མ་ཡིན་ཏེ། བྱང་སེམས་དང་སངས་རྒྱས་ཀྱི་དབང་བཅུ་ལ་ཡོན་ཏན་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་ཀྱང་ངོ་བོ་རིགས་འདྲ་བ་ཡོད་དོ། །དེ་ལྟ་བུའི་དབང་བཅུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་གདུལ་བྱ་ལ་ཇི་ལྟར་འདོད་པ་བཞིན་དབང་བཅུ་པོ་དེ་དག་དང༌། གཞན་ཡང་ས་གཡོ་བ་ལ་སོགས་པའི་རྣམ་པ་དང་བཅས་པའི་རྫུ་འཕྲུལ་སྣ་ཚོགས་དག་ཀྱང་རྣམ་པར་སྟོན་པར་བྱེད་དོ། །འོད་ཟེར་ལས་ནི་བྱང་ཆུབ་སེམས་དཔའ་དེས་འོད་ཟེར་བཏང་བས་ཚ་གྲང་ལ་སོགས་པའི་ཤིན་ཏུ་སྡུག་བསྔལ་བའི་ངན་སོང་གསུམ་པོ་དག་གི་སྡུག་བསྔལ་ཞི་བར་བྱས་པས་དེ་དག་དད་པ་སྐྱེས་ཏེ་ཚེ་འཕོས་ནས་མཐོ་རིས་སུ་འགྲོ་བར་བྱེད་ཅིང་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གི་གནས། གཞན་འཕྲུལ་དབང་བྱེད་ཀྱི་གཞལ་མེད་ཁང་མཐོ་ཞིང་མཛེས་པ་དག་བདུད་དང་བཅས་པ་ཀུན་ཏུ་བསྐྱོད་ཅིང་སྐྲག་པར་བྱེད་དོ། །རྣམ་པར་རོལ་པའི་མདོ་ལས་ནི། བྱང་ཆུབ་སེམས་དཔའ་དེ་ནི་མཆོག་ཚོགས་ཏེ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་མཉམ་པར་བཞག་ནས་ལུས་མི་སྣང་བ་དང༌། གཞན་གྱིས་བསྐྱོད་པར་མི་ནུས་པ་ལ་སོགས་པ་རྣམ་པར་རོལ་པ་ཀུན་ཏུ་སྟོན་པར་བྱེད་དོ། །སྤྲུལ་པའི་ལས་ནི། བཟོའི་ལས་ཀྱི་གནས་དང་གདུལ་བྱའི་བསམ་པ་དང་མཐུན་པའི་ལུས་སུ་སྐྱེ་བ་དང༌། མཛད་པ་བཅུ་གཉིས་སྟོན་པ་མཆོག་གི་སྤྲུལ་པ་ཡིས་སེམས་ཅན་རྣམས་ཀྱི་དོན་དུ་དུས་འཁོར་བ་མ་སྟོངས་ཀྱི་བར་དུ་ཀུན་ཏུ་གནས་པའོ། །ཞིང་དག་པའི་ལས་ནི། སྒོ་ལྔའི་རྣམ་ཤེས་ཡུལ་དང་བཅས་པ་གནས་གྱུར་པའི་ཡེ་ཤེས་དག་ལ་དབང་ཐོབ་པའི་ཕྱིར་ཞིང་ཁམས་རྣམས་ཤེལ་དང་བཻ་ཌཱུརྻའི་རང་བཞིན་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་དུ་བསྟན་པར་ནུས་པའི་ཕྱིར་ཞིང་དག་པ་ཐོབ་པ་ཡིན་ཞིང༌། སངས་རྒྱས་ཀྱི་མཚན་མི་གྲགས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་ཀྱི་མཚན་ཡང་དག་པར་སྒྲགས་པས་དེ་དག་སངས་རྒྱས་ལ་དད་པ་སྐྱེས་ནས་འཇིག་རྟེན་གྱི་ཁམས་གཞན་སངས་རྒྱས་ཀྱི་བསྟན་པ་ཡོད་པ་དག་ཏུ་འགྱེད་དེ་སྐྱེ་བར་བྱེད་དོ། །ལྡན་པའི་དོན་ནི། འདབ་གཤོག་ཀུན་ཏུ་རྒྱས་པའི་བྱ་དེས་རང་གང་འདོད་པར་འགྲོ་ནུས་པ་བཞིན་དུ་མངོན་ཤེས་དྲུག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་རྣམས་སྨིན་པར་བྱེད་པ་ནུས་པ་ཉིད་དང༌། མངོན་ཤེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱས་པས་སངས་རྒྱས་རྣམས་ལས་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་བྱས་པ་ལེགས་སོ། །ཞེས་ཤིན་ཏུ་བསྔགས་པ་ཐོབ་པ་དང༌། དེས་བསྟན་པ་བཞིན་དུ་བསྒྲུབ་ན་གདོན་མི་ཟ་བར་ཕན་པ་དང་བདེ་བ་འགྲུབ་པའི་ཕྱིར་སྐྱེ་རྒུ་རྣམས་ཀྱིས་དེའི་ཚིག་གཟུང་བར་འོས་པར་འགྱུར་རོ། །འཇུག་པའི་དོན་ལ་མངོན་པར་ཤེས་པ་དྲུག་ནི་བཤད་ཟིན་ཏོ། །རིགས་པ་གསུམ་ནི། སྔོན་གྱི་མཐའ་རིག་པ་དང༌། ཕྱི་མའི་མཐའ་རིག་པ་དང༌། ད་ལྟར་གྱི་མཐའ་རིག་པའོ། །རྣམ་པར་ཐར་པ་བརྒྱད་ནི། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར་དང༌། སྡུག་པའི་རྣམ་ཐར་དང༌། གཟུགས་མེད་ཀྱི་རྣམ་ཐར་བཞི་དང༌། འགོག་པའི་རྣམ་ཐར་ཏེ་བརྒྱད་དོ། །དེ་ལ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ནི། ལྟ་བ་པོ་བདག་ཉིད་ལ་གཟུགས་ཅན་དུ་ཤེས་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་སྣ་ཚོགས་སུ་ལྟ་བར་བྱེད་པའི་ཏིང་འཛིན་དང༌། ཤེས་རབ་མཚུངས་ལྡན་དང་བཅས་པ་དེ་དབྱིབས་ལ་ཆེ་ཆུང་སྣ་ཚོགས་དང༌། ཁ་དོག་ལ་མཛེས་མི་མཛེས་སྣ་ཚོགས་སུ་ལྟ་བའོ། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར་ནི། ལྟ་བ་པོ་བདག་ཉིད་ལ་གཟུགས་ཅན་མ་ཡིན་པར་འདུ་ཤེས་པའི་སྒོ་ནས་སྔ་མ་བཞིན་དུ་སྣ་ཚོགས་སུ་ལྟ་བར་བྱེད་པའོ། །གལ་ཏེ་གཟུགས་མེད་ཀྱི་སེམས་མ་ཐོབ་ན་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་པར་འགལ་ལ་ཐོབ་ན་ཕྱི་རོལ་གྱི་གཟུགས་ལ་ལྟ་བར་འགལ་ལོ་ཞེ་ན། གཟུགས་མེད་ཀྱི་འདུ་ཤེས་ཉེ་བར་འཇོག་པའི་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་ལ། ཕྱིས་དེ་ལས་ལངས་ནས་བསམ་གཏན་གཉིས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་གཟུགས་ལ་ལྟ་བར་བྱེད་པས་མི་འགལ་ལོ། །འདི་གཉིས་ནི་གཟུགས་སྡུག་པ་དང་མི་སྡུག་པ་སྤྲུལ་པའི་སྒྲིབ་པའི་གཉེན་པོར་སྒོམ་སྟེ། ཀུན་ལས་བཏུས་ལས། འདི་ལྟ་སྟེ། སྤྲུལ་པའི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་ཞེས་སོ། །ངོ་བོ་མི་སྡུག་པའི་ཏིང་ངེ་འཛིན་ཡིན་ཞིང༌། ས་ནི་བསམ་གཏན་དང་པོ་དང་གཉིས་པ་ལ་བརྟེན་ཏེ། མཛོད་ལས། རྣམ་པར་ཐར་བརྒྱད་དང་པོ་གཉིས། །མི་སྡུག་བསམ་གཏན་གཉིས་ན་ཡོད། །ཅེས་སོ། །སྡུག་པའི་རྣམ་ཐར་ནི། ཐོག་མར་གཟུགས་སྡུག་པ་དང་མི་སྡུག་པ་རྣམས་ཕན་ཚུན་ལྟོས་ནས་འཇོག་པས་མཐའ་གཅིག་ཏུ་མ་ངེས་པ་དང༌། སྡུག་པ་དང་མི་སྡུག་པ་ཕན་ཚུན་གཅིག་ལ་གཅིག་འབྲེལ་བར་སྒོམ། དེ་ནས་སྡུག་བར་རོ་གཅིག་པའི་རྣམ་པར་སྒོམ་པར་བྱེད་པའོ། །འདི་ནི་སྡུག་པ་དང་མི་སྡུག་པ་སྤྲུལ་པ་ལ་དགའ་བ་དང་མི་དགའ་བའི་གཉེན་པོར་སྒོམ་མོ། །ས་ནི་བསམ་གཏན་བཞི་པ་ལ་རྟེན་ཅིང་ངོ་བོ་མ་ཆགས་པའི་དགེ་བ་ཡིན་ཏེ། མཛོད་ལས། གཉིས་པ་མཐའ་ན་དེ་མ་ཆགས། །ཞེས་སོ། །ཞི་བའི་རྣམ་ཐར་བཞི་ནི། གཟུགས་མེད་བཞི་ལ་མཉམ་པར་བཞག་པའི་དགེ་བ་སྟེ། མཛོད་ལས། གཟུགས་མེད་མཉམ་བཞག་དགེ་རྣམས་སོ། །ཞེས་སོ། །འདི་ནི་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་མ་ཆགས་གཉེན་པོར་སྒོམ་སྟེ། ཀུན་ལས་བཏུས་ལས། འདི་ལྟར་ཞི་བའི་རྣམ་པར་ཐར་པ་ལ་ཆགས་པའི་སྒྲིབ་པ་ལས་རྣམ་པར་ཐར་པ་བྱ་བའི་ཕྱིར་རོ། །ཞེས་སོ། །འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་ནི་རྣམ་ཤེས་ཚོགས་བདུན་འཁོར་བཅས་འགོག་པ་སྟེ། འདི་ནི་འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པའི་གཉེན་པོར་སྒོམ་ཞིང་སྲིད་རྩེའི་ས་ལ་བརྟེན་ཏེ། ཀུན་ལས་བཏུས་ལས། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་གང་ཞེ་ན། འདི་ལྟ་སྟེ། འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་བརྟེན་ཏེ་ཞེས་སོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ལ། དབྱིབས་ཟིལ་གྱིས་གནོད་པའི་སྐྱེ་མཆེད་བཞི། ཁ་དོག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་སྟེ། དེ་ལ་གཟུགས་ཅན་གཟུགས་ཆུང་ངུ་ལ་བལྟ་བའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་བཟང་ངན་སྣ་ཚོགས་ལ་བལྟའོ། །གཟུགས་ཅན་གཟུགས་ཆེན་པོ་ལ་བལྟ་བའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། ཕྱི་རོལ་གྱི་གཟུགས་ཆེན་པོ་བཟང་ངན་སྣ་ཚོགས་ལ་བལྟ་བའོ། །གཟུགས་ཆུང་ངུ་ལ་བལྟ་བའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། ནང་གཟུགས་མེད་པར་ཤེས་པས་གཟུགས་ཆུང་ངུ་བཟང་ངན་སྣ་ཚོགས་ལ་བལྟ་བའོ། །གཟུགས་མེད་གཟུགས་ཆེན་པོ་ལ་བལྟ་བའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་བཟང་ངན་སྣ་ཚོགས་ལ་བལྟ་བའོ། །ཁ་དོག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་ལ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་ཝཱ་ར་ན་སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་ཞིང༌། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ཞེས་པའོ། །དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ལ་བལྟ་བ་ནི་དྲུག་པའོ། །དམར་པོ་ལ་བལྟ་བ་ནི་བདུན་པའོ། །དཀར་པོ་ཟིལ་གྱིས་གནོན་ནས་མཐོང་བ་ནི་བརྒྱད་པའོ། །དེ་ལ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དོན་ནི། རྣམ་ཐར་དང་པོ་གཉིས་ལྟར་ཡིན་ལ། ཕྱི་རོལ་གྱི་གཟུགས་ཆུང་ངུ་ནི་སེམས་ཅན་གྱི་གཟུགས་དང༌། ཆེན་པོ་ནི་རི་ལ་སོགས་པ་ཡིན་ཞིང༌། ངན་པ་ནི་མིའི་ཁ་དོག་དང༌། བཟང་པོ་ནི་ལྷའི་ཁ་དོག་ཡིན་ཏེ། ཀུན་ལས་བཏུས་ལས། སེམས་ཅན་དང་སེམས་ཅན་མ་ཡིན་པར་གཏོགས་པའི་གཟུགས་ཅན་རྣམས་ནི་ཆུང་ངུ་དང་ཆེན་པོ་ཞེས་བྱའོ། །མི་དང་ལྷའི་ངན་པ་དང་བཟང་བ་ཞེས་བྱའོ། །སྔོན་པོ་ནི་སྤྱིར་བསྟན་པ་ཡིན་ལ། ཁ་དོག་སྔོན་པོ་ནི་ལྷན་སྐྱེས་ཡིན་ཞིང༌། སྔོན་པོ་ལྟ་བུར་སྟོན་པ་ནི་སྦྱར་བྱུང་ཡིན་ལ། འོད་སྔོན་པོ་འབྱུང་བ་ནི་གཉིས་ཀའི་ཐུན་མོང་ཡིན་པར་ཀུན་ལས་བཏུས་ཀྱི་འགྲེལ་པ་ལས་བཤད་དོ། །གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཞེས་བྱ་བ་ལ་སོགས་པའི་དོན་ཡང་དེ་ཉིད་ལས་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་དབང་བསྒྱུར་ནས་སོ། །ཤེས་ཞེས་བྱ་བ་ནི་ཞི་གནས་ཀྱི་ལམ་གྱིས་སོ། །མཐོང་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱིས་སོ། །ཞེས་སོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ནི། ཟད་པར་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པ་དང་བཅུའོ། །ཏིང་ངེ་འཛིན་བཅུ་པོ་འདི་དག་གི་དམིགས་ཡུལ་གྱི་ས་ལ་སོགས་པ་རྣམས་ཀྱིས་རང་གི་ཇི་ལྟར་མོས་པ་བཞིན་ཡུལ་ཁྱབ་པར་བྱེད་པས་ན་ཟད་པར་ཞེས་བྱའོ། །དེ་ལ་ཟད་པར་དང་པོ་བརྒྱད་ནི་ངོ་བོ་མ་ཆགས་པའི་དགེ་བ་ཡིན་ཞིང༌། ས་ནི་བསམ་གཏན་བཞི་པ་ཁོ་ན་ལ་བརྟེན་ལ། དེ་དག་གི་སྤྱོད་ཡུལ་ནི་འདོད་ཁམས་ཀྱི་གཟུགས་ཡིན་ཞིང༌། ཐ་མ་གཉིས་ནི་ངོ་བོ་གཟུགས་མེད་དང་པོ་གཉིས་ཀྱི་རང་བཞིན་ཡིན་ལ། སྤྱོད་ཡུལ་ནི་རང་གི་སའི་མིང་གཞིའི་ཕུང་པོ་ཡིན་ཏེ། མཛོད་ལས། ཟད་པར་བཅུ་འོ་བརྒྱད་མ་ཆགས། །བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། །འདོད་པ་གཉིས་ནི་གཟུགས་མེད་དག །སྤྱོད་ཡུལ་རང་གི་ཕུང་པོ་བཞི། །ཞེས་སོ། །དེ་དག་ཀྱང་རྣམ་པར་ཐར་པ་རྣམས་ཀྱིས་གཟུགས་མཛེས་པ་དང་མི་མཛེས་པ་ལ་སོགས་པར་མོས་པ་བྱེད་ཅིང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་རང་བཞིན་རྣམས་ཟིལ་གྱིས་གནོན་པར་བྱེད་ལ། ཟད་པར་གྱིས་ནི་རྣམ་ཐར་གྱིས་མོས་ཤིང༌། ཟིལ་གྱིས་གནོན་གྱིས་ཟིལ་གྱིས་གནོན་པའི་གཟུགས་ཀྱི་ཡུལ་རྣམས་སུ་ཁྱབ་པར་བྱེད་པའོ། །དེ་དག་ལས་འགོག་པའི་རྣམ་ཐར་ནི། འཕགས་པ་ཁོ་ན་ལ་ཡོད་ལ། གཞན་རྣམས་སོ་སྐྱེ་ལ་ཡང་ཡོད་དེ། མཛོད་འགྲེལ་ལས། འགོག་པའི་རྣམ་པར་ཐར་པ་མ་གཏོགས་པ་རྣམ་པར་ཐར་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་སོ་སོའི་སྐྱེ་བོ་དང་འཕགས་པའི་རྒྱུད་ལ་ཡོད་པ་དག་ཡིན་ནོ། །ཞེས་སོ། །ཡང་གཟུགས་མེད་ཀྱི་རྣམ་ཐར་རྣམས་དང་ཟད་པར་ཐ་མ་གཉིས་ནི་ཁམས་གསུམ་གྱི་རྟེན་ཅན་ཡིན་ལ། ལྷག་མ་རྣམས་ནི་མིའི་རྟེན་ཅན་ཡིན་ཏེ། མཛོད་ལས། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལ་སྐྱེ། །ཞེས་སོ། །གཞན་ཡང་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་རྣམས་ནི། བརྟན་པ་ཐོབ་པའི་མཐུའི་དབྱེ་བ་ཡིན་ནོ། །གཉིས་པ་ཆེ་བ་ནི། བྱང་ཆུབ་སེམས་དཔའ་དེ་ནི་བདག་ཉིད་ཡེ་ཤེས་ལ་དབང་བ་མཆོག་ཐོབ་པའི་བློ་གྲོས་དང་ལྡན་པས་འགྲོ་བ་ཉོན་མོངས་པས་རང་དབང་མེད་པ་རྣམས་རང་དབང་ཡོད་པ་ལ་བཀོད་པའི་ཕྱིར་དབང་གི་ཆེ་བ་དང༌། དུས་རྟག་ཏུ་གཞན་ལ་ཕན་པར་བྱ་བ་ལ་གཅིག་ཏུ་མངོན་པར་དགའ་བའི་ཆེ་བ་དང༌། སེངྒེ་རི་དྭགས་གཞན་ལ་མི་འཇིགས་པ་བཞིན་དུ་བརྟན་པས་སྲིད་པ་ན་གཞན་དོན་སྤྱོད་པ་སྟེ། ཡོན་ཏན་གྱི་ཆེ་བ་གསུམ་དང་ལྡན་པ་ཡིན་ནོ། །མཐུའི་སྐབས་བཤད་ཟིན་ཏོ།། ༈ །།དེ་ལྟར་མཐུ་ཐོབ་པ་ནི་སེམས་ཅན་སྨིན་པར་བྱེད་པ་ལ་མི་སྐྱོ་བས་དེའི་འོག་ཏུ་ཡོངས་སྨིན་གྱི་ལེའུ་སྟོན་ནོ། །དེ་ལ་གཉིས་ཏེ། བྱང་སེམས་རང་སྨིན་པ་དང༌། གདུལ་བྱ་གཞན་སྨིན་པར་བྱེད་པའོ། །དང་པོ་ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། ཐེག་ཆེན་གྱི་ཆོས་ལ་དགའ་བ་དང༌། དེ་སྟོན་པའི་སངས་རྒྱས་ལ་ཤེས་ནས་དད་པ་དང༌། ལམ་སྒྲུབ་པས་ཉོན་མོངས་པ་རབ་ཏུ་ཞི་བ་དང༌། བསམ་པ་སེམས་ཅན་ལ་སྙིང་བརྩེ་བ་དང༌། སྦྱོར་བ་དཀའ་སྤྱད་བཟོད་པ་དང༌། སྡེ་སྣོད་ཀྱི་གཞུང་ལེན་པ་ལ་སོགས་པ་ལ་ཡིད་གཞུངས་པ་དང༌། རྟོགས་པར་བྱ་བ་ལ་མཐུ་ཅན་དུ་གྱུར་པ་ཉིད་དང༌། བདུད་དང་ཕས་ཀྱི་རྒོལ་བས་མི་འཕྲོགས་པ་དང༌། ཉོན་མོངས་པ་སྤོང་བའི་ཡན་ལག་ལྡན་པ་རྣམས་ཆེན་པོར་གྱུར་པས་རབ་ཡིན་ནོ། །གཉིས་པ་རྒྱས་བཤད་ནི། དགུ་པོ་དི་རིམ་པ་ལྟར། རྒྱུ་དང་བཞིན་དང་ལས་གསུམ་གྱིས་སྟོན་པ་ལས། དང་པོ་དགེ་བ་ཡོངས་སུ་སྨིན་པ་ལས་གྲོགས་ཀྱི་མཆོག་སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་སྟེ་གསུམ་ནི་རྒྱུའོ། །ཐེག་ཆེན་གྱི་ཆོས་ལ་བརྩོན་འགྲུས་རབ་སྟེ་ཆེན་པོ་རྩོམ་པ། དགའ་བ་མཐར་ཕྱིན་པ་དང་དམ་པ་སྟེ། བསམ་གྱིས་མི་ཁྱབ་པའི་གནས་དགོངས་པ་ཟབ་མོ་ལ་ཐེ་ཚོམ་མེད་པ་ནི་རང་བཞིན་ནོ། །ཆོས་ཀྱི་མཆོག་ཐེག་པ་ཆེན་པོ་བསྡུད་པ་སྟེ། དེ་ལ་བཞུགས་པ་རྣམས་ཀྱི་འགལ་རྐྱེན་སྤོང་བ་ནི་ལས་ཏེ། དེ་དག་ནི་ཐེག་ཆེན་གྱི་དམ་པའི་ཆོས་ཆེས་ཆེར་གཟུང་བའི་ཕྱིར་སྙིང་རྗེ་ཅན་བྱང་ཆུབ་སེམས་དཔའ་ཡང་དག་པར་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་དོ། །དད་པ་ཡོངས་སུ་སྨིན་པ་ལ་ཡང་གསུམ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་ཞེས་པ་ལ་སོགས་པ་བཤད་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཤེས་པ་ནི་རྒྱུའོ། །ཤེས་ནས་དད་པ་ཐོབ་པས་སེམས་མི་ཕྱེད་པ་ནི་རང་བཞིན་ནོ། །ཏིང་ངེ་འཛིན་མྱུར་དུ་ཐོབ་པ་དང༌། དེའི་འབྲས་བུ་མངོན་ཤེས་ལ་སོགས་པ་ཉམས་སུ་མྱོང་བ་ནི་ལས་ཏེ། སྟོན་པ་ལ་ཡིད་ཆེས་པའི་ཕྱིར་དུ་སྨིན་པའོ། །གསུམ་པ་ཉོན་མོངས་པ་རབ་ཏུ་ཞི་བ་ལ་དྲན་པ་དང་ཤེས་བཞིན་གྱི་སེམས་ཉོན་མོངས་པ་སྐྱེ་བའི་ཡུལ་ལ་མི་གཏོང་བར་ཤིན་ཏུ་སྡོམ་པ་ནི་རྒྱུའོ། །ཉོན་མོངས་པའི་རྟོག་པ་སྤང་བ་ནི་རང་བཞིན་ནོ། །གཉེན་པོ་སྒོམས་པ་ལ་བར་ཆད་མེད་ཅིང་དགེ་བ་ལ་མངོན་པར་དགའ་བ་ནི་ལས་ཏེ། ཉོན་མོངས་པ་བསལ་བའི་ཕྱིར་དུ་སྨིན་པའོ། །བཞི་པ་སྙིང་རྗེ་ལ་རང་བཞིན་གྱིས་སྙིང་རྗེའི་རིགས་ཡོད་པ་དང༌། རྐྱེན་གཞན་གྱི་སྡུག་བསྔལ་མཐོང་བ་དང༌། ཐེག་པ་དམན་པའི་སེམས་ཡང་དག་པར་སྤོང་བ་ནི་རྒྱུའོ། །སྙིང་རྗེ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་ནི་རང་བཞིན་ནོ། །ས་བརྒྱད་པར་འགྲོ་བ་ཐམས་ཅད་པས་མཆོག་ཏུ་གྱུར་པ་མཚན་དཔེས་རྒྱན་པའི་ལུས་ཐོབ་པ་ལ་སོགས་སོ། །ལྔ་པ་བཟོད་པ་ལ་རང་བཞིན་གྱི་རིགས་ཀྱི་སྟོབས་ཀྱིས་སྡུག་བསྔལ་ལ་སོགས་པ་ལ་སྲན་ཐུབ་པས་བརྟན་པ་དང༌། ཁོང་ཁྲོའི་ཉེས་དམིགས་ལ་སོགས་པ་སོ་སོར་བརྟགས་ནས་སྒོམས་པ་ནི་རྒྱུའོ། །ཚ་གྲང་ལ་སོགས་པ་ཤིན་ཏུ་སྡུག་བསྔལ་བའི་རྐྱེན་གྱིས་རྟག་ཏུ་མི་གཡོ་བ་སྟེ་དེ་དག་བཟོད་པ་ནི་རང་བཞིན་ནོ། །བཟོད་པ་ཁྱད་པར་དུ་འགྲོ་བ་དང༌། དགེ་བ་ལ་མངོན་པར་དགའ་བ་ནི་ལས་སོ། །དྲུག་པ་ཡིད་གཞུངས་ལ་རྣམ་སྨིན་དག་པ་སྟེ་སྔོན་གྱི་ཐོས་བསམ་ལ་སོགས་པས་ཤེས་རབ་ཀྱི་བག་ཆགས་གསོས་པ་ནི་རྒྱུའོ། །ཐོས་པ་ལ་སོགས་པའི་དོན་ཡུན་རིང་པོ་ལོན་པ་རྣམས་ཀྱང་དྲན་ཞིང་མི་བརྗེད་པ་དང༌། དེ་བཞིན་དུ་ལེགས་པར་བཤད་པ་དང་ཉེ་བར་སྨྲས་པ་དག་གི་སྐྱོན་ཡོན་རབ་ཏུ་ཤེས་པ་ནི་རང་བཞིན་ནོ། །བློ་ཆེན་པོ་འཇིག་རྟེན་ལས་འདས་པའི་ཤེས་རབ་སྐྱེ་བར་རུང་བ་ཉིད་ནི་ལས་སོ། །བདུན་པ་མཐུ་ཐོབ་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་དགེ་བ་གཉིས་ཀྱི་ཁམས་དེ་གཉིས་ཀྱི་ས་བོན་གདབ་པ་ནི་རྒྱུའོ། །རྟེན་ཕུང་པོ་ལྔའི་རྒྱུན་དེ་ནི་འབྲས་བུ་མངོན་པར་རྟོགས་པ་སྐྱེ་བར་རུང་བའི་མཆོག་སྟེ་མཐར་ཐུག་པ་ནི་རང་བཞིན་ནོ། །རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིད་ལ་བསམ་པ་བཞིན་དུ་འགྲུབ་པ་དང་འགྲོ་བའི་མཆོག་ཏུ་གྱུར་པའི་ལུས་ཐོབ་པ་ནི་ལས་སོ། །བརྒྱད་པ་མི་འཕྲོགས་པ་ལ་ཆོས་བཟང་པོ་ཐེག་ཆེན་རིགས་པས་ཚུལ་བཞིན་དུ་རྣམ་པར་དཔྱད་པའི་བསམ་པ་ནི་རྒྱུའོ། །རང་གི་ལམ་དང་ངེས་པ་ཐོབ་པས་དུས་རྟག་ཏུ་བདུད་ཀྱི་བར་ཆད་མི་ནུས་པ་ནི་རང་བཞིན་ནོ། །རྟོགས་པའི་ཁྱད་པར་བཟང་པོ་རྙེད་པ་དང་གཞན་གྱི་ཕྱོགས་སུན་འབྱིན་པ་ནི་ལས་སོ། །དགུ་པ་སྤང་པའི་ཡན་ལག་ནི་ཐར་པ་ཆ་མཐུན་གྱི་དགེ་བ་བསགས་པ་ནི་རྒྱུའོ། །རྟེན་ལུས་ཀྱང་ཐོས་བསམ་སྒོམ་པ་ལ་བརྩོན་འགྲུས་བརྩམ་དུ་རུང་བ་ནི་རང་བཞིན་ནོ། །འགྲེལ་ཆེན་ལས། འདི་དང་མཐུ་ཐོབ་པའི་སྐབས་ཀྱི་རྟེན་ཞེས་པ་ལུས་སུ་བཤད་དོ། །ཉོན་མོངས་པས་དབེན་པ་དང༌། དགེ་བ་མཆོག་ཐེག་ཆེན་གྱི་དགེ་བ་ལ་མངོན་པར་དགའ་བ་ནི་ལས་སོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་བདག་ཉིད་ཀྱི་དད་པ་ལ་སོགས་དངོས་པོ་རྣམ་པ་དགུ་པོ་སྨིན་པའི་བདག་ཉིད་ཀྱི་ཕ་རོལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་རུང་བའི་སྟོབས་དང་ལྡན་པའི་ཡོན་ཏན་དང༌། རང་གི་ཤེས་རྒྱུད་རང་བཞིན་གྱིས་རྣམ་པར་དག་པ་ལ་བློ་བུར་གྱི་དྲི་མ་ཅི་རིགས་པས་དད་པའི་ཆོས་ཀྱི་སྐུའི་རང་བཞིན་གྱི་རྒྱུན་གོང་ནས་གོང་དུ་འཕེལ་བའི་ཡོན་ཏན་ཏེ། ཡོན་ཏན་གཉིས་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའ་དེ་ཉིད་དུས་རྟག་ཏུ་འགྲོ་བའི་གཉེན་པོ་མཆོག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་གདུལ་བྱ་གཞན་སྨིན་པར་བྱེད་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། ཡོངས་སུ་སྨིན་པའི་ངོ་བོ། སྨིན་པའི་རབ་ཏུ་དབྱེ་བ། བསམ་པ་གང་གིས་སྨིན་པར་བྱེད་པ་དང༌། སྦྱོར་བ་གང་གིས་སྨིན་པར་བྱེད་པའོ། །དང་པོ་ནི། རྨ་ནི་རྣག་ལ་སོགས་པ་ཕྱིར་གཟག་ཏུ་རུང་བ་ན་སྨིན་པ་དང༌། ཤིང་ཐོག་ལ་སོགས་པའི་ཟས་ནི་ལོངས་སྤྱད་དུ་རུང་བ་ན་སྨིན་པར་འདོད་པ་ལྟར་དེ་བཞིན་དུ་རྟེན་ཀུན་གཞིའི་རྣམ་པར་ཤེས་པ་མི་མཐུན་ཕྱོགས་ཀྱི་རྟེན་བྱེད་པས་རྨ་དང་འདྲ་ལ། ཡོན་ཏན་གྱི་རྟེན་བྱེད་པས་ཟས་དང་འདྲ་བ་འདིའི་ཕྱོགས་གཉིས་ཀྱི་ནང་ནས་མི་མཐུན་ཕྱོགས་ཞི་བར་རུང་བ་དང༌། གཉེན་པོའི་ཕྱོགས་སྤྱད་པར་རུང་བ་ཉིད་དུ་གྱུར་ནས་སྨིན་པར་བསྟན་ནོ། །གཉིས་པ་ནི། སྨིན་པར་བྱེད་པ་པོ་བྱང་ཆུབ་སེམས་དཔས་སྨིན་པར་བྱ་རྒྱུ་ལུས་ཅན་རྣམས་ཉོན་མོངས་པ་དང་བྲལ་པར་སྨིན་པར་བྱེད་པ་དང༌། རིགས་ཅན་གསུམ་པོ་ཐམས་ཅད་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱེད་པ་དང༌། ཕྱི་རོལ་པའི་སྨིན་པ་ལས་ཁྱད་པར་དུ་འཕགས་པས་ན་རབ་ཏུ་སྨིན་པར་བྱེད་པ་དང༌། གདུལ་བྱའི་བློ་དང་འཚམས་པར་ལམ་སྟོན་པས་ན་མཐུན་པར་སྨིན་པར་བྱེད་པ་དང༌། གུས་པའི་སྒོ་ནས་ལེགས་པར་སྨིན་པར་བྱེད་པ་དང༌། བདག་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་གཞན་དེ་ཁོ་ན་ཉིད་རྟོགས་པར་སྨིན་པར་བྱེད་པ་དང༌། ཕྱིན་ཅི་ལོག་བཞིའི་གཉེན་པོ་མི་རྟག་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པ་བསྟན་ནས་རྟག་ཏུ་སྨིན་པར་བྱེད་པ་དང༌། ལམ་འོག་མ་ལས་མི་ཉམས་པར་གོང་ནས་གོང་དུ་སྨིན་པར་བྱེད་པ་རྣམས་ནི་སྨིན་པའི་དབྱེ་བ་བཤད་པར་འདོད་དོ། །གསུམ་པ་ནི། ཇི་ལྟར་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་གཞན་དག་ཕན་པ་དང་བདེ་བ་ལ་སྦྱོར་བར་འདོད་པའི་བསམ་པས་འཁོར་བ་འདིར་འགྲོ་བ་ཀུན་དགེ་བ་དང་ལོངས་སྤྱོད་ལ་སོགས་པ་ལ་བཀོད་ནས་རྣམ་པར་སྨིན་པར་བྱེད་པའི་བསམ་པས་གནས་པ་ལྟར་དེ་བཞིན་དུ་འཇིག་རྟེན་ན་ཕ་དང་མ་དང་གཉེན་བཤེས་རྣམས་ནི་རང་གི་བུ་དང་གཉེན་རྣམས་ལ་ལེགས་པར་མི་གནས་ཏེ། དེ་དག་མི་དགེ་བ་དང་སྡུག་བསྔལ་བ་ལ་ཡང་སྦྱོར་བའི་ཕྱིར་རོ། །ཡང་ཇི་ལྟར་བརྩེ་བའི་བདག་ཉིད་དུ་བྱང་ཆུབ་སེམས་དཔའ་རྣམས་གཞན་དག་བདེ་བ་དང་ཕན་པ་སྟེ་དགེ་བ་ལ་སྦྱོར་བའི་ཕྱིར་སེམས་ཅན་གཞན་ལ་བྱམས་པ་སྟེ་ཕན་བདེ་འདོད་པའི་བསམ་པ་སྐྱེ་བ་དེ་ལྟར་སྐྱེ་བོ་བདག་ལའང་བྱམས་པར་མི་འདོད། བདག་ཀྱང་ཕན་བདེ་མ་ཡིན་པ་ལ་སྦྱོར་བར་བྱེད་ན་རབ་ཏུ་སྡུག་ཅིང་ཡིད་དུ་འོང་བའི་སྐྱེ་བོ་གཞན་ལ་བརྟེན་ནས་དེ་ལྟ་བུའི་བྱམས་སེམས་སྐྱེ་བ་སྨོས་ཅི་དགོས་ཏེ་མི་སྐྱེའོ། །བཞི་པ་སྦྱོར་བ་གང་གིས་སྨིན་པར་བྱེད་པ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དབྱེ་བ་ནི། རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔས་སྦྱིན་པར་བྱ་བའི་རྫས་ལུས་ལོངས་སྤྱོད་རྣམས་གཞན་ལ་མི་སྦྱིན་པ་ནི་ཡོང་མེད་དེ་ཐམས་ཅད་སྦྱིན་པ་དང༌། ལྷག་པའི་བསམ་པས་སྐུལ་བའི་མདོ་ལས། ང་ནི་ཡོན་གནས་དམ་པ་ལ་གཏོང་བ་ཕུན་སུམ་ཚོགས་པ་ཞེས་མི་སྨྲའོ། །ཞེས་གསུངས་པས་ཡུལ་དུས་མི་གདམ་པར་སྦྱིན་པ་དང༌། སྦྱིན་པའི་ཡོན་ཏན་གྱིས་བསམས་མི་ཤེས་པའི་བསམ་པའི་སྦྱིན་པའོ། །བྱེད་ལས་ནི་ཡོ་བྱད་ཅི་འདོད་པ་སྦྱིན་པས་ཚེ་འདིར་ཕན་འདོགས་པ་དང༌། དེས་བསྡུས་ནས་དགེ་བ་ལ་སྦྱར་བས་ཚེ་ཕྱི་མ་ལ་ཕན་འདོགས་པ་རྣམ་པ་གཉིས་ཀྱིས་གཞན་སྨིན་པར་བྱེད་དོ། །ཚུལ་ཁྲིམས་ལ་དབྱེ་བ་ནི། ཡང་དག་པར་བླངས་པ་སྲོག་ལ་སོགས་པའི་ཕྱིར་ཡང་མི་གཏོང་བ་བརྟན་པའི་ཚུལ་ཁྲིམས་དང༌། ཚེ་སྔོན་ཚུལ་ཁྲིམས་གོམས་པས་ཚེ་འདིར་སྐྱེ་བས་ཐོབ་པ་རང་བཞིན་གྱི་དང༌། མི་དགེ་བ་བཅུ་རྨི་ལམ་ན་ཡང་མི་བྱེད་པ་ལྷག་པར་འཚེ་བ་མེད་པ་སྟེ་རྫོགས་པའི་དང༌། ཚུལ་ཁྲིམས་ཀྱི་ཡོན་ཏན་མཐོང་ནས་བདག་ཉིད་དེ་ལ་དགའ་བ་རྟོགས་པའི་ཚུལ་ཁྲིམས་ཡིན་ལ། འགྲེལ་ཆེན་ལས། ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས་ན་མི་དགེ་བ་མི་བྱེད་ཅིང་དགེ་བ་ལ་ངང་གི་རང་གིས་དགའ་བ་ལ་བཤད་དོ། །བག་ཡོད་པ་སྟེ་དགེ་བ་སྒོམ་ཞིང་ཉོན་མོངས་པ་ཡུལ་དང་བཅས་པ་ལས་ལུས་ངག་ཡིད་གསུམ་བཟུང་བས་འཁྲུལ་པ་མེད་པའི་ཚུལ་ཁྲིམས་ཏེ་ལྔ་པོ་འདི་ལ་གཞན་འགོད་པའོ། །བྱེད་ལས་ནི། ཚུལ་ཁྲིམས་ལ་བཀོད་པས་ཕན་པ་རྣམ་པ་གཉིས་འདོགས་ཏེ། འདི་ལྟར་མི་དགེ་བའི་རྒྱུ་ལས་བྱུང་བའི་གསོད་པ་ལ་སོགས་པའི་འཇིགས་པ་མེད་པས་ཚེ་འདིར་ཕན་པ་དང་ཕྱི་མར་ཕན་པ་ནི་ཚུལ་ཁྲིམས་རྣམ་པར་སྨིན་པའི་འབྲས་བུ་བདེ་འགྲོར་སྐྱེ་ཞིང་རྒྱུ་མཐུན་གྱི་འབྲས་བུ་དེར་ཡང་ཚུལ་ཁྲིམས་ལ་འཇུག་སྟེ། ཡོན་ཏན་དེ་གཉིས་སྐྱེ་བ་ཐམས་ཅད་དུ་བརྒྱུད་པར་བྱེད་དོ། །བཟོད་པ་ལ་ངོ་བོ་ནི། གཞན་གནོད་པ་བྱེད་པ་མཐོང་ན་འདི་ནི་བཟོད་པའི་རྒྱུ་ཡིན་པས་ཕན་པ་བྱེད་པ་ཡིན་ནོ་སྙམ་པའི་བློ་དང་ལྡན་པ་དེས་གནོད་བྱེད་དྲག་པོ་དག་ཀྱང་རབ་ཏུ་བཟོད་པར་བྱེད་དོ། །བྱེད་ལས་ནི། གཞན་སྨིན་པར་བྱེད་པའི་ཐབས་རིག་ཅིང་གནོད་བྱེད་བཟོད་པ་དེ་དག་གིས་གནོད་ལེན་མ་བྱས་པས་ཚེ་འདི་ལ་ཕན་འདོགས་པའི་རྒྱུ་དེས་གནོད་བྱེད་རྣམས་དད་པར་བྱས་ནས་དགེ་བ་ཡང་དག་པར་ལེན་དུ་འཇུག་པས་ཕྱི་མ་ལ་ཕན་འདོགས་སོ། །བརྩོན་འགྲུས་ནི་རྒྱལ་བའི་སྲས་པོ་བརྩོན་འགྲུས་ཀྱི་མཆོག་ཁྱད་པར་ཅན་ལ་བརྟེན་པ་དེ་སེམས་ཅན་གྱི་ཚོགས་རྣམས་ཡོངས་སུ་སྨིན་པར་བྱེད་པས་ན་ཕ་རོལ་པོ་སེམས་ཅན་གཅིག་ལ་སེམས་སྐད་ཅིག་སྐྱེད་པའི་ཕྱིར་དུས་བསྐལ་པ་བྱེ་བ་སྟོང་དུ་འབད་དགོས་ཀྱང་སྐྱོ་བར་མི་འགྱུར་རོ། །བསམ་གཏན་ནི་ཡིད་དམིགས་པ་ལས་མི་གཡོ་བ་བསམ་གཏན་གྱི་དབང་བླ་ན་མེད་པ་ཐེག་ཆེན་གྱི་སྡུས་པ་ཐོབ་ནས་གཞན་གྱི་མཆོད་པར་འདོད་པ་ལ་སོགས་པ་ཟང་ཟིང་གི་སེམས་ཐམས་ཅད་ངེས་པར་བཅོམ་སྟེ། རྫུ་འཕྲུལ་བསྟན་ནས་མཆོག་སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཅན་གཞན་དག་འདུན་པར་བྱེད་ཅིང༌། འདུན་པར་བྱས་པ་དེ་དག་གི་རྒྱུད་ལ་དགེ་བ་ཡང་དག་པར་འཕེལ་བར་བྱེད་དོ། །ཤེས་རབ་ནི་རང་གི་དེ་ཁོ་ན་ཉིད་ངེས་དོན་གྱི་ཚུལ་དང༌། དགོངས་པ་ཅན་དྲང་དོན་གྱི་ཚུལ་དུ་ངེས་པར་བྱས་ཏེ། དེ་ཁོ་ནི་ཉིད་དང་དགོངས་པ་ཅན་གྱི་དོན་གྱི་ཚུལ་དེ་ལ་སེམས་ཅན་གཞན་རྣམས་ཀྱི་ཐེ་ཚོམ་ཤིན་ཏུ་སྟེ་རྩ་བ་ནས་སེལ་བར་བྱེད་ཅིང༌། ཐེ་ཚོམ་བསལ་བ་དེའི་ཕྱིར་རྒྱལ་བའི་བསྟན་པ་ལ་སེམས་ཅན་དེ་དག་གུས་པས་རང་དང་གཞན་གྱི་དགེ་བའི་ཡོན་ཏན་རྣམ་པར་འཕེལ་བར་བྱེད་དོ། །གཉིས་པ་མཇུག་བསྡུ་བ་ནི། དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་རྒྱུ་སྙིང་རྗེའི་ཡུལ་འགྲོ་བ་ཀུན་བཀོད་བྱ་བདེ་འགྲོ་དང་ཐེག་པ་གསུམ་གྱི་དགེ་བ་ལ་བཀོད་ཅིང་ཐེག་ཆེན་གྱི་དབང་དུ་བྱས་ན་ཆུང་ངུ་མོས་སྤྱོད་དང༌། འབྲིང་ས་བདུན་དང༌། མཆོག་ས་བརྒྱད་པ་ཡན་ཆད་ལ། དུས་འཇིག་རྟེན་ཇི་སྲིད་ཡོད་པ་དང་མཉམ་པ་སྟེ། གཏན་དུ་སེམས་ཅན་སྨིན་པར་བྱེད་པའི་ཐབས་ལ་འཇུག་པའི་སྒོ་ནས་འདུལ་ལོ། །ཡོངས་སུ་སྨིན་པའི་སྐབས་བཤད་ཟིན་ཏོ།། ༈ །།དེ་ལྟར་དགེ་བའི་ཚོགས་ཡོངས་སུ་སྨིན་པས་ནི་བྱང་ཆུབ་ཐོབ་པར་འགྱུར་བས་དེའི་འོག་ཏུ་བྱང་ཆུབ་ཀྱི་ལེའུ་སྟོན་ནོ། །དེ་ལ་བྱང་ཆུབ་ཀྱི་ལེའུ་དངོས་དང༌། སྔ་མ་རྣམས་ཀྱི་མཇུག་སྡུད་དོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་ཀྱི་གནས་ལུགས་དང༌། དེ་ལ་སྤྲོ་བ་བསྐྱེད་པའོ། །དང་པོ་ལ་གསུམ་སྟེ། བྱང་ཆུབ་དངོས་དང༌། དེ་ལ་འཇུག་པའི་ཐབས། མཛད་པ་རོ་གཅིག་པར་བསྟན་པའོ། །དང་པོ་ལ་དྲུག་སྟེ། ཐམས་ཅད་ཤེས་པ་ཉིད་གཏན་ལ་དབབ་པ། གནས་གྱུར་ཕུན་སུམ་ཚོགས་པ། མཛད་པ་ཕུན་སུམ་ཚོགས་པ། དོན་གཉིས་ཕུན་སུམ་ཚོགས་པ། དབྱིངས་དང་ཡེ་ཤེས་ཀྱི་མཚན་ཉིད། གཅིག་དང་ཐ་དད་ལས་གྲོལ་བའི་མཚན་ཉིད་དོ། །དང་པོ་ལ་གསུམ་སྟེ། རྒྱུ་དང༌། ངོ་བོ་དང༌། དཔེ་གསུམ་གྱི་སྒོ་ནས་ཐམས་ཅད་མཁྱེན་པའི་རང་བཞིན། གཉིས་སུ་མེད་པ་མཐུ་དང་བཅས་པས་དེའི་ཡོན་ཏན་བསྟན་པ། སྐྱབས་བླ་ན་མེད་པས་དེའི་མཛད་པ་བསྟན་པའོ། །དང་པོ་ལ་བསྟན་བཤད་གཉིས་སོ། །དང་པོ་ལ་གསུམ་ལས། རྒྱུའི་སྒོ་ནས་བསྟན་པ་ནི། འཕགས་པའི་ལུས་ལ་སོགས་པ་སྦྱིན་པར་གཏོང་བ་ལ་སོགས་པ་གཞན་དོན་གྱི་དཀའ་སྤྱད་དཔག་ཏུ་མེད་པ་བརྒྱ་ཕྲག་དུ་མའི་སྒོ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བ་དུས་དཔག་ཏུ་མེད་པ་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བསགས་ཤིང་འཁོར་བ་ཐོག་མ་མེད་པ་ནས་གནས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དཔག་ཏུ་མེད་པ་རྣམས་ཟད་པར་བྱས་ཞིང་ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པའི་ཕྱིར་སངས་རྒྱས་ཐོབ་པར་འགྱུར་རོ། །ངོ་བོའི་སྒོ་ནས་བསྟན་པ་ནི། རྒྱུ་དེ་ལ་བརྟེན་ནས་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ཀུན་གནས་ངན་ལེན་གྱི་དྲི་མ་དང་བཅས་པ་མེད་པར་འགྱུར་ཅིང༌། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཐོབ་བོ། །དཔེའི་སྒོ་ནས་བསྟན་པ་ནི་དཔེར་ན་རིན་པོ་ཆེའི་སྣོད་ཕྱེ་བ་ན་ཁ་དོག་དང་དབྱིབས་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལྟར་སངས་རྒྱས་ཉིད་ནི་སྟོབས་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། རྒྱུ་ནི་ལུས་དང་སྲོག་ལ་སོགས་པ་གཏོང་བ་ལ་སོགས་པའི་ངལ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་ཉན་རང་ལ་སོགས་པས་སྒྲུབ་པར་མི་ནུས་པས་ན་རྨད་དུ་བྱུང་བའི་དཀའ་བ་སྤྱད་ཅིང་ཚོགས་གཉིས་ཀྱིས་བསྡུས་པའི་དགེ་བ་རྒྱ་མཚོ་ཀུན་དུས་བསྐལ་པ་ཆེན་པོ་གྲངས་མེད་གསུམ་དུ་བསགས་ཤིང་འཁོར་བ་ཐོག་མ་མེད་པས་འགྲོ་བའི་རྒྱུད་ལ་རྗེས་སུ་འབྲེལ་བའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་ཟད་པར་བྱས་པས། ངོ་བོ་སར་གཏོགས་ཏེ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཡོད་པའི་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡང་རྩ་བ་ནས་བཅོམ་ནས་མ་རིག་པའི་གཉིད་སངས་ཤིང༌། ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པ་ཡིན་ཏེ། དེས་ནི་དེ་ལྟ་བུའི་གང་ཟག་དེ་ནི། ཡོན་ཏན་མཐུ་ཆེན་པོ་དང་ལྡན་ཏེ། དཔེར་ན། རིན་པོ་ཆེའི་སྣོད་ཕྱེ་བ་བཞིན་ནོ། །དགོངས་འགྲེལ་ལས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་མཚན་ཉིད་རྣམ་པ་དུས་རྟོགས་པར་བགྱི་ལགས། འཇམ་དཔལ་ལྔ་སྟེ། གང་སུ་ཡང་རུང་བ་ཞིག་ཏུ་བྱུང་ན་འཇིག་རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲ་རྣམ་པར་གྲགས་པ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དང༌། སྟོབས་བཅུས་སེམས་ཅན་རྣམས་ཀྱི་ཐེ་ཚོམ་གཅོད་པ་དང༌། མི་འཇིགས་པ་བཞིས་ཆོས་སྟོན་པས་དེའི་ཚིག་ལ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བརྒལ་དུ་མེད་ཅིང་རྩད་དུ་མེད་པ་གང་ཡིན་པ་དང༌། སུས་ཆོས་འདུལ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་སྣང་ཞིང་དགེ་སྦྱོང་བཞི་སྣང་བ་ཡིན་ཏེ། དེ་ལྟར་འབྱུང་བ་དང༌། མཚན་དང༌། ཐེ་ཚོམ་གཅོད་པ་དང༌། བརྒལ་དུ་མེད་ཅིང་རྩད་དུ་མེད་པ་དང༌། དགེ་སྦྱོང་དམིགས་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ལྔར་རིག་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་གཉིས་སུ་མེད་པས་མཐུ་དང་བཅས་པས་དེའི་ཡོན་ཏན་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་གཉིས་སུ་མེད་པའི་མཚན་ཉིད་ནི། སྤྱིར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐ་མི་དད་ཅིང༌། ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དམ། རང་བཞིན་གྱིས་རྣམ་པར་དག་པ་རོ་གཅིག་པར་སངས་རྒྱས་པ་སྟེ། ཐུགས་སུ་ཆུད་པ་ཉིད་ཡིན་ལ། ཆོས་གང་ཡང་བྱིས་པས་ཀུན་བཏགས་པ་བཞིན་དུ་ཡོད་པ་མ་ཡིན་ནོ། །ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་དཀར་པོ་མཐར་ཐུག་པ་དེ་དག་ཉིད་སངས་རྒྱས་ཀྱི་ངོ་བོ་ཡིན་པའི་ཕྱིར། སངས་རྒྱས་དེ་ནི་ཆོས་དཀར་པོའི་རང་བཞིན་ཡིན་ཡང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་དེ་དག་གི་སྒོ་ནས་འདི་དག་ཉིད་སངས་རྒྱས་ཡིན་ནོ། །ཞེས་བརྗོད་པར་ནུས་པ་མ་ཡིན་ཏེ། དེས་ན་མེད་པ་དང༌། ཡོད་པའི་མཐའ་ལས་གྲོལ་བ་ཡིན་ནོ། །གཉིས་པ་དེའི་མཐུ་དང་བསྟན་པའི་ཆོས་དང་རྟོགས་པའི་ཆོས་རིན་པོ་ཆེ་དཔག་ཏུ་མེད་པ་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །སངས་རྒྱས་དེ་ནི་རིན་པོ་ཆེའི་འབྱུང་གནས་བཞིན་དུ་ཤེས་པར་བྱའོ། །གདུལ་བྱའི་རྒྱུད་ཀྱི་དགེ་བའི་ལོ་ཐོག་གི་རྒྱུ་མཚན་ཡིན་པའི་ཕྱིར་སངས་རྒྱས་དེ་ནི་སྤྲིན་དང་འདྲ་བར་བརྗོད་དོ། །ཁ་ཅིག་རིམ་པ་ལྟར་དེ་གཉིས་ཆོས་སྐུ་དང་གཟུགས་སྐུའི་མཐུ་ཡིན་པར་བཞེད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། གཉིས་སུ་མེད་པའི་མཚན་ཉིད་བཤད་པ་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་ཐ་མི་དད་ཅིང་ཆོས་དཀར་པོ་མཐར་ཐུག་པ་ཉིད་སངས་རྒྱས་ཀྱི་ངོ་བོ་ཡིན་པས་ན། སངས་རྒྱས་ཉིད་ནི་ཆོས་ཀུན་ལྡན་པའམ་ཡང་ན་ཆོས་གང་ཡང་ཀུན་བཏགས་པ་བཞིན་ཡོད་པ་མ་ཡིན་ཞིང་ཆོས་དཀར་པོ་རྣམས་ཀྱང་དེ་དག་གི་ངོ་བོར་བདེན་པ་མེད་པས་ཆོས་ཀུན་དང་བྲལ་བ་ཉིད་ཡིན་ནོ། །གཉིས་པ་མཐུ་བཤད་པ་ནི། བསྟན་པ་དང་རྟོགས་པའི་ཆོས་རིན་པོ་ཆེ་རབ་སྟེ་ཟབ་པ་དང་རྒྱ་ཆེ་ཞིང་ཡངས་པ་རྣམས་འབྱུང་བའི་ཕྱིར་རིན་ཆེན་ཆོས་ཞེས་བྱ་བ་ཡང་མདོར་བསྟན་ལྟར་རིན་པོ་ཆེའི་འབྱུང་གནས་ཡིན་ནོ་ཞེས་ཤེས་པར་བྱའོ། །སྐྱེ་རྒུ་རྣམས་ལ་ལེགས་པར་བཤད་པ་མི་ཟད་པའི་ཆོས་ཀྱི་ཆར་ཆེན་པོ་འབེབས་པས་ན་འབྱུང་པོའི་དཀར་པོ་དགེ་བའི་ལོ་ཐོག་ཤིན་ཏུ་ཆེན་པོ་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་སྤྲིན་དང་འདྲའོ། །འགྲེལ་པར་ཚིག་རྣམ་པར་སྦྱར་བར་ཤེས་པར་བྱའོ། །ཞེས་པ་ལ་བཙུན་པ་ལྟར་ན་ཆོས་ཀྱི་ཆར་ཆེན་འབེབས་ཞེས་པའི་འོག་ནས་ལེགས་བཤད་མི་ཟད་ཅེས་པ་ཡོད་པ་ལ། ལེགས་བཤད་མི་ཟད་ཀྱི་ཆར་ཆེན་འབེབས་ཞེས་བྱ་བ་ཡིན་པར་བཞེད་ལ། སཱཛྫ་ནི་སྤྲིན་དང་འདྲ་ཞེས་གཉིས་ཀ་ལ་སྦྱོར་བ་ཡིན་པར་བཞེད་དོ། །གསུམ་པ་སྐྱབས་བླ་ན་མེད་པས་དེའི་མཛད་པ་བསྟན་པ་ལ་ལྔ་ལས། དང་པོ་ཉོན་མོངས་པ་ལས་སྐྱབས་པ་ནི། རྟག་ཏུ་སྐྱོབ་ཅེས་སྦྱར་ཏེ། གང་ལ་ཞེ་ན་འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་མོངས་པའི་ཚོགས་ཀུན་དང༌། དེས་ཀུན་ནས་བླང་ནས་སྲོག་གཅོད་པ་ལ་སོགས་པ་ཉེས་བར་སྤྱོད་པ་ལས་ཀྱི་ཀུན་ནས་ཉོན་མོངས་པ། སྐྱེ་བ་དང༌། རྒ་བ་དང༌། འཆི་བ་སྟེ་སྐྱེའི་ཀུན་ནས་ཉོན་མོངས་པ་དག་ལས་སོ། །སུས་ཤེ་ན་སངས་རྒྱས་ཉིད་ཀྱིས་སོ། །གཉིས་པ་སྡུག་བསྔལ་དང་ཕྱིན་ཅི་ལོག་ལས་སྐྱོབ་པ་ནི་སངས་རྒྱས་ཀྱི་མཐུས་ལོང་བས་མིག་དང༌། འོན་པས་རྣ་བ་དང༌། སེམས་འཁྲུགས་པ་རྣམས་ཀྱིས་དྲན་པ་ཐོབ་པ་ལ་སོགས་པས་འཚེ་བ་ཐམས་ཅད་ལས་སྐྱོབ་པ། འོད་ཟེར་བཀྱེ་བས་ངན་སོང་དུ་སྐྱེས་པ་རྣམས་ངན་སོང་ལས་ཐར་ཞིང་ཕྱིས་དེར་མི་འགྲོ་བ་མཛད་པས་ངན་སོང་ལས་སྐྱོབ་པ་དང༌། བདེ་འགྲོ་དང་ཐར་པའི་ལམ་ཕྱིན་ཅི་མ་ལོག་པ་བསྟན་པས་བདེ་འགྲོ་དང་ཐར་པའི་ཐབས་མ་ཡིན་པ་མུ་སྟེགས་ཀྱི་ལྟ་སྤྱོད་ངན་པ་ལས་སྐྱོབ་པ་དང༌། འཇིག་ཚོགས་ནི་ཉེར་ལེན་གྱི་ཕུང་པོ་ཡིན་ལ། དེ་ལ་བདག་གམ་བདག་གིར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་སྟེ། ཉན་རང་གི་མྱང་འདས་ལ་བཀོད་ནས་འཇིག་ཚོགས་དང་དེར་ལྟ་བ་ལས་སྐྱོབ་པ་དང༌། མ་ངེས་པའི་རིགས་ཅན་ཐེག་ཆེན་དུ་ངེས་པ་ལ་བཀོད་ནས་ཐེག་པ་དམན་པ་ལས་སྐྱོབ་པར་མཛད་དོ། །དེའི་ཕྱིར་ན་སངས་རྒྱས་དེ་སྐྱབས་ཀྱི་དམ་པ་ཡིན་ནོ། །གསུམ་པ་སྐྱབས་ཀྱི་མཆོག་ཏུ་གྲུབ་པ་ནི། སངས་རྒྱས་ཉིད་དེ་གཞན་གྱིས་སྐྱབས་པར་མི་ནུས་པ་རྣམས་སྐྱོབ་པས་ན་ཉན་རང་ལ་སོགས་པ་གཞན་དག་ཏུ་མི་མཉམ་པའི་སྐྱབས་དཔེ་མེད་པ་མཆོག་ཏུ་འདོད་དེ། རྒྱུ་མཚན་ནི་དབང་པོ་ཉམས་པ་ལ་སོགས་པ་སྣ་ཚོགས་པས་འཇིགས་པར་འགྱུར་བ་དང༌། འཇིག་ཚོགས་དེར་ལྟ་བ་དང་བཅས་པ་དང༌། ཐེག་པ་དམན་པ་དང༌། ངན་སོང་གི་སྡུག་བསྔལ་རྣམ་པ་མང་པོ་དང༌། བདེ་འགྲོ་དང་ཐར་པའི་ཐབས་མ་ཡིན་པའི་ལམ་ངན་པར་སོང་བ་རྣམས་དང༌། སྐྱེ་བ་དང་འཆི་བའི་ཚེ་ཀུན་ནས་ཉོན་མོངས་པ་དང༌། མཚམས་མེད་པ་ལ་སོགས་པ་ལས་ཀྱིས་ཀུན་ནས་ཉོན་མོངས་པ་རྣམས་ལས་ཀུན་ནས་བསྲུང་བར་མཛད་པའི་ཕྱིར་རོ། །བཞི་པ་སྐྱབས་མཆོག་ཏུ་གྲུབ་པའི་རྒྱུ་མཚན་ནི། རང་དོན་མཐར་ཐུག་པ་སྟོབས་དང་མི་འཇིགས་པ་ལ་སོགས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པའི་སྐུ་གང་ཡིན་པ་དང༌། གཞན་དོན་མཐར་ཐུག་པ་དམ་པའི་ཆོས་ལ་སེམས་ཅན་རྣམས་རབ་ཏུ་འདུལ་བ་མཁྱེན་པ་གང་ཡིན་པ་དང༌། འགྲོ་བ་ཀུན་ལ་སྙིང་བརྩེ་བའི་སྟོབས་ཀྱིས་ཡོན་ཏན་ཐམས་ཅད་རྫོགས་པའམ་འཁོར་འདས་གཉིས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་སངས་རྒྱས་ཉིད་ཡིན་ཏེ། དེའི་ཕྱིར་སངས་རྒྱས་དེ་འདིར་སྐྱབས་ཀྱི་མཆོག་ཏུ་འདོད་དོ། །ལྔ་པ་སྐྱབས་ཀྱི་བྱེད་པ་མདོར་བསྡུས་པ་ནི། དུས་འཇིག་རྟེན་ཇི་སྲིད་གནས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཟློག་ཅིང་ཕུན་སུམ་ཚོགས་པ་རྣམས་འབྱོར་བར་འགྱུར་བའི་བྱ་བ་མཛད་པའི་ཕྱིར་སངས་རྒྱས་དེ་ནི་སྐྱབས་ཆེན་པོ་ཉིད་དུ་འདོད་དོ། །གཉིས་པ་གནས་གྱུར་ཕུན་སུམ་ཚོགས་པ་ལ་བཞི་སྟེ། གནས་གྱུར་གྱི་ཏིང་ངེ་འཛིན་བསྟན་པ། དེ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པ། དེའི་ཡོན་ཏན་གྱི་དབྱེ་བ། ཕྲིན་ལས་ཀྱིས་སེམས་ཅན་ལ་ཁྱབ་པའོ། །དང་པོ་ནི། རྟེན་གང་ལ་སྤང་བྱ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་པོ་ཐོག་མ་མེད་པ་ནས་རང་སྤོང་བྱེད་ཀྱི་གཉེན་པོ་མ་ཐོབ་ཀྱི་བར་དུ་རྟག་ཏུ་ལྡན་པ་དག་སྤོང་བར་བྱེད་པའི་གཉེན་པོ་ས་བཅུའི་ཡེ་ཤེས་ཤིན་ཏུ་རྒྱ་ཆེ་བ་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་པར་གྱུར་ཅིང༌། ངོ་བོ་ཀུན་གཞི་ལ་སོགས་པ་གནས་གཞན་དུ་གྱུར་པའི་ཆོས་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཉན་རང་རྣམས་ལ་ཡང་མེད་པའི་ཡོན་ཏན་མཆོག་དང་ལྡན་པ་དེ་དག་ཐོབ་པ་ནི་སངས་རྒྱས་ཉིད་ཡིན་ཏེ། དེའི་རྒྱུ་འཕགས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་རབ་ཏུ་དག་པ་དང༌། དེའི་རྗེས་ལ་ཐོབ་པའི་ཤིན་ཏུ་ཡུལ་ཆེན་ཏེ་ཤེས་བྱ་ཡུལ་མཐའ་ཡས་པའི་ཡུལ་ཅན་གྱི་ཡེ་ཤེས་ཀྱི་ལམ་ཉིད་ཀྱིས་འཐོབ་བོ། །གཉིས་པ་ནི། དེ་བཞིན་གཤེགས་པ་དེ་ནི་སྒྲིབ་པ་གཉིས་ཀྱིས་དག་པའི་ཟག་མེད་ཀྱི་དབྱིངས་དེར་བཞུགས་ནས་དཔེར་ན་རིའི་དབང་པོ་མཐོན་པོ་རི་རབ་ཀྱི་སྟེང་དུ་བཞུགས་ནས་དམའ་བ་གླིང་བཞི་ལ་སོགས་པ་མང་པོ་ལ་བལྟ་བ་ལྟར་འགྲོ་བ་རྣམས་ལ་མངོན་པར་གཟིགས་ནས། ཞི་བ་ལ་མངོན་པར་དགའ་བའི་འགྲོ་བ་ཉན་རང་རྣམས་ལའང་ཐུགས་རྗེ་སྐྱེ་ན་སྲིད་པ་ལ་མངོན་པར་དགའ་བའི་སྐྱེ་བོ་གཞན་ལ་ཐུགས་རྗེ་སྐྱེ་བ་ལྟ་ཅི་སྨོས་ཏེ་ཤིན་ཏུ་བརྩེ་བའོ། །འོ་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་དོན་ཅི་ཞིག་ཡིན་ཞེ་ན། བྱང་ས་ལས། དེ་ལ་ཕྱིན་ཅི་མ་ལོག་པ་གསུངས་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པ་དང༌། བསོད་ནམས་ཀྱི་ཞིང་བླ་ན་མེད་པའི་ཕྱིར་མཆོད་པར་འོས་པ་ཡང་ཡིན་པས་ན་དགྲ་བཅོམ་པ་ཞེས་བྱའོ། །ཆོས་རྣམས་ཇི་ལྟ་བ་བཞིན་དུ་དོན་དམ་པར་ཐུགས་སུ་ཆུད་པས་ན་ཡང་དག་པར་རྫོགས་སངས་རྒྱས་ཞེས་བྱའོ། །རིག་པ་གསུམ་དང༌། མདོ་ལས་ཇི་སྐད་གསུངས་པའི་ཞབས་ལྷག་མཐོང་དང་ཞི་གནས་གཉིས་ཀའི་ཕྱོགས་དང་ཤིན་ཏུ་ལྡན་པས་ན་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱའོ། །མཆོག་ཏུ་ཁྱད་པར་དུ་འཕགས་པར་གཤེགས་པ་དང་མི་འཕྲོགས་པར་གཤེགས་པས་ན་བདེ་བར་གཤེགས་པ་ཞེས་བྱའོ། །སེམས་ཅན་གྱི་ཁམས་དང་འཇིག་རྟེན་གྱི་ཁམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྣམ་པ་ཐམས་ཅད་མཁྱེན་པས་འཇིག་རྟེན་མཁྱེན་པ་ཞེས་བྱའོ། །སེམས་ཅན་འདུལ་བའི་ཐབས་ཐམས་ཅད་མཁྱེན་པ་དང༌། འཇིག་རྟེན་དུ་སྐྱེས་པར་གྱུར་པ་གཅིག་པུ་བྱུང་བས་ན། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ཞེས་བྱའོ། །མིག་ལྟར་གྱུར་པའི་ཕྱིར་ཡེ་ཤེས་དང་དོན་དང་ཆོས་སུ་གྱུར་པའི་ཕྱིར། དོན་གསལ་བར་གཏན་ལ་འབེབས་པའི་ཕྱིར། དོན་ཐམས་ཅད་སྟོན་པའི་ཕྱིར། མ་རྟོགས་པའི་དོན་རྟོགས་པར་མཛད་པའི་ཕྱིར། ཐེ་ཚོམ་སྐྱེས་པ་གཅོད་པར་མཛད་པའི་ཕྱིར། ཟབ་མོའི་གནས་རྣམས་རྣམ་པར་གྲོལ་བའི་ཕྱིར། ཡོངས་སུ་བྱང་བར་མཛད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར། རྟེན་པ་ཡིན་པའི་ཕྱིར། ལྷ་དང་མི་རྣམས་སྡུག་བསྔལ་ཐམས་ཅད་ལས་དབྱུང་བ་ཡིན་པར་ཡང་དག་པར་སྟོན་ཅིང་རྣམ་པར་བརྗོད་པས་ན་དེའི་ཕྱིར་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱའོ། །དོན་དང་ལྡན་པའི་ཆོས་ཀྱི་ཚོགས་དང༌། དོན་དང་མི་ལྡན་པའི་ཆོས་ཀྱི་ཚོགས་དང༌། དོན་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པའི་ཆོས་ཀྱི་ཚོགས་མཐའ་དག་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ཐུགས་སུ་ཆུད་པས་སངས་རྒྱས་ཞེས་བྱའོ། །བདུད་དཔུང་དང་བཅས་པ་ཐམས་ཅད་ཀྱི་གཡུལ་ཆེན་པོ་བཅོམ་པས་ན་བཅོམ་ལྡན་འདས་ཞེས་བྱའོ། །ཞེས་གསུངས་སོ། །གསུམ་པ་ཡོན་ཏན་གྱི་དབྱེ་བ་ནི། སངས་རྒྱས་ཀྱི་གནས་གྱུར་དེ་ལ་དབྱེ་ན་བཅུ་སྟེ། གཞན་དོན་ལ་འཇུག་པ་དང༌། ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རབ་ཏུ་འཇུག་པ་དང༌། ཉོན་མོངས་པའི་རྒྱུ་ལ་མི་འཇུག་པ་དང༌། ཀུན་ནས་ཉོན་མོངས་ལས་ལྡོག་པ་དང༌། རྒྱུད་བླ་མ་ལས། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང༌། །མཁྱེན་དང་བརྩེ་དང་འཕྲུལ་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང༌། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཞེས་པ་ལྟར། རྟག་ཏུ་སེམས་ཅན་གྱི་དོན་ལ་ཀུན་ཏུ་འཇུག་པ་དང༌། མངོན་པར་རྫོགས་པ་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པ་གཉིས་ལ་འཇུག་པ་དང༌། ཤེས་རབ་དང་སྙིང་རྗེས་སྲིད་ཞི་ལ་མི་གནས་པའི་འདུས་བྱས་པ་དང་འདུས་མ་བྱས་པ་མི་གཉིས་པར་འཇུག་པ་དང༌། ཉན་རང་རྣམས་དང་ལས་དང་ཉོན་མོངས་པ་ལས་གྲོལ་བར་འདྲ་བས་མཉམ་པར་འཇུག་པ་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པས་ཉན་རང་ལས་ཁྱད་པར་དུ་འཕགས་པར་འཇུག་པ་དང༌། ཐེག་པ་ཐམས་ཅད་སྟོན་པས་ཕྲིན་ལས་ཀུན་ཏུ་འགྲོ་བ་སྟེ་རྣམ་པར་བཅུའི་བདག་ཉིད་དེ་ནི་དཔེ་རྣམས་ཀྱི་གནས་ཡོངས་སུ་གྱུར་པའི་དབྱེ་བར་འདོད་དོ། །བཞི་པ་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་ཁྱད་པར་བསྟན་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། རྩོད་པ་སྤོང་བའོ། །དང་པོ་ནི། ཇི་ལྟར་ནམ་མཁའ་དུས་རྟག་ཏུ་ཡུལ་ཀུན་ཏུ་སོང་བར་འདོད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཕྲིན་ལས་དེ་ཡང་དུས་རྟག་ཏུ་ཡུལ་ཀུན་ཏུ་སོང་བར་འདོད་ཅེས་བསྟན་ནས། དེའི་དོན་བཤད་པ་ནི་ཇི་ལྟར་ནམ་མཁའ་དེ་གཟུགས་སུ་གྱུར་པ་བུམ་པ་ལ་སོགས་པ་ཐམས་ཅད་ཀྱི་ཕྱི་ནང་ཀུན་ཏུ་སོང་བ་དེ་བཞིན་དུ། སངས་རྒྱས་ཀྱི་ཕྲིན་ལས་དེ་ཡང་ས་དང་པོར་བདག་དང་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་དེ་མཐར་ཕྱིན་པའི་སྟོབས་ཀྱིས་སེམས་ཅན་གྱི་ཚོགས་ཀུན་ལ་མཉམ་པ་ཉིད་དུ་སོང་བ་ཡིན་ཏེ། མངོན་རྟོགས་རྒྱན་ལས། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པ་ངེས་པར་བརྗོད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་རྩོད་པ་སྤོང་བ་ནི། འོ་ན་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ལ་ཁྱབ་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྐུ་སྣང་བར་འགྱུར་རོ་ཞེ་ན། ཇི་ལྟར་ཏེ་དཔེར་ན་སྣོད་ཆུས་གང་བ་ཐམས་ཅད་དུ་ཟླ་བའི་གཟུགས་བརྙན་འཆར་པ་དང༌། ཆུའི་སྣོད་ཆག་པ་ན་སྣོད་དེ་ཉིད་ན་ཆུ་མེད་པའི་སྐྱོན་གྱིས་དེར་ཟླ་བའི་གཟུགས་བརྙན་མི་སྣང་བ་དེ་བཞིན་དུ་སེམས་ཅན་ངན་པ་རྣམས་ལ་རང་གི་ལས་དང་ཉོན་མོངས་པའི་ཉེས་པས་སངས་རྒྱས་ཀྱི་སྐུ་གཟུགས་ཀྱང་མི་སྣང་ངོ༌། །དེས་ན་རང་གི་ཉེས་པས་ཡིན་གྱི། སངས་རྒྱས་ཀྱི་ཉེ་རིང་མཛད་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏེ། མངོན་རྟོགས་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབས་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ཞེས་པ་ལྟར་རོ། །འོ་ན་མྱ་ངན་ལས་འདས་པ་ན་ཕྲིན་ལས་རྒྱུན་ཆད་པས་རྟག་ཏུ་སོང་བར་མི་འཐད་དོ་ཞེ་ན། ཇི་ལྟར་མེ་ནི་བུད་ཤིང་ཡོད་པ་གཞན་དུ་འབར་ཞིང༌། བུད་ཤིང་མེད་པ་གཞན་དུ་ཞི་བར་འགྱུར་བ་ལྟར་དེ་བཞིན་དུ་སངས་རྒྱས་རྣམས་ལ་གདུལ་བྱ་ཡོད་པར་ཕྲིན་ལས་སྣང་བ་དང༌། མེད་པ་མི་སྣང་བར་ཤེས་པར་བྱའོ། །ཐེག་བསྡུས་ལས། ལ་ལར་རྫོགས་པའི་བྱང་ཆུབ་སྟོན། །ལ་ལ་མེ་བཞིན་མྱ་ངན་འདས། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །ཞེས་གསུངས་པ་བཞིན་ནོ། །འོ་ན་སྤྲུལ་པའི་སྐུ་དེ་མྱ་ངན་ལས་འདའ་བར་སྟོན་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ཉིད་ལས། མཛད་པ་རྫོགས་པར་འགྱུར་བའི་ཕྱིར། །ཞི་བ་མི་འདོད་ཟློག་པའི་ཕྱིར། །སངས་རྒྱས་བརྙེས་པ་ཟློག་པའི་ཕྱིར། །སྤྲོ་བ་སྐྱེད་པར་བྱ་བའི་ཕྱིར། །སོ་སོ་རང་བརྩོན་བརྩམ་པའི་ཕྱིར། །མྱུར་དུ་ཡོངས་སུ་སྨིན་པའི་ཕྱིར། །སངས་རྒྱས་རྣམས་ནི་སྤྲུལ་པའི་སྐུ། །གཏན་དུ་བཞུགས་པར་མི་བཞེད་དོ། །གསུམ་པ་མཛད་པ་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་ཆད་པའོ། །དང་པོ་ལ་གཉིས་ཏེ། གསུང་གི་ཕྲིན་ལས་ལྷུན་གྱིས་གྲུབ་པ་ནི། ཇི་ལྟར་སུམ་ཅུ་རྩ་གསུམ་པའི་ལྷའི་ཆོས་ཀྱི་རྔ་དེ་སྐྱེས་བུས་མ་བརྡུངས་ཀྱང༌། དེ་ལས་མི་རྟག་པ་ལ་སོགས་པ་སྟོན་པའི་སྒྲ་ཀུན་ཏུ་འབྱུང་བ་ལྟར། དེ་བཞིན་དུ་རྒྱལ་བ་རྣམས་ཀྱང་ངེས་འདི་དང་འདི་བཤད་པར་བྱའོ་སྙམ་པའི་རྣམ་པར་རྟོག་པའི་གཟོ་མེད་པར་ཡང་གདུལ་བྱ་དང་མཐུན་པའི་ཆོས་བཤད་པ་དག་ཀུན་ཏུ་འབྱུང་སྟེ། རྒྱུད་བླ་མ་ལས། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང༌། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང༌། །ཞི་བའི་སྒྲ་ཡིས་བདག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་དང་ཡང༌། །ཆོས་ཀྱི་རྔ་ཡིས་བསྐུལ་བྱེད་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང༌། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ནོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྐུའི་མཛད་པ་ལྷུན་གྱིས་གྲུབ་པ་ནི། ཇི་ལྟར་ནོར་བུ་རིན་པོ་ཆེ་འབད་སྩོལ་མེད་པར་རང་གི་འོད་སྟོན་ཞིང་དགོས་འདོད་སྒྲུབ་པ་ལྟར་དེ་བཞིན་དུ་སངས་རྒྱས་ཀྱང་རྣམ་པར་རྟོག་པའི་བཟོ་མེད་པར་མཛད་པ་རྒྱ་ཆེན་པོ་ངེས་པར་སྟོན་ཞིང༌། གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པར་མཛད་དོ། །གཉིས་པ་རྒྱུན་མི་འཆད་པ་ནི། ཇི་ལྟར་ནམ་མཁའ་ལ་འཇིག་རྟེན་གྱི་འཇིག་འཆགས་ལ་སོགས་པའི་བྱ་བ་རྒྱུན་མི་འཆད་པར་སྣང་བ་དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་ན་ཡང་རྒྱལ་བའི་མཛད་པ་རྒྱུན་མི་ཆད་པར་སྣང་ངོ་ཞེས་བསྟན་ནས། དེ་གཉིས་བཤད་པ་ནི། ཇི་ལྟར་ནམ་མཁའ་ལ་རྟག་ཏུ་འཇིག་རྟེན་ཀྱི་བྱ་བ་ཉམས་པ་སྟེ་སྟོངས་ཤིང༌། འབྱུང་བ་སྟེ་ཡང་འཆགས་པ་ལྟར་དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་ན་ཡང་སངས་རྒྱས་ཀྱི་ཕྲིན་ལས་གདུལ་བྱ་ཡོད་པར་སྐྱེ་ཞིང་མེད་པར་འབྲི་བར་སྟོན་ནོ། །བཞི་པ་དོན་གཉིས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། རང་དོན་དང༌། གཞན་དོན་ཕུན་སུམ་ཚོགས་པའོ། །དང་པོ་ལ་གཉིས་ཏེ། ཟབ་པ་དང༌། རྒྱ་ཆེ་བའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དང༌། གནས་པ་དང༌། ཕྲིན་ལས་ཟབ་པའོ། །དང་པོ་ལ་བཞི་སྟེ། རྣམ་པར་དག་པ་དང༌། བདག་མཆོག་དང༌། ལུང་དུ་མི་སྟོན་པ་དང༌། རྣམ་པར་གྲོལ་བའི་ཟབ་པའོ། །དང་པོ་ནི། སྔ་མ་སོ་སོ་སྐྱེ་བོའི་ཆོས་ཉིད་དང༌། ཕྱི་མར་སངས་རྒྱས་ཀྱི་ཆོས་ཉིད་རང་བཞིན་རྣམ་དག་གི་ཆ་ལ་ཁྱད་པར་མེད་ཀྱང་སྔར་སོ་སོ་སྐྱེ་བོའི་དུས་སུ་དྲི་མས་དག་པའང་མ་ཡིན་ལ། ཆོས་ཉིད་དེ་བཞིན་ཉིད་ལ་དེ་སྒྲིབ་པ་བློ་བུར་བ་ཀུན་གཉེན་པོ་ཉིད་ཀྱིས་བཅོམ་ནས་དྲི་མ་མེད་པར་གྱུར་པ་ནི་སངས་རྒྱས་སུ་འདོད་པས་སངས་རྒྱས་པ་ན་བློ་བུར་གྱི་དྲི་མ་མ་དག་པ་ཡང་མིན་ནོ། །གཉིས་པ་བདག་ཉིད་མཆོག་ཏུ་གྱུར་པ་ནི། རང་བཞིན་སྟོང་པ་ཉིད་དེ་ནི་བློ་བུར་གྱི་དྲི་མས་རྣམ་པར་དག་ན་གང་ཟག་དང་ཆོས་ཀྱི་བདག་མེད་ལ་མཆོག་གི་བདག་ཅེས་བྱ་སྟེ། དཔེར་ན་ས་སྲ་བའི་བདག་ཉིད་ཅེས་པ་ལྟར་བདག་མེད་པའི་བདག་ཉིད་ཅེས་བྱ་བ་ཡིན་ནོ། །དེ་ཐོབ་ནས་སངས་རྒྱས་རྣམས་ཀྱི་བློ་བུར་གྱི་དྲི་མས་དག་པའི་བདག་ཐོབ་པའི་ཕྱིར་བདག་ཉིད་ཆེན་པོ་སངས་རྒྱས་ཀྱི་བདག་མཆོག་གི་ཕ་རོལ་ཏུ་ཕྱིན་པ་ཞེས་པར་འགྱུར་ཏེ། རྒྱུད་བླ་མ་ལས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་གསུངས་པ་ཡིན་ནོ། །འགྲེལ་ཆེན་ལས་དེའི་ཚེ་སངས་རྒྱས་རྣམས་བདག་ཉིད་ཆེན་པོའི་བདག་ཏུ་འགྱུར་བ་ཞེས་འབྱུང་ངོ༌། །གསུམ་པ་ལུང་དུ་མི་སྟོན་པ་ནི། དག་པ་གཉིས་ལྡན་སངས་རྒྱས་སུ་འདོད་པ་དེའི་ཕྱིར་སངས་རྒྱས་དེ་གང་ཟག་དང་ཆོས་ཀྱི་བདག་ཡོད་པ་མ་ཡིན་ཞིང་དག་པ་གཉིས་ལྡན་གྱི་ངོ་བོར་མེད་པར་ཡང་མི་བརྗོད་དེ། དེ་ལྟར་ན་སངས་རྒྱས་གྲོངས་ཕན་ཆད་ཡོད་དམ་མེད་གཉིས་ཀ་མ་ཡིན་ནམ་ཞེས་དེ་སྐད་དུ་འདྲི་ན་ལུང་མ་བསྟན་པའི་ཚུལ་དུ་འདོད་དེ། དེ་བཞིན་དུ་བདག་དང་འཇིག་རྟེན་རྟག་གམ་མི་རྟག་གམ། གཉིས་ཀ་ཡིན་ནམ་གཉིས་ཀ་མ་ཡིན་ནམ། མཐའ་དང་ལྡན་ནམ། མཐའ་དང་མི་ལྡན་ནམ། གཉིས་ཀ་ཡིན་ནམ། གཉིས་ཀ་མིན་ནམ། ལུས་གང་ཡིན་པ་སྲོག་ཀྱང་དེ་ཡིན་ལ། ལུས་ཀྱང་གཞན་ལ་སྲོག་ཀྱང་གཞན་ནམ། ཞེས་པ་བཅུ་བཞི་སྟེ། བཅུ་བཞི་པོ་དེ་དག་ལ་ལུང་དུ་མི་སྟོན་པའི་ལྟ་བ་ཞེས་ཟེར་ཞིང་དེ་དག་འདྲི་ན་ལན་གདབ་པར་བྱ་བ་མ་ཡིན་ཏེ། མཛོད་ལས། མགོ་གཅིག་དང་ནི་རྣམ་ཕྱེ་དང༌། །དྲི་དང་བཞག་པར་ལུང་བསྟན་པ། །འཆི་དང་སྐྱེ་དང་ཁྱད་པར་འཕགས། །བདག་གཞན་ལ་སོགས་ལྟ་བུ་ཡིན། །ཞེས་སོ། །བཞི་པ་རྣམ་པར་གྲོལ་བའི་ཟབ་པ་ནི། ཇི་ལྟར་ལྕགས་ལ་ཚ་བ་དང་མིག་ལ་རབ་རིབ་ཞི་བ་ན་ཚ་བ་དང་རབ་རིབ་ཀྱི་ངོ་བོ་ཡང་ཡོད་པ་མ་ཡིན་ལ། དེ་གཉིས་ཞི་བའི་ངོར་མེད་པ་ཡང་མ་ཡིན་པ་ལྟར་སངས་རྒྱས་ཀྱི་ཉོན་སྒྲིབ་ལས་གྲོལ་བའི་སེམས་དང༌། ཤེས་སྒྲིབ་ལས་གྲོལ་བའི་ཡེ་ཤེས་ལ་འདོད་ཆགས་ལ་སོགས་པའི་གདུང་བ་དང་མ་རིག་པའི་རབ་རིབ་ཡོད་པ་མི་བརྗོད་ལ། དེ་གཉིས་ཞི་བའི་ངོ་བོར་མེད་པར་མི་བརྗོད་དོ། །གཉིས་པ་ཟབ་པ་ནི། ཟག་མེད་ཀྱི་དབྱིངས་ལ་སངས་རྒྱས་གཅིག་ཏུ་གནས་སམ་དུ་མར་གནས་ཤེ་ན། ཟག་མེད་ཀྱི་དབྱིངས་ན་སངས་རྒྱས་རྣམས་ཀྱི་གཟུགས་སྐུ་སྔོན་བྱང་ཆུབ་སེམས་དཔའི་ལུས་དུ་མའི་རྗེས་སུ་འབྲང་བའི་ཕྱིར་གཅིག་མིན་ལ། ཆོས་སྐུ་ནི་ནམ་མཁའ་ལྟར་ལུས་དང་འཛིན་པ་མེད་པའི་ཕྱིར་མང་པོ་ཡང་མ་ཡིན་ནོ། །གསུམ་པ་ཕྲིན་ལས་ཟབ་པ་ལ་བཅུ་ལས། དང་པོ་ཡོན་ཏན་གྱི་གནས་སུ་གྱུར་པའི་ཕྲིན་ལས་ནི། རང་དོན་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་རྣམས་འབྱུང་བས་ན་བྱང་ཆུབ་ཆེན་པོའི་སངས་རྒྱས་ཀྱི་ཡེ་ཤེས་དེ་རིན་པོ་ཆེའི་འབྱུང་གནས་དང་འདྲའོ། །གཉིས་པ་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྲིན་ལས་ནི། གཞན་དོན་འགྲོ་བའི་དགེ་བའི་ལོ་ཐོག་ཐམས་ཅད་འཕེལ་བར་བྱེད་པས་ན། སྤྲིན་ཆེན་པོ་དང་འདྲ་བར་འདོད་དོ། །གསུམ་པ་མཐར་ཐུག་པ་གཤེགས་པའི་ཕྲིན་ལས་ནི། ཐབས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་རྫོགས་པའི་ཕྱིར་ཟླ་བ་ཉ་བ་ལྟ་བུར་འདོད་དོ། །བཞི་པ་ཆོས་སྟོན་པའི་ཕྲིན་ལས་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་ཆོས་བཤད་པའི་འོད་ཟེར་འཕྲོས་ནས་གདུལ་བྱའི་རྒྱུན་སྣང་བར་བྱེད་པའི་ཕྱིར་ཉི་མ་ཆེན་པོ་དང་འདྲ་བར་འདོད་དོ། །བཙུན་པ་ན་རེ་སྟོང་གསུམ་ཀུན་སྣང་བར་བྱེད་པའི་ཉི་མ་ཆེན་པོ་ཞིག་ཡོད་ན་དེ་དང་འདྲའོ་ཞེས་གསུངས་སོ། །ལྔ་པ་སྤྲུལ་པ་ལ་སོགས་པའི་མཛད་པའི་ཕྲིན་ལས་ནི། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་དཔག་ཏུ་མེད་པ་ཐམས་ཅད་ནུས་པ་གཅིག་ཏུ་འདྲེས་ཤིང་ལོ་ཐོག་ལ་སོགས་པ་སྨིན་པ་དང༌། རླན་སྐེམས་པ་ལ་སོགས་པ་བྱ་བ་གཅིག་ཏུ་འཇུག་ཅིང་འཇིག་རྟེན་ཡང་སྣང་བར་བྱེད་པ་དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་ན་ཡང་སངས་རྒྱས་དཔག་ཏུ་མེད་པ་རྣམས་ཀྱི་ཆོས་སྐུ་གཅིག་ཏུ་འདྲེས་པས་ཕྲིན་ལས་ཀྱང་གཅིག་ཏུ་འདྲེས་ཤིང་གདུལ་བྱའི་ཉོན་མོངས་པའི་རླན་སྐེམས་པ་དང༌། དགེ་བའི་ལོ་ཐོག་སྨིན་པའི་མཛད་པ་གཅིག་ནི་མཛད་པ་ལ་སྟེ་དེའི་ཆེད་དུ་ཡེ་ཤེས་ཀྱིས་ཐམས་ཅད་སྣང་བར་མཛད་པ་འདོད་དོ། །དྲུག་པ་ཡེ་ཤེས་ལ་འཇུག་པའི་ཕྲིན་ལས་ནི། དཔེར་ན་ཉི་མའི་འོད་ཟེར་གཅིག་བྱུང་ན་འོད་ཟེར་ཀུན་བྱུང་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཡེ་ཤེས་འབྱུང་བ་ན་ཐམས་ཅད་འབྱུང་བར་ཤེས་པར་བྱ་སྟེ། ཡེ་ཤེས་འགའ་ཞིག་གིས་ཡུལ་འགའ་ཞིག་མི་རྟོགས་པ་དང༌། ཤེས་བྱ་འགའ་ཞིག་སྔར་རྟོགས་ནས་འགའ་ཞིག་ཕྱིས་རྟོགས་པའི་རིམ་པ་མེད་ཅེས་པའི་དོན་ཡིན་པར་འགྲེལ་ཆེན་དུ་འཆད་དོ། །བདུན་པ་རྣམ་པར་མི་རྟོག་པའི་ཕྲིན་ལས་ནི། ཇི་ལྟར་ཉི་མའི་འོད་ཟེར་ནི་རང་འཇུག་པའི་ཡུལ་གླིང་བཞི་ལ་སོགས་པ་ལ་འདི་དག་ནི་བདག་གིས་སྣང་བར་བྱའོ་སྙམ་དུ་བདག་གིར་བྱ་བ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་རང་གི་ཕྲིན་ལས་འཇུག་པའི་ཡུལ་རྣམས་ལ་འདི་དག་ནི་ངའི་གདུལ་བྱའོ་སྙམ་དུ་བདག་གིར་མཛད་པ་མི་མངའ་སྟེ། ཇི་ལྟར་ཉི་མ་རྟོག་མེད་པ། །རང་འོད་གཅིག་ཅར་སྤྲོས་པ་ཡིས། །པདྨ་རྒྱས་པར་བྱེད་པ་དང༌། །གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག །གདུལ་བྱའི་སྐྱེ་བོ་པད་ཚལ་ལ། །རྣམ་པར་རྟོག་པ་མེད་པ་འཇུག །ཅེས་པ་ལྟར་རོ། །བརྒྱད་པ་ཕྲིན་ལས་སྣ་ཚོགས་སུ་འཇུག་པ་ནི། ཉི་མའི་འོད་ཟེར་གཅིག་བཏང་བས་འགྲོ་བ་དུས་གཅིག་ཆར་སྣང་བར་བྱེད་པ་ལྟར་དེ་བཞིན་དུ་ཤེས་བྱ་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་དུས་གཅིག་ཆར་འཇུག་ཅིང་སྣང་བར་བྱེད་དོ། །དགུ་པ་སྐལ་མེད་ལ་མི་འཇུག་པར་བསྟན་པ་ནི། ཇི་ལྟར་ཉི་མའི་འོད་ཟེར་རྣམས་སྤྲིན་ལ་སོགས་པས་སྒྲིབས་ནས་འགའ་ཞིག་ཏུ་མི་འབབ་པར་འདོད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཡེ་ཤེས་རྣམས་ཀྱང་སེམས་ཅན་གྱི་ཚེ་དང༌། དུས་དང༌། སེམས་ཅན་དང༌། ལྟ་བ་དང༌། ཉོན་མོངས་པའི་སྙིགས་མ་སྟེ་ལྔ་པོ་ཤས་ཆེ་བའི་ཉེས་པས་སྒྲིབས་པའི་སྟོབས་ཀྱིས་སེམས་ཅན་དེ་དག་ལ་ཕྲིན་ལས་མི་འཇུག་གོ །བཅུ་པ་ཁྱད་པར་དུ་འཕགས་པའི་ཕྲིན་ལས་ནི། ཇི་ལྟར་ཚོད་བྱེད་པ་ནི་མདུད་པའི་བྱེ་བྲག་གི་དབང་གིས་ཚོད་ཟིན་པ་ན་གོས་ལ་ཚོན་བཀྲ་བ་དང་མི་བཀྲ་བའི་ཁྱད་པར་འབྱུང་བ་དེ་བཞིན་དུ། སྔོན་གྱི་སེམས་བསྐྱེད་པ་དང་སྨོན་ལམ་ལ་སོགས་པའི་འཕེན་པའི་ཁྱད་པར་གྱིས་སངས་རྒྱས་ཀྱི་གྲོལ་བའི་ཡེ་ཤེས་ནི་བཀྲ་བར་འབྱུང་ལ་ཉན་རང་གི་ནི་མི་བཀྲ་བར་འབྱུང་ངོ༌། །གཉིས་པ་མཇུག་བསྡུ་བ་ལ་གཉིས་ལས། དང་པོ་ཟག་མེད་ཀྱི་དབྱིངས་ལ་ཟབ་པ་གསུམ་གྱི་དབྱེ་བ་དོན་ལ་མེད་པ་ནི། དྲི་མ་མེད་པའི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ལ་སངས་རྒྱས་ཀྱི་མཚན་ཉིད་ཟབ་པ་དང༌། གནས་པ་ཟབ་པ་དང༌། ཕྲིན་ལས་ཟབ་པའི་དབྱེ་བ་བཤད་པ་ནི་ནམ་མཁའ་ལ་ཚོན་གྱི་རི་མོ་འབྲི་བ་དང་འདྲ་སྟེ། ནམ་མཁའ་ལ་ཚོན་གྱི་རི་མོ་མི་དོད་པ་ལྟར་ཟག་མེད་ཀྱི་དབྱིངས་ལ་དེ་དག་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རིག་པར་བྱ་བ་ཡིན་པས་ཚིགས་གིས་བཤད་པ་ནི་ནམ་མཁའ་ལ་རི་མོ་འབྲི་བ་དང་འདྲའོ་ཞེས་པའི་དོན་ནོ། །གཉིས་པ་སངས་རྒྱས་ཀྱི་ཟབ་པ་ཁྱད་པར་དུ་འཕགས་པ་ནི། དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཐམས་ཅད་ལ་ཁྱད་པར་མེད་ཀྱང་དེ་བློ་བུར་གྱི་དྲི་མས་དག་པར་གྱུར་པས་དེ་ནི་དཔེ་ཉིད་ཡིན་ལ། ཐམས་ཅད་ཀྱང་རང་བཞིན་རྣམ་པར་དག་པ་ཡིན་པ་དེའི་ཕྱིར་འགྲོ་བ་ཀུན་དེ་བཞིན་གཤེགས་པ་དེའི་སྙིང་པོ་ཅན་ཡིན་ནོ། །ཟབ་པ་བསྟན་ཟིན་ནོ། །གཉིས་པ་རྒྱ་ཆེ་བ་ལ་གཉིས་ཏེ། འབྱོར་པའི་ཁྱད་པར་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། འབྱོར་པ་ཕུལ་དུ་ཕྱིན་པ། བསམ་གྱིས་མི་ཁྱབ་པ། འབྱོར་པའི་དབྱེ་བའོ། །དང་པོ་ནི། ཉན་ཐོས་རྣམས་ཀྱི་ཚོགས་གཉིས་ཀྱི་འབྱོར་པས་ནི་འཇིག་རྟེན་པ་བརྒྱ་བྱིན་ལ་སོགས་པའི་འབྱོར་པ་ཟིལ་གྱིས་གནོན་ལ། རང་སངས་རྒྱས་རྣམས་ཀྱི་ཚོགས་ཀྱི་འབྱོར་པ་ཡིས་ཉན་ཐོས་ཀྱི་འབྱོར་པ་ཟིལ་གྱིས་གནོན་ནོ། །རང་རྒྱལ་གྱི་འབྱོར་པ་དེ་ཡིས་བྱང་ཆུབ་སེམས་དཔའི་འབྱོར་པའི་བྱེ་བ་ལ་སོགས་པའི་ཆར་ཡང་མི་ཕོད་དོ། །བྱང་ཆུབ་སེམས་དཔའི་འབྱོར་པ་དེ་ཡིས་དེ་ནི་དཔེའི་འབྱོར་པའི་ཆར་མི་ཕོད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པ་ནི། སངས་རྒྱས་རྣམས་ཀྱི་འབྱོར་པ་ནི་གང་ཟག་གང་གི་དོན་དུ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་གང་དུ་དང༌། ཚུལ་ཇི་ལྟར་དང༌། གྲངས་ཅི་ཙམ་པ་དང༌། དུས་གང་གི་ཚེ་འཇུག་པ་ནི་ཟབ་པས་ན་བསམ་ཡས་ཏེ་ཉན་རང་ལ་སོགས་པས་བསམ་གྱིས་མི་ཁྱབ་ཅིང་རབ་ཏུ་དབྱེ་བ་དཔག་ཏུ་མེད་པར་འདོད་དོ། །གསུམ་པ་འབྱོར་པའི་དབྱེ་བ་ལ་བདུན་ལས། དབང་པོ་ལྔ་གནས་འགྱུར་བ་ནི། མིག་ལ་སོགས་པའི་དབང་པོ་ལྔ་རྣམས་གཞན་དུ་གནས་འགྱུར་ན་གཟུགས་ལ་སོགས་པ་དོན་ལྔ་པོ་ཀུན་ལ་འཇུག་པ་དང༌། ཡུལ་ལྔ་པོ་ཐམས་ཅད་པའི་ཡུལ་ཅན་ཉིད་ཀྱི་མིག་སོགས་ཀྱི་གནས་གྱུར་ཐོབ་པའི་དུས་སུ་རེ་རེའང་ཡོན་ཏན་གྱི་སྡེ་བཅུ་གཉིས་ཐོབ་པ་ལས་ས་དང་པོར་ནི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་བའི་འབྱོར་པ་དམ་པ་དང་གཉིས་ཐོབ་པར་འགྱུར་རོ། །འདི་ནི་མདོ་སྡེ་ས་བཅུ་ལས་བཤད་པ་བཞིན་ནོ། །འགྲེལ་བཤད་ལས། དོན་འདི་ནི་གཟུང་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་དང༌། དམ་ཆོས་པདྨ་དཀར་པོའི་མདོ་ལས་ཁོང་དུ་ཆུད་པར་བྱའོ་ཞེས་འབྱུང་ཡང༌། མདོ་གཉིས་པོ་ལས་འབྱུང་བ་འདི་དོན་མི་གཅིག་ཅིང་གྲངས་ཀྱང་མི་འགྲིག་གོ །གཉིས་པ་ཉོན་ཡིད་གནས་གྱུར་པ་ནི། ཡིད་གཞན་དུ་གྱུར་པ་ན་ཉོན་མོངས་ཅན་གྱི་ཡིད་སྒྲིབ་ལ་ལུང་མ་བསྟན་པ་ནི་ས་བདུན་མན་ཆད་ཀྱི་རྗེས་ཐོབ་ན་ཡང་ཡོད་པ་དེ་གནས་གཞན་དུ་གྱུར་པ་ན་དོན་ཐམས་ཅད་ལ་འཇུག་པ་དང༌། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པའི་འབྱོར་པ་དང༌། དེའི་རྒྱུར་གྱུར་པས་འབྱོར་པ་དང་མཐུན་པར་སྤྱོད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་རྟོག་གི་དྲི་མ་མེད་པ་ལ་ཞེས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཡིད་ཤེས་དང་མཚུངས་ལྡན་ཡིན་ཡང་རྟེན་ཉོན་ཡིད་གནས་མ་གྱུར་པ་དེ་སྲིད་དུ་ཡིད་ཤེས་ཀྱང་གཟུགས་སོགས་མེད་བཞིན་དུ་ཡོད་པར་འཛིན་པས་ཕྱིན་ཅི་ལོག་ཏུ་འཇུག་ལ། ཉོན་ཡིད་གནས་གྱུར་ན་དེ་ལ་རྟེན་པའི་ཡིད་ཤེས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་ཞེས་བཙུན་པ་བཞེད་དོ། །གསུམ་པ་འཛིན་པ་ལྔ་དང་ཡུལ་ལྔ་གནས་གྱུར་པ་ནི། གཟུགས་ལ་སོགས་པ་དོན་ལྔ་དང་བཅས་ཏེ། འཛིན་པ་མིག་ལ་སོགས་པ་ལྔ་གཞན་དུ་གྱུར་ན་རང་ཇི་ལྟར་འདོད་པ་བཞིན་དུ་གསེར་གྱི་ས་གཞི་ལ་སོགས་པ་ལ་ལོངས་སྤྱོད་ཅིང༌། དེ་དག་གཞན་ལ་ཡང་བསྟན་པར་ནུས་པའི་ཕྱིར་ཞིང་ནི་དག་པ་ལ་ཞེས་སོ། །འགྲེལ་ཆེན་མཁན་པོ་ནི་དོན་ལྔ་གནས་གྱུར་པས་ཞིང་དག་པ་དང༌། འཛིན་པ་ལྔ་གནས་གྱུར་པས་ཞིང་དེར་བདུད་རྩི་ལ་སོགས་པ་ལོངས་སྤྱོད་པའི་འབྱོར་པ་ཐོབ་ཅེས་ཟེར་རོ། །གསུམ་པོ་དེ་ས་བརྒྱད་པ་ན་ཡོད་དོ། །བཞི་པ་རྣམ་རྟོག་གཞན་དུ་གྱུར་པ་ནི། ས་དགུ་པ་ན་རྣམ་རྟོག་གི་ངོ་བོ་གཞན་དུ་གནས་གྱུར་ནས་དུས་རྟག་ཏུ་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་དང༌། ས་བཅུ་པ་ཐོབ་པའི་ལས་གནས་གྱུར་པས་ཇི་ལྟར་བཞེད་པ་བཞིན་དུ་སྤྲུལ་པས་སེམས་ཅན་གྱི་དོན་གྱི་ལས་རྣམས་ཀུན་ཏུ་ཐོགས་པ་མེད་པ་ལ་ཞེས་སོ། །ལྔ་པ་ཀུན་གཞི་གཞན་དུ་གྱུར་པ་ནི། རྟེན་ཀུན་གཞིའི་རྣམ་ཤེས་ལ་སྒྲིབ་ལ་ལུང་མ་བསྟན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་ཡོད་པ་དེ་ཡུལ་སྣ་ཚོགས་ཀྱི་འཇིག་རྟེན་དང་བཅས་པ་གནས་གྱུར་པ་ན་སངས་རྒྱས་ཀྱི་ཡེ་ཤེས་སྒྲིབ་གཉིས་ཀྱི་དྲི་མ་མེད་པ་དག་པ་གཉིས་ལྡན་གྱི་གནས་ལ། འཁོར་འདས་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་སོ། །དྲུག་པ་འཁྲིག་པ་གནས་གཞན་དུ་གྱུར་བ་ནི། འཁྲིག་པ་སྟེ་དབང་པོ་གཉིས་སྦྱོར་གྱི་བདེ་བ་གཞན་དུ་གྱུར་པ་ནི་སངས་རྒྱས་ཀྱི་ཟག་མེད་ཀྱི་བདེ་བར་གནས་པ་དང༌། མོ་མཐོང་ཡང་ཉོན་མོངས་མེད་པ་ལ་ཞེས་སོ། །བདུན་པ་ནམ་མཁའི་འདུ་ཤེས་གཞན་དུ་གྱུར་པ་ནི། ནམ་མཁའ་འཛིན་པའི་འདུ་ཤེས་གནས་གཞན་དུ་གྱུར་ན་ནམ་མཁའ་མཛོད་དུ་བྱས་ནས་ཅི་བསམ་པའི་དོན་ཀུན་འབྱོར་པ་དང༌། གང་ལ་ཡང་མ་ཐོགས་པར་འགྲོ་བ་དང་གཟུགས་ཐམས་ཅད་ནམ་མཁར་བསམ་པས་གཟུགས་རྣམ་པར་འབྱེད་པ་སྟེ། ནམ་མཁའ་བཞིན་དུ་གྱུར་པ་ལ་ཞེས་སོ། །ཀུན་གཞི་ལ་གཉིས་ཏེ། ས་བོན་གྱི་ཆ་དང༌། རྣམ་སྨིན་གྱི་ཆའོ། །གསུམ་དུ་བཤད་པ་ནི། གནས་དང་དོན་དང་ལུས་སུ་སྣང་བ་དག་གི་དབྱེ་བས་སོ། །དེ་གསུམ་ཀུན་གཞིའི་གཟུང་ཆ་ཡིན་ལ། གཟུང་ཆ་ཡང་འཛིན་ཆ་ལས་ཐ་མི་དད་པའི་ཕྱིར། དེ་གསུམ་གནས་གྱུར་བ་ལ་ཀུན་གཞི་གནས་གྱུར་པ་བཞག་གོ །ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །འཛིན་པ་དང་རྣམ་རྟོག་ནི་རྣམ་ཤེས་ཚོགས་དྲུག་གོ །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་དོན་བདུན་པོ་འདིས་མཚོན་སངས་རྒྱས་ཀྱི་དྲི་མ་མེད་པའི་གནས་ནི་གནས་གཞན་དུ་གྱུར་པའི་ཡོན་ཏན་དཔག་ཏུ་མེད་པས་བསམ་ཡས་ཏེ། བསམ་མཐའ་ཡས་པའི་བྱ་བ་ཕྲིན་ལས་སྒྲུབ་པའི་ཁྱད་པར་དཔག་ཏུ་མེད་པ་ཡོད་པར་འདོད་དོ། གཉིས་པ་གཞན་དོན་ཕུན་སུམ་ཚོགས་པ་ལ་གསུམ་སྟེ། མཛད་པ་ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་ཆད་པ་དང༌། ཁམས་ལ་འཕེལ་འགྲིབ་མེད་པའོ། །དང་པོ་ལ་བཞི་ལས། གཞན་དོན་འཇུག་པའི་རྣམ་པ་ནི། སངས་རྒྱས་ཀྱིས་གཞན་དོན་མཛད་པའི་སྐབས་འདི་ན་འཇིག་རྟེན་གྱི་ཁམས་གཞན་དོན་གང་དང་གང་ན་གདུལ་བྱ་རྣམས་ཡོད་པའི་ཕྱོགས་རྣམས་སུ་རྒྱལ་བའི་དམ་པའི་ཆོས་ལེགས་པར་བཤད་པས་སེམས་བསྐྱེད་པ་ནས་ས་བདུན་བའི་བར་གྱི་དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ་འཇིག་རྟེན་ཏེ། གང་ཟག་རྣམས་རྣམ་པར་དག་པའི་མཆོག་མི་གནས་པའི་མྱ་ངན་ལས་འདས་པར་བསྒོ་བར་བྱེད་པ་ཐེག་ཆེན་གྱི་དགེ་བ་མ་བསགས་པ་སྟེ་སེམས་མ་སྐྱེད་པ་རྣམས་ནི་དགེ་བ་སྤེལ་བའི་མཆོག་ཚོགས་ལམ་ནས་ས་བཅུ་པའི་བར་དུ་འགྲོ་བར་བྱེད་དོ། །དེ་ལྟར་དགེ་བ་འཕེལ་བ་དེ་དག་མ་སྨིན་པ་རྣམས་སྨིན་པར་བྱེད་ཅིང༌། སྨིན་པ་རྣམས་ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ཀྱི་སར་རྟག་ཏུ་འགྲོ་བར་བྱེད་ཀྱང་འཁོར་བ་ལ་མཐའ་མེད་པའི་ཕྱིར་སེམས་ཅན་མ་ལུས་པ་ཐར་བར་གྱུར་བ་ཡང་མ་ཡིན་ནོ། །གལ་ཏེ་འདིའི་ཚིག་གོང་འོག་ཟློས་སོ་ཞེ་ན། མ་ཡིན་ཏེ། ཚིག་རྐང་པ་གཉིས་ཀྱིས་ལམ་ལ་མ་ཞུགས་པ་རྣམས་སློབ་ལམ་ལ་འཇུག་པར་བྱེད་ཅིང༌། སློབ་ལམ་པ་རྣམས་མི་སློབ་པའི་ས་ལ་འགོད་པར་བྱེད་དོ་ཞེས་བསྟན་ནས། ཚིག་རྐང་ཐ་མས་སློབ་ལམ་པ་མི་སློབ་པའི་ལམ་ལ་འགོད་ཚུལ་ལ་ཡང་མ་སྨིན་པ་རྣམས་སྨིན་པར་བྱེད་ཅིང་སྨིན་པ་རྣམས་མཐར་ཐུག་པར་བྱེད་དོ། །ཞེས་བཤད་པ་ཡིན་པའི་ཕྱིར་སྨིན་པ་ནི་ཇི་ལྟར་རྨ་དང་ཟས་ལ་ཞེས་གོང་དུ་བཤད་པ་ལྟར་ཡིན་ནོ། །མཐར་ཐུག་པའི་མཚན་ཉིད་ནི། འཇིག་རྟེན་ཕྱོགས་ཕྱོགས་རྣམས་སུ་གང་ཟག་བརྟན་པ་རྣམས་ཀྱིས་དུས་གསུམ་པོ་ཀུན་ཏུ་རྟག་པར་ཏེ་རྒྱུན་མི་ཆད་པར་བྱང་ཆུབ་ཆེན་པོ་གོང་དུ་བཤད་པའི་ཚུལ་དེ་ལྟར་ཐོབ་པ་ལ་རྒྱུ་བཞི་ཚང་དགོས་པས་ན་ཐོབ་པར་དཀའ་ཞིང་སྟོབས་ལ་སོགས་པའི་ཡོན་ཏན་མཆོག་དང་ལྡན་ལ་ཡོན་ཏན་དེ་དག་ཀྱང་ཉན་རང་ལ་སོགས་པ་ལ་མེད་པས་ན་རྨད་དུ་བྱུང་བ་ཅན་ནོ། །དེ་ཡང་ནམ་ཡང་རྒྱུན་མི་ཆད་པས་ན་རྟག་པ། འགྱུར་བ་མེད་པས་ན་བརྟན་པའམ། ཡང་རྒྱུད་བླ་མ་ལས། མི་ཟད་ཡོན་ཏན་དང་ལྡན་ཕྱིར། །གཞན་འགྱུར་མིན་བདག་རྟག་པའི་དོན། །མཐའ་ཡི་མུ་དང་མཚུངས་པའི་ཕྱིར། །སྐབས་ཀྱི་བདག་ཉིད་བརྟན་པའི་དོན། །ཞེས་གསུངས་པས་གཞན་དུ་མི་འགྱུར་བ་རྟག་པ། རྒྱུན་མི་ཆད་པས་བརྟན་པ་སྟེ་རང་གི་དོན་དང༌། དེ་ཉིད་སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་གྱུར་པ་གང་ཡིན་པ་དེ་ནི་གཞན་དོན་ཏེ། དེ་ལྟར་ན་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་པ་དེ་ནི་ངོ་མཚར་ཆེ་ལ་དེའི་རྒྱུ་ལམ་གྱི་ཚུལ་བཟང་པོ་སྤྱོད་པའི་ཕྱིར་ན་རྒྱུ་ཚང་བ་ལ་འབྲས་བུ་འབྱུང་བ་ཡ་མཚན་ཆེ་བའང་མེད་དོ། །སྦྱོར་བ་སྣ་ཚོགས་སུ་འཇུག་པ་ནི་སངས་རྒྱས་དེ་ནི་གནས་ཟག་མེད་ཀྱི་དབྱིངས་དེ་ལས་ཀྱང་རྣམ་པར་གཡོ་བ་མི་མངའ་བར་ཡང་དུས་གཅིག་ཅར་འཇིག་རྟེན་གྱི་ཁམས་ལ་ལར་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྒོ་བརྒྱ་ཕྲག་མང་པོ་ནས་འཁོར་ལོ་སྐོར་བ་དང༌། ལ་ལར་ནི་དགའ་ལྡན་གྱི་གནས་ནས་འཛམ་བུའི་གླིང་དུ་སྐྱེ་བ་དང༌། དེའི་དུས་ཉིད་ན་ལ་ལ་ནི་མི་སྣང་སྟེ་བྱང་ཆུབ་སེམས་དཔའི་སྐུ་ལ་འཕོ་བ་བསྟན་ནོ་ཞེས་འགྲེལ་ཆེན་མཁན་པོ་འཆད་དོ། །རྣམ་བཤད་ལས། ལ་ལར་སྐྱེ་བ་མི་སྣང་ཞེས་པ་ནི་སྐྱེ་བ་དང་མི་སྣང་བའོ། །ཡང་ན་སྐྱེ་བ་མི་སྣང་བ་ནི་སྐྱེ་བ་མི་སྣང་བའོ་ཞེས་བཤད་དོ། །ལ་ལར་སྐྱེ་བོའི་སྤྱོད་པ་སྟེ་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་སྣ་ཚོགས་པ་དང༌། ལ་ལར་རྡོ་རྗེའི་གདན་ལ་སོགས་པར་བྱང་ཆུབ་ཆེན་པོ་ཐམས་ཅད་མངོན་དུ་བྱེད་པ་དང༌། ལ་ལར་ནི་མྱ་ངན་ལས་འདས་པ་བསྟན་ཀྱང་སངས་རྒྱས་དེ་ནི་གནས་ཆོས་སྐུ་དེ་ལས་ཀྱང་རྣམ་པར་ཡང་གཡོ་བ་མི་མངའ་ལ་གཞན་དོན་དུ་མཛད་པ་ཐམས་ཅད་སྟོན་པར་མཛད་དོ། །བསམ་པ་རྟོག་པ་མི་མངའ་བར་འཇུག་པ་ནི། སངས་རྒྱས་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན་འདི་སྙམ་དུ་ལུས་ཅན་འདི་རྣམས་ནི་བདག་གིས་སྔར་སྨིན་པར་བྱས་ཤེའམ་འདི་རྣམས་ནི་མ་འོངས་པ་ན་རབ་ཏུ་སྨིན་པར་བྱའོ་ཞེའམ་གཞན་ཡང་ལུས་ཅན་འདི་རྣམས་ད་ལྟར་སྨིན་པར་བྱེད་དོ་སྙམ་དུ་སེམས་མངོན་པར་འདུ་མཛད་པ་མི་མངའ་བར་ཡང་གདུལ་བྱ་གང་དང་གང་ན་གནས་པའི་ཕྱོགས་ཕྱོགས་སུ། དུས་རྟག་པར་ཐེག་པའི་སྒོ་གསུམ་ནས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ཀྱིས་སྐྱེ་བོ་རབ་ཏུ་སྨིན་པར་འགྱུར་བ་ཉིད་དོ། །ཐེག་བསྡུས་ལས། ཀུན་ཀྱང་འདྲེས་པའི་ཕྲིན་ལས་ཅན། །རྒྱ་མཚོ་ཆུ་འདྲ་རྒྱལ་བ་རྣམས། །བྱས་སོ་བྱེད་དོ་བྱ་འོ་ཞེས། །གཞན་གྱི་དོན་ལ་དགོངས་པ་མེད། །ཅེས་པ་ལྟར་རོ། །དེའི་དཔེ་ནི་ཇི་ལྟར་ཉི་མ་ནི། བདག་གིས་འོད་ཟེར་མང་པོ་བཏང་ལ་ལོ་ཐོག་མང་པོར་སྨིན་པར་བྱའོ་སྙམ་དུ་འབད་པ་མེད་པར་ཕྱོགས་ཕྱོགས་ཀུན་ཏུ་འོད་ཟེར་ཁ་དོག་གསལ་བ་རབ་འབྱམས་ཏེ་གྲངས་མང་པོས་ལོ་ཐོག་རྣམས་སྨིན་པར་བྱེད་པ་ལྟར་དཔེ་དེ་བཞིན་དུ་ཆོས་ཀྱི་འོད་ཟེར་མང་པོ་དང་ལྡན་པའི་ཉི་མ་སངས་རྒྱས་བཅོམ་ལྡན་འདས་དེའང་སྡུག་བསྔལ་དང་ཀུན་འབྱུང་རབ་ཏུ་ཞི་བར་བྱེད་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཀྱི་འོད་ཟེར་དག་གིས་ཕྱོགས་ཕྱོགས་ཀུན་ཏུ་སེམས་ཅན་རྣམས་སྨིན་པར་མཛད་དོ། །གཉིས་པ་མཛད་པ་རྒྱུན་མི་ཆད་པ་ནི། ཇི་ལྟར་མར་མེ་གཅིག་ལས་མར་མེའི་ཚོགས་རབ་ཏུ་མང་པོ་དཔག་ཏུ་མེད་ཅིང་གྲངས་མེད་པ་བྱུང་ཡང་རྩ་བའི་མར་མེ་དེ་ལ་ཟད་པ་མེད་པ་དེ་བཞིན་དུ་སྨིན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་ལས་སངས་རྒྱས་དཔག་ཏུ་མེད་པ་བྱུང་ཡང་རྩ་བའི་སངས་རྒྱས་དེའི་ཡེ་ཤེས་དང༌། ཕྲིན་ལས་ཟད་པ་མེད་དོ། །དྲི་མ་མེད་པ་གྲགས་པའི་མདོ་ལས། སྒྲོན་མེ་གཅིག་ལ་སྒྲོན་མེ་མང་པོ་འབར་བར་བྱས་ཀྱང་སྒྲོན་མེ་དེ་འབྲི་བར་མི་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་གཅིག་གིས་སེམས་ཅན་བརྒྱ་སྟོང་མང་པོ་བྱང་ཆུབ་ལ་བཀོད་ཀྱང༌། བྱང་ཆུབ་སེམས་དཔའ་དེའི་སེམས་ཀྱི་རྟོག་པ་མི་འབྲི་སྟེ་ཕྱིར་ཞིང་སྐྱེ་ཞེས་གསུངས་པ་ལྟར་རོ། །གསུམ་པ་ཁམས་ལ་འཕེལ་འགྲིབ་མེད་པ་ནི། ཇི་ལྟར་རྒྱ་མཚོ་ཆེན་པོའི་ནང་དུ་ཆུ་རྒྱུན་མང་པོ་བབས་པའི་སྐབས་འདི་ནི་ཆུ་ཡིས་ངོམས་ཏེ། ཕྱིན་ཆད་ཤོང་བ་མེད་པར་མི་འགྱུར་ཏེ། གངྒ་ལ་སོགས་པ་ཆུ་ཆེན་པོ་རབ་ཏུ་མང་པོ་འབབ་ཀྱང་སྔར་བས་འཕེལ་ཏེ་མཐོར་སོངས་བའམ་ཕྱིར་འབོ་བ་ཡང་མི་འགྱུར་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཁམས་ཟག་མེད་ཀྱི་དབྱིངས་ཀྱང་བློ་བུར་གྱི་དྲི་མས་དག་པའི་གང་ཟག་རྟག་ཏུ་རྒྱུན་མི་ཆད་པར་འཇུག་པས་ངོམས་པ་མི་མངའ་ཞིང་འཕེལ་བར་མི་འགྱུར་བ་དེ་ནི་འདིར་རྨད་དུ་བྱུང་བའི་མཆོག་ཡིན་ནོ། །ལྔ་པ་དབྱིངས་དང་ཡེ་ཤེས་ཀྱི་མཚན་ཉིད་ནི། སངས་རྒྱས་ཀྱི་སའི་མདོ་ལས། ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་པ་ཡིན་ཏེ། ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །ཞེས་གསུངས་པའི་དོན་སྟོན་པ་ཡིན་ནོ། །དེ་ལ་གཉིས་ཏེ། ཆོས་ཀྱི་དབྱིངས་ཀྱིས་ཕྱེ་བའི་དོན་དང༌། ཡེ་ཤེས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་དྲུག་སྟེ། ངོ་བོ། རྒྱུ། འབྲས་བུ། ལས། ལྡན་པ། འཇུག་པའི་དོན་ནོ། །ངོ་བོའི་དོན་ནི། གནས་གྱུར་གསུམ་སྟོན་ཏེ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀྱིས་དག་པའི་མཚན་ཉིད་ནི་དེ་བཞིན་ཉིད་གནས་གྱུར་པ་ཡིན་ནོ། །དངོས་པོ་ནི་རྟེན་ཀུན་གཞིའི་རྣམ་ཤེས་གཞན་དབང་གི་ངོ་བོ་དེ་གནས་གཞན་དུ་གྱུར་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། ཤེས་པ་ནི་དེ་ཡུལ་དུ་བྱེད་པའི་རྗེས་ཐོབ་ཀྱི་ཡེ་ཤེས་ཡིན་ཏེ། དེས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཤེས་པའི་ཕྱིར་རོ། །འདིས་ནི་གནས་ངན་ལེན་གྱི་གནས་གྱུར་བསྟན་ནོ། །དེ་ཞེས་པ་ནི་སྔར་གྱི་དེ་བཞིན་ཉིད་ལ་སྙེག་གོ །དེ་བཞིན་ཉིད་ལ་དམིགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏེ་འདིས་ལམ་གྱི་གནས་གྱུར་བསྟན་ནོ། །དེ་ལྟར་མཉམ་བཞག་གིས་ཆོས་ཉིད་རྟོག་པ་དང་རྗེས་ཐོབ་ཀྱིས་མཉམ་བཞག་རྟོག་པ་རྒྱུན་མི་ཆད་པས་དབང་ཟད་མི་ཤེས་པའི་མཚན་ཉིད་དོ། །རྒྱུའི་དོན་ནི། ཐེག་ཆེན་གྱི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ནས་འབྱུང་བ་ལྟར་མ་སྐྱེས་པ་ལ་སོགས་པའི་དོན་ལ་མོས་སྤྱོད་དུ་ཐོས་བསམ་བསྒོམ་པ་བྱས་པས་མཐོང་ལམ་དུ་དེ་བཞིན་ཉིད་མངོན་སུམ་དུ་ཤེས་པ་དེ་སྒོམ་ལམ་དུ་སྒོམ་པ་ལས་སངས་རྒྱས་ཀྱི་སར་ཆོས་ཀྱི་དབྱིངས་བློ་བུར་གྱི་དྲི་མ་ཐམས་ཅད་ཀྱིས་དག་པ་དེ་ཡང་དག་པར་འབྱུང་ངོ༌། །འབྲས་བུའི་དོན་ནི་སེམས་ཅན་ཀུན་ལ་རྣམ་པ་ཀུན་ཏུ་ཕན་པ་དང་བདེ་བ་གཉིས་བསྐྱེད་ལ། དེའང་འཁོར་བ་མ་སྟོངས་ཀྱི་བར་དུ་མི་ཟད་པའི་འབྲས་བུ་ཅན་ཡིན་ནོ། །ལས་ནི་གདུལ་བྱ་དང་འཚམས་པའི་སྐུ་སྟོན་པ་སྐུ་དང༌། ནམ་མཁའ་ལ་སོགས་པ་ལས་ཆོས་ཀྱི་སྒྲ་འབྱུང་བའི་གསུང་དང༌། གཞན་གྱིས་སེམས་བྱིན་གྱིས་བརླབས་ནས་ཆོས་སྟོན་པར་མཛད་པ་ཐུགས་སྤྲུལ་པའི་ཐབས་ཀྱི་སྦྱོར་བའི་ཕྲིན་ལས་ཅན་ཡིན་ནོ། །ལྡན་པ་ནི། ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སོགས་པའི་ཏིང་ངེ་འཛིན་དང༌། མི་ཟད་པའི་ཟ་མ་ཏོག་ལ་སོགས་པ་གཟུངས་ཀྱི་སྒོ་དང༌། བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པ་གཉིས་དང་ལྡན་ནོ། །འཇུག་པའི་དོན་ལ་གཉིས་ཏེ། སྐུའི་དབྱེ་བ་དང༌། སོ་སོའི་རྣམ་བཞག་གོ །དང་པོ་ནི། རང་བཞིན་གྱི་སྐུ་དང༌། ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་དང༌། སྤྲུལ་པའི་སྐུ་དག་གིས་ཐ་དད་པ་གསུམ་དུ་འཇུག་སྟེ། དོན་དྲུག་པོ་འདིས་ནི་སངས་རྒྱས་རྣམས་ཀྱི་རང་བཞིན་རྣམ་དག་གི་ཆོས་དབྱིངས་སྒྲིབ་གཉིས་ཀྱི་རྣམ་པར་དག་པ་རྒྱུ་ལ་སོགས་པ་དང་བཅས་པར་བཤད་དོ། །འགྲེལ་ཆེན་མཁན་པོས་ཚིག་རྐང་གཉིས་པོ་འདི་དོན་དྲུག་ཀའི་མཇུག་སྡུད་དུ་མཛད་དོ། །གཉིས་པ་སྐུའི་རྣམ་བཞག་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་ལྔ་སྟེ། ངོ་བོ་དང༌། རྒྱུ་དང༌། གྲངས་ངེས། གནས་གྱུར་གྱི་ཁྱད་པར། ཡེ་ཤེས་ཀྱི་ཁྱད་པར་རོ། །དང་པོ་ལ། ཆོས་ཀྱི་སྐུའི་ངོ་བོ་ཉིད་ནི་ཀུན་གཞི་གནས་གྱུར་བ་དབྱིངས་རང་བཞིན་རྣམ་དག་བློ་བུར་གྱི་དྲི་མ་ཐམས་ཅད་ཀྱིས་དག་པ་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའོ། །ལོངས་སྐུ་ནི་ཉོན་ཡིད་དང་ཡིད་ཤེས་གནས་གྱུར་པ་སྐུ་ངེས་པ་མཚན་དཔེས་བརྒྱན་པའོ། སྤྲུལ་སྐུ་ནི་སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་འཁོར་བ་མ་སྟོངས་བར་དུ་འཇིག་རྟེན་གྱི་ཁམས་དུ་མར་མཛད་པ་སྣ་ཚོགས་སྟོན་པའོ། །དེ་དག་ཀྱང་ཆོས་སྐུ་ནི་སྟོབས་ལ་སོགས་པ་དང་བྲལ་བའི་ཡོན་ཏན་དང་ལྡན་ལ། གཟུགས་སྐུ་གཙོ་ཆེར་རྣམ་སྨིན་གྱི་ཡོན་ཏན་དང་ལྡན་ཏེ། རྒྱུད་བླ་མ་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་རྣམས་དང་ལྡན། །གཉིས་པ་རྒྱུ་ནི། རིན་ཆེན་ཕྲེང་བ་ལས། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་ཆོས་སྐུ་དང་གཟུགས་སྐུ་གཉིས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། །གསུམ་པ་གྲངས་ངེས་ནི། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་ཆོས་སྐུ་དང༌། གཟུགས་སྐུ་གཉིས་སུ་ངེས་ཏེ། རྒྱུད་བླ་མ་ལས། བདག་ཉིད་ཀྱིས་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་སོ། །གཟུགས་སྐུ་གཉིས་སུ་ངེས་པ་ནི་གདུལ་བྱ་དག་མ་དག་གི་དབང་གིས་ཡིན་ནོ། །བཞི་པ་གནས་གྱུར་གྱི་ཁྱད་པར་ནི། ཀུན་གཞི་གནས་གྱུར་པ་ཆོས་སྐུ། ཉོན་ཡིད་དང་ཡིད་ཤེས་གནས་གྱུར་པ་ལོངས་སྐུ། སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་སྤྲུལ་སྐུ་ཡིན་ཞེས་བཙུན་པ་བཞེད་དོ། །ལྔ་པ་ཡེ་ཤེས་ལྔའི་ཁྱད་པར་ནི། ཆོས་དབྱིངས་ཡེ་ཤེས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཆོས་སྐུས་བསྡུས་གསུངས་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ལོངས་སྐུས་བསྡུས་པར་གཞུང་འདི་ཉིད་ལས་གསལ་ལོ། །མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་ནི་ལོངས་སྐུས་བསྡུས་ལ། བྱ་བ་གྲུབ་པའི་ཡེ་ཤེས་ནི་སྤྲུལ་སྐུས་བསྡུས་སོ། །སློབ་དཔོན་ཙནྡྲ་གོ་མིས། གང་ཡང་ཀུན་གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་ཁ་ཅིག་འདོད། །ཅེས་པ་དང༌། ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་ཉིད་དེ་འོ། །དེ་དག་ལོངས་སྤྱོད་རྫོགས་སྐུ་ཉིད། །ཆོས་ལ་རྫོགས་ལོངས་སྤྱོད་སྟོན་ཕྱིར། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །ཆོས་ལ་རྫོགས་ལོངས་རྫོགས་ཕྱིར་ཡང༌། །ཁ་ཅིག་མེ་ལོང་ཡེ་ཤེས་ཀྱང༌། །ལོངས་སྤྱོད་རྫོགས་པའི་སྐུ་རུ་རྟོག །དེ་ཡང་དེ་ལ་རྒྱུ་ཉིད་ཕྱིར། །ཉེ་བར་བཏགས་ལས་དེ་བཞིན་གཞན། །དབང་པོ་ལྔ་ཡི་རྣམ་ཤེས་གང༌། །དེ་ཡི་དོན་ཀུན་ཡོངས་འཛིན་ཕྱིར། །སེམས་ཅན་ཀུན་གྱི་དོན་དུ་ནི། །བྱ་བ་གྲུབ་པ་ཙམ་ཉིད་ཐོབ། །དེ་ཡང་རྟག་པར་ཐམས་ཅད་དུ། །དུས་ཇི་བཞིན་དང་བསམ་ཇི་བཞིན། །སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་སྟེ། །སྤྲུལ་པ་ཀུན་གྱི་རྒྱུ་ཡིན་ཕྱིར། །ཁ་ཅིག་ཡིད་ནི་ཁོ་ན་ལ། །སྤྲུལ་པའི་སྐུ་ཉིད་དུ་ནི་རྟོག །དབང་པོ་ལྔ་ཡི་རྣམ་ཤེས་གང༌། །དེ་ཡི་ལོངས་སྤྱོད་རྫོགས་སྐུར་རོ། །ཞེས་བཤད་དོ། །གཞུང་དོན་ལ་ལྔ་སྟེ། དབྱེ་བ། སོ་སོའི་རང་བཞིན། གྲངས་ངེས། མཉམ་པའི་དོན། རྟག་པའི་དོན་ནོ། །དང་པོ་ནི། སངས་རྒྱས་ཀྱི་སྐུ་ལ་དབྱེ་ན་རང་བཞིན་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེ་གཉིས་ལས་གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། དང་པོ་ཆོས་སྐུ་དེ་གཉིས་པ་གཟུགས་སྐུ་གཉིས་ཀྱི་རྟེན་ཡིན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་ལོངས་སྐུ་ནི་འཇིག་རྟེན་གྱི་ཁམས་ཀུན་ཏུ་བྱང་ཆུབ་སེམས་དཔའི་འཁོར་ཐ་དད་པ་ཡོངས་སུ་སྡུད་པ་དང༌། ཤེལ་དང་བཻ་ཌཱུརྻ་ལས་གྲུབ་པའི་ཞིང་ཁམས་དང༌། འོད་དཔག་མེད་དང༌། རྣམ་པར་སྣང་མཛད་ལ་སོགས་པ་མཚན་དང་སྐུ་མདོག་དང་སྐུ་ཆེ་ཆུང་ལ་སོགས་པ་དང༌། ས་བཅུ་པ་ལ་སོགས་པའི་ཆོས་ཐ་དད་ལ་རྫོགས་པར་ལོངས་སྤྱོད་པ་དང༌། འཁོར་གྱི་བསམ་པ་ལ་ལྟོས་པའི་མཛད་པ་མི་འདྲ་བའི་ཁྱད་པར་དེ་དྲུག་པོ་དེ་དག་གིས་ཐ་དད་དོ། །གཉིས་པ་ཆོས་ཀྱི་སྐུ་ནི། སངས་རྒྱས་རྣམས་ཀྱི་རང་བཞིན་གྱི་སྐུ་ནི་དག་པ་གཉིས་ལྡན་དུ་ཁྱད་པར་མེད་པས་མཉམ་པ་དང༌། སངས་རྒྱས་མ་གཏོགས་པས་རྫོགས་པར་མི་ཤེས་པས་ཕྲ་བ་དང༌། ཆོས་སྐུ་མངོན་དུ་བྱས་པ་ལས་རྒྱུ་མཐུན་གྱི་འབྲས་བུ་ལོངས་སྐུ་འབྱུང་བས་ན་དེ་དང་ལོངས་སྐུ་འབྲེལ་བ་དང༌། དེ་ལྟར་འབྲེལ་པས་ཐེག་ཆེན་གྱི་ཆོས་ལ་ཇི་ལྟར་འདོད་པ་བཞིན་དུ་དགྱེས་དགུར་ལོངས་སྤྱོད་པ་བསྟན་པར་བྱ་བ་ལོངས་སྤྱོད་རྫོགས་པར་འབྱོར་བའི་རྒྱུ་ནི་ཆོས་སྐུ་ཡིན་པར་འདོད་དོ། །གསུམ་པ་སྤྲུལ་པའི་སྐུ་ལ་གཉིས་ལས། ངོ་བོ་ནི། སངས་རྒྱས་ཀྱི་སྤྲུལ་པ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱེད་པ་ནི་སྤྲུལ་པའི་སྐུར་འདོད་པ་སྟེ། རང་ཐེག་ཆེན་ལ་རྫོགས་པར་ལོངས་སྤྱོད་པ་རང་དོན་དང༌། ཐབས་སྣ་ཚོགས་ཀྱིས་གདུལ་བྱ་སྨིན་གྲོལ་ལ་འགོད་པའི་གཞན་དོན་ཕུན་སུམ་ཚོགས་པ་ནི་རྣམ་པ་ཐམས་ཅད་དུ་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ལ་གོ་རིམ་བཞིན་དུ་གནས་སོ་ཞེས་བྱ་བ་ནི་འགྲེལ་ཆེན་ལུགས་སོ། །བཙུན་པ་ནི་རང་དོན་ཕུན་སུམ་ཚོགས་པའི་ཆོས་ཀྱི་སྐུ་ལ་བརྟེན་ཅིང༌། གཞན་དོན་ཕུན་སུམ་ཚོགས་པ་ནི་ལོངས་སྐུ་ལ་ཡང་བརྟེན་ལ་སྤྲུལ་སྐུ་ལ་ཡང་བརྟེན་ཞེས་གསུངས་སོ། །འོ་ན། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་རྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་པ་དང༌། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །ཞེས་པ་ཆོས་སྐུ་རང་དོན་དང༌། གཟུགས་སྐུ་གཉིས་ཀ་གཞན་དོན་དུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ཆོས་སྐུ་སངས་རྒྱས་ཁོ་ནའི་ཡུལ་ཡིན་ལ། གཟུགས་སྐུ་ནི་འཁོར་དག་མ་དག་གཉིས་ཀྱི་དོན་བྱེད་པ་ལ་དགོངས་པ་ཡིན་པས་མི་འགལ་ལོ། །གཉིས་པ་དབྱེ་བ་ནི། པི་ཝང་ལེན་པའི་གཟུགས་སུ་སྤྲུལ་ནས་དྲི་ཟའི་རྒྱལ་པོ་རབ་དགའ་བརྟུལ་བ་ལྟ་བུ་བཟོའི་སྤྲུལ་པ་དང༌། དཀོན་མཆོག་སྒྲོན་མེ་ལས། དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་གྱུར། །སྨན་དང་མི་ཟད་རིན་ཆེན་གཏེར་རྣམས་དང༌། །ཡིད་བཞིན་ནོར་བུ་འདོད་སྦྱིན་སྙིང་པོ་དང༌། །ལམ་གོལ་སོང་བ་རྣམས་ལ་ལམ་སྟོན་འགྱུར། །ཞེས་པ་ལྟར་སྐྱེ་བའི་སྤྲུལ་པ་དང༌། མཆོག་གི་སྤྲུལ་པ་བྱང་ཆུབ་ཆེན་པོ་དང༌། མྱ་ངན་ལས་འདས་པ་ལ་སོགས་པ་རྟག་ཏུ་སྟོན་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་འདི་ནི་གདུལ་བྱ་རྣམ་པར་གྲོལ་བར་བྱེད་པའི་ཐབས་ཆེན་པོ་ཡིན་ནོ། །གསུམ་པ་ནི། སྐུ་གསུམ་དག་གིས་སངས་རྒྱས་ཀྱི་སྐུ་ཐམས་ཅད་སྡུས་པར་ཤེས་པར་བྱ་སྟེ། ཇི་ལྟར་བསྡུས་ཤེ་ན། སྐུ་གསུམ་པོ་དག་གི་སྒོ་ནས་ལོངས་སྐུའི་རང་དོན་དང༌། སྤྲུལ་སྐུས་གཞན་དོན་ཏེ། དེ་གཉིས་ཀྱི་རྣམ་མཁྱེན་ཆོས་སྐུ་དང་བཅས་པ་སྟོན་ནོ། །བཞི་པ་ནི། སངས་རྒྱས་ཀྱི་སྐུ་གསུམ་པོ་དེ་དག་ལ་ཆོས་སྐུ་ནི་རྟེན་ཆོས་དབྱིངས་ཐ་དད་མེད་པས་རྟེན་གྱིས་མཉམ་ལ། ལོངས་སྐུ་རྣམས་དགོངས་པ་བཟང་ངན་མེད་པས་དགོངས་པ་མཉམ་ཞིང༌། སྤྲུལ་སྐུ་རྣམས་ཕྲིན་ལས་ཐུན་མོང་དུ་མཛད་པས་ཕྲིན་ལས་ཀྱིས་མཉམ་མོ། །ལྔ་པ་ནི། ཆོས་སྐུ་འདུས་མ་བྱས་པའི་ཕྱིར་རང་བཞིན་གྱིས་རྟག་གོ །ལོངས་སྐུ་ནི་ཐེག་ཆེན་ལ་རྒྱུན་མི་ཆད་པར་ལོངས་སྤྱོད་པའི་ཕྱིར་རྒྱུན་མི་ཆད་པའོ། །སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་འགྲེལ་པར། སྤྲུལ་པའི་སྐུ་ནི་མྱ་ངན་ལས། །འདའ་བར་བརྗོད་ཅིང་གཅིག་ཤོས་མིན། །གཏན་དུ་གནས་པའི་རྒྱུན་ལྡན་ཕྱིར། །མྱ་ངན་ལས་ཀྱང་མི་འདའ་རིགས། །ཞེས་པ་བཞིན་ནོ། །སྤྲུལ་པའི་སྐུ་ནི་ལ་ལར་མི་སྣང་ཡང་ལ་ལར་སྣང་བའི་ཕྱིར་རྒྱུན་གྱིས་རྟག་གོ །གཉིས་པ་ཡེ་ཤེས་སྒྲིབ་པ་མེད་པ་ལ་གསུམ་སྟེ། དབྱེ་བ། སོ་སོའི་མཚན་ཉིད། གྲུབ་པའི་རྒྱུའོ། །དང་པོ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ནི། རྒྱུན་མི་ཆད་པར་ཆོས་དབྱིངས་ལ་གནས་ཤིང་འབྱུང་འཇུག་མི་བྱེད་པས་སམ་ཆོས་ཉིད་ལ་དམིགས་པའི་ཕྱིར་མི་གཡོ་བ་སྟེ། ཊཱིཀྐ་ལས། དེ་བཞིན་ཉིད་ལ་དམིགས་པའི་ངོ་བོ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་མི་གཡོ་བ་ཡིན་ནོ། །ཞེས་བཤད་དོ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན་ཅིང་ཆོས་ཅན་ཡུལ་དུ་བྱེད་པའམ་འབྱུང་འཇུག་ཡོད་པས་གཡོ་བ་ཡིན་ནོ། །གཉིས་པ་ལ་བཞི་སྟེ། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོག་པ། བྱ་བ་གྲུབ་པའོ། །དང་པོ་རང་བཞིན་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ངོ་བོའི་སྒོ་ནས་མཚོན་ན་ང་ཡིར་འཛིན་པ་མེད་ཅིང༌། ཡུལ་ཆོས་ཉིད་ཕྱོགས་དང་དུས་ལ་སོགས་པའི་རིས་སུ་མ་ཆད་པ་ལ་དམིགས་པའོ། །འགྲེལ་ཆེན་མཁན་པོས་ནི་ཡུལ་དུས་ཐམས་ཅད་ཤེས་པས་ན་ཡོངས་སུ་མ་ཆད་ཅེས་སོ། །དུས་ནི་རྟག་ཏུ་ལྡན་ཞིང་སྒྲིབ་གཉིས་བག་ཆགས་དང་བཅས་སྤངས་པས་ཤེས་བྱ་ཀུན་ལ་མ་རྨོངས་ལ་དེ་བཞིན་ཉིད་ལ་དམིགས་པས་ན་སྔོ་སེར་ལ་སོགས་པའི་རྣམ་པ་མི་འཛིན་པས་རྟག་ཏུ་གཟུགས་སོགས་དེ་དག་ལ་མངོན་དུ་ཕྱོགས་པ་མིན་ནོ། །འགྲེལ་ཆེན་མཁན་པོ་ནི་ཡེ་ཤེས་དེ་ལ་ཤེས་བྱའི་གཟུགས་བརྙན་སྣང་ཡང་འདི་ནི་སེར་པོ་ཞེས་དམིགས་པ་རྣམས་མི་གཅོད་ཅིང་མི་རྟོག་པ་ཡིན་ནོ། །ཞེས་སོ། །མཛད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་ཀུན་གྱི་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་འབྱུང་གནས་ཆེན་པོ་དང་འདྲ་བ་ཡིན་ནོ། །འདི་ལ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད་ཅེས་བརྗོད་དོ། །འགྲེལ་པ་ལས་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཡིན་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཞེས་བྱའོ། །མེ་ལོང་ལྟ་བུ་ཞེས་བརྗོད་པ་ནི། མེ་ལོང་གཟུགས་བརྙན་འཆར་བའི་རྟེན་ཡིན་པ་བཞིན་དུ་ཡེ་ཤེས་གསུམ་གཟུགས་བརྙན་དང་འདྲ་བ་དང་འབྱུང་བའི་རྟེན་ཡིན་པའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་རྒྱུ་ནི། བདག་གཞན་མཉམ་པ་ཉིད་དུ་ཚོགས་སྦྱོར་དུ་མོས་པ་དང༌། ས་དང་པོ་ཡན་ཆད་མངོན་སུམ་དུ་རྟོགས་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་བདག་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་དེ་སྒོམ་པ་གོང་ནས་གོང་དུ་དག་པར་བྱས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་འབྱུང་བར་འདོད་དོ། །ངོ་བོ་ནི་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་ཞི་བ་མྱ་ངན་འདས་ལ་བཞུགས་པ་ནི་མཉམ་ཉིད་ཡེ་ཤེས་ཡིན་པར་འདོད་དོ། །ཡོན་ཏན་ནི་དུས་རྣམས་ཀུན་ཏུ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བཞེད་པའི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་འབྱུང་བའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་ན་སེམས་ཅན་དགའ་བའི་ཕྱིར་ཡེ་ཤེས་ཆེན་པོའི་ཟླ་བ་ཡིན་ནོ་ཞེས་གསུངས་སོ། །མཛད་པ་ནི་སེམས་ཅན་རྣམས་ལ་ཇི་ལྟར་མོས་པ་བཞིན་དུ་དེ་དང་མཐུན་པར་སངས་རྒྱས་ཀྱི་སྐུ་ངེས་པར་སྟོན་པ་སྟེ། འདི་ལྟར་སེམས་ཅན་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་ཁ་དོག་སེར་པོ་མཐོང་ངོ་ཞེས་བྱ་བ་ལྟ་བུའོ། །སོ་སོར་རྟོག་པའི་ཡེ་ཤེས་ལ་གསུམ་ལས། ངོ་བོ་ནི་སོ་སོར་རྟོག་པའི་ཡེ་ཤེས་ནི་ཤེས་བྱ་ཀུན་ལ་རྟག་ཏུ་མི་ཐོགས་པ་སྟེ། འབད་མེད་དུ་དུས་གཅིག་ལ་གསལ་བར་མཁྱེན་པའོ། །ཡོན་ཏན་ནི་ཏིང་ངེ་འཛིན་དང་གཟུངས་མང་པོ་འབྱུང་བས་ན་དེ་རྣམས་ཀྱི་གཏེར་དང་འདྲའོ། །མཛད་པ་ནི། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་རིན་པོ་ཆེའི་གཞི་ལ་སོགས་པའི་འབྱོར་པ་ཐམས་ཅད་སྟོན་པར་མཛད་ཅིང་སེམས་ཅན་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པའི་ཆོས་རིན་པོ་ཆེའི་ཆར་རབ་ཏུ་འབེབས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ལ་གཉིས་ལས། དང་པོ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ནི་འཇིག་རྟེན་གྱི་ཁམས་རྣམས་ཀུན་ཏུ་སྐུ་སྣ་ཚོགས་སྟོན་ལ། གྲངས་ལ་སོགས་པ་དཔག་ཏུ་མེད་ཅིང༌། བློས་བསམ་གྱི་མི་ཁྱབ་པའི་སྤྲུལ་པ་མང་པོས་སེམས་ཅན་ཀུན་གྱི་དོན་གྲུབ་པར་བྱེད་དོ། །མཛད་པ་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་དེ་ནི་མཛད་པ་ཇི་ལྟ་བུ་སྒྲུབ་པའི་བྱེ་བྲག་དང༌། གྲངས་ཇི་ཙམ་དང༌། ཞིང་གང་ན་སྟོན་པའི་སྒོ་ནས་རྣམ་པ་ཀུན་ཏུ་བསམ་གྱིས་མི་ཁྱབ་སྟེ་མཐའ་མེད་དོ། །འདི་ལ་མདོ་ལས་སངས་རྒྱས་བཅོམ་ལྡན་འདས་ནི། ཉོན་མོངས་པའི་ནད་རབ་ཏུ་ཞི་བར་མཛད་པའི་ཕྱིར་ཡེ་ཤེས་ཆེན་པོའི་སྨན་ཡིན་ནོ། །འོ་ན་འདིར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མི་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། བཙུན་པ་ན་རེ། རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང༌། །ཞེས་པས་ཆོས་དབྱིངས་ལ་སྐུ་གསུམ་དུ་ཕྱེས་ནས་བསྟན་པས་འདིར་མ་བསྟན་ཞེས་གསུངས་སོ། །བྲམ་ཟེར་ན་རེ། ཆོས་དབྱིངས་ཡེ་ཤེས་ལ་མེ་ལོང་ལ་སོགས་པ་བཞིན་དུ་དམིགས་པ་ལ་སོགས་པ་མེད་པས་མ་བཤད་ཅེས་གསུངས་སོ། །གསུམ་པ་དེ་དག་གྲུབ་པའི་རྒྱུ་ནི་ཐོས་པའི་ཆོས་རྣམས་ལེགས་པར་འཛིན་པ་དང༌། བདག་གཞན་མཉམ་པའི་སེམས་སྒོམ་པ་དང༌། རྙེད་བཀུར་ལ་མི་ལྟ་བར་ཡང་དག་པའི་ཆོས་རབ་ཏུ་སྟོན་པ་དང༌། སེམས་ཅན་གྱི་དགོས་པའི་བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར་རིམ་པ་ལྟར་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་བཞི་ཡང་དག་པར་འབྱུང་ངོ༌། །དྲུག་པ་གཅིག་དང་ཐ་དད་ལས་གྲོལ་པའི་མཚན་ཉིད་ནི། དེ་ལྟ་བུའི་སྐུ་གསུམ་དང་ཡེ་ཤེས་ལྔ་དང་ལྡན་པའི་སངས་རྒྱས་དེ་གཅིག་ཡིན་ནམ་མང་པོ་ཡིན་ཞེ་ན། སངས་རྒྱས་གཅིག་ཁོ་ན་མ་ཡིན་ཏེ་དེ་ཅིའི་ཕྱིར་ཞེ་ན་སེམས་ཅན་ཐ་དད་པས་སངས་རྒྱས་ཀྱི་རིགས་ཅན་མང་པོས་སངས་རྒྱས་སྒྲུབ་པའི་ཕྱིར་ཏེ། སངས་རྒྱས་གཅིག་ལས་མེད་ན་སངས་རྒྱས་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་དོན་དུ་ཚོགས་གཉིས་བསགས་པ་དོན་མེད་པ་འགྱུར་བའི་ཕྱིར་དང༌། སངས་རྒྱས་གཅིག་ལས་མེད་ན་སངས་རྒྱས་ཀྱིས་གཞན་སུ་ཡང་སངས་རྒྱས་ལ་མི་འགོད་པས་སངས་རྒྱས་ཀྱི་མཛད་པ་མ་རྫོགས་པར་འགྱུར་པ་ལས་མཛད་པ་རྫོགས་པའི་ཕྱིར་དང༌། སངས་རྒྱས་གཅིག་ལས་མེད་ན་དེ་ཉིད་ཐོག་མའི་སངས་རྒྱས་སུ་འགྱུར་བ་ལས་སངས་རྒྱས་ཀྱི་ཐོག་མ་ནི་མེད་པའི་ཕྱིར་ཏེ། ཚོགས་མེད་པར་སངས་རྒྱས་མི་ཐོབ་ལ་སངས་རྒྱས་ལ་མ་བརྟེན་པའི་ཚོགས་གཉིས་མེད་པའི་ཕྱིར་རོ། །སངས་རྒྱས་མང་པོ་ཡང་མིན་ཏེ། དྲི་མ་མེད་པའི་དབྱིངས་ན་སངས་རྒྱས་རྣམས་ཀྱི་ཆོས་སྐུ་ལ་ཐ་དད་མེད་པའི་ཕྱིར་རོ། །གཉིས་པ་བྱང་ཆུབ་ལ་འཇུག་པའི་ཐབས་ལ་ལྔ་ལས། གཞི་རྟོག་ཚུལ་ནི། བྱིས་པས་ཀུན་བཏགས་པའི་གཟུང་འཛིན་མེད་པ་གང་ཡིན་པ་དེ་ཉིད་ནི་ཆོས་ཉིད་ཡོངས་གྲུབ་ཏུ་ཡོད་པའི་དམ་པ་ཡིན་ལ། ཀུན་བཏགས་པའི་བདག་ཉིད་རྣམ་པ་ཀུན་ཏུ་མི་དམིགས་པ་དེ་ནི་ཡོངས་སུ་དམིགས་པའི་མཆོག་ཡིན་ནོ། །ལམ་སྒོམ་ཚུལ་ནི། ས་དང་པོ་ནས་བཅུ་པའི་བར་ཐོབ་པ་ན་སྒོམ་པར་བྱ་བ་དང་སྒོམ་པར་བྱེད་པ་རྣམ་པར་མི་ལྟ་བ་དེ་སྒོམ་པ་དམ་པར་འདོད་པ་སྟེ། འབྲས་བུ་ཐོབ་ཚུལ་ནི། ཐོབ་པར་བལྟ་བ་མེད་པ་སྟེ་ཐོབ་བྱར་འཛིན་པ་ཐམས་ཅད་ལས་གྲོལ་བ་ནི་ཐོབ་པ་དམ་པ་ཡིན་ནོ། །རྟོག་པའི་ཉེས་དམིགས་ནི། སངས་རྒྱས་ཉིད་བླ་མ་ཡ་མཚན་དུ་འཛིན་པ་དང༌། སངས་རྒྱས་དེ་འགྲུབ་པ་ལ་གྲངས་མེད་གསུམ་ལ་སོགས་པར་ཚོགས་བསགས་དགོས་པ་དུས་རིང་པོར་ལྟ་བ་དང༌། མཚན་མ་སྟེ་འདི་སྒོམ་པར་བྱའོ་ཞེས་སེམས་ཀྱིས་དམིགས་པར་ལྟ་བ་དང༌། བདག་གི་བརྩོན་འགྲུས་བརྩམས་པ་ཡིན་ཏེ་མྱུར་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་ལྟ་ཞིང་བདག་གཞན་ཁྱད་དུ་གསོད་པའི་བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན་དེ་དག་ནི་དམིགས་པའི་རྣམ་པར་རྟོག་པ་ཅན་ཡིན་པའི་ཕྱིར་བྱང་ཆུབ་ལས་རིང་ངོ༌། །མི་རྟོག་པའི་ཕན་ཡོན་ནི། ཇི་སྐད་བཤད་པའི་སངས་རྒྱས་དེ་ཐོབ་པའི་དུས་ལ་སོགས་པ་འདི་དག་ཀུན་ལ་གཟུང་བར་མ་ཞེན་པས་རྟོག་པ་ཙམ་དུ་ལྟ་ཞིང་རྟོག་པ་ཙམ་དེ་ལ་ཡང་མི་རྟོག་པའི་བྱང་སེམས་རྟོག་མེད་རྣམས་ནི་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་བྱང་ཆུབ་ཐོབ་པ་དང་འདྲ་བར་ངེས་པར་བརྗོད་དོ། །བྱང་ཆུབ་ལ་འཇུག་པའི་ཐབས་བསྟན་ཟིན་ཏོ། །གསུམ་པ་མཛད་པ་རོ་གཅིག་པར་བསྟན་པ་ནི། ཆུ་ཀླུང་གངྒཱ་ལ་སོགས་པ་དག་སའི་འོག་རྒྱ་མཚོ་ཆེན་པོར་མ་སོང་བ་ན་འབབ་པའི་གནས་རྣམས་ཐ་དད་དེ་མཚོ་མ་དྲོས་པའི་ཕོ་བྲང་རིན་པོ་ཆེ་ལས་གྲུབ་པའི་ཕྱོགས་བཞི་ནས་ཆུ་བོ་འབབ་ཅིང་ཐ་དད་ནས་འགྲོ་བའི་ཕྱིར་ཏེ། ཆུ་ཀླུང་གངྒཱ་སིན་ངྷུ་པཀྵུ་དང༌། །སི་ཏཱ་རྦ་རླབས་དབུ་བའི་ཕྲེང་བ་ཅན། །འབབ་ཅིང་ཐམས་ཅད་གསལ་བའི་ཆུ་ཡིན་ཏེ། །ཕྱོགས་བཞིར་ཁོ་ར་ཁོར་ཡུག་དག་ནས་བྱུང༌། །གངྒཱ་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ། །སིན་ངྟུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན། །པཀྵུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོ། །དེ་ཡི་བྱང་ཕྱོགས་རྒྱ་མཚོར་སི་ཏཱ་འགྲོ། །ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། །མཆོག་ཏུ་བཟང་ཞིང་ཡིད་འོང་འབབ་པ་སྟེ། །རེ་རེའང་ལྔ་བརྒྱ་ལྔ་བརྒྱ་ཁྱེར་ནས་ནི། །ཆུ་ཡི་རྒྱུན་ཆགས་རྒྱ་མཚོ་ཆེན་པོར་འགྲོ། །ཞེས་འབྱུང་བ་ཡིན་ནོ། །ཆུ་ཡང་མ་འདྲེས་པས་ཐ་དད་ལ་རྒྱ་མཚོ་ལ་ལྟོས་ནས་ཆུ་བྱུང་ཞིང་རང་གི་བྱ་བ་ཐ་དད་པ་བྱེད་ལ། ཆུ་དེ་དག་ལ་གནས་པའི་སྲོག་ཆགས་ཕྲ་མོ་ཉུང་ངུས་ཉེ་བར་སྤྱད་བྱར་འགྱུར་རོ། །རྒྱ་མཚོར་སོང་ན་དེ་དག་ཐམས་ཅད་ཀྱང་གནས་གསེར་གྱི་ས་གཞི་ལ་བརྟེན་པར་གཅིག་ཅིང་ཆུ་ཐམས་ཅད་ཚོགས་པས་ཆེ་ལ་འདྲེས་པས་སམ་ལན་ཚའི་རོར་གཅིག་ཅིང་བྱ་བ་ཡང་གཅིག་ཅིང་རྒྱ་མཚོའི་ཆུ་ལ་གནས་པའི་སྲོག་ཆགས་མང་པོའི་དུས་རྟག་ཏུ་ཉེ་བར་སྤྱད་བྱ་ཆེན་པོར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཉིད་དུ་མ་ཞུགས་པའི་བརྟན་པ་རྣམས་སོ་སོའི་ཕུང་པོ་ལ་བརྟེན་པས། །རྟེན་ཀྱང་ཐ་དད་ལ། བློ་གྲོས་བརྟན་མི་བརྟན་ནམ། ཆེ་ཆུང་ཡོད་པས་ཐ་དད་ཅིང་སངས་རྒྱས་ཀྱི་ཡེ་ཤེས་ལ་ལྟོས་ནས་རྟོགས་པ་ཆུང་ཤིང་རང་གི་བྱ་བ་སྟེ་ཕྲིན་ལས་ཐ་དད་ལ། སངས་རྒྱས་ལ་ལྟོས་ནས་སེམས་ཅན་ཉུང་ངུའི་དོན་དུ་རྟག་ཏུ་ཉེ་བར་སྤྱད་བྱར་འགྱུར་རོ། །སངས་རྒྱ་ཉིད་ཞུགས་ན་སྔར་གྱི་བྱང་ཆུབ་སེམས་དཔའ་དེ་དག་ཀུན་རྟེན་ཡང་ཆོས་དབྱིངས་དག་པ་གཉིས་ལྡན་ལ་བརྟེན་པར་གཅིག་ཅིང་ཤེས་བྱ་ཐམས་ཅད་རྟོགས་པས་ན་རྟོགས་པ་ཆེ་ལ། བློ་གྲོས་ཆེ་ཆུང་མེད་པར་གཅིག་གོ །ཕྲིན་ལས་ཐུན་མོང་དུ་མཛད་པས་ན་མཛད་པ་གཅིག་ཏུ་འདྲེས་ཤིང༌། དུས་རྟག་པར་སེམས་ཅན་གྱི་ཚོགས་ཆེན་པོའི་ཉེ་བར་སྤྱད་བྱ་ཆེན་པོར་འགྱུར་རོ། །བྱང་ཆུབ་ཀྱི་གནས་ཚུལ་བསྟན་ཟིན་ཏོ། །གཉིས་པ་དེ་ལ་སྤྲོ་བ་སྐྱེད་པ་ནི། དེ་ལྟར་སངས་རྒྱས་ཉིད་ནི་རང་དོན་ཕུན་སུམ་ཚོགས་པ་སྟོབས་ལ་སོགས་པ་དཀར་པོའི་ཆོས་དཔེ་མེད་པ་དང་ལྡན་པའི་ཕྱིར་དང༌། གཞན་དོན་ཕུན་སུམ་ཚོགས་པ་སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་རྒྱུ་བྱེད་པའི་ཕྱིར་དང༌། བདེ་བར་གནས་པའི་ཁྱད་པར་ཟག་མེད་ཀྱི་བདེ་བ་ཆེན་པོ་ཁ་ན་མ་ཐོ་བ་མེད་པས་དགེ་བ་མཚུངས་པ་མེད་པས་དམ་པ། ཕུང་པོ་ལྷག་མེད་དུ་ཡང་མི་ཟད་པ་རྣམས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་བློ་དང་ལྡན་པ་རྣམས་ཀྱིས་དེ་ལྟ་བུའི་རྒྱུ་བྱང་ཆུབ་ཀྱེ་སེམས་དགེ་བ་དེ་བླང་བར་རིགས་སོ། །གཉིས་པ་སྔ་མ་རྣམས་ཀྱི་འཇུག་སྡུད་ནི། སྡོམ་ནི་དང་པོ་ཞེས་པ་ངག་དང་པོ་ཚིགས་བཅད་དྲུག་གོ །སྒྲུབ་ཅེས་པ་བཀར་སྒྲུབ་བོ། །གང་ལ་བསླབ་པར་བྱ་བའི་དམིགས་པ་བཤད་ཟིན་ཏོ།། ༈ །།ད་ནི་ཇི་ལྟར་སློབ་པའི་སྤྱོད་པ་བསྟན་པར་བྱའོ། །དེ་ལ་གཉིས་ཏེ། ཆོས་ལ་འཇུག་པ་དང༌། དོན་ལ་འཇུག་པའི་སྤྱོད་པའོ། དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ་ལྔ། མོས་པ་དང༌། ཆོས་ཚོལ་བ། ཆོས་བཤད་པ། ཆོས་སྒྲུབ་པ། གདམ་ངག་རྗེས་སུ་བསྟན་པའོ། །དང་པོ་ལ་མོས་པའི་ཡུལ་ནི། ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པའོ། །ངོ་བོ་ནི། ཀུན་ལས་བཏུས་ལས། མོས་པ་གང་ཡིན་ཞེ་ན། ངེས་པའི་དངོས་པོ་ལ་ཇི་ལྟར་ངེས་པ་བཞིན་དུ་འཛིན་པ་སྟེ། ཞེས་གསུངས་སོ། །རྒྱུ་ནི། སྐྱེས་བུ་དམ་པ་ལ་བརྟེན་པ་ལ་སོགས་པ་ཡིན་ནོ། །མོས་པའི་དབྱེ་བ་ལ་གཉིས་ཏེ། དབྱེ་བ་སྤྱིར་བསྟན་པ་དང༌། ཐེག་ཆེན་གྱི་ཆོས་ལ་སྦྱར་བའོ། །དང་པོ་ལ་གསུམ་ལས། མོས་པའི་དབྱེ་བ་དངོས་ནི། ཉེར་བདུན་ཡོད་པ་ལས་དུས་ཀྱི་སྒོ་ནས་དབྱེ་ན་སྐྱེས་ནས་འགགས་པ་འདས་པ་དང༌། སྐྱེས་ལ་མ་འགགས་པ་ད་ལྟར་བྱུང་བ་དང༌། སྐྱེ་རུང་དུ་ཡོད་ཀྱང་མ་སྐྱེས་པ་མ་འོངས་པ་དང༌། ཕྱི་ནང་གི་ཕྱེ་ན་འཛིན་པ་རང་བཞིན་མེད་པར་མོས་པ་ནང་གི་དང༌། གཟུང་བར་གྱུར་པ་རང་བཞིན་མེད་པར་མོས་པའི་ཕྱིར་དང༌། ཕྲ་རགས་ཀྱིས་ཕྱེ་ན་གྲོགས་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བླངས་པ་ནི་རགས་པ་དང༌། བདག་ཉིད་ལ་རྒྱས་པའི་རིགས་ལ་སོགས་པ་ཡོད་པའི་སྟོབས་ཀྱིས་སྐྱེས་པ་ནི་ཕྲ་བའོ། །མཆོག་དམན་ཀྱི་སྒོ་ནས་དབྱེ་ན། བདག་ཏུ་ལྟ་བ་ལ་སོགས་པ་ཕྱིན་ཅི་ལོག་ལ་མོས་པ་ནོར་བ་སྟེ་ངན་པའོ། །དེ་བཞིན་གཤེགས་པའི་གསུང་རབ་ལས་བྱུང་བའི་དོན་ཕྱིན་ཅི་མ་ལོག་པ་ལ་མོས་པ་ནི་མ་ནོར་བ་སྟེ་གྱ་ནོམ་པའོ། །དེ་ཉིད་སྔ་མ་ལས་གཞན་ཡིན་པས་ན་གཞན་ཞེས་བྱའོ། །ཉེ་རིང་གིས་དབྱེ་ན། མོས་པ་སྐྱེ་བའི་རྐྱེན་སྐྱེས་བུ་དམ་པ་ལ་སོགས་པ་མངོན་སུམ་དུ་གྱུར་པ་ནི་ཉེ་བ། མངོན་སུམ་དུ་གྱུར་པ་མ་ཡིན་པ་ནི་ཉེ་བ་དེ་ལས་གཞན་རིང་བའོ། །རྒྱུ་ཡིས་དབྱེ་ན། གཞན་གྱི་སྒྲ་ལ་བརྟེན་ནས་འབྱུང་བ་ཐོས་པ་དང༌། ཐོས་པའི་རང་གི་བློས་ཚོལ་བ་ལས་བྱུང་བ་བསམ་པ་དང༌། དོན་དེ་ལ་རྩེ་གཅིག་ཏུ་ལྟ་བ་ལས་བྱུང་བ་སྒོམ་བྱུང་གི་མོས་པའོ། །ཆེ་འབྲིང་གི་དབྱེ་བ་ནི། མི་མཐུན་ཕྱོགས་སྟོབས་ཆེ་བས་དེས་འཕྲོགས་པ་ནི་ཆུང་ངུ་དང༌། སྟོབས་མཉམ་པས་འཕྲོགས་མི་འཕྲོགས་འདྲེས་པ་ནི་འབྲིང་པོ་དང༌། གཉེན་པོ་སྟོབས་ཆེ་བས་མི་མཐུན་ཕྱོགས་དང་མ་འདྲེས་པ་ནི་ཆེན་པོ་དང༌། ཡུལ་གྱིས་དབྱེ་ན། ཉན་རང་གི་ཐེག་པ་ལ་མོས་པ་དམན་པ་དང༌། ཐེག་ཆེན་ལ་མོས་པ་རྒྱ་ཆེན་པོའོ། །རྐྱེན་གྱི་སྒོ་ནས་དབྱེ་ན། མོས་པ་ཅུང་ཟད་ཡོད་པ་ཁྱད་པར་དུ་འགྲོ་བ་ལ་འགལ་རྐྱེན་གྱི་སྒྲིབ་པ་དང༌། དེས་མ་སྒྲིབ་པ་དང༌། རྟག་ཏུ་རྒྱུན་མི་འཆད་པར་འབད་པ་དྲག་པོས་གུས་པར་སྦྱོར་བ་བརྩོན་པ་དང༌། དེ་ལས་ཟློག་པ་མི་བརྩོན་པའོ། །རྒྱུ་ཚོགས་ཀྱིས་དབྱེ་ན། ཆོས་མཆོག་མན་ཆད་དུ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་བདེན་པ་མངོན་པར་རྟོགས་པར་རུང་བ་བསགས་པ་དང༌། དེ་ལས་ཟློག་པ་མ་བསགས་པའོ། །ས་མཚམས་ཀྱིས་དབྱེ་ན། དང་པོའི་མོས་པ་ནི་བརྟན་པར་བཞུགས་པ་ཡིན་ལ། གཉིས་པ་ཡན་ཆད་ནི་འོག་མ་ལས་རིང་དུ་སོང་བས་ན་རིང་དུ་སོང་བའི་མོས་པའོ། །བར་ཆད་ནི་སྐྱེས་པ་འདས་པ་དང༌། ད་ལྟར་གྱི་མོས་པ་ལ་ནི་སྐྱེས་པ་དེ་དག་འདྲེས་པར་ཡིད་ལ་མི་བྱེད་པར་དུས་མང་པོར་འདུག་པས་བར་དུ་གཅོད་པ་ཡིན་ལ། མ་སྐྱེས་པ་ལ་ནི་ཕྱིས་བསྐྱེད་པའི་ཆེད་དུ་མི་བརྩོན་པས་ལེ་ལོས་སོ། །འཛིན་དང་གཟུང་གྱུར་ལ་རྣལ་འབྱོར་འཁྲུགས་པ་སྟེ་གཟུང་འཛིན་དུ་སྣང་བ་ལྟར་བདེན་པར་ཞེན་པས་སོ། །གྲོགས་ལས་བླངས་པ་ལ་ནི་གྲོགས་ངན་པ་སྟེ་སྡིག་པའི་གྲོགས་པོས་སོ། །བདག་ཉིད་ལ་བྱུང་བ་ལ་ནི་རང་གི་དགེ་བ་ཞན་པས་སོ། །མ་ནོར་བ་ལ་ནི་བདག་མེད་པ་ལ་བདག་ཏུ་འཛིན་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་སོ། །མངོན་སུམ་པ་ནི་དགེ་བའི་ཆོས་རྣམས་མི་སྒོམ་ཞིང༌། ཟག་བཅས་ཀྱི་ཆོས་ལས་སེམས་མི་བསྲུང་བའི་བག་མེད་པས་སོ། །སྒྲ་ལས་བྱུང་བ་ནི་ཐོས་པ་ཉུང་བ་སྟེ་ངེས་དོན་གྱི་མདོ་སྡེ་མ་ཐོས་པས་སོ། །ཚོལ་བ་ལ་ནི་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་དང་བསམ་པ་ཉུང་ངུས་ཆོག་པར་འཛིན་པས་སོ། །ལྟ་བ་ལ་ནི་བསམ་པ་ཙམ་གྱིས་ཆོག་པར་འཛིན་པ་དང༌། ཞི་གནས་ཙམ་གྱིས་ང་རྒྱལ་བྱེད་ཅིང་ལྷག་མཐོང་ལ་བརྩོན་པར་མི་བྱེད་པས་སོ། །དེ་བཞིན་དུ་འཕྲོག་པ་དང་འདྲེས་པ་གཉིས་ལ་ནི་གཉེན་པོའི་ཕྱོགས་ལ་མ་འདྲེས་པས་བར་དུ་གཅོད་པ་ཡིན་པར་འདོད་དོ། །དམན་པ་ལ་ནི་འཁོར་བ་ལས་མི་སྐྱོ་བས་སོ། །རྒྱ་ཆེན་པོ་ལ་ནི་ལྷག་པར་སྐྱོ་བས་སོ། །བརྩོན་པ་ལ་ནི་མི་བརྩོན་པས་སོ། །བསགས་པ་ལ་ནི་ཚོགས་མ་བསགས་པས་བར་དུ་གཅོད་པ་སྟེ། བཅུ་དྲུག་པོ་དེ་དག་ནི་མོས་པའི་བར་དུ་གཅོད་པར་ཤེས་པར་བྱའོ། །མོས་པ་ཉེར་བདུན་ལ་བར་ཆད་བཅུ་དྲུག་ལས་མ་བཤད་པ་ནི། ནོར་བ་དང༌། སྒྲིབས་པ་དང༌། མི་བརྩོན་པ་དང༌། མ་བསགས་པ་དང༌། མངོན་སུམ་མ་ཡིན་པ་སྟེ་ལྔ་ནི་བར་ཆད་ཀྱི་ངོ་བོ་ཡིན་པས་དེ་དག་ལ་བར་དུ་གཅོད་བྱེད་གཞན་མ་བཤད་ལ། མི་མཐུན་ཕྱོགས་དང༌། མ་འདྲེས་པ་དང༌། བརྟན་ཞུགས་དང༌། རིང་དུ་སོང་བ་གསུམ་ནི་བར་ཆད་ལས་གྲོལ་བ་ཡིན་ནོ། །ཕན་ཡོན་ནི་བཅུ་ལས། ད་ལྟར་བྱུང་བའི་མོས་པའི་ཕན་ཡོན་ནི་བསོད་ནམས་ཆེ་བའོ། །འདས་པ་ནི་སྔར་དགེ་བ་བྱས་པས་འགྱོད་པ་མེད་པའོ། །འཛིན་པ་དང་གཟུང་གྱུར་གཉིས་ཀྱིས་ཏིང་ངེ་འཛིན་དང་ལྡན་པས་ཡིད་ཤེས་དང་མཚུངས་ལྡན་གྱི་ཡིད་བདེ་བ་དང་སྒོ་ལྔའི་རྣམ་ཤེས་དང་མཚུངས་ལྡན་གྱི་བདེ་བ་ཆེ་བའོ། །གྲོགས་པོ་ལས་བླངས་པའི་ནི་འབྲས་བུ་དོན་བྱེད་པས་ཆུད་མི་ཟའོ། །བདག་ཉིད་ཀྱི་སྔོན་གྱི་དགེ་བའི་མཐུས་མི་ཉམས་པས་ན་བརྟན་པའོ། །དེ་བཞིན་དུ་མ་ནོར་བ་དང༌། མངོན་སུམ་པ་དང༌། ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལས་བྱུང་བ་དང༌། ཆུང་ངུ་དང༌། འབྲིང་སྟེ་བདུན་གྱིས་ནི་མོས་པ་གོང་དུ་ཁྱད་པར་དུ་འགྲོ་བའོ། །ཆེན་པོ་ནི་བདག་མེད་ཀྱི་ཆོས་མངོན་པར་རྟོགས་པའོ། །དམན་པའི་ནི་བདག་གི་དོན་ཐོབ་པའོ། །ཁྱད་པར་དུ་འཕགས་པའི་ནི་གཞན་གྱི་དོན་གྱི་མཆོག་སངས་རྒྱས་ཉིད་ཐོབ་པའོ། །མ་སྒྲིབས་པ་དང༌། བརྩོན་པ་དང༌། བསགས་པ་དང༌། བརྟན་པ་དང༌། རིང་དུ་སོང་བ་སྟེ། ལྔ་ཡིས་ནི་མངོན་ཤེས་མྱུར་བ་སྟེ་རང་རང་གི་རྟོགས་བྱ་རྣམས་མྱུར་དུ་རྟོགས་པའོ། །ནོར་བ། སྒྲིབ་པ། མི་བརྩོན་པ། མ་བསགས་པ། མངོན་སུམ་མ་ཡིན་པ་སྟེ་ལྔ་ལ་ནི་ཕན་ཡོན་མེད་ལ་མ་འོངས་པ་ནི་མ་སྐྱེས་པས་ཕན་ཡོན་མ་བཤད་དོ། །གཉིས་པ་ཐེག་ཆེན་གྱི་མོས་པ་ལ་སྦྱར་བ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་སྡུས་པའི་སྒོ་ནས་འབྲས་བུ་བསྟན་པའོ། །དང་པོ་ལ་བཞི་ལས། མོས་པའི་ཁྱད་པར་ནི། འདོད་པ་ན་སྤྱོད་པ་ཅན་གྱི་མོས་པ་དང་འདྲའོ། །ཞེས་བསྟན་ནས་ཇི་ལྟར་འདྲ་ཞེ་ན། གོ་རིམ་བཞིན་དུ་ཁྱི་ནི་རྟག་ཏུ་ལྟོགས་ཤིང་སྡུག་བསྔལ་གྱིས་ཉེན་ལ། ཁ་ཟས་ཡོད་ཀྱང་ཆོག་མི་ཤེས་པ་བཞིན་དུ་འདོད་ཡོན་ལ་གཡེམ་པ་འདོད་ཁམས་པ་རྣམས་ཀྱང་འདོད་ཡོན་གྱིས་འཕོངས་ཤིང་སྡུག་བསྔལ་གྱིས་ཉེན་ལ་འདོད་ཡོན་འབྱོར་ཀྱང་ཆོག་མི་ཤེས་པ་ཡིན་ནོ། །མདོ་ལས། ཁྱི་ནི་རུས་པ་སྐམ་པོ་ཁར་བཅུག་ནས། །རང་གི་ཁྲག་ལ་དེ་རུ་མངོན་པར་ཞེན། །དེ་བསྲུངས་གཞན་ལ་རབ་ཏུ་སྡང་བ་ལྟར། །འཇིག་རྟེན་ལོག་པར་མངོན་ཞེན་དེ་བཞིན་ནོ། །ཞེས་སོ། །འཇིག་རྟེན་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ཀྱི་མོས་པ་ནི་རུས་སྦལ་དང་འདྲ་སྟེ། རུས་སྦལ་ནི་ཆུའི་ནང་དུ་རང་གི་སྣོད་དེར་ཡན་ལག་བསྐུམས་ཏེ་འཇུག་པས་གཞན་གྱི་གནོད་པ་མི་འབྱུང་བར་སེམས་པ་ལྟར། འཇིག་རྟེན་པའི་བསམ་གཏན་བཞི་དང༌། གཟུགས་མེད་བཞིའི་ཏིང་ངེ་འཛིན་གྱི་སེམས་གཞན་པ་རྣམས་ཀྱང་ཏིང་ངེ་འཛིན་དེ་ཙམ་གྱིས་ཆོག་པར་འཛིན་ཅིང་གནས་པས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མི་ཤེས་པའི་ཕྱིར་འཁུམས་ཏེ་འདུག་པ་ཡིན་ནོ། །རང་དོན་འབའ་ཞིག་བྱེད་པ་ཉན་རང་རྣམས་ཀྱི་མོས་པ་ནི་བྲན་དང་འདྲ་སྟེ། ཇི་ལྟར་བྲན་ནི་རྗེ་བོའི་བཀའ་བཞིན་མ་བྱས་ན་བདག་ཉིད་ལ་གནོད་པ་བྱུང་དུ་དོགས་ནས་དུས་རྟག་ཏུ་འཇིགས་ཤིང་སྐྲག་པ་ལྟར། རང་དོན་བྱེད་པ་ཉན་རང་རྣམས་ཀྱང་འཁོར་བ་ལ་འཇིགས་ཤིང་སྐྲག་ནས་རང་ཉིད་དེ་ལས་ཐར་པར་བྱ་བའི་ཕྱིར་འབད་པ་ཡིན་ནོ། །གཞན་དོན་བྱེད་པ་ཐེག་ཆེན་པའི་མོས་པ་ནི་རྒྱལ་པོའི་མོས་པ་དང་འདྲ་སྟེ། ཇི་ལྟར་རྒྱལ་པོ་ནི་རང་གི་མངའ་རིས་སུ་གཏོགས་པ་ཐམས་ཅད་ཀྱི་དོན་དུ་གཙུག་ལག་དང་མཐུན་པའི་བཀའ་ཡིས་རང་གི་ཡུལ་ཐམས་ཅད་ལ་དབང་སྒྱུར་ཞིང་གནས་པ་ལྟར། གཞན་དོན་བྱེད་པ་ཐེག་ཆེན་ཡང་སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་ཐབས་ལ་དབང་བསྒྱུར་བ་ཡིན་ཏེ། དེ་ལྟར་མོས་པ་སྣ་ཚོགས་དེ་དག་གིས་དེ་དག་ལྡན་པའི་གང་ཟག་རྣམས་ཀྱི་མཆོག་དམན་གྱི་ཁྱད་པར་རྟག་ཏུ་ཤེས་པར་བྱའོ། །གཉིས་པ་ཁྱད་པར་རྟོགས་ནས་ཐེག་ཆེན་གྱི་མོས་པ་ལ་སྦྱར་བ་དངོས་ནི། ཐེག་པ་ཆེན་པོ་འདི་ལ་མོས་པ་དེ་མོས་པ་རྣམས་ལས་མཆོག་ཏུ་གྱུར་པ་ཚུལ་བཞིན་དུ་རིག་ནས་མོས་པ་ལ་འཇུག་པའི་སྐབས་འདི་ནི་བསྟན་པས་ཐེག་ཆེན་དེ་ལ་དེ་ཉིད་རྟག་པར་རབ་ཏུ་ཚོལ་ལོ། །གསུམ་པ་ཞུམ་པ་དགག་པ་ནི། ཐེག་ཆེན་དེ་ཡོན་ཏན་ཆེ་ཡང་དེ་སྒྲུབ་མི་ནུས་སོ་སྙམ་ན། དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་རྟེན་ལྷ་ལ་སོགས་པ་མི་དགོས་ཀྱི་མིར་གྱུར་པའི་སེམས་ཅན་གྱིས་ཀྱང་རྫོགས་པའི་བྱང་ཆུབ་ཐོབ་པ་དང༌། དེ་ཡང་གྲངས་རེ་རེ་ཙམ་དུ་མ་ཟད་ཀྱི་ཚད་མེད་པས་ཐོབ་པ་དང༌། དུས་རིང་པོ་ནས་འགའ་ཞིག་གིས་ཐོབ་པར་མ་ཟད་ཀྱི་སྐད་ཅིག་རེ་རེ་ཞིང་རྒྱུན་མི་ཆད་པར་ཐོབ་ཅིང་ཡོད་པ་དེའི་ཕྱིར་བདག་གིས་སངས་རྒྱས་སྒྲུབ་མི་ནུས་སྙམ་དུ་ཞུམ་པ་དྭངས་དུ་བླང་བར་མི་བྱའོ། །བཞི་པ་བསོད་ནམས་ཀྱི་ཁྱད་པར་ནི། གཞན་དོན་དུ་གཞན་དག་ལ་ཟས་བྱིན་པ་ལས་བསོད་ནམས་འཕེལ་པ་ལྟར། རང་དོན་དུ་བདག་ཉིད་ཀྱིས་ཟ་བ་ལ་མ་ཡིན་པ་དེ་བཞིན་དུ་གཞན་དོན་གྱི་རྟེན་ཐེག་ཆེན་གྱི་ཆོས་བསྟན་པ་ལས་བསོད་ནམས་ཆེན་པོ་ཐོབ་པར་ཐེག་ཆེན་གྱི་མདོ་ལས་གསུངས་པ་དེ་ལྟ་བུ་ནི་རང་གི་དོན་གྱི་རྟེན་ཉན་རང་གི་ཆོས་བསྟན་པ་ལས་ཐོབ་པ་མ་ཡིན་ནོ། །གཉིས་པ་ནི། ཡུལ་དེ་ལྟར་འཕགས་པ་ཆེན་པོ་སངས་རྒྱས་ཀྱི་ཆོས་ཡངས་ཤིང་རྒྱ་ཆེ་བར་འགྱུར་བ་ལ་གང་ཟག་བློ་དང་ལྡན་པས་དུས་རྟག་ཏུ་མོས་པ་ཆེན་པོ་སྐྱེད་ན། སྐྱེས་བུ་བྱེད་པའི་འབྲས་བུ་བསོད་ནམས་རྒྱ་ཆེན་པོ་རྒྱུན་མི་ཆད་པར་འཕེལ་བ་དང༌། རྒྱུ་མཐུན་གྱི་འབྲས་བུ་མོས་པ་དེ་ཉིད་འཕེལ་བ་དང༌། རྣམ་སྨིན་གྱི་འབྲས་བུ་དེ་ལ་བརྟེན་ནས་འབྱུང་བའི་ཡོན་ཏན་དཔག་ཏུ་མེད་པ་བདག་ཉིད་ཆེན་པོ་སངས་རྒྱས་སུ་འགྱུར་རོ། །མོས་པའི་སྐབས་བཤད་ཟིན་ཏོ།། ༈ །།དེ་ལྟར་མོས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཚོལ་བས་མོས་པའི་འོག་ཏུ་ཆོས་ཚོལ་བསྟན་ནོ། །དེ་ལ་སྤྱི་དོན་དང༌། གཞུང་དོན་གཉིས་ལས། དང་པོ་ལ་ལྔ་སྟེ། ཆོས་ཚོལ་གྱི་ངོ་བོ། གང་ལས་བཙལ་བའི་ཡུལ། གང་བཙལ་བར་བྱ་བའི་ཆོས། ཚུལ་ཇི་ལྟར་ཚོལ་བ། བཙལ་བའི་དགོས་པ། དང་པོ་ནི། དགེ་ལ་སྤྲོ་བའི་བརྩོན་འགྲུས་དྲག་པོས་ཀུན་ནས་བླངས་ཏེ་ཤེས་རབ་ཀྱིས་ཆོས་ཀྱི་ཚིག་དོན་བཙལ་བ་སྟེ། དེ་ལྟར་བློ་གྲོས་དགེ་བས་བརྩོན་འགྲུས་དྲན་བརྟེན་ནས། །ཞེས་སོ། །གཉིས་པ་ནི། དགེ་བའི་བཤེས་གཉེན་ལས་སོ། །གསུམ་པ་ནི། རིག་པའི་གནས་ལྔའོ། །བཞི་པ་ལ་བསམ་པ་དང༌། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ནི། ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཆེན་པོ་བསྐྱེད་དེ་ལེགས་པར་གསུངས་པ་གཅིག་གི་ཕྱིར་ལྕགས་ཀྱི་ས་གཞི་འབར་བར་འགྲོ་དགོས་ཀྱང་དགའ་ཞིང་སྤྲོ་བའི་བསམ་པས་ཚོལ་བའོ། །སྦྱོར་བ་ནི། བྱང་ས་ལས། དེ་ཡོན་ཏན་འདོད་པས་ཆོས་སྨྲ་བའི་ཐ་དད་དུ་འགྲོ་བར་བྱེད་ཀྱི་ཀླན་ཀ་ཚོལ་བའི་སེམས་ཀྱིས་ནི་མ་ཡིན་ནོ། །གུས་པ་དང་བཅས་པས་འགྲོ་ཡི་ང་རྒྱལ་ཀྱི་ཁེངས་པས་ནི་མ་ཡིན་ནོ། །དགེ་བ་ཇི་ལྟ་བུ་ཞིག་བཙལ་སྙམ་པས་འགྲོ་ཡི། བདག་ཉིད་གྲགས་པའི་ཕྱིར་ནི་མ་ཡིན་ནོ། །བདག་དང་གཞན་དགེ་བའི་རྩ་བ་ཡང་དག་པར་སྦྱར་བར་བྱའོ་སྙམ་གྱི། རྙེད་པ་དང་བཀུར་སྟིའི་ཕྱིར་ནི་མ་ཡིན་ནོ། །ཞེས་གསུངས་བ་ལྟ་བུའི་སྒོ་ནས་ཆོས་ཚོལ་ལོ། །དངོས་གཞི་ནི། བྱང་ས་ལས། དེ་ལྟར་འགྲོ་བ་དང་ལྡན་པས་ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་གཡེང་བ་མེད་པས་ཆོས་ཉན་ནོ། །ཇི་ལྟར་ན་ཀུན་ནས་ཉོན་མོངས་མེད་པས་ཆོས་ཉན་ཞེ་ན། ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང༌། ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང༌། ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བས་སོ་ཞེས་པ་དང༌། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམ་པར་མི་གཡེང་བར་ཆོས་ཉན་པ་ཡིན་ཞེ་ན་རྣམ་པ་ལྔ་སྟེ། ཀུན་ཤེས་པར་བྱ་བའི་སེམས་དང་ལྡན་པ་དང༌། སེམས་རྩེ་གཅིག་པ་དང༌། རྣ་བར་གླགས་པ་དང༌། ཡིད་བཏུད་པ་དང༌། ཡིད་ཀུན་གྱིས་བསམས་ནས་ཉན་ཏེ་བྱང་ཆུབ་སེམས་དཔའ་ནི་དེ་ལྟར་ཐོས་པ་ཚོལ་བར་བྱེད་དོ། །ཞེས་གསུངས་པ་ལྟར་ལེགས་པར་སྒྲུབ་བོ། །ལྔ་པ་ནི། བདག་ཉིད་ཀྱིས་སྒྲུབ་ཅིང་གཞན་ལ་བསྟན་པའི་ཕྱིར་ནང་རིག་པ་དང༌། ལོག་རྟོག་ཚར་བཅད་པའི་ཕྱིར་གཏན་ཚིགས་དང༌། ཚིག་ལ་མཁས་པའི་སྒོ་ནས་གཞན་ལ་ཕན་གདགས་པའི་ཕྱིར་སྒྲ་དང༌། སེམས་ཅན་རྣམས་ཀྱི་ནད་ཞི་བར་བྱ་བའི་ཕྱིར་གསོ་བ་དང༌། སེམས་ཅན་རྣམས་ཀྱི་འཕྲལ་གྱི་དགོས་པ་སྒྲུབ་པའི་ཕྱིར་བཟོ་རིག་པའི་གནས་ཚོལ་བར་བྱེད་དོ། །གཞུང་གི་དོན་ལ་གཉིས་ཏེ། ཆོས་ཚོལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའི་སྒོ་ནས་ཆེ་བ་བརྗོད་པའོ། །དང་པོ་ལ་གཉིས་ཏེ། བླང་བྱ་དང༌། དོར་བྱ་ཚོལ་བའོ། །དང་པོ་ལ་གཉིས་ཏེ། གང་བཙལ་བའི་ཆོས་དང༌། གང་གི་ཕྱིར་བཙལ་དགོས་པའོ། །དང་པོ་ལ་གཉིས་ཏེ། བཙལ་བྱའི་ཆོས་དངོས་དང༌། ཆོས་ཚོལ་གྱི་དབྱེ་བའོ། །དང་པོ་ལ་གསུམ་སྟེ། གཙོ་བོར་ནང་རིག་པ་དང༌། སྤྱིར་རིག་པའི་གནས་ལྔ་དང༌། ཁྱད་པར་དུ་ཁམས་རྒྱས་པར་བྱེད་པའི་ཆོས་བཙལ་བའོ། །དང་པོ་ལ་གཉིས་ཏེ། རྗོད་བྱེད་གཞུང་དང༌། བརྗོད་བྱའི་དོན་བཙལ་བའོ། །དང་པོ་ལ་གསུམ་སྟེ། དམིགས་པ་དང༌། དམིགས་པ་རྙེད་པ་དང༌། རྙེད་པའི་ཐབས་ཡིད་ལ་བྱེད་པའོ། །དང་པོ་ལ་གཉིས་ཏེ། སྡེ་སྣོད་ཀྱི་རྣམ་བཞག་སྤྱིར་བསྟན་པ་དང༌། སོ་སོའི་རྒྱུ་མཚན་བཤད་པའོ། །དང་པོ་ལ། དབྱེ་བ། ངེས་ཚིག གྲངས་ངེས། དགོས་པ་བཞི་ལས། དང་པོ་ནི། སྡེ་སྣོད་དག་ནི་མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་སྟེ་གསུམ་མམ། གསུམ་པོ་དེ་ཉིད་ཐེག་ཆེན་ཐེག་ཆུང་གཉིས་སུ་བྱས་ཀྱང་རུང་སྟེ། སྡེ་སྣོད་གསུམ་པོ་དེར་གསུང་རབ་ཡན་ལག་བཅུ་གཉིས་འདུས་པས་འདིར་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སོ་སོའི་ངོ་བོ་དང༌། དེ་དག་སྡེ་སྣོད་གསུམ་དུ་འདུ་ཚུལ་ལོ། །དང་པོ་ལ་མདོ་སྡེ་ནི་མདོར་སྡུས་ཏེ། ཚིག་ལྷུག་པར་གསུངས་པ་རྣམས་ཡིན་ནོ། །དབྱངས་ཀྱིས་སྙད་པའི་སྡེ་ནི། མདོ་སྡེ་ལས། དེ་ལ་འདི་སྐད་ཅེས་བྱ་སྟེ། ཞེས་དབུས་སམ། ཐ་མར་ཚིགས་བཅད་ཀྱི་སྒོ་ནས་བསྙད་པ་དང༌། དྲང་དོན་གྱི་མདོ་སྡེ་རྣམས་སོ། །ལུང་དུ་བསྟན་པའི་སྡེ་ནི་འདས་པ་དང་མ་འོངས་པའི་ཉན་ཐོས་དང་བྱང་སེམས་ལ་སོགས་ལུང་བསྟན་པའི་མདོ་སྡེ་རྣམས་སོ། །ཚིགས་སུ་བཅད་པའི་སྡེ་ནི་ཚིགས་བཅད་དུ་སྡེབས་ནས་གསུངས་པའོ། །ཆེད་དུ་བརྗོད་པ་ནི་མ་ཞུས་པར་སངས་རྒྱས་ཉིད་ཀྱིས་བསྟན་པ་གནས་པའི་ཆེད་དུ་གསུངས་པ་སྟེ། རྣམ་བཤད་རིག་པ་ལས། ཆེད་དུ་བརྗོད་པའི་སྡེ་ནི། གང་ཟག་ཆེད་དུ་གསུངས་པ་མ་ཡིན་གྱི་བསྟན་པ་གནས་པར་བྱ་བ་འབའ་ཞིག་གི་ཕྱིར་གང་ཡིན་པ་སྟེ་ཞེས་སོ། །གླེང་གཞིའི་སྡེ་ནི་བསླབ་པ་བཅས་པ་སྟེ། དཔེར་ན་ནོར་ཅན་ལ་བརྟེན་ནས་མ་བྱིན་ལེན་སྤོང་པའི་བསླབ་པ་བཅས་ལྟ་བུའོ། །རྟོགས་པ་བརྗོད་པ་ནི་གོ་བར་བྱ་བའི་ཕྱིར་དཔེ་དང་བཅས་ནས་བསྟན་པའོ། །དེ་ལྟ་བུ་བྱུང་བ་ནི་སྔོན་འབྱུང་བའི་གཏམ་གསུངས་པའོ། །སྐྱེས་པ་རབས་ཀྱི་སྡེ་ནི། བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་སྐྱེས་པའི་རབས་གསུངས་པའོ། །ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་དོ། །རྨད་དུ་བྱུང་བའི་སྡེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་ཀྱི་ངོ་མཚར་བའི་ཡོན་ཏན་རྣམས་བརྗོད་པའོ། །གཏན་ལ་དབབ་པའི་སྡེ་ནི། མདོ་སྡེ་ལ་སོགས་པའི་དོན་ཕྱིན་ཅི་མ་ལོག་པར་བཤད་པའོ། །གཉིས་པ་ནི། བཅུ་གཉིས་པོ་མདོ་སྡེ་དང༌། དབྱངས་བསྙད། ལུང་བསྟན། ཚིགས་བཅད། ཆེད་བརྗོད་ཏེ་ལྔ་ནི་ཉན་ཐོས་ཀྱི་མདོ་སྡེའོ། །གླེང་གཞི། རྟོགས་བརྗོད། དེ་ལྟ་བུ་བྱུང་བ་དང༌། སྐྱེས་རབས་ཏེ་བཞི་ནི་འདུལ་བའི་སྡེ་སྣོད་དོ། །ཤིན་ཏུ་རྒྱས་པ་དང༌། རྨད་དུ་བྱུང་བ་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ། །གཏན་ལ་དབབ་པ་བསྟན་པའི་སྡེ་ནི། ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་དོ། །གཉིས་པ་ནི། གསུམ་མམ་གཉིས་པོ་དེ་ལ་ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། ཤེས་བྱའི་དོན་ཐམས་ཅད་སྡུས་པའི་ཕྱིར་ཏེ་དེའི་ཕྱིར་སྡེ་སྣོད་ཅེས་བྱའོ། །གསུམ་པ་ནི། ཅིའི་ཕྱིར་གསུམ་དུ་བཞག་ཅེ་ན། རྒྱུ་དགུས་བཞག་སྟེ། སྤང་བྱ་ལ་ལྟོས་ནས་གསུམ། བསླབ་བྱ་ལ་ལྟོས་ནས་གསུམ། ཤེས་བྱ་ལ་ལྟོས་ནས་གསུམ་མོ། །དང་པོ་ནི་ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་མདོ་སྡེའི་སྡེ་སྣོད་དེ། གདུལ་བྱ་གང་ཞིག་ཕུང་པོ་ལ་སོགས་པ་གང་ལ་ཐེ་ཚོམ་ཟ་བ་དེ་བསལ་བའི་ཆེད་དུ་བཤད་པའི་ཕྱིར་རོ། །མཐའ་གཉིས་ལ་སྦྱོར་བའི་གཉེན་པོར་འདུལ་བ་སྟེ། འདོད་པ་བསོད་ཉམས་ཀྱི་མཐའ་སྤངས་པའི་ཕྱིར་གསོག་འཇོག་ལ་སོགས་པ་ཁ་ན་མ་ཐོ་བ་དང་བཅས་པའི་སྤྱོད་པ་བཀག་པ་དང༌། ངལ་ཞིང་དུབ་པའི་མཐའ་སྤངས་པའི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་ལ་རོ་བརྒྱ་དང་ལྡན་པའི་ཞལ་ཟས་དང༌། འབུམ་རི་བའི་གོས་ལ་སོགས་པ་ཡང་ཆགས་པ་མི་སྐྱེ་ན་ལོངས་སྤྱད་པར་གནང་བའི་ཕྱིར་རོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པའི་གཉེན་པོར་ཆོས་མངོན་པ་སྟེ། ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་སྟོན་པའི་ཕྱིར་རོ། །གཉིས་པ་མདོ་སྡེས་ནི་བསླབ་པ་གསུམ་བཤད་དེ། དེ་ལ་བསླབ་པ་གསུམ་རྒྱས་པར་བཤད་པས་གདུལ་བྱ་རྣམས་བསླབ་པ་གསུམ་ལ་བྱང་བར་བྱེད་དོ། །འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་དང༌། སེམས་ཀྱིས་བསླབ་པ་སྒྲུབ་པ་ཡིན་ཏེ། ཚུལ་ཁྲིམས་ལ་བསྟན་ནས་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་ལ་སྦྱོར་བའི་ཕྱིར་རོ། །མངོན་པས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྒྲུབ་པ་ཡིན་ཏེ། དེ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཐབས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །གསུམ་པ་མདོ་སྡེས་ནི་ཆོས་དང་དོན་བཤད་དེ། ཕུང་པོ་ལ་སོགས་པའི་ཆོས་དང༌། ཡོད་མེད་ལ་སོགས་པར་གསུངས་པའི་དགོངས་པའི་དོན་བཤད་པའི་ཕྱིར་རོ། །འདུལ་བས་ནི་ཆོས་དང་དོན་སྒྲུབ་སྟེ། ཉོན་མོངས་པ་འདུལ་བ་ལ་བརྩོན་པས་དེས་ཆོས་དང་དོན་མངོན་སུམ་དུ་རྟོགས་པར་འགྱུར་བའི་ཕྱིར་རོ། །མངོན་པས་ནི་ཆོས་དང་དོན་གཏན་ལ་དབབ་པ་ལ་མཁས་པར་བྱེད་དོ། །དེས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་རོ། །བཞི་པ་ནི། སྡེ་སྣོད་གསུམ་པོ་དེ་ནི་ཐོས་པས་སེམས་ལ་བག་ཆགས་གོམས་ཤིང་བསམ་པས་གསུང་རབ་ཀྱི་དོན་རྟོགས་པར་བྱས་ནས་སྒོམ་པས་ནི་ཞི་གནས་ཀྱིས་ཉོན་མོངས་པ་ཞི་བར་བྱས། ལྷག་མཐོང་གིས་ཆོས་ཉིད་རབ་ཏུ་རྟོགས་པར་བྱས་པའི་སྒོ་ནས་འཁོར་བ་ལས་རྣམ་པར་གྲོལ་བར་བྱེད་དོ། །གཉིས་པ་སོ་སོའི་རྒྱུ་མཚན་ལ་གཉིས་ལས། མདོར་བསྟན་པ་ནི། མདོ་སྡེ་དང་མངོན་པ་དང་འདུལ་བ་དག་མདོར་བསྡུ་ན་རེ་རེ་ལ་ཡང་དོན་རྣམ་པ་བཞི་བཞིར་འདོད་ལ། བློ་དང་ལྡན་པས་སྡེ་སྣོད་གསུམ་པོ་དེ་མ་ལུས་པར་ཤེས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ཅིང༌། ཉན་ཐོས་རྣམས་ཀྱིས་ཚིག་བཞི་པ་གཅིག་གི་དོན་ཤེས་པས་ཀྱང་རང་རང་གིས་དགྲ་བཅོམ་པ་ཐོབ་བོ། །རྒྱས་པ་བཤད་པ་ལ་གསུམ་ལས། མདོ་སྡེར་འཇོག་པའི་མཚན་ཉིད་ནི། ཆོས་གསུངས་པའི་གནས་སྟོན་པ་ལ་སོགས་པ་རྣམས་དང་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་མཚན་ཉིད་དང༌། ཕུང་པོ་ལ་སོགས་པའི་ཆོས་དང་ཡོད་མེད་ལ་སོགས་པར་གསུངས་པའི་དགོངས་པའི་དོན་རྣམས་སྨོས་པའི་ཕྱིར་མདོ་སྡེ་ཡིན་ནོ། །མངོན་པར་འཇོག་པའི་རྒྱུ་མཚན་ནི། བདེན་བཞི་ལ་སོགས་པའི་སྒོ་ནས་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་དང༌། ཕུང་པོ་ལ་སོགས་པ་རེ་རེ་ལའང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ལ་སོགས་པའི་སྒོ་ནས་ཡང་དང་ཡང་དུ་སྟོན་པའི་ཕྱིར་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་མཁས་པས་ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པ་དང༌། འདིས་མདོ་སྡེའི་དོན་རྟོགས་པར་བྱེད་པའི་ཕྱིར་མངོན་པའོ། །འདུལ་བར་འཇོག་པའི་རྒྱུ་མཚན་ལ་བཞི་ཚན་གཉིས་ལས། དང་པོ་ནི། ཕམ་པ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པ་དང༌། ཉེས་བྱས་ཏེ་ལྟུང་བ་སྡེ་ལྔ་དང༌། ལྟུང་བའི་ངོ་བོ་ཉིད་དང༌། ཉེས་པ་ལ་སོགས་པ་མ་ཤེས་པ་དང༌། བག་མེད་པ་དང༌། ཉོན་མོངས་པ་མང་བ་དང༌། བསླབ་པ་ལ་མི་གུས་པ་སྟེ་ལྟུང་བ་འབྱུང་བའི་རྒྱུ་བཞི་དང༌། བསམ་པས་འགྱོད་ཅིང་ཕྱིས་མི་བྱེད་པར་སྡོམ་པའི་སེམས་ཀྱིས་ལྟུང་བ་ལས་ལྡང་བའི་ཐབས་དང༌། བཤགས་པ་དང༌། དགེ་སློང་ཕམ་པ་ལ་འཆབ་སེམས་མ་སྐྱེས་པ་ལ་བསླབ་པ་སྦྱིན་པའི་སྔོན་དུ་དམན་པའི་སྤྱོད་པ་བླང་ཞིང་ཁྱད་པར་གྱི་སྤྱོད་པ་དོར་དུ་གཞུག་པ་དང༌། དེ་བཞིན་དུ་ལྷག་མ་ལ་སྤོ་མགུ་སྤྱོད་པ་དང༌། སྤང་ལྟུང་ལ་ཞག་གིས་སྤང་བ་དང༌། ལྟུང་བྱེད་ལ་གནས་མལ་བསྡུ་བ་ལ་སོགས་པའི་ཆད་ལས་ཁས་ལེན་པ་དང༌། སྔར་དགག་པའི་བསླབ་པ་བཅས་པ་ལ་ཕྱིས་དགོས་པ་ལ་ལྟོས་ནས་རྣམ་གྲངས་ཀྱིས་གནང་བའི་བློད་པ་དང༌། དགེ་འདུན་འཚོགས་པས་བསླབ་པའི་གཞི་བག་ཡངས་སུ་བྱས་པའི་ཕྱིར་བག་ཡངས་སུ་བྱས་པ་དང༌། དགེ་སློང་དང་དགེ་སློང་མ་མཚན་གྱུར་པས་ལྟུང་བ་ཐུན་མོང་མ་ཡིན་པ་རྣམས་ལྟུང་མེད་དུ་འགྱུར་བ་དང༌། ཆོས་ཀྱི་སྡོམ་གྱི་རྣམ་པར་སོ་སོར་རྟོགས་པ་དང༌། ལྟུང་བ་ཕྲ་མོའི་ཕྲ་མོ་ཡང་མེད་པའི་ཆོས་ཉིད་ཐོབ་པའི་ཕྱིར་ཆོས་ཉིད་ཐོབ་པ་དེས་ལྟུང་བ་ལས་ངེས་པར་འབྱུང་བའོ། །བཞི་ཚན་གཉིས་པ་ནི། གང་ཟག་གང་ལ་བརྟེན་ནས་བསླབ་པ་བཅའ་བ་དང༌། ཉེས་པ་བྱུང་ན་སྟོན་པས་དགེ་འདུན་བསྡུས་ཏེ། བཟང་སྦྱིན་ལས་དང་པོ་པ་ཡིན་པས་ཉེས་པ་མེད་དོ། །དེང་ཕྱིན་ཆད་དགེ་སློང་གིས་འདི་ལྟ་བུ་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་བཅས་པ་དང༌། བསླབ་པའི་གཞི་མདོར་བསྟན་པ་དེ་ཞིབ་མོར་རབ་ཏུ་དབྱེ་བ་དང༌། ལྟུང་བ་དང་ལྟུང་བ་མེད་པ་འདི་ལྟ་བུའོ་ཞེས་རྣམ་པར་ངེས་པའི་ཕྱིར་འདུལ་བ་ཉིད་དོ། །དམིགས་པ་རྙེད་པ་ལ་གཉིས་ཏེ། དམིགས་པའི་དབྱེ་བ་དང༌། དམིགས་པ་རྙེད་པའི་ཚུལ་ལོ། །དང་པོ་ལ་དམིགས་པའི་ཆོས་སྡེ་སྣོད་གསུམ་གྱིས་བསྡུས་པ་གསུང་རབ་ཡན་ལག་བཅུ་གཉིས་ཏེ། ལམ་གྱི་དམིགས་པ་ཡིན་པས་ན་དམིགས་པ། གསུང་རབ་ཡིན་པས་ན་ཆོས་སོ། །དམིགས་པ་ནང་གི་འཛིན་པར་གྱུར་པ་དབང་པོ་གཟུགས་ཅན་གྱི་ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་སོ། །དམིགས་པ་ཕྱི་ཡི་གཟུང་ཆར་གྱུར་པའི་ལུས་ལ་སོགས་པའམ་ཕྱི་རོལ་གྱི་གཟུགས་ལ་སོགས་པའོ། །ཕྱི་ནང་གཉིས་ཀྱི་དེ་བཞིན་ཉིད་ནི་དམིགས་པ་དེ་བཞིན་ཉིད་ཡིན་པར་འདོད་དོ། །དེ་ཉིད་ལ་ཐ་དད་མེད་ཀྱང་ཆོས་ཅན་ཕྱི་ནང་གི་དབྱེ་བས། དེའི་ཆོས་ཉིད་ལ་གཉིས་སུ་སྨོས་ཏེ། དཔེར་ན་བུམ་པ་དང་གནས་ཁང་གི་ནམ་མཁའ་བཞིན་ནོ། །དམིགས་པ་རྙེད་ཚུལ་ལ་གཉིས་ཏེ། དོན་དང༌། ཆོས་ཀྱི་དམིགས་པ་རྙེད་ཚུལ་ལོ། །དང་པོ་ནི། ཕྱི་ནང་གི་དོན་གཉིས་པོ་མི་དམིགས་པར་རྟོགས་པས་ཕྱི་ནང་གི་དམིགས་པ་གཉིས་པོ་རྙེད་དེ། འདི་དྲོད་དང་རྩེ་མོ་དང་བཟོད་པ་གསུམ་དུ་ཤེས་པར་བྱས་པ་ལས་ཐ་དད་པའི་ཕྱི་རོལ་གྱི་དོན་མེད་པར་ཤེས་པས་ཕྱིའི་དམིགས་པ་རྙེད་ལ། ཆོས་མཆོག་ཏུ་གཟུང་བ་མེད་པས་འཛིན་པའང་མེད་པར་ཤེས་པས་ནང་གི་དམིགས་པ་རྙེད་ཅིང་མཐོང་ལམ་གཟུང་འཛིན་གཉིས་པོ་མི་དམིགས་པས་གཟུང་འཛིན་གྱིས་སྟོང་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པས་དམིགས་པ་དེ་བཞིན་ཉིད་རྙེད་དོ། །གཉིས་པ་ཆོས་ཀྱི་དམིགས་པ་རྙེད་ཚུལ་ནི། ཐོས་པ་ལ་སོགས་པ་ཤེས་པ་གསུམ་གྱིས་ཆོས་ཀྱི་དམིགས་པ་རྙེད་པར་འགྱུར་རོ། །ཚུལ་ཇི་ལྟར་རྙེད་ཅེ་ན། ཆོས་ཉན་པ་ན་ཉན་ཤེས་ཀྱི་རྗེས་ལ་སྐྱེས་པའི་ཡིད་ཀྱི་བརྗོད་པ་སྟེ་རྟོགས་པས་ཇི་སྐད་བཤད་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་ལ་རབ་ཏུ་དྭངས་བ་སྟེ་གསུང་རབ་ཀྱི་དོན་ངེས་པའི་མོས་པ་དང༌། རབ་འཛིན་ཞེས་ཏེ་གསུང་རབ་ཀྱི་དོན་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་སྒོ་ནས་ལེགས་པར་སྤྱད་ནས་ཐོས་བྱུང་གི་ཤེས་རབ་ཀྱིས་རྙེད་ཅིང༌། དེའི་རྗེས་ལ་དོན་སྣང་བ་འདི་ནི་ཡིད་ཀྱི་བརྗོད་པ་ལས་ཡིན་པར་རབ་ཏུ་འཛིན་པ་སྟེ། རྟོག་པ་ཙམ་ཉིད་དོན་དུ་སྣང་བ་ཡིན་གྱི་ཕྱི་རོལ་གྱི་དོན་ནི་མེད་དོ་ཞེས་རྟོགས་ནས་བསམ་བྱུང་གི་ཤེས་རབ་ཀྱིས་རྙེད་ལ། དེའི་འོག་ཏུ་སེམས་ནི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་མིང་བཞིའི་ཕུང་པོའི་ཆོས་ཉིད་ལ་རྩེ་གཅིག་ཏུ་གནས་པའི་ཕྱིར་ཏེ། དེའི་སྟོབས་ཀྱིས་གཟུང་འཛིན་གཉིས་ཀ་མེད་པར་རྟོགས་ནས་སྒོམ་བྱུང་གི་ཤེས་རབ་ཀྱིས་དམིགས་པ་རྙེད་པར་འགྱུར་རོ། །ནང་དང་ཕྱི་དང་དེ་བཞིན་ཉིད་དེ་དམིགས་པ་རྣམ་པ་གསུམ་སྔར་བཤད་པ་དེ་ནི་ཆོས་ཀྱི་དམིགས་པ་རྙེད་པ་དེ་ལ་ཡང་དག་པར་བརྟེན་པ་ཡིན་ནོ། །གསུམ་པ་དམིགས་པ་རྙེད་པའི་ཐབས་ཡིད་ལ་བྱེད་པ་ལ་རྣལ་འབྱོར་ཡིད་ལ་བྱེད་པ་བཅོ་བརྒྱད་ལས། རིགས་གསུམ་པ་ནི་ཐེག་པ་གསུམ་གྱི་རིགས་སུ་ངེས་པ་རྣམས་ཀྱི་རང་རང་གི་ཡིད་ལ་བྱེད་པའོ། །བྱ་བ་བྱེད་པ་ནི་མོས་སྤྱོད་དུ་བསྐལ་པ་གྲངས་མེད་གཅིག་གིས་ཚོགས་བསགས་ནས་སྤང་བྱའི་ས་བོན་དངོས་སུ་སྤོང་པའི་བྱ་བ་བྱེད་པའོ། །ཊཱིཀྐ་ལས། རྟོགས་པའི་གནས་སྐབས་ནའོ་ཞེས་འབྱུང་ངོ༌། །རྟེན་རྣམ་པར་འབྱེད་པ་ལ་མི་གནོད་པའི་རྟེན་ཅན་ནི་རབ་ཏུ་བྱུང་བའི་རྟེན་ཅན་ཡིན་ལ་གཞན་ཞེས་པ་གནོད་པ་དང་བཅས་པ་ནི་ཁྱིམ་པའི་རྟེན་ཅན་ནོ། །མོས་པ་རྣམ་པར་འཇོག་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་སྒོ་ནས་དཀོན་མཆོག་གསུམ་ལ་མོས་པ་དྲག་པོ་འཇོག་པའོ། །འདུན་པ་དྲག་པོ་བྱེད་པ་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་ཡིད་ཆེས་པའི་དད་པ་རབ་ཏུ་དྭང་བ་དང་བཅས་པ་ཡིན་ཏེ། དེ་ལས་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོབ་པར་འདོད་པའི་འདུན་པ་སྐྱེས་བའི་ཕྱིར་རོ། །ཏིང་ངེ་འཛིན་ལ་རྟེན་པ་ནི་དམན་པ་ཉེར་སྡོགས་ཏེ་ཡིད་ལ་བྱེད་པ་བདུན་ལས། དང་པོ་དྲུག་གི་གནས་སྐབས་དང༌། རྫོགས་པའི་རྟེན་ནི་དངོས་གཞི་སྟེ་བདུན་པའི་སྦྱོར་མཐའི་འབྲས་བུའི་གནས་སྐབས་སོ། །རྣམ་པ་གཉིས་པོ་དེ་དག་ཉིད་བསམ་གཏན་དང་པོའི་ཉེར་སྡོགས་དང༌། དངོས་གཞི་ཙམ་པོ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང༌། དངོས་གཞི་ཁྱད་པར་ཅན་ནི་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ནི་བརྗོད་པ་དང་བཅས་པ་ཞེས་བྱའོ། །གཉིས་པ་ཡན་ཆད་ན་རྟོག་དཔྱོད་གཉིས་ཀ་མེད་པས་བརྗོད་པ་མེད་པའོ། །ཤེས་པ་དང་མཚུངས་པར་ལྡན་པ་ནི་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་དང་མཚུངས་པར་ལྡན་པ་དང་བཅས་པ་ཡིན་ལ་དེའི་རྒྱུ་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཡིན་ཞིང༌། དེའི་བདག་ཉིད་དང་བཅས་པ་ནི་སྒོམ་བྱུང་གི་ཤེས་རབ་བོ། །འདྲེས་པ་ལ་དམིགས་པ་ལྔ་ནི། མདོ་སྡེ་ཙམ་ལ་དམིགས་པ་དང་དོན་རྒྱས་པར་བསྟན་པ་རྣམས་སྡོམ་གྱི་ཚིགས་སུ་བཅད་པར་བསྡུས་པ་དང༌། ཆོས་འཆད་པའི་གནས་དང་འཁོར་ལ་སོགས་པ་མང་པོ་རྣམས་གླེང་གཞི་ཞེས་བྱར་བསྡུ་བས་དང༌། རང་གི་དོན་ཇི་སྙེད་བཟུང་བ་དང༌། གཞན་ལ་ཇི་སྙེད་བསྟན་པ་སྟེ་དེ་དག་ནི་དོན་མང་པོ་སྡོམ་པ་ཡིན་པས་དེ་དག་ལ་དམིགས་པ་ནི་འདྲེས་པ་ལ་དམིགས་པ་ཞེས་བྱའོ། །མ་འདྲེས་པ་ལ་དམིགས་པ་བདུན་ལས་རྗོད་བྱེད་ལ་དམིགས་པ་ནི་གཟུགས་ཞེས་པ་ལྟ་བུ་ཆོས་རྣམས་ཀྱི་ངོ་བོ་བརྗོད་པ་མིང་དང༌། གཟུགས་མི་རྟག་ཅེས་པ་ལྟ་བུ་ཁྱད་པར་བརྗོད་པ་ཚིག་དང༌། དེ་དག་གི་གནས་ཨ་ལ་སོགས་པའི་ཡི་གེ་ལ་དམིགས་པ་སྟེ་གསུམ་ཡིན་ལ། བརྗོད་བྱ་ལ་དམིགས་པ་ནི། ཆོས་ཉིད་གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པ་དང༌། ཆོས་ཅན་གཟུགས་ཅན་གྱི་ཆོས་གཟུགས་ཅན་མ་ཡིན་པའི་ཆོས་ལ་དམིགས་པ་དང་བཞིའོ། །དེ་དག་ནི་ཕན་ཚུན་ཕྱེ་བ་ཡིན་པས་དེ་དག་ལ་དམིགས་པ་ནི་མ་འདྲེས་པ་ལ་དམིགས་པ་ཞེས་བྱའོ། །དེའི་ཡོངས་སུ་ཤེས་པ་ལྔ་ཞེས་པ་ལ་ཡོངས་སུ་ཤེས་པར་བྱ་བའི་གཞི་ནི་སྡུག་བསྔལ་གྱི་བདེན་པའོ། །ཡོངས་སུ་ཤེས་པར་བྱ་བའི་དོན་ནི་དེའི་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་བཞིའོ། །ཡོངས་སུ་ཤེས་པ་ནི་ལམ་མོ། །ཡོངས་སུ་ཤེས་པའི་འབྲས་བུ་ནི་སྤང་བྱ་ལས་རྣམ་པར་གྲོལ་བའོ། །དེ་རབ་ཏུ་རིག་པ་ནི་རྣམ་གྲོལ་གྱི་ཡེ་ཤེས་མཐོང་བའོ། །རྣམ་པ་སྒོམ་པ་དང་ལྡན་པ་བཞི་ནི། ཡུལ་གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པ་གཉིས་དང༌། དེ་གཉིས་ཡུལ་ཅན་མཐོང་ལམ་དུ་མཐོང་བའི་རྣམ་པ་དང༌། སྒོམ་ལམ་དུ་ཤེས་པའི་རྣམ་པར་བསྒོམ་པའམ་ཡང་ན་བཟོད་པ་དང་ཤེས་པས་མཐོང་བ་དང༌། ཤེས་པའི་རྣམ་པར་སྒོམ་པའོ། །རྣམ་པ་སྒོམ་པ་དང་ལྡན་པ་སུམ་ཅུ་རྩ་བདུན་ལ་སྡེ་ཚན་བདུན་ལས་ཚོགས་ལམ་ཆུང་ངུར་ལུས་མི་སྡུག་པའི་རྣམ་པ་དང༌། ཚོར་བ་སྡུག་བསྔལ་བ། སེམས་མི་རྟག་པ། ཆོས་བདག་མེད་པའི་རྣམ་པར་སྒོམ་པ་ནི་དྲན་པ་ཉེ་བར་བཞག་པའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ལྷག་མ་ལ་སྦྱར་རོ། །འབྲིང་གི་དུས་ན་དགེ་བ་མ་སྐྱེས་པ་སྐྱེད་པ་ཐོབ་པའི་རྣམ་པ་དང༌། སྐྱེས་པ་འཕེལ་བར་བྱེད་པ་རྟེན་པ་དང༌། མི་དགེ་བ་སྐྱེས་པ་སྤོངས་བ་བསལ་བ་དང༌། མ་སྐྱེ་པ་མི་སྐྱེད་པ་གཉེན་པོའི་རྣམ་པར་སྒོམ་པ་ནི་ཡང་དག་པར་སྤོང་བའོ། །ཆེན་པོའི་དུས་ན་དགེ་བའི་ཆོས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་འདུན་པ་སྐྱེད་པ་འདུན་པའི་ཏིང་ངེ་འཛིན་དང༌། རྣམ་གཡེང་གི་གཉེན་པོར་འབད་ཅིང་ཐེ་ཚོམ་གྱི་གཉེན་པོ་བརྩོན་འགྲུས་རྩོམ་པ་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང༌། རྒོད་པའི་གཉེན་པོར་ཞི་གནས་དང་ལྡན་པའི་ཏིང་ངེ་འཛིན་ལ་སེམས་རབ་ཏུ་འཛིན་པ་སེམས་ཀྱི་ཏིང་ངེ་འཛིན་དང༌། ཞུམ་པའི་གཉེན་པོར་ལྷག་མཐོང་དང་ལྡན་པའི་ཏིང་ངེ་འཛིན་ལ་སེམས་རབ་ཏུ་འཇོག་པའི་ཏིང་ངེ་འཛིན་ནོ། །དྲོད་དང་རྩེ་མོའི་དུས་ན་འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་སེམས་གནས་པའི་སྒོ་ནས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་ཡིད་ཆེས་པ་དད་པའི་དབང་པོ་དང༌། ཡིད་ཆེས་ནས་དེ་ཐོབ་པའི་དོན་དུ་འབད་པ་བརྩོན་འགྲུས་དང༌། དམིགས་པ་མི་བརྗེད་པ་དྲན་པ་དང༌། དམིགས་པ་ལ་རྩེ་གཅིག་ཏུ་གནས་པ་ཏིང་ངེ་འཛིན་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་རྣམ་པར་སྒོམ་པ་ནི་ཤེས་རབ་ཀྱི་དབང་པོ་སྟེ་དབང་པོ་ལྔའོ། །བཟོད་པ་དང་ཆོས་མཆོག་གི་དུས་ན་དད་པ་ལ་སོགས་པ་ལྔ་པོ་དེ་ཉིད་མི་མཐུན་ཕྱོགས་ཀྱིས་མི་བརྫི་བར་གྱུར་པ་ནི་སྟོབས་ལྔའོ། །མཐོང་ལམ་དུ་རྫོགས་པའི་བྱང་ཆུབ་ཆོས་སྐུ་དེ་སྣང་ཞིང་རྟོགས་པ་མི་བརྗེད་པའི་རྣམ་པར་སྒོམ་པ་དྲན་པ་དང༌། ཆོས་སྐུ་དེ་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང༌། དེ་གོམས་པར་བྱེད་པ་ལ་སྤྲོ་བའི་བརྩོན་འགྲུས་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པར་རྟོགས་པས་ཡིད་བདེ་བའི་དགའ་བ་དང༌། ལུས་སེམས་ལས་སུ་རུང་བ་ཤིན་ཏུ་སྦྱངས་པ་དང༌། སེམས་གནས་ཏིང་ངེ་འཛིན་དང༌། མཉམ་པ་ཉིད་ཀྱི་རྣམ་པར་སྒོམ་པ་བཏང་སྙོམས་ཏེ་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །སྒོམ་ལམ་རྗེས་ཐོབ་ཀྱི་དུས་སུ་སྔར་གྱི་མཐོང་ལམ་གྱི་ཆོས་ཉིད་འདི་ལྟར་རྟོགས་སོ་ཞེས་ཐོབ་པར་ངེས་པའི་རྣམ་པར་སྒོམ་པ་ཡང་དག་པའི་ལྟ་བ་དང༌། བདག་གི་རིམ་པ་འདིས་དེ་ཁོ་ན་ཉིད་རྟོགས་སོ། །ཞེས་ལམ་ཡོངས་སུ་སྦྱོང་བའི་ས་ཤེས་ནས་དེ་ཉིད་གཞན་ལ་ཡང་སྟོན་པར་འདོད་པ་རྟོགས་པ་དང༌། གཞན་ལ་གོ་བར་བྱེད་པ་ངག་དང༌། ལྟུང་བ་ཕྲ་མོས་ཀྱང་མ་གོས་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཞུགས་པ་ལས་ཀྱི་མཐའ་དང༌། ལོག་འཚོ་སྤངས་ཏེ་ཡོ་བྱད་བསྙུངས་པའི་ཚུལ་ཀུན་ཏུ་སྤྱོད་པ་འཚོ་བ་དང༌། སྔོན་མཐོང་ལམ་དུ་ཐོབ་པའི་བརྩོན་འགྲུས་དེ་གོམས་པར་བྱེད་པ་བརྩོན་འགྲུས་དང༌། ཆོས་ཀྱི་དབྱིངས་ལ་སེམས་གནས་པར་བྱེད་པ་ན། རྒོད་ན་ཞི་གནས་ཀྱི་རྒྱུ་མཚན། བྱིང་ན་རབ་ཏུ་འཛིན་པའི་རྒྱུ་མཚན། ཆ་མཉམ་ན་བཏང་སྙོམས་ཀྱི་རྒྱུ་མཚན། མི་བརྗེད་པར་སྒོམ་པ་དྲན་པ་དང༌། མཚན་མ་མེད་པ་ལ་སེམས་རབ་ཏུ་གནས་པ་སྔར་བྱིང་རྒོད་མེད་པར་གནས་གྱུར་པའི་རྣམ་པར་སྒོམ་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ་འཕགས་པའི་ཡན་ལག་བརྒྱད་དང༌། ལམ་གཉིས་ཀྱི་རང་བཞིན་ནི་ཡིད་ལ་བྱེད་པ་དེ་དག་ཐམས་ཅད་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་ཀྱི་རང་བཞིན་ཏེ་དེ་གཉིས་ཀྱིས་བསྡུས་པ་ཡིན་ནོ། །ཕན་ཡོན་ནི་གནས་ངན་ལེན་སེལ་བ་དང༌། ལྟ་བའི་མཚན་མ་སེལ་བའི་ཕན་ཡོན་གཉིས་སོ། །དེ་ལ་གནས་ངན་ལེན་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་ལ་འཇུག་པ་ལུས་ཀྱི་ལས་དང༌། དེ་ཀུན་ནས་སློང་བའི་ཉོན་མོངས་ཀུན་ཏུ་སྤྱོད་པ་སེམས་ཀྱི་གནས་ངན་ལེན་ནོ། །ལྟ་བའི་མཚན་མ་ནི། ལྟ་བའི་མཚན་མ་སྟེ་ལྔའོ། །གདམས་ངག་ནོད་པ་ཡིད་ལ་བྱེད་པ་ནི་ཆོས་ཀྱི་རྒྱུན་གྱི་རང་བཞིན་གྱི་ཏིང་ངེ་འཛིན་ལ་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལམ་གྱི་གདམས་ངག་ནོད་པའོ། །སྦྱོར་བ་ཡིད་ལ་བྱེད་པ་ནི་ལྔ་ལས། དང་པོ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་གྲངས་ཉེ་བར་རྟོག་པའི་སྦྱོར་བ་ནི་མདོ་སྡེ་ལ་སོགས་པའི་གསུང་རབ་འགའ་ཞིག་ལ་མིང་དང་ཚིག་དང་ཡི་གེའི་གྲངས་འདི་སྙེད་ཅིག་ཡོད་དོ་ཞེས་རྟོག་པའོ། །གནས་པ་ལ་ཉེ་བར་རྟོག་པ་ནི་གནས་པ་གཉིས་ལ་ཉེ་བར་རྟོག་པར་བྱེད་དོ། །ཚད་ཡོད་པར་གནས་པ་ནི་ཡི་གེ་ལྔ་བཅུའམ་བཞི་བཅུ་རྩ་བརྒྱད་དུ་ངེས་པའི་ཕྱིར་རོ། །ཚད་མེད་པར་གནས་པ་ནི་མིང་དང་ཚིག་དག་སྟེ་མདོ་སྡེ་འབུམ་ཕྲག་དང་དཔག་ཏུ་མེད་པ་རྣམས་ཀྱི་མིང་ཚིག་མཐའ་མེད་པའི་ཕྱིར་རོ། །ཉེ་བར་རྟོག་པའི་སྦྱོར་བ་ལས་བྱུང་བའི་ཀུན་ཏུ་རྟོག་པ་ནི་བདེན་བཞི་ལ་སོགས་པའི་མིང་འདིའི་དོན་འདི་ཡིན་ནོ་ཞེས་མིང་ལ་བརྟེན་ནས་དོན་ཀུན་ཏུ་རྟོག་པ་དང༌། དོན་འདིའི་མིང་འདི་ཡིན་ནོ་ཞེས་དོན་ལ་བརྟེན་ནས་མིང་ཀུན་ཏུ་རྟོག་པའོ། །ཟླ་མེད་པའི་ཡི་གེ་གཅིག་གིས་ནི་དོན་གོ་བར་མི་ནུས་པས་བརྟག་པར་བྱ་བ་མིན་ནོ། །རིམ་པ་ཉེ་བར་རྟོག་པའི་སྦྱོར་བས་ནི་དང་པོར་མིང་གཟུགས་ནས་ཕྱིས་དེའི་དོན་ངེས་པར་བྱེད་པའོ། །རྟོག་པ་ལ་སྦྱོར་བ་ནི་བཅུ་གཅིག་སྟེ། ཚོགས་ལམ་དུ་མིང་དོན་གཉིས་ཕན་ཚུན་བློ་བུར་བར་རྟོག་པ་དང༌། དྲོད་རྩེ་མོར་ཕྱི་རོལ་གྱི་དོན་དུ་སྣང་བའི་རྒྱུ་མཚན་རང་གི་སེམས་དང་སེམས་བྱུང་འཁྲུལ་པ་ཡིན་པར་རྟོག་པ་དང༌། བཟོད་པའི་དུས་སུ་གཟུང་བའི་དོན་མི་དམིགས་པར་རྟོགས་པ་དང༌། ཆོས་མཆོག་ཏུ་འཛིན་པ་སེམས་ཀྱང་མི་དམིགས་པར་རྟོགས་པ་དང༌། མཐོང་ལམ་དུ་ཆོས་ཀྱི་དབྱིངས་རྟོགས་པ་སྟེ་ས་མཚམས་ཀྱི་སྒོ་ནས་བཞག་པ་དང༌། གང་ཟག་ལ་བདག་མེད་པར་རྟོགས་པ་དང༌། ཆོས་ལ་བདག་མེད་པར་རྟོགས་པ་དང༌། རྟོགས་བྱའི་སྒོ་ནས་བཞག་པ་གཉིས་དང༌། བསམ་པ་ངན་པ་ཉན་རང་གི་ལྟ་སྤྱོད་རྟོགས་པ་དང༌། ཡངས་ཤིང་རྒྱ་ཆེ་བ་ཐེག་ཆེན་གྱི་ལྟ་སྤྱོད་རྟོགས་པ་སྟེ་རྟེན་གྱི་སྒོ་ནས་བཞག་པ་གཉིས་དང༌། ཡང་དག་པའི་ལྟ་བས་རང་གི་མཉམ་བཞག་ལ་ཆོས་ཉིད་ཇི་ལྟའི་ཚུལ་གྱི་རྣམ་བཞག་ཤེས་པ་དང༌། ཡང་དག་པའི་རྟོག་པས་གཞན་ལ་ཆོས་སྟོན་ཚུལ་གྱི་རྣམ་པར་བཞག་པ་རྟོགས་པ་སྟེ། རྟོགས་བྱེད་ཀྱི་སྒོ་ནས་བཞག་པ་གཉིས་སོ། །དབང་བསྒྱུར་བ་ཡིད་ལ་བྱེད་པ་ནི་གསུམ་སྟེ། ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ་དང༌། ཤེས་བྱའི་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ་དང༌། ཡོན་ཏན་མངོན་པར་སྒྲུབ་པ་ཤིན་ཏུ་རྣམ་པར་དག་པ་ལ་དབང་བསྒྱུར་བའོ། །ཆུང་ངུ་ཡིད་ལ་བྱེད་པ་ནི། ཐེག་པ་ཆུང་ངུའི་དོན་ཡིད་ལ་བྱེད་པ་དང༌། རྒྱ་ཆེན་པོ་ཡིད་ལ་བྱེད་པ་ཐེག་ཆེན་གྱི་དོན་ཡིད་ལ་བྱེད་པའོ། །དེ་ལྟར་ན་རྣལ་འབྱོར་པ་རྣམས་ཀྱིས་ཡིད་ལ་བྱེད་པ་བཅོ་བརྒྱད་པོ་འདི་ནི་ཡིད་ལ་བྱེད་པ་ཐམས་ཅད་བསྡུས་པའི་བདག་ཉིད་ཡིན་ཞེས་པའམ། ཡང་འདི་ཐམས་ཅད་ལམ་གྱི་བདག་ཉིད་ཡིན་པར་འདོད་ཅེས་པའོ། །བརྗོད་བྱའི་དོན་བཙལ་བ་ལ་གཉིས་ཏེ། ངེས་དོན་གྱི་མདོའི་དོན་བཙལ་བ་དང༌། དྲང་དོན་གྱི་མདོའི་དོན་བཙལ་བའོ། །དང་པོ་ལ་གསུམ་སྟེ། ཆོས་ཉིད་དེ་ཁོ་ན་ཉིད་བཙལ་བ། ཆོས་ཅན་སྒྱུ་མ་ལྟ་བུར་བཙལ་བ། དེ་དང་རྗེས་སུ་མཐུན་པའི་དོན་སྒྲུབ་པའོ། །དང་པོ་ནི། རྟག་ཏུ་གཟུང་འཛིན་གཉིས་དང་བྲལ་བ་ལ་གཟུང་འཛིན་གཉིས་སུ་བཏགས་པ་ནི་ཀུན་བཏགས་ཏེ། ཐེག་བསྡུས་ལས། དེ་ལ་ཀུན་ཏུ་བཏགས་པའི་མཚན་ཉིད་གང་ཞེ་ན། གང་དོན་མེད་ཀྱང་རྣམ་པ་རིག་པ་ཙམ་དེ་དོན་ཉིད་དུ་སྣང་བའོ། །འཁྲུལ་པའི་རྟེན་ནི། གཟུང་འཛིན་གཉིས་སུ་ཞེན་པའི་ཤེས་པ་གཞན་དབང་གི་ངོ་བོ་གང་ཡིན་པ་སྟེ། དེས་གཟུང་འཛིན་གཉིས་སུ་རྟོག་པའི་ཕྱིར། དེ་ལ་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། གང་ཀུན་གཞིའི་རྣམ་པར་ཤེས་པའི་ས་བོན་ཅན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་བསྡུས་པའི་རྣམ་པར་རིག་པའོ། །ཞེས་སོ། །གང་ཞིག་རྣམ་པ་ཀུན་ཏུ་སྒྲས་བརྗོད་པར་ནུས་པ་མ་ཡིན་པ་དང༌། ཡོད་མེད་ལ་སོགས་པའི་སྤྲོས་པ་མེད་པའི་བདག་ཉིད་ནི་ཡོངས་གྲུབ་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལྟར་ཡང་དེ་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། གང་གཞན་གྱི་དབང་གི་མཚན་ཉིད་གཏན་མེད་པ་ཉིད་དོ། །ཞེས་སོ། །དེ་ལ་ཀུན་བཏགས་ནི་ཤེས་བྱ། གཞན་དབང་ནི་སྤང་བྱ་ཡིན་ལ། ཡོངས་གྲུབ་ནི་རང་བཞིན་གྱིས་དྲི་མ་མེད་པར་འདོད་དོ། །རང་བཞིན་དྲི་མེད་གང་ཡིན་པ་དེ་ནི་རང་བཞིན་གྱིས་དག་ཀྱང་བློ་བུར་གྱི་དྲི་མ་རྣམ་པར་སྦྱང་བ་བྱ་བ་ཡིན་ཏེ། སྦྱངས་པས་དཔེར་ན་ནམ་མཁའ་དང་གསེར་དང་ཆུ་རང་བཞིན་གྱིས་དག་ཀྱང་བློ་བུར་གྱི་དྲི་མ་སྤྲིན་དང༌། གཡའ་དང༌། རྙོག་མ་དག་པར་འགྱུར་བ་བཞིན་དུ་ཉོན་མོངས་པ་ལས་རྣམ་པར་དག་པ་འགྱུར་བར་འདོད་དོ། །ཆོས་ཉིད་དང་ཆོས་ཐ་མི་དད་པའི་ཕྱིར་འགྲོ་བ་དག་ན་ཆོས་ཉིད་དེ་ལས་གཞན་དུ་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། འགྲོ་བ་སོ་སོའི་སྐྱེ་བོ་མ་ལུས་པ་ཡང་ཆོས་ཉིད་མ་རྟོགས་པས་ཆོས་ཉིད་དེ་ལ་ཀུན་ཏུ་རྨོངས་པའི་བློ་ཅན་ཡིན་པས། དེ་དག་གིས་ཡོད་པའི་ཆོས་ཉིད་དེ་མ་རྟོགས་པས་དེ་ཀུན་ནས་སྤངས་ཏེ་མེད་པའི་གཟུང་འཛིན་ལ་ཡོད་དོ་སྙམ་དུ་མངོན་པར་ཞེན་པ་གང་ཡིན་པ་འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་པོ་འདི་ཀོ་ཇི་ལྟ་བུ་སྟེ་ངོ་མཚར་རོ་ཞེས་སོ། །གཉིས་པ་ལ་སྒྱུ་མ་ལྟ་བུའི་ཆོས་དང༌། དཔེ་བརྒྱད་དང་འདྲ་བའི་དོན་ནོ། །དང་པོ་ལ་གཉིས་ཏེ། གཟུང་ཆ་སྒྱུ་མ་ལྟ་བུ་དང༌། འཛིན་ཆ་སྒྱུ་མ་ལྟ་བུའོ། །དང་པོ་ལ་ཡུལ་གྱི་གནས་ཚུལ། བློས་རྟོགས་ཚུལ། ཡུལ་གཉིས་སུ་མེད་པར་བསྟན་པའོ། །དང་པོ་ནི། ཇི་ལྟར་སྒྱུ་མའི་རྫས་ཤིང་དང་བོང་བ་ལ་སོགས་པ་རྟ་གླང་ལ་སོགས་པར་འཁྲུལ་པའི་གཞི་ཡིན་པ་དེ་བཞིན་དུ་གཟུང་འཛིན་དུ་འཁྲུལ་པའི་གཞི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན་དབང་ཡིན་པར་བརྗོད་དོ། །རྫས་དེ་དག་སྒྱུ་མའི་སྔགས་ཀྱིས་རྟ་གླང་ལ་སོགས་པར་སྣང་བར་བྱས་པ་ཇི་ལྟ་བ་དེ་བཞིན་དུ་གཟུང་འཛིན་གཉིས་སུ་མེད་པ་ལ་གཉིས་སུ་སྣང་བས་ན་འཁྲུལ་པའི་ཡུལ་ཡིན་པར་བརྗོད་དོ། །ཇི་ལྟར་སྒྱུ་མའི་རྫས་དེ་ལ་རྟ་ལ་སོགས་པའི་ངོ་བོར་བདེན་པ་མེད་པ་དེ་བཞིན་དུ་གཞན་དབང་དེ་ཀུན་བཏགས་ཀྱི་ངོ་བོར་མེད་པ་ནི་དོན་དམ་པར་འདོད་དོ། །བཙུན་པ་ནི་གཞན་དབང་ཀུན་བཏགས་དང་བྲལ་བར་མཐོང་བ་དོན་དམ་མཐོང་བ་ཡིན་ཞེས་འཆད་དོ། །ཇི་ལྟར་སྒྱུ་མའི་རྫས་དེ་རྟ་ལ་སོགས་པར་དམིགས་པ་དེ་བཞིན་དུ་གཉིས་སུ་སྣང་བ་དེ་ནི་ཀུན་རྫོབ་པ་སྣང་བར་འདོད་དོ། །གཉིས་པ་ནི། སྒྱུ་མའི་སྔགས་ཀྱིས་འཁྲུལ་བར་བྱས་པ་དེ་མེད་ན་ནི་དེའི་རྒྱུ་ཤིང་ལ་སོགས་པ་གསལ་བར་དམིགས་པ་དེ་བཞིན་དུ། འཁྲུལ་པ་གནས་གཞན་དུ་གྱུར་པ་འཕགས་པའི་ཡེ་ཤེས་ཐོབ་ན་མཉམ་བཞག་གིས་ཆོས་ཉིད་རྟོགས་ནས་རྗེས་ཐོབ་ཀྱི་གཟུང་འཛིན་གྱིས་སྟོང་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན་དབང་དེ་དམིགས་པའོ། །ཇི་ལྟར་འཇིག་རྟེན་མ་འཁྲུལ་བ་དག་སྒྱུ་མ་དེའི་རྒྱུ་ཤིང་ལ་སོགས་པ་མ་འཁྲུལ་བར་འདོད་རྒུར་སྤྱོད་པ་དེ་བཞིན་དུ་སྡོམ་བརྩོན་མ་འཁྲུལ་པ་སྟེ་འཕགས་པ་རྣམས་ཀྱང་འཁྲུལ་པ་གནས་གཞན་དུ་གྱུར་ནས་དོན་མ་ནོར་བ་ལ་དགྱེས་རྒུར་སྤྱོད་དོ། །གསུམ་པ་ལ་གཉིས་ཏེ། དངོས་དང༌། དེའི་དགོས་པའོ། །དང་པོ་ལ་དཔེ་དོན་གཉིས་ལས། དཔེ་ནི་གླང་པོ་ལ་སོགས་སུ་སྣང་བ་དེ་ལྟ་བུ་ནི་སྒྱུ་མའི་རྫས་དེ་ལ་ཡོད་པ་གླང་པོ་ལ་སོགས་པ་དེའི་དངོས་པོར་བདེན་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་སྒྱུ་མའི་རྟ་དང་གླང་པོ་སོགས་སུ་སྣང་བ་ཙམ་ཡོད་པ་དང༌། དེར་བདེན་པ་མེད་པ་ཉིད་བརྗོད་དོ། །སྒྱུ་མ་ལ་སོགས་པ་དེ་ལ་རྟ་གླང་སོགས་སུ་སྣང་ཙམ་ཡོད་པས་ན་མེད་པ་མ་ཡིན་ལ། རྟ་གླང་སོགས་སུ་བདེན་པ་མེད་པས་ན་ཡོད་པ་ཡང་མ་ཡིན་ནོ། །སྒྱུ་མ་ལ་སོགས་པ་ལ་སྣང་ཙམ་དུ་ཡོད་པ་དང་བདེན་པར་མེད་པ་གཉིས་ཁྱད་པར་མེད་པའང་བརྗོད་དོ། །བདེན་པ་མེད་ཀྱང་སྣང་ཙམ་དུ་ཡོད་པ་དང་སྣང་ཙམ་ཉིད་བདེན་མེད་ཡིན་པའི་ཕྱིར་རོ། །གཉིས་པ་དོན་ནི། དེ་བཞིན་དུ་གཞན་དབང་དེ་ལ་གཟུང་འཛིན་གཉིས་སུ་སྣང་བ་ནི་ཡོད་ལ། གཉིས་སུ་བདེན་པ་དེའི་དངོས་པོ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་གཟུགས་ལ་སོགས་པ་ལ་སྣང་བ་ཙམ་ཡོད་པ་དང༌། དེར་བདེན་པ་མེད་པ་ཉིད་བརྗོད་དོ། །དེ་ལ་གཟུགས་སྣང་བ་ཡོད་པ་དེ་ནི་མེད་པ་མ་ཡིན་ལ་དེར་བདེན་པ་མེད་པ་ནི་ཡོད་པ་ཉིད་ཀྱང་མ་ཡིན་ནོ། །དཔེ་དོན་གཉིས་ཀ་ལ་སྣང་བ་ཙམ་ཡོད་པས་ཞེས་རྒྱུ་མཚན་དུ་བྱས་ཀྱང་རུང་ངོ༌། །གཟུགས་ལ་སོགས་པ་དག་ལ་སྣང་ཙམ་དུ་ཡོད་པ་དང༌། བདེན་པ་མེད་པ་གཉིས་ཁྱད་པར་མེད་པའང་བརྗོད་དེ། སྣང་ཙམ་དུ་ཡོད་པ་ཉིད་དུ་བདེན་པར་མེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་དགོས་པ་ནི། འོ་ན་ཡོད་མེད་ལ་སོགས་པ་དེ་རྣམས་བརྗོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། གཟུགས་སོགས་བདེན་པ་མེད་པར་རིག་ནས་བདེན་པར་སྒྲོ་འདོགས་པའི་མཐའ་དང༌། སྣང་ཙམ་དུ་ཡོད་པར་རིག་ནས་སྣང་ཙམ་དུ་ཡང་མེད་ཅེས་སྐུར་བ་འདེབས་པའི་མཐའ་རྣམས་དགག་པར་བྱ་བའི་ཕྱིར་དང༌། ཡོད་མེད་ཁྱད་མེད་རིག་ནས་འཁོར་བར་སྣང་བ་མཐོང་ནས་ཡིད་སྐྱོ་ནས་ཐེག་པ་དམན་པས་མྱང་འདས་ཀྱི་མཐར་འགྲོ་བ་དགག་པའི་ཕྱིར་གོ་རིམ་བཞིན་དུ་ཡོད་པ་དང་མེད་པ་དང་ཡོད་མེད་ཀྱི་ཁྱད་པར་འདོད་པ་ཡིན་ནོ། །གཉིས་པ་འཛིན་ཆ་སྒྱུ་མ་ལྟ་བུ་ལ་བཞི་སྟེ། འཛིན་པ་འཁྲུལ་པའི་རྒྱུ་དང༌། འཁྲུལ་པའི་རང་བཞིན་བསྟན་པ། སྤང་གཉེན་སྒྱུ་མ་དང་འདྲ་བ། སྤང་ཚུལ་ཡང་སྒྱུ་མ་དང་འདྲ་བའོ། །དང་པོ་ནི། གཟུགས་སུ་འཁྲུལ་བའི་རྒྱུ་ནི་སྔོན་པོ་ལ་སོགས་པ་གཟུགས་སུ་སྣང་བའི་རྣམ་རིག་པ་ཡིན་ལ། འཁྲུལ་པ་མིག་ཤེས་ལ་སོགས་པ་ནི་གཟུགས་ཅན་མིན་པར་རྣམ་པར་རིག་པར་འདོད་དོ། །གཉིས་པ་ནི། འཁྲུལ་པའི་རྒྱུ་མི་བདེན་ཡང་ངོ་བོ་བདེན་པར་གྲུབ་བམ་སྙམ་ན། མ་ཡིན་ཏེ་རྒྱུ་གཟུགས་ཀྱི་རྣམ་པར་རིག་པ་མེད་པའི་ཕྱིར་གཅིག་ཤོས་གཟུགས་ཅན་མ་ཡིན་པའི་རྣམ་པར་རིག་པ་མིག་ཤེས་ལ་སོགས་པ་ཡང་བདེན་པ་མེད་པར་གྲུབ་པར་འགྱུར་རོ། །གསུམ་པ་ལ་གཉིས་ཏེ། དཔེ་དང༌། དོན་ནོ། །དཔེ་ལ་གཉིས། ཀུན་ནས་ཉོན་མོངས་པའི་དཔེ་ནི། སྒྱུ་མའི་གླང་པོའི་གཟུགས་འཛིན་པའི་ཤེས་པ་དེ་ནི་འཁྲུལ་པའི་ཕྱིར་ཏེ། དེས་གཟུང་བྱ་གླང་པོ་དང་དེ་འཛིན་པའི་ཤེས་པ་གཉིས་སུ་བརྗོད་པ་སྟེ་ཞེས་པ་ནི་གཉིས་སུ་བཏགས་པ་ཡིན་ཞེས་པའི་དོན་ནོ། །དེ་ལ་སྣང་བ་ཇི་ལྟ་བ་བཞིན་དུ་གཟུང་བར་འཛིན་པའི་ཤེས་པ་དེ་ནི་འཁྲུལ་པའི་ཕྱིར་ཏེ། དེ་ལ་སྣང་བ་ཇི་ལྟ་བ་བཞིན་དུ་གཟུང་འཛིན་གཉིས་སུ་བདེན་པར་མེད་ཀྱང་གཟུང་འཛིན་གཉིས་སུ་ཉེ་བར་དམིགས་པས་སོ། །རྣམ་བྱང་གི་དཔེ་ནི་མི་སྡུག་པ་སྒོམས་པས་ས་ཕྱོགས་ཐམས་ཅད་ཀེང་རུས་ཀྱི་གཟུགས་སུ་འཛིན་པ་དེ་ཡང་འཁྲུལ་པའི་ཕྱིར་ཡུལ་ཤེས་གཉིས་སུ་བརྗོད་པ་སྟེ། དེ་ལ་སྣང་བ་ཇི་ལྟ་བ་བཞིན་དུ་གཟུང་འཛིན་གཉིས་སུ་མེད་ཀྱང་གཉིས་པོ་དག་ཏུ་ཉེ་བར་དམིགས་སོ། །གཉིས་པ་དོན་ལ་གཉིས་ལས། མི་མཐུན་ཕྱོགས་ནི། དེ་བཞིན་དུ་འཁྲུལ་པའི་མཚན་ཉིད་ཀྱང་ཆོས་འདོད་ཆགས་ལ་སོགས་པ་མི་མཐུན་ཕྱོགས་གང་ཡིན་པ་དེ་སྒྱུ་མའི་གླང་པོར་སྣང་བ་ཙམ་ཡོད་པ་དེ་བཞིན་ཏུ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཙམ་དུ་ཡོད་པ་དང༌། གླང་པོར་བདེན་པ་མེད་པ་དེ་བཞིན་དུ་གཟུང་འཛིན་དུ་བདེན་པ་མེད་པ་དང༌། ཡོད་མེད་དེ་གཉིས་ཁྱད་པར་མེད་པའི་ཕྱིར་ཡོད་པ་དང་མེད་པ་དང་དེ་གཉིས་ཁྱད་པར་མེད་པ་ལ་སོགས་པ་སྒྱུ་མ་དང་འདྲའོ། །གཉིས་པ་ནི། དེ་བཞིན་དུ་གཉེན་པོའི་ཆོས་དྲན་པ་ཉེར་བཞག་ལ་སོགས་པ་རྣམས་ཀྱང་བྱིས་པའི་གཟུང་བ་དེ་བཞིན་དུ་མེད་ལ་སངས་རྒྱས་ཀྱི་གསུང་བ་དེ་བཞིན་དུ་ཡོད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མཛད་པ་བཅུ་གཉིས་བསྟན་པ་དེ་ཡང་བྱིས་པ་ལ་སྣང་ཚུལ་དུ་མེད་པའི་ཕྱིར་བྱིས་པས་བཟུང་བ་ལྟར་བདེན་པའི་མཚན་ཉིད་མེད་དོ། །དེས་ན་མེད་བཞིན་དུ་ཡོད་པར་སྣང་བས་སྒྱུ་མའི་དངོས་པོ་དང་འདྲ་བར་བསྟན་ནོ། །བཞི་པ་ནི། སྒྱུ་མའི་རྒྱལ་པོ་སྒྱུ་མའི་རྒྱལ་པོ་གཞན་ཞིག་གིས་ཕམ་པར་བྱས་ཀྱང་ང་རྒྱལ་མེད་པ་བཞིན་དུ་གང་དག་གིས་སྤང་གཉེན་གྱི་ཆོས་སྒྱུ་མ་ལྟ་བུར་མཐོང་བའི་རྒྱལ་སྲས་དེ་དག་སྤངས་བྱ་སྤངས་ཀྱང་ང་རྒྱལ་མེད་དོ། །སྤང་གཉེན་གཉིས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་ལ་དབང་བསྒྱུར་བས་གཉིས་ཀ་རྒྱལ་པོའི་དཔེ་མཛད་དོ། །གཉིས་པ་དཔེ་བརྒྱད་དང་འདྲ་བའི་དོན་ནི། སངས་རྒྱས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་སངས་རྒྱས་པ་ཉན་རང་ལས་མཆོག་ཏུ་གྱུར་པ་རྣམས་ཀྱི་མདོ་སྡེ་དེ་དང་དེ་དག་ལས་འདུས་བྱས་ཀྱི་ཆོས་རྣམས་ནི་སྒྱུ་མ་ལྟ་བུའོ་ཞེས་གསུངས་པ་ནི་ནང་གི་སྐྱེ་མཆེད་དྲུག་སྟེ། སྒྱུ་མའི་སྐྱེས་བུ་ནི་བདེན་པ་མེད་ཀྱང་ཡུལ་ལ་ལོངས་སྤྱོད་པར་སྣང་བ་བཞིན་དུ་མིག་སོགས་ཀྱང་ལོངས་སྤྱོད་པར་བྱེད་པའི་བདག་ལ་སོགས་པ་མེད་ཀྱང་ལོངས་སྤྱོད་པར་སྣང་བའི་ཕྱིར་རོ། །རྨི་ལམ་ལྟ་བུ་ནི། ཕྱིའི་སྐྱེ་མཆེད་དྲུག་སྟེ། མི་བདེན་བཞིན་དུ་ལོངས་སྤྱོད་བྱར་སྣང་བའི་ཕྱིར་རོ། །སྨིག་སྒྱུ་ལྟ་བུ་ནི། སེམས་དང་སེམས་བྱུང་གཉིས་ཏེ། མིག་སྒྱུ་ལ་ཆུར་འཁྲུལ་བ་བྱུང་བ་ལྟར་དེ་གཉིས་ཀྱང་གཟུང་འཛིན་དུ་འཁྲུལ་པའི་གཞི་ཡིན་པའི་ཕྱིར་རོ། །གཟུགས་བརྙན་ལྟ་བུ་ནི། ནང་གི་སྐྱེ་མཆེད་དྲུག་སྟེ་གཟུགས་བརྙན་མཛེས་མི་མཛེས་ཀྱིས་བཞག་པ་ལྟར། དེ་དག་གི་བཟང་ངན་སྔོན་གྱི་ལས་བཟང་ངན་གྱིས་བྱས་པའི་ཕྱིར་རོ། །མིག་ཡོར་ལྟ་བུ་ནི། ཕྱིའི་སྐྱེ་མཆེད་དྲུག་སྟེ། གདུགས་ཀྱི་དབང་གིས་གྲིབ་མ་བྱུང་བ་ལྟར་ནང་གི་སྐྱེ་མཆེད་ཀྱི་དབང་གིས་དེ་དག་འབྱུང་བའི་ཕྱིར་རོ། །བཤད་པའི་ཆོས་ནི་བྲག་ཆ་ལྟ་བུ་སྟེ། མི་བདེན་བཞིན་དུ་གྲགས་པའི་ཕྱིར་རོ། །རང་བཞིན་ལ་རྟེན་པའི་ཡོན་ཏན་གྱི་ཆ་རྣམས་ནི་ཆུ་ཟླ་དང་འདྲ་སྟེ། ཏིང་ངེ་འཛིན་གྱི་སེམས་དྭངས་པ་ལས་ཟད་པར་ས་ལ་སོགས་པ་སྣང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པ་ནི་སྤྲུལ་པ་དང་འདྲ་བར་ཤེས་པར་བྱ་སྟེ། བྱ་བ་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པ་མེད་པར་འཇུག་པའི་ཕྱིར་རོ། །དཔེ་གསུམ་པོ་འདིའི་དོན་རེ་རེར་འདོད་དོ། །གསུམ་པ་དེ་དང་རྗེས་སུ་མཐུན་པའི་དོན་སྒྲུབ་པ་ལ་དྲུག་སྟེ། ཤེས་བྱ་ཚོལ་བ་དང༌། ཀུན་ནས་ཉོན་མོངས་པ་ཚོལ་བ་དང༌། རྣམ་པར་བྱང་བ་ཚོལ་བ་དང༌། རྣམ་པར་རིག་པ་ཙམ་ཚོལ་བ་དང༌། མཚན་ཉིད་ཚོལ་བ་དང༌། རྣམ་པར་གྲོལ་བ་ཚོལ་བའོ། །དང་པོ་ལ་ཡང་དག་པ་མ་ཡིན་པར་རྟོག་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པ་མ་ཡིན་པ་ཁམས་གསུམ་གྱི་སེམས་དང་སེམས་བྱུང་རྣམས་སོ། །ཆོས་མཆོག་ནས་ཚོགས་ལམ་གྱི་བར་གྱི་རྟོག་པ་ནི་ངོ་བོ་འཇིག་རྟེན་པ་ཡིན་པས་ཡང་དག་པ་མ་ཡིན་ལ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྒྱུ་བྱེད་པས་ན་ཡང་དག་པ་མ་ཡིན་པ་ཡང་མིན་ནོ། །ཆོས་ཉིད་དེ་བཞིན་ཉིད་དང་འཇིག་རྟེན་ལས་འདས་པའི་མཉམ་བཞག་ནི་རྣམ་པར་མི་རྟོག་པའོ། །འཇིག་རྟེན་ལས་འདས་པའི་རྗེས་ཐོབ་ནི་གཟུང་འཛིན་གཉིས་སུ་ཞེན་པ་མེད་པས་རྟོག་པ་མིན་ལ་གཟུང་འཛིན་དུ་སྣང་བ་ཡོད་པས་མི་རྟོག་པ་ཡང་མ་ཡིན་པ་སྟེ། བཞི་པོ་དེ་ཡུལ་དང་བཅས་པར་ཤེས་བྱ་ཐམས་ཅད་འདུས་པ་ཡིན་པར་བརྗོད་དོ། །གཉིས་པ་ནི། རྒྱུ་རང་གི་ཁམས་ཏེ་ས་བོན་ཀུན་གཞིའི་རྣམ་ཤེས་གཟུང་འཛིན་གྱི་བག་ཆགས་ཅན་ལས་གཟུང་འཛིན་གཉིས་སུ་སྣང་བའི་རྣམ་རྟོག་རབ་ཏུ་འབྱུང་སྟེ། དེ་ཡང་གྲོགས་མ་རིག་པ་དང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་ཏུ་འཇུག་གོ །འགྲེལ་ཆེན་ལས་འཇུག་ཅེས་བྱ་བའི་དོན་འཁོར་བར་འཇུག་པ་ལ་བྱས་སོ། །མ་རིག་པ་འདི་ཉོན་མོངས་པ་ཡིན་ཡང་ལོགས་སུ་སྨོས་པ་ནི་ཉོན་མོངས་པའི་རྒྱུའམ་གཙོ་བོ་ཡིན་པའི་ཕྱིར་ཏེ། འགྲེལ་བཤད་ལས། མ་རིག་པ་ལོགས་སུ་སྨོས་པ་ནི་དབང་བྱེད་པའི་དོན་དེ་ཞེས་བཤད་དོ། །འོ་ན་རྟོག་པ་དེ་ལ་གཉིས་སུ་སྣང་བ་ལྟར་རྫས་སུ་ཡོད་དམ་ཞེ་ན། གཟུང་འཛིན་གྱི་རྫས་གཉིས་རྣམ་པར་སྤངས་པ་སྟེ་མེད་དོ། །གསུམ་པ་ནི། ཐེག་བསྡུས་ལས། རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་ལས་རང་བཞིན་གྱིས་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དང༌། སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང༌། དོན་དམ་པ་སྟེ་ཆོས་ཀྱི་དབྱིངས་ཀྱང་དེ་ཡིན་ནོ། །དྲི་མ་མེད་པའི་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། དེ་ཉིད་སྒྲིབ་པ་ཐམས་ཅད་དང་མི་ལྡན་པའོ། །དེ་ཐོབ་པའི་ལམ་རྣམ་པར་བྱང་བ་ནི་འདི་ལྟ་སྟེ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེ་སྐྱེ་བའི་དམིགས་པ་རྣམ་པར་བྱང་བ་ནི། ཐེག་པ་ཆེན་པོའི་དམ་པའི་ཆོས་བསྟན་པ་སྟེ། དེ་ལྟར་དེ་དག་ནི་རྣམ་པར་བྱང་བའི་རྒྱུ་ཡིན་པའི་ཕྱིར་ཀུན་བཏགས་པ་མ་ཡིན་ནོ། །ཆོས་ཀྱི་དབྱིངས་དག་པའི་རྒྱུ་མཐུན་པ་ཡིན་པས་གཞན་གྱི་དབང་མ་ཡིན་ནོ། །རྣམ་པ་བཞི་པོ་འདི་དག་གིས་རྣམ་པར་བྱང་བའི་ཆོས་ཐམས་ཅད་བསྡུས་པ་ཡིན་ནོ། །ཞེས་གསུངས་པ་དེའི་དོན་བསྡུས་པར། དག་པ་དེ་ནི་རང་བཞིན་དང༌། །དྲི་མ་མེད་དང་ལམ་དང་དམིགས། །རྣམ་པར་དག་པ་ཆོས་ཀྱི་རྣམས། །རྣམ་པ་བཞི་པོས་བསྡུས་པ་ཡིན། །ཞེས་གསུངས་པས་སྔར་བཤད་པའི་ཆོས་ཀྱི་དམིགས་པའི་ཁྱད་པར་ནི་དམིགས་པ་རྣམ་པར་བྱང་བ་ཡིན་ལ། དེ་ཐོབ་པ་ནི། ཐོས་ལ་སོགས་པའི་ཤེས་གསུམ་གྱིས། །ཆོས་ཀྱི་དམིགས་པ་རྙེད་པར་འགྱུར། །ཞེས་པ་ལྟར་ཐོས་བསམ་སྒོམ་གསུམ་གྱིས་གསུང་རབ་ཀྱི་དོན་རྙེད་པའི་གང་ཟག་གིས་རང་གི་ཕུང་པོ་ལྔའི་ཆོས་ཀྱི་དབྱིངས་རྟོགས་པ་ནི་རང་བཞིན་རྣམ་བྱང་ཡིན་ལ། དེ་ལ་གནས་པ་ནི་སྦྱོར་ལམ་དུ་དོན་སྤྱིའི་རྣམ་པས་རྟོགས་པ་དང༌། མཐོང་ལམ་དུ་མངོན་སུམ་དུ་རྟོགས་པ་དང༌། སྒོམ་ལམ་དུ་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པ་ཉིད་དང་ལྡན་པའི་ཕྱིར་ན་མཐོང་ལམ་གྱི་ལམ་དེ་ཉིད་གཟུང་འཛིན་གཉིས་སུ་སྣང་བ་མེད་པར་འཇུག་པ་ནི་ལམ་རྣམ་བྱང་ངོ༌། །དེ་ལྟར་སྒོམས་པས་དཔེར་ན་ལྤགས་པ་གྱོང་པོ་དང༌། མདའ་སྙུག་འཁྱོག་པོ་ཆུ་དང་མེ་ལ་བརྟེན་ནས་མཉེན་པོ་དང་དྲང་པོར་བྱེད་པ་ལྟར། ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་གིས་གྱོང་པོར་བྱས་པའི་སེམས་ཞི་གནས་ཀྱིས་མཉེན་པོར་བྱས་ཏེ་སེམས་རྣམ་པར་གྲོལ་ཞིང༌། ལྟ་བ་ངན་པ་ལ་སོགས་པས་ཡོན་པོར་བྱས་པའི་ཤེས་རབ་སྟེ་ལྷག་མཐོང་གིས་དྲང་པོར་བྱས་པས་ཤེས་རབ་རྣམ་པར་གྲོལ་བ་ཐོབ་ནས། རང་གི་གཉིས་སྣང་གི་ཤེས་པ་དེ་ཉིད་གནས་གྱུར་ནས་གཉིས་སུ་སྣང་བ་མེད་པར་འཇུག་པ་ནི་དྲི་མ་མེད་པས་རྣམ་པར་བྱང་བའོ། །བཞི་པ་ནི། གཟུང་འཛིན་དུ་སྣང་བ་དང༌། ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་དང་གཉེན་པོ་དད་པ་ལ་སོགས་པ་འདི་དག་དང་སེམས་གཅིག་གམ་ཐ་དད་ཅེ་ན་འདིར་སེམས་ཀྱི་སྒྲའི་དོན་ཡངས་པར་བྱས་ཏེ། བློ་རང་རིག་ཙམ་ལ་སེམས་ཀྱི་སྒྲས་གསུངས་ནས། སེམས་ཙམ་པོ་འདི་ནི་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བ་ཡིན་ཏེ། དཔེ་དེ་བཞིན་དུ་བག་ཆགས་ཀྱི་རྣམ་པར་འགྱུར་བ་ལས་ཕྱི་རོལ་གྱི་རྐྱེན་གྱིས་འདོད་ཆགས་ལ་སོགས་པ་ཉོན་མོངས་པར་སྣང་བའམ་དད་པ་ལ་སོགས་པ་དགེ་བར་སྣང་བ་འདོད་དེ། བག་ཆགས་ཀྱི་དབང་གིས་རིག་པ་ཉིད་དེ་དག་ཏུ་སྣང་བ་ལས་གཞན་པའི་ཀུན་ནས་ཉོན་མོངས་པ་དང་དགེ་བའི་ཆོས་ཀྱི་མཚན་ཉིད་ཡོད་པ་མ་ཡིན་ཏེ། གཟུང་འཛིན་གཉིས་སུ་སྣང་བ་ལས་གཞན་པའི་གཟུང་འཛིན་གཉིས་ཀྱི་མཚན་ཉིད་མེད་པ་བཞིན་ནོ། །ཅིའི་ཕྱིར་དེ་དག་སེམས་ཀྱིས་རྣམ་པར་འགྱུར་བ་ལས་སྣང་ཞེ་ན། སེམས་འདི་ཉིད་ནི་རྐྱེན་དང་ཕྲད་པ་ལ་སོགས་པའི་དབང་གིས་འཁོར་དུ་འདོད་ཆགས་ལ་སོགས་པ་སྣ་ཚོགས་སུ་སྣང་བ་དང༌། རེས་འགའ་དུས་གཅིག་ཅར་དུ་དད་པ་དང་བརྩོན་འགྲུས་ལ་སོགས་པ་རྣམ་པ་སྣ་ཚོགས་འབྱུང་བ་ཅན་དུ་འཇུག་སྟེ་དེ་ལ་སེམས་ཉིད་དེ་དག་ཏུ་སྣང་བ་ཙམ་འབྱུང་བར་ཡོད་པ་དང༌། སེམས་ལས་ཡ་བྲལ་དུ་དེ་དག་གི་མཚན་ཉིད་མེད་པ་དེའི་ཕྱིར་སེམས་རྐྱེན་དང་ཕྲད་པ་ལས་བྱུང་བ་མ་གཏོགས་པའི་ཉོན་མོངས་པ་ཅན་དང༌། དགེ་བའི་ཆོས་ཀྱི་མཚན་ཉིད་ཡོད་པ་མ་ཡིན་ནོ། །མདོར་ན་རྐྱེན་གྱི་དབང་གིས་སྣང་བ་སྣ་ཚོགས་སུ་སྣང་བ་སེམས་ཀྱི་རྣམ་པར་འགྱུར་བ་ལས་སྣང་བ་སྟོན་ནོ། །འདིར་སེམས་སེམས་བྱུང་རྫས་གཅིག་ཏུ་སྟོན་པ་ནི་མ་ཡིན་ཏེ། དབུས་མཐའ་ལས་རྫས་ཐ་དད་དུ་གསལ་པོར་འབྱུང་བའི་ཕྱིར་རོ། །སེམས་སེམས་བྱུང་རྫས་ཐ་དད་ཀྱང་འདིར་སེམས་གཙོ་ཆེ་བ་ལ་དགོངས་ནས། སེམས་ལས་ལོགས་ཤིག་པའི་ཆོས་མེད་པར་བསྟན་ནོ། །སེམས་སེམས་བྱུང་རྫས་ཐ་དད་པའི་ཚུལ་དང༌། རྣམ་བཞག་རྒྱས་པར་ནི་མཛོད་ཀྱི་རྣམ་བཤད་དུ་བཤད་ཟིན་ཏོ། །ལྔ་པ་མཚན་ཉིད་ཡོངས་སུ་ཚོལ་བ་ལ་གཉིས་ལས་མདོར་བསྟན་པ་ནི། གསུང་པ་པོ་སངས་རྒྱས་རྣམས་ཀྱིས་ཡུལ་སེམས་ཅན་ལ་ཕན་གདགས་པར་བྱ་བའི་ཕྱིར། མཚན་གཞི་ཤེས་བྱ་གཞི་ལྔ་དང་མཚན་ཉིད་ངོ་བོ་ཉིད་གསུམ་དང༌། མཚོན་པ་རྣལ་འབྱོར་གྱི་ས་ལྔ་དག་གིས་རབ་ཏུ་དབྱེ་བ་བཤད་དོ། །རྒྱས་པར་བཤད་པ་ལ་གསུམ་ལས། མཚན་གཞི་ནི། སེམས་ནི་ཞེས་པ་ལ་འཛིན་ཆར་སྣང་བའི་སེམས་ནི་སེམས་ཀྱི་གཞི་ཡིན་ལ། གཟུང་ཆར་སྣང་བའི་སེམས་ནི་གཟུགས་ཀྱི་གཞི་ཡིན་ནོ། །ལྟ་བཅས་གང་ཡིན་ཞེས་པ་ནི། ལྟ་བ་སེམས་བྱུང་ཐམས་ཅད་ཡིན་ལ། དེ་ནི་སེམས་ལས་བྱུང་བའི་གཞི་ཡིན་ནོ། །འོ་ན་སེམས་བྱུང་ཐམས་ཅད་ལྟ་བར་མི་འཐད་དོ་ཞེ་ན། དེ་དག་རྣམས་གསལ་བའི་ཕྱིར་ལྟ་བར་བཏགས་པ་ཡིན་ཏེ། ཊཱིཀྐ་ལས་གསལ་བའི་ཕྱིར་ཐམས་ཅད་ལྟ་བ་ཡིན་པར་ཐ་སྙད་བཏགས་སོ་ཞེས་བཤད་དོ། །སེམས་དང་སེམས་བྱུང་དེ་ཡི་གནས་སྐབས་མི་རྟག་པ་ལ་སོགས་པ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི་ཡིན་ནོ། །ནམ་མཁའ་དང་རྐྱེན་མ་ཚང་བས་མ་སྐྱེས་པ་སོ་སོར་བརྟགས་མིན་གྱི་འགོག་པ་དང༌། གཉེན་པོས་ས་བོན་ཀུན་ཏུ་བཅོམ་ནས་མ་སྐྱེས་པ་སོ་སོར་བརྟགས་པའི་འགོག་པ་གསུམ་མམ་དེ་བཞིན་ཉིད་དང་བཞིའམ། དེ་བཞིན་ཉིད་ལ་དགེ་མི་དགེ་ལུང་མ་བསྟན་གྱི་དེ་བཞིན་ཉིད་གསུམ་དུ་དབྱེ་བ་དང༌། མི་གཡོ་བ་དང༌། འདུ་ཤེས་དང་ཚོར་བ་འགོག་པ་སྟེ་བརྒྱད་དུ་བྱས་ཀྱང་རུང་སྟེ། རྐྱེན་གྱིས་གཞན་དུ་མི་འགྱུར་བ་རྣམས་ནི་འདུས་མ་བྱས་ཀྱི་གཞི་ཡིན་ཏེ། ལྔ་པོ་འདི་ནི་འདིར་མདོར་བསྡུ་ན་མཚན་གཞི་ཡིན་ཏེ་རབ་ཏུ་ཕྱེ་ན་དེ་དག་གི་དབྱེ་བ་ཚད་མེད་པ་ཡོད་དོ། །དེ་དག་ཏུ་ཤེས་བྱ་ཐམས་ཅད་འདུས་པའི་ཕྱིར་ཤེས་བྱའི་གཞི་ལྔ་ཞེས་བྱའོ། །ཇི་ལྟར་འདུས་ཤེ་ན་རྣམ་ཤེས་ཀྱི་ཕུང་པོ་དང༌། སེམས་ཀྱི་ཁམས་བདུན་དང༌། ཡིད་ཀྱི་སྐྱེ་མཆེད་ནི་སེམས་ཀྱི་གཞིར་འདུས་སོ། །གཟུགས་ཀྱི་ཕུང་པོ་དང་གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ནི་གཟུགས་ཀྱི་གཞིར་འདུས་སོ། །ཚོར་བ། འདུས་ཤེས། སེམས་བྱུང་གི་འདུ་བྱེད། ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་ནི་སེམས་ལས་བྱུང་བའི་གཞིར་འདུས་སོ། །ལྡན་མིན་འདུ་བྱེད་དང༌། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞིར་འདུས་སོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ནི་གཟུགས་ཀྱི་གཞིར་འདུས་སོ། །མཚན་གཞི་ཤེས་བྱ་གཞི་ལྔ་པོ་དེ་མཚན་ཉིད་ངོ་བོ་ཉིད་གསུམ་གྱིས་ཇི་ལྟར་མཚོན་ཞེ་ན། པ་ར་ཧེ་ཏ་ནི། གཟུགས་དང་ལྡན་མིན་འདུ་བྱེད་ཀུན་བཏགས་ཀྱིས་མཚོན་ཏེ། སེམས་སྣང་ཙམ་ལ་གཟུགས་སུ་བཏགས་ཤིང་སེམས་དང་སེམས་བྱུང་གི་གནས་སྐབས་ལ་ལྡན་པ་མིན་པའི་འདུ་བྱེད་དུ་བཏགས་པའི་ཕྱིར་རོ། །སེམས་དང་སེམས་བྱུང་ནི་གཞན་དབང་གིས་མཚོན་ཏེ། དེ་གཉིས་ཀ་རྒྱུ་རྐྱེན་གྱིས་བསྐྱེད་པའི་ཕྱིར་རོ། །འདུས་མ་བྱས་ནི་ཡོངས་གྲུབ་ཀྱིས་མཚོན་ཏེ། དེ་ནི་མི་འགྱུར་བའི་ཕྱིར་ཞེས་གསུངས་སོ། །པཎ་ཆེན་སཱཛྫ་ན་རེ། ལྔ་པོ་རེ་རེ་ལ་ཡང་གསུམ་ཀས་མཚོན་ཏེ། ཀུན་བཏགས་པའི་གཟུགས་ཀུན་བཏགས་ཀྱིས་མཚོན། རྣམ་པར་བཏགས་པའི་གཟུགས་གཞན་དབང་གིས་མཚོན། ཆོས་ཉིད་ཀྱི་གཟུགས་ཡོངས་གྲུབ་ཀྱིས་མཚོན་ནོ། །དེ་ཡང་གཟུགས་སུ་སྣང་བ་དེ་གཞན་དབང༌། སྣང་བ་བཞིན་དུ་བདེན་པར་བཏགས་པ་ཀུན་བཏགས། སྣང་བ་དང་བདེན་པ་གཉིས་ཀས་སྟོང་པ་ཡོངས་གྲུབ་སྟེ། མཚན་གཞི་གཞན་བཞི་ཡང་དེ་དང་འདྲའོ་ཞེས་གསུངས་སོ། །དེས་ན་མཚན་གཞི་དེ་དག་མཚན་ཉིད་གསུམ་ཅི་རིགས་པའི་རང་བཞིན་དུ་གནས་པས་མཚན་གཞི་དང་མཚན་ཉིད་ཅེས་བྱའོ། །དེ་ལ་གསུམ་ལས། ཀུན་བཏགས་ནི་མིང་གིས་ཇི་ལྟར་བརྗོད་པ་བཞིན་དུ་དོན་དུ་འདུ་ཤེས་པའི་སེམས་བྱུང་དེའི་རྒྱུ་མཚན་ཏེ། དམིགས་པའི་ཡུལ་སྔོ་སེར་ལ་སོགས་པར་སྣང་བ་དང༌། ཀུན་གཞི་ལ་བརྗོད་པ་དེའི་བག་ཆགས་ཡོད་པ་དང༌། བག་ཆགས་དེ་ལས་ཀྱང་བརྡ་མི་ཤེས་པ་རྣམས་ལ་དོན་རྐྱང་པ་དང༌། བརྡ་ཤེས་པ་ཡང་མིང་དང་བཅས་པའི་མཚན་མ་སྣང་བ་ནི་ཀུན་བཏགས་པའི་མཚན་ཉིད་དོ། །ཞེས་བརྗོད་དོ། །དེ་ཡང་རྒྱུ་མཚན་ནི་གདགས་པའི་གཞི་ཡིན་ལ། བག་ཆགས་ནི་ཀུན་ཏུ་འདོགས་པའི་རྒྱུ་ཡིན་པས་ཀུན་བཏགས་སུ་ཐ་སྙད་བྱས་ལ། མིང་དོན་གཉིས་ཀྱི་མཚན་མར་སྣང་བའི་ཆ་ནི་ཀུན་བཏགས་པའི་ངོ་བོ་ཡིན་ནོ། །གཞན་ཡང་མིང་ཇི་ལྟ་བར་དོན་དུ་སྣང་བ་ནི་དོན་མིང་གི་ངོ་བོར་འཛིན་པའོ། །དོན་ཇི་ལྟ་བ་མིང་དུ་སྣང་བ་ནི་མིང་དོན་གྱི་ངོ་བོར་འཛིན་པ་སྟེ་འདི་ལྟར་ཡང་དག་པ་མ་ཡིན་པའི་རྟོག་པ་དེའི་རྒྱུ་མཚན་ཏེ་དམིགས་པ་ནི་རྟོག་པས་བཏགས་པའི་ཀུན་བཏགས་ཀྱི་མཚན་ཉིད་དོ། །གཉིས་པ་གཞན་དབང་གི་གནས་སུ་སྣང་བ་སྣོད་ཀྱི་འཇིག་རྟེན་དང༌། དོན་དུ་སྣང་བ་ཡུལ་ལྔ་དང༌། ལུས་སུ་སྣང་བ་དབང་པོ་ལྔ་སྟེ། རྣམ་པ་གསུམ་ནི་གཟུང་བའི་མཚན་ཉིད་ཡིན་ལ། ཡང་ཉོན་ཡིད་དང་འཛིན་པ་སྒོ་ལྔའི་རྣམ་པར་རྟོག་པ་ཡིད་ཀྱི་རྣམ་ཤེས་ཏེ་རྣམ་པ་གསུམ་དུ་སྣང་བ་ནི་འཛིན་པའི་མཚན་ཉིད་དེ། དེ་ལྟར་གཟུང་འཛིན་གཉིས་སུ་རྟོག་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་གཞན་གྱི་དབང་གི་མཚན་ཉིད་དོ། །གསུམ་པ་ཡོངས་གྲུབ་ནི་མཚན་ཉིད་གསུམ་གྱིས་བསྟན་ཏེ། རང་གི་མཚན་ཉིད་ནི་ཆོས་ཉིད་བྱིས་པས་བཏགས་པ་བཞིན་དུ་མེད་པ་དང༌། བཏགས་པས་སྟོང་པར་ཡོད་པ་དང༌། བཏགས་པ་བཞིན་དུ་མེད་པ་གཉིས་ཐ་མི་དད་པས་དེ་གཉིས་མཉམ་པ་ཉིད་དོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་ནི། ཆོས་ཉིད་བློ་བུར་གྱི་དྲི་མས་མ་ཞི་བ་དང༌། རང་བཞིན་གྱིས་རྣམ་པར་དག་པས་ཞི་བའོ། །རྣམ་པར་མི་རྟོག་པའི་མཚན་ཉིད་ནི་རྣམ་རྟོག་གི་སྤྱོད་ཡུལ་མ་ཡིན་པས་རྣམ་པར་མི་རྟོག་པ་སྟེ། དེ་དག་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །མཚན་ཉིད་མཚན་གཞི་བསྟན་ཟིན་ནས། མཚོན་པ་ནི་རྣལ་འབྱོར་གྱི་ས་ལྔ་སྟེ། གཞི་དང༌། སྐྱེད་པ་དང༌། མེ་ལོང་ལྟ་བུ་དང༌། སྣང་བ་དང༌། རྟེན་ནོ། །དེ་ལ་གཞི་ནི། བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བདེན་བཞིའི་དོན་ཐུགས་སུ་ཆུད་པའི་རྒྱུ་མཐུན་གྱི་འབྲས་བུར་གྱུར་པའི་གསུང་རབ་ཀྱི་ཆོས་ལ་དམིགས་པའི་ཐོས་བྱུང་གི་ཤེས་རབ་བོ། །སྐྱེད་པ་ནི། ཐོབ་པའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་བསམ་བྱུང་གི་ཤེས་རབ་སྟེ། དེ་གཉིས་ཚོགས་ལམ་གྱིས་བསྡུས་སོ། །མེ་ལོང་ལྟ་བུ་ནི། སེམས་ཆོས་ཀྱི་དབྱིངས་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་སྦྱོར་ལམ་གྱིས་བསྡུས་པ་ཡིན་ཏེ། ཤེས་བྱ་དང་མཐུན་པའི་གཟུགས་བརྙན་ཏིང་ངེ་འཛིན་ལ་ཤར་བས་ན་མེ་ལོང་ལྟ་བུ་ཞེས་བྱའོ། །སྣང་བ་ནི། ཆོས་ཉིད་ཀྱི་དོན་ཀུན་བཏགས་ཀྱིས་དབེན་པར་ཡོད་པ་དང༌། ཀུན་བཏགས་ཀྱི་དོན་མེད་པར་མངོན་སུམ་གྱིས་མཐོང་བ་སྟེ་མཐོང་ལམ་གྱིས་བསྡུས་སོ། །རྟེན་ནི། སློབ་པའི་ལམ་གནས་གྱུར་པས་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་རྩ་བར་སྔར་མ་བཤད་པས་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། ཟག་མེད་ཀྱི་དབྱིངས་དེ་ན་དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པ་མཉམ་པ་ཉིད་དང༌། མཉམ་པའི་ཡེ་ཤེས་ཐོབ་པའི་ཕྱིར་འཕགས་པ་གཞན་དང་མཉམ་པ་ཉིད་དུ་འགྱུར་རོ། །ཇི་ལྟར་མཉམ་ཞེ་ན། ཐེག་ཆེན་འཕགས་པའི་རིགས་གནས་གྱུར་པ་ཤིན་ཏུ་དྲི་མ་མེད་པ་སངས་རྒྱས་ཀྱི་ཡེ་ཤེས་དེ་ཡང་ཉན་རང་དགྲ་བཅོམ་པ་རྣམས་དང་ཉོན་སྒྲིབ་ལས་གྲོལ་བར་མཉམ་པ་ཡིན་ནོ། །ཐམས་ཅད་དུ་མཉམ་པ་མ་ཡིན་ཏེ། རྣམ་པར་དག་པའི་ཁྱད་པར་ཉོན་མོངས་པ་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་པ་དང༌། ཡོངས་སུ་དག་པའི་ཁྱད་པར་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སྐུའི་ཁྱད་པར་ཆོས་སྐུ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་ལྡན་ཐོབ་པ་དང༌། ལོངས་སྤྱོད་པའི་ཁྱད་པར་འཁོར་གྱི་དཀྱིལ་འཁོར་དག་ཏུ་ཐེག་ཆེན་གྱི་ཆོས་ལ་རྒྱུན་མི་འཆད་པར་ལོངས་སྤྱོད་པ་དང༌། ཕྲིན་ལས་ཀྱི་ཁྱད་པར་ནི་མཛད་པ་བཅུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་སྟེ་ལྔ་པོ་དེས་ཁྱད་པར་འཕགས་པའི་ཕྱིར། ཟག་མེད་ཀྱི་དབྱིངས་དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་འགགས་པས་ན་འབྲི་བ་ཡང་མེད་ལ། རྣམ་བྱང་གི་ཕྱོགས་སྐྱེ་བ་ན་འཕེལ་བ་ཡང་མེད་པའི་མཚན་ཉིད་དུ་འདོད་དོ། །དེ་ལྟར་རྣལ་འབྱོར་གྱི་ས་ལྔ་པོ་འདིས་མཚན་གཞི་ཤེས་བྱའི་གཞི་ལྔ་པོ་དེ་མཚན་ཉིད་གསུམ་དང་ལྡན་པར་མཚོན་ཞིང་རྟོགས་པར་བྱེད་པས་ན་མཚོན་པ་ཞེས་བྱའོ། །སློབ་དཔོན་བཙུན་པ་ནི་རྣལ་འབྱོར་གྱི་ས་དང་ལམ་གྲངས་བཞིན་དུ་སྦྱར་རོ། །དྲུག་པ་རྣམ་པར་གྲོལ་བ་ཚོལ་བ་ལ་བཞི་སྟེ། གཟུང་ཆར་སྣང་བ་དང༌། འཛིན་ཆར་སྣང་བ་གཞན་དུ་གྱུར་བ་དང༌། གཟུང་འཛིན་གཉིས་ལས་གྲོལ་བའི་ཡེ་ཤེས་དང༌། ཕྱིན་ཅི་ལོག་དང་བྲལ་པའི་སྤངས་པའོ། །དང་པོ་ནི་ས་བོན་ཀུན་གཞིའི་རྣམ་ཤེས་གཞན་དུ་གྱུར་པའི་ཕྱིར་གནས་དང༌། དོན་དང་ལུས་སུ་སྣང་བའི་རྣམ་པར་ཤེས་པ་གཞན་དུ་གྱུར་པའི་ཟག་པ་མེད་པའི་དབྱིངས་དེ་ནི་ཉན་ཐོས་དང༌། རང་རྒྱལ་དང་སངས་རྒྱས་གསུམ་ཀ་ལ་མངའ་བའི་རྟེན་ཀུན་ཏུ་འགྲོ་བ་ཅན་ཡིན་ནོ། །གཉིས་པ་ལ་གཉིས་ལས། ངོ་བོ་ནི་ཉོན་མོངས་པ་ཅན་གྱི་ཡིད་གཞན་དུ་གྱུར་པ་རྣམ་པར་རྟོག་པའི་ཡེ་ཤེས་ལ་དབང་བ་དང༌། འཛིན་པ་སྒོ་ལྔའི་རྣམ་ཤེས་གཞན་དུ་གྱུར་པ་ཞིང་དག་པ་ལ་དབང་བ་དང༌། རྣམ་པ་རྟོག་པ་ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ལ་དབང་བ་དང༌། མངོན་པར་ཤེས་པ་ཆེན་པོའི་ལས་ལ་དབང་བ་སྟེ་བཞི་ཡིན་ནོ། །ས་མཚམས་ནི་དབང་བཞི་པོ་དེ་མི་གཡོ་བ་ལ་སོགས་པ་གསུམ་ལ་ཡོད་དོ། །ཇི་ལྟར་ཞེ་ན། གཅིག་ལ་མི་གཡོ་བ་ལ་མངོན་པར་འདུ་བྱེད་པ་མེད་པར་རྣམ་པར་མི་རྟོག་ཕྱིར་རྣམ་པར་མི་རྟོག་པ་ལ་དབང་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཕྱིར་དེ་ལ་དབང་བ་སྟེ། རྣམ་པ་གཉིས་ཐོབ་བོ། །དེ་ལས་གཞན་པའི་ས་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་གཉིས་ལ་ནི་སོ་སོ་ཡང་དག་པར་རིག་པ་དང༌། མངོན་པར་ཤེས་པ་ཆེན་པོའི་ལས་ལ་དབང་བ་གཉིས་པོ་རེ་རེ་ཡོད་དོ། །གསུམ་པ་ནི་བློ་དང་ལྡན་པས་སྲིད་པ་གསུམ་དུ་རྟོག་པའི་ཆོས་ཐམས་ཅད་གང་ཟག་དང་ཆོས་ལ་བདག་མེད་པ་རྣམ་པ་གཉིས་ཀའང་རིག་པར་འགྱུར་ལ། བདག་མེད་གཉིས་པོ་དེ་ཡང་རྟག་གཅིག་ལ་སོགས་པ་ཀུན་བཏགས་པའི་གང་ཟག་མེད་པ་ལྟར་གཟུང་འཛིན་དུ་ཀུན་བཏགས་པའི་ཆོས་ཀྱང་མེད་པར་མཉམ་པར་ཤེས་ནས་ཁམས་གསུམ་པོ་དེ་ནི་འཛིན་པ་སེམས་ཙམ་དུ་རྟོགས་པའི་སྒོ་ནས་དེ་ཁོ་ན་ཉིད་རྣམ་པར་རིག་པ་ཙམ་ལ་འཇུག་གོ །གཟུང་འཛིན་གཉིས་མེད་པར་རྟོགས་པ་ནི་དེ་ཁོ་ན་ཉིད་ལ་ཞུགས་པ་ཡིན་ལ། ཆོས་ཐམས་ཅད་རྣམ་པར་རིག་ཙམ་དུ་གཏོགས་པ་ནི་གཟུང་བ་མེད་པར་རྟོག་པ་ཡིན་པས་བཟོད་པ་ལ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་ཞེས་བྱའོ། །དེ་ནས་རྣམ་རིག་ཙམ་དེ་ལ་ཡིད་གནས་པའི་ཕྱིར་ན། ཆོས་མཆོག་གི་དུས་ན་དེ་ལ་རྣམ་རིག་ཙམ་དེ་ཡང་མི་སྣང་ངོ༌། །དེ་ལྟར་སྒོམ་པ་ལས་མཐོང་ལམ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་གཟུང་འཛིན་གཉིས་པོ་དེ་མི་སྣང་བས་གྲོལ་བ་ཡིན་ཏེ་གང་ཟག་དང་ཆོས་ཀྱི་བདག་ཏུ་མི་དམིགས་པས་ན་མཆོག་ཏུ་དམིགས་པ་དང་བྲལ་བའོ། །དེ་ཉིད་ཀྱི་དོན་བཤད་པ་ནི་ཚེ་སྔོན་ཡང་ཚོགས་གཉིས་བསགས་པའི་སྟོབས་ཀྱིས་གཞི་སྟེ་གསུང་རབ་ཀྱི་དོན་ཐོས་པ་དང༌། བསྐྱེད་པ་སྟེ་བདེན་པ་བཞི་ལ་དམིགས་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ཡོད་ན་དྲོད་དང་རྩེ་མོའི་དུས་སུ་ཕྱི་རོལ་གྱི་དོན་དུ་སྣང་བ་ཐམས་ཅད་མིང་དུ་བརྗོད་པ་ཙམ་མ་གཏོགས་པར་དོན་དུ་བདེན་པ་མེད་པར་མཐོང་བར་འགྱུར་རོ། །བཟོད་པའི་དུས་སུ་མིང་ཙམ་མཐོང་སྟེ་ཞེས་པ་ནི་ཆོས་ཐམས་ཅད་རྣམ་རིག་ཙམ་དུ་རྟོགས་པ་སྟེ། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ཡིན་པའི་ཕྱིར་རོ། །ཆོས་མཆོག་ཏུ་རྣམ་རིག་ཙམ་དེར་མཐོང་ནས་གཟུང་བ་མེད་ན་འཛིན་པ་ཡང་མེད་པར་འགྲུབ་པའི་ཕྱིར་རྣམ་རིག་ཙམ་ཡང་ཕྱིས་མི་མཐོང་ངོ༌། །དེ་ལྟར་སྒོམས་པས་མཐོང་ལམ་དུ་གཟུང་འཛིན་མི་དམིགས་པར་མངོན་སུམ་དུ་རྟོགས་པ་ནི་རྣམ་པར་གྲོལ་བ་ཡིན་ནོ། །བཞི་པ་འཁོར་བར་འཇུག་པའི་རྒྱུ་གང་ཡིན་ཞེ་ན། སེམས་ཀུན་གཞིའི་རྣམ་ཤེས་ནི་སྒྲིབ་གཉིས་ཀྱི་གནས་ངན་ལེན་དང་བཅས་པར་འཁོར་བར་རབ་ཏུ་འཇུག་པར་འགྱུར་རོ། །དེ་ཡང་གང་ཟག་དང་ཆོས་ཀྱི་བདག་ཏུ་ལྟ་བའི་ཞགས་པས་ཟིན་ཏེ་བཅིངས་པར་བྱས་པའི་སྟོབས་ཀྱིས་སོ། །འཁོར་བ་ལས་ཟློག་པའི་ཐབས་གང་ཡིན་ཞེ་ན། སེམས་དེ་ནང་དུ་སེམས་ཁོ་ན་ལ་གནས་པས་འཁོར་བ་ལས་ཟློག་པ་འདོད་དེ། དེ་ལ་རྟེན་པ་སེམས་ཉིད་ཀྱང་མི་དམིགས་པར་རྟོགས་ནས་གཟུང་འཛིན་ལས་གྲོལ་བའི་ཡེ་ཤེས་ཀྱིས་སྒྲིབ་གཉིས་ཀྱི་གནས་ངན་ལེན་རྩ་བ་ནས་སྤོང་པའི་ཕྱིར་རོ། །ངེས་དོན་གྱི་མདོའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་དགོངས་པ་ཅན་གྱི་མདོའི་དོན་བཙལ་བ་ལ་གསུམ་སྟེ། ཤེས་བྱའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང༌། ལམ་མི་སྐྱེ་བའི་ཆོས་ལ་བཟོད་པ་དང༌། འབྲས་བུ་ཐེག་པ་གཅིག་པའི་དགོངས་པའོ། །དང་པོ་ལ་གཉིས་ལས། ངོ་བོ་ཉིད་མེད་པའི་དགོངས་པ་དངོས་ནི་ཤེར་ཕྱིན་ལ་སོགས་པའི་མདོ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ནི། མ་འོངས་པའི་ཆོས་རྣམས་རྐྱེན་ལ་རག་ལས་པའི་ཕྱིར་རྒྱུ་ལ་མ་ལྟོས་པར། སྐྱེ་བའི་ངོ་བོ་ཉིད་མེད་པའི་ཕྱིར་དང༌། འདས་པ་རྣམས་འགགས་པས་སྔར་གྱི་དེའི་རང་གི་བདག་ཉིད་དུ་མེད་པའི་ཕྱིར་དང༌། ད་ལྟར་གྱི་དངོས་པོ་སྐད་ཅིག་མ་ཡིན་པས་རང་རང་གི་ངོ་བོ་ལ་རྒྱུན་དུ་མི་གནས་པའི་ཕྱིར་དང༌། ཡང་ཆོས་ཐམས་ཅད་བྱིས་པས་ཇི་ལྟར་འཛིན་པ་བཞིན་དུ་བདེན་པ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པར་འདོད་དོ། །གཞན་ཡང་དགོངས་འགྲེལ་ལས། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བསྟན་ནོ། །ཞེས་གསུངས་པའི་དོན་མཚན་ཉིད་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པ་ཞེས་གསུངས་སོ། །དེ་ལ་བརྟེན་ནས་སྐྱེ་བ་མེད་པ་ལ་སོགས་པའི་དགོངས་པ་འགྲུབ་ཚུལ་ནི་ངོ་བོ་ཉིད་མེད་པ་ལ་སོགས་པ་འདི་དག་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མའི་རྟེན་ཡིན་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་རྒྱུ་མཚན་གྱིས་མ་སྐྱེས་པ་ལ་སོགས་པ་འགྲུབ་སྟེ། གང་ངོ་བོ་ཉིད་མེད་པ་དེ་ནི་སྐྱེ་བ་མེད་པའོ། །གང་མ་སྐྱེས་པ་ནི་མ་འགགས་པའོ། །གང་མ་སྐྱེས་པ་དང༌། མ་འགགས་པ་ནི་བཟོད་མ་ནས་ཞི་བའོ། །གང་བཟོད་མ་ནས་ཞི་བ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །གཉིས་པ་ནི། མདོ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་གསུངས་པའི་དགོངས་པ་གང་ཡིན་ཞེ་ན། འཁོར་བ་ལ་ཐོག་མའི་སྐྱེ་བ་མེད་པ་དང༌། འཁོར་བ་ན་ཆོས་གང་སྔར་སྐྱེས་པའི་ངོ་བོ་དེ་ཉིད་ཡང་སྐྱར་ནས་སྐྱེ་བ་མེད་པ་དང༌། སྔར་གྱི་སེམས་ཅན་གྱི་རྒྱུན་ལས་གཞན་གསར་བྱུང་གི་སེམས་ཅན་སྐྱེ་བ་མེད་པ་དང༌། ཀུན་བཏགས་ནི་རང་གི་མཚན་ཉིད་དུ་མ་གྲུབ་པས་རང་གི་མཚན་ཉིད་སྐྱེ་བ་མེད་པ་དང༌། གཞན་དབང་ནི་རྒྱུ་རྐྱེན་ལས་སྐྱེས་པས་རྒྱུ་རྐྱེན་ལ་མ་ལྟོས་པར་སྐྱེ་བ་མེད་པ་དང༌། ཡོངས་སུ་གྲུབ་པ་ནི་འདུས་མ་བྱས་པས་གཞན་དུ་འགྱུར་བའི་སྐྱེ་བ་མེད་པ་དང༌། ཟག་པ་མེད་པ་ཐོབ་པའི་དགྲ་བཅོམ་པ་ལ་ཀུན་ནས་ཉོན་མོངས་པ་སྐྱེ་བ་མེད་པ་དང༌། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ལས་ནི་གཅིག་ལས་གཅིག སྔར་ལས་ཕྱིས་ཁྱད་པར་དུ་སྐྱེ་བ་མེད་པ་སྟེ་བརྒྱད་པོ་དེ་ལ་བཟོད་པ་ཐོབ་པའི་ཕྱིར་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བཤད་དོ། །གསུམ་པ་ནི། དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པའི་མདོ་ལས། ཐེག་པ་ནི་གཅིག་སྟེ། གཉིས་སུ་མེད་དོ་ཞེས་གསུངས་པའི་དོན་ཅི་ཡིན་ཞེ་ན། འདི་ལ་གསུམ་སྟེ། དགོངས་གཞི་དང༌། དགོས་པ་དང༌། རིགས་མ་ངེས་པའི་དབྱེ་བའོ། །དང་པོ་ནི་བགྲོད་བྱ་ཡུལ་ལ་ཐེག་པར་བྱས་ནས་ཉན་ཐོས་ལ་སོགས་པ་གསུམ་གྱི་རྟོགས་བྱ་ཆོས་དབྱིངས་མཚུངས་པ་སྟེ། ཐ་མི་དད་པའི་ཕྱིར་དང༌། ཡང་འགྲོ་བ་པོ་ལ་ཐེག་པར་བྱས་ནས་འགྲོ་བ་པོ་ཉན་ཐོས་ལ་སོགས་པ་གསུམ་གྱི་རྒྱུད་བདག་མེད་པར་མཚུངས་པའི་ཕྱིར་དང༌། ཡང་བགྲོད་པ་ལམ་ལ་ཐེག་པར་བྱས་ཏེ་གང་ཟག་གསུམ་པོས་མཐར་ཐུག་གི་འབྲས་བུ་ཐོབ་པ་ན་ཉོན་མོངས་པ་ལས་རྣམ་པར་གྲོལ་བར་མཚུངས་པའི་ཕྱིར་ཐེག་པ་གསུམ་གྱི་རྣམ་གྲོལ་ཐ་དད་མེད་པའི་ཕྱིར་དང༌། འདིས་འགྲོ་བས་རྒྱུ་ལ་ཐེག་པར་བྱས་ཏེ་ཉན་རང་གི་རིགས་མ་ངེས་པ་འགའ་ཞིག་གིས་ཉན་ཐོས་ཀྱི་ལམ་ལ་བསླབ་ནས་ཕྱིས་ཐེག་ཆེན་གྱི་ལམ་ཞུགས་ཏེ་ཐེག་ཆེན་གྱི་འབྲས་བུ་ཐོབ་པ་ཡོད་པ་ལ་རིགས་ཐ་དད་པས་འབྲས་བུ་གཉིས་ཐོབ་པའི་ཕྱིར་དང༌། བསམ་གཉིས་ཐོབ་པ་ནི་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་བདག་དང་ཐ་མི་དད་པར་དགོངས་པ་མཐར་ཐུག་པ་བརྙེས་པའི་ཕྱིར་དང༌། ཉན་ཐོས་སུ་རིགས་ངེས་པ་སྔར་ཐེག་ཆེན་གྱི་ལམ་ལ་བསླབ་ནས་ཕྱིས་རང་གི་ལམ་དུ་ཞུགས་པ་འགའ་ཞིག་སངས་རྒྱས་ཀྱི་མཐུས་བདག་ཉིད་སེམས་ཅན་ཐམས་ཅད་དང་ཐ་མི་དད་པར་མོས་པའི་སྒོ་ནས་སངས་རྒྱས་ཀྱི་དགོངས་པ་གཞན་ཐ་མི་དད་པ་སྟེ་ཅུང་ཟད་ཅིག་ཐོབ་པའི་ཕྱིར་དང༌། འགྲེལ་ཆེན་མཁན་པོ་ནི། དེ་བཞིན་གཤེགས་པ་རྣམས་བདག་ཅག་གིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་སངས་རྒྱས་སོ། །སྙམ་དུ་དགོངས་པ་ལྟར། ཉན་ཐོས་དེ་ཡང་བདག་གིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་འཚང་རྒྱ་བར་འགྱུར་རོ་སྙམ་པའི་བསམ་པ་ཅུང་ཟད་ཅིག་ཐོབ་ཟེར་རོ། །ཡང་ན་ནི་ལན་དུ་མས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་སོ། །ཞེས་གསུངས་པ་ལྟར་ཉན་ཐོས་ཀྱི་འདུལ་བ་རྣམས་ཀྱི་དོན་དུ་སངས་རྒྱས་ཉིད་ཉན་ཐོས་སུ་སྤྲུལ་པའི་ཕྱིར་དང༌། ཡང་བགྲོད་བྱ་མཐར་ཐུག་ལ་ཐེག་པར་བྱས་ནས་སངས་རྒྱས་ཉིད་མཐར་ཐུག་ཡིན་ཏེ། དེ་བས་ལྷག་པ་མེད་པའི་ཕྱིར་ཏེ། རྒྱུ་མཚན་བདུན་པོ་དེས་ཐེག་པ་གཅིག་ཉིད་དུ་གསུངས་པ་ཡིན་གྱི་ཐེག་པ་གསུམ་མེད་པ་ནི་མ་ཡིན་ནོ། །གཉིས་པ་ནི། ཉན་རང་རིགས་མ་ངེས་པ་ཁ་ཅིག་ཐེག་ཆེན་དུ་དྲངས་པའི་ཕྱིར་དང༌། ཐེག་ཆེན་རིགས་མ་ངེས་པ་གཞན་དག་ཐེག་ཆེན་ལས་མི་ཉམས་པར་ཡང་དག་པར་གཟུང་བའི་ཕྱིར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་ཐེག་པ་གཅིག་ཏུ་བཤད་དོ། །གསུམ་པ་རིགས་མ་ངེས་པའི་དབྱེ་བ་ལ་གཉིས་ཏེ། ཉན་ཐོས་ཀྱི་མ་ངེས་པའི་དབྱེ་བ་དང༌། དེ་དག་གི་ཁྱད་པར་གྱི་ཆོས་དཔྱད་པའོ། །དང་པོ་ནི། འོ་ན་ཅིའི་ཕྱིར་ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་དང་པོ་ཉིད་ནས་ཐེག་ཆེན་ལ་མི་འགོད་ཅེ་ན། ཉན་ཐོས་ཀྱི་རིགས་པ་མ་ངེས་པ་ཐེག་ཆེན་ལ་འཇུག་པ་ནི་རྣམ་པ་གཉིས་ཏེ། ཐེག་པའི་དོན་མཐོང་ནས་ཐེག་ཆེན་དུ་འཇུག་པ་དང༌། མ་མཐོང་བར་འཇུག་པའོ། །དོན་མཐོང་བ་ཡང་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་ཕྱིར་མི་འོང་ཐོབ་པ་དང༌། འདོད་ཆགས་དང་བྲལ་བ་མ་ཡིན་པ་རྒྱུན་ཞུགས་དང༌། ལན་ཅིག་ཕྱིར་འོང་ནས་ཐེག་ཆེན་ལ་འཇུག་པའོ། །དེ་ལྟར་དོན་མཐོང་མ་མཐོང་གཉིས་ལས། དོན་མཐོང་བ་ཐེག་ཆེན་དུ་འཇུག་པ་འདི་དམན་པ་ཡིན་ཏེ་རྟོགས་པ་བུལ་བའི་ཕྱིར་རོ། །གཉིས་པ་དེ་དག་གི་ཁྱད་པར་གྱི་ཆོས་དཔྱད་པ་ལ་གསུམ་སྟེ། སྐྱེ་བ་ལེན་པའི་ཁྱད་པར། དམན་པར་འཇོག་པའི་རྒྱུ་མཚན། འབྲས་བུ་ཐོབ་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི་གལ་ཏེ་ཐེག་ཆེན་གྱི་ལམ་གྱིས་ངེས་པར་འབྱུང་བ་ལ་སེམས་ཅན་གྱི་དོན་དུ་སྐྱེ་བ་མང་པོ་ལན་དགོས་ལ། ཉན་ཐོས་ཀྱི་འཕགས་པའི་ལམ་དེ་ནི་སྲིད་པའི་གཉེན་པོ་ཡིན་པས་ཉན་ཐོས་འཕགས་པ་ཐེག་ཆེན་གྱི་ལམ་དུ་ཞུགས་པ་དེ་ཐབས་གང་གིས་སྲིད་པར་སྐྱེ་ན། དོན་མཐོང་བ་འདོད་ཆགས་བྲལ་བ་དང་མ་བྲལ་བ་དེ་གཉིས་འཕགས་པའི་ལམ་སྲིད་པའི་གཉེན་པོར་གྱུར་བ་དེ་ཐོབ་ཀྱང་ཉོན་མོངས་པའི་ལྷག་མ་མ་སྤངས་པ་དང༌། སངས་རྒྱས་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྒོམ་པ་ལ་སྦྱོར་བའི་སྟོབས་ཀྱིས་སེམས་ཅན་གྱི་དོན་དུ་སྲིད་པར་ཡང་ཡང་སྐྱེ་བར་བསྒྱུར་བའི་ཕྱིར་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་དང་ཡང་དག་པར་ལྡན་ནོ། །ཚུལ་ཇི་ལྟར་སྐྱེ་བ་ལེན་ཞེ་ན་གཅིག་འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་ནི་སྨོན་ལམ་གྱི་དབང་གིས་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་རབ་ཏུ་སྒྲུབ་པར་བྱེད་ལ། དེ་ལས་གཅིག་ཤོས་འདོད་པ་ལ་འདོད་ཆགས་དང་བྲལ་བ་ནི་འདོད་ཁམས་སུ་ཕྱིར་མི་འོང་བའི་བསམ་གཏན་དང་ལྡན་པའི་ཕྱིར་བསམ་གཏན་དེའི་སྟོབས་ཀྱིས་སྐྱེ་བར་སྤྲུལ་པའི་སེམས་ཅན་གྱི་དོན་རབ་ཏུ་སྒྲུབ་པར་བྱེད་དོ། །གཉིས་པ་ནི། གོང་དུ་དམན་པའོ་ཞེས་གསུངས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དོན་མཐོང་བ་དེ་གཉིས་སྔོན་གོམས་པའི་སྟོབས་ཀྱིས་རང་གི་སྔར་ཉན་ཐོས་ཀྱི་སེམས་སྐྱོ་བ་དང་བཅས་པ་དེ་ཡང་དང་ཡང་དུ་ཀུན་ཏུ་འབྱུང་བ་དང་ལྡན་པས་མྱ་ངན་ལས་འདས་པ་ལ་ལྷག་པར་དགའ་བའི་ཕྱིར་སངས་རྒྱས་སྒྲུབ་པ་ལ་རྟོགས་པ་བུལ་བ་ཡིན་ནོ། །གསུམ་པ་ནི། དོན་བྱས་པ་མ་ཡིན་ཏེ་འཕགས་པ་སློབ་པ་འདོད་པ་ལ་འདོད་ཆགས་དང་མ་བྲལ་པ་འགའ་ཞིག་འདོད་ཁམས་ཀྱི་ལྷར་སྐྱེས་པའི་དུས་ན་ཉན་ཐོས་དང༌། དེ་ནས་གང་ཟག་དེ་འདིར་བསྟན་པ་ནུབ་པ་དང་ཤི་འཕོས་ནས་སངས་རྒྱས་མེད་པའི་སར་སྐྱེས་ནས་སྤྲུལ་པའི་ལུས་དོན་དུ་གཉེར་བ་བསམ་གཏན་གྱི་དོན་ལ་བརྩོན་པར་བྱས་ཏེ་སྐྱེ་བའི་ལུས་དེ་བོར་ནས་སྤྲུལ་པའི་ལུས་འཛིན་པས་ན་རང་སངས་རྒྱས་ཞེས་བྱའོ། །སྤྲུལ་པའི་ལུས་དེ་ལ་བརྟེན་ནས་ཚོགས་རྫོགས་པར་བྱས་ནས་བྱང་ཆུབ་དམ་པ་སངས་རྒྱས་ཐོབ་པར་འགྱུར་རོ། །དེ་ཉིད་དཔལ་ཕྲེང་གི་མདོ་ལས། ལྕི་བའི་མེ་ལས་རྩྭའི་མེར་འགྱུར་ལ་རྩྭའི་མེ་ལས་ཤིང་གི་མེར་འགྱུར་བ་ལྟར་ཉན་ཐོས་སུ་གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །ཕྱིས་ནི་སངས་རྒྱས་སུ་འགྱུར་རོ་ཞེས་གསུངས་པའི་དོན་ཡིན་ནོ། །གཙོ་བོ་ནང་རིག་པ་བཙལ་བའི་ཚུལ་བསྟན་ཟིན་ནོ། །གཉིས་པ་སྤྱིར་རིག་པའི་གནས་ལྔ་ཐམས་ཅད་བཙལ་བ་ནི། སྒྲ་དང༌། གཏན་ཚིགས་དང༌། བཟོ་བ་དང༌། གསོ་བ་དང༌། ནང་རིག་པའི་གནས་ཏེ། ལྔ་པོ་དེ་དག་ལ་བརྩོན་པར་མ་བྱས་ན་འཕགས་པའི་མཆོག་བྱང་ཆུབ་སེམས་དཔས་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་ཏེ། དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་ཐོབ་པའི་དོན་དུ་རིག་པའི་གནས་ལྔ་དང༌། ཁྱད་པར་དུ་གཞན་བསྟན་པ་ལ་མ་དད་པ་དག་ཚིག་དོན་གྱི་སྒོ་ནས་ཚར་གཅད་པའི་ཕྱིར་སྒྲ་དང་གཏན་ཚིགས་རིག་པ་དང༌། དད་པ་རྣམས་རྗེས་སུ་གཟུང་བའི་ཕྱིར་བཟོ་དང་གསོ་བ་རིག་པ་དང༌། བདག་ཉིད་ཀྱིས་སྡེ་སྣོད་གསུམ་གྱི་བརྗོད་བྱ་རྣམས་ཀུན་ཤེས་པར་བྱ་བའི་ཕྱིར་ནང་རིག་པ་སྟེ་ལྔ་པོ་དེ་ལ་བྱང་ཆུབ་སེམས་དཔའ་དེ་བརྩོན་པར་བྱེད་དོ། །གསུམ་པ་ཁྱད་པར་ཐེག་ཆེན་གྱི་ཆོས་བཙལ་བ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཐེག་པ་ཆེན་པོའི་དོན་ཡིད་ལ་བྱེད་ཚུལ། ཉམས་ལེན་གྱི་སྤྱོད་པ་ཡིད་ལ་བྱེད་ཚུལ་ལོ། །དང་པོ་ནི། བྱང་སེམས་རིགས་ལ་གནས་པ་དེས་བདག་ཉིད་ལ་སངས་རྒྱས་ཀྱི་རྒྱུ་ཐེག་ཆེན་གྱི་རིགས་དམིགས་པ་སྟེ་ཡོད་པར་མཐོང་ནས་དགའ་བས་ཕ་རོལ་ཏུ་ཕྱིན་པའི་ས་བོན་འཕེལ་པར་བྱེད་དོ། །རིགས་ལ་གནས་ནས་དེས་བྱང་ཆུབ་ཏུ་སེམས་སྐྱེད་པ་ན་བདག་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྐྱེན་བྱང་ཆུབ་ཀྱི་སེམས་ཡོད་པར་རྗེས་སུ་དྲན་པ་སྟེ་མཐོང་ནས་བདག་ལ་བསམ་པ་བྱང་ཆུབ་ཀྱི་སེམས་ཡོད་པས་ན་གདོན་མི་ཟ་བར་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱེད་དོ། །སེམས་བསྐྱེད་ནས་རང་གཞན་གྱི་དོན་སྒྲུབ་པས་ན་རང་གི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ་སེམས་ཅན་དང་ཐུན་མོང་དུ་ཐོབ་པར་འདོད་པ་ཡིད་ལ་བྱེད་པའོ། །རང་གཞན་གྱི་དོན་སྒྲུབ་པ་དེ་ཇི་ལྟར་དུས་གསུམ་གྱི་སངས་རྒྱས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ན་ཉིད་རྟོགས་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པ་སངས་རྒྱས་པ་དང༌། སངས་རྒྱ་བ་དང༌། སངས་རྒྱ་བར་འགྱུར་བ་དེ་བཞིན་དུ་བདག་གིས་ཀྱང་ཕར་ཕྱིན་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་ནས་བྱང་ཆུབ་ཐོབ་པར་གྱུར་ཅིག་སྙམ་དུ་མོས་ཤིང་ཡིད་ལ་བྱེད་དོ། །དེ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པ་སྤོང་བ་དང༌། ཚོགས་གཉིས་ཡོངས་སུ་སྨིན་པ་དང༌། རང་གཞན་ལ་ཕན་འདོགས་པ་དང༌། ཕྱི་མ་ལ་རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་འབྱིན་པ་སྟེ་མཐུ་བཞི་པོ་དེ་ཡོད་པར་མཐོང་ནས་དགའ་བ་ཡིད་ལ་བྱེད་པའོ། །དེ་ནས་སྡུག་བསྔལ་དང་སེམས་ཅན་གྱི་ལོག་སྒྲུབ་བྱུང་ཡང་རང་གཞན་གྱི་དོན་དུ་སངས་རྒྱས་ཀྱི་ཆོས་སྒྲུབ་པ་ལ་མི་སྐྱོ་བ་ཡིད་ལ་བྱེད་པའོ། །དེ་ནས་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་རྣམས་སོ་སོར་འཆགས་པ་དང༌། གཉེན་པོ་ཕར་ཕྱིན་དྲུག་སྒྲུབ་པ་ལ་རྗེས་སུ་ཡི་རང་བ་དང༌། རང་གཞན་གྱི་རྒྱུད་ལ་ཕར་ཕྱིན་དྲུག་སྐྱེད་པའི་ཕྱིར་སངས་རྒྱས་རྣམས་ལ་ཆོས་གསུང་བར་གསོལ་བ་གདབ་པ་དང༌། ཕར་ཕྱིན་དྲུག་གི་དགེ་བ་ཐམས་ཅད་བྱང་ཆུབ་ཏུ་བསྔོ་སྟེ། སྒྲུབ་པ་རྣམ་པ་བཞི་ཡིད་ལ་བྱེད་དེ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།