བདེན་པར་སྣང་བའི་ཕྱིར། འོན་ཀྱང་རྗེས་ཀྱི་བདེན་ཞེན་ཡོད་མེད་ཀྱི་སྒོ་ནས་ཚུལ་གཞན་དུ་དབྱེ་བ་ཡིན་ནོ། །དེ་དག་གི་སྒྲུབ་བྱེད་བཤད་པ་ལ། ཀུན་རྫོབ་སྣང་ལ་རང་བཞིན་མེད་པར་བསྒྲུབ་པ་དང༌། དོན་དམ་སྤྲོས་བྲལ་དུ་བསྒྲུབ་པ་གཉིས་སོ། །དང་པོ་ལ། འགའ་ཞིག་ཀུན་རྫོབ་ཀྱི་རྣམ་པར་བཞག་པ་ཀུན་འཇིག་རྟེན་པའི་བློ་ལ་ལྟོས་ནས་བཞག་པས་འཇིག་རྟེན་པའི་བློས་འགྲུབ་པ་ཡིན་གྱི་རིགས་པ་མི་དགོས་ལོ། །འཇུག་པ་ལས་ཀྱང༌། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་པ་དང༌། འགྲེལ་པར། རྣམ་པར་དཔྱད་པ་བྱས་ན་འཇིག་རྟེན་པའི་ཆོས་ལས་ཉམས་པར་འགྱུར་རོ་ཞེས་གསུངས་སོ་ཞེས་འདོད་དོ། །སྣང་བ་ཙམ་འགྲུབ་ཀྱང་ཀུན་རྫོབ་ཏུ་མི་འགྲུབ་སྟེ། དེ་དག་གིས་སྣང་བ་དོན་དམ་དུ་སྒྲོ་འདོགས་པའི་ཕྱིར་རོ། །ལུང་དེ་དག་གི་དགོངས་པ་ནི་སྣང་བ་ཙམ་མི་འགོག་ཅེས་པའི་དོན་ཡིན་གྱི། ཀུན་རྫོབ་ཏུ་སྒྲུབ་པ་ལ་ནི་རིགས་པ་དགོས་ཏེ། རིགས་པས་བདེན་པ་མ་བཀག་ན་རྫུན་པའི་དོན་ཅན་དུ་མི་འགྲུབ་ཅིང༌། རྫུན་པའི་དོན་མ་ཡིན་པ་ཡང་ཀུན་རྫོབ་ཏུ་མི་རུང་བའི་ཕྱིར་རོ། །དེ་བས་ན་བདེན་པ་ཁེགས་ཤིང་སྣང་བ་ཙམ་ལུས་པ་དེ་ཉིད་སྣང་ལ་རང་བཞིན་མེད་པར་གྲུབ་པའི་ཕྱིར་ཀུན་རྫོབ་ཅེས་བྱའོ། །སྣང་ཙམ་ནི་མི་འགོག་སྟེ། བཞི་འགྲེལ་ལས། ཁོ་བོ་ཅག་གིས་རྣམ་པར་དཔྱད་པ་ནི་རང་བཞིན་ཚོལ་བ་ལྷུར་ལེན་པ་ཉིད་ཀྱི་ཕྱིར་ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི། མིག་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་ཅེས་གསུངས་སོ། །དེས་ན་ཀུན་རྫོབ་སྣང་ལ་རང་བཞིན་མེད་པ་སྒྲུབ་པའི་རིགས་པ་ལ་དངོས་པོ་བདེན་པ་འགོག་པ་དང༌། དངོས་མེད་བདེན་པ་འགོག་པ་གཉིས་ལས། དང་པོ་ལ། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ་དང༌། རྟེན་འབྲེལ་གྱི་རྟགས། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་རིགས་པ་རྣམས་ཏེ། དེ་དག་གིས་བདེན་པ་བཀག་ནས་སྣང་ལ་རང་བཞིན་མེད་པར་གཏན་ལ་འབེབས་པའི་ཕྱིར་རོ། །དངོས་མེད་བདེན་པ་འགོག་པའི་རིགས་པ་ནི་ཆོས་ཐམས་ཅད་སྐྱེ་མེད་དུ་བསྒྲུབ་པ་ན་བདེན་པའི་སྐྱེ་མེད་ཀྱི་རང་བཞིན་སྟོང་ཉིད་དེ་ཉིད་ཙམ་བདེན་པར་ཡོད་དོ་སྙམ་པའི་བདེན་འཛིན་བཟློག་པའི་ཆེད་དུ་འགོད་དོ། །དེ་ལ་རིགས་པས་དགག་པ་ནི། ཇི་སྐད་བཤད་པའི་རིགས་པས་ལྟོས་ས་མི་སྟོང་པ་ཡོད་པ་མ་ཡིན་པས་ལྟོས་ཆོས་སྟོང་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ལྟོས་ས་ཕ་རོལ་མ་གྲུབ་ན་ལྟོས་པ་ཚུལ་རོལ་ཡང་མི་གྲུབ་པ་བཞིན། དབུ་མ་རྩ་བ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པས་སོ། །མདོ་ལས། ཞིག་རྒྱུའི་དངོས་པོ་མ་གྲུབ་པས། དེ་ཞིག་པའི་སྟོང་ཉིད་ཀྱང་མ་གྲུབ་ཅེས་བྱ་བ་ཡིན་ནོ་ཞེས་ཟེར་རོ། །འོ་ན་སྟོང་རྒྱུའི་དངོས་པོ་མ་གྲུབ་པས་དེས་སྟོང་པའི་སྟོང་ཉིད་ཀྱང་མ་གྲུབ་པར་ཅིའི་ཕྱིར་ཁས་མི་ལེན། ཚུལ་འདི། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་གྲུབ། །ཅེས་རིགས་པས་ཀྱང་བསྟན་ཏོ། །རིགས་པ་འདི་ལ་ལྟོས་ནས་ནི། དོན་དམ་ཡང་སྒྱུ་མ་ལྟར་ཐ་སྙད་དུ་ཡོད་ཀྱང་དོན་དམ་པར་མ་གྲུབ་པས་ཀུན་རྫོབ་ལས་མ་འདས་ཏེ། མདོ་ལས། ཚེ་དང་ལྡན་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུའོ། །ཚེ་དང་ལྡན་པ་རབ་འབྱོར། སངས་རྒྱསཆོས་རྣམས་ཀྱང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུའོ། །ཞེས་བྱ་བ་ནས་རིགས་ཀྱི་བུ་གལ་ཏེ་མྱ་ངན་ལས་འདས་པ་བས་ཆེས་ལྷག་པའི་ཆོས་གཞན་ཞིག་ཡོད་ནའང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའོ་ཞེས་བྱ་བ་དང༌། དོན་དམ་བདེན་པ་རྨི་ལམ་འདྲ་བ་དང༌། །མྱ་ངན་འདས་པ་རྨི་ལམ་མཚུངས་པར་འཇུག །གང་གིས་མཁས་པ་དེ་ལྟར་མཚུངས་པར་འཇུག །དེ་ནི་ཡིད་ཀྱི་བདེན་པའི་མཆོག་ཏུ་བརྗོད། །ཅེས་པ་དང༌། འགོག་པའི་བདེན་པ་རྨི་ལམ་ཇི་བཞིན་ནོ། །མྱ་ལས་འདས་པ་རྨི་ལམ་ཇི་བཞིན་དུ། །གང་ལ་བྱང་ཆུབ་སེམས་དཔའ་གང་འཇུག་པ། །དེ་ནི་ངག་གི་བདེན་པ་དེ་ཞེས་བྱ། །ཞེས་གསུངས་སོ། །འོ་ན་མྱ་ངན་ལས་འདས་པ་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཀུན་རྫོབ་ཏུ་འགྱུར་རོ་ཞེ་ན། རིགས་པ་འདི་ལ་ལྟོས་ནས་ནི་འདོད་པ་ཁོ་ན་སྟེ། རིགས་པ་དྲུག་ཅུ་པའི་འགྲེལ་པར། ཅི་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེ་ན། དེ་དེ་བཞིན་ཏེ། འཁོར་བར་ཡོངས་སུ་རྟོགས་པ་ཡོད་ན་མྱ་ངན་ལས་འདས་པར་ཡོངས་སུ་རྟོགས་པའི་ཕྱིར་དང༌། དེ་གཉིས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཡིན་པའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་མ་ལས་གསུངས་པ། ཚེ་དང་ལྡན་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་སྨྲའོ། །ཤཱ་རིའི་བུ་མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་གཅིག་ཡོད་ནའང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་སྨྲའོ། །ཞེས་འབྱུང་ངོ༌། །གལ་ཏེ་འཁོར་བར་རྟོག་པ་ལ་ལྟོས་པ་མ་ཡིན་ན་སྒྱུ་མ་ལྟ་བུར་མི་འགྱུར་རོ། །དེ་བས་ན་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པར་བརྟག་པ་ཡིན་ནོ་ཞེས་སོ། །འོ་ན་དོན་དམ་རང་བཞིན་མེད་པར་འགྱུར་བས་ཆོས་རྣམས་ཀྱི་རང་བཞིན་དུ་བཤད་པ་དང་འགལ་ལོ་ཞེ་ན། རང་བཞིན་དུ་བཤད་པ་ནི་ཀུན་རྫོབ་དཔྱོད་བྱེད་ཀྱི་རིགས་པ་ལ་ལྟོས་ནས་བཤད་དེ། འཇུག་འགྲེལ་ལས། བདག་གིས་ཀུན་རྫོབ་བདེན་པ་ལ་ལྟོས་ནས་བཅོས་མ་མ་ཡིན་པ་ཉིད་དང༌། གཞན་ལ་མི་ལྟོས་པ་ཉིད་དུ་བརྗོད་དོ། །ཞེས་གསུངས་སོ། །དོན་དམ་པར་ནི་གང་གིས་སྟོང་པའི་སྟོང་རྒྱུའི་དངོས་པོ་མ་གྲུབ་པས། དེས་སྟོང་པའི་སྟོང་ཉིད་ཀྱང་མ་གྲུབ་པའི་རིགས་པ་ཉིད་ཀྱིས་སྟོང་ཉིད་ཀྱང་རང་གི་ངོ་བོས་སྟོང་པས་རང་བཞིན་མེད་པ་ཁོ་ན་སྟེ། གཞན་དུ་ན་ཉི་ཚེ་བའི་སྟོང་ཉིད་ཙམ་དུ་འགྱུར་གྱི་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་དུ་མི་འགྱུར་བས་སོ། །ལངྐར་གཤེགས་པ་ལས་ཀྱང༌། བློ་གྲོས་ཆེན་པོ་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་སྟོང་ཉིད་ཐམས་ཅད་ཀྱི་ཐ་ཤལ་ཡིན་ནོ་ཞེས་སོ། །ཅི་སྟེ་མཐར་ཐུག་དཔྱོད་པའི་རིགས་པ་ལ་ལྟོས་ནས་ཀུན་རྫོབ་དོན་དམ་དུ་མི་འཐད་དེ། རིགས་པ་དེ་ལ་ལྟོས་ནས་མ་གྲུབ་པས་སོ་ཞེ་ན། བདེན་པར་བཏགས་པ་འགོག་གི་ཐ་སྙད་དུ་ཡོད་པར་མི་འགོག་ལ། མཐར་ཐུག་དཔྱོད་བྱེད་ཀྱི་རིགས་པས་དཔྱད་མི་བཟོད་པའི་ཕྱིར། དོན་དམ་པར་མ་གྲུབ་ཅིང་ཐ་སྙད་དུ་ཡོད་པས་ཀུན་རྫོབ་ལས་མི་འདའ་འོ། །རིགས་པ་འདི་སྟོང་ཉིད་བདེན་པར་ལྟ་བའི་གཉེན་པོར་གསུངས་པ་ཡིན་ཏེ། སྟོང་པ་ཉིད་ལ་བདེན་པར་ཞེན་པའང་འཆིང་བར་བྱེད་པའི་ཕྱིར་རོ། །བསྟོད་པ་ལས་ཀྱང༌། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ནི་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་པ་དང༌། རྩ་བ་ལས་ཀྱང༌། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་པ་དང༌། དཀོན་བརྩེགས་ལས། འོད་སྲུངས་གང་དག་སྟོང་ཉིད་དུ་དམིགས་པས་སྟོང་པ་ཉིད་མ་རྟོགས་པ་དེ་དག་ནི་ངས་གསུང་རབ་འདི་ལ་ཉེས། རབ་ཏུ་ཉེས་ཞེས་བཤད་དོ། །འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་ལྟ་བར་གྱུར་པ་ཐམས་ཅད་ལས་བྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུངས་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །རྡུལ་དང་རགས་པར་ཞེན་པ་གཉིས་ཀ་ཡང༌། །འཆིང་བའི་རྒྱུ་རུ་མཚུངས་པར་འགྱུར་བ་བཞིན། །སྟོང་དང་མི་སྟོང་གཉིས་ཀས་མཉམ་དུ་འཆིང༌། །དེ་བས་སྤྲོས་བྲལ་ཆོས་ཉིད་ལྟ་བར་བྱས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་བཅད་དོ།། །།དོན་དམ་སྤྲོས་བྲལ་ནི་ཇི་སྐད་བཤད་པའི་རིགས་པས་ཡོད་མེད་ཀྱི་སྤྲོས་པ་ཁེགས་པ་རིགས་པའི་ཤུགས་ལས་རྟོགས་པ་ཡིན་ནོ། །དེ་དག་ལ་རྩོད་པ་སྤང་བ་ནི་ཡོད་མེད་ཀྱི་སྤྲོས་པ་དང་བྲལ་ན་ཤེས་བྱར་མི་རུང་ལ། ཤེས་བྱ་མ་ཡིན་པ་ཡང་རྟོགས་པར་མི་འཐད་དོ་ཞེ་ན། ཡོད་མེད་འཛིན་པས་བློ་དང་དེ་ལྟར་བརྗོད་པའི་སྒྲས་བརྗོད་དུ་མེད་པ་ཡིན་གྱི། བློས་གཏན་ལ་དབབ་པར་མི་ནུས་པ་ནི་མ་ཡིན་ཏེ། རིགས་ཤེས་ཀྱིས་རྟོགས་པར་ནུས་པའི་ཕྱིར་རོ། །རིགས་ཤེས་ལ་ཡང་ལོག་པར་འགོག་པ་དང༌། དངོས་པོ་འགོག་པ་དང༌། སྟོང་ཉིད་བདེན་པ་འགོག་པའི་བྱེ་བྲག་གིས་ཕྲ་རགས་གསུམ་མོ། །ཅི་སྟེ་སྐྱེ་མེད་ལ་སོགས་པ་རིགས་པས་འགོག་ན་དེའི་ཡུལ་ཡང་རིགས་པ་གཞན་གྱིས་བཀག་དགོས་པས་བློ་སྔ་མ་གནོད་བཅས་དང་ཕྱི་མ་ཐུག་མེད་དུ་འགྱུར་རོ་སྙམ་ན། སྔ་མས་གྲུབ་པའི་སྟོང་པ་ཉིད་ནི་ཕྱི་མས་མི་འགོག་ཅིང༌། ཕྱི་མས་བཀག་པའི་སྟོང་ཉིད་བདེན་པ་ནི་སྔ་མས་མ་གཞལ་བས་འགལ་བ་མེད་ལ། ཐུག་མེད་དུ་ཡང་མི་འགྱུར་ཏེ། ཆོས་ཅན་བདེན་པ་བཀག་ཅིང་སྟོང་ཉིད་ཀྱང་བདེན་པ་བཀག་པས་བདེན་པའི་ལྷག་མ། མ་ལུས་པས་གསུམ་པ་ནས་དོན་མེད་པའི་ཕྱིར་རོ། །དེ་ལྟར་ཡོད་མེད་ཀྱི་སྤྲོས་པ་གཅོད་པའི་རིགས་པ་རྨད་དུ་བྱུང་བ་ཤེས་པ་དེ་ནི་དབུ་མ་པ་ཞེས་བྱའོ། །དོན་དེ་དག་ཀྱང་སློབ་དཔོན་གྱིས་རིན་ཆེན་ཕྲེང་བ་ལས། དེ་ལྟར་བདག་དང་བདག་མེད་པར། །ཡང་དག་ཇི་བཞིན་དམིགས་སུ་མེད། །དེ་ཉིད་ཕྱིར་ན་ཡང་དག་ཏུ། །ཡོད་ཅེས་མེད་ཅེས་ཞལ་མི་བཞེས། །ཞེས་པ་དང༌། ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །མགོན་པོ་ཁྱོད་ཀྱིས་སྟོང་ཉིད་བསྟན། །དེ་ཡང་ཡོངས་སུ་བརྟགས་པ་སྟེ། །དངོས་སུ་མགོན་པོ་ཁྱོད་མི་བཞེད། །སྟོང་དང་མི་སྟོང་མ་མཆིས་ལ། །གཉིས་ཀར་ཁྱོད་ཀྱིས་མ་འགག་པ། །དེ་སླད་རྩོད་པ་མ་མཆིས་པ། །ཁྱོད་ཀྱི་གསུངས་ཆེན་སྤྱོད་པ་ལ། །ཞེས་གསུངས་སོ། །གཉིས་པ་གཞུང་གི་དོན་ནི་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་མཁྱེན་པའི་སངས་རྒྱས་ཀྱིས་ཕྱི་དང་ནང་གི་དངོས་པོ་འདི་ཀུན་ངོ་བོ་གཉིས་གཉིས་ནི་འཛིན་པར་འགྱུར་ཞེས་གསུངས་སོ། །ཇི་ལྟར་བྱས་པས་ཤེ་ན། ཡང་དག་པ་མཐོང་བ་ཡིས་རྙེད་པ་དང༌། ཡུལ་རྫུན་པ་མཐོང་བ་ཡི་སོ་སྐྱེའི་བློ་ཡིས་རྙེད་པའི་དངོས་པོ་གཉིས་ཡོད་པས་སོ། །གཉིས་པོ་ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། །དེ་ལ་ཡང་དག་མཐོང་བ་འཕགས་པའི་མཉམ་བཞག་གི་ཡུལ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ་སྟེ། འཕགས་པའི་མཉམ་བཞག་གིས་ཤེས་པར་བྱ་བ་ཡིན་གྱི་རྟགས་ལ་སོགས་པ་ལས་དངོས་སུ་ཤེས་པར་མི་ནུས་པ་དང༌། ཞི་བ་དང༌། རྗོད་བྱེད་ཀྱི་སྒྲས་བརྗོད་པར་མི་ནུས་པ་དང༌། རྣམ་པར་རྟོག་པའི་ཡུལ་དུ་མ་གྲུབ་པ་དང༌། གཅིག་དང་ཐ་དད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་ཕྱིར་རོ། །མཐོང་བ་བརྫུན་པའི་ཡུལ་གང་ཡིན་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། མ་རིག་པའི་དབང་གིས་བདེན་པར་སྣང་བའི་ཕྱིར་རོ། །འོན་ཀྱང་འདི་ནི་སྤྱིར་བསྟན་པ་ཙམ་ཡིན་ནོ། །གཉིས་པ་བདེན་པ་གཉིས་སོ་སོར་བཤད་པ་ལ་གཉིས་ཏེ། ཀུན་རྫོབ་བཤད་པ་དང༌། དོན་དམ་བཤད་པའོ། །དང་པོ་ལ་གཉིས་ཏེ། སོ་སོ་སྐྱེ་བོའི་བློ་ལ་ལྟོས་པའི་ཀུན་རྫོབ། སོ་སྐྱེ་དང་འཕགས་པ་གཉིས་ལ་ལྟོས་པའི་ཀུན་རྫོབ། དང་པོ་ལ་གསུམ་སྟེ། མཐོང་བ་འཁྲུལ་པའི་དབྱེ་བ། ཡུལ་རྫུན་པའི་དཔེར་བརྗོད། འཇིག་རྟེན་པའི་མི་གནོད་པའི་ཚུལ་ལོ། །དང་པོ་ནི། མཐོང་བ་རྫུན་པས་མཐོང་བ་ལ་ཡང༌། སོ་སྐྱེའི་བློ་ལ་ལྟོས་ནས་ཡང་དག་པ་དང༌། རྫུན་པ་གཉིས་ཡོད་པ་ལས། དེ་དག་ཡུལ་དང་བཅས་པ་བསྟན་པའི་ཕྱིར་དུ་བཤད་པ། མཐོང་བ་རྫུན་པའང་སོ་སོ་སྐྱེ་བོའི་བློ་ལ་ལྟོས་ནས་ཡང་དག་པ་དང༌། རྫུན་པ་གཉིས་སུ་འདོད་དེ། གཉིས་པོ་གང་ཞེ་ན། རབ་རིབ་དང་མིག་སེར་ལ་སོགས་པས་ཉམས་པར་མ་བྱས་པའི་དབང་པོ་གསལ་བ་དང་ལྡན་པ་དང༌། ཉམས་པར་བྱས་པའི་དབང་པོ་སྐྱོན་དང་ལྡན་པའི་ཤེས་པའོ། །དེ་ལ་སོ་སྐྱེའི་བློ་ལ་ལྟོས་ཏེ་སྐྱོན་མེད་པའི་ཐ་སྙད་པའི་དབང་པོ་ལ་བརྟེན་པའི་ཤེས་པ་ལ་ལྟོས་ནས་རབ་རིབ་ལ་སོགས་པའི་སྐྱོན་དང་ལྡན་པའི་དབང་པོ་ལ་བརྟེན་པའི་ཤེས་པ་རྣམས་ནི་ལོག་པར་འདོད་དེ། འདིས་ཐལ་འགྱུར་བ་རྣམས་ཡང་དག་པ་དང་ལོག་པའི་ཀུན་རྫོབ་ཀྱི་དབྱེ་བ་མི་བཞེད་ཅེས་སྨྲ་བ་ཡང་བསལ་བ་ཡིན་ནོ། །མཐོང་བ་བརྫུན་པ་ལ་ཡང་དག་པ་དང་ལོག་པའི་དབྱེ་བ་ཡོད་པ་ལྟར། ཡུལ་ལ་ཡང་ཡོད་པ་ཡིན་ནོ། །ཞེས་བཤད་པའི་ཕྱིར་དུ་གནོད་པ་མེད་པའི་དབང་པོ་ཞེས་སོགས་གསུངས་སོ། །འདི་ལ་ཡང་གནོད་པའི་རྒྱུ་ཡོངས་སུ་མ་བཟུང་བར་གནོད་པ་མེད་པ་ཁོང་དུ་ཆུད་པར་མི་འགྱུར་བས་གནོད་པའི་རྒྱུ་ངོས་བཟུང་བ་ལ་གསུམ་སྟེ། དབང་པོ་ལ་གནོད་པའི་རྒྱུ་དང༌། ཡིད་ལ་གནོད་པའི་རྒྱུ་དང༌། གཉིས་ཀ་ལ་གནོད་པའི་རྒྱུའོ། །དང་པོ་ལ་ཡང་ནང་ལ་གནོད་པ་ནི་རབ་རིབ་དང་མིག་སེར་ལ་སོགས་པའོ། །ཕྱི་ལ་གནོད་པ་ནི་བྲག་ཕུག་ནས་བརྗོད་པའི་སྒྲ་དང༌། སྨིག་རྒྱུ་དང༌། མིག་འཕྲུལ་མཁན་གྱིས་སྦྱར་བའི་སྔགས་དང་སྨན་ལ་སོགས་པའོ། །ཡིད་ལ་གནོད་པའི་རྒྱུ་ནི། གྲུབ་མཐའ་ངན་པ་ཐོས་པ་དང༌། རྗེས་དཔག་ལྟར་སྣང་བ་ལ་སོགས་པའོ། །གསུམ་པ་ནི་རྨི་ལམ་ལ་སོགས་པ་སྟེ་འཆད་པར་འགྱུར་རོ། །ཇི་སྐད་བཤད་པའི་འཁྲུལ་པའི་རྒྱུས་གནོད་པ་མེད་པའི་དབང་པོ་དྲུག་པོ་རྣམས་ཀྱི་བཟུང་བའི་ཡུལ་གང་ཞིག་གྲུབ་མཐས་བློ་མ་བསྒྱུར་བའི་འཇིག་རྟེན་གྱིས་རྟོགས་པ་གང་ཡིན་པ་དེ་དག་འཇིག་རྟེན་པ་ཉིད་ཀྱི་བློ་ལ་ལྟོས་ཏེ་བདེན་པ་ཡིན་གྱི་འཕགས་པའི་བློ་ལ་ལྟོས་ཏེ་མ་ཡིན་ནོ། །གནོད་པ་མེད་པའི་དབང་པོས་མ་བཟུང་བའི་ལྷག་མ་གནོད་བཅས་ཀྱི་དབང་པོས་ཡོངས་སུ་བཟུང་བ་གང་ཡིན་པ་ནི་འཇིག་རྟེན་ཉིད་ལ་ལྟོས་ནས་ཀྱང་ལོག་པར་རྣམ་པར་བཞག་གོ །འདིར་གནོད་པ་ཡོད་མེད་ཅེས་བྱ་བ་ཡང་འཇིག་རྟེན་ལ་གྲགས་པ་བརྗོད་ཀྱི་དོན་གནོད་པ་ཡོད་མེད་ནི་མ་ཡིན་ཏེ། སྣང་བཅས་ཀྱི་བློ་ཐམས་ཅད་ལ་མ་རིག་པས་གནོད་པ་ཡོད་པར་མཚུངས་པའི་ཕྱིར་རོ། །གང་དག་མི་ཤེས་པའི་མ་རིག་པ་གཉིད་ཀྱིས་རབ་ཏུ་བསྐྱོད་པའི་མུ་སྟེགས་ཅན་དེ་ཁོ་ན་ཉིད་རྟོགས་པར་འདོད་པས་ཤིང་ལ་འཛེག་པར་འདོད་པ་གང་དག་ཡལ་ག་སྔ་མ་བཏང་ནས་ཕྱི་མ་མ་བཟུང་བ་ལྟར་སྐྱེ་བོ་གནག་རྫི་ཡན་ཆད་ལ་ཡོངས་སུ་གྲགས་པ་ལས་འདས་ཤིང་དབུ་མའི་ལུགས་ཀྱང་མ་བཟུང་བར་ལྟ་བ་ངན་པའི་གཡང་སར་ལྟུང་བ་རྣམས་ཀྱི་ཡོན་ཏན་གསུམ་གྱི་བདག་ཉིད་གཙོ་བོ་ལ་སོགས་པ་ཇི་ལྟ་བ་བཞིན་བརྟགས་པ་ལོག་པའི་ཀུན་རྫོབ་དང༌། སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའང་ཡུལ་གྱི་ངོ་བོ་ཉིད་དུ་བརྟགས་པའི་སྣང་བ་ལོག་པའི་ཀུན་རྫོབ་གང་ཡིན་པ་དེ་དག་འཇིག་རྟེན་ལ་ལྟོས་ནས་ཀྱང་བདེན་པར་ཡོད་པ་མིན་པ་ཉིད་དོ། །མདོར་ན་གཞུང་འདི་དག་གིས་ཡུལ་ཅན་བློའི་ཡང་དག་པ་དང༌། ལོག་པའི་ཀུན་རྫོབ་གཉིས་འདི་དག་ལ་ཡང་ཡུལ་དང་ཡུལ་ཅན་གྱི་ཡང་ལོག་གཉིས་གཉིས་སོ། །ལོག་པའི་ཀུན་རྫོབ་ལ་ཡང་བརྟག་པ་ལོག་པའི་ཀུན་རྫོབ་དང༌། སྣང་བ་ལོག་པའི་ཀུན་རྫོབ་གཉིས་ཡོད་པར་བསྟན་པ་ཡིན་ནོ། །གསུམ་པ་འཇིག་རྟེན་པས་མི་གནོད་པའི་ཚུལ་ནི། བློ་འཁྲུལ་མ་འཁྲུལ་གྱི་སྒོ་ནས་བདེན་པ་གཉིས་ཀྱི་རྣམ་བཞག་བྱས་པ་དེའི་ཕྱིར། མིག་ལ་ནི་རབ་རིབ་ཀྱི་སྐྱོན་ཞུགས་པ་ཅན་གྱི་བློས་སྐྲ་ཤད་དམིགས་པ་ཡིས་རབ་རིབ་མེད་པའི་ཤེས་པས་སྐྲ་ཤད་མ་དམིགས་པ་ལ་གནོད་པ་ཡོད་པ་མིན་པ་དེ་བཞིན་དུ་ཉོན་མོངས་པའི་དྲི་མ་མེད་པའི་འཕགས་པའི་ཡེ་ཤེས་སྤངས་པའི་སོ་སོ་སྐྱེ་བོའི་བློས་དྲི་མ་མེད་པ་འཕགས་པའི་བློའི་ཡུལ་ལ་གཞན་ལས་སྐྱེ་བ་བཀག་པ་ལ་གནོད་པ་ཡོད་པ་མ་ཡིན་ནོ། །གཉིས་པ་སྐྱེ་འཕགས་གཉིས་ལ་ལྟོས་པའི་ཀུན་རྫོབ་བཤད་པ་ལ། དང་པོ་འཇིག་རྟེན་པའི་ཀུན་རྫོབ་བཤད་པ་ནི། གཏི་མུག་ཆོས་ཅན། ཀུན་རྫོབ་ཡིན་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་སྟོང་ཉིད་མཐོང་བ་ལ་སྒྲིབ་པའི་ཕྱིར། ཉོན་མོངས་ཅན་གྱི་མ་རིག་པའི་བདག་ཉིད་ཀྱི་ཀུན་རྫོབ་དེས་ཤེས་བྱའི་ཆོས་གང་བདེན་པར་སྣང་བ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་དེ་ནི་བཅོས་མ་རྟེན་ཅིང་འབྲེལ་བར་འབྱུང་བའོ། །གལ་ཏེ་གཟུགས་བརྙན་ལ་སོགས་པ་ཡང་སྣང་བས་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ནམ་ཞེ་ན། སོ་སྐྱེ་རྣམས་ལ་སྣང་བའི་གཟུགས་བརྙན་ལ་སོགས་པ་འདི་དག་ནི་ཀུན་རྫོབ་ཅན་གྱི་མ་རིག་པ་དང་ལྡན་པ་རྣམས་ལ་སྣང་བས་ཀུན་རྫོབ་ཙམ་ཡིན་གྱི་བདེན་པ་ནི་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡང་རྫུན་པའི་ཕྱིར་རོ། །དེས་ན་འདི་ནི་བྱིས་པའི་ཀུན་རྫོབ་ཅེས་བྱའོ། །རང་བཞིན་ནི་སོ་སྐྱེ་རྣམས་ལ་རྣམ་པ་ཐམས་ཅད་དུ་མི་སྣང་ངོ༌། །སོ་སྐྱེ་རྣམས་ལ་བདེན་པར་སྣང་བ་འདི་དག་འཕགས་པ་རྣམས་ལ་ཡང་བདེན་པར་སྣང་བར་འགྱུར་རམ་ཞེ་ན། སྐྱེ་བོ་རྣམས་ལ་བདེན་པར་སྣང་བ་དེ་དག་ཀྱང་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པའི་རིགས་ཅན་གསུམ་གྱི་འཕགས་པ་རྣམས་ལ་ནི་བདེན་པ་མ་ཡིན་ཏེ། དེ་དག་གིས་གཟུགས་བརྙན་དང་འདྲ་བར་གཟིགས་པའི་ཕྱིར་དང༌། བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་འགྱུར་ཞེ་ན། །རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལ་སོགས་པ་ལྟར་དུ་སྣང་བས་ཀུན་རྫོབ་ཙམ་དུ་འགྱུར་རོ། །མཉམ་བཞག་དང་རྗེས་ཐོབ་གང་ལ་སྣང་ཞེ་ན། སྣང་བའི་སྤྱོད་ཡུལ་ཅན་གྱི་རྗེས་ཤེས་ལ་སྣང་གི་མཉམ་བཞག་ལ་ནི་མ་ཡིན་ནོ། །ཅིའི་ཕྱིར་རྗེས་ཤེས་ལ་སྣང་ཞེ་ན། ཤེས་བྱའི་སྒྲིབ་པ་ཉོན་མོངས་མ་ཡིན་པའི་མ་རིག་པ་ཙམ་ལ་སྤྱོད་པའི་ཕྱིར་རོ། །རྫོགས་པའི་སངས་རྒྱས་ལ་ནི་སྣང་བ་ཅུང་ཟད་ཀྱང་མི་མངའ་སྟེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་ཡུལ་རྣམ་པར་རྒྱུ་བ་གཏན་ལོག་པས་སོ། །མདོར་ན་སོ་སྐྱེ་རྣམས་ལ་བདེན་པར་སྣང་བ་དེ་དག་སྣང་བའི་སྤྱོད་ཡུལ་ཅན་གྱི་ཀུན་རྫོབ་ཙམ་དུ་འགྱུར་ལ། དེ་དག་གི་རང་བཞིན་སྟོང་པ་ཉིད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཡུལ་གང་ཡིན་པ་དེ་དག་ནི་དོན་དམ་པའི་བདེན་པ་སྟེ། ཡེ་ཤེས་ཀྱིས་གཅིག་ཏུ་མི་སླུ་བའི་ཕྱིར་རོ། །གང་གི་སྤྱོད་ཡུལ་ཡིན་ཞེ་ན། འཕགས་པ་རྣམས་ཀྱི་དམིགས་པ་མེད་པའི་ཡེ་ཤེས་ཀྱིས་རིག་པར་བྱ་བ་ཡིན་ནོ། །དེ་ལྟར་ན་ཐུབ་པ་དེས་ཀུན་རྫོབ་ཀྱི་བདེན་པ་དང་ཀུན་རྫོབ་ཙམ་དུ་གསུངས་པ་ཡིན་ནོ། །གཉིས་པ་དོན་དམ་པ་བཤད་པ་ནི། དོན་དམ་པའི་བདེན་པ་དེ་ནི། ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱིས་བརྗོད་དུ་མེད་པའི་ཕྱིར། ངོ་བོ་དངོས་སུ་བསྟན་པར་མི་ནུས་པས་འཇིག་རྟེན་པ་རང་ལ་གྲུབ་པའི་དཔེའི་སྒོ་ནས་བསྟན་པའི་ཕྱིར་དུ་བཤད་པ། མིག་ལ་རབ་རིབ་ཀྱི་གནོད་པ་ཞུགས་པའི་མཐུ་ཡིས་ལག་ན་ཐོག་པའི་བསེ་རུ་ལ་སོགས་པའི་སྣོད་ཀྱི་ནང་དུ་སྐྲ་ཤད་ལ་སོགས་པའི་ངོ་བོ་ལོག་པ་སྟེ་ཡོད་པ་མ་ཡིན་གང་ཞིག རྣམ་པར་བརྟགས་ནས་བརྟགས་པ་དེ་ཉིད་བསལ་བའི་ཕྱིར་དུ་ཚེགས་ཆེན་པོ་ཐོབ་བོ། །དེའི་ཚེ་རབ་རིབ་མེད་པས་དེའི་གན་དུ་ཕྱིན་ཏེ་རབ་རིབ་ཅན་ལ་སྐྲ་ཤད་སྣང་བའི་ཡུལ་གང་དུ་མིག་གཏད་པས་སྐྲ་ཤད་མ་མཐོང་བ་ན། རབ་རིབ་ཅན་གྱི་ངོར་བྱས་ནས་འདི་ན་སྐྲ་ཤད་མེད་དོ་ཞེས་དགག་པ་ལྷུར་ལེན་པའི་ཚིག་སྨྲ་མོད་ཀྱི་སྨྲ་བ་པོ་སྐྲ་ཤད་ལ་སྐུར་བ་འདེབས་པ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟར་བསྟན་པས་སྐྲ་ཤད་མི་བདེན་པར་སྤྱིའི་ཚུལ་དུ་རྟོགས་པ་ཙམ་དུ་འབྱུང་ཡང་སྐྲ་ཤད་ཀྱི་དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །འོ་ན་སྐྲ་ཤད་ཀྱི་དེ་ཁོ་ན་ཉིད་གང་ཞེ་ན། མིག་ལ་རབ་རིབ་ཀྱི་སྐྱོན་དག་པས་མ་མཐོང་བའི་ཚུལ་གྱིས་མཐོང་བ་དེ་ཡིན་ནོ། །དཔེ་དེ་བཞིན་དུ་དོན་གྱི་སྐབས་འདིར་ཡང་མ་རིག་པའི་རབ་རིབ་དང་ལྡན་པའི་སོ་སྐྱེ་རྣམས་ལ་སྣང་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀུན་རྫོབ་པ་དེ་ཉིད་ཀྱི་རང་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རབ་རིབ་ཅན་མ་ཡིན་པས་སྐྲ་ཤད་མཐོང་བའི་ཚུལ་དུ་ཅིར་ཡང་མ་གཟིགས་པ་དེ་ཉིད་དོན་དམ་པའི་བདེན་པའོ། །ཇི་སྐད་དུ་འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་ནི་དོན་དམ་པའི་བདེན་པ། ལུས་དང༌། ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་གྱུར་ན། དེ་དོན་དམ་པའི་བདེན་པའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་ནི་དོན་དམ་པའི་ཐ་སྙད་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགག་པ། སྨྲ་བར་བྱ་བ་དང༌། སྨྲ་བ་དང༌། ཤེས་པར་བྱ་བ་དང༌། ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་པ་ལྟར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ནི་རྫུན་པ་སྟེ་བསླུ་བའི་ཆོས་སོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོན་པ་དང༌། ཅི་སྟོན་པ་དང༌། གང་ལ་སྟོན་པའི་ཆོས་དེ་དག་ཐམས་ཅད་དོན་དམ་རབ་ཏུ་མ་སྐྱེས་པའོ། །རབ་ཏུ་མ་སྐྱེས་པའི་ཆོས་རྣམས་ཀྱིས་ནི་རབ་ཏུ་མ་སྐྱེས་པའི་ཆོས་རྣམས་བཤད་མི་ནུས་སོ། །ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དོན་དམ་པའི་བདེན་པ་དེའི་ངོ་བོ་མ་དམིགས་པའི་ཕྱིར་ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ནོ། །དེ་ཁོ་ན་ཉིད་འཇིག་རྟེན་པའི་ཡུལ་མ་ཡིན་པ་དེའི་ཕྱིར་དོན་དམ་པའི་བདེན་པ་ལ་འཕགས་པ་ཁོ་ན་ཚད་མ་ཡིན་གྱི་སོ་སོ་སྐྱེ་བོ་ནི་མ་ཡིན་ནོ། །གཉིས་པ་འཇིག་རྟེན་གྱིས་མི་གནོད་པར་བསྟན་པ་ལ་གསུམ་སྟེ། ཧ་ཅང་ཐལ་བར་བརྗོད་པ་དང༌། མི་གནོད་པའི་དོན་དངོས། གནོད་པའི་ཡུལ་གྱི་ཁྱད་པར་བཤད་པའོ། །དང་པོ་ནི། གལ་ཏེ་འཇིག་རྟེན་གྱི་མངོན་སུམ་དེ་ཁོ་ན་ཉིད་ཀྱི་དོན་ལ་ཚད་མར་འདོད་ན་སོ་སོ་སྐྱེ་བོ་ལས་གཞན་འཕགས་པ་རྣམས་ཀྱིས་ཅི་ཞིག་དགོས་ཏེ་མི་དགོས་པར་ཐལ། འཇིག་རྟེན་པ་ཉིད་ཀྱིས་མིག་ལ་སོགས་པས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་མཐོང་བས་སོ། །འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་དོན་དུ་ཚུལ་ཁྲིམས་བསྲུང་བ་དང༌། ཐོས་པ་དང༌། བསམ་པ་ལ་སོགས་པ་རྣམས་ཀྱིས་ཀྱང་ཅི་ཞིག་བྱ་སྟེ་མི་དགོས་པར་ཐལ། འཇིག་རྟེན་པས་དེ་ཁོ་ན་ཉིད་མཐོང་བས་སོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་དོན་ལ་བླུན་པོ་འཇིག་རྟེན་པ་ཚད་མར་རིགས་པ་མ་ཡིན་ནོ། །གཉིས་པ་མི་གནོད་པའི་དོན་དངོས་ནི། ཇི་སྐད་བཤད་པའི་རིགས་པས་དེ་ཁོ་ན་ཉིད་ལ་འཇིག་རྟེན་པ་རྣམ་པ་ཀུན་ཏུ་ཚད་མ་མ་ཡིན་པ་དེའི་ཕྱིར། དེ་ཁོ་ན་ཉིད་རྣམ་པར་དཔྱད་པའི་སྐབས་སུ་གཞན་སྐྱེ་བཀག་པས་འཇིག་རྟེན་པས་གནོད་པ་མེད་དོ། །གསུམ་པ་གནོད་པའི་ཡུལ་གྱི་ཁྱད་པར་བཤད་པ་ནི། འོ་ན་འཇིག་རྟེན་གྱིས་ཇི་ལྟར་གནོད་ཅེ་ན། དཔེར་ན་ཁ་ཅིག་གིས་ངའི་རྫས་འཕྲོག་གོ་ཞེས་སྨྲས་པ་ན། གཅིག་ཤོས་ཀྱིས་རྫས་ཅི་ཞིག་དྲིས་པ་ན། ཕ་རོལ་པོས་བུམ་པའོ་ཞེས་སྨྲས་པ་ལ་བུམ་པ་ནི་རྫས་མ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར། རྨི་ལམ་གྱི་བུམ་པ་བཞིན་ནོ་ཞེས་སོ། །འཇིག་རྟེན་ན་བུམ་པ་རྫས་སུ་གྲགས་པའི་དོན་ནི་འཇིག་རྟེན་ན་གྲགས་པའི་གཞལ་བྱ་ཉིད་ཀྱི་རྟགས་ཀྱིས་གལ་ཏེ་སེལ་ན་འཇིག་རྟེན་ན་བུམ་པ་རྫས་སུ་གྲགས་པས་གནོད་པར་འགྱུར་གྱི། འཕགས་པའི་གཟིགས་པ་ཚད་མར་བྱས་པའི་ཚེ་འཇིག་རྟེན་གྱིས་མི་གནོད་དོ། །གཉིས་པ་ཀུན་རྫོབ་ཏུ་གཞན་ལས་སྐྱེ་བ་དགག་པ་ནི་དོན་དམ་དུ་མ་ཟད་གཞན་ལས་སྐྱེ་བ་འཇིག་རྟེན་པའི་བློ་ལ་ལྟོས་ནས་ཀྱང་མེད་དེ། རྒྱུ་མཚན་གང་གི་ཕྱིར་ན་འཇིག་རྟེན་པ་རྣམས་བུ་ཡི་ས་བོན་མི་གཙང་བ་ཙམ་ཞིག་བཏབ་ནས་ཕྱིས་ཁྱེའུ་ལ་དམིགས་ཏེ་བདག་གིས་བུ་འདི་བསྐྱེད་ཅེས་སྨྲ་བར་བྱེད་ཅིང༌། གཞན་ཡང་ལྕུག་ཕྲན་ཙམ་ཞིག་བཙུགས་པ་ལ་ཤིང་སྡོང་ལ་དམིགས་ནས་ཤིང་ཡང་བཙུགས་སོ་སྙམ་དུ་རྟོགས་པ་དེས་ནའོ། །འདིར་ཀུན་རྫོབ་ཏུ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་སྐྱེ་འགོག་པ་ཡིན་གྱི་ཐ་སྙད་པའི་གཞན་སྐྱེ་འགོག་པ་ནི་མ་ཡིན་ཏེ། གལ་ཏེ་འགོག་ན་སཱ་ལུ་ལྗང་པའི་མདོ་དང་འགལ་བས་སོ། །གསུམ་པ་རྟག་ཆད་ལས་གྲོལ་བའི་ཡོན་ཏན་བཤད་པ་ལ་གསུམ་སྟེ། རྟག་ཆད་ལས་གྲོལ་བའི་དོན། དེའི་འཐད་པ་བརྗོད་པ། བཤད་པའི་མཇུག་བསྡུ་བསྟན་པའོ། །དང་པོ་ནི། མྱུ་གུ་ས་བོན་ལས་གཞན་ཡིན་ན་མྱུ་གུའི་ཚེ་ས་བོན་རྒྱུན་ཆད་པར་འགྱུར་བ་ཞིག་ན་མྱུ་གུ་སྐྱེས་པའི་ཚེ་ས་བོན་ཞིག་པ་མེད་དེ། གང་གི་ཕྱིར་ན་ཇི་སྐད་བཤད་པའི་ཚུལ་གྱིས་མྱུ་གུ་ས་བོན་ལས་གཞན་མ་ཡིན་པའི་ཕྱིར། དེ་ལྟར་ན་ཆད་པའི་མཐའ་ལས་གྲོལ་ལོ། །ས་བོན་དང་མྱུ་གུ་གཅིག་ཡིན་ན་མྱུ་གུའི་ཚེ་ས་བོན་ཡོད་པར་འགྱུར་བ་ཞིག་ན། མྱུ་གུའི་ཚེ་ས་བོན་ཡོད་ཅེས་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་ན་བདག་ལས་སྐྱེ་བ་བཀག་པའི་སྐབས་སུ་བསྟན་པའི་ཚུལ་གྱིས་གཅིག་ཉིད་དུ་ཡོད་པའང་མ་ཡིན་པ་དེའི་ཕྱིར་ཡང་ངོ༌། །དེ་ལྟར་ན་རྟག་པའི་མཐའ་ལས་གྲོལ་བ་ཡིན་ནོ། །དེ་སྐད་དུ་ཡང༌། སཱ་ལུ་ལྗང་པའི་མདོ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་དེ་མིན་དེ་ཡང་མ་ཡིན་ཏེ། །དེ་ཕྱིར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གསུངས་སོ། །གལ་ཏེ་དེ་ཉིད་གཞན་གཉིས་དངོས་འགལ་ཡིན་པས་དེ་གཉིས་གང་ཡང་མ་ཡིན་པ་འགལ་ལོ་ཞེ་ན། ས་བོན་དང་མྱུ་གུ་གཉིས་ལ་རང་བཞིན་ཡོད་ན་ནི་གཅིག་པའམ་གཞན་ཞིག་ཏུ་འགྱུར་ན། རྨི་ལམ་དུ་རྨིས་པའི་ས་བོན་དང་མྱུ་གུ་ལྟར་རང་བཞིན་ཡོད་པ་མ་ཡིན་ན་དེ་ཉིད་དུ་གཞན་ཉིད་དུ་ག་ལ་འགྱུར། རྩ་བ་ལས་ཀྱང༌། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་རྟག་མིན་ཆད་པ་མིན། །ཞེས་གསུངས་སོ། །གཉིས་པ་འཐད་པ་ལ་གཉིས་ཏེ། དོན་དམ་དུ་རང་བཞིན་མེད་པ་དང༌། ཀུན་རྫོབ་ཏུ་རང་བཞིན་མེད་པའོ། །དང་པོ་ནི། གཟུགས་སོགས་རང་བཞིན་སྐྱེ་མེད་དུ་ཁས་བླངས་དགོས་སོ། །གལ་ཏེ་འཁོར་དུས་སུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྒྱུ་རྐྱེན་ལ་རྟེན་ནས་འབྱུང་བར་གྱུར་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་འདིས་སྔར་གྱི་དངོས་པོའི་རང་བཞིན་ལ་སྐུར་བ་བཏབ་པས་དངོས་པོ་སྟོང་ཉིད་དུ་རྟོགས་པར་འགྱུར་ཏེ། དངོས་པོ་རང་བཞིན་གྱིས་གྲུབ་པ་རང་བཞིན་མེད་པར་རྟོགས་པའི་ཕྱིར་རོ། །འདོད་ན་ཐོ་བ་ལ་སོགས་པ་བུམ་པ་འཇིག་བྱེད་ཀྱི་རྒྱུ་ཡིན་པ་ལྟར། སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ཏེ། སྟོང་ཉིད་བསྒོམས་པས་དངོས་པོ་སྔར་ཡོད་འཇིག་པར་བྱེད་པའི་ཕྱིར། དེ་ལྟར་གྱུར་པ་དེ་ནི་རིགས་པ་མ་ཡིན་པ་དེའི་ཕྱིར། གཟུགས་སོགས་དངོས་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ཁས་བླང་བར་བྱའོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི་གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་དང༌། མཚན་མ་མེད་པས་ཆོས་རྣམས་མཚན་མར་མེད་པ་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང༌། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པར་མེད་པ་མི་བྱེད་དེ། ཆོས་རྣམས་ཉིད་སྨོན་པ་མེད་པ་དང༌། གང་མངོན་པར་འདུ་བྱ་བ་མེད་པའང་ཆོས་རྣམས་མངོན་པར་འདུ་བྱ་བ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མངོན་པར་འདུ་བྱ་བ་མེད་པ་དང༌། གང་མ་སྐྱེས་པས་ཆོས་རྣམས་མ་སྐྱེས་པ་ཉིད་དུ་མི་བྱེད་དེ། ཆོས་རྣམས་ཉིད་མ་སྐྱེས་པ་ཉིད་དང༌། གང་མ་བྱུང་བས་ཆོས་རྣམས་མ་བྱུང་བར་མི་བྱེད་དེ། ཆོས་རྣམས་ཉིད་མ་བྱུང་བ་དང༌། ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །སེམས་ཙམ་པ་གང་དག་གཞན་དབང་རང་བཞིན་གྱིས་གྲུབ་པ་གཟུང་འཛིན་ཀུན་བཏགས་ཀྱིས་སྟོང་པར་ཁས་ལེན་པ་ལྟར་ན། རང་བཞིན་གྱིས་མི་སྟོང་བར་ཆོས་གཞན་གྱིས་སྟོང་པ་ཙམ་དུ་ཟད་པས་སྟོང་ཉིད་མཐོང་བའི་བློས་སྟོང་ཉིད་མ་ཡིན་པ་སྟོང་ཉིད་དུ་མཐོང་བར་འགྱུར་རོ། །དེ་ལྟར་སྟོང་ཉིད་མཐོང་བའི་བློ་ལོག་ལྟར་གྱུར་པ་དེ་ཉིད་ཀྱིས་མྱ་ངན་ལས་འདའ་བར་འགྱུར་དགོས་ན། དེ་ལྟ་མ་ཡིན་ཏེ། བཞི་བརྒྱ་པ་ལས། བདག་ནི་མྱ་ངན་འདའ་འགྱུར་ཞེས། །སྟོང་མིན་སྟོང་ལྟར་མཐོང་མིན་ཏེ། །ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་པ་དང༌། རྩ་བ་ལས་ཀྱང༌། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་སོ། །རང་གི་སྡེ་པ་དག་གཞན་ལས་སྐྱེ་བ་བཀག་པ་མ་བཟོད་ནས་སྨྲས་པ། བདག་ལས་སྐྱེ་བ་བཀག་པ་ཡིན་གྱི་གཞན་ལས་སྐྱེ་བ་འདོད་དགོས་སོ། །ཅི་སྟེ་མི་འདོད་ན་བདེན་པ་གཉིས་མེད་པ་གཅིག་ཁོ་ནར་འགྱུར་བས་གཞན་ལས་སྐྱེ་བ་ཡོད་དོ་ཞེ་ན། རིགས་པས་དཔྱད་ན་ཀུན་རྫོབ་ཏུ་ཡང་སྐྱེ་བ་མི་འགྲུབ་ལ། དོན་དམ་པར་ནི་བདེན་པ་གཉིས་ཞེས་བྱ་བ་ཡང་མེད་དེ། དགེ་སློང་དག་བདེན་པ་དམ་པ་ནི་གཅིག་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་གྱིས་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་རྫུན་བསླུ་བའི་ཆོས་ཅན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །གཉིས་པ་ཀུན་རྫོབ་ཏུ་རང་བཞིན་མེད་པར་བསྟན་པ་ལ་གཉིས། ཐ་སྙད་དུ་རིགས་པའི་རྣམ་དཔྱད་མི་འཇུག་པ་དང༌། རྣམ་དཔྱད་བྱས་ན་ཐ་སྙད་ལ་ཡང་མཚུངས་པའོ། །དང་པོ་ནི། འཇིག་རྟེན་ཐ་སྙད་ཀྱི་བདེན་པ་ནི་དོན་དམ་པའི་བདེན་པ་ལ་འཇུག་པར་བྱ་བའི་ཐབས་སུ་ཁས་བླང་བར་བྱ་བ་ཡིན་ལ། ཁས་ལེན་པ་དེའི་ཚེ་བདག་དང་གཞན་ལས་སྐྱེ་ཞེས་སོགས་ཀྱི་རིགས་པའི་རྣམ་པར་དཔྱད་པ་མི་བྱ་སྟེ། རྒྱུ་མཚན་གང་གི་ཕྱིར་ན། ཕྱི་ནང་གི་དངོས་པོ་འདི་དག་རིགས་པས་རྣམ་པས་དཔྱད་ན་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་གྱི་དངོས་པོ་ལས་ཚུལ་རོལ་ཏེ་ཐ་སྙད་དུ་ཡང་སྐྱེ་བ་ལ་སོགས་ཀྱི་གནས་རྙེད་པ་མ་ཡིན་པ་དེའི་ཕྱིར། དེས་ན་འཇིག་རྟེན་པའི་བློ་ལ་ལྟོས་ནས་འདི་ཡོད་ན་འདི་འབྱུང་ཙམ་ཞིག་ཁས་བླང་བར་བྱ་སྟེ། འཕགས་པ་ལྷས། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡིས་མ་གཏོགས་པར། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །ཞེས་པ་དང༌། བསྟན་བཅོས་ལས་ཀྱང༌། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཅེས་སོ། །མདོ་ལས། དཔེར་ན་ཤིང་དང་རྒྱུད་ལ་རྟེན་བྱས་ནས། །ལག་པ་རྩོལ་བ་བྱས་གསུམ་ཚོགས་པ་ན། །སྒྲོག་བྱེད་པི་ཝཾ་གླིང་བུ་ལ་སོགས་ལས། །དེ་དག་ལས་སྐྱེས་སྒྲ་ཡང་འབྱུང་བར་འགྱུར། །ཞེས་དང༌། མཁས་པ་ལ་ལས་བརྟག་བྱས་ཏེ། །དེ་ནི་གང་ནས་འོང་བ་གར་སོང་ཞེས། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བརྟག་བྱས་ཀྱང༌། །སྒྲ་ཡི་འོང་བའམ་འགྲོ་བ་རྙེད་མི་འགྱུར། །དེ་ལྟར་རྒྱུ་དག་དང་ནི་རྐྱེན་དག་ལས། །འདུ་བྱེད་གྱུར་པ་ཐམས་ཅད་འབྱུང་བ་སྟེ། །ཡང་དག་མཐོང་བའི་རྣལ་འབྱོར་པ་ཡིས་ནི། །འདུ་བྱེད་སྟོང་པ་གཡོ་བ་མེད་པར་མཐོང༌། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། །ནང་ཡང་སྟོང་ལ་ཕྱི་རོལ་སྟོང་པ་སྟེ། །བདག་ཉིད་ཀུན་གྱིས་སྟོང་ཞིང་གནས་མེད་ལ། །ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། གལ་ཏེ་ཀུན་བརྟགས་ཀྱི་སྐྱེ་བ་མེད་པ་ཡིན་གྱི་གཞན་དབང་གི་སྐྱེ་བ་རང་བཞིན་གྱིས་གྲུབ་པ་ཡོད་དོ་ཞེ་ན། ཁྱོད་ཀྱིས་རང་བཞིན་གྱིས་སྐྱེ་བ་རིགས་པ་གང་གིས་འགྲུབ་པར་འགྱུར། དེ་ཁོ་ན་ཉིད་དཔྱོད་པའི་སྐབས་སུ་བཤད་པའི་རྡོ་རྗེ་གཟེགས་མའི་རིགས་པ་གང་ཞིག་གིས་དངོས་པོ་ཀུན་བདག་དང་གཞན་ལས་སྐྱེ་བར་རིགས་པ་མ་ཡིན་པའི་རིགས་པ་དེ་ཉིད་ཀྱིས་ཐ་སྙད་དུ་ཡང་རང་བཞིན་གྱིས་སྐྱེ་བ་རིགས་པ་མིན་པས་སོ། །སློབ་དཔོན་བློ་གྲོས་བརྟན་པས། གང་དག་རྡོ་རྗེ་གཟེགས་མའི་རིགས་པས་བརྟགས་པ་འགོག་གི་གཞན་དབང་གི་ངོ་བོ་ནས་བཀག་པ་མ་ཡིན་ནོ་སྙམ་ན། མ་ཡིན་ཏེ། ཁྱོད་ཉིད་འདོད་པ་གཞན་དབང་དེ་ཉིད་ཀྱང་བརྟགས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་བདེན་པ་གཉིས་ཆར་དུ་ཡང་རང་བཞིན་གྱིས་སྐྱེ་བ་མེད་ན། དངོས་པོ་ཀུན་རྫོབ་པ་རྣམས་ཀྱི་ངོ་བོ་ཐ་སྙད་དུ་ཡང་མི་དམིགས་པར་འགྱུར་ཞེ་ན། དངོས་པོ་རང་བཞིན་གྱིས་སྟོང་པའི་གཟུགས་བརྙན་ལ་སོགས་པ་རྒྱུ་རྐྱེན་ཚོགས་པ་ལ་ལྟོས་པ་རྣམས་ཐ་སྙད་དུ་སྐྱེ་བར་མ་གྲགས་པའང་མིན་པའི་ཕྱིར། རྒྱུ་རང་བཞིན་མེད་ཀྱང་འབྲས་བུ་སྐྱེ་བ་མི་འགལ་བར་བསྟན་པ་ནི། དཔེ་ཇི་ལྟར་ན་འབྲས་བུ་རང་བཞིན་མེད་ཀྱང་མི་འགལ་བ། མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་དེར་ནི་གཟུགས་བརྙན་སོགས་རང་བཞིན་གྱིས་སྟོང་པ་ལས་ཤེས་པར་གཟུགས་བརྙན་དེའི་རྣམ་པ་ཅན་དུ་སྐྱེ་བར་འགྱུར་བ་ལྟར་ཕྱི་ནང་གི་དངོས་པོ་ཐམས་ཅད་དཔེ་དེ་བཞིན་དུ་རིགས་པའི་ངོར་རང་བཞིན་གྱིས་སྟོང་ན་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་རྒྱུ་རྐྱེན་དག ལས་འབྲས་བུ་རབ་ཏུ་སྐྱེ་བར་འགྱུར་རོ། །ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བར་ཡང་ཇི་སྐད་དུ། མེ་ལོང་ཤིན་ཏུ་ཡང་དག་ལ། །ཇི་ལྟར་རང་བཞིན་མེད་པའི་གཟུགས། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་སོ། །རང་བཞིན་མེད་པ་ལས་རང་བཞིན་མེད་པ་སྐྱེ་བའི་ལུང་ཡང༌། བསྟན་བཅོས་ལས། ཇི་ལྟར་སྟོན་པས་སྤྲུལ་པ་ནི། །རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང༌། །སྤྲུལ་པ་དེ་ཡང་སྤྲུལ་པ་ནི། །སླར་ཡང་གཞན་ཞིག་སྤྲུལ་པ་ལྟར། །དེ་བཞིན་བྱེད་པོ་དེ་ལས་གང༌། །བྱས་པའང་སྤྲུལ་པའི་རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག །སྤྲུལ་པ་མཛད་པ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་བཤད་པའི་མཇུག་བསྡུ་བསྟན་པ་ནི། ཕྱི་ནང་གི་དངོས་པོ་དེ་དག་རྟག་པ་ཡང་མ་ཡིན་ཆད་པ་ཡང་མ་ཡིན་ཏེ། བདེན་པ་གཉིས་ཆར་སུའང་རང་བཞིན་མེད་པའི་ཕྱིར། རང་བཞིན་ཡོད་ན་ནི་རྟག་ཆད་གང་རུང་དུ་འགྱུར་ཏེ། རང་བཞིན་གྱིས་གྲུབ་ན་ནི་རྟག་པའམ་མི་རྟག་པ་ལས་མ་འདས་པའི་ཕྱིར་རོ། །རྩ་བ་ལས། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བ་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་སོ། །བཞི་པ་ལས་འབྲས་ཀྱི་འབྲེལ་པ་འཐད་པ་ལ་གསུམ་སྟེ། ལས་དང་འབྲས་བུ་ཆུད་མི་ཟ་བར་བསྟན་པ། གཞན་གྱི་ཀླན་ཀ་མི་འཇུག་པར་བསྟན་པ། ཀུན་གཞི་སོགས་བཤད་པ་དྲང་དོན་དུ་བསྟན་པའོ། །དང་པོ་ནི། ཟུར་ན་གནས་པ་འགའ་ཞིག་གིས་ལས་བྱས་མ་ཐག་ཏུ་འགག་གམ་མི་འགག འགག་ན་ནི་མ་འོངས་པ་ན་འབྲས་བུ་བསྐྱེད་པའི་ནུས་པ་མེད་པར་འགྱུར་ལ། མི་འགག་ན་ནི་རྟག་པར་འགྱུར་རོ་ཞེས་བརྩད་པའི་ལན་དུ་སེམས་ཙམ་པ་རྣམས་ལས་འགག་ཀྱང་ཀུན་གཞིའི་སྟེང་དུ་ས་བོན་བཞག་པ་ལས་སྐྱེ་བས་སྐྱོན་མེད་པར་འདོད་དོ། །བྱེ་བྲག་སྨྲ་བས་ཐོབ་པ་དང༌། མདོ་སྡེ་བས་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་འབྲས་བུ་སྐྱེ་བས་སྐྱོན་མེད་པར་འདོད་དོ། །དབུ་མ་པས་ནི་ཀུན་གཞི་སོགས་ལས་འབྲས་ཀྱི་རྟེན་དུ་མི་འདོད་དོ། །འོ་ན་ཀུན་གཞི་སོགས་མེད་པས་འབྲས་བུ་ཆུད་ཟོས་པར་འགྱུར་རོ་ཞེ་ན། དངོས་པོ་རྣམས་བདེན་པ་གཉིས་ཆར་དུ་རང་བཞིན་མེད་པས་རྟག་ཆད་སྤངས་པར་མ་ཟད་ཀུན་གཞི་མེད་ཀྱང་ལས་འབྲས་ཀྱི་འབྲེལ་བ་འདི་སྐྱེད་པར་ནུས་ཏེ། གང་གི་ཕྱིར་ན་ལས་རང་བཞིན་གྱིས་མ་སྐྱེས་པས་རང་བཞིན་གྱིས་ལས་དེ་མི་འགག་ཅིང་རང་བཞིན་གྱིས་མ་འགག་པའི་ལས་ལས་འབྲས་བུ་འབྱུང་བ་མི་སྲིད་པ་ཡང་མ་ཡིན་པའི་ཕྱིར། ཀུན་གཞི་སོགས་མེད་ཀྱང་ལས་ཀྱི་འབྲས་བུ་སྐྱེད་ནུས་པ་དེའི་ཕྱིར་གནས་སྐབས་ལ་ལར་འགག་ནས་ཡུན་རིང་ལོན་ནས་ཀྱང༌། ལས་ཀྱི་དྲན་སྣང་ལ་བརྟེན་ནས་འབྲས་བུ་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་འབྱུང་བར་རིགས་པར་གྱིས། ཇི་སྐད་དུ་རྩ་བ་ལས། གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་ལས་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་པ་དང༌། རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང༌། མི་ཡི་ཚེ་ཚད་ལོ་བརྒྱ་སྟེ། །དེ་སྲིད་འཚོ་ཞེས་བརྗོད་མོད་ཀྱི། །ལོ་ལ་ཕུང་པོར་སྤུངས་པ་མེད། །སྒྲུབ་པ་དེ་ཡང་དེ་དང་མཚུངས། །ཟད་པ་མེད་ཅེས་གང་སྨྲས་པ། །སྟོང་པའི་ཚུལ་དུ་ཟད་པ་མེད། །ཐ་སྙད་ཚུལ་དུ་ཟད་པ་བསྟན། །ཞེས་འབྱུང་ངོ༌། །ཐ་སྙད་དུ་ལས་འགག་ཀྱང་འབྲས་བུ་འབྱུང་བ་དཔེས་བསྟན་པ་ནི་རྨི་ལམ་དུ་དམིགས་པའི་ཡུལ་གྱི་བུད་མེད་དག་མཐོང་ནས་ནི། ཕྱིས་གཉིད་སད་དུས་ཀྱང་རྨི་ལམ་གྱི་བུད་མེད་དྲན་ནས་རང་བཞིན་མེད་ཀྱང་བླུན་པོ་འགའ་ཞིག་ལ་ཆགས་པ་སྐྱེ་བར་འགྱུར། དེ་བཞིན་དུ་རྨི་ལམ་གྱི་ཡུལ་དང་མཚུངས་པར་འགག་ཤིང་རང་བཞིན་ཡོད་པ་མ་ཡིན་པའི་ལས་ལས་ཀྱང་ལས་ཀྱི་དྲན་སྣང་ལ་བརྟེན་ནས་འབྲས་བུ་འབྱུང་བ་ཡོད་པ་ཡིན་ནོ། །གཉིས་པ་གཞན་གྱི་ཀླན་ཀ་མི་འཇུག་པར་བསྟན་པ་ལ་གཉིས་ཏེ། འབྲས་བུ་ཐུག་མེད་དུ་ཐལ་བ་སྤང་བ་དང༌། འབྲས་བུ་ངེས་མེད་དུ་ཐལ་བར་སྤང་བའོ། །དང་པོ་ནི། གལ་ཏེ་ལས་རང་བཞིན་གྱིས་མ་སྐྱེས་པ་ལ་ཟད་པ་མེད་པས་འབྲས་བུ་རྣམ་སྨིན་འབྱིན་པར་འདོད་ན། རྣམ་སྨིན་འབྱིན་པར་འགྱུར་བའི་ལས་བཞིན་དུ་འབྲས་བུ་སྨིན་ཟིན་པའི་ལས་ལས་རྣམ་སྨིན་འབྱུང་བར་འགྱུར་རོ། །དེ་ལྟ་ན་རྣམ་སྨིན་ཐུག་མེད་དུ་འགྱུར་རོ་ཞེ་ན། ཇི་ལྟར་ཡུལ་སྐྲ་ཤད་དང་རི་བོང་གི་རྭ་ནི་གནས་ཚུལ་ལ་ཡོད་པ་ཉིད་མིན་པར་མཚུངས་ཀྱང་མིག་ལ་རབ་རིབ་ཀྱི་སྐྱོན་ཡོད་པ་ཅན་གྱི་སྐྲ་ཤད་ཀྱི་རྣམ་པ་མཐོང་གི་དངོས་པོ་གཞན་རི་བོང་གི་རྭའི་རྣམ་པ་མཐོང་བ་མ་ཡིན་པ་ལྟར་དུ་ལས་གཉིས་རང་བཞིན་གྱིས་མ་འགག་པར་མཚུངས་ཀྱང་སྔར་སྨིན་མ་ཟིན་པའི་ལས་ལས་རྣམ་སྨིན་འབྱུང་ལ་སྨིན་ཟིན་པ་ལས་ནི་སླར་ཡང་འབྲས་བུ་སྨིན་པ་མིན་པ་དཔེ་དེ་བཞིན་དུ་ཤེས་པར་གྱིས་ཤིག གཉིས་པ་རྣམ་སྨིན་ངེས་མེད་དུ་ཐལ་བ་སྤང་བ་ནི། དགེ་བ་དང་མི་དགེ་བའི་ལས་ཀྱིས་འབྲས་བུ་བདེ་སྡུག་སོ་སོར་འབྱིན་པར་མ་ངེས་པར་ཐལ། རང་བཞིན་མེད་པར་མཚུངས་པའི་ཕྱིར་ཞེ་ན། རབ་རིབ་ཅན་གྱི་དཔེས་འབྲས་བུ་སྨིན་མ་སྨིན་གྱི་ཁྱད་པར་ཡོད་པར་མ་ཟད་འབྲས་བུ་བདེ་སྡུག་སོ་སོར་སྐྱེད་པ་ཡང་ངེས་པར་བསྟན་པ་ནི། རབ་རིབ་ཅན་གྱི་དཔེས་རང་བཞིན་མེད་ཀྱང་འབྲས་བུ་སྨིན་མ་སྨིན་གྱི་ངེས་པ་ཡོད་པར་གྲུབ་པ་དེའི་ཕྱིར་རྣམ་སྨིན་མི་དགེ་བ་སྟེ་ཡིད་དུ་མི་འོང་བ་ནི་ནག་པོ་མི་དགེ་བའི་ལས་ལས་འབྱུང་བ་ཡིན་ལ། རྣམ་སྨིན་དགེ་བ་ཉིད་དེ་ཡིད་དུ་འོང་བ་ནི་དགེ་བའི་ལས་ལས་འབྱུང་བ་ཡིན་པར་རབ་རིབ་ཅན་གྱི་དཔེ་ལས་མཐོང་ཤིང་ཁོང་དུ་ཆུད་པར་བྱའོ། །ཟག་བཅས་ཀྱི་དགེ་བ་དང་མི་དགེ་བའི་བདེན་པར་མི་དམིགས་པའི་བློ་གྲོས་ཅན་གྱི་ཐར་བར་འགྱུར་ཏེ། སྤྲོས་བྲལ་ཁོང་དུ་ཆུད་པའི་ཕྱིར། རིན་ཆེན་ཕྲེང་བ་ལས། གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཅེས་པ་བཞིན་ནོ། །ལས་འབྲས་དཔྱད་ན་མ་གྲུབ་པས་འགའ་ཞིག་གིས་ལས་འབྲས་ལ་རིགས་པས་དཔྱད་ན་ཀུན་རྫོབ་འཇིག་པར་བྱེད་པར་དགོངས་ནས་ལས་འབྲས་རྣམས་ལ་རིགས་པས་སེམས་པ་དེ་དགག་པ་མཛད་དོ། །ཇི་ལྟར་མཛད་ན། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་པའི་ཚུལ་དུ་འབྱུང་ངོ༌། །དེས་ན་ཇི་སྐད་བཤད་པའི་རིགས་པས་དངོས་པོ་རང་བཞིན་མེད་པ་ཡང་ཡིན། ནུས་པ་སོ་སོར་ངེས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ཡང་འཐད་པས་སྣང་སྟོང་འགལ་བ་མེད་པའོ། །འདི་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། སྣང་གྲགས་ཀྱི་དངོས་པོ་འདི་དག་ཤེས་རབ་ཀྱིས་ཡོངས་སུ་བརྟག་པ་ན་སྐད་ཅིག་དང་རྒྱུན་གྱིས་མི་རྟག་པར་ཡོངས་སུ་འགྱུར་བར་མཐོང་ནས་རང་བཞིན་མེད་པར་ཁོང་དུ་ཆུད་པ་ཡིན་ལ། རང་བཞིན་སྟོང་པ་ཉིད་ཀྱི་དོན་ལ་ས་བོན་ལས་མྱུ་གུ་འབྱུང་ལ་མེ་དང་སོལ་བ་ལ་སོགས་པ་ལས་མ་ཡིན་པའི་རྒྱུ་འབྲས་ཀྱི་ངེས་པ་ཡང་མཐོང་བས་སྣང་སྟོང་འགལ་བ་མེད་པར་རྟོགས་ལ། དེ་ཉིད་ལས་བདེན་གཉིས་ཟུང་འཇུག་ཀྱང་རྟོགས་སོ། །དེ་དག་རྟོགས་པས་ནི་ལས་དགེ་སྡིག་གི་བླང་དོར་ལ་གནས་ཤིང་རང་བཞིན་སྟོང་ཉིད་ཀྱི་དོན་རྟོགས་པའི་ལྟ་བས་མངོན་ཞེན་གྱིས་འཆིང་བ་བཅད་དེ། འཁོར་བའི་འཆིང་བ་ལས་གྲོལ་བར་འགྱུར་རོ། །དེ་ཉིད་ཀྱི་དབང་དུ་བྱས་ནས། དགེ་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ། །ཞེས་སོ། །སྟོང་པ་ཉིད་ཀྱི་དོན་རང་བཞིན་མེད་པ་ཁོང་དུ་མ་ཆུད་པའི་ཉེས་པ་ཡང་བསྡུ་ན་གཉིས་ཏེ། སྟོང་པ་ཉིད་ཀྱི་དོན་མེད་པར་ལྟ་བ་དང༌། ཡོད་པར་ལྟ་བའོ། །དེ་ལ་དང་པོ་ལའང་གཉིས་ཏེ། སྟོང་པ་ཉིད་ཀྱིས་ལྟ་བ་ལ་མོས་པ་དང༌། མི་མོས་པའོ། །དེ་ལ་དང་པོས་ནི། སྟོང་པ་ཉིད་ཁོ་ན་ལ་མཆོག་ཏུ་འཛིན་ཞིང༌། དེ་སྟོང་པ་ཉིད་དོན་ཡང་མེད་པར་བཟུང་ནས་ལས་རྒྱུ་འབྲས་ལ་སྐུར་བ་བཏབ་ནས་ངན་སོང་གི་གཡང་སར་ལྷུང་བའོ། །འདི་ཉིད་དགག་པའི་དབང་དུ་མཛད་ནས། ལས་འབྲས་རྣམས་ལ་སེམས་པ་དགག་པར་མཛད། ཅེས་གསུངས་སོ། །གཉིས་པ་ནི། སྟོང་པ་ཉིད་ལ་གཡང་སར་འདུ་ཤེས་ནས་འབྱུང་བ་དང་འཇིག་པ་མི་འཐད་པ་ཐལ་བ་སོགས་ཀྱི་དགག་པ་སྤྲོས་ཏེ་སྟོང་ཉིད་སྤོང་བར་བྱེད་པའོ། །གཉིས་པ་ཡོད་པར་ལྟ་བ་ནི་སྟོང་ཉིད་ཀྱི་དོན་དངོས་པོར་བཏགས་ནས་དེའི་རྟེན་དངོས་པོ་ཡང་རྟོགས་པར་བྱེད་དོ། །འདི་གཉིས་ཀྱིས་སྟོང་པ་ཉིད་སྤངས་པས་ཆོས་སྤོང་གི་ལས་ཀྱི་དབང་གིས་ངན་སོང་དུ་འགྲོ་བར་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། གཞན་ཡང་འདི་ནི་ལོག་བཟུང་ནས། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མི་རུང་བདག་ཉིད་ཅན། །མནར་མེད་པར་ནི་སྤྱིའུ་གཙུག་འགྲོ། །ཞེས་བཤད་དོ། །གསུམ་པ་ཀུན་གཞི་སོགས་བཤད་པ་དྲང་དོན་དུ་བསྟན་པ་ནི། ཀུན་གཞི་མེད་པར་ཡང་ལས་འབྲས་ཀྱི་འབྲེལ་བ་འདོད་ན། ལངྐར་གཤེགས་པ་ལ་སོགས་པ་ལས། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ས་བོན་ཀུན་གཞིའི་རྣམ་ཤེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དངོས་པོ་ཐམས་ཅད་ལ་རྗེས་སུ་ཞུགས་པའི་ཕྱིར་སྟོང་པ་ཉིད་ལ་ཀུན་གཞིའི་སྒྲས་བསྟན་ནས་ཡོད་པར་བསྟན་ཅིང༌། དེར་མ་ཟད་ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་ཐ་སྙད་ཙམ་དུ་ཡོད་པ་ལ་དགོངས་ནས་གང་ཟག་ཉིད་ཀྱང་ཡོད་པར་བསྟན་ཏེ། དགེ་སློང་དག་ཕུང་པོ་ལྔ་ནི་ཁུར་རོ། །ཁུར་ཁུར་བ་ནི་གང་ཟག་གོ །ཞེས་གསུངས་པ་ལྟ་བུའོ། །ཡང་ཁ་ཅིག་ལ་གཟུགས་སོགས་ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས་བསྟན་པ་འདི་ནི་ཐོག་མ་མེད་པ་ནས་མུ་སྟེགས་ཀྱི་ལྟ་བ་ལ་གོམས་པས་གོང་དུ་བསྟན་པ་དེ་ལྟར་ཆེས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རིགས་པར་མི་འགྱུར་བའི་གདུལ་བྱ་གང་ཡིན་པ་དེ་ལ་བསྟན་པ་ཡིན་ནོ། །དགོས་པ་ནི་སྟོང་པ་ཉིད་ཀྱི་དོན་ལ་རིམ་གྱིས་གཞུག་པའི་དོན་དུ་ཡིན་ཞིང༌། རིམ་གྱིས་འཇུག་ཚུལ་ཡང་ཐོག་མར་ཀུན་གཞི་སོགས་བསྟན་པས་མུ་སྟེགས་ཀྱི་ལྟ་བ་ལས་ལོག་ནས་གསུང་རབ་ཀྱི་དོན་ལ་འཇུག་གོ །ཞུགས་པ་ལས་ནི་གསུང་རབ་ཀྱི་དོན་སྟོང་ཉིད་རྟོགས་པ་ཡིན་ནོ། །ཅིའི་ཕྱིར་ཐོག་མར་སྟོང་ཉིད་མི་སྟོན་ཞེ་ན། སྟོང་པ་ཉིད་ལ་གཡང་སར་འདུ་ཤེས་ནས་རྒྱབ་ཀྱི་ཕྱོགས་པས་དམ་པའི་ཆོས་ཀྱི་སྣོད་ལས་ཉམས་པའི་སྐྱོན་གཟིགས་ནས་ཐོག་མར་མ་བསྟན་ཏེ། ཇི་སྐད་དུ་འཕགས་པ་ལྷས། གང་ཞིག་གང་གང་ལ་དགའ་བ། །དེ་ཡིས་དེ་དེ་སྔར་དཔྱད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་བཤད་དོ། །གདུལ་བྱ་འཇུག་པའི་དོན་དུ་ཀུན་གཞི་སོགས་བསྟན་པར་མ་ཟད་སངས་རྒྱས་ཀྱིས་འཇིག་ཚོགས་ལ་ལྟ་བ་དང་བྲལ་བས་ངར་འཛིན་སྤངས་ཀྱང་ང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ཞེས་པ་དང༌། ངའི་ཐེག་པ་སོགས་ཇི་ལྟར་བསྟན་པ་དེ་ལྟར་ཕྱི་ནང་གི་དངོས་པོ་རྣམས་རང་བཞིན་གྱིས་མེད་མོད་ཀྱི་ཡོད་ཅེས་བསྟན་པ་འདི་ནི་དཔེ་དེ་བཞིན་དུ་གདུལ་བྱ་དེ་ཁོ་ན་ཉིད་ལ་དྲང་བའི་དོན་ཉིད་དུ་བསྟན་པ་ཡིན་ནོ། །དོན་ལ་མེད་ཀྱང་འཇིག་རྟེན་པའི་ངོར་མཛད་ནས་ཡོད་པར་གསུངས་པ་ཡང་ཇི་སྐད་དུ་ཤར་གྱི་རི་བོ་སྡེ་དང་མཐུན་པའི་ཚིགས་སུ་བཅད་པ་དག་ལས། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས། །འཇིག་རྟེན་མཐུན་པར་མི་འཇུག་ན། །སངས་རྒྱས་ཆོས་ཉིད་གང་ཡིན་དང༌། །སངས་རྒྱས་ཡུལ་ཡང་ཤེས་མི་འགྱུར། །ཕུང་པོ་དག་དང་ཁམས་རྣམས་དང༌། །སྐྱེ་མཆེད་རང་བཞིན་གཅིག་བཞེད་ལ། །ཁམས་གསུམ་པ་དག་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །མིང་མེད་པ་ཡི་ཆོས་རྣམས་ལ། །བསམ་དུ་མེད་པའི་མིང་དག་གིས། །སེམས་ཅན་རྣམས་ཡོངས་རབ་བརྗོད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དངོས་མེད་ཉེ་བར་སྟོན་མཛད་ཅིང༌། །སངས་རྒྱས་རང་བཞིན་ལ་ཞུགས་ནས། །དངོས་མེད་འགའ་ཡང་འདིར་མེད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞིག་པ་མེད་ཅིང་སྐྱོན་མེད་པ། །ཆོས་ཀྱི་དབྱིངས་དང་མཉམ་འགྱུར་ཀྱང༌། །བསྲེགས་པའི་བསྐལ་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དུས་གསུམ་དག་ཏུ་སེམས་ཅན་གྱི། །རང་བཞིན་གནས་པ་མ་ཡིན་ལ། །སེམས་ཅན་ཁམས་ཀྱང་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་གསུངས་སོ། །མདོར་ན་འདིས་ཆོས་ཇི་སྙེད་གསུངས་པ་ཐམས་ཅད་འཇིག་རྟེན་པའི་ངོར་མཛད་ནས་གསུངས་ཞེས་བསྟན་ཏོ། །གཞན་ལས་སྐྱེ་བ་བཀག་པ་དངོས་བསྟན་ཟིན་ཏོ། །གཉིས་པ་ཞར་བྱུང་རྣམ་རིག་པའི་ལུགས་བཟློག་པ་ལ་གཉིས་ཏེ། གཞན་གཞུང་རྗེས་སུ་བརྗོད་པ། ཟློག་བྱེད་ཀྱི་ལན་བཤད་པའོ། །དང་པོ་ནི་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་རྟེན་འབྲེལ་རང་བཞིན་གྱིས་སྐྱེ་མེད་དུ་རྟོགས་པར་བསྟན་པ་མ་བཟོད་ནས། རྣམ་རིག་པ་རང་གི་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་རྟོགས་ཚུལ་ཇི་ལྟར་ཡིན་པ་བསྟན་པའི་ཕྱིར་དུ་སྨྲས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ས་དྲུག་པའི་བྱང་ཆུབ་སེམས་དཔའ་དེས་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་ཕྱི་རོལ་གྱི་དོན་གྱིས་དབེན་པའི་རྣམ་ཤེས་ཙམ་དུ་རྟོགས་པར་འགྱུར་ཏེ། ཇི་ལྟར་རྣམ་ཤེས་ཙམ་དུ་རྟོགས་ཤེ་ན། གཟུང་བ་འགོག་པའི་རིགས་པ་ལ་རྟེན་ཏེ། གཟུང་བ་མེད་པར་རྟོགས་པས་དེ་ལ་ལྟོས་པའི་འཛིན་པ་མ་མཐོང་ཞིང༌། སྲིད་པ་གསུམ་པོ་ཕྱི་རོལ་གྱི་དོན་གྱིས་དབེན་པའི་རྣམ་ཤེས་ཙམ་དུ་ཐོས་བསམ་གྱིས་རྟོགས་པ་སྒོམ་བྱུང་གིས་གོམས་པར་བྱས་པས་གོམས་པ་རབ་ཏུ་གྱུར་པ་ན་བརྗོད་དུ་མེད་པའི་རྣམ་རིག་ཙམ་ཞིག་རྟོགས་པའི་རིམ་པ་ལས་རྟོགས་སོ། །གལ་ཏེ་འདི་དག་ཕྱི་རོལ་མེད་པར་སེམས་ཉིད་ཡིན་ན་ནི་ཇི་ལྟར་དོན་གྱི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། ཇི་ལྟར་རླུང་གི་རྐྱེན་གྱིས་བསྐུལ་བས་རྒྱ་མཚོ་ཆེན་པོ་ལས་རྐྱེན་དང་འཚམ་པའི་ཆུ་རླབས་འབྱུང་བ་དེ་བཞིན་དུ། རླབས་དང་འདྲ་བའི་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་ཀུན་གྱི་ས་བོན་གྱི་རྐྱེན་རྒྱ་མཚོ་ལྟ་བུའི་ཀུན་གཞི་ལ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་བག་ཆགས་ཀྱིས་བསྐྱེད་པའི་རྣམ་པར་ཤེས་པས་རང་ཉིད་འགག་བཞིན་པའི་གནས་སྐབས་སུ་རང་དང་རྗེས་སུ་མཐུན་པའི་རྣམ་ཤེས་ཕྱི་མ་འབྱུང་བའི་རང་གི་ནུས་པ་བཞག་པ་ལས་གཟུང་འཛིན་གཉིས་སུ་སྣང་བའི་རྣམ་པར་ཤེས་པ་ཙམ་ཞིག་འབྱུང་བ་ན་བྱིས་པ་རྣམས་གཟུང་འཛིན་དུ་རྟོག་པར་བྱེད་ཀྱི་ཤེས་པ་ལས་ཐ་དད་པའི་གཟུང་བ་ནི་མེད་དོ། །གསུང་རབ་ཀྱི་དགོངས་པ་རྣམ་རིག་ཏུ་གནས་པ་དེའི་ཕྱིར་གཞན་གྱི་དབང་གི་ངོ་བོ་གང་ཡིན་པ་གདོན་མི་ཟ་བར་ཁས་བླངས་དགོས་ཏེ། སྦྲུལ་དུ་འཁྲུལ་པའི་གཞི་ཐག་པ་ལ་སོགས་པ་ལྟར་དངོས་པོ་བརྟགས་པར་ཡོད་པ་གཟུང་འཛིན་ལ་སོགས་པར་འཁྲུལ་པའི་རྒྱུར་གྱུར་པའི་ཕྱིར་རོ། །གལ་ཏེ་དེ་དག་མེད་ན་ནི་འཁྲུལ་པར་ཡང་མི་འགྱུར་ཏེ། འཁྲུལ་རྒྱུ་མེད་པས་ནམ་མཁའ་ལ་བུམ་པ་ལ་སོགས་པར་འཁྲུལ་པ་མི་འབྱུང་བ་བཞིན་ནོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུར་གྱུར་པའི་ཕྱིར་ཡང་ཡོད་དོ། །ཡོད་པའི་ཚུལ་ཡང་ཕྱི་རོལ་གྱི་གཟུང་བ་ལ་ལྟོས་པ་མེད་པར་གཉིས་སྣང་གི་བག་ཆགས་ཡོངས་སུ་སྨིན་པ་ལས་འབྱུང་བར་འགྱུར་བ་དང༌། རྫས་སུ་ཡོད་པ་དང༌། སྤྲོས་པ་ཀུན་གྱི་ཡུལ་མ་ཡིན་པའི་རང་བཞིན་དུ་ཡོད་པའོ། །དངོས་པོ་བརྟགས་པར་ཡོད་པའི་རྒྱུན་ནི་རྫས་སུ་ཡོད་པ་དང་དོན་གཅིག་པའི་ཕྱིར་ལོགས་སུ་མི་བགྲང་བས་ཁྱད་པར་གསུམ་ལྡན་དུ་ཡོད་ཅེ་ན། གཉིས་པ་ཟློག་པའི་ལན་བཤད་པ་ལ་དྲུག་སྟེ། རིགས་པའི་གནོད་བྱེད་བརྗོད་པ་དང༌། ངེས་ལེགས་མི་འཐོབ་པར་བསྟན་པ། ཀུན་རྫོབ་ལ་ཀླན་ཀ་སྤོང་བ། སེམས་ཙམ་གསུངས་པའི་དགོངས་པ་བསྟན་པ། སེམས་ཙམ་པ་ལ་གདམས་པ་བརྗོད་པ། སྒྲུབ་བྱེད་ལུང་གཞན་བཟློག་པའོ། །དང་པོ་ལ་གསུམ་སྟེ། ཤེས་བྱ་མེད་པའི་ཤེས་བྱེད་ཡོད་པ་དགག གཉིས་མེད་ཀྱི་གཞན་དབང་རྫས་སུ་གྲུབ་པ་དགག ཉེས་སྤོང་གི་ལན་ལ་རིགས་པའི་གནོད་བྱེད་བརྗོད་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། བཤད་པའི་དོན་བསྡུ་བའོ། །དང་པོ་ལ་དྲུག་སྟེ། རྨི་ལམ་གྱི་དཔེས་མི་འགྲུབ་པ། རབ་རིབ་ཀྱི་དཔེས་མི་འགྲུབ་པ། རྟེན་དང་དམིགས་པ་སུན་ཕྱུང་བ། སྒྲུབ་བྱེད་རིལ་བསྒྲུབ་བྱ་དང་མཚུངས་པ། ལུང་གིས་གནོད་པ་སྤོང་བ། སྒྲུབ་བྱེད་དཔེ་བཞིན་བཟློག་པའོ། །དང་པོ་ལ་བཞི་སྟེ། མཐུན་སྣང་དུ་གྲུབ་པར་འདོད་པ་དགག་པ། དྲན་པའི་རྟགས་མེད་པར་བསྟན་པ། སྒྲུབ་བྱེད་ཀྱི་ལན་གཞན་ཡང་དགག་པ། ཡུལ་ཤེས་ཡོད་མེད་མཚུངས་པར་བསྟན་པའོ། །དང་པོ་མཐུན་སྣང་དུ་སྒྲུབ་པར་འདོད་པ་དགག་པ་ནི། ཡུལ་མེད་པའི་ཡུལ་ཅན་མི་འཐད་པར་དགོངས་ནས་ཕྱི་རོལ་གྱི་དོན་མེད་པར་དོན་སྣང་གི་སེམས་ཡོད་པའི་དཔེར་ནི་གང་དུ་ཡོད་ཅེས་དབུ་མ་པས་དྲིས་པའི་ཚེ་ལན་སྨྲས་པ། ཁང་མིག་ཤིན་ཏུ་དོག་པའི་ནང་དུ་གཉིད་ལོག་པའི་རྨི་ལམ་དུ་གླང་པོ་ཆེའི་ཁྱུ་རྨིས་པའི་ཚེ་གླང་པོ་ཆེ་ཤོང་བའི་གོ་སྐབས་མེད་པས་གླང་པོ་ཆེ་མེད་ཀྱང་གླང་པོ་ཆེ་སྣང་བའི་ཤེས་པ་ཡོད་པ་ཇི་ལྟ་བ་བཞིན་ནོ་ཞེ་ན། བསམ་པར་བྱ་སྟེ་རྣམ་རིག་པ་ཁྱོད་ཀྱིས་བཀོད་པའི་རྨི་ལམ་གྱི་དཔེ་དབུ་མ་པའི་ངོར་ཡུལ་མེད་པར་ཡུལ་ཅན་ཤེས་པ་བདེན་པར་ཡོད་པའི་དཔེ་ཡང་དག་ཏུ་ཡོད་པ་མ་ཡིན་པར་ཐལ། གང་གི་ཚེ་དབུ་མ་པ་ང་ལ་རྨི་ལམ་ན་ཡང་སེམས་བདེན་པར་ཡོད་པར་མིན་པ་དེའི་ཚེའོ། །གཉིས་པ་དྲན་པའི་རྟགས་མེད་པར་བསྟན་པ་ནི། གལ་ཏེ་གཉིད་སད་པའི་ཚེ་རྨི་ལམ་གྱི་ཤེས་པ་ཉམས་སུ་མྱོང་བ་དྲན་པ་ལས་ཡིད་ཀྱི་ཤེས་པ་འཁྲུལ་པ་ཡོད་པར་འགྲུབ་ཅེ་ན། ཕྱི་རོལ་གྱི་ཡུལ་གླང་པོ་ཆེ་ཡང་རྨི་ལམ་རྨིས་པའི་ཤེས་པ་དེ་བཞིན་དུ་ཡོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཁྱོད་ཀྱིས་ངས་གླང་པོ་ཆེ་མཐོང་ངོ་སྙམ་པ་དེ་འདྲ་བ་ཕྱི་རོལ་གྱི་ཡུལ་ལ་ཡང་ཡོད་པར་མཚུངས་པའི་ཕྱིར། གསུམ་པ་སྒྲུབ་བྱེད་ཀྱི་ལན་གཞན་ཡང་དགག་པ་ལ་གཉིས་ཏེ། རྨི་ལམ་གྱི་ཡུལ་ཤེས་བདེན་མེད་དུ་བསྟན་པ། སད་པའི་ཡུལ་ཤེས་བདེན་མེད་དུ་བསྟན་པའོ། །དང་པོ་ནི། གལ་ཏེ་གཉིད་ཀྱི་རྐྱེན་གྱིས་དཀྲུག་པས་རྨི་ལམ་གྱི་ནང་དུ་མིག་གི་བློ་མི་སྲིད་པས་དེའི་ཡུལ་མིག་གི་སྐྱེ་མཆེད་ཀྱིས་གཟུང་བར་བྱ་བའི་གླང་པོ་ཆེའི་གཟུགས་ཡོད་པ་མ་ཡིན་པ་ལ་གླང་པོ་ཆེའི་གཟུགས་སྣང་བའི་ཡིད་ཀྱི་ཤེས་པ་ཁོ་ན་ཡོད་པས་དེའི་རྣམ་པ་ལས་ཕྱི་རོལ་གྱི་ཡུལ་ཉིད་དུ་ཞེན་པ་ཙམ་མོ། །རྨི་ལམ་ཇི་ལྟ་བ་དེ་བཞིན་དུ་སད་པའི་གནས་སྐབས་འདིར་ཡང་ཕྱི་རོལ་གྱི་དོན་མེད་པར་དོན་སྣང་གི་ཤེས་པ་འབྱུང་བར་འདོད་ན་རྨི་ལམ་དུ་དོན་མེད་པར་དོན་སྣང་གི་ཤེས་པ་འབྱུང་བ་དེ་ལྟ་ཡང་མ་ཡིན་ཏེ། ཇི་ལྟར་ཁྱོད་ཀྱི་ལུགས་ལ་རྨི་ལམ་དུ་ཕྱི་རོལ་གྱི་ཡུལ་རང་བཞིན་གྱིས་མ་སྐྱེས་པ་དེ་བཞིན་དུ་བརྟག་ན་ཡིད་ཀྱང་རང་བཞིན་གྱིས་མ་སྐྱེས་ལ་མ་བརྟག་པའི་ངོ་ན་སེམས་སྣང་བ་ལྟར་ཡུལ་ཡང་སྣང་བའོ། །སད་པའི་ཚེ་གཟུགས་བརྙན་མཐོང་བ་ན་མིག་དང་གཟུགས་དང་རྣམ་ཤེས་གསུམ་ཀར་སྣང་ཙམ་དུ་ཡོད་པར་མཚུངས་པ་དེ་བཞིན་དུ་རྨི་ལམ་དུ་ཡང་ཡུལ་གཟུགས་ཡོངས་སུ་གཅོད་པ་ནི་མིག་དང་གཟུགས་དང་རྣམ་ཤེས་གསུམ་ཀར་དམིགས་པ་ཡིན་ནོ། །འོ་ན་རྨི་ལམ་དུ་ལས་སོག་པར་འགྱུར་ཏེ། སད་པའི་གནས་སྐབས་དང་ཡུལ་ཅན་སོགས་ཡོད་མེད་མཚུངས་ཕྱིར་རོ་ཞེ་ན། རྗེས་ཀྱི་གསོས་འདེབས་པ་ཡོད་ན་ནི་སོག་པར་འགྱུར་ལ། མེད་ན་ནི་སད་པ་ཉིད་གཉེན་པོར་འགྲོ་བས་སོགས་པར་མི་འགྱུར་རོ་ཞེས་པཎྜི་ཏ་པ་ར་ཧེ་ཏས་བཞེད་དོ། །སྐྲ་ཤད་དང་རི་བོང་གི་རྭ་རང་བཞིན་མེད་པར་མཚུངས་ཀྱང་རབ་རིབ་ཅན་གྱིས་སྐྲ་ཤད་མཐོང་ལ་རི་བོང་གི་རྭ་མི་མཐོང་བ་བཞིན་དུ། དགེ་བ་དང་སྡིག་པའི་ལས་ཀྱི་རྣམ་སྨིན་སོ་སོར་ངེས་པར་བསྟན་ཞེས་ལན་བཏབ་ན་ལེགས་སོ། །ཇི་ལྟར་རྨི་ལམ་གྱི་གནས་སྐབས་དེར་མིག་དང་མིག་གི་ཡུལ་དང་སྟེ་གཟུགས་གཉིས་རང་བཞིན་གྱིས་མེད་པ་དེ་བཞིན་དུ་དེས་བསྐྱེད་པའི་སེམས་མིག་གི་རྣམ་པར་ཤེས་པའང་མེད་པས་གསུམ་པོ་ཐམས་ཅད་ཀྱང་རྫུན་པ་ཡིན་ཏེ། སྣང་ལ་རང་བཞིན་མེད་པར་མཚུངས་པའི་ཕྱིར། ལྷག་མ་རྣ་བ་དང་སོགས་པ་ཡིད་ཀྱི་བར་གྱི་ཡུལ་དང་དབང་པོ་རྣམ་པར་ཤེས་པ་གསུམ་པོའང་སྐྱེ་བ་མེད་དོ། །རྨི་ལམ་དུ་ཡང་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་ཀར་ཡང་རྫུན་པ་དེའི་ཕྱིར། རྨི་ལམ་དུ་དབང་པོ་དང་དོན་མེད་པར་ཡིད་ཤེས་བདེན་པར་མི་རིགས་སོ། །གཉིས་པ་སད་པའི་ཡུལ་ཤེས་བདེན་མེད་དུ་བསྟན་པ་ནི། རྨི་ལམ་གྱི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་ཀར་མི་བདེན་པར་བསྒྲུབས་ནས་དཔེ་དེ་ཉིད་ཀྱི་སྒོ་ནས་སད་པའི་ཡུལ་དང་ཤེས་པ་ཡང་མི་བདེན་པར་བསྟན་པ་ནི། རྨི་ལམ་གྱི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་བརྫུན་པ་ཇི་ལྟ་བ་དེ་བཞིན་དུ་སད་པའི་གནས་སྐབས་འདིར་ཡང་སྣོད་བཅུད་ཀྱི་དངོས་པོ་རྣམས་བརྫུན་པའི་རང་བཞིན་ཡིན་པས་བྱེ་བྲག་ཏུ་ཡུལ་ཅན་གྱི་སེམས་དེ་དག་ཀྱང་ཡོད་པ་མ་ཡིན་ལ་སྤྱོད་ཡུལ་གཟུགས་སོགས་ཀྱང་མེད་ཅིང་རྟེན་དབང་པོ་རྣམས་ཀྱང་མེད་དོ། །དངོས་པོ་རྣམས་རྨི་ལམ་དང་སྒྱུ་མ་དང་མཚུངས་པར་ཡང༌། ཇི་སྐད་དུ་ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ཕ་མའི་སེམས་ཅན་དམིགས་པ་ལྟར། །སྣང་བ་དེ་ཉིད་དུ་ནི་ཡང་དག་མིན། །སྒྱུ་མ་ལྟ་བུ་རྨི་ལམ་དང་འདྲ་བ། །དེ་ལྟའི་ཆོས་ནི་བདེ་བར་གཤེགས་པས་བསྟན། །ཞེས་པ་དང༌། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་སུ་ཡང་མི་འཆི་སྐྱེ་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་ལྦུ་བ་ཆུ་ཤིང་འདྲ། །ཞེས་གསུངས་སོ། །བཞི་པ་ཡུལ་ཤེས་ཡོད་མེད་མཚུངས་པར་བསྟན་པ་ནི། རྨི་ལམ་སད་པ་ལ་སྦྱར་བས་རྨི་ལམ་གྱི་གསུམ་ཀར་སྣང་ཙམ་དུ་ཡོད་པར་མཚུངས་པར་སྟོན་པ་ནི། འཇིག་རྟེན་འདི་ན་ཇི་ལྟར་སད་པའི་གནས་སྐབས་ན་ཡུལ་དབང་རྣམ་ཤེས་གསུམ་ཡོད་པར་དམིགས་པ་དེ་བཞིན་དུ་ཇི་སྲིད་དུ་ཐ་སྙད་པའི་གཉིད་མ་སད་པ་དེ་སྲིད་དུ་རྨི་ལམ་གྱི་གནས་སྐབས་དེ་ལ་སེམས་དམིགས་པ་ལྟར་དབང་པོ་དང་དོན་ཡང་དམིགས་པས་ན་གསུམ་པོ་ཡོད་པ་ཡིན་ནོ། །སད་པ་རྨི་ལམ་ལ་སྦྱར་བས་སད་པའི་གསུམ་པོ་ཡང་རང་བཞིན་མེད་པར་མཚུངས་པར་སྟོན་པ་ནི། ཐ་སྙད་པའི་གཉིད་སད་པར་གྱུར་ན་རྨི་ལམ་གྱི་གསུམ་ཀར་ཡོད་པ་མིན་པ་ལྟར་ཇི་སྲིད་གཏི་མུག་གི་གཉིད་ཡོད་པ་དེ་སྲིད་དུ་གསུམ་ཀར་ཡོད་ལ་གཏི་མུག་གི་གཉིད་ཟད་པ་ལས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱས་པའི་ཚེ་རྨི་ལམ་གསུམ་པོ་དེ་སད་པའི་དུས་ན་མི་སྣང་བ་དེ་བཞིན་དུ་འཁྲུལ་བའི་སྣང་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་རྨི་ལམ་ན་ཡང་སྣང་ཙམ་དུ་གསུམ་ཀར་ཡོད་ཅིང་དོན་ལ་མེད་པས་ཕྱི་རོལ་མེད་པར་ཤེས་པ་ཡོད་པའི་དཔེ་མི་འགྲུབ་བོ། །གཉིས་པ་རབ་རིབ་ཀྱི་དཔེས་མི་གྲུབ་པར་བསྟན་པ་ལ་གསུམ་སྟེ། ཡུལ་ཤེས་ཡོད་མེད་མཚུངས་པར་བསྟན། ཡུལ་མེད་པའི་ཡུལ་ཅན་ཡོད་པ་དགག ཉེས་སྤོང་གི་ལན་ལ་གནོད་བྱེད་བརྗོད་པའོ། །དང་པོ་ནི། རབ་རིབ་ཅན་གྱིས་ཡོད་པ་མ་ཡིན་པའི་སྐྲ་ཤད་ལ་དམིགས་པའི་ཕྱིར། ཕྱི་རོལ་གྱི་དོན་མེད་ཀྱང་རྣམ་ཤེས་ཡོད་དོ་ཞེ་ན། དེ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། རབ་རིབ་དང་བཅས་པའི་དབང་པོ་ལ་བརྟེན་པའི་མིག་བློ་གང་གིས་བདག་རྐྱེན་ལ་སྐྱོན་ཞུགས་པའི་མཐུ་ལས་སྐྲ་ཤད་ལ་སོགས་པ་རྣམས་མཐོང་བ་གང་ཡིན་པ་དེ་ལ་ཡང་རབ་རིབ་ཅན་གྱིས་མཐོང་བའི་བློ་ལ་ལྟོས་ནས་སྐྲར་སྣང་གི་ཤེས་པ་དང་ཡུལ་སྐྲ་ཤད་གཉིས་ཀར་བདེན་པ་ཡིན་ལ། རབ་རིབ་དང་བྲལ་བའི་དོན་གསལ་བར་མཐོང་བ་ལ་ནི་སྐྲ་ཤད་དང་སྐྲ་ཤད་ཀྱི་ཡུལ་ཅན་གཉིས་ཀའང་བརྫུན་པར་དེས་ན་ཡུལ་མི་བདེན་པ་ལྟར་ཤེས་པ་ཡང་མི་བདེན་པར་གདོན་མི་ཟ་བར་འདོད་པར་བྱེད་དགོས་སོ། །གཉིས་པ་ཡུལ་མེད་པའི་ཡུལ་ཅན་ཡོད་པ་དགག་པ་ནི། གལ་ཏེ་ཤེས་བྱ་སྐྲ་ཤད་ཀྱི་རྣམ་པ་ཙམ་ཡང་མེད་པར་སྐྲ་སྣང་གི་བློ་ཡོད་ན་སྐྲ་ཤད་འཛག་པར་སྣང་བ་དེའི་ཡུལ་མཁར་གཞོང་ལ་སོགས་པའི་སྣོད་དང་མིག་ནི་རྗེས་སུ་འབྲེལ་བའི་རབ་རིབ་མེད་པའི་མིག་ཅན་ལའང་ཡུལ་སྐྲ་ཤད་མེད་པར་མཚུངས་པའི་ཕྱིར། སྐྲ་ཤད་སྣང་བའི་བློ་སྐྱེ་བར་འགྱུར་བ་ཞིག་ན། རབ་རིབ་མེད་པ་ལ་སྐྲ་ཤད་སྣང་བ་དེ་ལྟར་མ་ཡིན་པའི་ཕྱིར་ཡུལ་མེད་པར་ཡུལ་ཅན་ཤེས་པ་ཡོད་པ་དེ་ནི་མ་ཡིན་ནོ། །ཡུལ་ནི་ཤེས་པའི་རྒྱུ་མ་ཡིན་གྱི་རབ་རིབ་ཅན་གྱི་དབང་པོ་ཡིན་ནོ་ཞེ་ན། འོ་ན་དབང་པོ་དེ་སྐྲ་ཤད་ཀྱི་རྒྱུར་ཡང་འགྱུར་བས་ཡུལ་མེད་པའི་ཤེས་པ་ཡོད་པར་མི་འགྲུབ་བོ། །གཉིས་པ་ཉེས་སྤོང་གི་ལན་ལ། ཉེས་སྤོང་འགོག་པ་དང༌། གནོད་བྱེད་བརྗོད་པའོ། །དང་པོ་ནི། ཡུལ་སྐྲ་ཤད་ཡོད་པ་དང་མེད་པས་ཤེས་པ་སྐྱེ་བ་དང་མི་སྐྱེ་བར་ངེས་ན་དེ་ལྟར་གྱུར་ན་ཡང་འདིར་ཤེས་བྱ་སྐྲ་ཤད་ཡོད་པས་སྐྲ་ཤད་སྣང་བའི་བློ་སྐྱེ་སྐྲ་ཤད་ཀྱི་དངོས་པོ་དང་བྲལ་བས་མི་སྐྱེ་བ་མ་ཡིན་གྱི་སྐྲ་ཤད་སྣང་བའི་བག་ཆགས་ཡོངས་སུ་སྨིན་པ་དང་མ་སྨིན་པའི་ལས་ཡིན་ནོ། །དེས་ན་རབ་རིབ་དང་བྲལ་བའི་མཐོང་བ་དག་པ་དེ་ལ་སྐྲར་སྣང་གི་བློ་མི་འབྱུང་སྟེ། སྐྲར་སྣང་གི་བློའི་ནུས་པ་ཡོངས་སུ་སྨིན་པ་མེད་པ་དེའི་ཕྱིར་གཅིག་ཤོས་ལ་ནུས་པ་ཡོངས་སུ་སྨིན་པ་ཡོད་པར་སྐྲར་སྣང་གི་བློ་འབྱུང་བ་དེ་བས་ན་ཁྱོད་ཀྱི་ཐལ་བ་ལ་ཁྱབ་པ་མེད་དོ་ཞེ་ན། གཉིས་པ་གནོད་བྱེད་བརྗོད་པ་ལ་གཉིས་ཏེ། ནུས་པ་མི་གྲུབ་པར་བསྟན་པ། ནུས་པ་ཇི་ལྟར་མེད་པའི་ཚུལ། དང་པོ་ནི། གལ་ཏེ་ནུས་པ་ཞེས་བྱ་བ་འགའ་ཞིག་ཡོད་ན་ནི་ནུས་པ་སྨིན་པ་དང་མ་སྨིན་པ་དག་ལས་རྣམ་པར་ཤེས་པ་འབྱུང་བ་དང་མི་འབྱུང་བ་ཞིག་ཏུ་འགྱུར་ན། འོག་ནས་འཆད་པའི་རིགས་པས་ནུས་པ་དེ་མེད་པའི་ཕྱིར་བག་ཆགས་སྨིན་མ་སྨིན་ལས་ཤེས་པ་སྐྱེ་མི་སྐྱེའི་ངེས་པ་འདི་ནི་གྲུབ་པ་མ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། དྲི་བ་བཀོད་པ་དང༌། དགག་པ་བསྟན་པའོ། །དང་པོ་ནི་ཇི་ལྟར་ནུས་མེད་ཅེ་ན། རྣམ་པར་ཤེས་པ་འདིར་ནུས་པ་ཞེས་བྱ་བ་ཡོངས་སུ་རྟོགས་ན། རྣམ་པར་ཤེས་པ་ད་ལྟར་བ་དང་འབྲེལ་བ་ཞིག་གམ། མ་འོངས་པ་དང་འབྲེལ་བའམ། འདས་པས་བཞག་པ་གཅིག་ཏུ་འགྱུར་གྲང༌། གཉིས་པ་དགག་པ་བསྟན་པ་ལ་གསུམ་སྟེ། ད་ལྟར་བའི་ནུས་པ་དགག མ་འོངས་པའི་ནུས་པ་དགག འདས་པའི་ནུས་པ་དགག་པའོ། །དང་པོ་ནི། རྣམ་པར་ཤེས་པ་སྐྱེས་པ་ད་ལྟར་བ་ལ་ད་ལྟར་བ་སྐྱེད་བྱེད་ཀྱི་ནུས་པ་སྲིད་པ་ཡོད་པ་མ་ཡིན་ཏེ། ད་ལྟར་བ་སྐྱེ་བྱེད་ཀྱི་ད་ལྟར་བའི་ནུས་པ་འདོད་པའི་ཚེ་དྲུག་པ་འབྲེལ་བ་དང༌། ལྔ་པ་འབྱུང་ཁུངས་གང་རུང་དུ་འབྱུང་བ་ཞིག་ན་གཉིས་ཀ་ལྟར་ཡང་མི་འཐད་པས་སོ། །དྲུག་པ་འབྲེལ་བར་འདོད་དོ་ཞེ་ན། རྣམ་པར་ཤེས་པ་ད་ལྟ་བའི་ནུས་པས། རྣམ་པར་ཤེས་པ་ད་ལྟར་བ་བསྐྱེད་དོ་ཞེས་ནུས་པ་དང་རྣམ་ཤེས་གཞི་མཐུན་གྱི་དྲུག་པ་ཡིན་པ་དེའི་ཚེ་རྣམ་པར་ཤེས་པ་ད་ལྟར་བའི་འབྲས་བུའི་ངོ་བོར་གྱུར་པ་ཉིད་ད་ལྟར་བའི་རྒྱུ་ཉིད་ཐལ་བར་འགྱུར་ཏེ། ནུས་པ་དང་རྣམ་ཤེས་གཞི་མཐུན་པ་དེ་ཉིད་ཀྱིས་རྣམ་ཤེས་ད་ལྟར་བསྐྱེད་པའི་ཕྱིར་རོ། །གལ་ཏེ་རྣམ་ཤེས་ད་ལྟར་བ་འབྲས་བུར་གནས་པ་དེ་ཉིད་ད་ལྟར་བའི་སྐྱེ་བྱེད་ཡིན་ན་ནི་འབྲས་བུ་རྣམ་ཤེས་ད་ལྟར་བ་རྒྱུ་མེད་དུ་འབྱུང་བར་འགྱུར་ཏེ། རྒྱུས་ཕན་མ་བཏགས་པར་སྐྱེས་པའི་ཕྱིར་རོ། །མྱུ་གུ་སྐྱེས་པ་ན་ཡང་ས་བོན་མི་འཇིག་པར་ཡང་འགྱུར་ཏེ། འབྲས་བུ་སྐྱེས་པའི་ཚེ་ཡང་རྒྱུ་གནས་པའི་ཕྱིར་རོ། །ལྔ་པ་འབྱུང་ཁུངས་སུ་འདོད་དོ་ཞེ་ན། རྣམ་ཤེས་ད་ལྟར་བ་ནུས་པ་ལས་འབྱུང་ཞེས་ལྔ་པ་འབྱུང་ཁུངས་སུ་འདོད་པ་དེའི་ཚེ་ནི་རྣམ་ཤེས་ད་ལྟར་བ་ནུས་པ་ལས་འབྱུང་བར་འགྱུར་ན། དེ་ཡང་མ་ཡིན་ཏེ། ད་ལྟར་བྱུང་བ་རྒྱུ་ལ་རག་མ་ལས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ནུས་པ་ཁྱད་པར་ཅན་མེད་པར་བསྟན། འབྱུང་འགྱུར་དུ་ཡོད་པ་འདོད་པ་དགག ཕན་ཚུན་ལྟོས་པས་རང་བཞིན་མེད་པར་བསྟན། དང་པོ་ནི། རྣམ་ཤེས་མ་སྐྱེས་པའི་ངོ་བོ་སྟེ་རང་བཞིན་ཅན་གྱི་རྣམ་པར་ཤེས་པ་ལ་ཡང་ནུས་པ་སྲིད་པ་ཡོད་པ་མ་ཡིན་ཏེ། རྣམ་པར་ཤེས་པའི་ནུས་པ་ཞེས་རྣམ་པར་ཤེས་པ་ཁྱད་པར་བྱེད་ཆོས་ཡིན་ལ་ནུས་པ་ཁྱད་པར་གྱི་གཞི་ཡིན་པ་དེའི་ཚེ་ཁྱད་པར་དུ་བྱེད་ཆོས་རྣམ་ཤེས་མ་འོངས་པ་ཡིན་པས་མེད་ལ། ཁྱད་པར་དུ་བྱེད་ཆོས་རྣམ་ཤེས་མེད་པར་ཁྱད་པར་ཅན་དེའི་ནུས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཁྱད་པར་དུ་བྱེད་ཆོས་མེད་པས་ཁྱད་པར་ཅན་གྱི་ནུས་པ་མེད་པའི་རྣམ་ཤེས་འདི་ནི་ནུས་པ་འདི་ལས་འབྱུང་ངོ་ཞེས་པའི་ཁྱད་པར་བརྗོད་པས་མ་འོངས་པ་ལས་རྣམ་ཤེས་སྐྱེ་བར་བསྟན་པར་མི་ནུས་སོ། །གལ་ཏེ་རྣམ་པར་ཤེས་པ་མ་སྐྱེས་པ་ལ་ནུས་པ་འདོད་ན། མོ་གཤམ་གྱི་བུ་ལའང་ནུས་པ་དེ་ནི་ཡོད་པར་ཐལ་ཏེ། མ་སྐྱེས་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ནུས་པ་ལས་འབྱུང་བར་འགྱུར་བའི་རྣམ་པར་ཤེས་པ་མ་འོངས་པ་བློ་ཡུལ་དུ་བྱས་ནས་རྣམ་པར་ཤེས་པ་འདིའི་ནུས་པ་འདི་ཡིན་ཞིང་ནུས་པ་འདི་ལས་རྣམ་པར་ཤེས་པ་འདི་འབྱུང་ངོ་ཞེས་ཁྱད་པར་དང་ཁྱད་པར་ཅན་དུ་བསྙད་དེ། དཔེར་ན་ཕྱིས་འབྱུང་བློ་ཡུལ་དུ་བྱས་པ་ནས་འབྲས་ཆན་ཚོས་ཤིག སྣལ་མ་འདི་ལ་རས་ཡུག་ཐོགས་ཤིག་ཅེས་བརྗོད་པ་དང༌། མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་བསྒྱུར་དང་རང་བྱུང་ངོ༌། །ཞེས་བཤད་པ་བཞིན་ནོ་ཞེས་འདོད་ན། གལ་ཏེ་ནུས་པ་ཡོད་ན་རྣམ་པར་ཤེས་པ་འབྱུང་བར་འགྱུར་བ་ཞིག་ན། ནུས་པ་ཉིད་ཡོད་པ་མ་ཡིན་ཏེ། ལྟོས་ས་རྣམ་པར་ཤེས་པ་མ་འོངས་པ་ཡོད་པ་མ་ཡིན་པའི་ཕྱིར། ནུས་པ་མེད་པར་ནི་རྣམ་པར་ཤེས་པ་འདིའི་འབྱུང་འགྱུར་ཡང་མེད་དེ། ནུས་པ་རྣམས་ནི་རྣམ་པར་ཤེས་པའི་རྒྱུར་འདོད་པའི་ཕྱིར་རོ། །འདིས་ནི་འབྲས་ཆན་ལ་སོགས་པའི་དཔེ་དག་ཀྱང་བཀག་པ་བཞིན་ནོ། །གསུམ་པ་ནི། གཞན་ཡང་རྣམ་པར་ཤེས་པ་ལ་ལྟོས་ནས་ནུས་པ་ཡོད་པར་འགྲུབ་ལ། ནུས་པ་ལས་རྣམ་པར་ཤེས་པ་འགྲུབ་པའི་ཕྱིར། ཕན་ཚུན་གཅིག་གི་དོན་ལ་གཅིག་རྟེན་པའི་ལྟོས་གྲུབ་ཏུ་འགྱུར་ལ། དེ་ལྟར་ན་ནི་རིང་པོ་དང་ཐུང་ངུ་དང༌། ཕ་རོལ་དང་ཚུལ་རོལ་ལྟར་ངོ་བོ་ཉིད་ཀྱིས་གྲུབ་པ་ཉིད་མིན་ཞེས་ཀླུ་སྒྲུབ་ལ་སོགས་ཚད་མར་གྱུར་པ་རྣམས་ཀྱིས་གསུངས་སོ། །ཇི་སྐད་དུ་རྩ་བ་ལས། གལ་ཏེ་དངོས་པོ་གང་ལྟོས་གྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་གྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །ཅེས་སོ། །འདས་པའི་ནུས་པ་དགག་པ་ལ་གསུམ་སྟེ། སྐྱེ་བ་ངེས་པ་མེད་པར་ཐལ་བ། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པ། གཞན་ཉིད་ལ་རྒྱུད་གཅིག་མི་འཐད་པའོ། །དང་པོ་ནི། གལ་ཏེ་འགག་པ་སྟེ་འདས་པའི་རྣམ་པར་ཤེས་པས་རང་བཞིན་འགག་བཞིན་པའི་གནས་སྐབས་ན་རང་དང་རྗེས་སུ་མཐུན་པའི་འབྲས་བུ་ཕྱི་མ་སྐྱེད་པའི་དོན་དུ་ཀུན་གཞི་ལ་བཞག་པའི་ནུས་པ་ཡོངས་སུ་སྨིན་པ་ལས་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེ་ན། བརྟག་པ་སྔ་མ་གཉིས་ནི་མཐའ་དཔྱོད་པ་ཡིན་ལ། འདི་ནི་འདོད་པ་རྣལ་མའོ། །དེ་ལྟར་ན་སེར་པོ་འཛིན་པའི་རྣམ་པར་ཤེས་པ་གཞན་གྱི་ནུས་པ་ལས་སྔོ་འཛིན་གྱི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་ཤེས་གཞན་འབྱུང་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཆུ་ཀླུང་གི་རྒྱུན་ལྟར་སྐད་ཅིག་སྔ་ཕྱིའི་རིམ་པ་མ་ཆད་པར་འཇུག་པའི་རྒྱུན་དང་ལྡན་པ་ཅན་སྐད་ཅིག་སྔ་ཕྱི་རྣམས་སྐབས་དེར་ཕན་ཚུན་རྫས་ཐ་དད་དུ་ཡོད་པར་ཁས་བླང་བའི་ཕྱིར་རོ། །འདོད་ན་གཞན་གྱི་ནུས་པ་ལས་གཞན་འབྱུང་བ་དེའི་ཕྱིར། འབྲས་བུ་དང་འབྲས་བུར་མ་གྱུར་པ་ཐམས་ཅད་དང་རྒྱུ་དང་རྒྱུ་མ་ཡིན་པར་ཀུན་ལས་འབྱུང་བར་འགྱུར་རོ། །ཞེས་གཞན་ལས་སྐྱེ་བ་བཀག་པའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པ་ནི། གལ་ཏེ་འདས་པའི་ནུས་པ་ལས་གཞན་འབྱུང་བའི་སྐབས་དེར་ནི་རྒྱུན་ཅན་སྐད་ཅིག་མ་བག་ཆགས་འཇོག་བྱེད་དང་བག་ཆགས་ཀྱི་འབྲས་བུ་རྫས་ཐ་དད་ཀྱི་སྐད་ཅིག་སྔ་ཕྱི་རྣམས་ཀྱི་རྒྱུན་ཅན་དེ་དག་ལས་རྫས་ཐ་དད་མེད་པ་དེའི་ཕྱིར་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཉེས་པ་མེད་ཅེ་ན། རྒྱུན་ཅན་རྫས་ཐ་དད་ལ་རྒྱུན། གཅིག་པ་འདི་ནི་བསྒྲུབ་པར་བྱ་བ་ཞིག་གོ །ཅིའི་ཕྱིར་ཞེ་ན་རྫས་ཐ་དད་པ་རྣམས་ལ་ཐ་མི་དད་པའི་རྒྱུན། གཅིག་འཇུག་པའི་གོ་སྐབས་མི་རིགས་པའི་ཕྱིར་རོ། །གསུམ་པ་གཞན་ཉིད་ལ་རྒྱུད་གཅིག་མི་འཐད་པ་ནི། རྣམ་པར་ཤེས་པ་སྐད་ཅིག་སྔ་ཕྱི་དེ་དག་རྒྱུད་གཅིག་ཏུ་གཏོགས་པར་རིགས་པ་མ་ཡིན་ཏེ། རྣམ་ཤེས་སྔ་ཕྱི་དག་གི་མཚན་ཉིད་ཀྱིས་སོ་སོ་ཐ་དད་པའི་ཕྱིར། དཔེར་ན་བྱམས་པ་དང་ཉེར་སྦས་ལྟ་བུར་རྒྱུད་གཞན་ལ་བརྟེན་པའི་མིག་ལ་སོགས་པའི་ཆོས་རྣམས་གཞན་ཡིན་པའི་ཕྱིར་རྒྱུད་གཅིག་ཏུ་གཏོགས་པ་མིན་པ་དེ་བཞིན་ནོ། །ནུས་པ་འགོག་བྱེད་ཀྱི་རིགས་པ་འདིས་ཤེས་བྱ་མེད་པའི་ཤེས་པ་བཀག་པའི་ཉེས་སྤང་གི་ལན་དུ་ནུས་པ་ཡོངས་སུ་སྨིན་པ་དང་མ་སྨིན་པ་ལས་རྣམ་པར་ཤེས་པ་ཡོད་པ་དང་མེད་པའི་ཁྱད་པར་སྨྲ་བ་རྣམས་བསལ་བའི་ཕྱིར་ཤེས་བྱ་མེད་པའི་ཤེས་པ་མི་འགྲུབ་ཅེས་པ་འདི་ནི་གནས་སོ། །གསུམ་པ་རྟེན་དང་དམིགས་པ་སུན་དབྱུང་བ་ལ་གསུམ་སྟེ། གཞན་གཞུང་རྗེས་སུ་བརྗོད། དགག་པའི་འཐད་པ་བརྗོད། བཤད་པའི་མཇུག་བསྡུ་བསྟན། དང་པོ་ནི། སླར་ཡང་རྣམ་པར་ཤེས་པ་སྨྲ་བ་རང་གི་ལུགས་བརྗོད་པས་དབང་པོ་དང་ཕྱི་རོལ་གྱི་དོན་མེད་པར་ཡང་རྣམ་ཤེས་འགྲུབ་པར་བསམ་ནས་སྨྲས་པ། མིག་ཤེས་སྔ་མ་འགག་བཞིན་པའི་མིག་གི་དབང་པོ་ལ་བརྟེན་པའི་བློ་སྐྱེ་བར་འགྱུར་བའི་རང་གི་ནུས་པ་གང་ཞིག་ཀུན་གཞི་ལ་བཞག་པ་ལས་ཆོས་གཞན་གྱིས་བར་མ་ཆོད་པར་དེ་མ་ཐག་ཏུ་མིག་ཤེས་ཕྱི་མ་སྐྱེ་བར་འགྱུར་རོ། །འདིས་ནི་དེ་མ་ཐག་པའི་རྐྱེན་བསྟན་ཏོ། །བདག་རྐྱེན་བསྟན་པ་ནི་མིག་རང་གི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་རྟེན་གྱི་ནུས་པ་དེ་ལ་མ་རིག་པའི་དབང་གིས་བྱིས་པ་རྣམས་དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས་ཀྱི་རྣམ་པར་ཤེས་པ་ལས་ཐ་དད་པའི་དབང་པོ་མ་ཡིན་ནོ། །དམིགས་པའི་རྐྱེན་ཡང་ཤེས་པ་ལས་ཐ་མི་དད་པར་བསྟན་པ་ནི། ཇི་ལྟར་ཤིང་ཀིང་ཤུ་ལ་སོགས་པ་ཕྱི་རོལ་གྱི་ཚོན་གྱིས་བསྒྱུར་བ་ལ་མི་ལྟོས་པར་རང་གི་ས་བོན་ལས་དམར་པོར་སྐྱེ་བ་དམིགས་པ་བཞིན་དུ་འཇིག་རྟེན་འདི་ན་དབང་པོ་ལས་བྱུང་བར་གྲགས་པའི་རྣམ་རིག་ཕྱི་ཡི་གཟུང་བ་སྔོ་སོགས་ལ་ལྟོས་པ་མེད་པར་ཀུན་གཞི་ལ་ཡོད་པའི་རང་གི་ས་བོན་ལས་སྔོན་པོ་དང་སེར་པོ་སོགས་སུ་སྣང་བ་ཉིད་དུ་འབྱུང་བར་མ་རྟོགས་ནས་ཆུ་ནང་དུ་ནོར་བུ་པདྨ་རཱ་གའི་གཟུགས་བརྙན་སྣང་བ་དེ་ལ་ནོར་བུ་པདྨ་རཱ་གར་ཞེན་པ་ལྟར། སོ་སོ་སྐྱེ་བོ་རྣམས་སེམས་ཉིད་ཕྱི་རོལ་གྱི་གཟུང་བར་ཁས་ལེན་པར་བྱེད་དོ། །དེ་ལྟར་ན་ཤེས་པ་ལས་ཐ་དད་པའི་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ནོ། །རྣམ་པ་གཅིག་ཏུ་རྨི་ལམ་ནི་དབང་པོ་དང་ཤེས་པ་ལས་དོན་གཞན་པའི་གཟུགས་མེད་པར་ཀུན་གཞི་ལ་ཡོད་པའི་ཡིད་ཤེས་གསལ་སྣང་སྐྱེད་པའི་རང་གི་ནུས་པ་ཡོངས་སུ་སྨིན་པ་ལས་གཟུགས་སོགས་དེའི་རྣམ་པ་ཅན་གྱི་སེམས་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ་སད་པའི་གནས་སྐབས་འདི་ལའང་ཕྱི་རོལ་གྱི་དོན་མེད་པར་བག་ཆགས་སྨིན་པ་ལས་བྱུང་བའི་གསལ་སྣང་གི་ཡུལ་ནི་ཡོད་པར་གྲུབ་ཅེ་ན། གཉིས་པ་ལ་གཉིས་ཏེ། གནོད་བྱེད་ཀྱི་ཐལ་བ་བརྗོད། ཉེས་སྤང་གི་ལན་དགག་པའོ། །དང་པོ་ནི། ཇི་ལྟར་མིག་གི་དབང་པོ་དང་ཕྱི་རོལ་གྱི་དོན་མེད་པར་རྨི་ལམ་དུ་རང་གི་བག་ཆགས་སྨིན་པ་ལས་སྔོ་སོགས་གསལ་བར་སྣང་བའི་ཡིད་ཀྱི་སེམས་ཏེ་རྣམ་ཤེས་སད་པའི་གནས་སྐབས་ཀྱི་རྣམ་པར་ཤེས་པ་དང་རྗེས་སུ་མཐུན་པར་འབྱུང་བ་དེ་ལྟར་ན་སད་པའི་གནས་སྐབས་འདིར་ལོང་བ་ལའང་ཀུན་གཞི་ལ་ཡོད་པའི་རང་གི་ས་བོན་གྱི་ནུས་པ་ཡོངས་སུ་སྨིན་པ་ལས་གཟུགས་གསལ་བར་སྣང་བར་སྣང་བའི་ཤེས་པའི་ནུས་པ་ཞེས་མི་སྐྱེ་སྟེ་སྐྱེ་བར་ཐལ། རྨི་ལམ་གྱི་གནས་སྐབས་དང་མིག་དབང་མེད་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ཉེས་སྤང་གི་ལན་དགག་པ་ནི། གལ་ཏེ་སེམས་ཙམ་པ་ཁྱོད་ལྟར་ན་རྨི་ལམ་དུ་གཉིད་ཀྱི་རྐྱེན་གྱིས་དྲུག་པ་ཡིད་ཀྱི་ཤེས་པའི་ནུས་པ་སྨིན་པར་ཡོད་པ་ལ་སད་པར་གྱུར་པ་ན་རྐྱེན་མ་ཚང་བས་ནུས་པ་སྨིན་པ་མེད་པའི་ཕྱིར་རྨི་ལམ་དུ་གཟུགས་གསལ་སྣང་འབྱུང་བ་ལ་སད་པ་ལས་མིན་པར་འདོད་ན། རིགས་པ་མེད་པར་ཚིག་ཙམ་གྱིས་ཇི་ལྟར་སད་པའི་གནས་སྐབས་འདིར་རྐྱེན་གཉིད་མེད་པས་ཡིད་ཀྱི་ཤེས་པའི་ནུས་པ་སྨིན་པ་མེད་པར་འདོད་པ་དེ་ལྟར་རྨི་ལམ་གྱི་ཚེ་ཡང་ཡིད་ཀྱི་ཤེས་པའི་ནུས་པ་སྨིན་པ་མེད་ཅེས་ཅིས་མི་རིགས་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཅི་སྟེ་མིག་མེད་པ་ནུས་པ་སྨིན་བྱེད་མ་ཡིན་གྱི་གཉིད་རྐྱེན་ཡིན་ནོ་ཞེས་རིགས་པ་མ་སྨྲས་སམ་ཞེ་ན། སྨྲས་ཀྱང་མི་རིགས་ཏེ། ཇི་ལྟར་མིག་མེད་པ་སད་པའི་ལོང་བ་འདི་ཡི་བག་ཆགས་ཡོངས་སུ་སྨིན་བྱེད་མིན་པ་ལྟར་རྨི་ལམ་དུ་ཡང་གཉིད་ནི་ནུས་པ་ཡོངས་སུ་སྨིན་བྱེད་ཀྱི་རྒྱུ་མ་ཡིན་ཏེ། མིག་མེད་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་རྨི་ལམ་དུ་ལོང་བ་གཟུགས་གསལ་བར་སྣང་བའི་ཤེས་པ་མེད་པར་འགྱུར་ཏེ། མིག་མེད་པའི་ཕྱིར་ཞེ་ན། མིག་རྫུན་པའི་རང་བཞིན་ཅན་ལས་མིག་ཤེས་རྫུན་པའི་རང་བཞིན་འབྱུང་བས་སོ། །སད་པ་ལ་ནི་མ་ཡིན་ཏེ། མིག་བདེན་པའམ་རྫུན་པའི་རང་བཞིན་ཅན་གང་ཡང་མ་དམིགས་པའི་ཕྱིར། གསུམ་པ་བཤད་པའི་མཇུག་བསྡུ་བསྟན་པ་ནི་ཇི་སྐད་བཤད་པའི་རིགས་པས་རྨི་ལམ་ན་མིག་དབང་དང་གཟུགས་མེད་པར་གཟུགས་གསལ་བར་སྣང་བའི་ཤེས་པ་འབྱུང་བ་མི་འཐད་པ་དེའི་ཕྱིར། རྨི་ལམ་ན་ཡང་མིག་རྫུན་པའི་རང་བཞིན་ཅན་གཟུགས་སོགས་ཀྱི་དངོས་པོ་དེའི་ཡུལ་ཅན་མིག་ཤེས་ཀྱི་གཟུགས་རྟོགས་པའི་རྒྱུར་ཁས་བླང་བར་བྱ་སྟེ། རྨི་ལམ་དུ་གཟུགས་གསལ་བར་སྣང་བའི་ཤེས་པ་འབྱུང་བ་མིག་དང་གཟུགས་མེད་པར་ཡང་མིག་གཟུགས་གསལ་བར་སྣང་བ་མ་དམིགས་པའི་ཕྱིར་རོ། །བཞི་པ་སྒྲུབ་བྱེད་རིལ་བསྒྲུབ་བྱ་དང་མཚུངས་པ་ནི། དབུ་མ་པ་དག་གིས་ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་ནི་རང་བཞིན་གྱིས་སྟོང་སྟེ། དམིགས་པའི་ཕྱིར། རྨི་ལམ་གྱི་ཤེས་པ་བཞིན་ནོ་ཞེས་བསྟན་པ་ན། སེམས་ཙམ་པ་འདི་ཡིས་སད་པའི་རྣམ་ཤེས་ནི་དོན་གྱིས་སྟོང་སྟེ། རྣམ་པར་ཤེས་པ་ཡིན་པའི་ཕྱིར། རྨི་ལམ་གྱི་ཤེས་པ་བཞིན་ནོ་ཞེས་པ་དང༌། སད་པའི་དུས་ཀྱི་དམིགས་པའི་ཡུལ་ནི་རྫུན་པའི་རང་བཞིན་ཡིན་ཏེ། ཡུལ་ཡིན་པའི་ཕྱིར། རྨི་ལམ་གྱི་ཡུལ་བཞིན་ནོ་ཞེས་པ་དང༌། གཞན་དབང་ནི་ཡོད་པ་ཡིན་ཏེ། ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བའི་རྟེན་ཡིན་པའི་ཕྱིར། ས་བོན་བཞིན། གཞན་དབང་མེད་ན་ནི་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བ་ཡང་མེད་དེ། རྟེན་མེད་པའི་ཕྱིར། རུས་སྦལ་གྱི་སྤུའི་གོས་བཞིན་ནོ་ཞེས་སོགས་ལན་ནི་གང་དང་གང་བཏབ་པ་དེ་དང་དེ་ནི་མཁས་པ་དབུ་མ་པ་དག་གིས་དམ་བཅའ་དང་མཚུངས་པར་བསྒྲུབ་བྱ་སྒྲུབ་པ་ལ་ནུས་པ་མེད་པར་མཐོང་བས་དོན་ཐ་སྙད་དུ་ཡང་མེད་ལ་སེམས་རང་བཞིན་གྱིས་ཡོད་པའི་རྩོད་པ་འདི་རྣམས་སེལ་བར་བྱེད་དོ། །ལྔ་པ་ལུང་གི་གནོད་པ་སྤོང་བ་ནི། སེམས་རང་བཞིན་མེད་པར་སྨྲ་བ་ལ་རིགས་པས་མི་གནོད་པར་མ་ཟད་ལུང་གིས་གནོད་པའི་ཉེས་པ་ཡང་མེད་དེ། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་ལུང་འགར་ཡང་སེམས་ལ་སོགས་པའི་དངོས་པོ་དོན་དམ་པར་ཡོད་ཅེས་ཅུང་ཟད་མ་བསྟན་ཅིང་ཕྱི་ནང་གི་དངོས་པོ་ཐམས་ཅད་བཏགས་པ་ཙམ་དུ་བསྟན་པའི་ཕྱིར་རོ། །བཏགས་པ་ཙམ་དུ་བསྟན་པ་ཡང་ཇི་སྐད་དུ། ལངྐར་གཤེགས་པ་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱི་དངོས་པོ་མེད། །བཏགས་པ་དངོས་པོའི་ངོ་བོ་ནི། །རྟོག་གེ་བ་དག་རྟོག་པར་འགྱུར། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་གསུངས་པ་ཡིན་ནོ། །སེམས་ཙམ་པ་གང་དག་གཞན་དབང་གི་ཤེས་པ་ངོ་བོས་མི་སྟོང་བར་གཟུང་བ་དང༌། འཛིན་པས་སྟོང་པ་ལྟ་བུ་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་ཡང་དག་པ་མ་ཡིན་ཏེ། ཉི་ཚེ་བའི་སྟོང་ཉིད་དུ་ཟད་ཀྱི་རང་གི་ངོ་བོས་མི་སྟོང་པའི་ཕྱིར། དཔེར་ན་བ་ལང་རྟས་སྟོང་པ་སྟོང་ཉིད་དུ་ཁས་ལེན་པར་མི་རིགས་པ་བཞིན་ནོ། །གཞན་གྱིས་སྟོང་པ་ཙམ་སྟོང་པ་ཉིད་ཡང་དག་པ་མ་ཡིན་པ་ལ་དགོངས་ནས་ལངྐར་གཤེགས་པ་ལས། བློ་གྲོས་ཆེན་པོ་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་སྟོང་པ་ཉིད་ཐམས་ཅད་ཀྱི་ཐ་ཤལ་ལོ། །ཞེས་གསུངས་སོ། །གཞན་ཡང་མདོ་ལས། དབང་པོ་ཉི་ཤུ་རྩ་གཉིས་པོ་ཐམས་ཅད་རང་རང་གི་ངོ་བོས་སྟོང་པར་བསྟན་པ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་རང་བཞིན་གྱིས་གྲུབ་པ་ག་ལ་ཡོད། དྲུག་པ་སྒྲུབ་བྱེད་དཔེ་གཞན་བཟློག་པ་ལ་གཉིས་ཏེ། ཀེང་རུས་ཀྱི་དཔེས་ཡུལ་མེད་པའི་ཤེས་པ་མི་འགྲུབ་པ་དང༌། ཡུལ་ཤེས་ཡོད་མེད་མཚུངས་པ་གཞན་ལ་ཡང་སྦྱར་བའོ། །དང་པོ་ནི། འདིར་སྨྲས་པ། ཡུལ་མེད་པའི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ན་རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལས་མི་སྡུག་པའི་ཏིང་ངེ་འཛིན་སྒོམ་པའི་ཚེ་ཀེང་རུས་མེད་ཀྱང་ས་གཞི་ཀེང་རུས་ཀྱིས་གང་བར་མཐོང་བ་དེ་ཇི་ལྟར་ཅེ་ན། རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལ་བརྟེན་ནས་མི་སྡུག་པའི་ཏིང་ངེ་འཛིན་སྒོམ་པའི་ཚེ་ས་གཞི་ཀེང་རུས་ཀྱིས་གང་བར་མཐོང་བའི་གནས་སྐབས་དེར་ཡུལ་མེད་པའི་ཤེས་པ་བདེན་པར་ཡོད་པ་མ་ཡིན་པར་ཐལ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་ཆར་སྣང་ཙམ་དུ་མཚུངས་ཤིང་རིགས་པས་དཔྱད་ན་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་བའི་ཕྱིར། ཅིའི་ཕྱིར་རང་བཞིན་གྱིས་སྐྱེ་བ་མེད་ཅེ་ན། ཏིང་ངེ་འཛིན་དེ་ནི་ཁོ་ན་ཉིད་ཡིད་བྱེད་དང༌། ལོག་པ་ཡིད་ལ་བྱེད་པ་གཉིས་ཀྱི་ནང་ནས་ལོག་པ་ཡིད་ལ་བྱེད་པར་མདོ་ལས་བསྟན་པའི་ཕྱིར་རོ། །ཀེང་རུས་མཐོང་བའི་སྐབས་དེར་གསུམ་ཀ་རང་བཞིན་སྐྱེ་མེད་དུ་གདོན་མི་ཟ་བར་ཁས་བླང་དགོས་སོ། །གལ་ཏེ་དེ་ལྟར་མིན་པར་ཁྱོད་ཀྱི་ལུགས་ལ་དབང་པོ་ལ་བརྟེན་པའི་བློའི་ཡུལ་རྣམས་དངོས་པོར་ཡོད་པ་ཇི་ལྟ་བ་དེ་ལྟར་དུ་མི་སྡུག་པའི་ཏིང་ངེ་འཛིན་གྱི་ཡུལ་ཡང་དངོས་པོར་ཡོད་པར་འགྱུར་ན་མི་སྡུག་པ་བསྒོམ་པའི་རྣལ་འབྱོར་པས་ཀེང་རུང་མཐོང་བ་དེ་བཞིན་དུ་རྣལ་འབྱོར་པ་ལ་ཀེང་རུས་སྣང་བའི་ཡུལ་དེར་བློ་གཏད་པ་ན་གཅིག་ཤོས་རྣལ་འབྱོར་པ་མ་ཡིན་པས་ཀྱང་ཀེང་རུས་ཡོད་པར་རྟོགས་པར་འགྱུར་ཏེ། ཟློས་གར་ལ་སོགས་པ་ལ་ལྟ་བའི་ཚེ་དབང་ཤེས་སྔ་མས་མཐོང་བའི་ཡུལ་ཕྱི་མས་ཀྱང་མཐོང་བ་ལྟར་ཏིང་ངེ་འཛིན་གྱི་ཡུལ་དོན་ལ་གནས་པའི་ཕྱིར། གཞན་ཡང་མི་སྡུག་པའི་ཏིང་ངེ་འཛིན་དེ་ནི་ཡུལ་རྫུན་པར་ཡིད་ལ་བྱེད་པར་ཡང་མི་འགྱུར་རོ། །འདིས་ནི་སེམས་ཙམ་པ་ལ་ཀེང་རུས་རྫུན་པར་སྒྲུབ་མི་ནུས་པས་ཀེང་རུས་རྫུན་པར་སྒྲུབ་པ་མ་ཡིན་གྱི་ཡུལ་ཅན་བདེན་པ་མེད་པར་སྒྲུབ་ནས་ཡུལ་མི་བདེན་པར་སྟོན་པར་བྱེད་དོ། །གཉིས་པ་ཡུལ་ཤེས་ཡོད་མེད་མཚུངས་པ་གཞན་ལ་སྦྱར་བ་ནི། དེ་བཞིན་དུ་རབ་རིབ་དང་ལྡན་པའི་དབང་པོ་ཅན་ལ་རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ་ཞེས་སོགས་ཇི་སྐད་དུ་བཤད་པ། ཆུ་འབབ་པའི་ཀླུང་ལ་ཡི་དྭགས་རྣམས་ལ་རྣག་ཏུ་སྣང་བ་དང་མི་ལ་ཆུར་སྣང་བ་ལ་སོགས་པ་ལ་ཡུལ་དང་ཤེས་པ་པོ་ཡོད་མེད་མཚུངས་པས་ཡུལ་མེད་པའི་ཤེས་པ་མི་འགྲུབ་བོ། །དོན་འདི་ལ་རྣག་ཏུ་སྣང་བའང་སྣང་བ་ལྟར་མི་བདེན་ཏེ། མི་ལ་ཆུར་སྣང་བའི་ཕྱིར། ཆུར་བདེན་པའང་མ་ཡིན་ཏེ། ལྷ་ལ་བདུད་རྩིར་སྣང་བའི་ཕྱིར་རོ། །དེས་ན་སྣང་བ་ཐམས་ཅད་ཇི་ལྟར་སྣང་བ་ལྟར་མི་བདེན་པའོ་ཞེས་ཤེས་པར་བྱའོ། །ཤེས་བྱ་མེད་པའི་ཤེས་པ་རྒྱས་པར་བཀག་ཟིན་ཏོ། །གཉིས་པ་བཤད་པའི་དོན་བསྡུ་བ་ནི། མདོར་ན་ཇི་ལྟར་ཤེས་བྱ་བདེན་པར་མེད་པ་དེ་བཞིན་དུ་བློ་ཡང་བདེན་པར་མེད་དེ། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཞེས་པའི་དོན་འདི་ཤེས་པར་གྱིས་ཤིག ཤེས་པ་དང་ཤེས་བྱ་གཉིས་ཀར་རང་བཞིན་མེད་པ་ཡང༌། ཇི་སྐད་དུ་བསྟོད་པ་ལས། མ་ཤེས་པ་ནི་ཤེས་བྱ་མིན། །དེ་མེད་རྣམ་པར་ཤེས་མེད་པ། །དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་བཞིན་མེད་པར་ཁྱོད་ཀྱིས་གསུངས། །ཞེས་པ་དང༌། རྣམ་ཤེས་སྒྱུ་མ་དང་མཚུངས་པར། །ཉི་མའི་གཉེན་གྱིས་གསུངས་པ་ཡིན། །དེ་དམིགས་པ་ཡང་དེ་བཞིན་ཏེ། །ངེས་པར་སྒྱུ་མའི་དངོས་དང་འདྲ། །ཞེས་གསུངས་སོ། །ཡུལ་མེད་པའི་ཡུལ་ཅན་མི་འཐད་པ་དེའི་ཕྱིར་རྣམ་པར་ཤེས་པ་རྫས་སུ་གྲུབ་པར་སྨྲ་ཞིང་ཕྱི་རོལ་གྱི་དོན་ལ་སྐུར་བ་འདེབས་པ་འདི་ཇི་སྐད་བཤད་པའི་ལུང་དང་རིགས་པས་ཡོངས་སུ་བཟུང་བར་བྱའོ། །གཉིས་པ་གཉིས་མེད་ཀྱི་གཞན་དབང་རྫས་སུ་གྲུབ་པ་དགག་པ་ལ་གསུམ་སྟེ། སྒྲུབ་བྱེད་མེད་པར་བསྟན། ཧ་ཅང་ཐལ་བ་བརྗོད། ཀུན་རྫོབ་ཉམས་པའི་སྐྱོན་ནོ། །དང་པོ་ལ་བཞི་སྟེ། དགག་པ་སྤྱིར་བསྟན་པ། སོ་སོར་ཕྱེ་སྟེ་དགག་པ། བཤད་པའི་མཇུག་བསྡུ་བསྟན། རིགས་པའི་གནོད་བྱེད་གཞན་བརྗོད་པའོ། །དང་པོ་ནི། གལ་ཏེ་གཟུང་བ་མེད་པ་དང་འཛིན་པ་ཉིད་དང་བྲལ་བའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་གཞན་དབང་གི་དངོས་པོ་ཡོད་ན་གཟུང་འཛིན་གཉིས་ཀྱིས་སྟོང་པའི་གཞན་དབང་འདི་ནི་ཡོད་པར་སྒྲུབ་བྱེད་ཀྱི་ཚད་མ་གང་གིས་ཤེས་པར་འགྱུར། དེ་ཉིད་ཀྱིས་ཤེས་སོ་ཞེ་ན། མི་རིགས་ཏེ། རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་དེ་ཉིད་མི་གཅོད་པ་བཞིན། ཤེས་པ་གཞན་གྱིས་འཛིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། གཟུང་འཛིན་གཉིས་སུ་མེད་པར་འདོད་པའི་རང་གི་གྲུབ་མཐའ་དང་འགལ་བའི་ཕྱིར་རོ། །དེ་བས་ན་འཛིན་བྱེད་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ལ། ཡུལ་ཅན་གྱིས་མ་བཟུང་བར་ཡང་ཡོད་ཅེས་པའི་ཐ་སྙད་བྱ་མི་རུང་སྟེ། ཡོད་པ་ལ་དམིགས་པས་ཁྱབ་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་མངོན་སུམ་མེད་པ་དང༌། སྒྲུབ་བྱེད་རྗེས་དཔག་མེད་པ་དང༌། ཞར་ལ་རང་ཕྱོགས་བཞག་པའོ། །དང་པོ་ནི། རང་རིག་ཁོ་ནས་འཛིན་པའི་ཕྱིར་གཞན་དབང་ཡོད་པ་ཉིད་དོ་ཞེ་ན། ཤེས་པ་དེ་ཉིད་ཀྱིས་དེ་ཉིད་མྱོང་བར་འགྲུབ་པར་མ་ཡིན་ཏེ། རང་རིག་ཉིད་རིགས་པས་འགོག་པའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག་གིས་མདོ་སྡེ་པའི་ཕྱོགས་ཁས་བླངས་ནས་རང་རིག་པའི་སྒྲུབ་བྱེད་སྨྲས་པ། དཔེར་ན་སྒྲོན་མེ་ནི་རང་གཞན་གཉིས་ཀ་གསལ་བར་བྱེད་པ་བཞིན་དུ་རྣམ་པར་ཤེས་པ་ཡང་རང་གཞན་གཉིས་ཀ་རིག་པར་བྱེད་པས་རང་རིག་པ་ཁས་བླང་དགོས་ཏེ། གཞན་དུ་ན་འདི་མཐོང་ངོ་ཞེས་པ་ཡུལ་དྲན་པ་དང༌། ངས་མཐོང་ངོ་སྙམ་པ་ཡུལ་ཅན་དྲན་པར་མི་འགྱུར་ཏེ། དྲན་པ་ནི་ཡུལ་ཉམས་སུ་མྱོང་བའི་ཡུལ་ཅན་ཡིན་པས་སོ། །རང་རིག་པ་དེ་ཡང་དྲན་པའི་རྟགས་ལས་གྲུབ་པས་གཞན་དབང་འཛིན་བྱེད་ཡོད་པར་འགྲུབ་པ་ཡིན་ནོ། །དེས་ན་འདི་ནི་ཡོད་པར་གང་གིས་ཤེས་པར་འགྱུར་ཞེས་གང་སྨྲས་པ་དེ་མི་རིགས་སོ་ཞེ་ན། གལ་ཏེ་དུས་ཕྱིས་ཀྱི་དྲན་པ་ལས་སྔར་གྱི་ཡུལ་མྱོང་བ་རྗེས་དཔག་གིས་གྲུབ་པར་འདོད་ན་དྲན་པ་དོན་དམ་པའམ་ཀུན་རྫོབ་སྒྲུབ་བྱེད་དུ་སྨྲ། དང་པོ་ལྟར་ན། མ་གྲུབ་པའི་རང་བཞིན་གྲུབ་པར་བྱ་བའི་ཕྱིར་དུ་སྒྲུབ་བྱེད་དུ་བརྗོད་པའི་དྲན་པ་འདི་ནི་རང་རིག་དོན་དམ་པའི་སྒྲུབ་པར་བྱེད་པ་མིན་ཏེ། རང་རིག་ལྟར་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་ཏེ། བདག་དང་གཞན་ལས་མ་སྐྱེས་པའི་ཕྱིར། གཉིས་པ་ལྟར་ན་ཡང་སྤྱིར་དྲན་པ་ཡོད་པའི་ཕྱིར་རང་རིག་པ་ཡོད་ཅེས་པའམ་རང་རིག་གིས་སྐྱེད་པའི་དྲན་པ་ཡོད་པའི་ཕྱིར། རང་རིག་པ་ཡོད་ཅེས་དཔོག་པར་བྱེད་གྲང༌། དང་པོ་ལྟར་ན་ནི་མ་ངེས་ཏེ། དཔེར་ན་ཆུ་ཙམ་མཐོང་བ་ལས་ནོར་བུ་ཆུ་ཤེལ་ལམ་མེ་ཙམ་ལས་མེ་ཤེལ་དཔོག་པ་བཞིན། གཉིས་པ་ལྟར་ན་གཏན་ཚིགས་ཉིད་མ་གྲུབ་པས་བསྒྲུབ་བྱ་སྒྲུབ་མི་ནུས་ཏེ། སྒྲ་མི་རྟག་པར་སྒྲུབ་པ་ལ་མིག་གི་གཟུང་བྱ་བཀོད་པ་བཞིན་ནོ། །ཇི་ལྟར་མ་གྲུབ་ཅེ་ན། རང་རིག་པ་ཉིད་ཚད་མ་གྲུབ་པ་དེའི་རྒྱུ་ཅན་གྱི་དྲན་པ་ཉིད་མི་རིགས་པའི་ཕྱིར་རོ། །ཅི་སྟེ་དེ་ལྟ་བུའི་རྣམ་པར་དཔྱོད་པ་བཏང་ནས་རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི་དེ་ལྟར་ནའང་ཕྱིས་ཀྱི་དྲན་པས་སྔར་གྱི་ཡུལ་མྱོང་བ་དྲན་པར་རིགས་པ་མ་ཡིན་ཏེ། དྲན་པར་བྱ་བ་དང་དྲན་པ་རྫས་གཞན་ཡིན་པའི་ཕྱིར། དཔེར་ན་བྱམས་པའི་རྒྱུད་ལ་སྐྱེས་པའི་རང་རིག་པ་དང་ཡུལ་མྱོང་བ་ནི་ཉེར་སྦས་ཀྱིས་སྔར་མ་ཤེས་པ་སྟེ་ཉམས་སུ་མ་མྱོང་བས་ཕྱིས་དྲན་པར་མི་རིགས་པ་བཞིན། དཔེ་དོན་མི་མཚུངས་ཏེ། བྱམས་པ་དང་ཉེར་སྦས་རྒྱུད་ཐ་དད་ཡིན་ལ་འདི་ནི་རྒྱུད་གཅིག་ཏུ་གཏོགས་པས་སོ་ཞེ་ན། གཞན་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་འདིས་ནི་གཏན་ཚིགས་ཀྱི་ཁྱད་པར་རྒྱུད་གཅིག་ཏུ་གཏོགས་པ་སོགས་ཀྱང་འཇོམས་པས་གཏན་ཚིགས་ཀྱི་ཁྱད་པར་གྱིས་སྐྱོན་སྤོང་མི་ནུས་པ་ཁོ་ནའོ། །གཉིས་པ་རང་གཞུང་རྣམ་པར་བཞག་པ་ནི། ཁྱོད་ཀྱི་ལྟར་ན་སྔར་གྱི་མྱོང་བ་ཡུལ་དང་བཅས་པ་དྲན་ཚུལ་ཇི་ལྟར་ཞེ་ན། ཐ་སྙད་དུ་ང་ཡིས་ཡུལ་མཐོང་སྙམ་དུ་དྲན་པར་འགྱུར་ཏེ་སྔར་ཡོངས་སུ་བཅད་པ་གང་ཡིན་པ་ཕྱིས་ཀྱི་དྲན་པས་ཡོངས་སུ་མ་བཅད་པ་མ་ཡིན་པའི་ཕྱིར་ཁྱོད་ཀྱི་ཕྱོགས་ལའང་དྲན་པས་སྔར་གྱི་ཡུལ་ཡོངས་སུ་གཅོད་པ་མི་འཐད་དོ་ཞེ་ན། མི་འཐད་པ་མ་ཡིན་ཏེ། གང་གི་ཕྱིར་ན་དབུ་མ་པའི་ཕྱོགས་ལ་ནི་ཡུལ་ཅན་གང་གིས་ཡུལ་ཉམས་སུ་མྱོང་བར་གྱུར་པ་དེ་ལས་ཕྱིས་ཀྱི་དྲན་པ་འདི་རྫས་གཞན་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྔར་གྱི་མྱོང་བ་དྲན་ཚུལ་འདི་ཡང་རིགས་པས་ཤིན་ཏུ་དཔྱད་པར་བྱ་བ་ནི་མ་ཡིན་ཏེ། རྫུན་པའི་དོན་ཅན་ཡིན་པའི་ཕྱིར་ཏེ། རིགས་པའི་རྣམ་དཔྱད་མེད་པར་འཇུག་པའི་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་ལུགས་ཡིན་པའི་ཕྱིར་རོ། །གསུམ་པ་བཤད་པའི་མཇུག་བསྡུ་བསྟན་པ་ནི། མངོན་སུམ་རྗེས་དཔག་གང་གིས་ཀྱང་མི་གྲུབ་པ་དེའི་ཕྱིར་གཞན་དབང་གི་ཡུལ་ཅན་དུ་འདོད་པའི་རང་རིག་པ་ཉིད་ཡོད་པ་མ་ཡིན་ན་སེམས་ཙམ་པ་ཁྱོད་གཞན་དབང་དེ་ཡུལ་ཅན་གང་གིས་འཛིན་པར་འགྱུར། རིག་པའི་གནོད་བྱེད་གཞན་བརྗོད་པ་ནི། ཤེས་པ་དེ་ཉིད་ཀྱིས་ཤེས་པ་དེ་ཉིད་འཛིན་པར་རིགས་པ་མིན་ཏེ། རིག་པར་བྱེད་པ་པོ་དང་རིག་པར་བྱ་བའི་ལས་དང་རིག་པའི་བྱ་བ་རྣམས་གཅིག་མིན་པས་སོ། །གལ་ཏེ་དེ་དག་གཅིག་ཉིད་དུ་འདོད་ན་གཅོད་པ་པོ་དང་ཤིང་དང་གཅོད་པའི་ལས་རྣམས་ཀྱང་གཅིག་ཏུ་ཐལ་བར་འགྱུར་ན་དེ་དག་གཅིག་ཉིད་དུ་འཐད་པ་ནི་མིན་པས་ཤེས་པ་དེ་ཉིད་ཀྱིས་དེ་ཉིད་འཛིན་པར་མི་རིགས་སོ། །ལངྐར་གཤེགས་པ་ལས། ཇི་ལྟར་རལ་གྲི་རང་གི་སོ། །གཅོད་པར་མི་བྱེད་སོར་མོ་ནི། །རང་ལ་རེག་པར་མི་བྱེད་ལྟར། །རང་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་ཧ་ཅང་ཐལ་པ་བརྗོད་པ་ནི། གལ་ཏེ་ཇི་ལྟར་བསྟན་པའི་རིགས་པས་སྐྱེ་བ་མེད་ཅིང་ཡུལ་ཅན་གང་གིས་ཀྱང་མ་ཤེས་པར་གྲུབ་པའི་བདག་ཉིད་ཅན་གྱི་གཞན་དབང་གི་ངོ་བོ་སྤྲོས་པ་ཐམས་ཅད་ལས་འདས་ཤིང་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དངོས་པོ་ཞིག་འདོད་ན་རྒྱུ་མཚན་གང་གིས་ན་མོ་གཤམ་གྱི་བུ་འདི་ཡོད་པ་ཉིད་དུ་འདོད་པར་མི་རིགས་ཏེ་རིགས་པར་ཐལ། གཉིས་ཀ་ཡང་མ་སྐྱེས་པ་དང་ཚད་མ་གང་གིས་ཀྱང་མ་ཤེས་པར་མཚུངས་པའི་ཕྱིར་རོ། །གཉིས་ཀ་ཡོད་མེད་མཚུངས་བཞིན་དུ་མོ་གཤམ་གྱི་བུ་མི་འདོད་ན་མོ་གཤམ་གྱི་བུས་གནོད་པ་ཅི་ཞིག་བསྐྱལ། །གཞན་དབང་གིས་ཕན་ཅི་ཞིག་གདགས་ཞེས་སྨྲོས། གཞན་དུ་ན་གཞན་དབང་ལྟར་མོ་གཤམ་གྱི་བུ་ཡང་འདོད་པར་གྱིས་ཤིག གསུམ་པ་ཀུན་རྫོབ་ཉམས་པའི་སྐྱོན་བསྟན་པ་ནི། གོང་དུ། དངོས་པོ་བཏགས་པར་ཡོད་པའི་རྒྱུར་གྱུར་ཅིང་ཞེས་སྨྲས་པ་དེ་གཞན་དབང་ཡོད་ན་རིགས་པ་ལས། གང་གི་ཚེ་སྔར་ཇི་སྐད་བཤད་པའི་རིགས་པས་ཀུན་རྫོབ་ཏུ་གཞན་དབང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་ཅིའི་ཕྱིར། གཞན་དབང་གང་ཞིག་ཀུན་རྫོབ་པའི་རྒྱུར་འགྱུར་ཏེ་ཅུང་ཟད་ཀྱང་མེད་པར་འགྱུར་རོ་སྙམ་དུ་ཟླ་བ་གྲགས་པ་དགོངས་སོ། །སེམས་ཙམ་པ་ཁྱོད་ལ་འཇིག་རྟེན་གྱི་ཐ་སྙད་ཀྱི་རྒྱུ་ཡོད་པ་མ་ཡིན་པ་དེ་བས་ན། གཞན་དབང་དངོས་པོ་སྨྲ་བ་ཁྱོད་ཀྱི་ལྟར་ན་གཞན་དབང་གི་རྫས་ཅུང་ཟད་ཙམ་ལ་ཆགས་པའི་སྒོ་ནས་འཇིག་རྟེན་ན་རབ་ཏུ་གྲགས་པའི་སྒོ་ནས་རྣམ་བཞག་འདུག་ཅིག་སོངས་ཤིག་བྱོས་ཤིག་ཅེས་བྱ་བ་ལ་སོགས་པའི་རྣམ་བཞག་ཀུན་ཀྱང་བརླག་སྟེ་ཁྱོད་ལ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་རྫོབ་སྣ་ཚོགས་པའི་གཞི་གཞན་དབང་དུ་འདོད་ཅིང་གཞན་དབང་ཉིད་ཡོད་པ་མ་ཡིན་པས་བརྟེན་པ་ཀུན་རྫོབ་སྣ་ཚོགས་མི་རུང་བའི་ཕྱིར། གཉིས་པ་ངེས་ལེགས་མི་ཐོབ་པར་བསྟན་པ་ནི། དབུ་མ་ཚིགས་གསལ་བ་ལས་བསྟན་པ་ལྟར་ཁྱད་པར་བདུན་དང་ལྡན་པའི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཤུལ་ལམ་བདེན་པ་གཉིས་ཀྱི་ཚུལ་ལས་ཕྱི་རོལ་དུ་གྱུར་པ་དེ་དག་ལ་ཞི་བ་མྱང་འདས་ཐོབ་པའི་ཐབས་མེད་དོ། །ཅིའི་ཕྱིར་ཞེ་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་ཚུལ་ལས་ཕྱི་རོལ་ཏུ་གྱུར་པའི་སེམས་ཙམ་པ་དེ་དག་ཕྱི་རོལ་གྱི་དོན་ལ་སྐུར་བ་བཏབ་པས་ཀུན་རྫོབ་ལས་ཉམས་ཤིང་སེམས་ལ་དོན་དམ་དུ་སྒྲོ་འདོགས་པས་དེ་ཁོ་ན་ཉིད་ཀྱི་བདེན་པ་ལས་ཉམས་པའི་ཕྱིར་རོ། །བདེན་པ་གཉིས་ལས་ཉམས་པས་ཐར་པ་མི་འགྲུབ་པའི་རྒྱུ་མཚན་ཅི་ཞེ་ན། བདེན་པ་གཉིས་པོ་དེ་ལས་ཉམས་པས་ཐར་པ་འགྲུབ་པ་ཡོད་པ་མ་ཡིན་ཏེ། ཐ་སྙད་ཀྱི་བདེན་པ་ལས་ཉམས་པས་དོན་དམ་མི་རྟོགས་ཤིང༌། དོན་དམ་མ་རྟོགས་ན་མྱ་ངན་ལས་འདས་པ་མི་འཐོབ་པའི་ཕྱིར་རོ། །ཐ་སྙད་ལས་ཉམས་པས་དོན་དམ་ཅིའི་ཕྱིར་མི་རྟོགས་ཤེ་ན། འདིར་ཐ་སྙད་ཀྱི་བདེན་པ་བསྟན་པ་ནི། དོན་དམ་རྟོགས་པའི་ཐབས་སུ་གྱུར་པ་ཡིན་ཏེ། ཐ་སྙད་ཀྱི་བདེན་པ་ཁོ་ན་ལ་གནས་ནས་དོན་དམ་སྟོན་པའི་ཕྱིར། ཇི་སྐད་དུ། ཡི་གེ་མེད་པའི་ཆོས་ལ་ནི། །ཉན་པ་གང་དང་སྟོན་པ་གང༌། །འགྱུར་བ་མེད་པ་སྒྲོ་བཏགས་ནས། །འོན་ཀྱང་ཉན་ཞིང་སྟོན་པ་ཡིན། །ཞེས་འབྱུང་བ་ཡིན་ནོ། །དོན་དམ་མ་རྟོགས་པས་ཀྱང་མྱ་ངན་ལས་འདས་པ་མི་འཐོབ་སྟེ། བསྟན་བཅོས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཅེས་གསུངས་སོ། །དེ་ལ་དོན་དམ་བསྟན་པ་ནི་ཐབས་ལས་བྱུང་བ་སྟེ་ཐབས་ལས་རྟོགས་པར་བྱ་བ་ཞེས་པའི་དོན་ནོ། །དེ་ལྟ་བུའི་བདེན་པ་དེ་གཉིས་ཀྱི་རྣམ་དབྱེ་གང་ཟག་གང་མི་ཤེས་པ་དེ་ནི་རྣམ་པར་རྟོག་པ་ལོག་པས་ལམ་ངན་པར་ཞུགས་པའི་ཕྱིར་ཐར་པ་ཡོད་པ་མ་ཡིན་ནོ། །ཇི་སྐད་དུ་དཀོན་མཆོག་བརྩེགས་པའི་ལེའུ་འཕགས་པ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ཏིང་ངེ་འཛིན་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དོན་དམ་དེ་བཞིན་ཏེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །གང་གི་བདེ་བར་གཤེགས་ལ་འགྲོ་བ་རྣམས། །བདེ་བའི་དོན་དུ་དད་པ་སྐྱེ་འགྱུར་བ། །རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །འཇིག་རྟེན་ཕར་ཕྱིན་ཀུན་རྫོབ་དེ་བསྟན་ཏོ། །སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་དང་དུད་འགྲོ་ཡི་དྭགས་དང༌། །ལྷ་མིན་རིས་དང་མི་དང་ལྷ་རྣམས་དག །མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད། །རིགས་དམའ་དེ་བཞིན་མཐོ་བའི་རིགས་རྣམས་དང༌། །ཕྱུག་པོའི་ཁྱིམ་དང་དབུལ་པོའི་ཁྱིམ་རྣམས་དང༌། །བྲན་གྱི་ཚོགས་དང་དེ་བཞིན་གཡོག་གི་ཚོགས། །བུད་མེད་ཚོགས་དང་སྐྱེས་པ་མ་ནིང་དང༌། །འགྲོ་བའི་ཁྱད་པར་ཇི་སྙེད་གང་ཡང་རུང༌། །མཚུངས་མེད་ཁྱོད་ཀྱིས་འཇིག་རྟེན་བསྟན་མཛད་པ། །ཀུན་རྫོབ་བདེན་པ་མཁས་པས་ཐུགས་ཆུད་ནས། །འཇིག་རྟེན་མཁྱེན་པས་མི་ལ་དེ་བསྟན་ཏོ། །འདི་ལ་དགའ་བའི་འགྲོ་བ་འཁོར་བ་ན། །འགྲོ་བའི་ཆོས་བརྒྱད་ལ་ནི་འཇུག་འགྱུར་ཏེ། །ཐོབ་དང་མ་ཐོབ་སྙན་དང་མི་སྙན་དང༌། །བསྟོད་དང་སྨད་དང་བདེ་དང་སྡུག་བསྔལ་ལོ། །ཐོབ་པ་རྙེད་ན་དེ་ལ་ཆགས་པ་སྐྱེ། །མ་ཐོབ་གྱུར་ན་དེས་ཀྱང་འཁྲུགས་པར་འགྱུར། །གང་གཞན་མ་བསྟན་ཚུལ་འདིས་ཤེས་པར་བྱ། །ནད་རྣམས་བརྒྱད་ཀྱིས་དེ་རྒྱུན་གཅོད་པར་འགྱུར། །ཀུན་རྫོབ་དེ་ལ་དོན་དམ་དུ་སྨྲ་བ། །དེ་དག་ནོར་བའི་བློ་ལྡན་ཤེས་པར་བྱ། །མི་སྡུག་སྡུག་དང་སྡུག་བསྔལ་བདེ་བ་དང༌། །བདག་མེད་རང་བཞིན་བདག་ཏུ་སྨྲ་བ་དང༌། །མི་རྟག་ཆོས་ལ་རྟག་ཅེས་སྨྲ་བགྱིད་ཅིང༌། །དེ་ལྟར་གལ་ཏེ་མཚན་མར་གང་གནས་པ། །དེ་དག་བདེ་གཤེགས་གསུང་ནི་ཐོས་གྱུར་ནས། །འཇིགས་ཤིང་ཇི་བཞིན་མི་རྟོགས་སྤོང་བར་བྱེད། །དེ་དག་བདེ་གཤེགས་གསུང་ནི་སྤོངས་གྱུར་ནས། །སེམས་ཅན་དམྱལ་བའི་སྡུག་བསྔལ་མི་བཟད་མྱོང༌། །དེ་དག་ཚུལ་མིན་བདེ་བ་ཚོལ་བགྱིད་ཀྱང༌། །སྡུག་བསྔལ་བརྒྱ་དག་བྱིས་པས་མྱོང་བར་འགྱུར། །འཇིག་རྟེན་ཕན་པའི་བསྟན་པ་སུ་ཞིག་གིས། །མ་ལོག་བློ་ཡིས་རྣམ་པར་རྟོགས་གྱུར་ནས། །སྦྲུལ་གྱི་ལྤགས་པ་ཉིད་ལྟར་རབ་སྤངས་ཏེ། །སྲིད་པ་ཀུན་ལས་འདས་ནས་ཞི་བར་འགྱུར། །ཆོས་འདི་ཐམས་ཅད་རང་བཞིན་མེད་པ་སྟེ། །སྟོང་པ་མཚན་མ་མེད་པ་དོན་དམ་ཞེས། །གང་གིས་ཐོས་ནས་དགའ་བ་སྐྱེ་འགྱུར་བ། །དེ་དག་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །རྒྱལ་བ་ཁྱོད་ཀྱིས་ཕུང་པོ་དབེན་པར་གཟིགས། །ཁམས་དང་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ཏེ། །དབང་པོའི་གྲོང་ནི་མཚན་མས་དབེན་པ་དག །ཀུན་ཀྱང་ཐུབ་པ་ཁྱོད་ཀྱིས་ཇི་བཞིན་གཟིགས། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ཀུན་རྫོབ་ལ་ཀླན་ཀ་སྤོང་བ་ལ་གཉིས་ཏེ། ཁས་ལེན་ཚུལ་མི་མཚུངས་པར་བསྟན་པ། ཀུན་རྫོབ་སྤངས་ན་འཇིག་རྟེན་གྱིས་གནོད་པའོ། །དང་པོ་ནི། གལ་ཏེ་དབུ་མ་པ་ཁྱོད་ཀྱིས་ཁོ་བོ་ཅག་ལ་ལྟོས་པ་མེད་པར་དེ་སྐད་དུ་སྨྲ་ན་ཁོ་བོ་ཅག་ཀྱང་བཟོད་པར་མི་བྱེད་དེ། ཁྱོད་ཀྱིས་རིགས་པའི་སྒོ་ནས་གཞན་དབང་སེལ་བར་བྱེད་ན། རིགས་པ་དེ་ཉིད་ཀྱིས་ཁྱོད་ལ་གྲགས་པའི་ཀུན་རྫོབ་སེལ་བར་བྱེད་དོ་ཞེ་ན། ཁོ་བོ་ཅག་ལ་ཅི་ཡང་གནོད་པ་མེད་པ་མེད་དེ། ཇི་ལྟར་སེམས་ཙམ་པ་ཁྱོད་ཀྱིས་གཞན་ལ་ལྟོས་མེད་དུ་གཞན་དབང་གི་དངོས་པོ་བདེན་པ་བ་འདོད་པ་ལྟར་ཀུན་རྫོབ་ཀྱང་བདག་གིས་དེ་ལྟར་དུ་ཁས་མ་བླངས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཀུན་རྫོབ་བདེན་པར་མེད་ཀྱང་འཇིག་རྟེན་གྱི་ངོར་བྱས་ནས་ཡོད་དོ་ཞེས་བདག་ནི་སྨྲ་བར་བྱེད་དེ། ཀུན་རྫོབ་བརྗོད་པ་ནི་བདེན་ཞེན་ལྡོག་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་ཏེ། ཐ་སྙད་ཀྱི་བདེན་པ་ཞལ་གྱིས་བཞེས་ནས་མངོན་པར་ཞེན་པ་ལྡོག་པའི་ཕྱིར། འཇིག་རྟེན་གྱི་ཐ་སྙད་ཞལ་གྱི་བཞེས་པའི་ཁུངས་ནི་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི་ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ་ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་འཇིག་རྟེན་པའི་ངོར་ཀུན་རྫོབ་ཁས་ལེན་པ་ལྟར་སེམས་ཙམ་པ་རྗེས་སུ་བཟུང་བའི་དོན་དུ་གཞན་དབང་ཡང་ཁས་ལེན་པར་རིགས་སོ་ཞེ་ན། འདིར་ཤིང་རྟ་ཆེན་པོ་འགའ་ཞིག་གིས་གྲུབ་མཐའ་གོང་མ་གོང་མའི་ལུགས་ཁས་བླངས་ནས་འོག་མ་འོག་མ་འགོག་པར་བྱེད་མོད། དེ་ནི་མི་རིགས་ཏེ། བར་དུ་ཁས་བླངས་པ་དེ་ཉིད་འཐད་པ་ཡིན་ན་མཐར་འགོག་པར་མི་རིགས་ལ། གལ་ཏེ་མི་འཐད་པ་ཡིན་ན། མི་འཐད་པའི་དོན་ཁས་བླངས་ན་རང་ཉིད་ལ་གནོད་པའི་ཕྱིར་དང༌། བར་གྱི་ཁས་ལེན་བརྒྱུད་པ་དགོས་པ་ཡང་མེད་པའི་ཕྱིར་ཏེ། ཐོག་མའི་དྲི་མ་དག་པར་བྱ་བའི་དོན་དུ་བར་དུ་མི་གཙང་བའི་འདམ་རྫབ་ཏུ་འཇུག་པ་དང་ཚུལ་མཚུངས་པའི་ཕྱིར། གཞན་རྗེས་སུ་བཟུང་བའི་དོན་དུ་དགོས་ཤེ་ན། དེ་ལ་ཐོག་མར་ཀུན་རྫོབ་ཀྱི་ཐ་སྙད་ཁས་བླངས་པས་ཆོག་པ་ཅི་ཞིག་ཡོད། དེ་ཉིད་ཀྱིས་བཟུང་བར་མི་ནུས་ཤེ་ན། འོ་ན་གཞན་དབང་ལ་ཡང་མཚུངས་སོ། །མི་མཚུངས་ཏེ་དེ་ནི་རང་གིས་འདོད་པས་སོ་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ལ་རྟེན་པའི་ཕྱིར་དེ་ཉིད་ཀྱིས་བཟུང་ནུས་པར་ཆེས་འདོད་པར་རིགས་སོ། །འཇིག་རྟེན་གྱི་ཐ་སྙད་ཀྱང་རིགས་པས་མི་འཐད་ན་ཁས་ལེན་པར་མི་རིགས་ལ་འཇིག་རྟེན་གྱི་ཐ་སྙད་འཐད་ན་གཞན་དབང་ཡང་འཐད་པར་མཚུངས་སོ་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ནི་རིགས་པའི་སྒོ་ནས་འཇོག་པ་མ་ཡིན་ཏེ། རིགས་པའི་རྣམ་དཔྱད་མེད་པས་འཇུག་པའི་ཐ་སྙད་ཡིན་པའི་ཕྱིར། གཞན་དབང་ནི་རིགས་པས་འཇོག་པས་ཚུལ་མི་འདྲ་བ་ཡིན་ནོ། །ཐ་སྙད་ཀྱི་བདེན་པ་ནི་དོན་དམ་རྟོགས་པའི་ཐབས་སུ་སྔར་ཇི་སྐད་བསྟན་པ་ལྟར་ཡིན་ལ། ཁྱོད་ཀྱིས་འདོད་པའི་གཞན་དབང་ནི་བདེན་པ་གཉིས་ཆར་དུ་མི་རུང་སྟེ། འཇིག་རྟེན་གྱི་ཐ་སྙད་ལས་འདས་པའི་ཕྱིར་དང༌། གནས་ལུགས་སུ་མི་རུང་བའི་ཕྱིར་རོ། །ཅི་སྟེ་ཀུན་རྫོབ་འདི་ཡང་ཇི་ལྟར་དགྲ་བཅོམ་པ་ཕུང་པོ་སྤངས་ནས་ཞི་བ་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པ་རྣམས་ལ་ཕུང་པོ་ཡོད་པ་མིན་པ་དེ་ལྟར་འཇིག་རྟེན་ལ་ཡང་ཀུན་རྫོབ་མེད་ན་ལྷག་མ་མེད་པའི་མྱང་འདས་ལ་ཕུང་པོ་མེད་པ་དེ་བཞིན་དུ་ཀུན་རྫོབ་འདི་ཡང་འཇིག་རྟེན་ལ་ཡང་ཡོད་ཅེས་བདག་མི་སྨྲ་བ་ལས་འཇིག་རྟེན་ན་ཡོད་པའི་ཕྱིར་བདག་སྨྲའོ། །འདིར་དཔེ་བཀོད་པ་ནི་གཞན་ལ་གྲགས་པ་བཀོད་པ་ཡིན་གྱི་དབུ་མ་པ་རང་ལ་གྲུབ་པ་ནི་མ་ཡིན་ཏེ། དགྲ་བཅོམ་པ་ཚེའི་འདུ་བྱེད་བཏང་བ་ཡང་རྣམ་པར་ཤེས་པ་དང་མ་བྲལ་བར་འདོད་པའི་ཕྱིར། གལ་ཏེ་ཁྱོད་ཀུན་རྫོབ་འགོག་ན་ཀུན་རྫོབ་བདེན་པ་ཁས་བླངས་པ་ཡང་གཞན་ངོར་དགོས་པའི་དབང་གིས་ཁས་བླངས་པ་ཡིན་གྱི་རང་དབང་དུ་ནི་མ་ཡིན་ནོ། །གཉིས་པ་ཀུན་རྫོབ་སྤངས་ནས་འཇིག་རྟེན་གྱིས་གནོད་པ་ནི། གལ་ཏེ་སེམས་ཙམ་པ་ཁྱོད་ཀྱིས་ཀུན་རྫོབ་བཀག་པ་ལ་འཇིག་རྟེན་གྱིས་མི་གནོད་ན་འཇིག་རྟེན་པ་ཉིད་ཀྱི་བློ་ལ་ལྟོས་ནས་ཀུན་རྫོབ་འདི་ནི་དགག་པར་གྱིས་ཤིག དགག་པ་དེའི་ཚེ་འཇིག་རྟེན་གྱིས་མི་གནོད་པ་ཡང་མ་ཡིན་ནོ། །གལ་ཏེ་ཀུན་རྫོབ་སེལ་བར་འདོད་ན་ཡང་གང་གིས་ཁས་བླངས་པ་དེ་ཁོ་ན་ལ་ལྟོས་ནས་བསལ་བར་འོས་པ་ཡིན་ལ། ཁས་ཀྱང་འཇིག་རྟེན་པ་ཁོ་ནས་ཁས་བླངས་པའི་ཕྱིར། འཇིག་རྟེན་པ་ཉིད་ཀྱི་བློ་ལ་ལྟོས་ནས་དགག་པར་གྱིས་ཤིག ཁོ་བོ་ཅག་ནི་ཀུན་རྫོབ་འཁྲུལ་པའི་སྣང་བ་བཟློག་པ་ལ་ཤིན་ཏུ་ཚེགས་ཆེན་པོ་ལ་གནས་པས་ཁྱོད་ལ་འཇིག་རྟེན་གྱིས་གནོད་པར་མི་འགྱུར་ན་ཁྱོད་ཀྱིས་ཀུན་རྫོབ་བཀག་པ་ལ་སྟོང་གདབ་པར་བྱའོ། །འཇིག་རྟེན་གྱིས་གནོད་པ་ཡང་ཡིན་པས་ཁོ་བོ་ནི་བཏང་སྙོམས་ལ་གནས་པར་བྱའོ། །ཁྱོད་དང་འཇིག་རྟེན་པ་གཉིས་ཀུན་རྫོབ་འདིར་རྩོད་པ་གྱིས་དང་ཕྱི་ནས་རྩོད་པའི་འོག་ཏུ་ཁྱོད་རྒྱལ་ན་ནི་ཁྱོད་ཀྱི་ཕྱོགས་ལ་བརྟེན་པར་བྱེད་ཅིང༌། གལ་ཏེ་འཇིག་རྟེན་པ་རྒྱལ་ན་ནི་ཤིན་ཏུ་སྟོབས་དང་ལྡན་པའི་འཇིག་རྟེན་པ་ཉིད་ལ་བདག་གིས་བརྟེན་པར་བྱའོ། །འོན་ཀྱང་ཁྱོད་ཀྱིས་འཇིག་རྟེན་པ་འགོག་མི་ནུས་ཏེ། ལུང་རིགས་སམ་འཇིག་རྟེན་གྱི་གྲགས་པས་འགོག་དྲང་ན། ལུང་རིགས་ཀྱིས་མི་ནུས་ཏེ། དེ་དག་ལུང་རིགས་ཁས་མི་ལེན་པའི་ཕྱིར་རོ། །གྲགས་པས་ཀྱང་མི་ནུས་ཏེ། གྲགས་པ་ཚད་མ་ཡིན་ན་ནི་འགོག་མི་ནུས་ལ་མ་ཡིན་ན་འགོག་བྱེད་ཡང་དག་ཏུ་མི་རུང་བས་སོ། །བཞི་པ་སེམས་ཙམ་གསུངས་པའི་དགོས་པ་བསྙད་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བྱེད་པ་པོ་གཞན་དགག་པའི་དོན་ཅན་དུ་བཤད་པ། གཟུགས་ལས་སེམས་གཙོ་ཆེ་བའི་དོན་ཅན་དུ་བཤད་པའོ། །དང་པོ་ལ་གཉིས་ཏེ། བདག་འགོག་མདོའི་དགོངས་པ་བཤད། དགོངས་པ་དེ་ཉིད་གཞན་གྱིས་བཤད་པའི་ཚུལ་ལོ། །དང་པོ་ནི། འདིར་སྨྲས་པ། འཐད་པ་བྲལ་ཡང་འཇིག་རྟེན་གྱིས་གནོད་པས་འཇིགས་ནས་ཀུན་རྫོབ་ཁས་ལེན་ན་ལུང་གིས་གནོད་པས་འཇིགས་ནས་སེམས་ཙམ་ཡང་ཁས་ལེན་དགོས་ཏེ། མདོ་སྡེ་ས་བཅུ་པ་ལས། ད་ནི་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་སྟེ། ཞེས་གསུངས་པའི་ཕྱིར་རོ་ཞེ་ན། མདོའི་དགོངས་པ་ནི་དེ་ལྟར་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཆོས་ཀྱི་དབྱིངས་ལ་མངོན་དུ་ཕྱོགས་པས་དྲུག་པ་མངོན་དུ་གྱུར་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིས་སྲིད་པ་གསུམ་སྟེ་ཁམས་གསུམ་རྣམ་ཤེས་ཙམ་དུ་རྟོགས་ཞེས་གསུངས་པའི་མདོའི་དོན་ནི་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཀུན་རྫོབ་ཏུ་སེམས་ཙམ་ཞིག་ཁམས་གསུམ་གྱི་བྱེད་པ་པོ་ཡིན་པར་རྟོགས་སོ་ཞེས་བྱ་བ་ཡིན་ནོ། །ཙམ་གྱི་སྒྲ་ནི་བདག་རྟག་པ་འཇིག་རྟེན་གྱི་བྱེད་པ་པོ་ཡིན་པ་བཀག་ནས་སེམས་ཙམ་རྒྱུ་ཡིན་པར་བསྟན་པའི་ཕྱིར་གསུངས་པ་ཡིན་ནོ། །འཇིག་རྟེན་གྱི་བྱེད་པ་པོ་སེམས་ཡིན་པའི་ཁུངས་ནི་དེ་འདི་སྙམ་དུ་སེམས་ཏེ། བྱེད་པ་པོ་ལ་མངོན་པར་ཞེན་པ་ལས་རྣམ་ཤེས་ཡོད་པར་འགྱུར་རོ། །གང་ན་བྱེད་པ་པོ་མེད་པ་དེ་དོན་དམ་པར་ལས་ཀྱང་མི་དམིགས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ་འདི་ལྟར་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་སྟེ། སྲིད་པའི་ཡན་ལག་བཅུ་གཉིས་པོ་གང་དག་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་སྩལ་པ། དེ་དག་ཀྱང་སེམས་གཅིག་ལ་བརྟེན་པ་དག་གོ་ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་ནི། ཁམས་གསུམ་པོ་འདིའི་རྒྱུ་སེམས་ཡིན་པ་དེར་གསུངས་ཞེས་དྲང་ངོ༌། །གང་ལས་ཤེ་ན། ལངྐར་གཤེགས་པའི་མདོ་ལས་སོ། །གང་གིས་ན་ཀུན་མཁྱེན་གྱིས་སོ། །གང་གསུངས་ཤེ་ན། གང་ཟག་རྒྱུན་དང་ཕུང་པོ་དང༌། དེ་བཞིན་རྐྱེན་དང་རྡུལ་དག་དང༌། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་པའི་ངག་གི་རང་བཞིན་གྱི་རྡོ་རྗེ་འདི་ནི་གསུངས་པའོ། །དགོས་པ་ནི་བློ་ལྡན་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྗེས་ཐོབ་ཏུ་ཁམས་གསུམ་གྱི་རྒྱུ་སེམས་ཙམ་དུ་རྟོགས་པའི་བློ་གྲོས་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་དང༌། ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པའི་མདོ་དེའི་དགོངས་པ་བཅད་པའི་ཕྱིར་དུ་གསུངས། ཅིའི་ཕྱིར་མདོའི་ངག་འདི་ལ་རྡོ་རྗེ་ཞེས་བྱ་ཞེ་ན། གང་ཟག་བྱེད་པ་པོར་སྨྲ་བའི་མུ་སྟེགས་རྣམས་ཀྱི་ལྟ་བའི་རི་བོ་མཐོན་པོ་དང་ལྡན་པ་འཇོམས་པའི་ཕྱིར་རོ། །ལངྐར་གཤེགས་པའི་མདོ་འདིའི་དོན་བཀྲོལ་བའི་ཕྱིར་བཤད་པ། མུ་སྟེགས་རྣམས་ཀྱི་རང་རང་གི་གྲུབ་མཐའ་ཇི་ལྟ་བ་བཞིན་སྟོན་པའི་བསྟན་བཅོས་དེ་དང་དེ་ལས་གང་ཟག་རྒྱུན་དང་ཕུང་པོ་ལ་སོགས་པ་དེ་དག་འཇིག་རྟེན་གྱི་བྱེད་པ་པོར་སྨྲས་པ་ཡིན་ལ། དེ་རྣམས་ཀྱིས་སྨྲས་པའི་གང་ཟག་སོགས་དེ་དག་འཇིག་རྟེན་གྱི་བྱེད་པ་པོར་མ་གཟིགས་ནས་རྒྱལ་བས་སེམས་ཙམ་ཁོ་ན་འཇིག་རྟེན་གྱི་བྱེད་པ་པོར་གསུངས་ཞེས་བྱ་བ་ནི་མདོ་དེའི་དོན་ཡིན་ནོ། །གང་ཟག་བྱེད་པ་པོར་སྨྲ་བ་རྣམས་ལ་མུ་སྟེགས་ཞེས་བརྗོད་པ་མི་འཐད་དེ། ཆོས་འདི་པ་ཡང་གང་ཟག་བྱེད་པ་པོར་སྨྲ་བ་ཡོད་པའི་ཕྱིར་རོ་ཞེ་ན། གང་ཟག་སོགས་བྱེད་པ་པོར་སྨྲ་བ་ལ་མུ་སྟེགས་པ་གཙོ་ཆེ་བས་ཕལ་ཆེ་བའི་སྒྲས་བསྟན་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་དེ་དག་ཀྱང་ཆོས་འདི་པ་མིན་ཏེ། མུ་སྟེགས་ལྟར་བསྟན་པའི་དོན་ཇི་ལྟ་བ་བཞིན་ཁོང་དུ་མ་ཆུད་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ་རིན་ཆེན་ཕྲེང་བ་ལས། གང་ཟག་ཕུང་པོ་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང༌། །གོས་མེད་ཅན་ལ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བསྟན་པ། །ཐུན་མོང་མ་ཡིན་ཡིན་ཤེས་གྱིས། །ཞེས་གང་ཟག་དང་ཕུང་པོ་སྨྲ་བ་ཡང༌། མུ་སྟེགས་པའི་ཕྱོགས་སུ་བསྟན་པས་སོ། །གཉིས་པ་ལ་བཞི་སྟེ། སེམས་ཙམ་གཙོ་བོར་ཇི་ལྟར་བསྟན་པའི་ཚུལ། ཕྱིའི་དོན་འགོག་པ་མདོའི་དོན་མ་ཡིན། སེམས་སུ་བདེན་པ་ལུང་དང་འགལ་བ་བརྗོད། སེམས་གཙོ་བོར་བསྟན་པའི་རྒྱུ་མཚན་བཤད་པའོ། །དང་པོ་ནི། ཇི་ལྟར་དེ་ཁོ་ན་ཉིད་ལ་བློ་རྒྱས་པ་ལ་སངས་རྒྱས་ཞེས་ཚིག་སྔ་མ་མི་མངོན་པར་བྱས་ནས་བསྙད་པ་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་བྱེད་པ་པོ་ལ་སེམས་ཙམ་གཙོ་བོ་གྱུར་པ་ལ་གཙོ་བོའི་སྒྲ་མི་མངོན་པར་བྱས་ནས་མདོ་ལས་སེམས་ཙམ་ཞེས་གསུངས་པ་ཡིན་ནོ། །གཉིས་པ་ནི་མདོའི་དགོངས་པ་དཔྱད་པའི་སྐབས་འདིར་ཙམ་གྱི་སྒྲས་གཟུགས་འགོག་པ་དེ་ལྟར་མདོའི་དོན་མིན་ནོ། །གསུམ་པ་ནི། གལ་ཏེ་ཁྱོད་ཀྱི་ལྟར་ཁམས་གསུམ་འདི་དག་སེམས་ཙམ་དུ་བདེན་པར་མཁྱེན་ནས་མདོ་དེ་ལས་ཙམ་གྱི་སྒྲས་གཟུགས་ཉིད་ལ་དགག་པ་མཛད་ན་ནི་སླར་ཡང་ས་བཅུ་པའི་མདོ་དེ་ལས་བདག་ཉིད་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱིས་མ་རིག་པས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ལ་རྟེན་པའི་སེམས་དང་པོ་ནི་རྣམ་པར་ཤེས་པའོ་ཞེས་གཏི་མུག་དང་ལས་ལས་སྐྱེས་པར་ཅིའི་ཕྱིར་གསུངས་ཏེ་གསུང་བར་མི་རིག་པར་ཐལ། སེམས་རང་གི་མཚན་ཉིད་ཀྱིས་ཡོད་པའི་ཕྱིར། དེས་ན་སེམས་ཙམ་དུ་གསུངས་པ་ནི་སེམས་ཙམ་ཞིག་འཇིག་རྟེན་རྒྱུའི་གཙོ་བོར་བསྟན་པ་ཡིན་གྱི་གཟུགས་བཀག་པ་ནི་ཐམས་ཅད་དུ་མིན་ནོ། །བཞི་པ་ནི། སེམས་འཇིག་རྟེན་གྱི་བྱེད་པ་པོའི་གཙོ་བོར་གྱུར་པ་ཡིན་ཏེ། སེམས་ཀྱིས་ནི་ཐུན་མོང་མ་ཡིན་པའི་ལས་ཀྱིས་སྐྱེད་པའི་སེམས་ཅན་འཇིག་རྟེན་རླུང་གི་དཀྱིལ་འཁོར་ནས་འོག་མིན་གྱི་གཞལ་ཡས་ཁང་གི་བར་ཤིན་ཏུ་སྣ་ཚོགས་པ་འགོག་པ་སྟེ་སྐྱེད་པར་བྱེད་པའི་ཕྱིར་ཏེ། འགྲོ་བ་སྣོད་དང་བཅས་པ་མ་ལུས་པ་ལས་ལས་སྐྱེས་པར་གསུངས་ཤིང་ལས་ཀྱང་སེམས་ལ་རྟེན་པ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། སེམས་དང་བཅས་པ་ཁོ་ནས་ལས་སོག་གི་སེམས་སྤངས་ནས་ནི་ལས་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རོ། །འགྲོ་བ་མ་ལུས་པ་ལས་ལས་སྐྱེས་པར་གསུངས་པའི་མདོ་ཡང༌། ཇི་སྐད་དུ། སེམས་ཅན་ལས་ཀྱི་དབང་གིས་རི། །ནག་པོ་དུས་སུ་སྐྱེས་ཏེ་དཔེར། །སེམས་དམྱལ་མཐོ་རིས་འཇིག་རྟེན་དུ། །མཚོན་དང་རིན་ཆེན་ཤིང་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ན་འགྲོ་བ་འགྲུབ་པ་ལ་སེམས་གཙོ་བོའི་རྒྱུ་ཡིན་གྱི། བདག་ལ་སོགས་པ་ནི་མ་ཡིན་པས་མདོ་ལས་སེམས་གཙོ་བོར་བཞག་པ་ཡིན་གྱི་གཟུགས་བཀག་པ་མ་ཡིན་ནོ། །གཉིས་པ་མཇུག་བསྡུ་བསྟན་པ་ནི། དེས་ན་ཙམ་གྱི་སྒྲས་སེམས་ལས་གཞན་པའི་བྱེད་པ་པོ་བཟློག་གི་གཟུགས་ནི་བཀག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་བྱེད་པའི་གནས་སྐབས་སུ་ལུས་ངག་གི་བྱ་བ་ལ་སོགས་པ་གཟུགས་ཀྱང་ཡོད་མོད་ཀྱི་དེ་ལ་ནི་སེམས་བཞིན་དུ་བྱེད་པ་པོའི་གཙོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་པའོ། །འདི་ནི་བདག་པོར་འདོད་པ་དང་བྱེད་པ་པོར་འདོད་པ་ལ་རྩོད་ཀྱི་གཟུགས་སོགས་གཙོ་བོ་མ་ཡིན་པ་ལ་ནི་རྩོད་པ་མེད་པས་བྱེད་པ་པོ་ཉིད་དུ་དོགས་པའི་བདག་ལ་སོགས་པ་བསལ་ནས་བྱེད་པ་པོ་ཉིད་དུ་ནུས་པ་མཐོང་བའི་སེམས་ཙམ་ཞིག་བྱེད་པ་པོར་བརྗོད་པར་རིགས་ཏེ། དཔེར་ན་རྒྱལ་པོ་གཉིས་ཡུལ་གཅིག་ན་དབང་བྱེད་པར་འདོད་པས་རྩོད་པའི་ཚེ། གང་སྟོབས་དང་ལྡན་པས་གཅིག་ཤོས་བཏོན་ནས་གཉིས་ཀ་ལ་ཉེ་བར་མཁོ་བའི་སྐྱེ་བོ་ཕལ་པ་ལ་གནོད་པར་མི་བྱེད་པ་དེ་བཞིན་དུ། གཉིས་ཀ་ལ་ཉེ་བར་མཁོ་བའི་གཟུགས་མི་འགོག་གི་འགྲན་ཟླ་ལྟ་བུའི་བདག་བཀག་པ་ཡིན་པར་ཤེས་པར་བྱའོ། །ལྔ་པ་སེམས་ཙམ་པ་ལ་གདམས་པ་བརྗོད་པ་ལ་བཞི་སྟེ། ཡུལ་ཤེས་ཡོད་མེད་མཚུངས་པར་རིགས་པ་བསྟན། ཡོད་མེད་མཚུངས་པའི་དོན་ལ་གདམས་པ་བརྗོད། ཡུལ་ཤེས་ཡོད་མེད་མཚུངས་པར་ལུང་གིས་བསྟན། མཐར་ཐུག་གིས་གདམས་པ་ཁྱད་པར་ཅན་བསྟན་པའོ། །དང་པོ་ནི། ཇི་སྐད་བཤད་པའི་ཚུལ་གྱིས། འཇིག་རྟེན་པའི་དེ་ཁོ་ན་ཉིད་དེ་ཀུན་རྫོབ་བདེན་པའི་ཐ་སྙད་ལ་གནས་པའི་གང་ཟག་གི་ངོར་ཕུང་པོ་ལྔ་ཆར་ཡོད་དེ། འཇིག་རྟེན་ན་གྲགས་པའི་ཕྱིར་འཇིག་རྟེན་ཞེས་པ་དབུ་མ་པའི་གཞུང་ལུགས་ལས་སོ་སྐྱེ་ཙམ་དང༌། གྲུབ་མཐའ་ལ་མ་ཞུགས་པ་དང༌། རིག་པའི་རྣམ་དཔྱད་མེད་པར་འཇུག་པའི་བློ་དང་གསུམ་ལ་འཇུག་པ་ལས། གཙོ་ཆེར་ནི་རིགས་པའི་རྣམ་དཔྱད་མེད་པར་འཇུག་པའི་བློ་ལ་འཆད་དོ། །དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱི་ཡེ་ཤེས་འཆར་བར་འདོད་པའི་རྣལ་འབྱོར་པའམ་དོན་དམ་དཔྱོད་པའི་རིགས་པའི་ངོར་ནི་ཕུང་པོ་ལྔ་ཆར་ཡང་འབྱུང་བར་མི་འགྱུར་ཏེ། མ་དམིགས་པའི་ཕྱིར། གཉིས་པ་ནི་དེ་ལྟ་ཡིན་པ་དེའི་ཕྱིར་དོན་དམ་པར་གཟུགས་མེད་ན་ནི་སེམས་ཀྱང་ཡོད་པར་མ་འཛིན་ཅིག དོན་དམ་པར་གཟུགས་ཀྱང་སེམས་ལྟར་འཐད་པ་དང་བྲལ་བའི་ཕྱིར། ཀུན་རྫོབ་ཏུ་སེམས་ཡོད་པར་རྟོག་ན་ཡང་གཟུགས་ཀྱང་མེད་པར་མ་འཛིན་ཅིག གཟུགས་དང་སེམས་གཉིས་ཀ་ཡང་འཇིག་རྟེན་ལ་གྲགས་པའི་ཕྱིར་རོ། །གསུམ་པ་ནི། ལུང་ལས་ཀྱང་བརྗོད་བྱ་དེ་ལྟར་རྟོགས་པར་བྱ་སྟེ། ཆོས་མངོན་པའི་མདོ་ལས་རང་སྤྱིའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བའི་སྒོ་ནས་ཕུང་པོ་ལྔ་ཆར་ཡང་ཡོད་པར་གསུངས་ལ། ཕུང་པོ་ལྔ་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པར་བྱེད་པའི་མདོར་སངས་རྒྱས་ཀྱིས་མཚུངས་པར་སྤངས་པ་སྟེ་བཀག་པ་ཡིན་ཏེ། རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བའི་བར་དུ་གསུངས་པའི་ཕྱིར་རོ། །བཞི་པ་ནི། ཐ་སྙད་དུ་ཕུང་པོ་ལྔ་ཆར་ཡང་ཡོད་ལ། དོན་དམ་པར་ཡོད་པ་མ་ཡིན་པ་དེ་ལྟར་ལུང་དང་རིགས་པས་གྲུབ་པའི་ཕྱིར་བདེན་གཉིས་ཀྱི་རིམ་པ་འདི་དག་བཤིག་ནས་ཀྱང་ཁྱོད་ཀྱིས་འདོད་པའི་གཞན་དབང་གི་རྫས་ནི་སྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། སྔར་ལུང་རིགས་ཀྱིས་བཀག་པའི་ཕྱིར་རོ། །ཐ་སྙད་དུ་ཕུང་པོ་ལྔ་ཆར་ཡོད་ལ་དོན་དམ་དུ་ཡོད་པ་མ་ཡིན་པ་དེའི་ཕྱིར་དེ་ལྟ་བུའི་རིམ་པས་དེ་ཁོ་ན་ཉིད་དུ་དངོས་པོ་རྣམས་གདོད་མ་ནས་མ་སྐྱེས་པ་ཡིན་ལ། འཇིག་རྟེན་གྱི་སྣང་ངོར་སྐྱེས་པར་རིགས་པར་བྱའོ། །དེ་ཁོ་ན་ཉིད་དུ་མ་སྐྱེས་ན་ཐ་སྙད་དུ་ཡང་སྐྱེ་བར་འགལ་ལོ་ཞེ་ན། མི་འགལ་བའི་དཔེ་ནི་གཟུགས་བརྙན་གྱི་དཔེ་དང༌། དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་དཔེ་ལས་ངེས་པར་བྱའོ། །དྲུག་པ་སྒྲུབ་བྱེད་ལུང་གཞན་བཟློག་པ་ལ་གསུམ་སྟེ། མདོ་དྲང་བའི་དོན་ཅན་དུ་བཤད་པ། སྒྲུབ་བྱེད་ལུང་རིགས་བསྟན་པ། ཞར་ལ་གྲངས་ངེས་ཀྱི་ཁྱད་པར་བཤད་པའོ། །དང་པོ་ནི། ཕྱོགས་སྔ་མ་བརྗོད་པ་ནི། ལུང་གཞན་ལ་རྟེན་ནས་སེམས་ཙམ་ཡོད་པ་ཉིད་དུ་ངེས་ཏེ། ལངྐར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང༌། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་སོ། །དེ་ལ་ལུས་ནི་མིག་ལ་སོགས་པའི་སྐྱེ་མཆེད་དོ། །ལོངས་སྤྱོད་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གནས་ནི་སྣོད་ཀྱི་འཇིག་རྟེན་ནོ། །བསྡུས་པའི་དོན་ནི། རྣམ་པར་ཤེས་པ་ཙམ་ཞིག་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བ་སྐྱེ་བ་ན་ལུས་ལ་སོགས་པ་ཤེས་པ་ལས་ཐ་དད་པའི་ཕྱི་རོལ་ལྟ་བུར་མངོན་པར་ཞེན་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཁམས་གསུམ་པོ་སེམས་ཙམ་དུ་གནས་པ་ཡིན་ནོ་ཞེ་ན། མདོ་འདི་ཡང་དགོངས་པ་ཅན་ཏེ། ལངྐར་གཤེགས་པའི་མདོ་སྡེ་གང་ལས། ཕྱི་རོལ་གྱི་སྣང་བ་ཡོད་པ་མ་ཡིན་ཞིང༌། སེམས་ཉིད་སྣ་ཚོགས་སུ་སྣང་ངོ་ཞེས་གསུངས་པ་དེ་ཡང་དྲང་བའི་དོན་ཅན་ཉིད་དེ། དེ་ལ་དགོངས་པ་ནི་གཟུགས་ལ་ཤིན་ཏུ་ཆགས་ཤིང་ཞེན་པ་དེ་དག་ལ་ཆགས་པ་འཇོམས་པའི་གཉེན་པོར་ཀེང་རུས་ཀྱི་རྣམ་པ་སྒོམ་པ་ལྟར་གཟུགས་ཀྱི་རྟེན་ཅན་གྱི་ཉོན་མོངས་པ་བཟློག་པའི་ཆེད་དུ་དངོས་པོ་ལ་སེམས་ཙམ་དུ་གྱུར་པ་མ་ཡིན་ཡང་དགོས་པ་ལ་ལྟོས་ནས་སེམས་ཙམ་དུ་བསྟན་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །གཉིས་པ་ནི་འདི་འདྲ་དྲང་དོན་ཡིན་པར་གང་ལས་ངེས་ཤེ་ན། ལུང་དང་རིགས་པ་ལས་ངེས་ཏེ། ལུང་འདི་ནི་སྟོན་པས་དྲང་དོན་ཉིད་དུ་གསུངས་ཤིང༌། འདི་ནི་དྲང་དོན་ཉིད་དུ་རིགས་པས་ཀྱང་འཐད་པའི་ཕྱིར་རོ། །མདོ་འདི་དྲང་བའི་དོན་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྣམ་པ་དེ་ལྟ་བུའི་མདོ་སྡེ་གཞན་ཡང་ནི་དྲང་བའི་དོན་དུ་ལུང་འདིས་གསལ་བར་བྱེད་དོ། །མདོ་སྡེ་གཞན་དེ་ཡང་གང་ཞེ་ན། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། བརྟགས་པ་མེད་པ་ཉིད་དང༌། གཞན་དབང་ཡོད་པ་ཉིད་དང༌། ཅེས་པ་དང༌། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོགས་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་མ་བསྟན། །ཞེས་པ་ལ་སོགས་པའོ། །དེ་དག་དྲང་དོན་དུ་གསལ་བར་བྱེད་པའི་ལུང་ལ་གསུམ། ལུང་དང་པོ་ནི། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་སྟོན། །ཞེས་སོ། །ལུང་གཉིས་པ་ནི། ལངྐར་གཤེགས་པའི་མདོ་ལས། བཅོམ་ལྡན་འདས་ཀྱི་མདོ་བརྗོད་པ་ལས་དེ་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་མེད་པ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་གནོན་པ། ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ་དང་བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་འདྲ་བ་མ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་པོ་ཡོན་ཏན་མེད་པ་ཁྱབ་པ་མི་འཇིག་པའོ། །ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་འདྲ་བ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མྱ་ངན་ལས་འདས་པ་དང༌། མ་སྐྱེས་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་པའི་སྙིང་པོ་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པའི་གནས་རྣམ་པར་སྤང་བར་བྱ་བའི་དོན་དུ་དེ་པའི་སྙིང་པོའི་སྒོ་ནས་བསྟན་པས་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་སྟོན་ཏེ་བློ་གྲོས་ཆེན་པོ་དུས་གསུམ་གྱི་བྱང་སེམས་ཆེན་པོ་རྣམས་བདག་ལ་མངོན་པར་ཞེན་པར་མི་བྱའོ། །བློ་གྲོས་ཆེན་པོ་དཔེར་ན། རྫ་མཁན་ནི། འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང༌། བཟོ་དང༌། ལག་བཟུང་དང༌། ཆུ་དང༌། སྲད་བུ་དང༌། ནན་ཏན་དང་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་པ་རྣམས་ཀྱང་ཆོས་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་ཐབས་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་པའི་སྙིང་པོའི་བསྟན་པའམ་བདག་མེད་པར་བསྟན་པས་ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ། །དེ་ལྟར་དེའི་ཕྱིར། བློ་གྲོས་ཆེན་པོ་དེ་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་པ་རྣམས་ཀྱིས་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་བདག་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་དེ་པའི་སྙིང་པོ་བསྟན་པས། དེ་པའི་སྙིང་པོ་སྟོན་ཏེ་ཡང་དག་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྟུང་བའི་བསམ་པ་ཅན་རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་ལྡན་ཞིང་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེས་བྱ་བ་དང༌། ལུང་གསུམ་པ་ནི། ཡང་དེ་ཉིད་ལས། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང༌། མ་སྐྱེས་པ་དང༌། མི་གཉིས་པ་དང༌། རང་བཞིན་མེད་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་མདོ་སྡེའི་ནང་དུ་ཆུད་པ་འདི་ཞེས་བསྟན་ཏོ། །དེ་ལྟར་ན་རྣམ་པ་དེ་ལྟ་བུའི་མདོ་སྡེ་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱིས་ངེས་པའི་དོན་ཉིད་དུ་ཁས་བླངས་པ་ཐམས་ཅད་དྲང་བའི་དོན་དུ་ལུང་འདི་དག་གིས་གསལ་བྱར་བྱས་པ་ཡིན་ནོ། །གང་དག་མཚན་དང་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་ལྡན་པའི་བདེ་གཤེགས་སྙིང་པོ་སེམས་ཅན་གྱི་རྒྱུད་ལ་ཡོད་པར་གསུངས་པ་ངེས་དོན་དུ་ཡོད་པར་འདོད་པ་ཡང་འདིས་བཀག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་རང་བཞིན་མེད་པའི་དོན་ལ་རིམ་གྱིས་འཇུག་པར་མཛད་པས་ན་ཚིག་ལ་འཇུག་པའི་ཐབས་སུ་ཐོག་མར་སྦྱིན་པ་ལ་སྦྱོར་བར་མཛད་པ་དེ་བཞིན་དུ་ཤེས་བྱ་བདག་མེད་ཁོང་དུ་ཆུད་པའི་ཐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐོག་མར་ཤེས་བྱ་ཡུལ་ལ་དགག་པ་གསུངས་སོ། །ཤེས་བྱ་བདག་མེད་པ་ཁོང་དུ་ཆུད་པ་ལས་ནི་ཤེས་པ་ཡང་བདག་མེད་པར་རྟོགས་པར་འགྱུར་ཏེ། ཤེས་བྱ་བདག་མེད་པ་རྟོགས་ན་ཤེས་པ་རང་བཞིན་ཡོད་པ་བསལ་བའི་དོན་ནི་བདེ་བླག་ཏུ་རྙེད་པར་འགྱུར་བའི་ཕྱིར་རོ། །རྙེད་པའི་ཚུལ་ནི་ཤེས་བྱ་རང་བཞིན་མེད་པར་རྟོགས་ན་ཤེས་པ་རང་བཞིན་མེད་པ་ཡང་འགྲུབ་པས་ཤེས་པ་བདག་མེད་པར་རྟོགས་པའི་ཐབས་སུ་དང་པོ་ཤེས་བྱ་ལ་དགག་པ་མཛད་པ་ཡིན་ནོ། །གསུམ་པ་ཞར་ལ་དྲང་ངེས་ཀྱི་ཁྱད་པར་སྟོན་པ་ནི། ཚུལ་དེ་ལྟར་དྲང་དོན་དང་ངེས་དོན་གྱི་ལོ་རྒྱུས་རྣམས་ཤེས་པར་བྱ་སྟེ་མདོ་གང་དེ་ཁོ་ན་ཉིད་མ་ཡིན་པ་ཀུན་རྫོབ་ཀྱི་བདེན་པའི་དོན་ཅན་དུ་བཤད་པ་དྲང་དོན་དུ་གསུངས་པའི་དགོངས་པའང་རྟོགས་ནས་དྲང་བར་བྱ་ཞིང་མདོ་གང་སྟོང་པ་ཉིད་ཀྱི་དོན་ཅན་ངེས་པའི་དོན་གྱི་རྣམ་དབྱེའང་ཤེས་པར་གྱིས་ཏེ་ཤེས་པར་བྱའོ། །འདི་ལ་བརྗོད་བྱའི་སྒོ་ནས་དབྱེ་བ་དང༌། རྗོད་བྱེད་ཀྱི་སྒོ་ནས་ཕྱེ་བ་དང༌། གདུལ་བྱའི་སྒོ་ནས་ཕྱེ་བ་དང་གསུམ་མོ། །དང་པོ་ནི་བློ་གྲོས་མི་ཟད་པའི་མདོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་པ་ལྟ་བུའོ། །ཡང་མདོ་ལས། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲགས་པར་ནུས་མ་ཡིན། །དངོས་པོ་གཅིག་ནི་བསམ་བྱས་ན། །དེ་དག་ཐམས་ཅད་སྒོམ་འགྱུར་ཏེ། །སངས་རྒྱས་ཀུན་གྱི་ཆོས་མང་པོ། །ཇི་སྙེད་རབ་ཏུ་བསྟན་པ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །མི་གང་དོན་ལ་མཁས་རྣམས་ཀྱིས། །གནས་འདི་ལ་ནི་བསླབ་བྱས་ན། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། སྒྲ་ཇི་བཞིན་པ་དང༌། སྒྲ་ཇི་བཞིན་མ་ཡིན་པ་སྟེ། དྲངས་མ་ཐག་པའི་མདོ་གཉིས་པ་ལྟ་བུའོ། །གསུམ་པ་ནི། གདུལ་བྱ་མ་སྨིན་པ་སྨིན་པར་བྱ་བའི་ཐབས་སུ་བསྟན་པ་ནི་དྲང་དོན། སྨིན་པ་གྲོལ་བ་དང༌། གྲོལ་བ་མཐར་ཕྱིན་པར་བྱ་བའི་དོན་དུ་སྟོན་པ་ནི་ངེས་དོན་ཏེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་རྒྱ་ཆེར་གསུངས་པ་ལས་རྟོགས་པར་བྱའོ། །དགོངས་པ་ངེས་པར་འགྲེལ་པ་ལས། ཀུན་བཏགས་མེད་པ་དང་གཞན་དབང་ཡོད་པར་གསུངས་འདྲེན་ནོ། །དེའི་དགོངས་པ་གང་ཡིན་ཞེ་ན། དཔེར་ན་སྦྲུལ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཐག་པ་ལ་སྦྲུལ་འཛིན་གྱི་བློས་ཀུན་བཏགས་པ་ཡིན་ཏེ། སྦྲུལ་དུ་བཟུང་ཡང་དེ་ལ་སྦྲུལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྦྲུལ་དངོས་ནི་ཡོངས་སུ་གྲུབ་པ་ཡིན་ཏེ། ཀུན་ཏུ་མ་བཏགས་པའི་རང་བཞིན་དུ་ཡོད་པའི་ཕྱིར་རོ། །དཔེ་དེ་བཞིན་དུ་རང་བཞིན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་གཞན་དབང་ལ་བདེན་འཛིན་གྱི་བློས་ཀུན་བཏགས་པ་ཡིན་ཏེ། བདེན་པའི་རང་བཞིན་དུ་བཟུང་ཡང་བདེན་པའི་རང་བཞིན་དུ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། རང་བཞིན་ཡོད་ན་རྒྱུ་རྐྱེན་གཞན་གྱིས་བྱས་པ་འགལ་བའི་ཕྱིར་རོ། །ཇི་སྐད་དུ། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་འབྱུང་བས་སོ། །དངོས་སུ་སྣང་ཞིང་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་གཟུགས་བརྙན་དང་འདྲ་བ་ལ་སངས་རྒྱས་ཀྱིས་དངོས་སུ་གཟིགས་པའི་རང་བཞིན་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པ་ཡིན་ཏེ། ཀུན་ཏུ་མ་བཏགས་པའི་རང་བཞིན་དུ་ཡོད་པའི་ཕྱིར་རོ། །དེས་ན་དབུ་མ་པའི་ལུགས་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གཞན་དབང་ཡིན་ལ། དེ་ལ་ལྷན་སྐྱེས་དང་ཀུན་བཏགས་ཀྱི་མ་རིག་པའི་དབང་གིས་སོ་སོར་སྐྱེ་བོ་རྣམས་ཀྱིས་བདེན་པར་བཏགས་པ་ནི་ཀུན་བཏགས་སོ། །དེ་དག་བཏགས་པ་ལྟར་གདོད་མ་ནས་ཡོད་པར་མ་ཡིན་པ་ནི་དེའི་རང་བཞིན་ཡོངས་སུ་གྲུབ་པའོ། །ཁ་ཅིག་རྟེན་འབྲེལ་ཀུན་བཏགས་སུ་སྨྲ་བ་ནི་དོན་འདི་ཁོང་དུ་མ་ཆུད་པར་ཟད་དོ། །དྲང་དོན་དང་ངེས་དོན་འདི་དག་གྲུབ་མཐའི་བྱེ་བྲག་ལས་ནི་སྣ་ཚོགས་སུ་འགྱུར་ཏེ། ཕྱི་རོལ་གྱི་དོན་ཡོད་པར་བཤད་པ་ཉན་ཐོས་སྡེ་གཉིས་ཀྱིས་ངེས་པའི་དོན་དུ་འདོད་ཅིང་སེམས་ཙམ་པ་དྲང་དོན་དུ་འདོད། ངོ་བོ་ཉིད་གསུམ་གསུངས་པ་སེམས་ཙམ་པ་ངེས་དོན་དུ་འདོད་ཅིང་དབུ་མ་པ་དྲང་དོན་དུ་འདོད་པ་ལྟ་བུའོ། །སྤྲོས་པས་ཆོག་གོ །གསུམ་པ་གཉིས་ཀ་ལ་སྐྱེ་བ་བཀག་པ་ལ་གཉིས་ལས། དང་པོ་བསལ་བྱ་འགོད་པ་ནི། ཚིགས་འགལ་གཉིས་སུ་སྨྲ་བའི་གཅེར་བུ་པ་དེ་དག་དངོས་པོ་རྣམས་བདག་གཞན་གཉིས་ཀ་ལས་སྐྱེ་བར་སེམས་ཏེ། འདི་ལྟར་བུམ་པ་ནི་འཇིམ་པའི་གོང་བུ་ལས་སྐྱེ་བས་བདག་ལས་སྐྱེ་བ་ཡང་ཡིན་ལ། རྫ་མཁན་གྱི་བྱེད་པས་གཞན་ལས་སྐྱེ་བ་ཡང་ཡིན་ནོ། །ཕྱི་རོལ་གྱི་དངོས་པོ་བཞིན་དུ། ནང་གི་དངོས་པོ་རྣམས་ཀྱང་ཡིན་ནོ། །བྱམས་པ་ཚེ་རབས་གཞན་དུ་སྲོག་གི་བདག་ཉིད་དུ་ཡོད་པ་ཁོ་ན་སྐྱེ་བ་ལེན་པས་བདག་ལས་སྐྱེ་བ་ཡིན་ཞིང༌། ཕ་མ་ལ་སོགས་གཞན་དུ་གྱུར་པ་ལས་སྐྱེ་བའི་ཕྱིར་གཞན་ལས་སྐྱེ་བ་ཡིན་ནོ་ཞེ་ན། གཉིས་པ་སེལ་བྱེད་ཀྱི་ལན་བཤད་པ་ལ་གསུམ་སྟེ། སྔར་གྱི་རིགས་པ་དེ་ཉིད་སྦྱར་བ། བདེན་པ་གཉིས་ཆར་དུ་འགོག་པ། ཡ་གྱལ་ཁེགས་པའི་རིགས་པས་འགོག་པའོ། །དང་པོ་ནི། བདག་གཞན་གཉིས་ཀ་ལས་སྐྱེ་བ་འདིའང་རིགས་པས་གྲུབ་པའི་ངོ་བོ་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་ཕྱོགས་གཉིས་ཀ་ལ་སྐྱོན་བཤད་ཟིན་པའི་ཉེས་པ་དེ་དག་ཐོག་ཏུ་འབབ་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། འཇིམ་པའི་བདག་ཉིད་དུ་ཡོད་པའི་བུམ་པ་ཆོས་ཅན། གསར་དུ་སྐྱེ་བ་མ་ཡིན་ཏེ། ཡོད་པར་གྲུབ་ཟིན་པའི་ཕྱིར། ཇི་སྐད་དུ། དེ་ནི་དེ་ལས་བྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བར་རིགས་པ་མ་ཡིན་ཉིད། །ཅེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །བྱམས་པ་ཆོས་ཅན། ཕ་མ་ལས་གསར་དུ་སྐྱེ་བ་མ་ཡིན་པར་ཐལ། སྔར་གྱི་སྲོག་གི་བདག་ཉིད་ཁོ་ནར་གནས་པའི་ཕྱིར། གཞན་ལས་སྐྱེ་བའང་མ་ཡིན་ཏེ། གལ་ཏེ་གཞན་ལ་རྟེན་ནས་གཞན་ཞིག་འབྱུང་བར་འགྱུར་ན་ནི། ཞེས་སོགས་ཀྱི་སྐབས་སུ་བསྟན་པའི་རིགས་པས་གནོད་པའི་ཕྱིར། གཉིས་པ་ནི། རང་གཞན་གཉིས་ཀ་ལས་སྐྱེ་བ་འདི་ནི་འཇིག་རྟེན་ལས་ཀྱང་སྐྱེ་བ་མིན་ཞིང་དེ་ཁོ་ན་ཉིད་དུ་ཡང་འདོད་པར་རིགས་པ་མིན་ཏེ། སྔར་བཤད་པའི་རིགས་པས་གཉིས་ཀ་ལས་སྐྱེ་བར་མི་རིགས་པའི་ཕྱིར་རོ། །གསུམ་པ་ནི། དེར་མ་ཟད་གཉིས་ཀ་ལས་སྐྱེ་བར་རིགས་པ་མིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་སྔར་གྱི་རིགས་པས་མ་ཟད་བདག་གཞན་རེ་རེ་ལས་ཀྱང་སྐྱེ་བ་ཡོད་པ་མ་ཡིན་པའི་ཕྱིར། དཔེར་ན་བྱེ་མ་རེ་རེས་ཏིལ་མར་འབྱིན་མི་ནུས་ན་མང་པོ་ཚོགས་པས་ཀྱང་འབྱིན་མི་ནུས་པ་བཞིན་ནོ། །རྒྱུ་མེད་ལས་སྐྱེ་བ་དགག་པའི་འཐད་པ་ལ་གཉིས་ཏེ། ངོ་བོ་ཉིད་ཀྱིས་སྐྱེ་བར་སྨྲ་བ་དགག ཚུལ་རོལ་མཛེས་པ་བའི་འདོད་པ་དགག་པའོ། །དང་པོ་ལ་གཞན་གྱི་འདོད་པ་བརྗོད་པ་ནི། ངོ་བོ་ཉིད་ཀྱིས་སྐྱེ་བར་སྨྲ་བ་དག་ནི་རྒྱུ་ལས་སྐྱེ་བར་འདོད་ན་ཉེས་པ་ཡོད་པ་ཞིག་ན། བདག་གིས་རྒྱུ་ཁས་མ་བླངས་པས་ཇི་སྐད་དུ་བཤད་པའི་ཉེས་པ་མེད་དོ། །དངོས་པོ་རྣམས་ནི་རྒྱུ་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་སྐྱེ་བ་ཡིན་ཏེ། འདི་ལྟར་པདྨའི་འདབ་མ་རྣམས་ཀྱི་འཇམ་པ་དང༌། རྩུབ་པ་དང༌། ཟེའུ་འབྲུ་དང་ལྟེ་བ་ལ་སོགས་པ་རྣམས་སུས་ཀྱང་བྱེད་པ་མ་མཐོང་ངོ༌། །ཤིང་ཐོག་པ་ན་སེ་དང་བལ་པོའི་སེའུ་འབྲུ་ལ་སོགས་པ་རྣམས་ཀྱང་དེ་བཞིན་ནོ། །ཇི་ལྟར་ཕྱི་རོལ་གྱི་དངོས་པོ་སུས་ཀྱང་མ་བྱས་པ་དེ་བཞིན་དུ་རྨ་བྱའི་མདོངས་ལ་སོགས་པ་རྣམས་ཀྱང་མ་བྱས་པ་ཉིད་དོ། །དེའི་ཕྱིར་དངོས་པོ་རྣམས་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བ་ཁོ་ནའོ། །ཞེས་སྨྲའོ། །གཉིས་པ་སེལ་བྱེད་ཀྱི་ལན་བཤད་པ་ལ་གཉིས་ཏེ། རིགས་པའི་གནོད་བྱེད་བརྗོད་པ་དང༌། གྲགས་པས་གནོད་པར་བསྟན་པའོ། །དང་པོ་ནི། གལ་ཏེ་དངོས་པོ་རྣམས་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་བ་སྟེ་འདོད་པ་ཞིག་ཏུ་འགྱུར་ན་ནི་རྒྱུ་མེད་པ་དེའི་ཚེ་ཤིང་ཐོག་པ་ན་སེ་ལ་སོགས་པའི་འབྲས་བུ་མཐའ་དག་ཨ་མྲ་ལ་སོགས་པའི་དངོས་པོ་ཐམས་ཅད་ལས་ཀྱང་སྐྱེ་བར་འགྱུར་ཏེ། སྐྱེ་བ་རང་གི་རྒྱུ་ལ་མི་ལྟོས་པའི་ཕྱིར་རོ། །དེ་བཞིན་དུ་བྱ་རོག་ལ་ཡང་རྨ་བྱའི་མདོངས་སོགས་ཡོད་པར་འགྱུར་ཏེ། རྨ་བྱའི་མདོངས་སོགས་ཀྱི་རྒྱུ་མ་ཡིན་པས་སོ། །རྨ་བྱ་ལ་མངལ་གྱི་གནས་སྐབས་ན་ཡང་ནེ་ཙོའི་སྒྲོ་ཡོད་པར་འགྱུར་ཏེ། ནེ་ཙོའི་སྒྲོ་སྐྱེ་བ་དེ་ཡུལ་དང་དུས་ཚིག་དང་གནས་སྐབས་ཐམས་ཅད་ལ་མི་ལྟོས་པའི་ཕྱིར་རོ། །དེས་ན་དངོས་པོ་རྒྱུ་མེད་དུ་སྨྲ་བ་མི་རིགས་སོ། །གཉིས་པ་གྲགས་པ་དང་འགལ་བ་བརྗོད་པ་ནི། རྒྱུ་མེད་ན་འབྲས་བུ་ལོ་ཐོག་ལ་སོགས་པ་འབྱུང་བའི་ཆེད་དུ་འཇིག་རྟེན་པ་འདི་ཡིས་ས་བོན་འདེབས་པ་དང་ཆུ་གཅུ་བ་ལ་སོགས་པ་འབད་རྩོལ་བརྒྱ་ཕྲག་དག་གི་སྒོ་ནས་ལོ་ཐོག་སྡུད་པར་བྱེད་པར་ཡང་མི་འགྱུར་བར་ཐལ་བ་ལས་འབད་རྩོལ་བྱེད་པ་ཡང་ཡིན་པ་དེའི་ཕྱིར་རྒྱུ་མེད་ངོ་བོ་ཉིད་ལས་འབྱུང་བ་མ་ཡིན་ནོ། །གཞན་ཡང་གལ་ཏེ་འགྲོ་བ་འདི་དག་རྒྱུ་ཡིས་སྟོང་པ་སྟེ་རྒྱུ་མེད་པར་གྱུར་ན་ནི་ནམ་མཁའི་ཨུཏྤལ་པ་ལའི་དྲི་དང་མདོག་བཞིན་བཟུང་བ་མེད་པ་ཉིད་དུ་ཐལ་བར་འགྱུར་ན་ཤིན་ཏུ་ཆེས་བཀྲ་བའི་འཇིག་རྟེན་བློས་འཛིན་ཅིང་དམིགས་པའང་ཡིན་པ་དེའི་ཕྱིར་རང་གི་རྒྱུད་ཀྱི་སྔོ་འཛིན་གྱི་བློ་དམིགས་ཡུལ་སྔོན་པོ་ལས་སྐྱེ་བར་འདོད་པ་བཞིན་དུ་འཇིག་རྟེན་འདི་དག་ཀྱང་རྒྱུ་ལས་སྐྱེས་པ་ཡིན་པར་ཤེས་པར་གྱིས་ཤིག ཚུལ་རོལ་མཛེས་པ་བ་དགག་པ་ལ་གཉིས་ཏེ། བསལ་བྱ་འགོད་པ་དང༌། སེལ་བྱེད་བཤད་པའོ། །དང་པོ་ནི་འདིར་སྨྲས་པ། རྒྱུ་དམིགས་བཞིན་པ་ལ་ནི་བསྙོན་པར་མི་ནུས་ཏེ། མཐོང་བའི་ཕྱིར་དང༌། ཇི་སྐད་བཤད་པའི་རིགས་པ་དང་འགལ་བའི་ཕྱིར། དེས་ན་ཕྱིའི་དངོས་པོ་དང༌། ནང་གི་སེམས་ཅན་དང༌། བློ་འདི་དག་འབྱུང་བ་བཞི་པོ་ལས་སྐྱེ་བ་ཡིན་ཏེ། འདི་དག་འགྲོ་བ་སྣ་ཚོགས་པའི་རྒྱུར་ཡོད་པས་སོ། །དེས་ན་དེ་ཡང་འཇིག་རྟེན་འདིའི་རྒྱུ་ལས་འབྱུང་བ་ཁོ་ན་ཡིན་གྱི་ཚེ་སྔ་མ་བྱས་པའི་ལས་འདིར་སྨིན་པའམ། འདིར་བྱས་པའི་རྣམ་པར་སྨིན་པ་འཇིག་རྟེན་གཞན་དུ་འབྱུང་བའི་འཇིག་རྟེན་ཕ་རོལ་ཡོད་པ་མ་ཡིན་ནོ་ཞེ་ན། གཉིས་པ་སེལ་བྱེད་ཀྱི་ལན་ལ་གསུམ་སྟེ། འཇིག་རྟེན་ཕ་རོལ་མི་རྟོགས་པར་བསྟན། ལྟ་བ་ཕྱིན་ཅི་ལོག་ཏུ་བཞག་པ། མཐུན་པའི་དཔེ་ལ་རྩོད་པ་སྤོང་པའོ། །དང་པོ་ནི། འབྱུང་བ་དེ་དག་གི་བདག་ཉིད་དེ་རང་བཞིན་གང་ཞིག་གིས་ནི་རྒྱང་འཕེན་པ་ཁྱོད་ཀྱི་བློའི་ཡུལ་དུ་གྱུར་པ་དེའི་བདག་ཉིད་ཅན་དུ་ཡོད་པ་མ་ཡིན་ན། འཇིག་རྟེན་ཕ་རོལ་ཤིན་ཏུ་ཕྲ་བ་ལྷའི་མིག་གི་སྤྱོད་ཡུལ་དུ་གྱུར་པ་ཇི་ལྟར་རྟོག་པར་གྱུར་ཏེ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒྱང་འཕེན་པ་གང་ལ་འཇིག་རྟེན་འདི་ཉིད་ཀྱི་ཡུལ་ལ་ཡང་ཇི་ལྟ་བ་བཞིན་མཐོང་བའི་ཡིད་ཀྱི་མུན་པ་འཐུག་པོ་ཡོད་པའི་ཕྱིར་རོ། །གཉིས་པ་ལྟ་བ་ཕྱིན་ཅི་ལོག་ཏུ་བཞག་པ་ནི། གཞན་ཡང་འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་རྒྱང་འཕེན་པ་བདག་ཉིད་ནི་ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བ་ཡིན་པར་རྟོགས་པར་བྱ་སྟེ། འཇིག་རྟེན་ཕ་རོལ་ལ་སྐུར་བ་འདེབས་པ་རྒྱང་འཕེན་པ་དེའི་ལྟ་བའི་རྣམ་པ་སྟེ་བྱེ་བྲག་འཇིག་རྟེན་ཕ་རོལ་མེད་པར་ལྟ་བ་དང་འབྱུང་བ་ཡོད་པར་ལྟ་བ་དེ་གཉིས་ཀྱི་རྟེན་དུ་མཚུངས་པའི་ལུས་དང་ཇི་སྲིད་འཇིག་རྟེན་ཕ་རོལ་ཡོད་པར་ལྟ་བའམ་ཐེ་ཚོམ་མ་གྱུར་པ་དེ་སྲིད་དུ་ལྡན་པའི་ཕྱིར། གང་གི་ཚེ་འབྱུང་བའི་བདག་ཉིད་ཡོད་པ་ཉིད་དུ་ཁས་ལེན་དེའི་ཚེ་ལྟ་བ་ཕྱིན་ཅི་ལོག་གི་རྟེན་ང་དང་ལྡན་པ་བཞིན་ནོ། །མེད་པར་ལྟ་བ་དེའི་ལུས་ཀྱི་གནས་སྐབས་ནི་གཉིས་ཏེ། འཇིག་རྟེན་ཕ་རོལ་ལ་སྐུར་བ་འདེབས་པའི་གནས་སྐབས་དང༌། འབྱུང་བ་ཡོད་པར་ལྟ་བའི་གནས་སྐབས་སོ། །དེ་ལ་གཅིག་ནི་ཕྱོགས་སུ་བྱས་པ་ཡིན་ལ། གཞན་ནི་དཔེ་ཉིད་དུ་བསྟན་པ་ཡིན་ནོ། །གསུམ་པ་མཐུན་དཔེ་ལ་རྩོད་པ་སྤོང་བ་ནི། ཅི་སྟེ་འབྱུང་བ་རང་བཞིན་གྱིས་ཡོད་པར་ལྟ་བའི་གནས་སྐབས་ན་ཡང་ལྟ་བ་ཕྱིན་ཅི་མ་ལོག་པ་དང་ལྡན་པས། དཔེ་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འབྱུང་བ་བདེན་པར་ལྟ་བ་ནི་ལྟ་བ་ཕྱིན་ཅི་ལོག་དང་ལྡན་པར་གྲུབ་པའི་ཕྱིར་རོ། །འབྱུང་བ་བདེན་པ་མེད་པ་ཉིད་བསྒྲུབ་པར་བྱ་དགོས་སོ་ཞེ་ན། འབྱུང་བ་དེ་དག་ཇི་ལྟར་བདེན་པར་ཡོད་པར་མ་ཡིན་པ་དེ་ལྟར་བཤད་ཟིན་ཏེ། གང་གི་ཕྱིར་ན་གོང་དུ་རང་དང་གཞན་ལས་སྐྱེ་བ་དང་གཉིས་ཀ་ལས་སྐྱེ་བ་དང་རྒྱུ་མེད་ལས་སྐྱེ་བ་བཀག་པའི་སྒོ་ནས་དངོས་པོ་བདེན་པར་ཡོད་པ་ཐུན་མོང་དུ་བཀག་ཟིན་པ་དེའི་ཕྱིར། དེས་ན་སྔར་མཐའ་བཞིའི་སྐྱེ་བ་བཀག་པའི་སྐབས་སུ་དགག་པ་མ་བཤད་པའི་འབྱུང་བ་འདི་དག་ལྟ་ཞིག་ཡོད་པ་མ་ཡིན་པས་མཐུན་དཔེ་གྲུབ་པ་ཉིད་དོ། །རིགས་པ་འདི་ནི་ཐམས་ཅད་མཁྱེན་པ་ལ་སྐུར་པ་འདེབས་པ་དང༌། དངོས་པོ་ཡོད་པར་སྨྲ་བ་དང་མེད་པར་སྨྲ་བ་རྣམས་དགག་པ་ལ་ཡང་སྦྱར་བར་བྱ་སྟེ། ཇི་ལྟར་སྦྱར་ཞེ་ན། རྫོགས་པའི་སངས་རྒྱས་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་པར་ཁས་ལེན་དེ་ཚེ་གཞན། །ཞེས་སྦྱར་རོ། །རིགས་པ་འདི་ཁྱོད་ལ་ཡང་མཚུངས་སོ་ཞེ་ན། མི་མཚུངས་ཏེ། ཁོ་བོའི་ལྟ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ལ་མཐུན་དཔེ་མེད་པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ཡོད་པར་རྟོག་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཡང་དག་ལྟ་བར་རྟོག་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་བདག་མེད་རྟོགས་པ་ཁས་ལེན་དེ་ཚེ་བཞིན། །ཞེས་པ་དང༌། ཐམས་ཅད་མཁྱེན་པ་ཡོད་པའི་རྟོགས་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཡང་དག་ལྟ་བར་རྟོགས་བྱ་སྟེ། །ཞེས་སོགས་དངོས་པོ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གཉིས་པ་བཀག་པས་གྲུབ་པའི་དོན་བསྟན་པ་ནི། དངོས་པོ་རྣམས་རང་བཞིན་ཡོད་ན་མཐའ་བཞི་པོ་གང་རུང་ལས་སྐྱེ་བར་འགྱུར་བ་ཞིག་ན། དེ་དག་རང་བཞིན་དང་བྲལ་བ་ཡིན་ཏེ། གང་གི་ཕྱིར་ན་བཤད་པའི་རིགས་པས་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་མེད་ཅིང་རྒྱུ་ལ་མ་ལྟོས་པར་ཡང་ཡོད་པ་མིན་པས་སོ། །དགག་བྱ་ནི་བདེན་པར་གྲུབ་པ་སྟེ། བདེན་པར་འཛིན་པའི་བློས་གཟུང་བ་ལྟར་ཡུལ་ཡང་དེ་དང་མཐུན་པར་གནས་པ་ནི་བདེན་པའི་དོན་ནོ། །དེ་མེད་པས་ན་རང་བཞིན་མེད་ཅེས་ཤེས་པར་བྱའོ། །འདིར་ནི་རང་བཞིན་གྱི་ཐ་སྙད་ནི་གཉིས་ཀ་ལ་གྲགས་པ་ཡིན་ལ། ངོས་བཟུང་བའི་ཚུལ་ནི་མི་འདྲ་སྟེ། དངོས་པོར་སྨྲ་བ་རྣམས་བདེན་འཛིན་གྱི་བློས་ཡོངས་སུ་བཟུང་བ་ཉིད་ལ་འདོད་ཅིང༌། དབུ་མ་པ་ནི་དེ་ལུང་རིགས་ཀྱིས་བཀག་ནས་རང་བཞིན་མེད་པ་ཉིད་ལ་རང་བཞིན་དུ་འདོད་པའི་ཕྱིར་རོ། །ཅིའི་ཕྱིར་རང་བཞིན་མེད་སྒྲུབ་ཅེ་ན། འཁོར་བའི་སྡུག་བསྔལ་ནི་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་ལ། དེ་ཡང་བདེན་པར་འཛིན་པའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །བདེན་འཛིན་གྱི་ལྗོན་པའི་རྩ་བ་དྲུང་ནས་འབྱིན་ན་རྒྱུ་ཉོན་མོངས་པ་མི་འབྱུང་བས་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་ལྡོག་པར་འགྱུར་རོ། །དེ་བས་ན་བདེན་པར་འཛིན་པ་བཟློག་པའི་དོན་དུ་དངོས་པོ་རྣམས་རང་བཞིན་མེད་པར་བསྒྲུབ་པ་ཡིན་ནོ། །བདེན་འཛིན་དེ་ཉིད་ཇི་ལྟར་ལྡོག་ཅེ་ན། དངོས་པོ་རང་བཞིན་མེད་པར་བསྒྲུབ་པ་ལས་ཐལ་བར་འགྱུར་བའི་རྗེས་དཔག་སྐྱེ་བ་ཡིན་ལ། རྗེས་དཔག་དེ་ཉིད་ཀྱི་གཟུགས་སོགས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ལྷན་སྐྱེས་ཀྱི་མ་རིག་པའི་དབང་གིས་བདེན་པར་འཛིན་པ་དང༌། སླར་ཡང་རང་གཞན་གྱི་དངོས་པོར་སྨྲ་བ་དག་གིས་ཀུན་བཏགས་ཀྱི་མ་རིག་པའི་དབང་གིས་བདེན་པར་འཛིན་པའི་སྒྲོ་འདོགས་མཐའ་དག་གཅོད་པར་བྱེད་པའི་ཕྱིར་རོ། །རྗེས་དཔག་དེ་ཉིད་ཀྱིས་རང་བཞིན་མེད་པའི་རྒྱུན་ཐབས་ཏིང་ངེ་འཛིན་གྱིས་ཡུན་རིང་དུ་གོམས་པས་གོམས་པ་མཐར་ཐུག་པ་ན་རང་བཞིན་མེད་པའི་དོན་མངོན་སུམ་དུ་རྟོགས་ནས་ས་བོན་ཙམ་ཡང་སྤངས་པས་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ཡིན་ནོ། །ཅིའི་ཕྱིར་རྡོ་རྗེ་གཟེགས་མའི་རིགས་པས་དངོས་པོ་རང་བཞིན་མེད་པར་བསྒྲུབ་ཅེ་ན། བཤད་པར་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུའི་རང་བཞིན་སྤྲོས་པ་དང་བྲལ་བ་ལ་སོ་སོ་སྐྱེ་བོ་རྣམས་ཀྱིས་ཐོག་མ་མེད་པ་ནས་གོམས་པའི་ལྷན་སྐྱེས་ཀྱི་མ་རིག་པའི་དབང་གིས་གནས་ལུགས་ཀྱི་དོན་མ་རྟོགས་པར་རང་གི་ངང་གིས་དངོས་པོར་མངོན་པར་ཞེན་ཅིང་སླར་ཡང་རང་གཞན་གྱི་སྡེ་པའི་དངོས་པོ་སྨྲ་བས་བདེན་པ་སྒྲོ་འདོགས་པར་བྱེད་དོ། །དེ་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱེད་པའི་ཉོན་མོངས་པ་རབ་ཏུ་སྐྱེས་ནས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྡུག་བསྔལ་གྱི་ཕུང་པོ་ཡོངས་སུ་འགྲུབ་པར་འགྱུར་རོ། །དེས་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདེན་པར་འཛིན་པ་ཡིན་ནོ། །རྩ་བ་བདེན་འཛིན་ཡོངས་སུ་བཅད་ན་ཉོན་མོངས་པ་མི་འབྱུང་ལ་ཉོན་མོངས་པ་མེད་པར་ཡང་འཁོར་བར་སྐྱེ་བའི་ལས་སོག་པ་མེད་པས་ཡང་སྲིད་ཀྱི་ཕུང་པོ་ཉེ་བར་ལེན་པ་མེད་པའི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པར་འགྱུར་བས་ན། བདེན་འཛིན་བཟློག་པའི་ཆེད་དུ་རྡོ་རྗེ་གཟེགས་མའི་རིགས་པ་གསུངས་པ་ཡིན་ནོ། །རྡོ་རྗེ་གཟེགས་མའི་གཏན་ཚིགས་བསྟན་ཟིན་ཏོ། །གཉིས་པ་གཏན་ཚིགས་ལ་ཀླན་ཀ་སྤོང་བ་ལ་གསུམ་སྟེ། མཐོང་བ་དང་འགལ་བའི་ཀླན་ཀ་སྤོང༌། ཐ་སྙད་དུ་མེད་པར་ཐལ་བའི་ཀླན་ཀ་སྤོང༌། ཀུན་རྫོབ་ཏུ་རྟེན་འབྱུང་ཙམ་དུ་བཞག་པའོ། །དང་པོ་ལ་གསུམ་སྟེ། ཀུན་རྫོབ་སྣང་བའི་རྒྱུ་བཤད། ཕྱིན་ཅི་ལོག་ཏུ་མཐོང་བའི་ཚུལ། སྟོང་ཉིད་རྟོགས་པས་གྲོལ་བར་བསྟན་པའོ། །དང་པོ་ནི། གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པ་ཡིན་ན། གཟུགས་ལ་སོགས་པ་བློས་བཟུང་དུ་མེད་པར་འགྱུར་ཏེ། མ་སྐྱེས་པའི་ཕྱིར་རོ་ཞེ་ན་གཟུགས་སོགས་ཀྱི་རང་བཞིན་སོ་སྐྱེ་རྣམས་ཀྱི་ཡུལ་དུ་གྱུར་པ་མ་ཡིན་པས་བློས་ཡོངས་སུ་བཟུང་བ་འདི་དག་ནི་རང་བཞིན་མ་ཡིན་ནོ། །འོ་ན་ཡུལ་གྱི་ངོ་བོ་ཉིད་སྣང་བར་ཇི་ལྟར་འགྱུར་ཞེ་ན། འཇིག་རྟེན་པ་རྣམས་ལ་གཟུགས་སོགས་ཀྱི་ཡུལ་རྣམས་རང་བཞིན་མེད་པ་ལས་ལོག་པ་དག་ཏུ་སྣང་བར་འགྱུར་ཏེ། རྒྱུ་མཚན་གང་གིས་ན་རང་བཞིན་མཐོང་བ་ལ་སྒྲིབ་བྱེད་ཀྱི་གཏི་མུག་འཐུག་པོ་ཆར་སྤྲིན་གྱི་ཚོགས་དང་མཚུངས་པ་རྒྱུད་ལ་ཡོད་པ་དེས་ནའོ། །གཉིས་པ་ཕྱིན་ཅི་ལོག་ཏུ་མཐོང་བའི་ཚུལ་ནི། གལ་ཏེ་གཏི་མུག་གིས་སྒྲིབ་པས་དེ་ཁོ་ན་ཉིད་མཐོང་བར་མི་འགྱུར་ནའང་མེད་བཞིན་དུ་མཐོང་བ་དེ་རྒྱུ་གང་ལས་ཤེ་ན། ཇི་ལྟར་མིག་ལ་རབ་རིབ་ཀྱི་སྐྱོན་ཞུགས་པའི་མཐུ་ཡིས་གང་ཟག་འགའ་ཞིག་ལ་མེད་བཞིན་དུ་སྐྲ་ཤད་དང་ཟླ་བ་གཉིས་དང་རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་ལོག་པར་འཛིན་པར་བྱེད་པ་དེ་བཞིན་དུ་གཏི་མུག་གི་དབང་གིས་མི་མཁས་པས་འདུས་བྱས་སྣ་ཚོགས་བདེན་པར་མེད་ཀྱང་བློ་གྲོས་ཀྱིས་བདེན་པར་རྟོག་པར་འགྱུར་བ་ཡིན་ནོ། །བདེན་པར་མེད་ཀྱང་བདེན་པར་སྣང་བའི་ཁུངས་ནི། བཅོམ་ལྡན་འདས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དང༌། མ་རིག་པ་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་དང༌། བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱ་བ་དང༌། མི་གཡོ་བ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །ཞེས་པ་དང༌། མ་རིག་པ་འགག་པས་འདུ་བྱེད་འགག་ཅེས་རྩ་བ་མ་རིག་པར་གསུངས་པ་ཡིན་ནོ། །རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་གི་ཚུལ་འདིའི་སྒོ་ནས་གཏི་མུག་ལ་བརྟེན་ནས་ལས་འབྱུང་ཞིང་གཏི་མུག་མེད་པར་མི་འབྱུང་ཞེས་བྱ་བར་སོ་སྐྱེ་ཁོ་ནས་རྟོགས་པར་གོར་མ་ཆགས་པ་སྟེ་གདོན་མི་ཟའོ། །བཞི་པ་སྟོང་ཉིད་རྟོགས་པས་གྲོལ་བར་བསྟན་པ་ནི། སྟོང་ཉིད་རྟོགས་པའི་བློ་གྲོས་བཟང་པོའི་ཉི་མས་བདེན་འཛིན་གྱི་མུན་པ་མཐུག་པོ་རྣམ་པར་བསལ་བའི་མཁས་པ་དག་ནི་རྟེན་འབྲེལ་རང་བཞིན་སྟོང་པ་ཉིད་དུ་ཁོང་དུ་ཆུད་ཅིང་དེར་མ་ཟད་རྟེན་འབྲེལ་རྟོགས་པ་ལས་མ་རིག་པ་སྤོང་ཞིང་འདུ་བྱེད་དག་ཀྱང་ཉེ་བར་མི་ལེན་པས་ན་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཐ་སྙད་དུ་མེད་པར་ཐལ་བ་སྤོང་བ་ལ་གཉིས་ཏེ། རྩོད་པ་འགོད་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་དངོས་པོ་རྣམས་དེ་ཁོ་ན་ཉིད་དུ་མེད་ན་ཐ་སྙད་དུ་ཡང་མོ་གཤམ་གྱི་བུ་ཇི་ལྟ་བ་བཞིན་དུ་དངོས་པོ་དེ་དག་མེད་པ་ཉིད་དུ་ཐལ་བར་འགྱུར་བ་ལས་ཐ་སྙད་དུ་ཡོད་པ་དེའི་ཕྱིར་དེ་དག་རང་བཞིན་གྱིས་ཡོད་པ་ཉིད་དོ་ཞེ་ན། རྩོད་པ་སྤང་བ་ལ་བཞི་སྟེ། ཁྱབ་པ་མ་ངེས་པར་བསྟན་པ། དཔེ་ཡིས་སྐྱེ་མེད་དུ་བསྟན་པ། ལུང་གིས་རང་བཞིན་སྐྱེ་མེད་དུ་བསྟན་པ། ཐ་སྙད་དུ་མེད་པར་ཐལ་བར་མི་འགྱུར་བའོ། །དང་པོ་ནི། གང་དག་རབ་རིབ་ཅན་ལ་སོགས་པའི་ཡུལ་དུ་འགྱུར་བའི་སྐྲ་ཤད་ལ་སོགས་པ་དེ་དག་དོན་དམ་པར་མ་སྐྱེས་པས་ཐ་སྙད་དུ་ཡང་སྣང་བར་མི་རིགས་སོ་ཞེས་རེ་ཤིག་དེ་དག་ཉིད་ལ་བརྩད་པར་བྱ་སྟེ། ཕྱི་ནས་མ་རིག་པའི་རབ་རིབ་དང་རྗེས་སུ་འབྲེལ་བ་ཅན་གྱི་འཇིག་རྟེན་པ་ལ་ཅིའི་ཕྱིར་མ་སྐྱེས་པའི་རང་བཞིན་ཅན་གྱི་གཟུགས་མཐོང་ལ་མོ་གཤམ་གྱི་བུ་མཐོང་བ་མ་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱའོ། །ཁོ་བོ་ཅག་ལ་ནི་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་ཏེ། ཆོས་ཀྱི་དོན་ལ་མོས་པ་བསྐྱེད་པའི་དོན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཉིད་གཟིགས་པའི་ཚུལ་ལུང་གི་རྗེས་སུ་འབྲང་ནས་འཆད་པ་ལ་ཞུགས་པ་ཡིན་གྱི། རང་གིས་ཤེས་པ་ལ་ལྟོས་ནས་མ་ཡིན་ཏེ། མ་རིག་པའི་རབ་རིབ་ཀྱིས་བློའི་མིག་རབ་ཏུ་སྒྲིབ་པའི་ཕྱིར་རོ། །རྣལ་འབྱོར་པས་ཇི་ལྟར་རྟོགས་པའི་ཚུལ་ནི་ཇི་སྐད་དུ། ཕུང་པོ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །བྱང་ཆུབ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །གང་སྤྱོད་དེ་ཡང་རང་བཞིན་སྟོང་པ་སྟེ། །ཡེ་ཤེས་ལྡན་པས་ཤེས་ཀྱི་བྱིས་པས་མིན། །ཡེ་ཤེས་རང་བཞིན་སྟོང་པར་རིག་འགྱུར་ཏེ། །ཤེས་བྱའི་རང་བཞིན་སྟོང་པར་རིག་གྱུར་ནས། །ཤེས་པ་པོ་དང་འདྲ་བར་རྟོགས་གྱུར་ནས། །བྱང་ཆུབ་ལམ་ལ་དེ་དག་སྤྱོད་ཅེས་བྱ། །ཞེས་གསུངས་པ་ལྟ་བུའོ། །རྣལ་འབྱོར་པ་རྣམས་ལ་བརྒལ་ཞིང་བརྟག་པར་བྱ་བ་ཡང་མ་ཡིན་ཏེ། དེ་དག་གིས་ནི་ཀུན་རྫོབ་ཏུ་ཡང་ཆོས་འགའ་ཞིག་གི་རང་བཞིན་མ་གཟིགས་ལ། དོན་དམ་པར་ཡང་མ་ཡིན་པས་སོ། །རང་བཞིན་ཞེས་སྨོས་པ་ནི་བདེན་པར་མ་གཟིགས་ཞེས་སྟོན་པ་ཡིན་གྱི། ཅི་ཡང་མི་མཐོང་བ་ནི་མ་ཡིན་ནོ། །རབ་རིབ་ཅན་ལ་བརྒལ་ཞིང་བརྟག་པ་ལྟ་ཞོག་རེ་ཞིག་ཁྱོད་ཉིད་ལ་བརྟག་པར་བྱ་སྟེ། གལ་ཏེ་རྨི་ལམ་གྱི་སྣང་བ་དང༌། དྲི་ཟའི་གྲོང་ཁྱེར་དང༌། སྨིག་རྒྱུའི་ཆུ་དང༌། མིག་འཕྲུལ་དང༌། གཟུགས་བརྙན་དང་སོགས་པས་བྲག་ཆ་དང་སྤྲུལ་པ་ལ་སོགས་པ་དེ་ཁོ་ནར་སྐྱེ་བ་མེད་ཀྱང་ཐ་སྙད་དུ་མཐོང་བར་འདོད་ན་དངོས་སྨྲ་བ་ཁྱོད་ལ་གཟུགས་སོགས་དང་མོ་གཤམ་གྱི་བུ་གཉིས་དོན་ལ་ཡོད་པ་ཉིད་མིན་པར་མཚུངས་དུ་ཟིན་ཀྱང་གཟུགས་སོགས་ཐ་སྙད་དུ་མེད་པར་ཐལ་བར་མི་འགྱུར་བ་ནི་ཁྱོད་ཀྱང་འདོད་པས་ན་འདིར་རང་ཉིད་ལ་ལྟོས་ནས་ཀྱང་ཁྱབ་པ་མ་ངེས་ཏེ། རྒྱུ་མཚན་གང་གི་ཕྱིར་ན་གཟུགས་ལ་སོགས་པ་འདི་དག་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་ཀྱང་ཐ་སྙད་དུ་ཡང་མོ་གཤམ་གྱི་བུ་ལྟར་འཇིག་རྟེན་གྱིས་མཐོང་བའི་ཡུལ་དུ་མི་འགྱུར་བ་མ་ཡིན་པའི་ཕྱིར་རོ། །གཟུགས་སོགས་རང་བཞིན་མེད་ཀྱང་ཐ་སྙད་དུ་སྣང་བ་ཡང་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། འགྲོ་བ་དག་ནི་རྨི་འདྲར་བཤད། །དེ་ཉིད་དུ་ན་རྣམ་མ་བཞག །རྨི་ལམ་གང་ལའང་དངོས་པོ་མེད། །ལོག་པའི་བློ་ཅན་མངོན་པར་ཞེན། །དྲི་ཟའི་གྲོང་ཁྱེར་ཇི་ལྟར་སྣང་གྱུར་ཀྱང༌། །གྲོང་ཁྱེར་ཕྱོགས་བཅུར་ཡོད་མིན་གཞན་ནའང་མེད། །གྲོང་ཁྱེར་མིང་ཙམ་ཞིག་གིས་རབ་ཏུ་བཤད། །དེ་བཞིན་བདེ་བར་གཤེགས་པས་འགྲོ་འདི་གཟིགས། །ཆུ་ཡི་འདུ་ཤེས་ཅན་གྱིས་ནི། །མཐོང་ཡང་སྨིག་རྒྱུ་ལ་ཆུ་མེད། །དེ་བཞིན་ཡོངས་སུ་རྟོག་པས་དཀྲུགས། །སྡུག་པ་མིན་པ་སྡུག་པར་རྟོག །མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་སོ། །གཉིས་པ་དཔེའི་སྒོ་ནས་རང་བཞིན་སྐྱེ་མེད་དུ་བསྟན་པ་ནི། ཁོ་བོ་ཅག་ལ་ནི་ཁྱོད་ཀྱིས་བརྗོད་པའི་སྐྱོན་འཇུག་པ་མེད་དེ། གཟུགས་ལ་སོགས་པ་རང་བཞིན་གྱི་སྐྱེ་བ་ཁས་བླངས་ནས་དོན་དམ་པའི་སྐྱེ་བ་འགོག་པ་མ་ཡིན་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ཇི་ལྟར་མོ་གཤམ་གྱི་བུ་ལ་རང་གི་བདག་ཉིད་ཀྱིས་སྐྱེ་བ་དེ་ཁོ་ན་ཉིད་དུ་མེད་ཅིང་འཇིག་རྟེན་དུ་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཕྱི་ནང་གི་དངོས་པོ་འདི་དག་ཀུན་ངོ་བོ་ཉིད་ཀྱིས་འཇིག་རྟེན་ཀུན་རྫོབ་ཏུ་ཡང་མ་སྐྱེས་ལ་གཟུགས་སོགས་དེ་ཁོ་ན་ཉིད་དུ་ཡང་མ་སྐྱེས་སོ། །གསུམ་པ་ལུང་གིས་རང་བཞིན་སྐྱེ་མེད་དུ་བསྟན་པ་ནི། བདེན་པ་གཉིས་ཆར་དུ་རང་བཞིན་གྱིས་སྐྱེ་བ་མེད་པ་དེའི་ཕྱིར། འཁོར་འདས་གཉིས་ཀའི་གནས་སྐབས་སུ་རྟག་ཏུ་རང་བཞིན་གྱིས་ཡོད་པ་མིན་ཏེ། འདི་ལྟར་སྟོན་པས་ཆོས་རྣམས་ཀུན་གདོད་མ་ནས་ཞི་ཞིང་བདེན་པ་གཉིས་ཆར་དུ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གསུངས་པར་གྱུར་པ་དེའི་ཕྱིར། བྱང་ཆུབ་སེམས་དཔའ་འཕགས་པ་སྒྲིབ་པ་རྣམ་པར་སེལ་བས་བཅོམ་ལྡན་འདས་ལ་ཡོན་ཏན་ཕུལ་དུ་བྱུང་བའི་སྒོ་ནས་བསྟོད་པ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གདོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ནི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་སོ། །ལུང་དེའི་དོན་ནི། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་ཆོས་རྣམས་ཁྱོད་ཀྱིས་བསྟན་ཏོ། །ཇི་ལྟར་ཞེ་ན། ཆོས་ཐམས་ཅད་ཞི་བའོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཞི་བའི་ཡུལ་ཡིན་པའི་ཕྱིར། ཅིའི་ཕྱིར་ཡེ་ཤེས་ཞི་བའི་ཡུལ་ཡིན་ཞེ་ན། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་རོ། །ཅིའི་ཕྱིར་མ་སྐྱེས་ཤེ་ན། རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཕྱིར་རོ། །རང་བཞིན་གྱིས་མྱ་ངན་ལས་འདས་པའི་དོན་ཡང་ཅི་ཞེ་ན། ཆོས་འགའ་ཞིག་རང་བཞིན་ཡོད་ན་དེ་སྐྱེ་བར་འགྱུར་བ་ཞིག་ན་གདོད་མ་ནས་རང་བཞིན་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ནོ། །བཞི་པ་ཐ་སྙད་དུ་མེད་པར་ཐལ་བར་མི་འགྱུར་བ་ནི། རང་གི་སྡེ་བ་དག་གིས་དོན་དམ་དུ་མེད་ན་ཐ་སྙད་དུ་ཡང་མེད་ཅེས་བརྒལ་བར་རིགས་པ་མ་ཡིན་ཏེ། དེ་དག་གིས་བུམ་པ་ལ་སོགས་པ་འདི་དག་དེ་ཁོ་ན་ཉིད་དུ་མེད་ཅིང་འཇིག་རྟེན་ཀུན་རྫོབ་ཏུ་རབ་ཏུ་གྲགས་པར་ཡོད་པར་ཁས་བླངས་པས་སོ། །དཔེ་དེ་ཇི་ལྟ་བ་བཞིན་དུ་ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱང་དོན་དམ་དུ་མེད་ཀྱང་ཐ་སྙད་དུ་ཡོད་པ་བུམ་པ་ལ་སོགས་པ་དེ་བཞིན་དུ་འགྱུར་བས་ན་ཐ་སྙད་དུ་ཡང་མེད་པ་མོ་གཤམ་བུ་དང་མཚུངས་པར་ཐལ་བར་མི་འགྱུར་རོ། །གལ་ཏེ་བུམ་པ་གདགས་པའི་རྟེན་འབྱུང་བ་བཞི་དང༌། འབྱུང་འགྱུར་བཞི་པོ་ནི་རྫས་སུ་ཡོད་པས་བུམ་པ་གདགས་པར་རིགས་ན་ཁྱོད་ཀྱི་ལྟར་ན། ཆོས་ཐམས་ཅད་བཏགས་པ་ཙམ་དུ་ཟད་པས་བཏགས་པའི་རྟེན་རྫས་སུ་གྲུབ་པ་ཅི་ཡང་མེད་པས་མོ་གཤམ་གྱི་བུ་དང་འདྲ་བའི་ཐལ་བ་ཡོད་དོ་སྙམ་ན། མ་ཡིན་ཏེ། བཏགས་པའི་རྟེན་རྫས་སུ་གྲུབ་མི་ནུས་པའི་ཕྱིར་རོ། །ཇི་སྐད་དུ་རིན་ཆེན་ཕྲེང་བ་ལས། གཟུགས་ལ་སོགས་པ་མ་གཏོགས་པར། །ཇི་ལྟར་བུམ་པ་ཡོད་མིན་ལྟར། །དེ་བཞིན་རླུང་སོགས་མ་གཏོགས་པར། །གཟུགས་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་པ་དང༌། ས་ཆུ་མེ་དང་རླུང་རྣམས་ནི། །རེ་རེའི་ངོ་བོ་ཉིད་དུ་མེད། །གང་གསུམ་མེད་པར་རེ་རེ་མེད། །གཉིས་མེད་པར་ཡང་གསུམ་མེད་དོ། །གལ་ཏེ་གསུམ་མེད་རེ་རེ་མེད། །གཅིག་མེད་པར་ཡང་གསུམ་མེད་ན། །སོ་སོ་རང་ཡོད་མ་ཡིན་ཏེ། །ཇི་ལྟར་འདུས་པ་སྐྱེ་བར་འགྱུར། །ཞེས་སོགས་ཀྱི་རིགས་པས་འབྱུང་བ་དང་འབྱུང་འགྱུར་རྫས་སུ་གྲུབ་པ་ལ་གནོད་པས་སོ། །ཇི་ལྟར་ཉན་ཐོས་པ་ཁྱོད་ཀྱིས་རྟག་པ་ལས་མི་རྟག་པ་སྐྱེ་བར་མི་འདོད་པ་བཞིན་དུ་རྫས་སུ་ཡོད་པ་ལས་ཀྱང་རྫས་སུ་མེད་པར་སྐྱེ་བ་མི་རིགས་ཏེ། ཇི་སྐད་དུ། དངོས་པོ་རྟག་པ་ལས་བྱུང་བ། །མི་རྟག་པ་ནི་ཇི་ལྟར་འགྱུར། །རྒྱུ་འབྲས་མཚན་ཉིད་འགལ་བ་ནི། །ནམ་ཡང་མཐོང་བ་མ་ཡིན་ནོ། །ཞེས་གསུངས་པས་སོ། །དངོས་པོ་བཏགས་པར་ཡོད་པ་ཐམས་ཅད་གདགས་གཞི་བཏགས་པར་ཡོད་པའི་རྟེན་ཅན་དུ་རིགས་ཏེ། བཏགས་ཡོད་ཀ་བ་ལ་སོགས་ལ་བརྟེན་ནས་ཁྱིམ་དུ་བཏགས་པ་དང༌། བཏགས་ཡོད་ཤིང་ལ་བརྟེན་ནས་ནགས་ཚལ་དུ་བཏགས་པ་བཞིན། བཏགས་ཡོད་ལ་བརྟེན་ནས་བཏགས་ཡོད་བཏགས་པ་ཡང༌། ཇི་སྐད་དུ་རྩ་བ་ལས། ཇི་ལྟ་སྟོན་པས་སྤྲུལ་པ་ནི། །ཞེས་པ་ནས། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །གསུམ་པ་ཀུན་རྫོབ་ཏུ་རྟེན་འབྱུང་ཙམ་དུ་བཤད་པ་ལ་གཉིས་ཏེ། རྟེན་ནས་བྱུང་བའི་ཚུལ། རྟེན་འབྲེལ་བཤད་པའི་ཡོན་ཏན་ནོ། །དང་པོ་ནི་གལ་ཏེ་ཁྱོད་ཀྱིས་བདེན་པ་གཉིས་ཀར་ཡང་མཐའ་བཞི་པོ་ལས་སྐྱེ་བ་བཀག་ན། ཀུན་རྫོབ་ཏུ་མ་རིག་པ་ལས་འདུ་བྱེད། ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པ་སྐྱེ་བ་དེ་ཇི་ལྟར་ངེས་པར་བྱ་ཞེ་ན། གང་གི་ཕྱིར་ཇི་སྐད་བཤད་པའི་ཚུལ་གྱིས་དངོས་པོ་རྣམས་རྒྱུ་མེད་པ་དང༌། དབང་ཕྱུག་དང་དུས་ལ་སོགས་པ་དང༌། བདག་དང་གཞན་དང་གཉིས་ཀ་ལས་ཀྱང་སྐྱེ་བར་འགྱུར་བ་མ་ཡིན་པ་དེའི་ཕྱིར། རྒྱུ་ལ་རྟེན་ནས་འབྲས་བུ་རབ་ཏུ་སྐྱེ་བར་འགྱུར་རོ། །དེ་ཙམ་ཞིག་འཇིག་རྟེན་ཐ་སྙད་མི་བཅད་པའི་དོན་དུ་བསྟན་ཏོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། །འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང༌། འདི་སྐྱེས་པས་འདི་སྐྱེ་སྟེ་གང་འདིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིན་ཆེན་ཕྲེང་བ་ལས་ཀྱང༌། འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་པོ་ཡོད་ན་ཐུང་ངུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་འབྱུང་བས་འོད་བཞིན་ནོ། །ཞེས་པ་དང༌། དབུ་མ་རྩ་བ་ལས་ཀྱང༌། བྱེད་པོ་ལས་ལ་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །གྲུབ་པའི་རྒྱུ་ནི་མ་མཐོང་ངོ༌། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་ལ་ཤེས་པར་བྱ། །ཞེས་འདི་ཙམ་ཞིག་ཁོ་ན་གསུངས་སོ། །གཉིས་པ་རྟེན་འབྲེལ་བཤད་པའི་ཡོན་ཏན་བསྟན་པ་ལ་གསུམ་སྟེ། རྟེན་འབྲེལ་གྱི་རིགས་པས་ལྟ་བའི་དྲྭ་བ་གཅོད་ཚུལ། མཐའ་གང་དུ་ཡང་བརྟག་པར་མི་ནུས། རིགས་པས་རྣམ་པར་དཔྱོད་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། རྐྱེན་ཉིད་འདི་པ་ཙམ་རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་པ་ན། རྒྱུ་མེད་ལ་སོགས་མི་འཐད་པར་མ་ཟད། རྟག་པ་དང་ཆད་པ་ལ་སོགས་པ་ཡང་མི་འཐད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་གི་ཕྱིར་དངོས་པོ་རྣམས་རྐྱེན་ཉིད་འདི་པ་ཙམ་ལ་རྟེན་ནས་རབ་ཏུ་འབྱུང་བའི་རིགས་པས་ཀུན་རྫོབ་ཏུ་གཞན་གྱིས་རྟག་པ་དང་ཆད་པ་སོགས་སུ་རྟོག་པའི་ཡུལ་འདི་དག་གང་དུ་ཡང་བརྟགས་པར་མི་ནུས་པ་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་གྱི་རིགས་པ་འདི་ཡིས་མཐར་འཛིན་གྱི་ལྟ་ངན་གྱི་དྲྭ་བ་མཐའ་དག་གཅོད་པར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་རྟེན་འབྲེལ་གྱི་རིགས་པས་རྟག་པ་དང་ཆད་པ་སོགས་སུ་མི་འཐད་ཅེ་ན། འདི་ལྟར་དངོས་པོ་རང་བཞིན་གྱིས་གྲུབ་པར་སྨྲ་བ་ཁོ་ན་ལ་རྟག་པ་དང་ཆད་པ་སོགས་ཀྱི་སྐྱོན་འབྱུང་བ་ཡིན་གྱི་རྐྱེན་འདི་པ་ཙམ་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དུ་འཇོག་པ་ནི་དངོས་པོ་འགའ་ལ་ཡང་རང་བཞིན་ཁས་མི་ལེན་ལ་རང་བཞིན་མེད་པ་ལ་རྟག་ཆད་མི་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་རྟེན་འབྲེལ་སྨྲ་བས་རང་བཞིན་ཁས་མི་ལེན་ཞེ་ན། རྟེན་འབྲེལ་ནི་རང་བཞིན་མེད་པའི་དོན་ཅན་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་མདོ་སྡེ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པ་དང༌། རིག་པ་དྲུག་ཅུ་པ་ལས། དེ་དང་དེ་རྟེན་གང་འབྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་མ་སྐྱེས་གང༌། །དེ་ནི་སྐྱེ་ཞེས་ཇི་སྐད་སྨྲ། །ཞེས་པ་དང༌། དབུ་མ་རྩ་བ་ལས་ཀྱང༌། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་གཟེགས་མའི་རིགས་པས་གཞན་གྱིས་ཡོངས་སུ་བརྟགས་པའི་སྐྱེ་བ་བཀག་པའི་དངོས་པོ་རྟེན་འབྱུང་ཙམ་དུ་བཤད་པ་ཡིན་ལ། རྟེན་འབྱུང་དུ་བཤད་པའི་རིགས་པས་ནི་ཡོད་མེད་དུ་འཛིན་པའི་ལྟ་ངན་གྱི་དྲྭ་བ་མཐའ་དག་གཅོད་པ་ཡིན་ནོ། །རྟེན་འབྲེལ་གྱི་གཏན་ཚིགས་ཀྱི་ཆོས་ཅན་ནི་དངོས་པོར་སྣང་ཙམ་སྟེ། དབུ་མ་པ་དང་དངོས་པོར་སྨྲ་བ་བདེན་པར་ཡོད་མེད་རྩོད་པའི་གཞི་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བའི་ཆོས་ནི། རང་བཞིན་མེད་པ་སྟེ། ཆོས་ཅན་སྣང་བའི་སྟེང་དུ་བསྒྲུབ་པར་བྱ་དགོས་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གཏན་ཚིགས་ཏེ། བདེན་འཛིན་ཅན་གྱི་བློ་ལ་ལྐོག་ཏུ་གྱུར་པའི་རང་བཞིན་མེད་པའི་དོན་རྟོགས་པའི་ཐབས་ཡིན་པའི་ཕྱིར་རོ། །འདིར་དགག་བྱ་ནི་གཉིས་ཏེ། ལམ་གྱི་དགག་བྱ་དང༌། རིགས་པའི་དགག་བྱའོ། །དང་པོ་ནི་སྣང་ཡུལ་ལ་འཁྲུལ་པའི་ལོག་ཤེས་འབྲས་བུའི་དུས་སུ་ལམ་ལ་གོམས་པས་སྤང་བར་བྱ་བའོ། །གཉིས་པ་ནི། ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་རྒྱུའི་དུས་སུ་ལུང་རིགས་ཀྱིས་བསལ་བར་བྱ་བ་སྟེ། འདི་ལ་ཡང་མེད་པ་སྐུར་འདེབས་ཀྱི་མཐའ་དང༌། ཡོད་པ་སྒྲོ་འདོགས་ཀྱི་མཐའོ། །དང་པོ་ནི། ཀུན་རྫོབ་སྟོན་པ་དྲང་དོན་གྱི་ལུང་དང༌། འབྲས་བུ་མི་སླུ་བར་སྟོན་པའི་རིགས་པས་སེལ་ལོ། །གཉིས་པ་ནི། སྟོང་ཉིད་སྟོན་པ་ངེས་དོན་གྱི་ལུང་དང༌། དངོས་པོ་འགོག་པས་སེལ་ལོ། །འདི་ནི་ཡོད་པ་སྒྲོ་འདོགས་ཀྱི་མཐའོ། །དེ་ཡང་གཞན་གྱིས་སྣང་བ་བདེན་པར་བརྟགས་པ་ཉིད་དོ། །དེ་འགོག་པ་ནི་ཡུལ་ཅན་བདེན་འཛིན་འགོག་པའི་ཐབས་ཏེ། དེ་ཡུལ་སུན་ཕྱུང་མེད་པར་ནི། །དེ་བློ་སྤོང་བར་ནུས་མ་ཡིན། །ཞེས་པའི་ཚུལ་གྱིས་ཡུལ་མ་བཀག་པར་ཡུལ་ཅན་མི་ལྡོག་པའི་ཕྱིར་རོ། །འདི་དགག་བྱར་བཟུང་བའི་དོན་ནི། བདེན་འཛིན་གྱི་བློས་བདེན་པར་བཟུང་བ་དང་མཐུན་པར་ཡུལ་ཡང་དེ་ལྟར་དུ་གནས་པ་སྟེ་དེ་སྣང་བའི་སྟེང་དུ་གྲུབ་པ་འགོག་པའོ། །རང་བཞིན་མེད་པར་སྒྲུབ་པའི་སྐབས་འདིར་དེ་ལྟ་ཡིན་གྱི། འོན་ཀྱང་རྟེན་འབྲེལ་གྱི་རིགས་པས་ཡོད་པ་དང་མེད་པའི་མཐའ་གཉིས་ཀ་ཡང་འགོག་པ་ཡིན་ཏེ། རང་བཞིན་ནམ་ངོ་བོ་ཉིད་ཀྱིས་ཡོད་ན་རྟེན་འབྲེལ་དུ་མི་རུང་ཞིང༌། མེད་ནའང་རྟེན་འབྲེལ་དུ་མི་རུང་བའི་ཕྱིར་ཏེ། རྟེན་འབྲེལ་ནི་གཞན་ལ་ལྟོས་པ་ཡིན་ལ། རང་བཞིན་ཡོད་ན་གཞན་ལ་ལྟོས་པར་མི་རུང་བའི་ཕྱིར་ཏེ། དཔེར་ན་བཅོས་མའི་ནོར་བུ་ནོར་བུའི་རང་བཞིན་དུ་མི་རུང་བའི་ཕྱིར། ཇི་སྐད་དུ་དབུ་མ་རྩ་བ་ལས། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་སོ། །གཉིས་པ་མཐའ་གང་དུ་ཡང་རྟོག་པར་མི་ནུས་པ་ནི། གལ་ཏེ་དངོས་པོ་རྣམས་ལ་མཐའ་འགའ་ཞིག་ཡོད་ན་དེའི་སྐྱེ་བ་རྒྱུ་མེད་པའམ་བདག་དང་གཞན་དང་གཉིས་ཀ་དང་དབང་ཕྱུག་ལ་སོགས་པ་དག་ལས་འགྱུར་ཞིང་སྐྱེ་ཟིན་ལ་གནས་པས་རྟག་པ་དང༌། འཇིག་པས་ཆད་པ་ལ་སོགས་པའི་རྟོག་པ་རྣམས་སུ་འགྱུར་བ་ཞིག་ན། དངོས་པོ་ཇི་ལྟར་རང་བཞིན་མེད་པའི་ཚུལ་ཡོངས་སུ་གཅོད་ཟིན་པའི་ཕྱིར་མཐའ་དེ་དག་ཏུ་འགྱུར་བ་མ་ཡིན་ནོ། །དངོས་པོ་རང་བཞིན་མེད་པར་རྟག་པ་དང་ཆད་པ་སོགས་ཀྱི་རྟོག་པའི་ཡུལ་འདི་རྣམས་མི་འབྱུང་སྟེ། དཔེར་ན་བུད་ཤིང་མེད་པར་མེ་ཡོད་པ་མིན་པ་དེ་བཞིན་ནོ། །མཐའ་བཞིའི་སྐྱེ་བ་བཀག་ཟིན་ཏོ། །གསུམ་པ་རིགས་པས་རྣམ་པར་དཔྱོད་པའི་འབྲས་བུ་བསྟན་པ་ལ་བཞི་སྟེ། རྣམ་རྟོག་ལོག་པ་འབྲས་བུར་བསྟན། རྩོད་པའི་ཆེད་དུ་མཛད་པ་མིན། དེ་ལ་གཞན་གྱིས་ཀླན་ཀ་སྤང༌། ཕྱོགས་འཛིན་བསལ་བས་གྲོལ་བའི་ཚུལ་ལོ། །དང་པོ་ནི། རྟེན་འབྲེལ་གྱི་རིགས་པས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་གོམས་པར་བྱེད་པའི་རྣལ་འབྱོར་པས་འཕགས་པའི་ལམ་མངོན་སུམ་དུ་མཛད་ནས་དེ་ཁོ་ན་ཉིད་མ་གཟིགས་པའི་ཚུལ་གྱིས་གཟིགས་པ་ན། ཐོག་མ་མེད་པ་ནས་གོམས་པའི་རྣམ་པར་རྟོག་པ་རྣམས་ལྡོག་པ་ཡིན་ཏེ། དཔེར་ན་མིག་སྨན་བསྐུས་པས་སྐྲ་ཤད་སོགས་ལོག་པ་བཞིན་ནོ། །རང་བཞིན་མེད་པར་རྟོགས་པ་ཁོ་ནས་རྟོག་པ་ལྡོག་པ་དེའི་ཕྱིར་རང་བཞིན་གྱི་དོན་མི་ཤེས་པའི་སོ་སོ་སྐྱེ་བོ་རྣམས་ཁོ་ན་རྟོག་པས་བཅིངས་པ་ཡིན་ལ། ཆོས་ཉིད་ཁོང་དུ་ཆུད་པས་རྟག་ཆད་ཀྱི་མཐའ་གང་དུ་ཡང་མི་རྟོག་པའི་རྣལ་འབྱོར་པ་ནི་འཁོར་བ་ལས་གྲོལ་བར་འགྱུར་བས་ན་མཐར་འཛིན་གྱི་རྣམ་པར་རྟོག་པ་རྣམས་ལོག་པར་གྱུར་པ་གང་ཡིན་པ་དེ་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ལས་བཤད་པའི་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པའི་འབྲས་བུར་མཁས་པ་རྣམས་གསུངས་ཏེ། བཞི་བརྒྱ་པ་ལས། དངོས་པོ་རང་བཞིན་གྱིས་ཡོད་ན། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ཉིད་འདིར་ནི་འགོག་པ་ཡིན། །ཞེས་གསུངས་སོ། །གཉིས་པ་རྩོད་པའི་ཆེད་དུ་མཛད་པ་མིན་པ་ནི། དེ་ཉིད་ཀྱི་ཕྱིར་དབུ་མའི་བསྟན་བཅོས་ལས་རྣམ་པར་དཔྱོད་པ་མཛད་པ་ནི་རྩོད་པ་ལ་ཆགས་པ་སྟེ་གཞན་ཟིལ་གྱིས་གནོན་པར་བྱ་བའི་ཕྱིར་མ་མཛད་པར་ཤེས་པར་བྱའོ། །འོ་ན་གང་གི་ཆེད་དུ་བསྟན་པ་ཡིན་ཞེ་ན། དེ་ཁོ་ན་ཉིད་བསྟན་པའི་ཆེད་ཡིན་ནོ། །དེ་ཡང་གང་གི་ཆེད་དུ་ཡིན་ཞེ་ན། རྣམ་ཤེས་འཁོར་བའི་འཆིང་བ་ལས་རྣམ་པར་གྲོལ་བའི་ཕྱིར་ཡིན་ནོ། །དེ་ལ་གཞན་གྱི་ཀླན་ཀ་སྤོང་བ་ནི། གལ་ཏེ་རྣལ་འབྱོར་པ་རྟོག་པ་ལྡོག་པ་ཙམ་ཁོ་ན་བསྟན་བཅོས་ཀྱི་འབྲས་བུར་བཞག་པར་སྨྲ་བ་ནི་མི་བདེན་ཏེ། བསྟན་བཅོས་ནི་རྩོད་པའི་ཕྱིར་དུ་མཛད་པ་གསལ་བའི་ཕྱིར་ཏེ། རྒོལ་བ་གཞན་གྱིས་བརྟག་པ་ཐམས་ཅད་བཀོད་ནས་བཀག་པའི་ཕྱིར་རོ་ཞེ་ན། རྩོད་པའི་ཕྱིར་མཛད་པ་མ་ཡིན་མོད་ཀྱི་འོན་ཀྱང་དེ་ཁོ་ན་ཉིད་ཀྱི་དོན་རྣམ་པར་བཤད་པ་ན་གཞན་གྱི་གཞུང་ལུགས་རྣམས་སྣང་བ་ཉེ་བ་ན་མུན་པ་ལྟར་འཇིག་པར་འགྱུར་ན་རང་ཉིད་ཀྱི་གྲུབ་མཐའི་ཉེས་པ་ཡིན་གྱི་ཁོ་བོ་ཅག་ལ་ཉེས་པ་མེད་དོ། །ཇི་སྐད་དུ། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་གསུངས་པ་མིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕལ་གྱི་རྒོལ་བ་བསྲེགས། །ཞེས་སོ། །གལ་ཏེ་རྩོད་པའི་ཕྱིར་དུ་མཛད་ན་ནི་ཐེ་ཚོམ་མེད་པར་གཞན་ཕྱོགས་ལ་སྡང་ཞིང་རང་ཕྱོགས་སུ་རྗེས་སུ་ཆགས་པར་འགྱུར་བས་རྟོག་པ་ལྡོག་པ་མི་སྲིད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་ལྟ་བ་ལ་ཆགས་པ་དང་དེ་བཞིན་དུ་གཞན་གྱི་ལྟ་བ་ལ་སེམས་ཁོང་ནས་འཁྲུགས་པ་གང་ཡིན་པ་དེ་རྟོག་པ་ཉིད་ཡིན་པའི་ཕྱིར་རོ། །བཞི་པ་ཕྱོགས་འཛིན་བསལ་བས་གྲོལ་བའི་ཚུལ་ནི། ཆོས་འདི་རྩོད་པའི་ཕྱིར་དུ་མ་མཛད་པ་དེའི་ཕྱིར་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་ཁོང་ཁྲོ་བ་རྣམ་པར་བསལ་ཏེ་འཁོར་བ་ལས་མྱུར་དུ་གྲོལ་བར་འགྱུར་རོ། །གཉེན་པོ་གང་གིས་ཉོན་མོངས་པ་སྤོང་བས་གྲོལ་བར་འགྱུར་རོ་ཞེ་ན། སྤོང་བྱེད་ཀྱི་གཉེན་པོ་ལ་གཞན་གྱི་འདོད་ཚུལ་དགག་པ་ནི། འགའ་ཞིག་འཕགས་པ་འོག་མ་གསུམ་གྱི་མཉམ་བཞག་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོགས་པའི་སྒྲོ་འདོགས་བཅད་དེ་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་པ་ན་རིག་པ་དབྱིངས་ཀྱི་རང་བཞིན་དུ་གྱུར་ནས་ཤེས་པ་དང་ཤེས་བྱ་ལ་སོགས་པ་གང་ཡང་ཡོད་པ་མ་ཡིན་ལ། རྗེས་ཐོབ་ཀྱི་གནས་སྐབས་ལ་ནི་མ་རིག་པའི་བག་ཆགས་ཀྱི་དབང་གིས་ཤེས་པ་དང་ཤེས་བྱ་ལ་སོགས་པ་གཉིས་སུ་སྣང་བ་འབྱུང་ཞིང་སྒྱུ་མ་ལྟར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་རྟོགས་པ་ཡིན་ལ། སྣང་བ་དང་བཅས་པས་འཁྲུལ་པ་ཁོ་ན་སྟེ། སྣང་བ་ནི་མ་རིགས་པའི་དབང་གིས་སྣང་བའི་ཕྱིར་ཞེས་འདོད་དོ། །འདི་ལ་དང་པོ་མཉམ་བཞག་འགོག་པ་ནི། ཤེས་བྱ་ཤེས་བྱེད་གང་ཡང་ཡོད་པ་མ་ཡིན་ཞེས་བྱ་བ་འདི་དོན་དམ་པའམ་ཐ་སྙད་ཀྱི་དབང་དུ་བྱས་པ་ཡིན། དང་པོ་ལྟར་ན་ཆོས་ཐམས་ཅད་ཀྱང་སྤྲོས་པ་ཉེ་བར་ཞི་བ་མ་ཡིན་ནམ། མཉམ་བཞག་ཁོ་ན་དམིགས་ཀྱིས་བཀར་བ་ལ་ཕན་ཚུན་ལྷག་པ་ཅི་ཞིག་ཡོད། ཅི་སྟེ་ཐ་སྙད་ཀྱི་དབང་དུ་བྱས་པ་ནི་ཤེས་པ་དང་ཤེས་བྱ་མེད་པར་མི་འཐད་དེ། དེ་ཁོ་ན་ཉིད་མཐོང་བས་གྲོལ་བ་ཡིན་ན་མཐོང་བྱེད་ཀྱང་ཤེས་པ་ལས་མ་འདས་པའི་ཕྱིར། རིན་ཆེན་ཕྲེང་བ་ལས། དེ་ལྟར་ངོ་བོ་ཉིད་མེད་ཕྱིར། །བདེ་དང་ཕྲད་པའི་སྲེད་པ་དང༌། །སྡུག་ལ་བྲལ་བའི་སྲེད་པ་སྤོང༌། །དེ་ཕྱིར་དེ་ལྟར་མཐོང་བས་གྲོལ། །གང་གིས་མཐོང་བར་འགྱུར་ཞེ་ན། །ཐ་སྙད་དུ་ནི་སེམས་ལ་བརྗོད། །ཅེས་པ་དང༌། རིགས་པ་དྲུག་ཅུ་པ་ལས། དངོས་དང་དངོས་མེད་ཡོད་ཤེས་པ། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་པ་དང༌། གཟུགས་ཀྱི་རང་བཞིན་ཤེས་པ་ཡི། །བློ་མཆོག་ལྡན་པ་རྣམ་པར་གྲོལ། །ཅེས་གསུངས་སོ། །མཉམ་བཞག་ཏུ་བློ་མེད་ན་ཡུལ་བདག་མེད་པ་གང་གིས་རྟོག་པར་བྱེད། མཉམ་བཞག་གོམས་པས་གོང་ནས་གོང་དུ་ཁྱད་པར་འགྲོ་བར་མེད་པར་འགྱུར་བ་དང༌། རྗེས་ཐོབ་ཏུ་གཉིས་སྣང་འབྱུང་བའི་རྒྱུ་ཡང་མེད་པར་འགྱུར་རོ། །ཅི་སྟེ་མཉམ་པར་བཞག་པའི་དུས་སུ་བློ་ཡོད་ན་ཤེས་པ་དང་ཤེས་བྱ་ལ་སོགས་པ་ཡོད་པས་གཉིས་སྣང་ཡོད་པར་འགྱུར་ལ། བདེན་ཞེན་མེད་པས་མི་འབྱུང་བར་འདོད་ན་ནི་རྗེས་ཐོབ་ཏུ་ཡང་མི་འབྱུང་བར་ཐལ་ལོ་ཞེ་ན། མཉམ་བཞག་ལ་ནི་གཉིས་སུ་སྣང་བའི་རྒྱུ་རྟོག་པ་འགག་པས་ཡོད་པ་མ་ཡིན་ལ། རྗེས་ཐོབ་ལ་ནི་བདེན་ཞེན་མེད་ཀྱང་གཉིས་སྣང་གི་རྟོག་པར་ཡོད་པས་མི་འགལ་ལོ། །མཉམ་བཞག་གི་ཤེས་པས་སྟོང་ཉིད་རྟོགས་ན། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོགས་ན་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་པ་དང༌། སྤྱོད་འཇུག་ཏུ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པས་རབ་ཏུ་ཞི། །ཞེས་སོགས་དང་འགལ་ལོ་ཞེ་ན། འདི་ནི་ཆོས་ཉིད་ལ་མཉམ་པར་བཞག་པའི་ཚེ་ཡོད་མེད་དུ་འཛིན་པ་ལ་སོགས་པའི་རྟོག་པ་དང་བྲལ་བར་སྟོན་པ་ཡིན་གྱི་ཤེས་པ་དང་ཡུལ་མེད་པར་སྟོན་པ་མ་ཡིན་ཏེ། འཇམ་དཔལ་ལ་བསྟོད་པར། ཆོས་རྣམས་ཀུན་ལ་མི་གནས་ཤིང༌། །ཆོས་ཀུན་རྟོགས་པར་ཐུགས་སུ་ཆུད། །མཆོག་ཏུ་ཟབ་པ་ཉིད་སྟོན་པ། །ཟབ་པ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པ་དང༌། གཟུང་དང་འཛིན་པ་རྣམ་སྤངས་པའི། །རྟོག་བྲལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པ་ལྟར་རོ། །འོ་ན་སྤྱོད་འཇུག་ཏུ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་སོགས་ཇི་ལྟར་དྲང་ཞེ་ན། འོ་ན་ཁྱོད་ཀྱང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །ཞེས་སོགས་ཇི་ལྟར་དྲང་བར་བྱེད། དེས་ན་བློ་འཁྲུལ་པའི་ཡུལ་མ་ཡིན་གྱི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་འགོག་པ་མ་ཡིན་ཏེ། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་ཞེན་པ་བཟློག་བྱ་ཡིན། །ཞེས་གསུངས་སོ། །ཅི་སྟེ་མདོ་ལས། དོན་དམ་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་མ་ཡིན་ནམ། ཇི་ལྟར་དོན་དམ་པ་བློའི་ཡུལ་དུ་འདོད་ཅེ་ན། འདིར་སེམས་ཀྱི་རྒྱུ་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཡིན་ལ། དེ་དང་བྲལ་བའི་ཕྱིར་རྣམ་པར་རྟོག་པ་མེད་ཅེས་སྟོན་པ་ཡིན་ནོ། །གལ་ཏེ་ཡེ་ཤེས་ཀྱི་ཡུལ་ཡང་མ་ཡིན་ཏེ། མདོ་ལས། ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ་ཞེས་འབྱུང་བས་སོ་ཞེ་ན། དེ་ནི་དོན་དམ་པ་ལ་དགོངས་པ་ཡིན་ཏེ། ལྷའི་བུ་དོན་དམ་པར་ནི་དོན་དམ་པའི་བདེན་པ་ནི་ཐ་སྙད་ཙམ་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགག་པ། ཞེས་དོན་དམ་པའི་སྒྲ་དངོས་སུ་གསུངས་པའི་ཕྱིར། ཐ་སྙད་དུ་ཡུལ་ཡིན་ཏེ། འདི་ཉིད་ལས། མཁྱེན་བཟང་ཁྱེད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་མ་ལུས་ཐུགས་སུ་ཆུད། ཅེས་དང༌། ཆོས་དབྱིངས་བསྟོད་པ་ལས། ངག་གི་སྤྱོད་ཡུལ་ཀུན་ལས་འདས། །དབང་པོ་ཀུན་གྱི་སྤྱོད་ཡུལ་མིན། །ཡིད་ཀྱི་ཤེས་པས་རྟོགས་བྱ་བ། །གང་ཡང་རུང་ལ་ཕྱག་འཚལ་བསྟོད། །ཅེས་པ་དང༌། སེམས་ཀྱི་ཡུལ་ན་ངེས་རྟོགས་ན། །དེར་ནི་ཤེས་པ་འཇུག་པར་འགྱུར། །ཅེས་སོ། །ཅི་སྟེ་མཉམ་བཞག་ན། བློ་ཡོད་པར་མི་འགྲུབ་སྟེ། མཉམ་བཞག་ན་གཞན་རིག་མེད་ཅིང་རང་རིག་ཀྱང་བཀག་པའི་ཕྱིར་ཞེ་ན། རིགས་པས་བརྟགས་བཟོད་ཀྱི་རང་རིག་འདོད་པ་བཀག་པ་ཡིན་གྱི་རང་རིག་ཐ་སྙད་པ་ནི་མི་འགོག་པས་ཉེས་པ་མེད་ཅིང༌། མདོ་ལས་ཀྱང༌། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་པ་དང༌། སྐུ་གསུམ་ལ་བསྟོད་པ་ལས། སོ་སོ་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་གང་ཡིན་དེ་ལ་བདག་ཕྱག་འཚལ། །ཞེས་འབྱུང་བས་སོ། །ཅི་སྟེ་ས་བཅུའི་མཉམ་བཞག་ཆོས་དབྱིངས་འདུས་མ་བྱས་ཀྱི་རང་བཞིན་ཡིན་པས་ཁྱད་པར་མེད་དོ་ཞེ་ན། འོ་ན་ཆོས་སྐུ་རྟོགས་ཚུལ་གྱི་བྱེ་བྲག་གོང་ནས་གོང་དུ་འགྲོར་མེད་པར་འགྱུར་ཏེ། ས་བཅུའི་མཉམ་བཞག་ལ་ཁྱད་པར་མེད་པའི་ཕྱིར་ཏེ། འདོད་པ་ཡང་མ་ཡིན་ཏེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལ། །སངས་རྒྱས་སྐུ་ནི་ཅུང་ཟད་མཐོང༌། །ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་འཕེལ་བར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཇི་ལྟར་ཚེས་པའི་བཅོ་ལྔ་ལ། །ཟླ་བའི་དཀྱིལ་འཁོར་རྫོགས་པར་གསལ། །དེ་བཞིན་ས་ཡི་མཐར་ཐུག་ནས། །ཆོས་ཀྱི་སྐུ་ཡང་རྫོགས་པར་གསལ། །ཞེས་འབྱུང་བས་སོ། །ཚུལ་འདི་ནི་མདོ་ལས། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། །ཞེས་གསུངས་པ་དང་མཐུན་ནོ། །འདིས་ཆོས་སྐུ་རྟོགས་ཚུལ་སྟོན་པ་ཡིན་གྱི་རང་བཞིན་རྣམ་དག་རྟོགས་ཚུལ་སྟོན་པ་ནི་མ་ཡིན་ནོ། །ཡང་ཁྱོད་ལ་སྒྲིབ་པའི་ས་བོན་དྲུང་ནས་འབྱིན་པའི་གཉེན་པོ་ཡང་མེད་པར་འགྱུར་ཏེ། མཉམ་བཞག་ན་བློ་མེད་ཅིང་རྗེས་ཐོབ་ནི་འཁྲུལ་པ་ཁོ་ནར་འདོད་པའི་ཕྱིར་རོ། །ཅི་ཡང་ཡིད་ལ་མི་བྱེད་པ་ནི་རྟོག་པའི་འགལ་ཟླ་ཡིན་པས་དེ་ཉིད་གཉེན་པོར་འཐད་དོ་སྙམ་ན། ཅི་ཡང་ཡིད་ལ་མི་བྱེད་པ་ནི་ལྷག་མཐོང་གི་འགལ་ཟླ་ཡིན་པའི་ཕྱིར་དེ་ཉིད་ཀྱིས་སྒྲིབ་པ་སྤོང་བར་ཇི་ལྟར་ནུས། གཞན་དུ་འདུ་ཤེས་མེད་པའི་སྙོམས་འཇུག་གིས་ཀྱང་སྒྲིབ་པ་སྤོང་བར་བྱ་དགོས་པ་ཁོ་ནའོ། །མི་མཚུངས་ཏེ་འདིར་ནི་ལྟ་བས་སྤྲོས་པའི་མཚན་མ་བཅད་པ་སྔོན་དུ་བཏང་ནས་མཉམ་པར་འཇོག་པའི་ཕྱིར་རོ་ཞེ་ན། སྤྲོས་པའི་སྒྲོ་འདོགས་བཅད་པ་སྔོན་དུ་བཏང་བའི་གཉིད་འཐུག་པོས་ཀྱང་སྒྲིབ་པ་སྤོང་བར་ཐལ་བའི་ཉེས་པ་སྔར་ལྟར་གནས་སོ། །དེས་མཉམ་བཞག་གི་ཡེ་ཤེས་ཀྱིས་སྒྲིབ་པ་སྤོང་བར་བྱེད་པ་ཡིན་ཏེ། རྩ་ཤེར་ལས། མ་རིག་འགག་པ་འགྱུར་ན་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །ཞེས་པ་དང༌། རིགས་པ་དྲུག་ཅུ་པ་ལས། དེ་པས་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་རབ་ཏུ་འབྱང༌། །གང་གིས་དེ་ཤེས་འགྱུར་ཞེ་ན། །རྟེན་ཅིང་འབྱུང་བ་མཐོང་བ་སྟེ། །ཞེས་པ་དང༌། བཞི་བརྒྱ་པར། རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །ཞེས་པ་དང༌། མདོ་ལས། དེ་བཞིན་ཟད་མེད་འཕགས་པའི་ཡེ་ཤེས་རྟེན། །མི་ཤེས་ཉོན་མོངས་སོགས་པ་མེད་པར་འགྱུར། །ཡེ་ཤེས་དང་ནི་ཉོན་མོངས་རྟག་པར་ཡང༌། །དེ་དག་ལན་འགའ་ཙམ་ཡང་འགྲོགས་པ་མེད། །ཡེ་ཤེས་མི་ཤེས་མི་བྱ་མི་སེམས་ཀྱང༌། །ཡེ་ཤེས་རྟེན་ནས་མི་ཤེས་མེད་པར་འགྱུར། །ཞེས་སོ། །ཅི་སྟེ་གཉེན་པོ་གོམས་པས་སྤང་བྱའི་རྒྱུན་གཅོད་པར་འདོད་ན། རྩ་ཤེར་ལས། སྔོན་འབྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་པ་ལྟར། སྔར་ཡོད་པ་ཕྱིས་མེད་པར་འགྱུར་བར་འདོད་པའི་ཕྱིར་ཆད་པར་ལྟ་བ་ཅན་དུ་ཐལ་ལོ་ཞེ་ན། འོ་ན་ཁྱེད་ཀྱང་སངས་རྒྱས་པ་ན་འཁྲུལ་སྣང་རྒྱུན་ཆད་པར་འདོད་པས་ཆད་པར་ལྟ་བ་ཅན་དུ་ཐལ་བར་འགྱུར་བ་བཟློག་ཏུ་མེད་དོ། །ཁྱོད་ལྟར་ན་ལས་རྒྱུ་འབྲས་རྣམས་ཀྱང་འཁྲུལ་སྣང་དུ་འདོད་པས་དེ་དག་མེད་པར་འགྱུར་རོ། །འདོད་ན་ནི་ཁྱོད་ལོག་ལྟ་ཅན་དུ་ཐལ་བར་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། མདོར་ན་མེད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་མེད་ཅེས་པ། །བསོད་ནམས་མིན་པ་ངན་སོང་བ། །དེ་ནི་ལོག་པར་ལྟ་བར་བཤད། །ཅེས་སོ། །ཅི་སྟེ་ཡོད་པ་མ་ཡིན་པར་འདོད་ཀྱི་མེད་པར་འདོད་པ་མ་ཡིན་པས་ལོག་པར་ལྟ་བ་ཅན་དུ་མི་འགྱུར་ཞེ་ན། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply