མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་གསལ་བ། ག༽

དེ་རྣམས་རིགས་ནས་བྱང་ཆུབ་ཀྱི་ལེའུའི་བར་གྱིས་རིམ་བཞིན་དུ་བསྟན་ནོ། །གཉིས་པ་ཉམས་ལེན་ཀྱི་སྤྱོད་པ་ཡིད་ལ་བྱེད་པ་ལ་གཉིས་ཏེ། ཆོས་ལ་འཇུག་པའི་སྤྱོད་པ་དང༌། དོན་ལ་འཇུག་པའི་སྤྱོད་པའོ། །དང་པོ་ནི་དེ་ལྟར་ཐེག་ཆེན་གྱི་རིགས་ཤེས་ནས་ཉམས་སུ་ལེན་པ་ན་ཐོག་མ་ཉིད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པའི་ཆེད་དུ་བསྟན་པའི་ཆོས་རྣམས་ཀྱི་བརྗོད་བྱ་རྗོད་བྱེད་ལ་ཡིད་ཆེས་ཤིང་རབ་ཏུ་དྭང་བ་ཡིད་ལ་བྱེད་དོ། །དེ་ནས་ཕར་ཕྱིན་དྲུག་གི་ཆོས་དགེ་བའི་བཤེས་གཉེན་ལས་ཡང་དག་པར་ནོད་པར་བྱེད་པའི་སྒོ་ནས་ཚོལ་བ་ཡིད་ལ་བྱེད་དོ། །དེ་ནས་ཆོས་དེ་གཞན་ལ་བཤད་པའི་སྒོ་ནས་སྦྱིན་པར་འདུན་པ་ཡིད་ལ་བྱེད་དོ། །དེ་ནས་ཕར་ཕྱིན་དྲུག་གི་ཆོས་རྫོགས་པར་སྒྲུབ་པའི་གོ་ཆ་ཡིད་ལ་བྱེད་དོ། །དེ་དག་ནི་མོས་པ་ནས་ཆོས་སྒྲུབ་ཀྱི་བར་གྱིས་བསྟན་ནོ། །དེ་ནས་གདམས་ངག་གི་དོན་དུ་གོ་ཆ་གྱོན་པ་དང༌། ཕར་ཕྱིན་རྫོགས་པའི་རྐྱེན་དང་ཕྲད་པར་བྱ་བའི་ཕྱིར་སྨོན་ལམ་ཡིད་ལ་བྱེད་པ་དང༌། བདག་ཉིད་ཕར་ཕྱིན་དྲུག་སྒྲུབ་པ་ལ་མངོན་པར་དགའ་བ་ཡིད་ལ་བྱེད་པ་སྟེ་གསུམ་ནི་གདམ་ངག་རྗེས་བསྟན་གྱི་ལེའུས་བསྟན་ནོ། །གཉིས་པ་དོན་ལ་འཇུག་པའི་སྤྱོད་པ་ཡིད་ལ་བྱེད་པ་ལ་བཞི་སྟེ། ལམ་གསུམ་ཐབས་ཀྱིས་ཟིན་པ། ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ། བྱང་ཆུབ་ཕྱོགས་མཐུན་གྱི་སྤྱོད་པ། ཕན་ཡོན་ཡིད་ལ་བྱེད་པའོ། །དང་པོ་ནི་འཁོར་གསུམ་དུ་མི་རྟོག་པས་ཕར་ཕྱིན་དྲུག་སྒྲུབ་པའི་ལུས་ངག་ཡིད་གསུམ་གྱི་བྱ་བ་སྟེ་ལས་ཡིད་ལ་བྱེད་དེ། དེ་ནི་ཐབས་དང་ལྡན་པས་བསྟན་ནོ། །གཉིས་པ་ནི། སྦྱིན་པ་ལ་སོགས་པ་ཕར་ཕྱིན་དྲུག་པོ་རེ་རེ་ལ་ཡང་དྲུག་དྲུག་ཚང་བར་སྒྲུབ་པ་ལ་མཐུ་ཐོབ་པ་ནི་སྤྲོ་བ་ཡིད་ལ་བྱེད་པ་དང༌། སྦྱིན་པས་བསྡུས་ནས་ཕར་ཕྱིན་དྲུག་འཆད་པ་དང༌། སྒྲུབ་ཏུ་འཇུག་པ་དང༌། བདག་ཉིད་སྒྲུབ་པ་སྟེ། བསྡུ་བ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སྤྲོ་བ་ཡིད་ལ་བྱེད་པ་གཉིས་ཕར་ཕྱིན་དང་བསྡུ་བའི་ལེའུས་བསྟན་ནོ། །སྦྱིན་པས་རྙེད་པ་དང་བཀུར་སྟིའི་མཆོད་པ་དང༌། ཕར་ཕྱིན་གཞན་ལྔས་སྒྲུབ་པའི་མཆོད་པ་དང༌། ཕར་ཕྱིན་དྲུག་ཕྱིན་ཅི་མ་ལོག་པར་བྱེད་པའི་དགེ་བའི་བཤེས་གཉེན་བསྟེན་པ་གཉིས་སྤྲོ་བ་མཆོག་ཏུ་གྱུར་པ་དང༌། སྤྱིར་བྱམས་པས་བདེ་བ་དང་ཕྲད་པར་འདོད་པ་ཙམ་ཡིན་ཡང་བྱང་ཆུབ་སེམས་དཔས་སྦྱིན་སོགས་ཀྱི་སྒོ་ནས་བདེ་བ་ལ་དངོས་སུ་སྦྱོར་བ་བྱམས་པ་དང༌། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་ལྡན་པ་ལ་སྙིང་རྗེ་དང༌། ཕར་ཕྱིན་དྲུག་དང་ལྡན་པ་ལ་དགའ་བ་དང༌། བདེ་བ་དང་ལྡན་པ་རྣམས་ལ་ཆགས་པ་དང༌། སྡུག་བསྔལ་དང་ལྡན་པ་རྣམས་ལ་ཁོང་ཁྲོའི་ཀུན་ནས་ཉོན་མོངས་པ་མེད་པར་འདོད་པའི་བཏང་སྙོམས་ཏེ་ཚད་མེད་པ་བཞི་པོའི་སྒོ་ནས་བདེ་བ་ཡིད་ལ་བྱེད་པ་དང་གསུམ་ནི་མཆོད་བསྟེན་ཚད་མེད་ཀྱི་ལེའུས་བསྟན་ནོ། །གསུམ་པ་བྱང་ཆུབ་ཕྱོགས་མཐུན་གྱི་སྤྱོད་པ་ནི། བྱང་ས་ལས། སྡོམ་ཚིག་གསུངས་པ་ནི། ངོ་ཚ་བརྟན་དང་མི་སྐྱོ་དང༌། །དེ་བཞིན་བསྟན་བཅོས་འཇིག་རྟེན་ཤེས། །ལེགས་པར་སྟོན་པར་བྱེད་པ་དང༌། །དེ་བཞིན་སོ་སོ་ཡང་དག་རིག །ཚོགས་དང་བྱང་ཆུབ་ཕྱོགས་རྣམས་དང༌། །ཞི་གནས་དང་ནི་ལྷག་མཐོང་དང༌། །ཐབས་ལ་ཡང་ནི་མཁས་པ་དང༌། །གཟུངས་རྣམས་དང་ནི་སྨོན་ལམ་དང༌། །ཏིང་འཛིན་གསུམ་དུ་ཤེས་པར་བྱ། །ཆོས་ཀྱི་མདོ་ནི་རྣམ་པ་བཞི། །ཞེས་གསུངས་པའི་དོན་ཡིད་ལ་བྱེད་ཚུལ་གོ་རིམ་ལྟར་སྟོན་ཏེ། འདི་ལྟར་ཕར་ཕྱིན་དྲུག་མ་བྱས་པའམ་ཅུང་ཟད་བྱས་ཀྱང་མ་རྫོགས་པའམ། ངན་པ་སྟེ་ལོག་པར་བྱས་པ་ལ་ངོ་ཚ་བ་དང༌། དེ་ནས་དེ་དག་ལ་འཇུག་ལྡོག་བྱ་བའི་ཕྱིར་ཡུན་མི་རིང་བར་འགྱོད་པ་ཡིད་ལ་བྱེད་པ་ནི། ངོ་ཚ་མི་མཐུན་ཕྱོགས་སྤངས་དང༌། །ཞེས་པ་ལ་སོགས་པས་བསྟན་ནོ། །ཞེས་བྱ་བ་འོག་མ་ཐམས་ཅད་ལ་སྦྱར་རོ། །ཡུལ་སྦྱིན་སོགས་ལས་སེམས་མི་གཡེང་བར་དགའ་བ་ཡིད་ལ་བྱེད་པ་ནི། བྱང་ཆུབ་སེམས་དཔའི་བརྟན་པ་ནི། །ཞེས་སོ། །སྦྱིན་སོགས་ལ་སྐྱོ་བ་ལ་དགྲའི་འདུ་ཤེས་བྱས་ནས་སྤོང་བ་ནི། བྱང་ཆུབ་མི་སྐྱོ་མཉམ་མེད་པ། །ཞེས་སོ། །ཕར་ཕྱིན་དྲུག་སྟོན་པའི་བསྟན་བཅོས་ཤེས་པ་ཉིད་ཅེས་སོ། །བསྟན་བཅོས་དེ་ཉིད་འཇིག་རྟེན་རྣམས་ལ་སྣོད་དང་མཐུན་པར་བརྗོད་ཅིང་སྟོན་པའི་བློ་གྲོས་ནི། བརྟན་རྣམས་འཇིག་རྟེན་ཤེས་པ་ཉིད། །ཅེས་སོ། །སྦྱིན་པ་ལ་སོགས་པ་རྫོགས་པའི་བྱང་ཆུབ་ཀྱི་རྟེན་ཡིན་གྱི་དབང་ཕྱུག་ལ་སོགས་པ་མིན་པས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་ལ་སོགས་པ་བཞི་ནི། གཙུག་ལག་བསྟན་པའི་ཆོས་དང་ནི། །ཞེས་སོ། །གོ་རིམ་བཞིན་དུ་སེར་སྣ་ལ་སོགས་དང་སྦྱིན་པ་ལ་སོགས་སོ། །གཉིས་པ་དེ་དག་གི་སྐྱོན་དང་ཡོན་ཏན་སོ་སོར་རིག་པ་ནི། རྣམ་གྲངས་དང་ནི་མཚན་ཉིད་དང༌། །ཞེས་སོ། །སྦྱིན་སོགས་བསགས་ནས་ཚོགས་གཉིས་བསགས་པ་མཐོང་ཞིང་རྗེས་སུ་དྲན་པ་ཡིས་དགའ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །ཞེས་བྱའོ། །སྦྱིན་པ་ལ་སོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོ་ཡིན་པས་དོན་ཆེན་པོ་བྱང་ཆུབ་ཀྱི་རྒྱུར་མཐོང་བ་ནི། བློ་ལྡན་དྲན་པ་ཉེར་བཞག་པ། །ཞེས་སོ། །ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་སྒོམ་པར་འདོད་པ་ནི་ཡང་དག་པ་ལ་བརྟེན་ནས། ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའི་ཐབས་སུ་འཁོར་གསུམ་རྣམ་པར་མི་རྟོག་པའི་ཐབས་ལ་མཁས་པས་ཟིན་པ་ནི། སངས་རྒྱས་ཆོས་རྣམས་རྫོགས་བྱ་དང༌། །ཞེས་སོ། །གཟུངས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་དང༌། དོན་དེ་དག་འཛིན་པར་འདོད་པ་ནི། རྣམ་སྨིན་ཐོས་ལ་གོམས་པ་དང༌། །ཞེས་སོ། །སྐྱེ་བ་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་རྐྱེན་དགེ་བའི་བཤེས་གཉེན་དང་ཕྲད་པར་འདོད་པའི་སྨོན་ལམ་ནི། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །ཞེས་སོ། །ཀུན་བཏགས་མེད་པ་ལ་ཡོད་པར་ལོག་པར་འཛིན་པ་དང༌། འཁོར་བ་ཉེས་པ་ལྡན་པ་ལ་རྟག་པ་བདེ་བ་ལ་སོགས་པ་ཡོན་ཏན་དང་ལྡན་པ་དང༌། མྱང་འདས་ཡོན་ཏན་དང་ལྡན་པ་ལ་བདག་ཆད་དུ་དོགས་པའི་འཇིགས་པས་ཡོན་ཏན་དང་ལྡན་པ་མ་ཡིན་པར་འཛིན་པ་དང༌། འདུ་བྱེད་ཐམས་ཅད་རྟག་པ་དང༌། ཟག་བཅས་ཀྱི་འདུ་བྱེད་ཐམས་ཅད་བདེ་བ་དང༌། ཆོས་ཐམས་ཅད་བདག་ཡོད་པ་དང༌། མྱང་འདས་མ་ཞི་བ་ལ་སོགས་པར་འཛིན་པ་རྣམ་པ་བདུན་སྤོང་བའི་མཐུ་སྟེ། གཉེན་པོ་སྟོང་པ་ཉིད་གསུམ་དང༌། །ཆོས་ཀྱི་སྡོམ་བཞི་ཐོབ་པ་ནི། །ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །ཞེས་པ་དང༌། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ཞེས་སོ། །བཞི་པ་ནི། བྱང་ས་ལས། སྡོམ་ནི། ངོ་མཚར་ངོ་མཚར་མ་ཡིན་དང༌། །སྙོམས་པའི་སེམས་དང་ཕན་འདོགས་དང༌། །ལན་དུ་ཕན་འདོགས་དེ་བཞིན་སྨོན། །སྦྱོར་བ་འབྲས་བུ་ཡོད་པ་ཉིད། །སྡོམ་ནི། ཡང་དག་སྦྱོར་དང་འབྲི་བ་དང༌། །དེ་བཞིན་ཁྱད་པར་འགྲོ་བ་དང༌། །ཡོན་ཏན་འདྲ་བར་བཅོས་རྣམས་དང༌། །ཡང་དག་རྣམས་དང་དེ་བཞིན་འདུལ། །སྡོམ་ནི། ལུང་བསྟན་པ་དང་ངེས་པར་ཞུགས། །ངེས་པ་ཁོ་ནར་བྱ་བ་དང༌། །རྟག་པར་ཡང་ནི་བྱ་བ་དང༌། །གཙོ་བོར་བྱ་བ་ཐ་མ་ཡིན། །ཞེས་པའི་དོན་རྣམས་ཡིད་ལ་བྱེད་ཚུལ་རིམ་པ་ལྟར་སྟོན་ཏེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་འགྲུབ་དཀའ་བ་རྣམས་ཀྱང་འགྲུབ་པས་རྒྱ་ཆེ་བ་དང༌། གྲངས་མེད་གསུམ་དུ་སྒྲུབ་པས་ཡུན་རིང་བ་དང༌། ཚེ་འདིར་ལན་ལ་མི་རེ་བ་དང༌། ཕྱི་མར་རྣམ་སྨིན་ལ་མི་རེ་བ་སྟེ། ངོ་མཚར་བའི་འདུ་ཤེས་བཞི་ནི། རང་གི་ལུས་དང་སྡོམ་པའི་ཕྱིར། །ཞེས་སོ། །རྒྱུ་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེ་བ་དང༌། ཡུན་རིང་བ་ཡོད་ན་འབྲས་བུ་སངས་རྒྱས་འགྲུབ་པ་དང༌། དེ་གཉིས་ཡོད་ན་རང་གཞན་ལ་སེམས་སྙོམས་པ་དང༌། སྐྱེ་བོ་ཕལ་པའི་ལན་ལས་ཆེས་ལྷག་པའི་བརྒྱ་བྱིན་ལ་སོགས་པའི་མཆོད་པ་ཐོབ་ཀྱང་དེ་ལ་དགའ་བར་མི་ལྟ་བས་སྐྱེ་བོ་ཕལ་པའི་ལན་ལ་མི་རེ་བ་དང༌། འཇིག་རྟེན་ཐམས་ཅད་ལ་ཁྱད་པར་དུ་འཕགས་པའི་ལུས་དང་ལོངས་སྤྱོད་ཐོབ་ཀྱང་དེ་ལ་དགའ་བར་མི་སེམས་ན་རྣམ་སྨིན་གྱི་འབྲས་བུ་ཕལ་པ་ལ་མི་ལྟ་བར་ངོ་མཚར་མི་ཆེའོ། །ཞེས་ངོ་མཚར་མེད་པའི་འདུ་ཤེས་བཞི་ནི། འདོད་ཆགས་བྲལ་དང་སྙིང་རྗེ་དང༌། །ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་སེམས་ཅན་རྣམས་ལ་སྙོམས་ཏེ་ཉེ་རིང་མེད་པར་དོན་བྱེད་པ་ནི། ཇི་ལྟར་བློ་ལྡན་སེམས་ཅན་ལ། །ཞེས་སོ། །ཕར་ཕྱིན་རྣམས་སེམས་ཅན་ལ་ཕན་འདོགས་པའི་བདག་ཉིད་ཆེན་པོ་ཡིན་པར་མཐོང་བ་ནི། སྣོད་རུང་ཉིད་དུ་བྱེད་པ་དང༌། །ཞེས་སོ། །གཞན་དག་སྦྱིན་སོགས་ལ་བཀོད་པ་ན། གཞན་དེ་དག་སྦྱིན་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་ལན་དུ་རེ་བ་ནི། ལོངས་སྤྱོད་རྣམས་ལ་མ་ཆགས་དང༌། །ཞེས་སོ། །ཕར་ཕྱིན་རྣམས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་སར་མཐར་ཐུག་པ་དང༌། སངས་རྒྱས་ཀྱི་སར་མཐར་ཐུག་པ་དང༌། སེམས་ཅན་གྱི་དོན་བྱེད་པ་སྟེ་གསུམ་དུ་སྨིན་པ་ནི། རྟག་ཏུ་འཕེལ་དང་མཉམ་པ་དང༌། །ཞེས་སོ། །སྦྱིན་སོགས་ལ་དུས་རྒྱུན་དུ་སྦྱོར་བས་དུས་ཡོད་པར་བྱེད་པ་ནི། འཇིགས་སྤངས་ཡང་དག་སྐྱེ་བ་དང༌། །ཞེས་སོ། །སངས་རྒྱས་ཀྱི་བསྟན་པ་བཞིན་དུ་སྦྱིན་སོགས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར། ཚུལ་རོལ་དུ་མི་གནས་པའི་སེམས་དང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྦྱོར་བ་རྒྱུན་མི་གཅོད་པ་ནི། རེ་བ་མེད་པའི་སྦྱིན་པ་དང༌། །ཞེས་སོ། །སྡོམ་ཚིག་གི་འབྲི་བ་ཞེས་པ་ནི། སྦྱིན་སོགས་དེས་དམན་པའི་སེམས་ཅན་ལ་མི་དགའ་བ་དང༌། ཁྱད་པར་འགྲོ་ཞེས་པ་ནི། དེ་དར་བ་སྟེ། ལྷག་པར་སྤྱོད་པའི་སེམས་ཅན་ལ་དགའ་བ་ནི། ལོངས་སྤྱོད་ཆགས་དང་ཉམས་བཅས་དང༌། །ཞེས་སོ། །བཅོས་མ་ཞེས་པ་ནི། སྦྱིན་སོགས་སྒོམ་པ་བཅོས་མ་ལ་མ་དད་པ་དང༌། ཡང་དག་པ་ལ་དད་པ་ནི། སྤྲུལ་པ་དང་ནི་ཚུལ་འཆོས་དང༌། །ཞེས་སོ། །སེར་སྣ་ལ་སོགས་པ་དྭང་དུ་མི་ལེན་པར་གཉེན་པོས་འདུལ་བ་ནི། བློ་ལྡན་དེ་དག་ས་ཀུན་ལ། །ཞེས་སོ། །དུས་འདི་སྲིད་ཅིག་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་ལུང་བསྟན་པར་ཐོབ་པ་དགའ་བ་ནི། གང་ཟག་དུས་ཀྱི་བྱེ་བྲག་གིས། །ཞེས་སོ། །བདག་ནི་ནམ་ཞིག་ཕ་རོལ་ཏུ་ཕྱིན་པ་ངེས་པའི་ས་ལ་གནས་པ་ཐོབ་པར་དགའ་བ་ནི། བློ་ལྡན་རྣམ་པ་ཐམས་ཅད་དུ། །ཞེས་སོ། །བྱང་ཆུབ་སེམས་དཔའ་ཡིན་ཕན་ཆད་ཕྱི་མའི་ཚེ་ལ་གང་དུ་སྐྱེས་ཀྱང་སྦྱིན་སོགས་ངེས་པ་ཁོ་ནར་བྱ་དགོས་པར་མཐོང་བའི་ཕྱིར་དེ་དག་ངེས་པར་བྱེད་པ་ལ་འཇུག་པ་ནི། མཆོད་བསླབ་ཡང་དག་བླང་བ་དང༌། །ཞེས་སོ། །འགྲེལ་ཆེན་མཁན་པོ་ནི། ཚེ་འདི་ཁོ་ན་ལ་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་ཡིད་ལ་བྱེད་པ་ཡིན་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་གཞན་རྣམས་དང་བདག་བྱ་བ་མཉམ་པ་སྟེ་གཅིག་པར་སེམས་ཀྱིས་བལྟ་བའི་ཕྱིར། བྱང་ཆུབ་སེམས་དཔའ་གཞན་རྣམས་དང་ལྷན་ཅིག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་རྟག་ཏུ་སྒྲུབ་པར་བྱ་བར་མོས་པ་ནི། འདོད་པའི་ཉེས་དམིགས་ཤེས་པ་དང༌། །ཞེས་སོ། །སྦྱིན་པའི་ནང་ནས་ཆོས་ཀྱི་སྦྱིན་པ་གཙོ་བོར་བྱ་བ་ལ་སོགས་པ་དང༌། ཕར་ཕྱིན་དྲུག་གི་ནང་ནས་ཀྱང་མཆོག་གི་ཆོས་ཤེར་ཕྱིན་རྣམས་ལ་ཞུགས་པའི་ཕྱིར་བདག་ཉིད་མཆོག་ཡིན་པར་མཐོང་ནས་དགའ་བ་ཡིད་ལ་བྱེད་པ་ནི། ཆོས་སྦྱིན་ཚུལ་ཁྲིམས་དག་པ་དང༌། །ཞེས་པ་ལ་སོགས་ཀྱིས་བསྟན་ཏོ། །གཉིས་པ་དོན་བསྡུ་བ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་དང་ལྡན་པའི་ཕྱིར་རྒྱུ་ལས་བྱུང་བས་ཕར་ཕྱིན་བཅུ་དང་ལྡན་པའི་དགེ་བ་ཡིད་ལ་བྱེད་པ་འདི་དག་གིས་དུས་རྟག་ཏུ་བྱང་ཆུབ་སེམས་དཔའི་ཁམས་ཏེ། ཕར་ཕྱིན་དྲུག་གི་ས་བོན་གྱི་ནུས་པ་བརྟས་པར་བྱེད་པ་ཡིན་ནོ། །འོ་ན་སྔར་ཕར་ཕྱིན་དྲུག་ཏུ་བཤད་ལ་འདིར་བཅུར་བཤད་པས་འགལ་ལོ་ཞེ་ན། མི་འགལ་ཏེ། དགོངས་འགྲེལ་ལས། ཐབས་ཀྱི་ཕར་ཕྱིན་དང་པོ་གསུམ་གྱི་གྲོགས་ཡིན་ལ། སྨོན་ལམ་དང་སྟོབས་དང་ཡེ་ཤེས་ནི་གོ་རིམ་བཞིན་དུ་ཕྱི་མ་གསུམ་གྱི་གྲོགས་སུ་གསུང་ཤིང༌། དབུས་མཐའི་ཊཱིཀྐར་འདི་ལ་རྫས་སུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །མིང་དུ་ནི་བཅུ་སྟེ། ཕ་རོལ་ཏུ་ཕྱིན་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་ལས་འདས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་ལ་སྒྲིབ་པ་ཐམས་ཅད་རིམ་གྱིས་སྤང་ངོ༌། །ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་བསྡུས་སོ་ཞེས་བཤད་པས་སོ། །གཉིས་པ་ཆོས་ཚོལ་གྱི་དབྱེ་བ་ནི་མོས་སྤྱོད་ན་ཐེག་ཆེན་གྱི་ཆོས་ཐོས་པ་ལ་མོས་པ་རྒྱས་པའི་ཆོས་ཚོལ་དང༌། ཚོགས་ལམ་ཆེན་པོར་ཆོས་ཀྱི་སྒོའི་ཏིང་འཛིན་ཐོབ་པ་དེ་གོམས་པས་ས་དང་པོ་ནས་བདུན་པའི་བར་དུ་བདག་མེད་གཉིས་རྟོགས་ཤིང༌། བདག་གཞན་མཉམ་པར་རྟོགས་པ་ནི་ལྷག་པའི་བསམ་པ་དག་པའི་ཆོས་ཚོལ་ལོ། །ཊཱིཀྐ་ལས། འདི་ལྟར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ནི་མོས་པས་སྤྱོད་པའི་སའི་རྩེ་མོར་ཕྱིན་པ་ལས་འབྱུང་ལ། དེའི་འཇུག་ཐོགས་སུ་ས་ཐོབ་བོ་ཞེས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཆོས་མཆོག་ནས་ཡོད་པར་བཤད་དོ། །ས་བརྒྱད་པ་ཡན་ཆད་དབང་འབྱོར་བ་ཐོབ་པ་རྣམས་ཀྱི་ཆོས་ཚོལ་ནི་ཆེན་པོ་ཞེས་བྱའོ། །དེ་དག་ནི་བརྟན་པའི་ཡོངས་སུ་ཚོལ་བ་ཡིན་པར་འདོད། གསུམ་པོ་དེ་གོ་རིམ་བཞིན་དུ་མཐོང་སྤངས་དང་བཅས་པ་དང༌། མཐོང་སྤངས་མེད་པ་དང༌། རྣམ་པར་མི་རྟོག་པ་ལ་དབང་འབྱོར་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཚོལ་བ་ནི་ཡང་ཚོགས་ལམ་གྱི་ཐོས་བསམ་གྱི་ཤེས་རབ་ནི་མི་རྟོག་པའི་ཡེ་ཤེས་མེད་པས་ན་སྐུ་མེད་པའོ། །མོས་སྤྱོད་ཀྱི་སྒོམ་བྱུང་གི་ཤེས་རབ་ནི་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པ་ཙམ་ཡོད་པས་ན་སྐུ་དང་བཅས་པའོ། །འགྲེལ་ཆེན་མཁན་པོ་ནི། གཟུང་འཛིན་སྤངས་པ་ཆོས་སྐུ་ཡེ་ཤེས་ཀྱིས་རྙེད་པའི་ཕྱིར་རོ། །ཞེས་ཟེར་རོ། །རྒྱུའི་ས་བདུན་ན་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་པས་སྐུ་ཐོབ་པའོ། །འབྲས་བུའི་ས་གསུམ་ན་ཉོན་ཡིད་གནས་གྱུར་ཏེ་རྣམ་པར་མི་རྟོག་པ་ལ་དབང་བས་སྐུ་ཡོངས་སུ་རྫོགས་པའོ། །ཡང་མོས་སྤྱོད་ན་རྗེས་ཐོབ་ཏུ་ངར་འཛིན་མངོན་གྱུར་པ་འབྱུང་བ་ཡོད་པས་ང་རྒྱལ་མང་བའོ། རྒྱུའི་ས་བདུན་ན་ཉོན་ཡིད་ཀྱི་ས་བོན་མ་སྤངས་པས་རྗེས་ཐོབ་ཏུ་ངར་འཛིན་ཅུང་ཟད་ཡོད་པས་ང་རྒྱལ་ཕྲ་བའོ། །འབྲས་བུའི་ས་གསུམ་ན་ཉོན་ཡིད་ཀྱི་ས་བོན་སྤངས་པས་ང་རྒྱལ་མེད་པའོ། །གཉིས་པ་གང་གི་ཕྱིར་བཙལ་བའི་དགོས་པ་ནི། བརྟེན་པའི་ཆོས་ཚོལ་བ་ནི་གཟུགས་ཀྱི་ཕུང་པོ་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང༌། གཟུགས་ཅན་མ་ཡིན་པའི་ཕུང་པོ་རྣམས་ལ་ཉོན་མོངས་པའི་ནད་མེད་པ་ཐོབ་པའི་རྒྱུ་ཡིན་ནོ། །མངོན་ཤེས་རྣམས་ཀྱི་དབང་ཕྱུག་གི་རྒྱུ་དང༌། ཡོན་ཏན་དེ་དག་ཕུང་པོ་ལྷག་མེད་དུ་ཟད་མི་ཤེས་པའི་རྒྱུ་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཚངས་པས་ཞུས་པའི་མདོ་ལས། ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཡོངས་སུ་ཚོལ་བར་འགྱུར་ཏེ། དཀོན་པའི་དོན་གྱི་རིན་པོ་ཆེའི་འདུ་ཤེས་དང༌། ཉོན་མོངས་པའི་ནད་རབ་ཏུ་ཞི་བར་བྱེད་པའི་དོན་གྱིས་སྨན་གྱི་འདུ་ཤེས་དང༌། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་དོན་གྱིས་མྱ་ངན་ལས་འདས་པའི་འདུ་ཤེས་དང་ལྡན་པས་ཞེས་གསུངས་སོ། །དེ་ལ་མཚན་རྣམས་ནི་མཛེས་པར་བྱེད་པའི་ཕྱིར་རིན་པོ་ཆེ་ལྟ་བུ་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་ཆོས་ལ་རིན་པོ་ཆེའི་འདུ་ཤེས་སོ། །ནད་མེད་པའི་རྒྱུ་ཡིན་པས་སྨན་གྱི་འདུ་ཤེས་སོ། །མངོན་ཤེས་རྣམས་ཀྱི་དབང་ཕྱུག་གི་རྒྱུ་ཡིན་པས་ནོར་གྱི་འདུ་ཤེས་སོ། །དེ་དག་ཟད་མི་ཤེས་པའི་རྒྱུ་ཡིན་པས་མྱ་ངན་ལས་འདས་པའི་འདུ་ཤེས་ཏེ། ཟད་པས་འཇིགས་པ་མེད་པའི་ཕྱིར་རོ། །དོར་བྱའི་ཆོས་ཚོལ་བ་ནི་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་རྣམ་པར་རྟོག་པ་བཅུ་ཡང་དག་པར་སྤང་བར་བྱའོ། །རྣམ་རྟོག་གཉེན་པོ་གང་གིས་སྤང་ཞེ་ན། ཆོས་མེད་པར་རྟོག་པའི་གཉེན་པོར། ཤེར་ཕྱིན་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ། །ཞེས་སོ། །ཇི་ལྟར་སྣང་བ་བཞིན་དུ་ཡོད་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གསུངས་སོ། །གཟུགས་སོགས་ཡང་དག་ཏུ་སྒྲོ་འདོགས་པའི་གཉེན་པོར་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །ཞེས་སོ། །ཆོས་ཅན་གཟུགས་སོགས་ཡང་དག་པར་མེད་པས་དེའི་ཆོས་ཉིད་ཀྱང་མེད་ཅེས་བཀུར་བ་འདེབས་པའི་གཉེན་པོར་སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་སོ། །གཟུགས་སོགས་དང་དེའི་ཆོས་ཉིད་གཅིག་པར་རྟོག་པའི་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་སོ། །དུ་མ་སྟེ་དེ་གཉིས་ཐ་དད་པ་ཉིད་དུ་རྟོག་པའི་གཉེན་པོར་སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ། །གཟུགས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་གཟུགས་སོ་ཞེས་སོ། །གཟུགས་སོགས་རང་གི་ངོ་བོ་ཉིད་དུ་རྟོག་པའི་གཉེན་པོར། གཟུགས་གང་ཡིན་པ་དེ་ནི་མིང་ངོ་ཞེས་སོ། །གཟུགས་སོགས་ལ་ཁྱད་པར་སྐྱེ་འགག་ལ་སོགས་སུ་རྟོག་པའི་གཉེན་པོར་གཟུགས་ལ་ནི་སྐྱེ་བ་ཡང་མེད་འགག་པ་ཡང་མེད། ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད་ཅེས་སོ། །མིང་ཇི་ལྟ་བ་བཞིན་དུ་དོན་དུ་ཞེན་པའི་གཉེན་པོར་མིང་བཅོས་མ་སྟེ་ཞེས་པ་ལ་སོགས་པའོ། །དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔས་མིང་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡང་དག་པར་རྗེས་སུ་མཐོང་ན་མངོན་པར་ཞེན་པ་མེད་པའོ། །ཞེས་སོ། །དེ་ལྟར་མདོའི་དོན་དེ་དག་རྟོགས་པའི་སྒོ་ནས་ཡོད་པ་ལ་སོགས་པར་མངོན་པར་ཞེན་པའི་རྣམ་རྟོག་བཅུ་པོ་དེ་ཡང་དག་པར་སྤང་བར་བྱའོ། །དོན་བསྡུས་པའི་སྒོ་ནས་ཆེ་བ་བརྗོད་པ་ནི། དེ་ལྟར་བསམ་པ་བློ་གྲོས་དགེ་བས་སྦྱོར་བ་བརྩོན་འགྲུས་དྲག་པོར་བརྟེན་ནས་དེ་བཞིན་ཉིད་དང་བཅས་པ་སྟེ། བདེན་པ་གཉིས་ཀྱི་ཆོས་ཉིད་ཡོངས་སུ་བཙལ་བ་སྟེ། ཤེས་པར་བྱས་ནས་གཞན་དོན་གྱི་ཆེ་བའི་བདག་ཉིད་ནི། དེ་ཕྱིར་རྟག་ཏུ་སྐྱེ་རྒུ་རྣམས་ཀྱི་སྟོན་པར་འགྱུར་བ་སྟེ། །ཞེས་སོ། །རང་དོན་གྱི་ཆེ་བ་དེ་ནི། རྒྱ་མཚོ་བཞིན་དུ་ཡོན་ཏན་རྣམས་ཀྱིས་གང༌། །ཞེས་སོ། །ཆོས་ཚོལ་བའི་སྐབས་བཤད་ཟིན་ཏོ།།  ༈  །།དེ་ལྟར་ཆོས་བཙལ་ནས་གཞན་ལ་ཕན་གདགས་པའི་ཕྱིར་གཞན་ལ་སྟོན་པས་ན་དེའི་འོག་ཏུ་ཆོས་འཆད་པའི་ལེའུ་འཆད་པ་ལ། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ནི། བྱང་ས་ལས། དོན་ཅི་ཞིག་སྟོན་པ་དང༌། དགོས་པ་ཅིའི་ཕྱིར་སྟོན་པ་དང༌། ཚུལ་ཇི་ལྟར་སྟོན་པ་དང་གསུམ་གསུངས་ཏེ། དང་པོ་ནི། གང་བཙལ་བ་དེ་ཉིད་སྟོན་ནོ། །གཉིས་པ་ནི། གང་གི་ཕྱིར་བཙལ་བའི་དགོས་པ་དེ་ཉིད་ཀྱི་ཕྱིར་གཞན་དག་ལ་སྟོན་ནོ། །གསུམ་པ་ནི། རྣམ་པ་གཉིས་ཀྱིས་སྟོན་ཏེ། མཐུན་པའི་གཏམ་བརྗོད་པ་དང༌། ཡོངས་སུ་དག་པའི་གཏམ་གྱིས་སོ། །དེ་ལ་ཇི་ལྟར་མཐུན་པའི་གཏམ་བརྗོད་ན། སྤྱོད་པ་ཚུལ་དང་མཐུན་པར་གནས་པ་ལ་སྟོན་གྱི་ཚུལ་དང་མི་མཐུན་པ་ལ་ནི་མ་ཡིན་ཏེ། མི་ན་བར་སྟན་ཆེས་མཐོ་བར་འདུག་པ་ལ་མ་ཡིན་ནོ། །མདུན་དུ་འགྲོ་བ་དང༌། མགོ་གཡོགས་པ་དང༌། གདུགས་དང་མཁར་བ་དང༌། མཚོན་ཐོགས་པ་ལ་སོགས་པ་ལ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་མ་ཡིན་པའི་ཕྱིར་ཏེ། ཆོས་ལ་བཀུར་སྟི་བྱས་ན་གཞན་དག་ཀྱང་རྒྱ་ཆེར་གུས་པ་སྐྱེད་པར་འགྱུར་ལ། ཉན་པའི་ཚེ་ཡང་གུས་པར་བྱེད་ཅིང་ཁྱད་དུ་གསོད་པར་མི་བྱེད་དོ། །ཞེས་པ་ལ་སོགས་པ་གསུངས་སོ། །ཡོངས་སུ་དག་པའི་གཏམ་ནི་ལྔ་སྟེ། བྱམས་པ་དང༌། ཕན་པ་དང༌། སྙིང་བརྩེ་བའི་སེམས་དང༌། ཕྲག་དོག་གིས་བདག་སྟོད་ཅིང་གཞན་ལ་སྨོད་པར་མི་བྱེད་པ་དང༌། ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་སྟོན་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ་ལྔ་སྟེ། ཆོས་སྟོན་པ་ལ་སེར་སྣ་དགག་པ། ཆོས་སྟོན་པ་ལ་དོན་ཡོད་པ། སྟོན་པ་པོའི་གང་ཟག་བཤད་པ། ངག་ཚིག་ཕུན་སུམ་ཚོགས་པ། བཤད་བྱ་ཕུན་སུམ་ཚོགས་པའོ། །དང་པོ་ནི། བརྟན་པ་རྣམས་ནི་དལ་འབྱོར་གྱི་ལུས་དང་སྲོག་རྒྱུ་དགེ་བའི་ཚོགས་ཆེན་པོས་རྙེད་པ་དང༌། ལོངས་སྤྱོད་ཀྱང་ཚེ་སྔོན་དང་འདིའི་འབད་རྩོལ་གྱི་ཚོགས་ཆེན་པོས་རྙེད་ཅིང་དེ་གཉིས་ཀ་ཡང་ངོ་བོ་བཏང་ན་ཟད་པར་འགྱུར་བས་སྙིང་པོ་མེད་པ་དེ་ལྟ་བུ་ཡང་རབ་ཏུ་དགའ་ཞིང་སྤྲོ་བའི་ཡིད་ཀྱིས་སེམས་ཅན་སྡུག་བསྔལ་བ་རྣམས་ལ་རྟག་ཏུ་སྟེ་ནམ་སྦྱིན་པའི་སྐབས་སུ་བབ་པ་ན་སྦྱིན་པ་རྒྱ་ཆེན་པོ་གཏོང་ན་ཐེག་ཆེན་གྱི་ཆོས་ཡངས་ཤིང་རྒྱ་ཆེ་བ་སྐྱེ་རྒུ་ཀུན་ལ་ཀུན་ཏུ་ཕན་པར་བྱེད་ལ་རྒྱུ་ཚོགས་ཆེན་པོས་རྙེད་པར་བྱ་དགོས་པ་མིན་ཞིང་ཤིན་ཏུ་མང་པོ་བཏང་ཡང་རང་གི་རྒྱུ་ལ་ཟད་པ་མེད་ཅིང་སླར་ཡང་འཕེལ་བར་འགྱུར་བ་དེ་ལན་ཅིག་ཙམ་མ་ཡིན་གྱི་ལན་མང་པོ་གཏོང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ངེས་པར་གཏོང་ངོ༌། །གལ་ཏེ་ལེགས་གསུངས་ཚིག་ཙམ་ཡང༌། །ཉིད་ཀྱི་སྐུ་ཡི་རིན་གྱིས་སྒྲུབ། །ཅེས་པ་ལ་སོགས་ཆོས་རྙེད་པར་དཀའ་བ་བཤད་པ་དང་འགལ་ལོ་ཞེ་ན། སངས་རྒྱས་བྱོན་པ་དང་དམ་པའི་ཆོས་གནས་པ་ན་རྙེད་སླ་ཞིང༌། དེ་གཉིས་མེད་ན་རྙེད་དཀའ་བས་མི་འགལ་ལོ། །གཉིས་པ་ལ་གཉིས་ལས། དང་པོ་ནི་བཅོམ་ལྡན་འདས་ཀྱི་རྟོགས་པའི་ཆོས་ཀྱི་ངོ་བོ་ནི་དེ་གཞན་ལ་བསྟན་པར་མི་ནུས་པས་མ་བསྟན་ཏེ། གང་གི་ཕྱིར་ན་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་རིག་པར་བྱ་བའི་ཆོས་ཡིན་པའི་ཕྱིར་རོ། །འོ་ན་ཆོས་སྟོན་པ་དོན་མེད་དོ་ཞེ་ན། མ་ཡིན་ཏེ་དཔེར་ན་སྦྲུལ་ཨརྫཀར་ཞེས་བྱ་བ་ཆེན་པོ་ཞིག་ཡོད་དེ། དེ་གཉིད་དུ་སོང་བའི་ཁ་ཆུ་ལ་བ་གླང་ལ་སོགས་པ་མང་པོས་ཆུ་ཡིན་སྙམ་ནས་རྒྱུགས་པས་ཁ་ཆུ་དེས་ཟིན་ཏེ་སད་པ་ན། ཁ་ཆུ་རྔུབས་པས་སྲོག་ཆགས་དེ་དག་ཁའི་ནང་དུ་འདྲེན་པ་ལྟར། ཐུགས་རྗེའི་བདག་ཉིད་སྦྲུལ་ཆེན་པོ་གདེངས་པ་ལྟ་བུའི་སངས་རྒྱས་དག་གིས་ཁ་ཆུ་དང་འདྲ་བའི་རིགས་པར་བཤད་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་རྣམས་ཀྱིས་གདུལ་བྱའི་སྐྱེ་བོ་ཉིད་ཀྱིས་བསྟན་པའི་ཆོས་ཀྱི་དོན་སྒྲུབ་པ་ལ་ཀུན་ནས་དྲངས་ཏེ་རིམ་གྱིས་ཉིད་ཀྱི་ཞི་བའི་ཞལ་གྱི་སྒོ་ཆོས་ཀྱི་སྐུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པས་ན་རྣམ་པར་དག་པ་རྒྱ་ཆེན་པོ་དང༌། སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་འཁོར་བ་མ་སྟོངས་ཀྱི་བར་དུ་ཟད་མི་ཤེས་པ་ལ་ཡང་དག་པར་བཀོད་ཅིང་བཀོད་པས་དོན་ཡོད་དོ། །སྒྲུབ་བྱེད་འགོད་པ་ནི་སྒོམ་པའི་དབང་གིས་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་རྟོགས་པ་དེ་ལྟ་བས་ན་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གྱི་སྒོམ་པ་གང་ཡིན་པ་དེ་ནི་དོན་མེད་པ་མ་ཡིན་ལ། རིགས་པར་བཤད་པའི་ཆོས་རྣམས་ཀྱིས་ཉིད་ཀྱི་ཆོས་ལ་སྐྱེ་བོ་འདྲེན་པ་དེ་ལྟ་བས་ན་བདེ་བར་གཤེགས་པའི་གསུང་རབ་ཐོས་པ་གང་ཡིན་པ་དེ་ཡང་དོན་མེད་པར་མ་ཡིན་ནོ། །དེ་ལྟ་མ་ཡིན་པར་གལ་ཏེ་མ་སྒོམས་པར་ཡང་ཐོས་པ་ཙམ་གྱིས་བདག་མེད་ཀྱི་དོན་མངོན་སུམ་དུ་མཐོང་བར་འགྱུར་ན་སྒོམས་པ་དོན་མེད་པར་འགྱུར་ལ། གལ་ཏེ་བསྟན་པའི་ཆོས་མ་ཐོས་པར་ཡང་བདག་མེད་ཀྱི་དོན་སྒོམ་པ་ལ་འཇུག་པར་འགྱུར་ན་བསྟན་པ་དོན་མེད་པར་འགྱུར་ན་དེ་གཉིས་ཀ་དོན་མེད་པ་མ་ཡིན་པས་གཉིས་ཀ་ངེས་པར་དགོས་སོ། །གསུམ་པ་ལ་གཉིས་ཏེ། སྟོན་ཚུལ་གྱི་དབྱེ་བ་དང༌། སྟོན་པ་པོ་ཕུན་སུམ་ཚོགས་པའི་མཚན་ཉིད་དོ། །དང་པོ་ནི་སེམས་དཔའ་མཆོག་གིས་ཆོས་སྟོན་པའི་ཚུལ་ནི་རྒྱུ་སངས་རྒྱས་ལ་སོགས་པ་ལས་ལུང་ཐོས་ནས་གཞན་ལ་སྟོན་པ་དང༌། རང་གིས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་སྟོན་པ་དང༌། དག་པའི་ས་ཐོབ་ནས་རྣམ་པར་མི་རྟོག་པ་ལ་དབང་འབྱོར་བས་འབད་རྩོལ་མེད་པར་སྟོན་པའོ། །སྒྲ་འབྱུང་བའི་གནས་ནི་ཁ་ནས་སྟོན་པ་དང་ཤིང་ལ་སོགས་པའི་གཟུགས་ནི་ཐམས་ཅད་དང༌། ནམ་མཁའ་ལས་ཀྱང་འབྱུང་ངོ༌། །གཉིས་པ་ལ་གཉིས་ལས། ཡོན་ཏན་བཞི་དང་ལྡན་པ་ནི། འཕགས་པ་ཚངས་པས་ཞུས་པའི་མདོ་ལས། ཆོས་བཞི་པོ་དམ་པའི་ཆོས་ཡོངས་སུ་འཛིན་པ་དང༌། བདག་ཉིད་ཀྱི་ཤེས་རབ་སྦྱངས་བ་དང༌། སྐྱེས་བུ་དམ་པའི་ལས་བྱེད་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དག་པར་སྟོན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཀྱི་སྦྱིན་པ་ཆེན་པོ་རྣམ་པར་འབྱེད་དོ། །ཞེས་གསུངས་པའི་དོན་མང་དུ་ཐོས་པའི་ཕྱིར་སྟོན་པ་རྒྱ་ཆེ་བ་དང༌། ཤེས་རབ་ཆེ་བས་གཞན་གྱི་ཐེ་ཚོམ་སྤོང་བ་དང༌། སྒོ་གསུམ་ཁ་ན་མ་ཐོ་བ་མེད་པའི་ལས་ཅན་ཡིན་པས་ཚིག་གཟུང་བར་འོས་པ་དང༌། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ནི་ཀུན་ནས་ཉོན་མོངས་པའི་དེ་ཁོ་ན་ཉིད་དང༌། འགོག་པ་དང་ལམ་གྱི་བདེན་པ་ནི། རྣམ་པར་བྱང་བའི་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་གཉིས་སྟོན་པ་རྣམས་ཀྱིས་རིམ་པ་བཞིན་བསྟན་ཏོ། །ཁྱད་པར་དགུ་དང་ལྡན་པ་ནི། འཇམ་པ་ནི་གཞན་གྱིས་རྒལ་བ་ལ་ཚིག་རྩུབ་མོ་མི་འབྱིན་པའོ། །རྒྱགས་པ་དང་བྲལ་བ་ནི་གཞན་གྱིས་བསྟོད་དམ་རྟོགས་པར་དཀའ་བའི་དོན་ལུང་རིགས་ཀྱི་སྒོ་ནས་འགྲུབ་ཀྱང་ང་རྒྱལ་མེད་པའོ། །མི་སྐྱོ་བ་ནི་ཆོས་སྟོན་པ་ལ་དུབ་པ་མེད་པའོ། །གསལ་བ་ནི་དཔེ་འཁྱུད་མེད་པར་རྫོགས་པར་སྟོན་པའོ། །སྣ་ཚོགས་པ་ནི་མི་ཟློས་པར་ཚིག་དང་དོན་གྱི་རྣམ་གྲངས་མང་པོས་འཆད་པའོ། །རིག་པ་ནི་ཚད་མ་གསུམ་དང་མི་འབྲལ་བའོ། །གོ་བ་ནི་ཚིག་དང་ཡི་གེ་ཉན་པ་པོ་རྣམས་ལ་གྲགས་པའི་སྒོ་ནས་སྟོན་པའོ། །ཟང་ཟིང་མེད་པ་ནི་གཞན་དག་དད་ནས་རྙེད་བཀུར་ལ་སོགས་པ་དོན་དུ་མི་གཉེར་བའོ། །ཀུན་ཏུ་འགྲོ་བ་ནི་རིགས་ཅན་གསུམ་ལ་ཐེག་པ་གསུམ་སྟོན་པའོ། །བཤད་པ་ངག་ཚིག་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། དངོས་དང༌། ཕན་ཡོན་ནོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའི་གསུང་དང༌། སངས་རྒྱས་ཀྱི་གསུང་ངོ༌། །དང་པོ་ལ་ཚིག་ཡན་ལག་བརྒྱད་ལྡན་དང༌། ཡི་གེ་ཡན་ལག་བརྒྱད་ལྡན་གཉིས་ལས། དང་པོ་ནི་མདོ་ལས། གྲོང་ཁྱེར་པའི་གསུང་དང༌། སྙན་ཅིང་འཇེབས་པའི་གསུང་དང༌། རྣམ་པར་གསལ་བ་དང༌། རྣམ་པར་རིག་པར་བྱེད་པ་དང༌། མཉན་པར་འོས་པ་དང༌། རྟེན་པ་ཡོད་པ་དང༌། མི་མཐུན་པ་མེད་པ་དང༌། གཏུགས་པ་མེད་པར་ཆོས་སྟོན་ཏེ། ཞེས་གསུངས་པའི་དོན་གོ་རིམ་བཞིན་དུ་སྟོན་པ་ལ་མི་ཞན་པ་ནི་འཁོར་ཉེ་རིང་མེད་པས་ཐོས་ཤིང་གོ་བའོ། །རྣམ་གྲངས་བསྡུ་བ་ལས། དེ་ལ་ངག་གྲོང་ཁྱེར་བ་ནི། མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་བྱས་པའི་ཕྱིར་རོ། །ཞེས་བཤད་དོ། །སྙན་པ་ནི་ཡིད་དུ་འོང་བའོ། །ལེགས་པར་བཤད་པ་ནི་ལེགས་པར་གོ་བར་བཤད་པའོ། །གྲགས་པ་ནི་འཁོར་ལ་གྲགས་པའི་ཐ་སྙད་ཀྱིས་སྟོན་པའོ། །ཅི་རིགས་པ་ནི་གདུལ་བྱའི་བློ་དང་མཐུན་པའོ། །ཟང་ཟིང་མེད་པ་ནི་རྙེད་བཀུར་དང་གྲགས་སྙན་ལ་མི་ལྟ་བས་ཀུན་ནས་སླང་བའོ། །རན་པ་ནི་བརྡ་འཕྲོད་ཅིང་མངས་པ་མེད་པས་འཁོར་མི་སྐྱོ་བར་བྱེད་པའོ། །ཡངས་པ་ནི་བཤད་བྱ་གཏུགས་པ་མེད་པའོ། །གཉིས་པ་ནི་མདོ་ལས་ཚིག་དང་ཡི་གེར་རིགས་པ་དང་འགྲེལ་བ་དང༌། མཐུན་པ་དང༌། རུང་བ་དང༌། འབྱོར་བ་དང༌། འཕྲོད་པ་དང༌། འཚམ་པ་དང༌། བརྩོན་འགྲུས་སྐྱོང་གིས་ཡན་ལག་གི་ཚོགས་དག་གིས་ཞེས་པའི་དོན་གོ་རིམ་བཞིན་དུ་སྟོན་པ་ལས་རིགས་པ་དང་མི་འགལ་བར་བསྟན་པ་དང༌། བསྟན་པ་དེའི་དོན་ཇི་ལྟ་བ་བཞིན་དུ་བཤད་པ་དང༌། ཐེག་པ་གསུམ་ཆར་དང༌། སྙན་པས་ན་བདེ་བ་དང༌། བརྡ་དེ་འཁོར་ལ་གྲགས་པ་དང༌། གདུལ་བྱའི་བློ་དང་འཚམས་པས་ཅི་རིགས་པ་དང༌། འཁོར་བ་ལས་ངེས་པར་འབྱུང་བའི་ཆེད་དུ་བསྟན་པ་དང༌། འཕགས་པ་སློབ་པའི་ལམ་དང་མཐུན་པར་སྟོན་ཏེ། འདི་ནི་རྟག་ཏུ་མཁས་པར་སྐྱོང་པའི་ཕྱིར་བརྩོན་འགྲུས་སྐྱོང་ཞེས་བྱའོ། །དེ་དག་མདོར་བསྡུས་ན་སེམས་དཔའ་མཆོག་རྣམས་ཀྱི་ཡི་གེ་ཕུན་སུམ་ཚོགས་པ་ཡིན་ནོ། །གཉིས་པ་སངས་རྒྱས་ཀྱི་གསུང་ནི། བདེ་གཤེགས་གསུང་ནི་མཐའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་མི་ཁྱབ། །ཅེས་སོ། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས། གཞན་ཡང་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་དང་ལྡན་པར་འབྱུང་སྟེ། སྙན་པ་དང༌། འཇམ་པ་དང༌། ཞེས་སོགས་གསུངས་སོ། །འདི་དག་རེ་རེའི་དོན་ནི་ཉི་ཁྲི་སྣང་བ་ལས་རྒྱས་པར་བཤད་པ་ལྟར་ཤེས་པར་བྱའོ། །དངོས་ཀྱི་དོན་བསྟན་ཟིན་ནོ། །གཉིས་པ་ཕན་ཡོན་ལ་གཉིས་ལས། ཡོན་ཏན་གསུམ་དང་ལྡན་པ་ནི་མདོ་ལས། བརྗོད་དོ། །འདོགས་སོ། །རབ་ཏུ་འཇོག་གོ །རྣམ་པར་འབྱེད་དོ། །རྣམ་པར་འགྲེལ་ཏོ། །གསལ་བར་བྱེད་དོ། །སྟོན་ཏོ། །ཡང་དག་པར་རབ་ཏུ་སྟོན་ཏོ། །ཞེས་གསུངས་པའི་དོན་རིམ་པ་ལྟར་སྟོན་པ་ནི་ངག་གིས་བརྗོད་པ་དང༌། ཤིན་ཏུ་རིགས་པའི་དོན་བརྗོད་པའི་ཚིག་གིས་འདོགས་པ་དང༌། མདོར་བསྟན་ལས་རབ་ཏུ་འཇོག་པ་དང༌། རྒྱས་པར་བཤད་པས་དེ་རྣམ་པར་འབྱེད་པ་དང༌། འཁོར་གྱི་ཐེ་ཚོམ་གཅོད་པར་བྱེད་པས་རྣམ་པར་འགྲེལ་བ་དང༌། དོན་ལ་ངེས་པར་སྐྱེད་པར་བྱ་བའི་ཕྱིར་ལན་མང་དུ་སྟོན་པས་གསལ་བར་བྱེད་པ་དང༌། དབང་པོ་རྣོན་པོ་མགོ་སྨོས་པས་གོ་བ་རྣམས་ལ་སྟོན་པ་དང༌། དབང་པོ་བརྟུལ་པོ་སྤྲོས་པས་གོ་བ་རྣམས་ལ་ནི་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ལྟར་སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པ་བརྒྱད་པོ་འདི་ཡང་འཁོར་གསུམ་གྱིས་དག་པ་ཡིན་ཏེ། འཁོར་གསུམ་པོ་གང་ཞེ་ན། གང་གིས་སྟོན་པ་ངག་ཚིག་གཉིས་དང༌། ཇི་ལྟར་སྟོན་པ་བསྟན་པ་དང༌། རྣམ་པར་འབྱེད་པ་དང༌། ཐེ་ཚོམ་གཅོད་པ་དང༌། ལན་མང་དུ་བྱེད་པ་དང་ལྡན་པ་སྟེ་བཞི་དང༌། གང་ལ་སྟོན་པ་མགོ་སྨོས་པ་དང༌། རྣམ་པར་སྤྲོས་པས་གོ་བའོ། །གཉིས་པ་ཉེས་པ་བརྒྱད་དང་བྲལ་བའི་ཕན་ཡོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་སངས་རྒྱས་ཀྱིས་བཤད་པ་འདི་ནི་ཉེས་པ་བརྒྱད་པོ་དག་དང་བྲལ་བ་ཉིད་དུ་ཤེས་པར་བྱའོ། །གཉིས་པ་ནི་ཉེས་པ་བརྒྱད་པོ་གང་ཞེ་ན། ལེ་ལོའི་སྒོ་ནས་ཆོས་མི་འཆད་པ་དང༌། མི་གོ་བ་སྟེ་རང་ཉིད་ཀྱིས་མ་གཏོགས་པས་གཞན་ལ་གོ་བར་སྟོན་མི་ནུས་པ་དང༌། ལེ་ལོ་མེད་ཅིང་རང་གིས་རྟོགས་ཀྱང་ཆོས་འཆད་པའི་གོ་སྐབས་མི་འབྱེད་པ་དང༌། ཅུང་ཟད་ཙམ་འཆད་ཀྱང་མ་ངེས་ཏེ། དོན་ངེས་པར་མི་བྱེད་པ་དང༌། དོན་དཀྲོལ་བའི་སྒོ་ནས་ཐེ་ཚོམ་མི་གཅོད་པ་དང༌། ཐེ་ཚོམ་ལན་གཅིག་བསལ་ཡང་ལན་མང་དུ་བཤད་པའི་སྒོ་ནས་ཐེ་ཚོམ་དང་བྲལ་བ་བསྟན་པར་མི་བྱེད་པ་དང༌། སྐྱོ་བ་སྟེ་ཡང་སྟོན་མི་ནུས་པ་དང༌། སེར་སྣའི་དབང་གིས་རྫོགས་པར་མི་སྟོན་པ་སྟེ་བརྒྱད་པོ་འདི་དག་གཏམ་གྱི་ཉེས་པར་འདོད་ལ། དེ་དག་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་བཤད་པ་དེ་དག་བླ་ན་མེད་པར་འདོད་དོ། །ལྔ་པ་བཤད་བྱ་ཕུན་སུམ་ཚོགས་པ་ལ་གཉིས་ལས། སྤྱིར་བཀའི་ཚིག་དོན་ཕུན་སུམ་ཚོགས་པ་ནི། མདོ་ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཞེས་གསུངས་པའི་དོན་ནི་ཡོན་ཏན་བཞི་ལྡན་གྱི་ཚངས་སྤྱོད་ཡང་དག་པར་སྟོན་པའི་ཆོས་འདི་ནི། དང་པོ་ཐོས་པ་ན་དོན་ངེས་ཤིང་ཡིད་ཆེས་པའི་དད་པ་དང༌། བསམ་པ་ན་ཐོས་པར་ནུས་པར་རིག་ནས་དགའ་བ་དང༌། སྒོམ་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་བློ་གྲོས་ཀྱི་རྒྱུ་ཡིན་པའི་ཕྱིར་གོ་རིམ་བཞིན་དུ་ཐོག་མ་དང༌། བར་དང༌། ཐ་མར་དགེ་བ་འདོད་དེ། ཀུན་རྫོབ་དང་དོན་དམ་པའི་བདེན་པའི་དོན་གཉིས་སྟོན་པ་དང་ལྡན་པས་དོན་བཟང་པོ་དང༌། ཚིག་དང་ཡི་གེ་གྲགས་པར་བརྗོད་པས་ཚིག་དོན་གཟུང་སླ་བས་ནི་ཚིག་འབྲུ་བཟང་པོའི་ཡོན་ཏན་དང་ལྡན་གྱི། ཚངས་སྤྱོད་སྟོན་ཞེས་བསྟན་ནས་དེ་གང་ཞེ་ན། དེ་བཤད་པའི་དོན་ནི་གཞན་མུ་སྟེགས་ཅན་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་དང་ལྡན་པས་མ་འདྲེས་པ་དང༌། ཁམས་གསུམ་གྱི་ཉོན་མོངས་རྣམ་པར་སྤོང་བའི་གཉེན་པོ་ཡོངས་སུ་རྫོགས་པ་དང༌། ངོ་བོ་ཉིད་ཀྱིས་དག་པས་ཟག་པ་མེད་པས་ན་དྲི་མ་ཡོངས་སུ་དག་པ་དང༌། བློ་བུར་གྱི་དྲི་མས་དག་པས་ན་ཡོངས་སུ་བྱང་བའོ། །ཚངས་པ་ནི་མྱ་ངན་ལས་འདས་པའམ་སངས་རྒྱས་ཡིན་ཏེ། མཛོད་ལས། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་སྐོར་ཕྱིར་རོ། །ཞེས་བཤད་ལ་དེའི་འགྲེལ་པར། བཅོམ་ལྡན་འདས་ནི་ཚངས་པའི་ཚུལ་བླ་ན་མེད་པ་དང་ལྡན་པའི་ཕྱིར་ཚངས་པ་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ། བསིལ་བར་གྱུར་པ་ཞེས་ཀྱང་བྱ། ཞེས་གསུངས་པའི་ཕྱིར་རོ། །ཞེས་བཤད་པས་སྤྱོད་པ་ནི་ཚངས་པའི་ཚུལ་སྤྱོད་པ་ཡིན་ཏེ། ཚངས་པའི་ཚུལ་ནི་དེ་ཉིད་ཚངས་ཚུལ་ཞེས་པའི་འགྲེལ་པར། ཉོན་མོངས་པ་སྤོང་བའི་ཕྱིར་ཚངས་པའི་ཚུལ་ལོ། །ཞེས་བཤད་པས་ན་ཚངས་པ་དེ་ཐོབ་པར་བྱེད་པའི་ལམ་ཡིན་པས་རྟོགས་པའི་ཆོས་ཡིན་ལ། ཚངས་སྤྱོད་དེ་སྟོན་པའི་གསུང་རབ་ལ་ཡང་ཡོན་ཏན་བཞི་པོ་དེ་བརྗོད་བྱར་བདེན་པས་ཡོན་ཏན་བཞི་ལྡན་ཞེས་བྱའོ། །ངེས་དོན་གྱི་མདོའི་དོན་བཙལ་བར་བསྟན་ཏོ། །གཉིས་པ་དྲང་དོན་གྱི་མདོའི་དོན་བཤད་པ་ལ་གསུམ་སྟེ། ལྡེམ་དགོངས་དང༌། དགོངས་པ་དང༌། དེ་དག་གི་དགོས་པའོ། །དང་པོ་ནི། གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། ཉན་ཐོས་ལ་སོགས་པ་ཐེག་ཆེན་ལ་གཞུག་པའི་ཕྱིར་གཟུགས་སོགས་ཕྱི་རོལ་གྱི་དོན་ཡོད་པར་གསུངས་པ་སྟེ། དགོངས་གཞི་གཟུང་ཆར་སྣང་བ་ཙམ་ལ་དགོངས་ལ། དགོས་པ་ནི་སྒྲ་ཇི་བཞིན་པར་གོ་ཡང་དེ་དག་གི་བློ་དང་མཐུན་པའི་སྒོ་ནས་རིམ་གྱིས་ཐེག་ཆེན་ལ་འཇུག་པའི་དགོས་པ་ཡོད་དོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པར་སྟོན་པའོ། །དགོངས་གཞི་ནི་ཀུན་བཏགས་ལ་མཚན་ཉིད་ཀྱི་ངོ་བོ་མེད་པ་དང༌། གཞན་དབང་ལ་སྐྱེ་བའི་ངོ་བོ་ཉིད་མེད་པ་དང༌། ཡོངས་གྲུབ་ལ་དོན་དམ་པ་ངོ་བོ་ཉིད་མེད་པའོ། །དགོས་པ་བདེན་ཞེན་ལྡོག་པའོ། །གཉེན་པོ་ལ་སྡེམ་པོར་དགོངས་པ་ནི། སྒྲིབ་པ་བརྒྱད་ཀྱི་ཉེས་པ་འདུལ་བའི་ཕྱིར་ཐེག་ཆེན་བསྟན་པ་སྟེ་འོག་ཏུ་འཆད་དོ། །སྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི། བརྗོད་པ་དགོངས་པ་ཟབ་མོ་ཅན་ཏེ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དགོངས་གཞི་སེམས་རྣམ་པར་གཡེང་བ་ནི་སྙིང་པོ་ཡིན་ལ། དེ་མེད་པ་ནི་སྙིང་པོ་སྟེ། དེ་ལ་གཙོ་བོར་འཛིན་པ་དང༌། རྟག་པ་དང༌། བདེ་བ་དང༌། གཙང་བ་དང༌། བདག་ཏུ་འཛིན་པ་ལས་ཕྱིན་ཅི་ལོག་གི་མི་རྟག་པ་ལ་སོགས་པར་རྟོག་པ་ལ་ལེགས་པར་གནས་པ་དང༌། ཡུན་རིང་པོར་གཞན་གྱི་དཀའ་བ་སྤྱོད་པའི་ངལ་བས་ཉོན་མོངས་པར་བྱེད་པ་དག་གིས་བྱང་ཆུབ་ཐོབ་པར་འགྱུར་བའོ། །དགོས་པ་ཆོས་ལྡན་ནི་རྟོགས་པར་སླའོ་སྙམ་ནས་བརྙས་པ་སྤང་བའོ། །གཉིས་པ་ནི། མཉམ་པ་ཉིད་ལ་དགོངས་པ་ནི། ཐུབ་པས་སངས་རྒྱས་རྣམ་གཟིགས་ཀྱི་བསྔགས་པ་བརྗོད་ནས། ང་ཉིད་དེའི་ཚེ་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་སྟེ། དགོངས་གཞི་ནི་ཆོས་ཀྱི་སྐུ་མཉམ་པའོ། །དགོས་པ་ནི་ཐུབ་པ་ལ་བརྙས་པ་སྤོང་བར་གྱུར་བའོ། །དོན་གཞན་ལ་དགོངས་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་ལ་སོགས་པར་གསུངས་པ་ལྟར་རོ། །དུས་གཞན་དུ་དགོངས་པ་ནི་གང་ཟག་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དགོངས་གཞི་དུས་རིང་པོ་ན་དེ་ལྟར་འགྱུར་བའོ། །དགོས་པ་ལེ་ལོའི་གཉེན་པོར་འགྱུར་བའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་འགའ་ཞིག་ཏུ་སྦྱིན་པ་ལ་བསྔགས་ཤིང་འགའ་ཞིག་ཏུ་སྨད་པའོ། །དགོངས་གཞི་ནི་དགེ་བ་མི་བྱེད་པ་ལ་ལྟོས་ནས་སྦྱིན་པ་མཆོག་ཡིན་ལ། ཚུལ་ཁྲིམས་ལ་སོགས་པ་ལ་ལྟོས་ནས་དམན་པ་ཡིན་ནོ། །དགོས་པ་ནི་ཁ་ཅིག་སྦྱིན་པ་ལ་འཇུག་པ་དང༌། དེས་ཆོག་པར་འཛིན་པ་རྣམས་གོང་མ་ལ་སྦྱོར་བའོ། །དགོངས་པ་དང་ལྡེམ་དགོངས་ཀྱི་ཁྱད་པར་ནི། དགོངས་པ་བཞི་ནི་གཉེན་པོ་ལ་ལྡེམ་པོར་དགོངས་པར་འདུས་སོ། །འོ་ན་ཅིའི་ཕྱིར་དགོངས་པ་དང་ལྡེམ་དགོངས་གཉིས་སུ་བཞག་ཅེ་ན། དགོངས་གཞི་དང་དགོས་པའི་ལྡོག་པ་ནས་སོ་སོར་བསྟན་པའོ། །དགོངས་པ་དང་ལྡེམ་དགོངས་ཐམས་ཅད་དྲང་དོན་ཁོ་ནའི་མདོའི་རྣམ་བཞག་གོ །ཀུན་ལས་བཏུས་ལས་ལྡེམ་པོར་དགོངས་པ་རྣམ་པ་བཞི་གང་ཞེ་ན། མིང་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ཀྱི་དོན་གཞན་དུ་བརྗོད་ལ་དོན་གཞན་དུ་ཡོངས་སུ་སྒྱུར་བ་སྟེ་ཞེས་དྲང་དོན་དུ་བཤད་དོ། །དེ་དག་གི་དགོངས་པ་ལ་ཉེས་པ་སྤོང་བ་དང༌། ཡོན་ཏན་ཐོབ་པ་ལ་གཉིས་ལས། དང་པོ་ལ་སངས་རྒྱས་ཐུབ་པ་ཉིད་ལ་བརྙས་པའི་སྒྲིབ་པའི་གཉེན་པོ་ནི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཆེ་བ་མང་པོ་གསུངས་ནས་ང་ཉིད་དེའི་ཚེ་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུའོ། །ཆོས་ལ་བརྙས་པའི་སྒྲིབ་པའི་གཉེན་པོར་གངྒའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སེམས་ཅན་རྣམས་ལ་བསྙེན་བཀུར་བྱས་ན་གདོད་ཐེག་པ་ཆེན་པོའི་རྟོགས་པ་སྐྱེའོ། །ཞེས་གསུངས་སོ། །ལེ་ལོའི་སྒྲིབ་པའི་གཉེན་པོ་ལ་གང་དག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་སོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་ནི་བཅོམ་ལྡན་འདས་ཀྱིས་ལ་ལར་ནི་སྦྱིན་པ་ལ་སོགས་པ་སྨད་ལ། གཞན་དུ་ནི་བསྔགས་པ་ལྟ་བུའོ། །བདག་གི་གཟུགས་དང་སྟོབས་ལ་སོགས་པའི་ང་རྒྱལ་གྱི་གཉེན་པོ་ནི། སངས་རྒྱས་འགའ་ཞིག་གི་སྐུ་གཟུགས་ལ་སོགས་པ་ཕུན་སུམ་ཚོགས་པའི་ཁྱད་པར་བསྔགས་པ་ལྟ་བུའོ། །ཁམས་གསུམ་པའི་ཕུན་སུམ་ཚོགས་པ་ལ་ཆགས་པའི་འདོད་ཆགས་ཀྱི་གཉེན་པོར་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཁ་ཅིག་གི་བསྔགས་པ་བརྗོད་པ་ལྟ་བུའོ། །གང་དག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ན་ཕྱིས་དེ་དག་ཡོན་ཏན་ཅན་དུ་ཤེས་ཏེ་འགྱོད་པ་འགའ་ཞིག་གིས་དུས་འདའ་ཞིང་དགེ་བ་ལ་མི་སྦྱོར་བའི་གཉེན་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པར་བྱེད་པ་དེ་དག་ནི་མཐོ་རིས་སུ་འགྲོ་བར་འགྱུར་རོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ལ་ངེས་པའི་རིགས་ཅན་འགའ་ཞིག་གིས་གྲོགས་པོ་ངན་པ་དང་ཕྲད་པ་ལ་སོགས་པའི་རྐྱེན་གྱིས་ཐེག་ཆེན་ལས་ལྡོག་པའི་གཉེན་པོར་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པར་ཐེག་པ་ནི་གཅིག་ཁོ་ན་སྟེ་གཉིས་སུ་མེད་དོ་ཞེས་པ་དང༌། ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་སུ་ལུང་བསྟན་ནོ། །དེ་ལྟར་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་ཆེན་བསྟན་པ་སྟེ་དེ་འཛིན་པའི་གང་ཟག་དེའི་དགེ་བ་ལ་བར་དུ་གཅོད་པའི་ཉེས་པ་སྟེ་སྒྲིབ་པ་བརྒྱད་པོ་ཐམས་ཅད་སྤོང་བར་འགྱུར་རོ། །གཉིས་པ་ཕན་ཡོན་ཐོབ་པ་ལ་གཉིས། མདོར་བསྟན་པ་ནི་སྐྱེས་བུ་གང་ཞིག་ཚིག་གམ་དོན་གྱི་སྒོ་ནས་ཚིགས་སུ་བཅད་པ་གཉིས་པའི་མདོ་འཛིན་ཞིང་མི་བརྗེད་པར་དྲན་པ་ལ་རབ་ཏུ་སྦྱོར་བ་ནི་སེམས་ཅན་བློ་ལྡན་མཆོག་དེ་ཡིས་ཕན་ཡོན་རྣམ་པ་བཅུ་ཐོབ་པར་འགྱུར་རོ། །བཅུ་པོ་རྒྱས་པར་བཤད་པ་ལ་གཉིས། གནས་སྐབས་དང༌། མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས། ཚེ་འདིར་འབྱུང་བའི་ཕན་ཡོན་ནི། ཚིགས་སུ་བཅད་པ་དེས་ཐོས་པས་སྒྲིབ་པ་བརྒྱད་དང་བྲལ་བའི་སྒོ་ནས་ཐེག་ཆེན་ལ་མོས་པ་ཐོབ་པའི་ཕྱིར་ཁམས་ཏེ་ཐེག་ཆེན་གྱི་རིགས་སད་པར་རམ་ཐམས་ཅད་བརྟས་པར་བྱེད་པ་དང༌། དེའི་སྟོབས་ཀྱིས་འཆི་བའི་ཚེ་རབ་ཏུ་དགའ་བ་དང་ལྡན་པ་གཉིས་སོ། །ཕྱི་མ་ལ་འབྱུང་བའི་ཕན་ཡོན་ནི། ཇི་ལྟར་འདོད་པར་སྐྱེ་བ་དང༌། སྐྱེ་བ་ཀུན་ཏུ་ཚེ་རབས་དྲན་པ་དང༌། སྐྱེ་བ་ཐམས་ཅད་དུ་སངས་རྒྱས་རྣམས་དང་འཕྲད་པ་དང༌། སངས་རྒྱས་དེ་དག་ལས་ཐེག་པ་མཆོག་གི་ཆོས་ཐོས་པ་དང༌། ཐེག་ཆེན་གྱི་ཆོས་ལ་ཡོན་ཏན་ཅན་དུ་ངེས་པའི་མོས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་དང་བཅས་པ་དང༌། ཏིང་ངེ་འཛིན་གྱི་སྒོ་དང་གཟུངས་ཀྱི་སྒོ་གཉིས་ཐོབ་པ་སྟེ་བདུན་ནོ། །གཉིས་པ་མཐར་ཐུག་གི་ཕན་ཡོན་ནི་བྱང་ཆུབ་མཆོག་མྱུར་དུ་ཐོབ་པའོ། །གཉིས་པ་མཇུག་བསྡུད་པས་ཕན་ཡོན་བསྟན་པ་ནི། སྔར་བཤད་པའི་ཚུལ་དེ་ལྟར་ཆོས་སྟོན་པའི་བྱང་ཆུབ་སེམས་དཔའ་ནི་ལེགས་པར་སྨྲ་བ་ཡིན་ཏེ་དེས་ཆོས་བཤད་པས་སྐྱེ་བོ་རྣམས་འདུན་པར་བྱེད་པས་ན་ཉི་མ་བཞིན་དུ་སྣང་བར་བྱེད་པ་དང༌། མཛེས་པས་ལྷམ་མེར་གནས་པ་ཡིན་ནོ། །རྒྱུ་གང་གིས་ཞེ་ན། བློ་གྲོས་བཟང་བས་ཕྱིན་ཅི་མ་ལོག་པར་འཆད་པ་དང༌། སྐྱོ་བ་མེད་པས་ཡང་དང་ཡང་དུ་འཆད་པ་དང༌། བརྩེ་བ་དང་ལྡན་པས་ཟང་ཟིང་མེད་པའི་སེམས་དང༌། སྙན་པར་རབ་ཏུ་གྲགས་པས་ཚིག་བཟང་བར་འོས་པ་དང༌། སེམས་ཅན་འདུལ་བའི་ཐབས་ཀྱི་ཆོ་ག་བཟང་པོ་ཤེས་པས་སེམས་ཅན་འདུལ་བ་དང་འཚམས་པར་འཆད་པ་སྟེ་ལྔའོ། །ཆོས་བཤད་པའི་སྐབས་བསྟན་ཟིན་ཏོ།།  ༈  །།དེ་ལྟར་དོན་ཁྱད་པར་ཅན་ཆོས་བཤད་པའི་ལེའུ་བསྟན་ནས་ད་ནི་བདག་ཉིད་སངས་རྒྱས་སྒྲུབ་པའི་ཐབས་ཁྱད་པར་ཅན་ཆོས་སྒྲུབ་ཀྱི་ལེའུ་སྟོན་ནོ། །དེ་ལ་གསུམ་སྟེ། སྒྲུབ་པའི་དབྱེ་བ་དང༌། ངོ་བོ་དང༌། ཆེ་བའོ། །དང་པོ་ནི། མདོ་ལས། དོན་ཀུན་ཤེས་ཤིང་ཆོས་ཀུན་ཤེས་ནས་ཆོས་དང་མཐུན་པའི་ཆོས་ལ་འཇུག་པ་ཡིན། མཐུན་པར་ཞུགས་པ་ཡིན། མཐུན་པའི་ཆོས་ལ་སྤྱོད་པ་ཡིན། ཞེས་གསུངས་པའི་དོན་རིམ་པ་ལྟར་སྟོན་པ་ལས་དོན་ཤེས་པ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་ཚོགས་ལམ་པས་གང་ཟག་དང་ཆོས་དག་ལ་གཟུང་འཛིན་གཉིས་མེད་པར་རྟོགས་པས་ན། བདག་མེད་པ་རྣམ་པ་གཉིས་ཀུན་ཏུ་ཤེས་ནས་ཞེས་སོ། །བློ་གང་གིས་ཤེ་ན་འཇིག་རྟེན་པའི་ཏིང་ངེ་འཛིན་གསུམ་གྱིས་སོ། །ཏིང་ངེ་འཛིན་དེ་དག་ཡུལ་གང་ལ་དམིགས་ཤེ་ན། མེད་པ་དང་ཡོད་པ་གཉིས་ལ་དམིགས་ཏེ་འདི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཀུན་བཏགས་མེད་པ་ལ་མེད་པར་ཤེས་ནས་བདེན་པར་མི་འཛིན་ཞིང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་གཞན་དབང་ཁམས་གསུམ་གྱི་སེམས་དང་སེམས་བྱུང་སྡུག་བསྔལ་གྱི་རང་བཞིན་དུ་ཡོད་པ་ལ་ཡོད་པར་ཤེས་ནས་སྨོན་པར་མི་བྱེད་ལ། མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ཡོངས་གྲུབ་སྤྲོས་པ་དང་བྲལ་བ་ཡོད་པར་ཤེས་ནས་མཚན་མར་མི་འཛིན་ཏོ། །འཇིག་རྟེན་པའི་ཏིང་ངེ་འཛིན་དེ་གསུམ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འདྲེན་པའི་ཕྱིར་ལོག་པ་ཉིད་མ་ཡིན་ལ། ངོ་བོ་འཇིག་རྟེན་པ་ཉིད་ཡིན་པས་ཡང་དག་པ་ཉིད་རྣམ་པར་སྤངས་པ་སྟེ། ཡང་དག་པ་མ་ཡིན་ནོ། །ཆོས་ཤེས་པ་ནི། དེ་ལྟར་ཚོགས་ལམ་དུ་དོན་ཤེས་པའི་གང་ཟག་དེས་མདོ་ལ་སོགས་པ་བསྟན་པའི་ཆོས་ཐམས་ཅད་དཔེར་ན་ཆུ་ལས་སྒྲོལ་བ་ལ་གཟིངས་དགོས་ཀྱང་སྒྲོལ་ཟིན་ནས་དེ་མི་དགོས་པ་དང་འདྲ་བར། དོན་ཁོང་དུ་མ་ཆུད་ཀྱི་བར་དུ་བསྟན་པའི་ཆོས་དགོས་ཀྱང་ཁོང་དུ་ཆུད་ནས་མི་དགོས་པ་ཉིད་རིག་ནས་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་སྤོང་ཞིང་ཏིང་ངེ་འཛིན་ལ་སྦྱོར་བར་བྱེད་དེ། དེས་ན་ཆོས་ཤེས་པ་ཞེས་བརྗོད་དོ། །མཐུན་པའི་ཆོས་ལ་འཇུག་པ་ནི་སོ་སོའི་སྐྱེ་བོའི་དོན་དང་ཆོས་ཤེས་པའི་ཤེས་པ་དེས་སྔར་བཤད་པ་དེ་བཞིན་དུ་བདག་མེད་པ་གཉིས་རྟོགས་ནས་བདག་མེད་པ་ཤེས་ལ་དེ་ཡོངས་སུ་རྫོགས་པ་མཐོང་ལམ་ཐོབ་པར་བྱ་བའི་ཕྱིར་སྦྱོར་ལམ་དུ་བདག་མེད་རྟོགས་པ་དང་རྗེས་སུ་མཐུན་པའི་ཆོས་ངེས་འབྱེད་ཡན་ལག་བཞི་པོ་རབ་ཏུ་སྒྲུབ་པར་བྱེད་དོ། །མཐུན་པར་ཞུགས་པ་ནི། སྦྱོར་ལམ་རྫོགས་པའི་རྗེས་དེ་ནས་བྱང་ཆུབ་སེམས་དཔའ་དེས་ནི་ས་དང་པོར་བྱང་ཆུབ་སེམས་དཔའ་ས་དང་པོ་དེའི་བདག་ཉིད་དེ། དེ་ལ་གནས་པ་ཀུན་དང་མཉམ་པར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཉན་རང་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པས་ན་བླ་ན་མེད་པ་ཐོབ་པའོ། །མཐུན་པའི་ཆོས་ལ་སྤྱོད་པ་ནི་མཐོང་བའི་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཐམས་ཅད་ས་དང་པོར་ཡང་དག་པར་ཟད་པར་བྱས་ནས་ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར་ས་གཉིས་པ་ཡན་ཆད་དུ་སྒོམ་པ་ལ་ནི་རབ་ཏུ་སྦྱོར་རོ། །འདིར་སྒྲིབ་པ་ནི་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པའོ། དང་པོ་ལ་མཚན་ཉིད་ནི། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ངོ་བོར་འབྱུང་བ་སྟེ། ཀུན་ལས་བཏུས་ལས། མཚན་ཉིད་གང་ཞེ་ན། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བར་བྱེད་པ་དེ་ཉོན་མོངས་པའི་མཚན་ཉིད་དོ་ཞེས་བཤད་དོ། །ཉོན་མོངས་པའི་རྒྱུ་ནི་ཉོན་མོངས་པའི་ས་བོན་མ་སྤངས་པ་དང༌། དེའི་ཡུལ་མངོན་དུ་གྱུར་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྟེ། ཇི་སྐད་དུ། ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པར་གྱུར་བ་དང༌། ཉོན་མོངས་པའི་གནས་ཀྱི་ཆོས་ཀྱང་སྣང་བར་གྱུར་པ་དང༌། དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉེ་བར་གནས་པ་ཡིན་ཏེ། དེ་ལྟ་བུ་ལས་ཉོན་མོངས་པ་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །དབྱེ་བ་ནི། རྩ་ཉོན་དྲུག་དང༌། ཉེ་ཉོན་ཉི་ཤུ་སོགས་སོ། །རྒྱས་པར་ནི་མཛོད་ཀྱི་རྣམ་བཤད་དུ་བསྟན་ཟིན་ཏོ། །ཤེས་སྒྲིབ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་སྒྲིབ་པ་སྟེ་ཤེས་བྱ་ཡོངས་སུ་སྤྱོད་པའི་གེགས་སུ་གྱུར་པའོ། །དབུས་མཐའི་རྣམ་བཤད་ལས། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཞེས་པ་དང༌། རྒྱུད་བླ་མ་ལས། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་སོ། །འོ་ན་སྙོམས་འཇུག་གི་སྒྲིབ་པ་གང་དུ་འཇོག་ཅེ་ན། འདི་ནི་ཞི་གནས་ཀྱི་མི་མཐུན་ཕྱོགས་ཡིན་པས་གཉིས་པོ་ལས་ལོགས་སུ་བཤད་པར་ཟད་ཀྱི། ཆ་ཤས་ནས་གཉིས་ཀའི་ཆར་གཏོགས་པ་ཡིན་ནོ། །ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་སུ་ངེས་པར་བཞག་པ་ནི་ལྷག་མཐོང་གི་མི་མཐུན་ཕྱོགས་ཀྱི་དབང་དུ་བྱས་ཏེ། གང་ཟག་གི་བདག་མེད་རྟོགས་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་མི་མཐུན་ཕྱོགས་ཀྱི་དབང་དུ་བྱས་པས་སོ། །རྒྱས་པར་ནི་ཕར་ཕྱིན་གྱི་རྣམ་བཤད་དུ་བསྟན་ཟིན་ནོ། །སྤང་བྱ་འདི་དག་གཉེན་པོ་གང་གིས་སྤོང་ཞེ་ན། ཀུན་ལས་བཏུས་ལས། བྱང་ཆུབ་སེམས་དཔའ་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ས་བཅུ་རྣམས་སུ་ཤེས་བྱའི་སྒྲིབ་པའི་གཉེན་པོར་ལམ་སྒོམས་པ་ཡིན་གྱི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་ནི་མ་ཡིན་ནོ། །དེས་བྱང་ཆུབ་ཐོབ་ནས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཆར་སྤོང་ངོ༌། །གཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །དེས་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང་སྔགས་དང་སྨན་གྱིས་གསད་པའི་དུག་ལྟ་བུའམ། དེ་སྤངས་བའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་དོ་ཞེས་པ་ལྟར་རོ། །ཤེས་སྒྲིབ་དེ་ཚུལ་ཇི་ལྟར་སྤོང་ན། དེ་དག་གི་སྤང་བྱ་དང་སྒྲུབ་བྱ་དང་ངོ་བོ་ལ་སོགས་པ་འདི་ལྟ་བུའོ་ཞེས་རྣམ་པར་འཇོག་པ་རྗེས་ཐོབ་ཀྱི་ཡེ་ཤེས་དང༌། ས་ཐོབ་ཟིན་སྦྱོང་ཞིང་མ་ཐོབ་པ་ཐོབ་པར་བྱེད་པ་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷན་ཅིག་ཏུ་སྤྱོད་པ་སྟེ། ཕན་ཚུན་གཅིག་གི་རྗེས་སུ་གཅིག་བར་མ་ཆད་པར་འབྲེལ་བ་ཡིས། ས་དང་པོ་ལ་ཐུན་པར་ཞུགས་པ་ཞེས་བྱའོ། །དེ་བཞིན་དུ་ས་ལྷག་མ་དགུ་ལ་དང་པོར་རྟོགས་པ་དེ་དང་མཐུན་པའི་ཆོས་བདག་མེད་ཀྱི་དོན་ལ་ཡང་དང་ཡང་དུ་གོམས་པར་བྱེད་པའི་ཚུལ་གྱིས་སྤྱོད་དོ། །སྒྲུབ་པའི་དབྱེ་བ་བསྟན་ཟིན་ནོ། །གཉིས་པ་སྒྲུབ་པའི་ངོ་བོ་ལ་གསུམ་སྟེ། མཐུན་རྐྱེན་སྒྲུབ་པ་དང༌། འགལ་རྐྱེན་སྤང་བ་དང༌། སྒྲུབ་པ་ཉིད་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། བག་ཡོད་པར་བྱ་བ་དང༌། ངེས་པར་འབྱུང་བར་བྱ་བའོ། །དང་པོ་ལ་བཞི་ལས་མཐུན་པའི་ཡུལ་དུ་གནས་པ་ནི། བློ་ལྡན་གང་དུ་སྒྲུབ་བར་བྱེད་པའི་ཡུལ་ནི། བསོད་སྙོམས་སོགས་མཐུན་རྐྱེན་ཚེགས་ཆུང་ངུས་ལེགས་པར་རྙེད་པ་དང༌། གནས་བཟང་བ་སྟེ་ཆོམ་རྐུན་ལ་སོགས་པ་མི་འབྱུང་བ་དང༌། ས་བཟང་བ་སྟེ། ཆུ་སོགས་ལ་བརྟེན་པའི་ནད་མི་འབྱུང་བ་དང༌། གྲོགས་བཟང་བ་སྟེ་ལྟ་སྤྱོད་མཐུན་པའི་གང་ཟག་ཡོད་པ་དང༌། རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་ཡིན་ལ། དེ་ལ་གནོད་པ་ཉིན་པར་ཁྱེའུ་བུ་མོ་ལ་སོགས་པའི་འདུ་འཛི་དང༌། ཁྱིམ་པ་དང་འདྲེས་པས་ལང་ལོང་དུ་གྱུར་བའི་ལྗན་ལྗིན་ནམ་ཕྱག་དར་ལ་སོགས་པའི་ལྗན་ལྗིན་མེད་ཅིང༌། མཚན་མོ་དགྲ་མེད་པ་ནི་བདེ་བའི་ཡོན་ཏན་ལྡན་པའོ། །དམ་པ་ལ་བརྟེན་པ་ནི་བྱང་ཆུབ་སེམས་དཔའ་ལུང་གི་ཡོན་ཏན་ཐོས་པ་མང་པོ་དང་ལྡན་པ་དང༌། རྟོགས་པའི་ཡོན་ཏན་བདེན་པ་མངོན་སུམ་དུ་མཐོང་བ་དང༌། ཆོས་སྨྲ་བ་ལ་མཁས་པ་དང༌། ཟང་ཟིང་དོན་དུ་མི་གཉེར་བར་གཞན་ལ་བརྩེ་བ་ཅན་དང༌། གཞན་དོན་ལ་སྐྱོ་བ་མེད་པས་སྙོམས་ལས་མི་བྱེད་པའི་སྐྱེས་བུ་དམ་པ་ནི་བརྟེན་པར་བྱ་བའི་གྲོགས་ཆེན་པོ་ཡིན་པར་ཤེས་པར་བྱའོ། །བདག་ཉིད་ཀྱི་ཡང་དག་པའི་སྨོན་ལམ་ནི་དམིགས་པ་བཟང་པོ་ཐེག་ཆེན་གྱི་ཆོས་ལ་དམིགས་པ་དང༌། ཚོགས་གཉིས་ཀྱི་རྟོན་པ་བཟང་པོ་དང༌། རྒོད་ན་ཞི་གནས་ཀྱི་མཚན་མ་ཡིན་ལ་བྱེད་པ་ལ་སོགས་པའི་ཐབས་ལ་མཁས་པ་དང༌། བྱིང་ན་རབ་ཏུ་འཛིན་པའི་མཚན་མ་ཡིད་ལ་བྱེད་པ་ལ་སོགས་པའི་ཐབས་ལ་མཁས་པ་དང༌། ལམ་འོག་མས་ཆོག་པར་མི་འཛིན་པར་གོང་མ་གོང་མར་ངེས་པར་འབྱུང་བ་དང༌། རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་སྦྱོར་བ་བཟང་པོའི་བདག་ཉིད་ནི་ཡང་དག་པའི་སྨོན་ལམ་སྟེ་བདག་ཉིད་ལས་སུ་རུང་ཞིང་བསམ་བཞིན་དུ་གཏོད་པ་སྟེ་འགྲུབ་པ་ཡིན་ནོ། །སྔོན་བསོད་ནམས་བྱས་པ་ནི་ཚེ་སྔོན་མི་མཐུན་པའི་ཡུལ་ན་གནས་ཀྱང་དགའ་བར་འགྱུར་བའི་རྒྱུ་བསོད་ནམས་བསགས་པས་ད་ལྟ་གང་དུ་གནས་ཀྱང་དགའ་བས་མཐུན་པའི་ཡུལ་དུ་གནས་པའི་དགའ་བ་ཐོབ་པ་དང༌། དལ་བར་སྐྱེ་བའི་རྒྱུ་བསགས་པས་སྐྱེས་བུ་དམ་པ་ལ་བསྟེན་པ་ཐོབ་བོ། །ནད་མེད་པ་དང་ཏིང་ངེ་འཛིན་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཤེས་རབ་ཀྱི་རྒྱུར་གྱུར་པའི་བསོད་ནམས་བསགས་པ་དང་གསུམ་འཕེལ་ནས་བདག་ཉིད་ཀྱི་ཡང་དག་པའི་སྨོན་ལམ་འགྲུབ་པ་ཡིན་ནོ། །གཉིས་པ་ལ་གསུམ་ལས། ཉོན་མོངས་པ་ལམ་དུ་གསུངས་པའི་དོན་ནི། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ཤཱ་ར་ད་ཏའི་བུ་འདི་ལྟ་སྟེ་དཔེར་ན། སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་གང་སྨན་དུ་མི་མཐོང་བའི་གཟུགས་སུ་སྣང་བ་དེ་གང་ཡང་མེད་དོ། །ཤཱ་ར་ད་ཏའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཀྱང་བྱང་ཆུབ་ཀྱི་ཆོས་སུ་མི་མཐོང་བ་ནི་གང་ཡང་མེད་དོ། །ཞེས་གསུངས་པ་དང༌། ཡང་བཅོམ་ལྡན་འདས་ཀྱིས་འདོད་ཆགས་ལ་མ་གཏོགས་པར་འདོད་ཆགས་ངེས་པར་འབྱུང་བར་མི་སྨྲ་སྟེ། ཞེས་སྡང་དང་གཏི་མུག་ཀྱང་དེ་དང་འདྲའོ། །ཞེས་གསུངས་པའི་དོན་ནི་གང་གི་ཕྱིར་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་མེད་པ་དེའི་ཕྱིར་འདོད་ཆགས་ཀྱི་ཆོས་ལ་ཡང་འདོད་ཆགས་ཀྱི་མིང་ཐོབ་ཅིང༌། འདོད་ཆགས་ཀྱི་ཆོས་ཉིད་ལ་དམིགས་ཏེ་སྒོམས་ན་འདོད་ཆགས་ལས་ངེས་པར་འབྱུང་བ་ལ་དགོངས་ནས་སངས་རྒྱས་རྣམས་ཀྱི་ཆགས་སོགས་དེ་དག་ལས་ངེས་པར་འབྱུང་བ་ཆགས་སོགས་ཡིན་པར་གསུངས་སོ། །ཉོན་མོངས་པ་དང་བྱང་ཆུབ་གཅིག་པར་གསུངས་པའི་དགོངས་པ་ནི། མདོ་ལས། མ་རིག་པ་དང་བྱང་ཆུབ་གཅིག་གོ་ཞེས་གསུངས་པ་ཀུན་ནས་ཉོན་མོངས་བ་དང་བྱང་ཆུབ་གཅིག་པར་བསྟན་པ་ལ་ཡང་བློ་གྲོས་ཆེན་པོ་དང་ལྡན་པ་སངས་རྒྱས་ཀྱི་དགོངས་པ་ནི། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་མེད་པས་མ་རིག་པ་བྱང་ཆུབ་ཀྱི་ཆོས་དབྱིངས་ཐ་མི་དད་པ་དེ་ཡིན་པར་འདོད་ཅེས་པའམ་ཡང་ན་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་དགོངས་པ་དེ་ཡིན་པར་འདོད་ཅེས་པའོ། །ཉོན་མོངས་པ་ལམ་དུ་གསུངས་པའི་རྒྱུ་མཚན་གང་གི་ཕྱིར་ན་ཆགས་སོགས་དེ་དག་ཉིད་ཆོས་ཉིད་ལ་ཚུལ་བཞིན་དུ་འཇུག་པ་སྟེ། དེ་སྒོམས་པའི་ཕྱིར་ཆགས་སོགས་དེ་ལས་རྣམ་པར་གྲོལ་བར་འགྱུར་བ་དེས་ན་དེ་ཡིས་ཆགས་སོགས་དེ་དག་ལས་ངེས་པར་འབྱུང་བར་གསུངས་སོ། །བཙུན་པ་ནི་ཚུལ་བཞིན་དུ་འཇུག་པའི་དོན་ཆགས་སོགས་སྤང་བྱར་བྱས་ནས་སྤོང་བ་ལ་བཞེད་དོ། །གཉིས་པ་འགལ་རྐྱེན་སྤང་བ་ལ་གསུམ་སྟེ། ཉན་རང་གི་ཡིད་ལ་བྱེད་པ་དང༌། ཐེག་ཆེན་གྱི་ལྟ་བས་སྐྲག་པ་དང༌། སེམས་ཅན་ཡལ་བར་འདོར་བ་སྤང་བའོ། །དང་པོ་ནི་སེམས་ཅན་གྱི་ཆེད་དུ་བདག་ཉིད་དམྱལ་བའི་སྲིད་པར་གནས་པ་ཡིས་སྡུག་བསྔལ་མི་བཟོད་པ་ཅི་བྱུང་ཡང་རྒྱལ་བའི་སྲས་པོ་རྣམས་ལ་གནོད་པར་བྱེད་པ་མིན་གྱི་ཞི་བ་ལ་ཡོན་ཏན་དང་སྲིད་པ་ལ་སྐྱོན་དུ་ཤེས་པའི་སྒོ་ནས་ཐེག་པ་དམན་པའི་མྱང་འདས་སྒྲུབ་པའི་ཆེད་དུ་ཞུགས་པའི་དགེ་བའི་རྣམ་རྟོག་སྣ་ཚོགས་པ་ནི་བློ་དང་ལྡན་པ་རྣམས་ལ་གནོད་པར་བྱེད་པ་ཡིན་ནོ། །དེའི་སྒྲུབ་བྱེད་ནི་བློ་དང་ལྡན་པ་དམྱལ་བར་གནས་པ་ནི་དུས་ཀུན་ཏུ་བྱང་ཆུབ་ཆེན་པོ་སྒྲིབ་གཉིས་ཀྱི་དྲི་མ་མེད་ཅིང་ཤེས་བྱ་མཐའ་དག་ཐུགས་སུ་ཆུད་པས་ན་སྤངས་པའི་བར་དུ་གཅོད་པར་བྱེད་པ་མིན་གྱི། ཐེག་པ་གཞན་ཉན་རང་གི་ཐེག་པ་ལ་ཞུགས་ནས་རང་གི་སྡུག་བསྔལ་རབ་ཏུ་བསིལ་བར་འདོད་པ་བདག་འབའ་ཞིག་ཕན་པའི་རྣམ་རྟོག་དང་ལྡན་པའི་སྒོ་ནས་རབ་ཏུ་བདེ་བར་གནས་ཀྱང་བྱང་ཆུབ་མཆོག་ལ་བར་དུ་གཅོད་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་ཐེག་ཆེན་པའི་ལུགས་ལ་གཟུང་འཛིན་གྱི་ཆོས་མེད་པ་དང༌། བྱིས་པས་གཟུང་འཛིན་དམིགས་པ་འདི་དང༌། ཆོས་དབྱིངས་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པ་ཡང་ཡིན་ལ། ཕྱིས་རྣམ་པར་དག་པར་བྱར་ཡོད་དོ་ཞེས་བྱ་བ་འདི་དག་འགལ་ལོ་སྙམ་ནས་བྱིས་པ་རྣམས་སྐྲག་པར་འགྱུར་བས་དེ་དག་མི་འགལ་བར་དཔེས་སྟོན་པ་ནི་དཔེར་ན་སྒྱུ་མ་ལ་སོགས་པ་བདེན་པར་མེད་ཀྱང་བློ་འཁྲུལ་པ་ལ་སྣང་བ་དང༌། དེ་བཞིན་དུ་ནམ་མཁའ་རང་བཞིན་གྱིས་དག་ཀྱང་བློ་བུར་གྱི་དྲི་མ་སྤྲིན་ལ་སོགས་ཀྱིས་དག་པར་བྱར་ཡོད་པ་དང་འདྲ་བར་ཤེས་པར་བྱའོ། །གཞན་ཡང་ཇི་ལྟར་རི་མོ་མཁན་མཁས་པས་ཚུལ་བཞིན་དུ་བྲིས་པའི་རི་མོ་དེ་ལ་མཐོ་དམན་མེད་ཀྱང་མཐོ་དམན་ཡོད་པ་ལྟར་སྣང་བ་དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན་དབང་དེ་ལ་རྣམ་པ་ཀུན་ཏུ་གཟུང་འཛིན་གཉིས་པོ་དུས་རྟག་ཏུ་མེད་ཀྱང་བློ་འཁྲུལ་པ་ལ་གཉིས་སུ་སྣང་བར་འགྱུར་རོ། །ཇི་ལྟ་ཆུ་རྙོག་པ་ལས་དྭངས་པ་དེ་ཉིད་དེ་སྔར་མེད་པ་ལས་རྙོག་མ་ཅན་དེ་ལས་གསར་དུ་སྐྱེས་པ་མ་ཡིན་གྱི། ཆུ་དྭངས་པ་དེ་ནི་སྔར་ནས་རང་བཞིན་གྱིས་དག་པ་དྲི་མའི་རྙོག་མ་དང་བྲལ་བ་ཙམ་དུ་ཟད་དོ། །དེ་བཞིན་དུ་རང་གི་སེམས་དག་པ་དེ་ཡང་སྔར་མེད་ཅིང་གསར་དུ་བྱུང་བ་མ་ཡིན་གྱི། གདོད་ནས་རྣམ་དག་ཏུ་ཡོད་པ་དེ་གློ་བུར་གྱི་དྲི་མ་དང་བྲལ་བ་ཙམ་ཡིན་ནོ། །ཞེས་ཆུ་དྭངས་པའི་ཚུལ་དེ་ཉིད་དང་འདྲ་བར་ཤེས་པར་བྱའོ། །དེ་ལྟ་བས་ན་སེམས་འདི་ནི་དུས་རྟག་ཏུ་རང་བཞིན་གྱིས་འོད་གསལ་བ་ཡིན་པར་འདོད་དོ། །འོ་ན་དེ་བྱིས་པ་རྣམས་ཀྱིས་ཅིའི་ཕྱིར་མི་རྟོག་ཅེ་ན། དེ་ནི་གློ་བུར་གྱི་ཉེས་པའི་དྲི་མ་སྒྲིབ་གཉིས་ཀྱིས་མ་རུངས་པར་བྱས་པས་མ་རྟོགས་པ་ཡིན་ནོ། །འོ་ན་འོད་གསལ་བ་དེ་སེམས་ཀྱི་ཆོས་ཉིད་དམ། ཆོས་ཅན་གང་ཡིན་ཞེ་ན། སེམས་ཀྱི་ཆོས་ཉིད་ལས་གཞན་ན་ཆོས་ཅན་གཞན་དབང་གི་སེམས་ནི་འོད་གསལ་བ་མ་ཡིན་གྱི་སེམས་ཀྱི་རང་བཞིན་ཆོས་ཉིད་དེ་འོད་གསལ་བར་བརྗོད་དོ། །གསུམ་པ་སེམས་ཅན་ཡལ་བར་མི་འདོར་བ་ལ་གསུམ། སེམས་ཅན་རྗེས་སུ་འཛིན་ཚུལ། ཕན་འདོགས་ཀྱི་ཆགས་པ་ལྟུང་མེད་དུ་བསྟན་པ། ཁོང་ཁྲོའི་ཚོགས་ཉེས་པ་ཆེ་བར་བསྟན་པའོ། །དང་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ལ་དཔེར་ན་མས་བུ་གཅིག་པ་ལ་བྱམས་པ་བཞིན་དུ་རྐང་གི་ཁོང་ནས་ཏེ་སྙིང་ཐག་པ་ནས་བྱམས་པ་ཆེའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ལ་རྟག་ཏུ་ཕན་པར་བྱེད་པ་འདོད་དོ། །གཉིས་པ་ཕན་འདོགས་ཀྱི་ཆགས་པ་ལྟུང་མེད་དུ་བསྟན་པ་ནི་བྱང་ཆུབ་སེམས་དཔའ་དེ་ལ་བྱམས་པའི་སྒོ་ནས་སེམས་ཅན་ཕན་བདེ་ལ་འགོད་པར་འདོད་པའི་ཆགས་པ་སྐྱེས་ཀྱང་ལྟུང་བར་མི་འགྱུར་ཏེ། དེ་ནི་སེམས་ཅན་རྣམས་ལ་ཕན་པ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་བྱམས་པ་ཡིན་པས་ན་བྱང་ཆུབ་སེམས་དཔའ་དེའི་བློ་སེམས་ཅན་ཀུན་ལ་ཞེ་སྡང་དང་བཅས་པ་ནི་རྣམ་པ་ཀུན་ཏུ་བྱང་ཆུབ་སེམས་དཔའ་བསླབ་པ་དང་འགལ་བར་འགྱུར་བ་ཡིན་ནོ། །འགྲེལ་ཆེན་མཁན་པོ་ནི། བྱམས་པའི་སྒོ་ནས་ཉེས་པ་བྱུང་ཡང་ལྟུང་བར་མི་བཞག་གོ་ཞེས་འཆད་དོ། །དོན་འདི་ནི་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས། ཉེ་བར་འཁོར་གལ་ཏེ་ཐེག་པ་ཆེན་པོ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱུང་བ་དང༌། གང་ཞེ་སྡང་དང་ལྡན་པའི་ལྟུང་བ་གཅིག་བྱུང་བ་བྱང་ཆུབ་སེམས་དཔའི་ཐེག་པ་བཙན་པར་བྱས་ན་དེ་གཉིས་ལས། གང་ལ་ཞེ་ལྡང་དང་ལྡན་པའི་ལྟུང་བ་དེ་ནི་ཤིན་ཏུ་ཆེས་ལྕིའོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་ཞེ་སྡང་ནི་སེམས་ཅན་ཡོངས་སུ་གཏོང་བར་འགྱུར་རོ། །འདོད་ཆགས་ནི་སེམས་ཅན་ཡོངས་སུ་སྡུད་པར་འགྱུར་བའི་ཕྱིར་རོ། །ཉེ་བ་འཁོར་དེ་ལ་ཉོན་མོངས་པ་གང་སེམས་ཅན་ཡོངས་སུ་སྡུད་པར་འགྱུར་བ་དེ་ལ་ནི་བྱང་ཆུབ་སེམས་དཔའ་འཛེམ་པའང་མེད་དོ་ཞེས་གསུངས་སོ། །གསུམ་པ་ཁོང་ཁྲོའི་ཚོགས་ཉེས་པ་ཆེ་བར་བསྟན་པ་ནི། ཇི་ལྟར་ཕུག་རོན་དག་རང་གི་བུ་ལ་མཆོག་ཏུ་བྱམས་པའི་སྟོབས་ཀྱིས་རང་གི་བུ་དེ་ལ་ཉེ་བར་འཁྱུད་ནས་འདུག་པ་དེ་འདྲ་བ་ནི་བུ་དེ་ལ་ཁོང་ཁྲོ་བྱེད་པ་འགལ་ཏེ་མི་བྱེད་པ་ལྟར། དེ་དང་འདྲ་བར་བརྩེ་བ་དང་བཅས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ལུས་ཅན་རང་གི་བུ་ལྟ་བུ་རྣམས་ལ་ཁོང་ཁྲོ་བྱེད་པ་འགལ་ལོ། །ཇི་ལྟར་འགལ་ཞེ་ན་གང་གི་ཕྱིར་ན་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ལ་བྱམས་པ་ཡིན་པ་དེའི་ཕྱིར་སེམས་ཅན་རྣམས་ལ་ཁོང་ཁྲོ་བྱེད་པ་འགལ་ལོ། །གང་གི་ཕྱིར་ན་སྡུག་བསྔལ་ཞི་བར་བྱེད་པ་ཡིན་པའི་ཕྱིར་གནོད་སེམས་བྱེད་པར་འགལ་ལོ། །གང་གི་ཕྱིར་ན་ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱང་བཏང་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་གཡོ་སྒྱུའི་སེམས་ཀྱིས་སེམས་ཅན་བསླུ་བར་འགལ་ལོ། །གང་གི་ཕྱིར་ན་སིམ་པ་སྟེ་བདེ་བར་བྱེད་པ་དེའི་ཕྱིར་འཇིགས་པ་མེད་པར་བྱེད་པས་སྐྲག་པར་བྱེད་པ་འགལ་ལོ། །གསུམ་པ་སྒྲུབ་པ་ཉིད་ཇི་ལྟར་བྱ་བ་ལ་དངོས་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། གནས་འཁོར་བ་དང༌། ཡུལ་སེམས་ཅན་དང༌། བྱེད་པ་པོ་བདག་ཉིད་དང༌། ལམ་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྒྲུབ་པའོ། །དང་པོ་ནི་ནད་པ་འཛངས་པ་སྨན་བཟང་པོ་མི་ཞིམ་ཡང་དེའི་ཕན་ཡོན་ལ་བསམས་ནས་ཟ་བ་བཞིན་དུ། བྱང་ཆུབ་སེམས་དཔའ་འཁོར་བ་སྡུག་བསྔལ་བར་ཤེས་ཀྱང་གཞན་དོན་ལ་བསམ་ནས་དེར་འཇུག་པར་བྱེད་དོ། །གཉིས་པ་ཡུལ་སེམས་ཅན་ལ་སྒྲུབ་པ་ནི། ནད་པ་ལ་ནི་སྨན་པས་ནད་གསོ་བའི་ཐབས་སྣ་ཚོགས་བྱེད་པ་བཞིན་དུ་སེམས་ཅན་རྣམས་ལ་གཏན་དུ་ཕན་པར་འགྱུར་བའི་ཐབས་སྣ་ཚོགས་སྒྲུབ་པར་བྱེད་པ་དང༌། གསུམ་པ་བྱེད་པ་པོ་བདག་ཉིད་ནི། བྲན་གྱིས་བྱ་བ་མ་གྲུབ་པ་ཇོ་བོས་ཚར་གཅོད་པ་ཇི་བཞིན་དུ་བདག་ཉིད་ཀྱི་སེམས་ལས་སུ་མི་རུང་བར་འགྱུར་ན་ཚར་གཅོད་པ་སྒྲུབ་པར་བྱེད་དོ། །བཞི་པ་ལམ་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྒྲུབ་པ་ནི། ཚོང་པས་ཟོང་ངུ་ཉོ་བ་ལ་འཚོང་བ་ལྟར་བྱིན་པར་བྱ་བའི་རྫས་རྣམས་སུ་འདོད་པ་ལ་སྟེར་བ་དང༌། ཚོང་པ་ཚོང་ཟོང་གོང་ནས་གོང་དུ་འཕེལ་བར་བྱེད་པ་བཞིན་སྦྱིན་པས་ལོངས་སྤྱོད་འཕེལ་བར་བྱས་ནས་སེམས་ཅན་རྣམས་ལ་སྦྱིན་པར་བྱེད་དོ། །གཙོ་བླག་མཁན་གྱིས་དག་པར་འཁྲུད་པ་ལྟར་ཚུལ་ཁྲིམས་ཀྱི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་ལས་དག་པར་བྱེད་པ་དང༌། བུ་གཞོན་ནུས་ཕ་ལ་གནོད་པ་བྱས་ཀྱང་ཕས་བཟོད་པ་ལྟར་བཟོད་པའི་སྒོ་ནས་སེམས་ཅན་གྱིས་གནོད་པ་བྱས་ཀྱང་ལན་དུ་མི་འཚེ་བ་དང༌། མེ་དོན་དུ་གཉེར་བས་རྩུབ་ཤིང་དྲག་ལ་རྒྱུན་མ་ཆད་པར་རྩུབ་པ་ལྟར། དུས་རྟག་པར་རབ་ཏུ་གུས་པར་བྱེད་པའི་བརྩོན་འགྲུས་དང༌། ཡིད་བརྟན་དུ་རུང་བའི་བློན་པོ་ནི་རྒྱལ་པོའི་ནོར་ལ་བདག་གིར་བྱའོ་སྙམ་པའི་སྲིད་པ་མི་སྐྱེད་པ་ལྟར། བསམ་གཏན་ཐོབ་ཀྱང་དེའི་བདེ་བ་ལ་རོ་མི་མྱང་བར་ལྷག་པའི་སེམས་མ་རྫོགས་པའི་སྟོབས་ཀྱིས་ལམ་སྒྲུབ་པ་བྱང་སེམས་ལ་རག་ལས་པ་རྣམས་ཀྱི་བྱེད་པ་དང༌། སྒྱུ་མ་མཁན་སྒྱུ་མའི་གྲོང་ལ་སོགས་པ་ལ་སྒྱུ་མར་འཛིན་པ་ལྟར། བྱང་ཆུབ་སེམས་དཔའ་ཡང་ཤེས་བྱ་ལ་གཟུང་འཛིན་བདེན་པ་མེད་པར་ཤེས་རབ་ཀྱིས་སྒྲུབ་པར་བྱེད་དོ། །གཉིས་པ་དོན་བསྡུ་བ་ནི་མདོར་བསྡུས་ན་དེ་དག་གི་གང་ཟག་བྱང་ཆུབ་སེམས་དཔའི་ཚུལ་ཇི་ལྟར་གནས་གང་དུ་སྒྲུབ་པ་ཡིན་པར་འདོད་དོ། །སྒྲུབ་པའི་དབྱེ་བ་དང་ངོ་བོ་བསྟན་ཟིན་ཏོ། །གསུམ་པ་སྒྲུབ་པའི་ཆེ་བ་ནི་གོང་དུ་བཤད་པའི་ཚུལ་དེ་ལྟར་དུས་རྟག་ཏུ་བརྩོན་འགྲུས་རྒྱ་ཆེན་པོ་དང་ལྡན་པས་བདག་གཞན་གཉིས་ཡོངས་སུ་སྨིན་པར་བྱ་ལ་རབ་ཏུ་བརྩོན་པ་དེ་དོན་ཤེས་པ་ལ་སོགས་པའི་རིམ་གྱིས་ཆོས་བདག་མེད་པར་རྟོགས་པས་དྲི་མ་མེད་ཅིང་འཁོར་གསུམ་དུ་མི་རྟོག་པའི་བློ་མཆོག་གི་སྟོབས་ཀྱིས་སྒྲུབ་པ་བླ་ན་མེད་པ་སངས་རྒྱས་ཀྱི་སར་རབ་ཏུ་འགྲོའོ། །ཆོས་སྒྲུབ་པའི་སྐབས་བཤད་ཟིན་ཏོ།།  ༈  །།དེ་ལྟར་སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ལམ་རྣམ་པར་དག་པ་མཐར་ཐུག་པར་བྱ་བའི་ཕྱིར་གདམས་ངག་དང་རྗེས་སུ་བསྟན་པ་རང་གིས་བཙལ་བ་དང༌། གཞན་དག་ལ་ཡང་འདོམས་པར་བྱེད་པ་དེའི་འོག་ཏུ་གདམས་ངག་རྗེས་སུ་སྟོན་པའི་ལེའུ་སྟོན་ནོ། །དེ་ལ་གཉིས་ཏེ། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ་གཉིས་ཏེ། གདམས་ངག་དང༌། རྗེས་བསྟན་ནོ། །དང་པོ་ལ་གཉིས་ལས། ངོ་བོ་ནི་གཙོ་ཆེར་སྒོམ་པར་བྱ་བའི་ལམ་གྱི་ངོ་བོ་ཕྱིན་ཅི་མ་ལོག་པར་སྟོན་པའི་གདམས་ངག་ཡིན་ལ། དེ་ལ་ཕྱེ་ན་བརྒྱད་ཡོད་ཀྱང་བསྡུས་ན་རྣམ་པ་གསུམ་ཡིན་ཏེ། བྱང་ས་ལས། གདམས་ངག་རྣམ་པ་བརྒྱད་པོ་དེ་དག་མདོར་བསྡུས་ན་གནས་གསུམ་དུ་བསྡུས་པ་ཡིན་པར་རིག་པར་བྱའོ། །གནས་གསུམ་པོ་གང་ཞེ་ན། སེམས་མི་གནས་པ་གནས་པར་བྱ་བའི་ཕྱིར། ཐོག་མར་དམིགས་པ་ལ་ལེགས་པར་འདོམས་པ་དང༌། སེམས་གནས་པ་ལ་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་ཐབས་ཀྱི་ལམ་ཡང་དག་པར་སྟོན་པ་དང༌། རང་གི་དགོས་པ་མཐར་ཕྱིན་པ་ལ་བར་མ་དོའི་གནས་འདོར་དུ་འཇུག་པའོ། །ཞེས་གསུངས་སོ། །དེ་ལ་གདུལ་བྱའི་སེམས་དང༌། དབང་པོ་དང༌། བསམ་པ་དང༌། བག་ལ་ཉལ་ཤེས་ནས་མི་སྡུག་པ་དང་བྱམས་པ་ལ་སོགས་པ་ཇི་ལྟར་འདོད་པའི་ལམ་སྟོན་པ་ནི་ལེགས་པར་འདོམས་པ་ཡིན་ལ། རྟག་ཆད་གཉིས་ཀྱི་གཉེན་པོ་དབུ་མའི་ལམ་སྟོན་པ་ནི་ཐབས་ཀྱི་ལམ་ཡང་དག་པར་སྟོན་པ་ཡིན་ཞིང༌། མ་ཐོབ་པ་ཐོབ་བོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ་འཇུག་པ་ནི་བར་མ་དོའི་གནས་འདོར་དུ་འཇུག་པ་ཡིན། རྗེས་སུ་བསྟན་པ་ལ་གཉིས་ལས། ངོ་བོ་ནི་གཙོ་ཆེར་བླང་དོར་གྱི་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག་ཡིན་ནོ། །དབྱེ་བ་ལ་ལྔ་སྟེ། བྱང་ས་ལས། དེ་ལ་རྗེས་སུ་བསྟན་པ་གང་ཞེ་ན་དེ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ཁ་ན་མ་ཐོ་བ་དང་བཅས་པའི་ཀུན་ཏུ་སྤྱོད་པ་དགག་པ་དང༌། ཁ་ན་མ་ཐོ་བ་མེད་པའི་ཀུན་ཏུ་སྤྱོད་པ་གནང་བ་དང༌། དགག་པ་དང་གནང་བའི་ཆོས་རྣམས་ལ་འཁྲུལ་པ་ཀུན་ཏུ་སྤྱོད་པ་བསྡུ་བ་དང༌། འཁྲུལ་པ་ལ་རྟོག་པ་མེད་པ་དང༌། མི་མཐུན་པ་མེད་པ་དང༌། སྣུན་པའི་བསམ་པས་སྨ་འབབ་པས་དྲན་པར་བྱེད་དུ་འཇུག་པ་དང༌། ཡང་དག་པར་ཞུགས་པ་ལ་དགག་པ་དང་གནང་བའི་ཆོས་རྣམས་ལས་ཡོན་ཏན་ཡང་དག་པ་དང་འགལ་བར་བསྙད་པས་དགའ་བར་བྱེད་དོ། །ཞེས་གསུངས་སོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། དངོས་དང༌། འབྲས་བུའོ། །དང་པོ་ལ་གཉིས་ཏེ། གདམས་པ་དང༌། རྗེས་སུ་བསྟན་པའོ། དང་པོ་ལ་གསུམ་སྟེ། གདམས་ངག་ངེས་པར་ཐོབ་པའི་དུས། ཚུལ་བཞིན་ཡིད་ལ་བྱེད་པའི་ཁྱད་པར། གདམས་ངག་ཐོབ་པའི་ཕན་ཡོན་ནོ། །དང་པོ་ནི་བསྐལ་པ་གྲངས་མེད་དང་པོའི་སྐབས་ཀྱི་བྱང་ཆུབ་སེམས་དཔའ་ས་དང་པོར་ངེས་པར་འབྱུང་བའི་ལམ་སྒོམ་ཞིང་བདེན་པ་བཞིའི་ཆོས་ལ་མོས་པ་གོང་ནས་གོང་དུ་རྣམ་པར་འཕེལ་བར་བྱེད་པ་དེའི་རྒྱུ། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུས་ཡོངས་སུ་གང་བ་བཞིན་དུ་ཐར་པ་ཆ་མཐུན་གྱི་དགེ་བའི་ཆོས་རྣམས་ཀྱིས་ཡང་དག་པར་རྫོགས་པར་གང་སྟེ་ས་དང་པོ་ཐོབ་ཏུ་རུང་བར་འགྱུར་རོ། །ཚུལ་དེ་བཞིན་དུ་ཚོགས་བསག་ཏེ་ཚོགས་ལམ་ཆེན་པོ་ཐོབ་པའི་རྒྱལ་བའི་སྲས་པོ་དེ་ནི་སྔོན་ཉིད་ནས་ཚུལ་ཁྲིམས་སྦྱོངས་པ་དང༌། ཤེས་རབ་ཀྱིས་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་འཛིན་པའི་སྒོ་ནས་ཐེག་པ་ཆེན་པོ་ལ་ལྟ་བ་དྲངས་པོར་བྱས་པའི་ཕྱིར་བཟོད་ནས་དག་པ་ཞེས་བྱའོ། །ཐོས་པ་མང་བའི་ཕྱིར་ལེགས་པར་ཤེས་པ་ཞེས་བྱའོ། །སྒྲིབ་པ་ལྔ་པོ་ཤས་ཆེ་བ་དང་བྲལ་བས་ན་སེམས་དགེ་བ་ཞེས་བྱ་སྟེ། དེ་ལྟ་བུའི་གང་ཟག་དེ་ནི་བདག་མེད་ཀྱི་དོན་སྒོམ་པ་ལ་རབ་ཏུ་སྦྱོར་བར་བྱེད་ཅིང་དེའི་ཚེ་སངས་རྒྱས་ལས་ཆོས་ཀྱི་ཚིག་དང་དོན་འཛིན་ནུས་པ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཡུལ་སངས་རྒྱས་རྣམས་ལ་དགོས་པ་ཞི་གནས་དང་ལྷག་མཐོང་གི་ཡེ་ཤེས་ཡངས་པ་ཐོབ་པར་བྱ་བའི་ཕྱིར་ངོ་བོ་གདམས་ངག་རྒྱ་ཆེན་པོ་རྙེད་པར་འགྱུར་རོ། །འདི་ནི་མཆོག་གི་སྤྲུལ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་འོག་རོལ་ཏུ་མཆོག་གི་སྤྲུལ་སྐུ་ལས་གདམས་ངག་དངོས་སུ་ཉན་པ་ལ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དགོས་པའི་དོན་ཡིན་གྱི་ཐེག་ཆེན་གདམས་ངག་ཉན་པ་ལ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དགོས་པའི་དོན་ནི་མ་ཡིན་ཏེ། སངས་རྒྱས་རྣམས་ལ་ཞེས་ཉན་པའི་ཡུལ་སངས་རྒྱས་སུ་བཤད་པའི་ཕྱིར་དང༌། སྤྱིར་ཆོས་རྒྱུན་གྱི་ཏིང་ངེ་འཛིན་མ་ཐོབ་པས་ཀྱང་ཉན་པར་བཤད་པའི་ཕྱིར་རོ། །གཉིས་པ་ཚུལ་བཞིན་ཡིད་ལ་བྱེད་པའི་ཁྱད་པར་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། གང་ལ་བརྟེན་པ་དང༌། དེ་ལ་བརྟེན་པའི་ལམ་མོ། །དང་པོ་ལུས་ཀྱི་རྟེན་ནི་ཆོས་མངོན་པ་ལྟར་ན། སྒྲ་མི་སྙན་པ་དང་ངན་སོང་གསུམ་མ་གཏོགས་པའི་འདོད་པའི་ལྷ་མི་ལ་བརྟེན་ནོ། །གཞན་རྣམས་ལ་མི་བརྟེན་པའི་དོན་ནི་འཕགས་པའི་ལམ་དང༌། འཕགས་པའི་ལམ་ལ་སྦྱོར་བ་བྱེད་པའི་དགེ་བའི་རྩ་བ་རྣམས་ལ་སྒྲིབ་པར་བྱེད་པས་སོ། །མཛོད་ལས། མཚམས་མེད་པ་ཡི་ལས་རྣམས་ལ། །ཉོན་མོངས་ཤས་ཆེ་ངན་འགྲོ་དང༌། །སྒྲ་མི་སྙན་གྱི་སྒྲིབ་གསུམ་འདོད། །ཅེས་པ་ལྟར་རོ། །ཐེག་ཆེན་གྱི་ལུགས་ཀྱིས་ལྷ་དང་ཀླུ་ལ་ཡང་སྐྱེ་སྟེ། ཡུམ་ལས་ལྷའི་བུ་གང་ཟག་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་སྐྱེད་པ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་ཞེས་པ་དང༌། རྒྱ་མཚོས་ཞུས་པ་ཆེན་པོ་ལས། ཀླུ་ཁྲི་ཉིས་སྟོང་གིས་སེམས་བསྐྱེད་ནས་བསྐལ་པ་མངོན་པར་དགའ་བ་ལ་འཇིག་རྟེན་གྱི་ཁམས་དྲི་མེད་སྙིང་པོ་སངས་རྒྱས་ཡེ་ཤེས་བླ་མ་ལ་སོགས་པར་ལུང་བསྟན་པའི་ཕྱིར་རོ། །རྟེན་གཞན་ལ་མཐོང་ལམ་ཡང་སྐྱེ་སྟེ། བློ་གྲོས་རབ་གནས་ཀྱིས་ཞུས་པ་ལས། འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལས་ལྷའི་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་བཞག་གོ །ཞེས་པ་དང༌། ཟ་མ་ཏོག་བཀོད་པར་འཇིག་རྟེན་དབང་ཕྱུག་གིས་ཡི་དྭགས་དུ་མ་བདེན་པ་མཐོང་བ་ལ་བཀོད་པ་དང༌། ཡུལ་འཁོར་མོ་འཇིག་ཏུ་བཤང་གཅི་ལ་གནས་པའི་སྲིན་བུའི་རིགས་མང་པོ་བདེན་པ་མཐོང་བར་བཀོད་པར་གསུངས་སོ། །ཉན་ཐོས་ཀྱི་ལམ་ནི་ཁམས་གསུམ་གྱི་རྟེན་ཅན་ཡིན་ལ། རང་རྒྱལ་གྱི་སྒོམ་ལམ་ནི་འདོད་པའི་རྟེན་ཅན་ཁོ་ནའོ། །བྱང་སེམས་ཀྱི་སྒོམ་ལམ་ནི། འདོད་གཟུགས་ཀྱི་རྟེན་ཅན་ཏེ། གཟུགས་མེད་དུ་བྱང་སེམས་འཕགས་པ་སྐྱེ་མི་སྲིད་པའི་ཕྱིར་རོ། །མི་སློབ་པའི་ལམ་ལ་ཉན་ཐོས་ཀྱི་མི་སློབ་ལམ་ནི་ཁམས་གསུམ་ཆར་ཀྱི་རྟེན་ཅན་ནོ། །རང་རྒྱལ་གྱི་མི་སློབ་ལམ་ནི་འདོད་པའི་རྟེན་ཅན་ཁོ་ནའོ། །ཐེག་ཆེན་གྱི་མི་སློབ་ལམ་ནི་གདུལ་བྱའི་མི་རྣམས་ཀྱི་ངོར་འཛམ་བུའི་གླིང་ཁོ་ནའི་རྟེན་ཅན་ནོ། །ཏིང་ངེ་འཛིན་གང་ལ་བརྟེན་པ་ནི། ཚོགས་ལམ་གྱི་མཉམ་བཞག་ཏུ་སེམས་རྩེ་གཅིག་པ་ལ་བརྟེན་ཅིང༌། ཐོས་བསམ་གྱིས་བསྡུས་པ་ནི་འདོད་སེམས་ཅན་ལ་བརྟེན་ནོ། །སྦྱོར་ལམ་དང་མཐོང་ལམ་ནི་བསམ་གཏན་ས་དྲུག་ལ་བརྟེན་ནོ། །བསམ་གཏན་ཉེར་སྡོགས་ཕྱི་མ་གསུམ་ལ་མི་བརྟེན་ཏེ་འོག་མའི་དངོས་གཞི་མ་ཐོབ་པ་ན་གོང་མའི་ཉེར་སྡོགས་མི་ཐོབ་ཅིང༌། གོང་མའི་དངོས་གཞི་ཐོབ་ན་ལམ་སླ་བ་དངོས་གཞི་ལ་བརྟེན་པར་རིགས་ཏེ། ལམ་དཀའ་བ་ཉེར་སྡོགས་ལ་བརྟེན་པ་དགོས་པ་མེད་པའི་ཕྱིར་རོ། །གཟུགས་མེད་ཀྱི་སེམས་ལ་མི་བརྟེན་ཏེ། ལམ་འདི་གཉིས་ལ་ལྷག་མཐོང་ཤས་ཆེན་པོ་དགོས་ལ། གཟུགས་མེད་ནི་ལྷག་མཐོང་ཤས་ཆུང་བའི་ཕྱིར། བསམ་གཏན་དག་གི་ལམ་རྣམས་སླ། །ས་གཞན་དག་གི་དཀའ་བ་ཡིན། །ཞེས་སོ། །སྒོམ་ལམ་ནི་བདེན་པ་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པ་ཙམ་ཡིན་པས་གཟུགས་ཀྱི་སེམས་ལ་ཡང་བརྟེན་ནོ། །གཉིས་པ་དེ་ལ་བརྟེན་པའི་ལམ་ལ་གསུམ་སྟེ། མཚན་ཉིད་དང༌། དབྱེ་བ་དང༌། སོ་སོའི་རྣམ་བཞག་གོ །དང་པོ་ནི། སེམས་བསྐྱེད་ལ་བརྟེན་ཅིང་རྟོགས་པ་ཕྱི་མ་ཕྱི་མར་བགྲོད་པར་བྱེད་པའི་དགེ་ཚོགས་སོ། །གཉིས་པ་ནི། ཚོགས་ལམ་སོགས་ལམ་ལྔའོ། །གསུམ་པ་ལ་ལྔ་ལས། དང་པོ་ཚོགས་ལམ་ལ་གཉིས་ཏེ། ངོ་བོ་དང༌། རྣམ་བཞག་གོ །དང་པོ་ནི་ཐར་པ་ཆ་མཐུན་གྱིས་བསྡུས་པའི་དགེ་ཚོགས་སོ། །གཉིས་པ་ནི། ཚོགས་ལམ་གྱི་ཆོས་བཅུ་གསུམ་སྟེ། སེམས་བསྐྱེད་དང་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང༌། དད་སོགས་ལྔ་དང༌། རྗེས་དྲན་དྲུག་གོ །སྦྱོར་ལམ་ལ་ངོ་བོ་ནི། རང་རྒྱུ་ཚོགས་ལམ་ལ་བརྟེན་ནས་བདེན་པ་མཐོང་བ་ལ་སྦྱོར་བའི་དགེ་ཚོགས་སོ། །གཉིས་པ་ལ་ཚོགས་ལམ་གྱི་ཆོས་བཅུ་གསུམ་ལ་ཡང་སློབ་ཅིང་དད་སོགས་ལྔ་དང༌། སྟོབས་ལྔ་ལ་རིམ་པ་བཞིན་དུ་ལྷག་པར་སློབ་པའི་དགེ་ཚོགས་སོ། །མཐོང་ལམ་ནི་བདེན་པ་མངོན་སུམ་དུ་གསར་དུ་མཐོང་བའི་ཏིང་ངེ་འཛིན་དང་ཤེས་རབ་དང་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ནི། སྔར་གྱི་བསླབ་བྱའི་ཆོས་རྣམས་ཡོན་ཏན་ཡར་ལྡན་དུ་ཡོད་ཅིང་ལྷག་པར་བྱང་ཆུབ་ཡན་ལག་བདུན་ལ་སློབ་པའོ། །སྒོམ་ལམ་ནི་བདེན་པ་མངོན་སུམ་དུ་མཐོང་ཟིན་སྒོམ་པར་བྱེད་པའི་དགེ་ཚོགས་སོ། །གཉིས་པ་ནི་སྔར་དགེ་ཚོགས་རྣམས་ཡོན་ཏན་ཡར་ལྡན་དུ་ཡོད་ཅིང༌། འཕགས་པའི་ལམ་ཡན་ལག་བརྒྱད་ལ་སློབ་པའོ། །མི་སློབ་ལམ་ནི་བསླབ་བྱ་མཐར་ཕྱིན་པའི་དགེ་ཚོགས་སོ། །རྒྱས་པར་ནི་ཕར་ཕྱིན་གྱི་རྣམ་བཤད་དུ་བསྟན་ཟིན་ཏོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། སློབ་པའི་ལམ་བཞི་ཡིད་ལ་བྱེད་པའི་ཚུལ། འབྲས་བུ་མཐར་ཕྱིན་པའི་ལམ་མོ། །དང་པོ་ལ་བཞི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་མོ། །དང་པོ་ལ་བཞི་སྟེ། དམིགས་པའི་ཁྱད་པར། ཡིད་ལ་བྱེད་པའི་ཁྱད་པར། སེམས་གནས་པའི་ཐབས། གནས་པའི་འབྲས་བུའོ། །དང་པོ་ལ་སེམས་དྲུག་ལས། རྩ་བའི་སེམས་ནི། གདམས་ངག་ཐོབ་པ་དེ་ནས་དང་པོར་སྡོམ་བརྩོན་བྱང་སེམས་ཚོགས་ལམ་པ་དེས་རྗོད་བྱེད་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པ་ནི་ཆོས་བརྗོད་བྱ་མིང་གཉིས་ཏེ། གཟུང་འཛིན་གཉིས་སུ་མེད་པའི་དོན་རྣམ་པར་འབྱེད་པའི་མདོ་སྡེ་ལ་སོགས་པ་རྣམས་ཀྱི་མིང་ས་བཅུ་པ་ཞེས་བྱ་བ་ལ་སོགས་པ་ལ་སེམས་འཇོག་གོ །དེ་ནི་སེམས་ཕྱི་མ་ལྔའི་རྩ་བ་ཡིན་པས་རྩ་བའི་སེམས་སོ། །རྗེས་སུ་སྤྱོད་པའི་སེམས་ནི་དེ་ནས་བྱང་སེམས་དེ་ནི་རིམ་པ་བཞིན་དུ་མདོ་སྡེ་དག་གི་ཚིག་རབ་ཏུ་འབྱེད་པ་འདི་ཙམ་ཞིག་ཡོད་ཅེས་སྤྱོད་པར་བྱེད་དོ། །དེ་ནི་རྩ་བའི་སེམས་ཀྱི་རྗེས་སུ་སྤྱོད་པའི་ཕྱིར། རྗེས་སུ་སྤྱོད་པའི་སེམས་སོ། །རྣམ་པར་དཔྱོད་པའི་སེམས་ནི་དོན་དང་ཡི་གེ་སྤྱོད་པ་སྟེ། དེ་ལ་དོན་ནི། བགྲང་བ་དང༌། འཇལ་བ་དང༌། རྟོག་པ་དང༌། སོ་སོར་རྟོག་པས་སོ། །དེ་ལ་བགྲང་བ་ནི། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་པའི། །ཞེས་པ་ལྟ་བུ་གྲངས་འཛིན་པའོ། །འཇལ་བ་ནི་གྲངས་དང་ལྡན་པའི་ཆོས་དེ་རྣམས་ལ་གྲངས་མང་ཉུང་སྒྲོ་འདོགས་དང༌། སྐུར་འདེབས་སྤངས་ནས་འཚམ་པར་འཛིན་པའོ། རྟོག་པ་ནི་དེ་དག་གི་དོན་ལ་ཚད་མས་རྟོག་པའོ། །སོ་སོར་རྟོག་པ་ནི་བགྲང་བ་དང༌། གཞལ་བ་དང་བརྟགས་པའི་དོན་དེ་དག་ལ་འདི་ལྟ་བུའོ་ཞེས་ལྟ་བའོ། །ཡི་གེ་ནི་རྣམ་པ་གཉིས་ཀྱིས་དཔྱོད་ཏེ། ཡི་གེ་ཚོགས་པ་རྣམས་ཀྱིས་བརྗོད་བྱའི་དོན་སྟོན་པ་དང་སིལ་བུ་རྣམས་ཀྱིས་བརྗོད་བྱའི་དོན་མི་སྟོན་པ་ཉིད་ཀྱིས་སོ། །དེ་དག་ནི་མདོ་སྡེ་སོ་སོའི་ནང་ཚན་ལ་ཚུལ་བཞིན་དུ་སྟེ་ཚིག་དོན་ཞིབ་ཏུ་རྣམ་པར་དཔྱོད་པའི་སེམས་ཞེས་སྦྱར་ཏེ་ངོ་བོ་བསམ་བྱུང་ངོ༌། །ངེས་པར་འཛིན་པའི་སེམས་ནི་སྔར་གྱི་སེམས་དེ་དག་གིས་དཔྱོད་པའི་དོན་དེ་དག་གིས་རྒྱུ་མཚན་ངེས་པར་འཛིན་པའོ། །སྡོམ་པའི་སེམས་ནི་སེམས་དང་པོ་གསུམ་གྱིས་དཔྱད་པའི་དོན་རྣམས་ཀྱི་རྒྱུ་མཚན་ངེས་པར་འཛིན་པའི་སེམས་ཀྱིས་བཟུང་ནས་ཡང་དེ་དག་གི་དོན་ཆོས་ཀྱི་མིང་ས་བཅུ་པ་ཞེས་བྱ་བ་ལྟ་བུ་འདིའི་ནང་དུ་འདུས་སོ་ཞེས་དེ་ལ་ཀུན་ནས་སྡོམ་པའི་རྣམ་པར་འཛིན་པར་བྱེད་པའོ། །སྨོན་པའི་སེམས་ནི་ས་ལ་འཇུག་པ་ལ་སོགས་པར་རང་གི་དོན་དུ་གཉེར་བྱ་དེ་ཐོབ་པར་བྱས་པའི་ཕྱིར་དེ་ནས་བྱང་སེམས་དེ་འདུན་པ་དང་ལྡན་པས་སྨོན་པར་བྱེད་དོ། །མིང་ལ་སོགས་པ་སྣང་བ་དེ་དག་སེམས་ཁོ་ན་ཡིན་པས་སེམས་དྲུག་པོའི་དམིགས་པར་རྣམ་པར་བཞག་གོ །ཡིད་ལ་བྱེད་པའི་ཁྱད་པར་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་དང༌། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་དང༌། ཞི་གནས་དང༌། ལྷག་མཐོང་དང༌། ཟུང་དུ་འབྲེལ་བ་དང༌། རབ་ཏུ་འཛིན་པའི་རྒྱུ་མཚན་དང༌། ཞི་གནས་ཀྱི་རྒྱུ་མཚན་དང༌། བཏང་སྙོམས་ཀྱི་རྒྱུ་མཚན་དང༌། རྟག་ཏུ་བྱ་བ་དང༌། གུས་པར་བྱ་བ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་པ་བཅུ་གཅིག་པོ་དོན་བཞིར་བསྡུས་ནས་སྟོན་ཏེ། རྟེན། ལམ། དམིགས་པ། སྦྱོར་བའི་ཁྱད་པར་རོ། །དང་པོ་ནི། བསམ་གཏན་དང་པོའི་ཉེར་སྡོགས་དང་དངོས་གཞི་ཙམ་པོའི་དུས་ན། ཡིད་ཀྱི་བརྗོད་པས་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱིས་རྒྱུན་ཆགས་སུ་རྩིང་བའི་རྣམ་པ་ཏིང་ངེ་འཛིན་གྱི་ཚུལ་བཙལ་བར་བྱའོ། །བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་དུས་ན་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱིས་སོ་སོར་བརྟག་པར་བྱའོ། །བསམ་གཏན་གཉིས་པ་ཡན་ཆད་དུ་ཡིད་ལ་བྱེད་པ་བརྗོད་པ་རྟོག་དཔྱོད་གཉིས་ཀ་མེད་པའི་ཏིང་ངེ་འཛིན་དུ་རོ་གཅིག་པས་ཀྱང་སྤྱད་པར་བྱའོ། །གཉིས་པ་ནི། ཆོས་ཀྱི་མིང་ས་བཅུ་པ་ཞེས་བྱ་བ་ལ་སོགས་པར་སྡོམ་པ་དང་ཡང་ཞེས་པས་དེའི་དོན་ཡང་སྡོམ་པ་ལ་སེམས་གཏོད་པ་འདི་ཞི་གནས་ཀྱི་ལམ་དུ་ཤེས་པར་བྱའོ། །ལྷག་མཐོང་གི་ལམ་ནི་ཆོས་དེའི་དོན་རྣམས་རྣམ་པར་དཔྱོད་པར་ཤེས་པར་བྱའོ། །ཟུང་དུ་འབྲེལ་བའི་ལམ་ནི་ཞི་ལྷག་གཉིས་པོ་དེ་སྡོམ་པ་ཡིན་པར་ཤེས་པར་བྱའོ། །གསུམ་པ་ནི། གཉིད་ལ་སོགས་པས་ཞུམ་པ་སྟེ་བྱིང་ན་སངས་རྒྱས་ཀྱི་ཡོན་ཏན་ཡིད་ལ་བྱེད་པ་ལ་སོགས་པ་རབ་ཏུ་འཛིན་པའི་རྒྱུ་མཚན་ཡིད་ལ་བྱེད་པས་སེམས་རབ་ཏུ་གཟུང་བར་བྱའོ། །རྒོད་ན་འཁོར་བའི་ཉེས་དམིགས་སྒོམ་པ་ལ་སོགས་ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པས་ཞི་བར་བྱའོ། །དེ་ནས་དམིགས་པ་དེ་ལ་ནི་བྱིང་རྒོད་མེད་པར་མཉམ་པར་གྱུར་ན་བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པས་བཏང་སྙོམས་སུ་བཞག་པར་བྱའོ། །བཞི་པ་ནི། དགུ་པོ་དེ་ཉིད་ལ་རྟག་ཏུ་བྱེད་པའི་བརྩོན་འགྲུས་ཀྱི་བར་མ་ཆད་པ་དང༌། གུས་པར་བྱེད་པའི་བརྩོན་འགྲུས་ཀྱིས་བསྒྲིམས་ཏེ་སྦྱར་བར་བྱའོ། །སེམས་གནས་པའི་ཐབས་ནི་མདོ་ལས། སེམས་འཇོག་པར་བྱེད། བླན་ཏེ་འཇོག་གོ །ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད་ཅེས་པའི་དོན་ནི་ཞི་གནས་སྒོམ་པ་ན་དང་པོར་ཏིང་ངེ་འཛིན་གྱི་དམིགས་པ་ལ་སེམས་གཏད་པར་བྱའོ། །དེ་ནས་ཏིང་ངེ་འཛིན་དེའི་རྒྱུན་ཕྱི་རོལ་ཏུ་རྣམ་པར་གཡེང་བར་མི་བྱ། གལ་ཏེ་རྣམ་གཡེང་བྱུང་ན་མྱུར་དུ་རྟོགས་པར་བྱས་ནས་རྣམ་གཡེང་དེ་ལས་སླར་སླན་པར་བྱའོ། །བློ་ལྡན་གོང་ནས་གོང་དུ་སྟེ། ཡང་དང་ཡང་དུ་སེམས་ནང་དུ་དམིགས་པ་ལ་རྩེ་གཅིག་ཏུ་བསྡུ་བར་བྱའོ། །དེ་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་ཕྱིར་ཏིང་ངེ་འཛིན་ལ་གནས་ནས། སེམས་བྱིང་བ་དང་རྒོད་པ་འདུལ་ལོ། །འགྲེལ་ཆེན་མཁན་པོ་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་ནས་ཏིང་ངེ་འཛིན་ལ་མི་དགའ་བ་འདུལ་བར་འགྱུར་རོ་ཞེས་འཆད་དོ། །རྣམ་གཡེང་སྟེ་ཉོན་མོངས་པ་དང་རྣམ་རྟོག་གིས་རྒྱུད་འཁྲུགས་པར་འགྱུར་བ་ལ་སོགས་པའི་ཉེས་པ་མཐོང་བའི་ཕྱིར་སེམས་དམིགས་པ་དེ་ལ་མི་དགའ་བ་གཉེན་པོས་ཞི་བར་བྱའོ། །རྗེས་ནས་བསམ་གཏན་གྱི་མི་མཐུན་ཕྱོགས་བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་སྒྲིབ་པ་ལྔ་པོ་རྣམས་དང༌། གཞན་ཡང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལངས་པ་ན་རྣམ་གཡེང་ཞི་བར་བྱེད་པ་དེ་བཞིན་དུ་ཞི་བར་བྱའོ། །བརྣབ་སེམས་དང་ཡིད་མི་བདེ་བ་ནི་འདོད་པ་ལ་འདུན་པ་དང་གནོད་སེམས་ཡིན་ནོ། །དེ་ནས་སྡོམ་བརྩོན་ཅན་ཏེ་ཞི་གནས་སྒོམ་པའི་བྱང་ཆུབ་སེམས་དཔའ་དེ་ལ་འབད་རྩོལ་མངོན་པར་འདུ་བྱེད་པ་དང་བཅས་པའི་གཉེན་པོ་རང་གི་ངང་གིས་འབྱུང་བ་ཐོབ་བོ། །དེ་གོམས་པར་བྱས་པ་ཡིས་གཉེན་པོ་འདུ་མི་བྱེད་བཞིན་དུ་བྱིང་རྒོད་མེད་པའི་ཏིང་ངེ་འཛིན་འབྱུང་ངོ༌། །མདོའི་ཚིག་དང་གོ་རིམ་དུ་སྦྱར་རོ། །འབྲས་བུ་ལ་གཉིས་ཏེ། ཚོགས་འགྲུབ་པ་དང༌། ཕན་ཡོན་ལྔ་འགྲུབ་པའོ། །དང་པོ་ལ་གཉིས་ལས། ཚོགས་ཀྱི་རྟེན་ནི། སེམས་གནས་པའི་ཐབས་དགུ་ཐོབ་པ་དེ་ནས་བྱང་ཆུབ་སེམས་དཔའ་དེའི་ལུས་དང་སེམས་ཀྱི་གནས་ངན་ལེན་ཅི་རིགས་པ་དང་བྲལ་བའི་ལས་སུ་རུང་བར་གྱུར་པའི་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཆེན་པོ་ཐོབ་པར་འགྱུར་རོ། །འགྲེལ་ཆེན་ལས། ཤིན་ཏུ་སྦྱངས་པ་ཆུང་ངུ་ཐོབ་ཅེས་བྱ་བའི་དོན་དུ་བཤད་ཅིང༌། རྩ་བར་ཡང་ཤིན་ཏུ་སྦྱངས་པ་ཆུང་ངུ་ཐོབ་ཅེས་པའི་བསྒྱུར་བྱས་སོ། །དེ་ནི་ཡིད་ལ་བྱེད་པ་བཅུ་གཅིག་དང་བཅས་པ་ཞེས་བྱའོ། །རྣལ་འབྱོར་པ་དེ་ཡིད་ལ་བྱེད་པ་བཅུ་གཅིག་པོ་དེ་འཕེལ་བར་བྱས་ནས་འཕེལ་བ་དེ་གོང་ནས་གོང་དུ་རིང་དུ་འགྲོ་བའི་སྟོབས་ཀྱིས་བསམ་གཏན་གྱི་དངོས་གཞིའི་གནས་པ་སྔར་ལས་ཁྱད་པར་དུ་འཕགས་པ་ཞིག་རྣལ་འབྱོར་པ་དེས་འཐོབ་བོ། །མངོན་ཤེས་ཀྱི་ཚོགས་འགྲུབ་པ་ནི་དེ་ལྟར་བསམ་གཏན་ཐོབ་ནས་མངོན་ཤེས་དོན་དུ་གཉེར་བའི་གང་ཟག་དེས་བསམ་གཏན་དེ་སྦྱངས་ནས་སེམས་ལས་སུ་རུང་བའི་མཆོག་སྟེ། བསམ་གཏན་བཞི་ལ་ལུགས་འབྱུང་དང་ལུགས་ཟློག་ལ་སོགས་པ་ཇི་ལྟར་འདོད་པ་ལྟར་སྙོམས་པར་འཇོག་ནུས་པ་འཐོབ་བོ། །དེ་ལྟར་བསམ་གཏན་ལས་སུ་རུང་པ་དེ་ལ་བརྟེན་ནས་ཐོབ་པའི་མངོན་པར་སྒྲུབ་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་དེས་ཕྱོགས་བཅུའི་སངས་རྒྱས་དཔག་ཏུ་མེད་པ་རྣམས་ལ་མཆོད་པའི་ཕྱིར་དང༌། དེ་དག་ལས་ཉན་པའི་ཕྱིར་དུ་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོའོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་འདི་ནི་ཡུལ་སངས་རྒྱས་དཔག་ཏུ་མེད་པ་ལ་དུས་བསྐལ་པ་དཔག་ཏུ་མེད་པར་བསྙེན་བཀུར་བྱས། དེ་དག་ལ་བསྙེན་བཀུར་བྱས་པའི་ཕྱིར་སྔར་བས་ཀྱང་སེམས་ལས་སུ་རུང་བ་མཆོག་ཏུ་འགྱུར་ཏེ། བསམ་གཏན་གྱི་སེམས་དེས་ཕྱོགས་བཅུའི་སངས་རྒྱས་མཆོད་པ་ལ་སོགས་པ་ཐོགས་པ་མེད་པར་བྱེད་པའི་མངོན་ཤེས་བསྐྱེད་ནུས་པར་འགྱུར་རོ། །གཉིས་པ་ནི་དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྷག་པའི་བསམ་པ་དག་པའི་ས་འཐོབ་པའི་སྔོན་རོལ་དུ་ཕན་ཡོན་ལྔ་འཐོབ་པར་འགྱུར་ཏེ། དེས་ནི་རྣམ་པར་དག་པའི་སྣོད་བླ་ན་མེད་པ་ཉིད་དུ་འགྱུར་རོ། །ཕན་ཡོན་ལྔ་པོ་གང་ཞེ་ན། བྱང་སེམས་འདིའི་ལུས་ལྕི་བ་ལ་སོགས་པ་དགེ་བ་ལ་སྦྱོར་མི་བཟོད་པ་ལུས་ཀྱི་གནས་ངན་ལེན་དང༌། སེམས་བྱིང་རྒོད་ཀྱིས་གྱུར་ནས་དམིགས་པ་ལ་སེམས་གཏོད་མི་ནུས་པ་སེམས་ཀྱི་གནས་ངན་ལེན་ཀུན་ཞི་གནས་ཀྱི་སྟོབས་ཀྱིས་དཔེར་ན་གོས་ཀྱི་དྲི་མ་འཁྲུད་པ་ལྟར་སྐད་ཅིག་མ་རེ་རེ་ལ་རིམ་གྱིས་ཟད་པར་འགྱུར་བ་དང༌། ཀུན་ལས་བཏུས་ལས། ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་རྒྱུན་གཅོད་པའི་ཕྱིར་ལུས་དང་སེམས་ལས་སུ་རུང་བ་ཉིད་དོ་ཞེས་གསུང་པ་ལྟར། ལུས་དང་སེམས་ཤིན་ཏུ་སྦྱངས་པ་སྟེ་གནས་ངན་ལེན་གཉིས་པོ་དང་བྲལ་ནས་ཇི་ལྟར་འདོད་པ་བཞིན་བཀོལ་དུ་རུང་བས་གང་བར་འགྱུར་བ་དང༌། མདོ་ལ་སོགས་པའི་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་ཡོངས་སུ་ཆད་པ་མེད་པ་སྟེ། ཕྱོགས་རིས་མེད་པར་རྟོགས་པ་དང་གསུམ་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཡིན་ནོ། །ཡང་དག་པའི་རྒྱུ་མཚན་དེ་མཐོང་ལམ་སྐྱེ་བའི་རྟགས་རྨི་ལམ་ན་སྲིན་བུ་ཕྱིར་བྱུང་བ་ལ་སོགས་པ་དེ་ལྟ་བུ་བྱུང་ངམ་སྙམ་དུ་མ་བརྟགས་པར་ཡང་མཐོང་བ་དང༌། དེ་བཞིན་དུ་ས་བཅུ་པ་ལ་ཆོས་སྐུ་རབ་ཏུ་རྫོགས་པ་དང༌། སངས་རྒྱས་ཀྱི་ས་ལ་སྒྲིབ་པ་ཐམས་ཅད་དང་བྲལ་བས་རྣམ་པར་དག་པར་བྱ་བའི་ཕྱིར་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམ་པ་ཀུན་ཏུ་རྟག་ཏུ་དེའི་རྒྱུ་ཚོགས་གཉིས་ཡོངས་སུ་འཛིན་པར་བྱེད་པ་སྟེ། དེ་གཉིས་ནི་ལྷག་མཐོང་གི་ཕྱོགས་དང་མཐུན་པ་ཡིན་ནོ། །བཙུན་པ་ནི་ལུས་དང་སེམས་ཤིན་ཏུ་སྦྱངས་པ་གཉིས་ཕན་ཚུན་རེ་རེར་བྱས་གནས་ངན་ལེན་རྒྱུན་གཅོད་པ་དང་གསུམ་ཞི་གནས་ཀྱི་ཕྱོགས་དང༌། དེའི་འོག་མ་གཉིས་ལྷག་མཐོང་གི་ཕྱོགས་སུ་བཞེད་དོ། །འགྲེལ་ཆེན་མཁན་པོ་ཡང་ཕན་ཡོན་ལྔ་དེ་བཞིན་དུ་བཤད་པས། ཆོས་སྐུ་རབ་རྫོགས་པ་ཞེས་པ་ནི་མྱ་ངན་དག་པའི་སྣོད་བླ་ན་མེད་པར་འགྱུར་ཞེས་པའི་དོན་ཡིན་ལ། དེ་ནི་ཞི་གནས་དང་ལྷག་མཐོང་གཉིས་ཀའི་ཕྱོགས་ཡིན་ནོ་ཞེས་ཟེར་རོ། །སྦྱོར་ལམ་ནི་ཚོགས་ལམ་གྱི་རྗེས་དེ་ནས་ཚོགས་ལམ་ཆེན་པོའི་རྟོགས་པ་དེ་འདྲ་ཐོབ་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་སེམས་མཉམ་པར་བཞག་པས་ཡིད་ཀྱི་བརྗོད་པ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་ཀུན་རབ་ཏུ་མི་མཐོང་གི་ཡིད་ཀྱི་བརྗོད་པ་ཁོ་ན་རང་དང་སྤྱིའི་མཚན་ཉིད་སྣ་ཚོགས་སུ་སྣང་བར་མཐོང་བ་ནི་དྲོ་བར་གྱུར་ཏེ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཆུ་བོ་ཚྭ་སྒོ་ཅན་གྱི་མདོ་ལས། སྣང་བ་ཞེས་བྱ་བ་ནི་ཆོས་ལ་ངེས་པར་སེམས་དཔའི་བཟོད་པའི་ཚིག་བླ་དག་གོ །ཞེས་གསུངས་པ་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་སེམས་སུ་གསུངས་པ་ལ་མི་སྐྲག་པས་བཟོད་པ་ཞེས་བཏགས་པའོ། །གཟུང་བ་མེད་པའི་ཆོས་ཀྱི་སྣང་བ་དེ་འཕེལ་བར་བྱ་བའི་ཕྱིར་དུ་བརྩོན་འགྲུས་བརྟན་པོ་ཀུན་ཏུ་རྩོམ་པ་ནི། རྩེ་མོ་ཡིན་ཏེ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཆོས་ཀྱི་སྣང་བ་དེ་འཕེལ་ནས་སྣང་བ་ཐམས་ཅད་སེམས་ཙམ་མོ་ཞེས་བྱ་བ་ལ་བློ་གནས་པར་འགྱུར་རོ། །དེ་ནས་དོན་ཀུན་ཏུ་སྣང་བ་འདི་ཐམས་ཅད་སེམས་ཁོ་ནར་ཟད་ཀྱི་སེམས་ལས་གཞན་ནི་མ་ཡིན་ནོ་ཞེས་མཐོང་སྟེ། དེའི་ཚེ་དེའི་གཟུང་བའི་རྣམ་པར་གཡེང་བ་སྤོང་ཞིང་དེ་ནས་བྱང་སེམས་དེ་ལ་འཛིན་པའི་རྣམ་པར་གཡེང་བ་འབའ་ཞིག་ལུས་ཏེ་མ་སྤངས་པས་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ་བཟོད་པ་ཡིན་ནོ། །བཟོད་པ་ཆེན་པོ་ཐོབ་པ་དེའི་ཚེ་བར་ཆད་མེད་པའི་ཏིང་ངེ་འཛིན་ཆོས་མཆོག་ལ་མྱུར་དུ་རེག་གོ །ཆོས་མཆོག་ལ་ཅིའི་ཕྱིར་བར་ཆད་མེད་པ་ཞེས་བྱ་ཞེ་ན། འདི་ལྟར་གཟུང་བ་མེད་པར་རྟོགས་པ་དེའི་འཇུག་ཐོགས་སུ་ནི་གཟུང་བ་མེད་པས་འཛིན་པ་ཡང་མེད་དོ། །ཞེས་རྟོགས་ནས་འཛིན་པའི་རྣམ་པར་གཡེང་བ་སྤོང་སྟེ། དེ་ནི་དེ་མ་ཐག་པ་ཞེས་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ་ཆོས་མཆོག་ཡིན་ནོ། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། །ཞེས་པ་ནི་འཇུག་བསྡུས་པའོ། །མཐོང་ལམ་དུ་ཡིད་ལ་བྱེད་པ་ལ་གཉིས་ཏེ། མཐོང་ལམ་གྱི་ངོ་བོ་དང༌། མཐོང་ལམ་ཐོབ་པའི་ཡོན་ཏན་ནོ། །དང་པོ་ལ་ངོ་བོ་དང༌། ཁྱད་པར་གཉིས་ལས། ངོ་བོ་ནི་ཆོས་མཆོག་རྫོགས་པའི་རྗེས་དེ་ནས་བྱང་སེམས་དེས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བླ་ན་མེད་པ་ཁྱད་པར་ལྔ་དང་ལྡན་པ་ཐོབ་བོ། །ལྔ་གང་ཞེ་ན། སྤངས་བའི་ཁྱད་པར། གཟུང་འཛིན་དུ་རྣམ་པར་མི་རྟོག་པས་རྡུལ་དང་བྲལ་ཞིང༌། མཐོང་སྤངས་ཀྱི་ཉོན་མོངས་པའི་དྲི་མ་མེད་པ་སྟེ། འདི་གཉིས་བཟོད་པ་བར་ཆད་མེད་ལམ་དང༌། ཆོས་ཤེས་རྣམ་གྲོལ་གྱི་ལམ་སྟེ། ཀུན་ལས་བཏུས་ལས། ཆོས་ལ་བཟོད་པ་རྣམས་ཀྱིས་ནི་རྡུལ་མེད་དོ། །ཆོས་ཤེས་པ་རྣམས་ཀྱི་དྲི་མ་དང་བྲལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཁྱད་པར་ནི་གཟུང་བ་ཡུལ་དང༌། འཛིན་པ་ཡུལ་ཅན་གཉིས་སུ་འཛིན་པ་དང་བྲལ་བའི་ཡེ་ཤེས་ཐོབ་བོ། །འོ་ན་འདིར་གཟུང་འཛིན་དང་བྲལ་བ་ལན་གཉིས་སྨོས་པས་ཟློས་སོ་ཞེ་ན། མ་ཡིན་ཏེ། གོང་མ་དེ་གཉིས་སྤངས་པའི་སྒོ་ནས་བཞག་ལ་འདིར་དེ་གཉིས་དང་བྲལ་བའི་ཡེ་ཤེས་ཀྱི་སྒོ་ནས་བཞག་པ་ཡིན་ནོ། །གནས་གྱུར་གྱི་ཁྱད་པར་ནི་འཇིག་རྟེན་པའི་ལམ་ལས་འཇིག་རྟེན་ལས་འདས་པའི་ལམ་དུ་གནས་གྱུར་ཡོངས་སུ་གྱུར་བ་སྟེ་ཞེས་སོ། །སའི་ཁྱད་པར་དེ་ཉིད་ས་དང་པོའི་ངོ་བོ་ཡིན་པར་འདོད་དོ། །རྒྱུའི་ཁྱད་པར་ནི་གྲངས་མེད་གསུམ་གྱིས་ས་བཅུ་མཐར་ཕྱིན་པར་འགྱུར་བ་ལས་འདི་ནི་བསྐལ་པ་གྲངས་མེད་པ་གཉིས་ལས་རྫོགས་པར་འགྱུར་རོ། །དེ་ཉིད་མངོན་པར་འདུ་བྱ་བ་མེད་པར་སྤྱོད་པ་ནི་དེ་ཡན་ཆད་ས་བཅུ་པའི་བར་དུ་བསྐལ་པ་གྲངས་མེད་གསུམ་ནས་རྫོགས་པར་འགྱུར་རོ་གསུངས་སོ། །འོག་ནས་ཀྱང༌། གྲངས་མེད་གཉིས་ནི་རྫོགས་པ་ཡིས། །སྒོམ་པ་ཡི་ནི་མཐར་ཕྱིན་ཏེ། །ཞེས་བཤད་དོ། །ངོ་བོ་བསྟན་ཟིན་ཏོ། །གཉིས་པ་ཁྱད་པར་ལ་བཞི་ལས། མཉམ་པ་ཉིད་ཐོབ་པའི་ཁྱད་པར་ནི། ས་དེར་ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་རབ་ཏུ་རྟོགས་ནས་དེའི་ཚེ་རྟག་ཏུ་སེམས་ཅན་ཐམས་ཅད་བདག་དང་མཚུངས་པ་ལྔས་མཚུངས་པའི་སེམས་ཐོབ་སྟེ། ལྔ་གང་ཞེ་ན། བདག་དང་སེམས་ཅན་གཞན་རྣམས་ཀྱི་རྒྱུད་བདག་མེད་པར་མཚུངས་པ་དང༌། བདག་གཞན་མཉམ་པར་མཚུངས་པས་བདག་གཞན་གྱི་སྡུག་བསྔལ་བདག་གིས་སྤང་བྱར་མཚུངས་པ་དང༌། དེས་ན་བདག་གཞན་གྱི་སྡུག་བསྔལ་སྤང་བའི་དོན་བདག་གིར་བྱ་དགོས་པར་མཚུངས་པ་དང༌། དེས་ན་རང་ལ་ལན་མི་རེ་བ་ལྟར་གཞན་དོན་བྱས་ཀྱང་གཞན་ལ་ལན་མི་རེ་བར་མཚུངས་པས་བཞི་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་སྙོམས་པ་ཡིན་ཞིང༌། ཡང་རྒྱལ་སྲས་མཐོང་ལམ་པ་གཞན་དག་གིས་ཇི་ལྟར་ཆོས་ཉིད་རྟོགས་པ་ལྟར་བདག་གིས་ཀྱང་རྟོགས་པར་འདྲ་བ་ཡིན་ཏེ། དེ་ལྟར་ལྔས་མཚུངས་པ་ཡིན་ནོ། །ཡེ་ཤེས་ཡོངས་སུ་དག་པའི་ཁྱད་པར་ནི་མཐོང་ལམ་ཐོབ་པའི་བྱང་སེམས་དེས་ནི་དེའི་རྗེས་ལ་རྗེས་ཐོབ་ཀྱི་ཡེ་ཤེས་རྣམ་པར་དག་པ་གཟུང་འཛིན་གཉིས་སུ་བདེན་པར་ཞེན་པ་མེད་པའི་དོན་གྱིས་ཁམས་གསུམ་པའི་འདུས་བྱས་རྣམས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་དུ་མཐོང་ངོ༌། །རྗེས་ཐོབ་དེ་སྒོམ་ལམ་ཡིན་ཡང༌། དེ་སྐྱེད་པར་ནུས་པ་འདིའི་ཁྱད་པར་རོ། །མཉམ་བཞག་གིས་གཟུང་འཛིན་དེ་དག་མེད་པའི་ཆོས་དབྱིངས་ཀྱི་ངོ་བོ་ཉིད་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ལས་གྲོལ་བར་མཐོང་སྟེ། དེས་ན་དེའི་ཚེ་མཐོང་བའི་ལམ་ཐོབ་པ་ཞེས་ངེས་པར་བརྗོད་དོ། །དམིགས་པའི་ཁྱད་པར་ནི་རྣམ་ཐར་སྒོ་གསུམ་ཤེས་པ་སྟེ་དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཀུན་བཏགས་རང་གི་མཚན་ཉིད་དུ་མེད་པའི་ངོ་བོ་ཉིད་དུ་ཤེས་ཤིང༌། གཞན་དབང་བཏགས་པ་བཞིན་མེད་ཀྱང་སྣང་ཙམ་ཡོད་པས་ཡོད་པའི་སྟོང་པ་ཉིད་དང༌། ཡོངས་གྲུབ་རང་བཞིན་གྱིས་སྟོང་པ་ཉིད་དུ་ཤེས་པ་ནི་སྟོང་པ་ཤེས་པ་ཞེས་བརྗོད་དོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་གཞི་ནི་དམིགས་པ་དེ་བཞིན་ཉིད་ལ་རྣམ་པར་རྟོག་པ་རྣམས་ཡང་དག་པར་ཟད་པ་ཡིན་ལ། རྣམ་པ་ནི་འདུས་བྱས་ཀྱི་སྤྲོས་པའི་མཚན་མ་ཐམས་ཅད་ཞི་བའོ། །སྨོན་པ་མེད་པར་གྱུར་པའི་ཏིང་ངེ་འཛིན་གྱི་གཞི་དེ་དམིགས་པ་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་ལ། རྣམ་པ་ནི་དེ་ལ་མི་སྨོན་པའོ། །གྲོགས་ཀྱི་ཁྱད་པར་ནི་རྒྱལ་བའི་སྲས་པོ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམ་པ་སྣ་ཚོགས་ཏེ། སུམ་ཅུ་རྩ་བདུན་པོ་ཐམས་ཅད་ལས་སྟོབས་མན་ཆད་ནི་འཇིག་རྟེན་པ་ལས་ཁྱད་པར་དུ་འཕགས་པ་ཐོབ་པ་དང༌། འཕགས་ལམ་ཡན་ལག་བརྒྱད་ནི། མཐོང་ལམ་ཐོབ་པའི་དུས་སུ་མངོན་དུ་མ་གྱུར་ཀྱང་ཐོབ་པ་སྐྱེ་བ་རྟག་ཏུ་མཐོང་བའི་ལམ་དེ་དང་ལྷན་ཅིག་ཏུ་ཐོབ་པར་འདོད་དོ། །མཐོང་བའི་ལམ་གྱི་ངོ་བོ་བསྟན་ཟིན་ཏོ། །གཉིས་པ་མཐོང་ལམ་ཐོབ་པའི་ཡོན་ཏན་ནི། བྱང་སེམས་མཐོང་ལམ་པ་གང་ཞིག་བློ་ཡིས་འགྲོ་བ་ཐམས་ཅད་འདུས་བྱས་རྟེན་འབྲེལ་ཙམ་འདི་ཀུན་བཏགས་པའི་གང་ཟག་དང་ཆོས་ཀྱི་བདག་མེད་པས་འདུ་བྱེད་ཀྱི་སྡུག་བསྔལ་རྒྱས་པ་ཙམ་དུ་ཤེས་ནས་དོན་མེད་པའི་རང་བཞིན་ཉེར་ལེན་གྱི་ཕུང་པོ་ལ་བདག་ཏུ་ལྟ་བ་རྣམ་པར་སྤངས་ནས་བདག་ཉིད་ཆེན་པོའི་ལྟ་བ་བདག་གཞན་མཉམ་པར་རྟོགས་པ་རང་གཞན་གྱི་དོན་ཆེན་པོའི་རྒྱུར་གྱུར་པ་དེ་རྙེད་པ་གང་ཡིན་པའི་དུས་འདི་ན་དོན་མེད་པའི་བདག་ཏུ་ལྟ་བ་དེ་མེད་པར་དོན་ཆེན་པོ་དང་ལྡན་པ་སེམས་ཅན་ལ་བདག་ཏུ་ལྟའོ། །རང་གི་རྒྱུད་ལ་རང་གིས་ལས་དང་ཉོན་མོངས་པས་བསྐྱེད་པའི་སྡུག་བསྔལ་མེད་པར་ཡང་གཞན་གྱི་སྡུག་བསྔལ་གྱིས་ཤིན་ཏུ་སྡུག་བསྔལ་བར་འགྱུར་ཏེ། རང་ལ་ཕན་པ་བྱས་ཀྱང་བདག་ཉིད་རང་ལ་ལན་མི་རེ་བ་བཞིན་དུ་གཞན་གྱི་དོན་ཀུན་བྱེད་ལ་གཞན་ལ་ལན་ཡང་རེ་བ་མེད་དོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་གང་ཞིག་གྲོལ་བ་མཆོག་ཐེག་ཆེན་གྱི་ལམ་གྱིས་རང་གི་སེམས་མཐོང་སྤངས་ལས་གྲོལ་ལ་གཞན་གྱི་རྒྱུད་ཀྱི་འཆིང་བ་མི་ཟད་པ་ཡུན་རིང་པོས་བཅིངས་ཏེ། དེས་དེ་དག་གྲོལ་བར་གོ་བགོས་པའི་ཕྱིར་རོ། །སེམས་ཅན་གྱི་ཁམས་མཐའ་ཡས་པའི་ཕྱིར་དེ་དག་གི་སྡུག་བསྔལ་གྱི་མཐར་ཐུག་པ་མེད་པར་མཐོང་བས་སེམས་ཅན་གྱི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་རབ་ཏུ་སྦྱོར་ལ། སེམས་ཅན་ཚད་མེད་པའི་སྡུག་བསྔལ་ཟད་པར་ཡང་བྱེད་པ་ཉིད་དོ། །འཁོར་བ་འདི་ན་འཇིག་རྟེན་པ་རྣམས་ཀྱིས་ཚེ་གཅིག་ཏུ་རང་ཉིད་གཅིག་པུའི་སྡུག་བསྔལ་གྱི་ཁུར་བཀུར་མི་ནུས་ན་འཇིག་རྟེན་གནས་པ་དེ་སྲིད་དུ་གཞན་གྱི་སྡུག་བསྔལ་ཐམས་ཅད་སྡོམ་པའི་ཁུར་ལྟ་སྨོས་ཀྱང་ཅི་དགོས་ཏེ་ནུས་སམ་སྙམ་དུའང་མེད་ཅེས་དེ་ལྟར་མི་སེམས་སོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་ཟློག་པ་སྟེ་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསྡོམས་པའི་ཁུར་ཁུར་བར་བཞེད་པ་ཡིན་ནོ། །ཇི་ལྟར་རྒྱལ་སྲས་དེ་དག་སེམས་ཅན་རྣམས་ལ་བདེ་བ་དང་མ་འབྲལ་བར་འདོད་པའི་དགའ་བ་དང༌། ཕན་བདེ་སྒྲུབ་པར་འདོད་པའི་བྱམས་པ་དང༌། དེ་དག་སྒྲུབ་པ་ལ་དངོས་སུ་སྦྱོར་བ་དང༌། དེ་ལ་གཞན་གྱི་ལོག་སྒྲུབ་ཀྱིས་མི་སྐྱོ་བ་གང་ཡིན་པ་དེ་ནི་སྲིད་པ་དག་ན་ངོ་མཚར་ཆེ་ལ། སེམས་ཅན་ཐམས་ཅད་བདག་དང་མཚུངས་པར་ལྟ་བའི་ཕྱིར་ངོ་མཚར་ཆེ་བ་དེ་ལྟའང་མིན་ནོ། །སྒོམ་ལམ་ཡིད་ལ་བྱེད་པ་ལ་གསུམ་སྟེ། སྒོམ་ལམ་གྱི་རང་བཞིན། དེ་རྫོགས་པའི་དུས། ཁྱད་པར་གྱི་ལམ་མོ། །དང་པོ་ནི་མཐོང་ལམ་གྱི་རྗེས་དེ་ནས་བྱང་སེམས་འདི་ནི་ས་དང་པོའི་ལྷག་མ་ས་དགུ་པོ་རྣམས་སུ་སྒོམ་པའི་ལམ་འདི་ལ་ཡེ་ཤེས་རྣམ་པ་གཉིས་པོ་དག་སྒོམ་པའི་ཕྱིར་ན་སངས་རྒྱས་ཀྱི་ཆོས་དང༌། སེམས་ཅན་གྱི་སེམས་རབ་ཏུ་སྦྱོར་བར་བྱེད་དོ། །ཚུལ་ཇི་ལྟར་ཞེ་ན་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དེས་ནི་རང་གི་སངས་རྒྱས་ཀྱི་ཆོས་རྣམས་སྦྱོང་བར་བྱེད་དོ། །གཞན་པ་རྣམས་ཇི་ལྟ་བ་བཞིན་དུ་རྣམ་པར་འཇོག་པ་འཇིག་རྟེན་ལས་འདས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པས་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །གཉིས་པ་དེ་རྫོགས་པའི་དུས་ནི་ས་གཉིས་པ་ནས་བདུན་པར་རྫོགས་ཀྱི་བར་ལ་གྲངས་མེད་གཅིག་དང༌། དག་པ་ས་གསུམ་ལ་གཅིག་སྟེ། གྲངས་མེད་གཉིས་རྫོགས་པ་ཡིས་སྒོམ་པའི་ལམ་མཐར་ཕྱིན་པ་ཡིན་ནོ། །གསུམ་པ་ཁྱད་པར་གྱི་ལམ་ནི་སྒོམ་པའི་ལམ་གྱི་ཐ་མ་སྒོམ་ལམ་ཆེན་པོའི་ཆེན་པོ་ཐོབ་ནས་དེའི་དུས་སུ་བྱང་ཆུབ་སེམས་དཔའ་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཡིན་ཞིང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡང་ཐོབ་བོ། །དེ་དུས་ཀྱི་ཏིང་ངེ་འཛིན་དེ་ལ་ཅིའི་ཕྱིར་རྡོ་རྗེ་ལྟ་བུ་ཞེས་བྱ་ཞེ་ན། རྟོག་པས་མི་ཤིགས་ཤིང་སྒྲིབ་པ་ཐམས་ཅད་བཤིག་ནུས་པའི་ཕྱིར་རོ། །ལམ་བཞི་བསྟན་ཟིན་ནོ། །འབྲས་བུ་མཐར་ཕྱིན་པའི་ལམ་ནི། དེ་ནས་གནས་གཞན་དུ་གྱུར་པ་མཐར་ཐུག་པ་སྤངས་པའི་ཁྱད་པར་སྒྲིབ་པ་ཀུན་གྱི་དྲི་མ་མེད་ལ། མཛད་པའི་ཁྱད་པར་ས་བཅུ་གཅིག་པ་གང་ལ་གནས་ནས་མཛད་པ་བཅུ་གཉིས་ལ་སོགས་པས་སེམས་ཅན་ཀུན་ལ་ཕན་པ་ཆེན་པོ་སྒྲུབ་པར་བྱེད་པའི་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་འཐོབ་བོ། །གདམས་ངག་ཐོབ་པའི་ཕན་ཡོན་ནི། ཆོས་ཀྱི་སྒོའི་རྒྱུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གོང་དུ་བཤད་པའི་ཚུལ་དེ་ལྟར་མཐོང་བར་དཀའ་བའི་ཐུབ་པ་རྣམས་རྟག་ཏུ་མཐོང་ཞིང༌། དེ་དག་ལ་ཐོས་པ་མཉམ་པ་མེད་པ་ཐེག་ཆེན་གྱི་ཆོས་ཐོས་པ་ལས་བྱུང་བའི་རབ་ཏུ་དྭངས་བའི་ཤུགས་ཀྱིས་རྟག་པར་ཤིན་ཏུ་སེམས་ཚིམ་པ་དེ་ལ་སངས་རྒྱས་མཐོང་བ་ལ་བརྟེན་ནས་ཇི་ལྟ་བུར་དོན་ཆེན་པོ་སངས་རྒྱས་ཐོབ་པར་འགྱུར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་རྟག་ཏུ་མངོན་སུམ་དུ་གདམས་ངག་འདོམས་པར་མཛད་ཅིང་གཅོང་རོང་དུ་ལྷུང་ན། དེ་ནས་འདྲེན་པ་བཞིན་དུ་མཐོང་སྤངས་སྒོམ་སྤངས་ཀྱི་ཉེས་པའི་ཚང་ཚིང་ནས་ཐུགས་རྗེའི་སྟོབས་ཀྱི་ཚན་གྱིས་དྲངས་ཏེ། བྱང་ཆུབ་ལ་འགོད་པའི་ཕྱིར་རོ། །གཉིས་པ་རྗེས་སུ་བསྟན་པ་ནི། སངས་རྒྱས་རྣམས་ནི་ལྷག་པ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་དུས་རྟག་ཏུ་རང་གི་དོན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་ཡང་དག་པར་སྦྱོར་བ་ལ་དེ་དག་སྤྲོ་བ་སྐྱེད་པའི་ཕྱིར་ལེགས་པར་བསྔགས་པ་དང༌། ལོག་པར་སྦྱོར་བ་རྣམས་སྨོད་ཅིང་ལོག་པར་སྦྱོར་བ་དེ་སྤོང་དུ་གཞུག་པར་མཛད་དོ། །ལྷག་པའི་སེམས་དང་ཤེས་རབ་ཀྱི་དབང་དུ་བྱས་ནས་གནས་པ་སྟེ་ཞི་གནས་དང་རྣམ་པར་འབྱེད་པའི་ལྷག་མཐོང་ལྷུར་ལེན་པ་མཆོག་གི་སེམས་ཅན་རྣམས་ལ་བདེ་བར་གཤེགས་པའི་བསྟན་པ་འདི་ལ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་སྤངས་པ་སྟེ། ཆེན་པོར་གྱུར་པའི་དོན་དུ་བྱིང་རྒོད་ལ་སོགས་པའི་བར་ཆད་གང་ཞིག་སྤངས་པ་དང༌། ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་ལ་སོགས་པ་མཐུན་པའི་ཆོས་བསྟན་པར་བྱ་བའི་རྣམ་པ་ཐམས་ཅད་རྒྱལ་བ་རྣམས་ཀྱིས་ཚུལ་བཞིན་དུ་བསྟན་པའི་སྐབས་འདི་ན་སྟོན་ནོ། །གཉིས་པ་དེ་དག་གི་འབྲས་བུ་ལ་གཉིས་ལས། གཞན་དོན་ནི་གདམས་ངག་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ནི། མཐར་ཐུག་གི་འབྲས་བུ་ཐོབ་པ་ན། མཐོང་བ་རབ་ཏུ་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་མི་རྟོག་བྱང་ཆུབ་སྟེ། རྟོག་པ་མེད་པའི་ཡེ་ཤེས་བཞིས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ཅིང༌། ཤེས་སྒྲིབ་ཀྱི་མུན་པ་ཆེན་པོ་ཡང་རྣམ་པ་ཀུན་ཏུ་བསལ་ནས་ཡེ་ཤེས་ཀྱི་འོད་ཟེར་གྱིས་འགྲོ་བ་རྣམས་ལ་ལྷམ་མེ་བ་ཡོངས་སུ་བརྟག་པ་བཟུང་སྟེ་སྟོང་གསུམ་ཐམས་ཅད་ཡོངས་སུ་སྣང་བར་བྱེད་ཅིང་ནམ་ཡང་མི་ནུབ་པའི་ཉི་མ་ཞིག་ཡོད་ན་དེ་དང་འདྲའོ། །རང་དོན་གྱི་འབྲས་བུ་ནི། དེ་ལྟར་རྟག་ཏུ་དགེ་བ་བསགས་པས་རང་གི་རྒྱུད་གང་བར་གྱུར་ཅིང༌། ཡུལ་ཐུབ་པ་རྣམས་ལས་དུས་རྟག་ཏུ་ཐེག་ཆེན་གྱི་གདམས་ངག་ཆེན་པོ་ཐོབ་པའི་སེམས་དཔའ་མཆོག་གིས། ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་རབ་ཏུ་ཡངས་པ་ཐོབ་ནས་ཡོན་ཏན་གྱི་རྒྱ་མཚོའི་ཕ་རོལ་ཏེ། ཡོན་ཏན་ཐམས་ཅད་མཐར་ཕྱིན་པ་སངས་རྒྱས་སུ་འགྲོ་བར་འགྱུར་རོ། །གདམས་ངག་དང་རྗེས་སུ་བསྟན་པའི་སྐབས་བཤད་ཟིན་ཏོ།།  ༈  །།གཉིས་པ་མཇུག་བསྡུ་བ་ལ་ནི། སྡོམ་ནི་ཞེས་སོགས་སོ། །དོན་ལ་འཇུག་པའི་སེམས་ཀྱི་སྤྱོད་པ་ལ་བཞི་སྟེ། ཐབས་དང་ལྡན་པའི་ལས། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ། སྤྱོད་པ་གཉིས་ཀྱི་ཐུན་མོང་གི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། གཉེན་པོས་ཀུན་ནས་སློང་བའི་ཐབས་དང༌། བར་ཆད་ལས་ལྡང་བའི་ཐབས་དང༌། རྣམ་པར་དག་པའི་ཐབས་སོ། །དང་པོ་ནི་ཇི་ལྟར་ཏེ། དཔེར་ན་ཉེ་བར་ལོངས་སྤྱོད་པར་བྱ་བ་ནགས་ཚལ་དང༌། སྤྱོད་པ་པོ་ལུས་ཅན་དང༌། བརྟན་པ་རི་བོ་ལ་སོགས་པ་དང༌། མི་བརྟན་པ་ཆུ་ལ་སོགས་པ་རྣམས་ཀྱི་རྟེན་ནི་ཀུན་ནས་ས་ཡིན་པ་དེ་བཞིན་དུ་མཁས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་པོ་ཡང་ཀུན་ནས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཕྱོགས་དང་མཐུན་པ་ལ་སོགས་པའི་དགེ་བའི་རྟེན་ཡིན་པར་འདོད་དེ། དེ་དག་ནི་ལས་གསུམ་པོ་དེས་ཀུན་ནས་སློང་བའི་ཕྱིར་རོ། །དེ་ལྟར་ལས་གསུམ་པོ་དེ་སྦྱོང་བའི་ཕྱིར་འཇུག་པས་ན་ཀུན་ནས་སློང་བའི་ཐབས་ཞེས་བྱའོ། །གཉིས་པ་བར་ཆད་ལས་ལྡང་བའི་ཐབས་ལ་གཉིས་ལས། ཐེག་ཆེན་ལ་སྐྱོ་བ་སྤོང་བ་ནི་ཡན་ལག་གཏོང་བ་ལ་སོགས་པ་ཤིན་ཏུ་དཀའ་བའི་ལས་ཕར་ཕྱིན་དྲུག་གིས་བསྡུས་པ་ངོ་བོ་སྣ་ཚོགས་པ་དུས་བསྐལ་པ་མང་པོ་སྟེ། གྲངས་མེད་པ་གསུམ་ཕྱིས་མཐར་ཕྱིན་པ་སྟེ་རྫོགས་པར་འགྱུར་བ་ལ་མངོན་པར་བརྩོན་པའི་བདག་ཉིད་ཅན་གྱི་རྒྱལ་སྲས་རྣམས་ཀྱི་ལུས་དང་ངག་དང་སེམས་ཀྱི་རང་རང་གི་ལས་གསུམ་པོ་དཀའ་སྤྱད་གང་གིས་གཞན་དོན་དུ་དཀའ་བ་སྤྱོད་པའི་སྐབས་འདི་ནི་ཡིད་འབྱུང་བར་འགྱུར་བ་མེད་དོ། །ཉན་རང་གི་བསམ་པ་དོར་བ་ནི་ཇི་ལྟར་བདག་ལ་ཕན་པར་འདོད་པའི་སྐྱེས་བུ་རྣམས་ཀྱང་དུག་ལ་སོགས་པ་ལས་རང་གི་ལུས་ཟློག་ཅིང་བསྲུང་བ་དེ་བཞིན་དུ་རྒྱལ་སྲས་རྣམས་ཐེག་པ་དམན་པ་རྣམ་པ་གཉིས་པོའི་ལམ་དེ་ཐེག་ཆེན་གྱི་འབྲས་བུར་བསྔོ་བར་མི་བྱེད་པས་དུག་དང༌། ཐེག་ཆེན་གྱི་དགེ་བའི་རྩ་བ་རྩད་ནས་གཅོད་པས་མཚོན་དང༌། ཐེག་ཆེན་གྱི་དགེ་བའི་ལོ་ཐོག་མ་སྐྱེས་པ་མི་སྐྱེད་ཅིང་སྐྱེས་པ་འཇོམས་པའི་ཕྱིར་གནམ་ལྕགས་ལྕེ་འབབ་པ་དང་བཅས་པའི་སེར་བ་དང༌། ཐེག་ཆེན་གྱི་དོན་འགྲུབ་པའི་གེགས་བྱེད་པས་དགྲ་དང་འདྲ་བར་རྟོགས་ནས་ལུས་དང་ངག་དང་ཡིད་ཀྱི་ལས་གསུམ་གྱི་བདག་ཉིད་ཐེག་དམན་དེ་ལ་ཟློག་པར་བྱེད་པ་ཡིན་ནོ། །རྣམ་པར་དག་པའི་ཐབས་ནི་བྱང་ཆུབ་སེམས་དཔའ་དེ་ནི་རྟག་ཏུ་རྣམ་པར་མི་རྟོག་གོ །ཇི་ལྟར་མི་རྟོག་ཅེ་ན། སྒྲུབ་པ་པོ་བྱང་ཆུབ་སེམས་དཔའ་རང་ཉིད་ལས་ཅན་དུ་མི་རྟོག་ལ། སྒྲུབ་བྱ་ཕར་ཕྱིན་དྲུག་ལས་སུ་ཡང་རྟོག་པ་མིན་ཞིང༌། དེ་དག་སྒྲུབ་པའི་བརྩོན་འགྲུས་ལ་ལས་ཀྱི་བྱ་བར་མི་ལྟ་སྟེ། དེས་ནི་བྱང་སེམས་དེ་ནི་ལས་གསུམ་དག་པ་དེའི་ཐབས་ཡང་དག་པར་གཟུང་བའི་ཕྱིར། ལུས་ལ་སོགས་པའི་ལས་རྣམ་པར་དག་པའི་སྟོབས་ཀྱིས་ཡོན་ཏན་མཐའ་ཡས་ཏེ་ཟད་མི་ཤེས་པ་དེའི་ཕ་རོལ་མཐར་ཐུག་པ་སངས་རྒྱས་སུ་འགྲོ་སྟེ་འདིས་ཆེ་བ་ཡང་བསྟན་ནོ། །ཐབས་དང་ལྡན་པའི་ལས་ཀྱི་སྐབས་བཤད་ཟིན་ཏོ།།  ༈  །།དེ་ལྟར་ལམ་གསུམ་གྱིས་ཟིན་པ་ནི་དགེ་བ་ཐམས་ཅད་ལ་ཀུན་ཏུ་འགྲོ་བ་དེས་བསླབ་པ་སྤྱིར་བསྟན་ནས། ད་ནི་ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་ནོ། །དེ་ལ་གཉིས་ཏེ། སྤྱོད་པའི་ངོ་བོ་དང༌། ལྷན་ཅིག་བྱེད་པའི་རྐྱེན་ནོ། །དང་པོ་ལ་སོ་སོའི་རང་བཞིན་དང༌། ཐུན་མོང་གི་མཇུག་བསྡུད་དོ། །དང་པོ་ལ་གཉིས་ཏེ། རང་གི་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱེད་པའི་ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་བསྡུ་བའི་དངོས་པོ་བཞིའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲངས་ངེས་དང༌། དེ་དག་སོ་སོའི་མཚན་ཉིད་དང༌། ཕྱིན་དྲུག་གི་གོ་རིམ་དང༌། སོ་སོའི་ངེས་ཚིག་དང༌། གོམས་པའི་ཡོན་ཏན་དང༌། དྲུག་པོ་དེ་དག་གི་རབ་ཏུ་དབྱེ་བ་དང༌། གསུམ་དུ་བསྡུ་བའི་ཚུལ་དང༌། མི་མཐུན་ཕྱོགས་བྲལ་ཚུལ་དང༌། ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང༌། ཕན་ཚུན་རྣམ་པར་ངེས་པ་སྟེ་དོན་བཅུ་ཡིས་མདོར་བསྟན་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ། དོན་བཅུ་ཡོད་པ་ལས། དང་པོ་གྲངས་ངེས་ལ་ལྔ་ལས། མངོན་མཐོ་དང་ངེས་ལེགས་སྒྲུབ་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་པ་ནི་དང་པོ་བཞིས་མངོན་མཐོ་སྒྲུབ་སྟེ། སྦྱིན་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཀྱིས་ལུས་ཕུན་སུམ་ཚོགས་པ། བཟོད་པས་འཁོར་ཕུན་སུམ་ཚོགས་པ། བརྩོན་འགྲུས་ཀྱིས་དགེ་བའི་ལས་ཐམས་ཅད་འགྲུབ་པའི་རྩོམ་པ་ཕུན་སུམ་ཚོགས་པའོ། །བསམ་གཏན་དང་ཤེས་རབ་གཉིས་ཀྱིས་ངེས་ལེགས་སྒྲུབ་སྟེ་བསམ་གཏན་གྱི་རྟག་ཏུ་ཉོན་མོངས་པའི་དབང་དུ་མི་འགྲོ་བ་དང༌། ཤེས་རབ་ཀྱིས་བྱ་བ་རྣམས་ཕྱིན་ཅི་མ་ལོག་པར་བྱེད་པ་ཤེས་པའོ། །འགྲེལ་པར་ཐ་མ་གཉིས་སོ་སོར་བཀྲལ་ཡང་ཊཱིཀྐར་ངེས་ལེགས་སྒྲུབ་པར་བསྡུས་སོ། །རང་གཞན་གྱི་དོན་སྒྲུབ་པ་ལ་དྲུག་ཏུ་ངེས་པ་ནི་སེམས་ཅན་གྱི་དོན་ལ་རབ་ཏུ་བརྩོན་པ་ནི་དང་པོ་གསུམ་གྱི་སྒོ་ནས་འབྱེད་དོ། །གཏོང་བ་དང་གཞན་ལ་མི་གནོད་པ་དང་གནོད་པ་བཟོད་པས་སེམས་ཅན་གྱི་དོན་བྱེད་ལ། སེམས་གནས་པར་བྱེད་པ་བསམ་གཏན་དང༌། གྲོལ་བར་བྱེད་པ་ཤེས་རབ་དང༌། དེ་གཉིས་ཀྱི་གཞི་བརྩོན་འགྲུས་དང་བཅས་པས་རང་གི་དོན་རྣམ་པ་ཐམས་ཅད་སྤྱོད་དོ། །ཡང་སྦྱིན་པས་གཞན་མི་ཕོངས་པར་བྱེད་པ་དང༌། ཚུལ་ཁྲིམས་ཀྱིས་གཞན་ལ་མི་འཚེ་བ་དང༌། བཟོད་པས་གཞན་གྱི་གནོད་འཚེ་བྱས་པ་བཟོད་པ་དང༌། བརྩོན་འགྲུས་ཀྱིས་གཞན་གྱི་དོན་གྱི་བྱ་བ་ལ་མི་སྐྱོ་བ་དང༌། བསམ་གཏན་གྱིས་རྫུ་འཕྲུལ་ལ་སོགས་པ་བསྟན་པས་གཞན་དད་ཅིང་དགའ་བར་བྱེད་པ་དང༌། ཤེས་རབ་ཀྱིས་དྲིས་པའི་ལན་ལེགས་པར་བརྗོད་པས་ཐེ་ཚོམ་གཅོད་པའི་ཕྱིར་དྲུག་ཀ་གཞན་དོན་ཡིན་ལ། གཞན་གྱི་དོན་དེ་བྱས་པས་རང་ཉིད་ཀྱིས་སངས་རྒྱས་འགྲུབ་པས་གཞན་གྱི་དོན་དེ་ཉིད་རང་གི་དོན་ཡིན་ནོ། །ཐེག་ཆེན་གྱི་ལམ་ཐམས་ཅད་སྒྲུབ་པ་ལ་དྲུག་ཏུ་ངེས་པ་ནི། སྦྱིན་པས་ལོངས་སྤྱོད་ལ་མངོན་པར་མི་དགའ་བ་དང༌། ཚུལ་ཁྲིམས་ཀྱིས་བསླབ་པ་རབ་ཏུ་གུས་པས་བསྲུང་བ་དང༌། བཟོད་པ་དང་བརྩོན་འགྲུས་གཉིས་ཀྱིས་གོ་རིམ་བཞིན་དུ་སེམས་ཅན་དང་སེམས་ཅན་མ་ཡིན་པས་བྱས་པའི་སྡུག་བསྔལ་དང་དགེ་བ་ལ་སྦྱོར་བ་གཉིས་ལ་མི་སྐྱོ་བ་དང༌། བསམ་གཏན་དང་ཤེས་རབ་ཀྱིས་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་རྣམ་པར་མི་རྟོག་པ་སྟེ། ཐེག་ཆེན་གྱི་ལམ་མཐའ་དག་དེ་ཙམ་དུ་ཟད་དོ། །ཐབས་མཁས་ཀྱི་རྣམ་པ་ཐམས་ཅད་སྒྲུབ་པ་ལ་དྲུག་ཏུ་ངེས་པ་ནི་སྦྱིན་པ་གཏོང་བ་ལ་གོམས་པའི་སྒོ་ནས་འདོད་པའི་ཡུལ་རྣམས་ལ་མ་ཆགས་པའི་ལམ་མོ། །ཚུལ་ཁྲིམས་ནི་དགེ་སློང་གི་སྡོམ་པ་ལ་གནས་པའི་སྒོ་ནས་འདོད་པའི་ཡུལ་དེ་ཐོབ་པར་འདོད་པའི་རྣམ་པར་གཡེང་བ་སྡོམ་པའི་ལམ་མོ། །བཟོད་པ་ནི་གཞན་གྱི་གནོད་པས་ཡིད་མི་འབྱུང་བའི་ཕྱིར་སེམས་ཅན་མི་གཏོང་བར་རྗེས་སུ་འཛིན་པའི་ལམ་མོ། །བརྩོན་འགྲུས་ནི་དགེ་བ་འཕེལ་བར་བྱེད་པའི་ལམ་མོ། །བསམ་གཏན་དང་ཤེས་རབ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱོང་བའི་ལམ་སྟེ་སྒྲིབ་པ་གཉིས་འགོ་གནོན་པ་དང་རྩ་བ་ནས་སྤོང་བ་རིམ་པ་བཞིན་ནོ། །ལམ་ཞེས་བྱ་བ་ནི་ཐབས་ཡིན་པས་ཐབས་མཁས་ཐམས་ཅད་དྲུག་ཏུ་ངེས་སོ། །བསླབ་པ་གསུམ་སྒྲུབ་པ་དྲུག་ཏུ་ངེས་པ་ནི་བསླབ་པ་གསུམ་སྒྲུབ་པའི་དབང་དུ་མཛད་ནས་རྒྱལ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བཤད་དེ། དེ་ཡང་ཕར་ཕྱིན་དང་པོ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པ་སྟེ། སྦྱིན་པས་ལོངས་སྤྱོད་ལ་མ་ཆགས་ན་ཚུལ་ཁྲིམས་ལ་འཇུག་པས་སྤྱིན་པ་ཚུལ་ཁྲིམས་ཀྱི་ཚོགས་ཞེས་བྱ་སྟེ་རྒྱུ་ཡིན་ལ། ཚུལ་ཁྲིམས་ནི་ངོ་བོ་ཡིན་ཞིང་བཟོད་པས་བཤེ་ཡང་སླར་མི་བཤེ་བ་ལ་སོགས་པའི་སྒོ་ནས་ཚུལ་ཁྲིམས་དག་པར་བྱེད་པས་དེའི་འཁོར་ཡིན་ནོ། །ཐ་མ་བསམ་གཏན་དང་ཤེས་རབ་གཉིས་ནི་སེམས་དང་ཤེས་རབ་ཀྱི་བསླབ་པ་རྣམ་པ་གཉིས་སོ། །དང་པོ་བརྩོན་འགྲུས་ནི་བསླབ་པ་གསུམ་ཅར་ལ་ཡང་གཏོགས་ཏེ་ཐམས་ཅད་ཀྱི་གྲོགས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་ཕྱིན་དྲུག་སོ་སོའི་མཚན་ཉིད་ལ་དང་པོ་སྦྱིན་པའི་མཚན་ཉིད་ནི་བཞི་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་མི་མཐུན་ཕྱོགས་སེར་སྣ་ཉམས་པ་སྟེ་དེ་དང་བྲལ་བ་དང༌། ཆོས་བདག་མེད་པར་རྟོགས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། གང་ཅི་འདོད་པ་ཐམས་ཅད་སྦྱིན་པས་ན་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། སྦྱིན་པས་བསྡུས་ནས་སེམས་ཅན་རྣམས་ཐེག་པ་གསུམ་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་སྨིན་པར་བྱེད་པ་སྟེ་ཐེག་པ་གསུམ་ལ་འགོད་པའི་དབྱེ་བ་རྣམ་པ་གསུམ་མོ། །ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལྔ་ལ་ཡང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་ལྔ་དང་བྲལ་བ་དང༌། ལྔ་ག་ཡང་ཆོས་ལ་བདག་མེད་པར་རྟོགས་པའི་ཡེ་ཤེས་དང་ལྡན་པ་དང༌། ལུས་ངག་སྡོམ་པས་གཞན་ལ་མི་གནོད་པ་དང༌། གནོད་པ་བཟོད་པ་དང༌། བྱ་བའི་གྲོགས་བྱེད་པ་དང༌། རྫུ་འཕྲུལ་གྱིས་ཡིད་མགུ་བར་བྱེད་པ་དང༌། ཐེ་ཚོམ་གཅོད་པ་རྣམས་ཀྱི་སྒོ་ནས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། ཚུལ་ཁྲིམས་ལ་སོགས་ལྔ་པོས་མགུ་བར་བྱས་ཏེ་ཐེག་པ་གསུམ་ལ་སྨིན་པར་བྱེད་པའོ། །གསུམ་པ་གོ་རིམ་ལ་གསུམ་ལས། སྔ་མ་ལ་བརྟེན་ནས་ཕྱི་མ་སྐྱེ་བའི་གོ་རིམ་ནི་སྦྱིན་པས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་ནོ། །ཚུལ་ཁྲིམས་དང་ལྡན་ན་དགེ་སྦྱོང་དུ་བྱེད་པའི་ཆོས་བཞིས་བཟོད་པར་འགྱུར་རོ། །དཀའ་སྤྱོད་བཟོད་པ་དང་ལྡན་ན་གཞན་དོན་དུ་དགེ་བ་རྣམས་ལ་བརྩོན་འགྲུས་རྩོམ་མོ། །ཞི་གནས་ཀྱི་རྒྱུ་མཚན་དུས་སུ་སྒོམ་པ་ལ་སོགས་པའི་བརྩོན་འགྲུས་བརྩོམ་པས་ཏིང་ངེ་འཛིན་སྐྱེའོ། །ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་འབྱུང་ངོ༌། །དམན་པ་དང་མཆོག་ཏུ་གནས་པའི་གོ་རིམ་ནི། དབྱིག་གཉེན་གྱིས། ཚུལ་ཁྲིམས་ཀྱི་གཏམ་ལས། རྒྱ་མཚོ་དང་ནི་གླང་རྗེས་ཀྱི། །ཁྱད་པར་དག་ནི་གང་ཡིན་པ། །སྦྱིན་པ་དང་ནི་ཚུལ་ཁྲིམས་ཀྱི། །ཁྱད་པར་དག་ནི་དེ་ཡིན་ནོ། །ཞེས་པ་ལྟར་རོ། །སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཆོག་ཡིན་ནོ། །རགས་པ་དང་ཕྲ་བའི་གོ་རིམ་ནི། དེ་ཉིད་ལས། སྦྱིན་པ་བཤན་པ་རྣམས་ཀྱིས་ནི། །རིགས་ངན་དག་ཀྱང་སྦྱིན་པར་བྱེད། །གང་ཡང་རུང་བའི་ཚུལ་ཁྲིམས་ནི། །ཡོངས་སུ་བསྲུང་བར་མི་ནུས་སོ། །ཞེས་གསུངས་པ་ལྟར། སྔ་མ་སྔ་མ་ལ་འཇུག་པ་དང༌། བྱ་བ་སླ་བའི་ཕྱིར་རགས་པ་དང༌། ཕྱི་མ་ཕྱི་མ་དཀའ་བའི་ཕྱིར་ཕྲ་བ་ཡིན་ནོ། །བཞི་པ་ངེས་ཚིག་ནི་དབུལ་བ་འདོར་བར་བྱེད་པས་སྦྱིན་པའོ། །བསིལ་བ་ཐོབ་པར་བྱེད་པས་ཚུལ་ཁྲིམས། དེ་དང་ལྡན་ན་ཡུལ་གྱི་མཚན་མ་ཉོན་མོངས་པའི་གདུང་བ་མེད་པའི་ཕྱིར་རོ། །ཁྲོ་བ་བཟོད་པས་བཟོད་པ། མཆོག་སྟེ་དགེ་བ་ལ་སྦྱོར་བས་བརྩོན་འགྲུས། ཡིད་ནང་དུ་འཛིན་པས་བསམ་གཏན། འདིས་དོན་དམ་ཤེས་པའི་ཕྱིར་ཤེས་རབ་ཅེས་བྱ་སྟེ་སོ་སོའི་ངེས་ཚིག་གོ །ཐུན་མོང་གི་ངེས་ཚིག་ནི། ཐེག་སྡུས་ལས། འདི་དག་གི་ངེས་ཚིག་ཇི་ལྟར་ལྟ་ཞེ་ན། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱིན་པ་ལ་སོགས་པའི་དགེ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བར་ཕ་རོལ་ཏུ་འགྲོ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །ཞེས་སོ། །ལྔ་པ་ཡོན་ཏན་སྒོམ་པ་ནི། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་པ་ལ། དངོས་པོ་ལ་བརྟེན་ནས་སྒོམ་པ་ལ་སོགས་པ་ལྔ་ཡོད་པའི་དངོས་པོ་ལ་བརྟེན་ནས་སྒོམ་པ་ལ་བཞི་ལས། རྒྱུ་ལ་བརྟེན་པ་ནི་རིགས་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་ལ་གོམས་པའོ། །རྣམ་པར་སྨིན་པ་ལ་བརྟེན་པ་ནི་ལུས་ཕུན་སུམ་ཚོགས་པ་ཐོབ་པའི་སྟོབས་ཀྱིས་སོ། །སྨོན་ལམ་ལ་བརྟེན་པ་ནི་སྨོན་ལམ་གྱི་སྟོབས་ཀྱིས་སོ། །སོ་སོར་བརྟགས་པའི་སྟོབས་ལ་བརྟེན་པ་ནི་ཤེས་རབ་ཀྱིས་སེར་སྣ་ལ་སོགས་པའི་སྐྱོན་དང༌། སྦྱིན་པ་ལ་སོགས་པའི་ཡོན་ཏན་ལ་སོ་སོར་བརྟགས་ནས་ཕར་ཕྱིན་རྣམས་སྒྲུབ་པ་ལ་གོམས་པའོ། །ཡིད་ལ་བྱེད་པ་ལ་བརྟེན་པ་ཡང་བཞི་ལས། མོས་པ་ཡིད་ལ་བྱེད་པ་ནི་ཕར་ཕྱིན་དང་ལྡན་པའི་མདོ་ཐམས་ཅད་ལ་གོམས་པའོ། །རོ་མྱང་ཡིད་ལ་བྱེད་པ་ནི་རང་གིས་ཕར་ཕྱིན་རྣམས་ཐོབ་པ་ལ་ཡོན་ཏན་དུ་ལྟའོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ནི་གཞན་གྱིས་སྦྱིན་སོགས་གྲུབ་པ་ལ་དགའ་བའོ། །མངོན་པར་དགའ་བ་ཡིད་ལ་བྱེད་པ་ནི་རང་གཞན་གྱི་མ་འོངས་པ་ན་སྦྱིན་སོགས་འགྲུབ་པར་འགྱུར་བ་ལ་དགའ་བའོ། །བསམ་པ་ལ་བརྟེན་པ་ལ་ཕྱིན་དྲུག་རེ་རེ་ལ་དྲུག་དྲུག་སྟེ། ཕྱིན་དྲུག་གི་སྤྱོད་པས་ངོམས་མི་ཤེས་པའི་བསམ་པ་དང༌། ཕྱིན་དྲུག་གི་སྤྱོད་པ་རྒྱུན་མི་གཅོད་པ་རྒྱ་ཆེན་པོའི་བསམ་པ་དང༌། ཕྱིན་དྲུག་གིས་གཞན་ལ་ཕན་པར་དགའ་བ་དགའ་བའི་བསམ་པ་དང༌། ཕྱིན་དྲུག་གིས་གཞན་ལ་ཕན་འདོགས་པའི་བསམ་པ་ཕན་པའི་བསམ་པ་དང༌། ལན་དང་རྣམ་པར་སྨིན་པ་ལ་མི་རེ་བ་མ་གོས་པའི་བསམ་པ་དང༌། ཕྱིན་དྲུག་གི་དགེ་བ་གཞན་གྱི་དོན་དུ་བསྔོ་བ་དགེ་བའི་བསམ་པའོ། །ཐབས་ལ་བརྟེན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་འཁོར་གསུམ་ཡོངས་སུ་དག་པར་སོ་སོར་རྟོག་པ་སྟེ། དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་མངོན་པར་འགྲུབ་པར་བྱེད་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དབང་འབྱོར་བ་ཉིད་ལ་བརྟེན་པ་ལ་གསུམ་ལས། སྐུ་ལ་དབང་འབྱོར་བ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའོ། །སྤྱོད་པ་ལ་དབང་འབྱོར་བ་ནི་སྤྲུལ་སྐུ་ཐོབ་པའོ། །སྟོན་པ་ལ་དབང་འབྱོར་བ་ནི། ཕར་ཕྱིན་དྲུག་པོ་ཐམས་ཅད་སྟོན་པ་ལ་ཐོགས་པ་མེད་པའོ། །དྲུག་པ་རབ་ཏུ་དབྱེ་བ་ནི་རེ་རེ་ལ་ཡང་ངོ་བོ་དང༌། རྒྱུ་དང༌། འབྲས་བུ། ལས། ལྡན་པ། འཇུག་པའི་དོན་ཏེ་དྲུག་དྲུག་གིས་སྟོན་ལ། ཚིག་རྐང་ཕྱི་མ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ཤེས་ནས་སྒྲུབ་པར་བྱེད་དོ། །ཞེས་བསྟན་ནོ། །དེ་ལ་སྦྱིན་པའི་ངོ་བོ་ནི། ལུས་དང་ལོངས་སྤྱོད་ལ་སོགས་པའི་དོན་རྣམས་གཏོང་བར་བྱེད་པའོ། །རྒྱུ་ནི་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི་དགེ་བའི་རྩ་བ་དང་ལྷན་ཅིག་སྐྱེས་པའི་གཏོང་བའི་སེམས་པ་ལ་བརྟེན་པའོ། །འབྲས་བུ་ནི། གནས་ལྔ་པའི་མདོ་ལས། གནས་ལ་ཁ་ཟས་བྱིན་བྱས་ན། །གནས་ལྔ་དག་ནི་ཀུན་ཐོབ་སྟེ། །ཚེ་དང་ཁ་དོག་སྟོབས་དང་བདེ། །སྤོབས་པ་ཕུན་སུམ་ཚོགས་པ་ལྔ། །ཞེས་གསུངས་པ་ལྟར། ལུས་ཕུན་སུམ་ཚོགས་པ་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །ལས་ནི་རང་གཞན་གཉིས་རྗེས་སུ་འཛིན་པ་དང༌། བྱང་ཆུབ་ཆེན་པོའི་ཚོགས་རྫོགས་པར་བྱེད་པའོ། །ལྡན་པ་ནི་སྦྱིན་པ་དེ་ཡང་སེར་སྣ་མེད་པ་དག་ལ་ལྡན་ནོ། །འཇུག་པ་ནི་ཆོས་དང༌། ཟང་ཟིང་དང༌། མི་འཇིགས་པའི་སྦྱིན་པ་གསུམ་སྟེ། སྦྱིན་པའི་ངོ་བོ་ལ་སོགས་པ་དེ་ལྟར་ཡོངས་སུ་ཤེས་ནས་མཁས་པ་བྱང་ཆུབ་སེམས་དཔས་སྦྱིན་པ་དེ་ཡང་དག་པར་སྒྲུབ་པར་བྱེད་དོ། །ཚུལ་ཁྲིམས་ལ་ངོ་བོ་ནི་ཡན་ལག་དྲུག་དང་ལྡན་པ་སྟེ། དྲུག་གང་ཞེ་ན། བླངས་པ་མ་ཉམས་པ་དང་ལྡན་པ་དང༌། ངེས་འབྱུང་གི་བསམ་པས་ཟིན་པ་དང༌། སྤྱོད་ལམ་ལ་སོགས་པའི་ཆོ་ག་ཕུན་སུམ་ཚོགས་པ་དང༌། གསོད་པའི་གནས་ལ་སོགས་པ་སྤངས་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ལྟུང་བ་ཕྲ་མོ་ལ་ཡང་འཇིགས་པ་བྱེད་པ་དང༌། བསླབ་པའི་གཞི་རྣམས་ལ་སློབ་པའོ། །རྒྱུ་ནི་ཞི་བ་མྱང་འདས་ཀྱི་བསམ་པས་ཟིན་པ་སྟེ་དེའི་དོན་དུ་ལེན་པའོ། །འབྲས་བུ་ནི། བདེ་འགྲོ་དང་སེམས་རྩེ་གཅིག་ཏུ་གནས་པ་བསམ་གཏན་སྦྱིན་པར་བྱེད་པའོ། །ལས་ནི། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་ཏུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་པ་ལྟར། ཡོན་ཏན་ཐམས་ཅད་ཀྱི་རྟེན་དང༌། ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་དང༌། སྲོག་གཅོད་དང་མ་བྱིན་ལེན་ལ་སོགས་པའི་རྐྱེན་གྱི་འཇིགས་པ་དང༌། ཁ་ན་མ་ཐོ་བ་དང༌། འཁོན་རྣམས་མ་འབྱུང་བས་འཇིགས་པ་མེད་པའོ། །ལྡན་པ་ནི། དུས་ཐམས་ཅད་དུ་ལུས་ངག་ཡིད་གསུམ་གྱི་དགེ་བ་སྤྱོད་པས་བསོད་ནམས་ཀྱི་ཚོགས་དང་ལྡན་པའོ། །འཇུག་པ་ལ་རབ་ཏུ་དབྱེ་བས་འཇུག་པ་ནི། བརྡར་བཏགས་པ་སོ་སོར་ཐར་པའི་སྡོམ་པས་བསྡུས་པ་དང༌། ཆོས་ཉིད་ཀྱིས་ཐོབ་པ་ནི་བསམ་གཏན་དང༌། ཟག་མེད་ཀྱི་སྡོམ་པས་བསྡུས་པ་སྟེ་གསུམ་མོ། །གཞན་དུ་སྡོམ་པ་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་གསུམ་དུའང་བཤད་དོ། །རྟེན་གྱི་འཇུག་པ་ནི་སྡོམ་པ་ལ་གནས་པ་རྣམས་ལ་ཡོད་དོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་སྤྱི་དོན་དུ་བརྗོད་ཟིན་ལ། སོ་ཐར་གྱི་སྡོམ་པ་ནི་རྒྱས་པར་མཛོད་ཀྱི་རྣམ་བཤད་དུ་བཤད་ཟིན་ནོ། །ཚུལ་ཁྲིམས་བསྟན་ཟིན་ནོ། །བཟོད་པ་ལ་ངོ་བོ་ནི། གནོད་བྱེད་ཀྱིས་སེམས་མི་འཁྲུགས་པས་ནི་མི་མཇེད་པ་དང༌། སྡུག་བསྔལ་ལ་ཇི་མི་སྙམ་པ་དང༌། དེ་ཁོ་ན་ཉིད་ཤེས་པ་ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་སྟེ་གསུམ་མོ། །རྒྱུ་ནི་སྙིང་རྗེ་དང་ཚུལ་ཁྲིམས་ཀྱིས་ཆོས་ལེན་པ་དང༌། བཟོད་པ་སྟོན་པའི་ཆོས་ལ་ཐོས་པ་ཆུབ་པར་བྱེད་པ་སྟེ། ཆོས་གཉིས་ལ་བརྟེན་པའོ། །འབྲས་བུ་ནི། མདོ་ལས་བཟོད་པ་ལ་ཕན་ཡོན་ལྔ་སྟེ། འཁོན་མི་མང་བ་ཡིན། དབྱེན་མི་མང་བ་ཡིན། བདེ་བ་དང་ཡིད་བདེ་བ་མང་བ་ཡིན། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་ཡིན། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དག་ཏུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པའི་ཕན་ཡོན་ལྔ་ཡང་དག་པར་བཤད་པ་དེ་ཐོབ་པའོ། །ལས་ནི། བཟོད་པ་གསུམ་པོ་དེས་ནི་རང་གཞན་གཉིས་ཀྱི་དོན་བྱེད་དེ། གང་ཞིག་ཕ་རོལ་འཁྲུག་ཤེས་ནས། །བདག་ཉིད་དེ་ལ་ཉེར་ཞི་བ། །དེ་ནི་བདག་དང་ཕ་རོལ་དང༌། །གཉིས་པོ་དག་གི་དོན་བྱེད་དོ། །ཞེས་བཤད་པ་ལྟ་བུའོ། །ལྡན་པ་ནི་བཟོད་པ་ནི་དཀའ་ཐུབ་ཀྱི་གཙོ་བོ་ཡིན་པས་དེ་དང་ཀུན་ཏུ་ལྡན་ཏེ། བཟོད་པ་ནི་མཆོག་ཅེས་བཤད་པ་ལྟ་བུའོ། །འཇུག་པ་ལ་རྟེན་གྱི་འཇུག་པ་ནི། བཟོད་པ་དང་ལྡན་པ་དེ་ལ་ཡོད་དེ། དབྱེ་བའི་འཇུག་པ་ནི་བཟོད་པ་དེ་ནི་མི་མཇེད་པ་ལ་སོགས་པ་གསུམ་དུ་འདོད་དོ། །བརྩོན་འགྲུས་ལ་ངོ་བོ་ནི། དགེ་བ་ལ་ཡང་དག་པའི་དོན་གྱི་ཆེད་དུ་སྤྲོ་བའོ། །རྒྱུ་ནི། དགེ་བ་ལ་ཡིད་ཆེས་པའི་དད་པ་དང༌། དགེ་བ་དོན་དུ་གཉེར་པའི་འདུན་པ་ལ་བརྟེན་པའོ། །འབྲས་བུ་ནི། དྲན་པ་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་འཕེལ་བའོ། །ལས་ནི། ཀུན་ནས་ཉོན་མོངས་པའི་གཉེན་པོ་བྱེད་པའོ། །བརྩོན་འགྲུས་རྩམ་པ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པར་བདེ་བར་གནས་སོ་ཞེས་གསུངས་པ་ལྟ་བུའོ། །ལྡན་པ་ནི། མ་ཆགས་པ་དང་ཞེ་སྡང་མེད་པ་ལ་སོགས་པའི་ཡོན་ཏན་གཉིས་དང་ལྡན་པའོ། །འཇུག་པ་ལ་རྟེན་གྱི་འཇུག་པ་ནི། བརྩོན་འགྲུས་བརྩམས་པ་དེ་དག་ལ་ཡོད་དོ། །དབྱེ་བའི་འཇུག་པ་ནི་རྣམ་ཤེས་ལྔ་དང་མཚུངས་ལྡན་གྱི་བརྩོན་འགྲུས་ལྔ་ནི་དབང་པོ་གཟུགས་ཅན་ལྔ་ལུས་ཀྱི་བརྩོན་འགྲུས་ཏེ། དེ་ནི་དབང་པོའི་སྒོ་བསྡམས་ཏེ་གནས་པ་ན་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ཞིང༌། སེམས་ཀྱི་བརྩོན་འགྲུས་ནི་སེམས་དང་ཤེས་རབ་གཉིས་ཏེ་བདུན་པོ་དེ་དག་ལ་རྟག་ཏུ་གུས་པར་བྱེད་པའོ། །གཞན་དུ་གོ་ཆ་དང༌། སྦྱོར་བ་དང༌། ཆོག་པར་མི་འཛིན་པའི་བརྩོན་འགྲུས་གསུམ་དུའང་བཤད་དོ། །བསམ་གཏན་ལ་ངོ་བོ་ནི། སེམས་ནང་དུ་རྩེ་གཅིག་ཏུ་གནས་པའོ། །རྒྱུ་ནི། ཏིང་ངེ་འཛིན་གྱི་དམིགས་པ་མི་བརྗེད་པའི་དྲན་པ་དང༌། ཏིང་ངེ་འཛིན་ལ་སྤྲོ་བའི་བརྩོན་འགྲུས་ལ་བརྟེན་པའོ། །འབྲས་བུ་ནི། བདེ་བ་སྐྱེད་པར་བྱེད་པ་སྟེ་བསམ་གཏན་གྱི་འབྲས་བུ་ནི་གཟུགས་ཁམས་ལ་སོགས་པ་སྡུག་བསྔལ་གྱི་གནོད་པ་མེད་པར་སྐྱེ་བའི་ཕྱིར། ལས་ནི། མངོན་པར་ཤེས་པ་དང༌། འཕགས་པ་དང༌། ལྷ་དང་ཚངས་པའི་གནས་པ་ལ་དབང་བསྒྱུར་བའོ། །ལྡན་པ་ནི། ཆོས་རྣམས་ཀྱི་གཙོ་བོ་དང་ལྡན་པ་སྟེ། ཆོས་ཐམས་ཅད་ཀྱི་གཙོ་བོ་ནི། ཏིང་ངེ་འཛིན་ཏོ་ཞེས་གསུངས་པ་ལྟ་བུའོ། །འཇུག་པ་ལ་རྟེན་གྱི་འཇུག་པ་ནི་བསམ་གཏན་དང་ལྡན་པ་དེ་དག་ལ་ཡོད་དོ། །དབྱེ་བའི་འཇུག་པ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་དང༌། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་སྟེ་གསུམ་མམ། ཡང་ན་བསམ་གཏན་དང་པོ་གཉིས་ལ་དགའ་བ་དང་ལྡན་པ། གསུམ་པ་སིམ་པ་དང་ལྡན་པ། བཞི་པ་ལ་སོགས་པ་ནི་བཏང་སྙོམས་དང་ལྡན་པ་ཞེས་བྱ་སྟེ་གསུམ་མོ། །གཞན་དུ་བདེ་བར་གནས་པའི་བསམ་གཏན་དང༌། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་དང༌། སེམས་ཅན་གྱི་དོན་སྒྲུབ་པའི་བསམ་གཏན་དང་གསུམ་དུའང་བཤད་དོ། །ཤེས་རབ་ལ་ངོ་བོ་ནི། ཤེས་པར་བྱ་བའི་ཡུལ་སྤྱིར་བསླབ་པ་གསུམ་དང༌། ཁྱད་པར་དུ་ཐེག་ཆེན་གྱིས་སྡུས་པ་རྣམས་ཡང་དག་པར་ཕྱིན་ཅི་མ་ལོག་པར་རབ་ཏུ་རྣམ་པར་འབྱེད་པའོ། །རྒྱུ་ནི། ཏིང་ངེ་འཛིན་ལ་བརྟེན་ཏོ། །འབྲས་བུ་ནི། འཇིག་རྟེན་པའི་ཤེས་རབ་ཀྱིས་ཀུན་ནས་ཉོན་མོངས་པ་མགོ་གནོན་ལ། འཇིག་རྟེན་ལས་འདས་པ་དམན་པ་ས་བདུན་པའི་བར་གྱི་དངོས་སུ་སྤོང༌། འཇིག་རྟེན་ལས་འདས་པ་ཆེན་པོ་ས་བརྒྱད་པ་ཡན་ཆད་ཀྱི་བག་ཆགས་དང་བཅས་པ་ལས་ཤིན་ཏུ་གྲོལ་བའོ། །འགྲེལ་ཆེན་མཁན་པོ་ནི་འཇིག་རྟེན་པའི་ཤེས་རབ་ཀྱིས་ཉོན་མོངས་པ་འཇིགས་པར་བྱེད། འཇིག་རྟེན་ལས་འདས་པ་དམན་པ་ཉན་རང་གི་ཤེས་རབ་ཀྱིས་ཉོན་སྒྲིབ་སྤོང་བར་བྱེད། འཇིག་རྟེན་ལས་འདས་པ་ཆེན་པོ་ཐེག་ཆེན་གྱི་ཤེས་རབ་ཀྱིས་ཉོན་སྒྲིབ་ཤེས་སྒྲིབ་གཉིས་ཀ་སྤོང་བར་བྱེད་ཅེས་འཆད་དོ། །ལས་ནི། ཤེས་རབ་ཀྱིས་འཚོ་བ་བླ་ན་མེད་པས་འཚོ་བ་དང༌། ཆོས་ལེགས་པར་བཤད་པའོ། །ལྡན་པ་ནི། ཆོས་རྣམས་ཀྱི་ནང་ནས་ཤེས་རབ་མཆོག་ཡིན་ཏེ་ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་མཆོག་གོ །ཞེས་གསུངས་པ་ལྟ་བུའོ། །འཇུག་པ་ལ་རྟེན་གྱི་འཇུག་པ་ནི་ཤེས་རབ་ཅན་དེ་དག་ལ་ཡོད་དོ། །དབྱེ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དམན་པ་དང༌། འཇིག་རྟེན་ལས་འདས་པ་ཆེན་པོ་སྟེ་གསུམ་མོ། །གཞན་དུ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་དམིགས་པ་དང༌། སེམས་ཅན་དོན་བྱེད་གསུམ་དུའང་བཤད་དོ། །བདུན་པ་གསུམ་དུ་བསྡུ་བ་ནི་དཀར་པོའི་ཆོས་སྦྱིན་སོགས་ཀུན་ལ་རྣམ་པར་གཡེང་བ་ནི་སྦྱིན་པ་དང༌། ཡང་དག་པར་བླངས་པའི་ཚུལ་ཁྲིམས་གཉིས་ཀྱིས་བསྡུས་སོ། །མཉམ་པར་བཞག་པ་ནི། བསམ་གཏན་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྒོམ་བྱུང་གི་ཤེས་རབ་གཉིས་ཀྱི་བསྡུས་སོ། །མཉམ་པར་བཞག་མ་བཞག་གཉིས་ཀ་ནི། བཟོད་པ་དང་བརྩོན་འགྲུས་གཉིས་ཀྱིས་བསྡུས་ཏེ། ཆོས་ལ་ངེས་པར་སེམས་དཔའི་བཟོད་པ་མཉམ་པར་བཞག་པ་ཡིན་ཞིང་བཟོད་པ་གཞན་གཉིས་མ་བཞག་པ་ཡིན་ལ། བརྩོན་འགྲུས་ནི་གཉིས་ཀའི་གྲོགས་ཡིན་པའི་ཕྱིར་རོ། །བརྒྱད་པ་མི་མཐུན་ཕྱོགས་སྤོང་བ་ལ་དྲུག་ལས། སྤྱིན་པའི་མི་མཐུན་ཕྱོགས་སྤོང་བ་ནི། ཆགས་པ་བདུན་སྤོང་བ་སྟེ་བདུན་པོ་གང་ཞེ་ན་སེར་སྣ་མངོན་གྱུར་གྱིས་ལོངས་སྤྱོད་ལ་ཆགས་པ་དང༌། ཕྱི་བཤོལ་ལ་ཆགས་པ་དང༌། དེ་ཙམ་གྱིས་ཆོག་པར་འཛིན་པ་ལ་ཆགས་པ་དང༌། ལན་ལ་རེ་བ་ལ་ཆགས་པ་དང༌། རྣམ་པར་སྨིན་པ་ལ་ཆགས་པ་དང༌། མི་མཐུན་ཕྱོགས་སེར་སྣའི་བག་ལ་ཉལ་མ་བཅོམ་པའི་ཕྱིར་མི་མཐུན་ཕྱོགས་ལ་ཆགས་པ་དང༌། རྣམ་པར་གཡེང་བ་ལ་ཆགས་པའོ། །རྣམ་པར་གཡེང་བ་ལ་གཉིས་ཏེ། ཐེག་དམན་ལ་དགའ་བ་ཡིད་ལ་བྱེད་པའི་གཡེང་བ་དང༌། འཁོར་གསུམ་དུ་རྟོག་པ་རྟོག་པའི་གཡེང་བའོ། །དེ་ལྟ་བུའི་ཆགས་པ་བདུན་པོ་དེའི་གཉེན་པོར་བྱང་ཆུབ་སེམས་པའི་སྤྱིན་པ་ནི་ལོངས་སྤྱོད་ལ་མ་ཆགས་ཤིང་ཕྱི་བཤོལ་ལ་མི་ཆགས་ལ། ཆོག་པར་འཛིན་པ་ལ་ཆགས་པ་མེད་ཅིང༌། ལན་ལ་རེ་བ་ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། ཡང་རྣམ་པར་སྨིན་པ་ལ་རེ་བ་ལ་མ་ཆགས་ཤིང༌། མི་མཐུན་ཕྱོགས་ལ་མི་ཆགས་ལ། རྣམ་པར་གཡེང་བ་ལ་ཆགས་པ་མེད་དོ། །ཕར་ཕྱིན་ལྷག་མ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །དགུ་པ་ཡོན་ཏན་གྱི་བསྔགས་པ་ལ་གཉིས་ཏེ། སྤྱིར་བསྔགས་པ་དང༌། བྱེ་བྲག་ཏུ་བསྔགས་པའོ། །དང་པོ་ལ་གསུམ་སྟེ། རྒྱ་ཆེ་བའི་ཡོན་ཏན་དང༌། རྣམ་པར་དག་པའི་ཡོན་ཏན་དང༌། མཆོག་ཏུ་འགྱུར་བའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། ཚིགས་སུ་བཅད་པ་ལ་དྲུག་ལས། ཐམས་ཅད་ཀྱང་རྐང་པ་བཞི་བཞིས་རིམ་པ་ལྟར་དངོས་པོ་རྒྱ་ཆེ་བ་དང༌། ཀུན་སློང་ཟང་ཟིང་མེད་པ་དང༌། འབྲས་བུ་རྒྱ་ཆེ་བ་དང༌། དུས་ཟད་མི་ཤེས་པ་དང་བཞི་བཞིས་སྟོན་ནོ། །དང་པོ་སྦྱིན་པ་ལ་རྒྱ་ཆེ་བ་ནི། སངས་རྒྱས་སྲས་རྣམས་སློང་བ་དང་ཕྲད་ན་རང་གི་སྲོག་ཀྱང་རྟག་ཏུ་ཐེ་ཚོམ་མེད་པར་གཏོང་ན། ཕྱི་རོལ་གྱི་དངོས་པོ་ལྟ་ཅི་སྨོས་ཏེ། སློབ་དཔོན་མ་ཁོལ་གྱིས། ཉིད་ཀྱི་ཤ་ཡང་བཏང་གྱུར་ན། །དངོས་པོ་གཞན་ལྟ་སྨོས་ཅི་འཚལ། །ཞེས་བཤད་པ་བཞིན་ནོ། །ཟང་ཟིང་མེད་པ་ནི། སྙིང་རྗེའི་སྟོབས་ཀྱིས་སྦྱིན་པ་བཏང་ཡང་གཞན་ལེན་པ་པོ་ལན་ཡང་མི་རེ། འདོད་པའི་འབྲས་བུས་ཕྱི་མའི་ལོངས་སྤྱོད་ཕུན་སུམ་ཚོགས་པའང་དོན་དུ་མི་གཉེར་པའོ། །དོན་ཆེ་བ་ནི་སྦྱིན་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་རང་རང་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་ལ་བཀོད་པའོ། །མི་ཟད་པ་ནི་འཇིག་རྟེན་པའི་སྦྱིན་པ་ནི། གནས་སྐབས་ཀྱི་འབྲས་བུ་སྤྱད་པས་ཟད་ཅིང༌། ཉན་རང་རྣམས་ཀྱིའང་ཕུང་པོ་ལྷག་མེད་དུ་ཟད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པས་འཇིག་རྟེན་མ་སྟོངས་ཀྱི་བར་དག་ནི་མི་ཟད་པར་བཞག་གོ །ཚུལ་ཁྲིམས་ལ་རྒྱ་ཆེ་བ་ནི་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སྤོང་བ་སྡོམ་པའི་ཚུལ་ཁྲིམས་དང༌། བརྩོན་པའི་རང་བཞིན་དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་གསུམ་རྟག་པར་བླངས་པའོ། །ཟང་ཟིང་མེད་པའི་ཚུལ་ཁྲིམས་ཀྱི་འབྲས་བུ་རང་གི་དོན་དུ་མཐོ་རིས་ཡང་དག་པར་ཐོབ་ཀྱང་དེ་སྒྱུ་མ་ལྟ་བུར་མཐོང་བའི་སྒོ་ནས་དེ་ལ་ཆགས་པ་མི་སྐྱེད་པའོ། །བཟོད་པ་ལ་རྒྱ་ཆེ་བ་ནི་ཤིན་ཏུ་བྱ་དཀའ་བ་བཟོད་པ་ནི་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ཡིན་ལ། དེ་བཞིན་མི་ཡི་གནོད་ཀུན་བཟོད། །ཅེས་པ་ནི། གནོད་བྱེད་ལ་མི་འབྱེད་པའི་བཟོད་པའོ། །ཟང་ཟིང་མེད་པ་ནི་བཟོད་པའི་འབྲས་བུ་མཐོ་རིས་དོན་དུ་གཉེར་བས་མ་ཡིན་པ་དང༌། བཟོད་པ་བྱེད་པ་དེ་ཡང་གནོད་ལན་མི་ནུས་པ་མ་ཡིན་ལ། དེ་བས་ཀྱང་ཆེ་བའི་གནོད་པ་བྱས་ཀྱི་དོགས་པའི་འཇིགས་པས་མ་ཡིན། བཟོད་པ་བྱས་ན་ནམ་ཞིག་ཕན་འདོགས་སམ་སྙམ་དུ་ལན་ལ་རེ་བས་ཀྱང་མིན་ནོ། །བརྩོན་འགྲུས་ལ་རྒྱ་ཆེ་བ་ནི་གོ་ཆ་དང་སྦྱོར་བའི་བརྩོན་འགྲུས་འཇིག་རྟེན་པ་དང་ཉན་རང་བས་ལྷག་པས་དཔེ་མེད་བྱས་ཞེས་བྱ་བར་མངོན་ནོ། །སློབ་དཔོན་བཙུན་པ་ནི་ཚིག་རྐང་དང་པོས་གོ་ཆ་དང༌། གཉིས་པས་སྦྱོར་བའི་བརྩོན་འགྲུས་བསྟན་པར་བཞེད་དོ། །ཟང་ཟིང་མེད་པ་ནི་བྱང་ཆུབ་སེམས་དཔས་རང་དང་གདུལ་བྱ་གཞན་གྱི་ཉོན་མོངས་པའི་ཚོགས་ཐམས་ཅད་གཞོམ་པ་དང༌། བྱང་ཆུབ་དམ་པ་ཐོབ་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་པར་བྱེད་ཀྱི་རྙེད་བཀུར་ལ་སོགས་པའི་ཕྱིར་མ་ཡིན་པའོ། །བསམ་གཏན་ལ་རྒྱ་ཆེ་བ་ནི་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་མང་པོ་དང་ལྡན་པའི་བསམ་གཏན་རྣམ་པ་བཞི་པོ་ཐམས་ཅད་སྒྲུབ་པའོ། །ཟང་ཟིང་མེད་པའི་བསམ་གཏན་གྱི་བདེ་བ་ཕུལ་དུ་ཕྱིན་པས་གནས་པ་སྟེ། དེ་ཐོབ་ཀྱང་དེ་ལ་མ་ཆགས་པའི་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་སྐྱེ་བ་དམན་པ་འདོད་ཁམས་ཀྱི་ཡུལ་ལ་བརྟེན་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པའོ། །ཤེས་རབ་ལ་རྒྱ་ཆེ་བ་ནི་དེ་ཁོ་ན་ཉིད་དོན་དམ་པ་དང༌། ཆོས་ཅན་ཀུན་རྫོབ་ཀྱིས་བསྡུས་པའི་ཤེས་བྱ་གང་ཡིན་པ་མཐའ་དག་རྣམ་པ་ཀུན་ཏུ་ཤེས་སོ། །ཟང་ཟིང་མེད་པ་ནི་མྱ་ངན་ལས་འདས་པ་ལ་ཡང་བློའི་ཆགས་པ་རབ་ཏུ་མ་སྐྱེས་ཏེ། རང་དོན་དུ་དེའང་མི་འདོད་ན་འཁོར་བའི་བདེ་བ་ལ་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །འདི་ནི་ཡེ་ཤེས་ཡིན་པས་ཐབས་སེམས་ཅན་ལ་སྙིང་རྗེས་ཡོངས་སུ་སྨིན་པས་མི་ཟད་དོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟར་སྦྱིན་པ་ལ་སོགས་དྲུག་པོ་ཐམས་ཅད་ཀྱི་ཡོན་ཏན་ནི་རྒྱ་ཆེ་བ་དང༌། ཟང་ཟིང་མེད་པ་དང༌། དོན་ཆེ་བ་དང༌། མི་ཟད་པ་སྟེ་བཞི་བཞིར་རིག་པར་བྱའོ་ཞེས་བཤད་ཟིན་ཏོ། །གཉིས་པ་རྣམ་པར་དག་པའི་ཡོན་ཏན་ལ་དྲུག་ལས། སྦྱིན་པའི་ཡོན་ཏན་ནི། སློང་བ་པོ་རྣམས་སྦྱིན་པ་པོ་མཐོང་བ་དང༌། དེ་ལས་རང་གི་འདོད་པ་རྫོགས་པར་ཐོབ་ན་དགའ་བ་དང༌། དེ་གཉིས་མེད་ན་མི་དགའ་བ་དང༌། དེ་གཉིས་ཡོད་པར་སྨོན་པ་དེ་དག་སྦྱིན་པ་པོ་བྱང་ཆུབ་སེམས་དཔའ་བརྩེ་བ་དང་ལྡན་པ་དེས་སློང་བ་མཐོང་བ་དང་དེའི་བསམ་པ་རྫོགས་པ་གཉིས་དགའ་བ་དང༌། དེ་གཉིས་མེད་ན་མི་དགའ་བ་དང༌། དེ་ཡོད་པར་སྨོན་པ་རྣམས་སློང་བ་པོ་དེ་ལས་ཀྱང་ཆེས་ལྷག་པར་ལྡན་པས་རྟག་ཏུ་ཟིལ་གྱིས་གནོན་ནོ། །སྐྱེས་རབས་ལས། སྐྱེ་བོ་མཛའ་བཤེས་བྱེས་ནས་འོང་བ་དག །མཐོང་བར་གྱུར་པས་དགའ་བའི་མིག་བགྲད་བཞིན། །སློང་བའི་ཚིག་ནི་གཏམ་སྙན་ཐོས་བཞིན་དགའ། །བྱིན་ནས་དགའ་བ་སློང་བ་བས་ཀྱང་ལྷག །ཅེས་སོ། །ཚུལ་ཁྲིམས་རྣམ་པར་དག་པ་ནི། མི་དགེ་བ་བཅུ་སྤོང་བ་སྟེ། ལུས་ཀྱི་མི་དགེ་བ་གསུམ་སྤོང་བ་ནི། བརྩེ་བས་སེམས་ཅན་རྣམས་ལ་རང་གི་སྲོག་དང༌། ལོངས་སྤྱོད་དང༌། ཆུང་མ་རྣམས་རྟག་ཏུ་གཏོང་བ་ལ་ཤིན་ཏུ་དགའ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་གཞན་གྱི་སྲོག་གཅོད་པ་དང༌། ལོངས་སྤྱོད་མ་བྱིན་པར་ལེན་པ་དང༌། ཆུང་མ་ལ་འདོད་ལོག་སྤྱོད་པ་དེ་སྤོང་བའི་ལུས་ཀྱི་ཚུལ་ཁྲིམས་གསུམ་ཇི་ལྟར་བསྲུང་བར་མི་འགྱུར་ཏེ་འགྱུར་རོ། །ངག་གི་སྡོམ་པ་ལ་རྫུན་སྤོང་བ་ནི་ལུས་དང་སྲོག་ལ་བལྟ་བའི་བདག་ཉིད་ཀྱི་ཕྱིར་རམ། མཛའ་བཤེས་ལ་བྱམས་ལ། དགྲ་ལ་མི་བྱམས་པ་གཞན་གྱིས་ཕྱིར་རམ། རྒྱལ་པོ་ལ་སོགས་པས་འཇིགས་པས་སམ། རྙེད་པའི་ཕྱིར་སྨྲ་བར་གྱུར་ན་བྱང་སེམས་འཕགས་པ་དེ་ནི་རང་གི་ལུས་སྲོག་ལ་མི་ལྟ་ཞིང༌། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་ཤིང༌། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། འཚོ་བ་ཆད་དང་འཆི་དང་མི་བསྔགས་ངན་འགྲོ་དང༌། །འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། །ཅི་ཕྱིར་ཞེ་ན་དེ་ལ་དེ་ཡི་གནས་མེད་དོ། །ཞེས་གསུངས་པ་ལྟར། འཇིགས་པ་ལྔ་དང་བྲལ་བས་མི་འཇིགས་ཤིང་བརྩེ་བའི་ཕྱིར་བདོག་པ་ཀུན་གཞན་ལ་སྟེར་བ་ཡིན་པའི་ཕྱིར་གཞན་ལ་གནོད་པར་བྱེད་པའི་ལོག་པའི་ཚིག་རྫུན་ཇི་ལྟར་སྨྲ་སྟེ་མི་སྨྲའོ། །ངག་གི་མི་དགེ་བ་གཞན་གསུམ་སྤོང་བ་ནི། བྱང་སེམས་དེ་ནི་ཐམས་ཅད་ལ་སྙོམས་པར་ཕན་འདོགས་པས་ཕྲ་མ་མི་བྱེད་ཅིང༌། གཞན་གྱི་སྡུག་བསྔལ་བསལ་བར་འདོད་པའི་བརྩེ་བ་ཅན་དེ་ནི། གཞན་གྱི་སྡུག་བསྔལ་སྐྱེ་བས་ཤིན་ཏུ་འཇིགས་པ་ཡིན་པས་གཞན་ལ་སྡུག་བསྔལ་སྐྱེད་པར་བྱེད་པའི་ཚིག་རྩུབ་མི་སྨྲ་ལ་སེམས་ཅན་འདུལ་བ་ལ་ལེགས་པར་བརྩོན་པ་ཡིན་པས་ངག་འཁྱལ་ཡང་གཏན་ནས་མི་སྨྲ་བས་ངག་གི་ཉེས་པ་གསུམ་པོ་དེ་དག་ལས་ཤིན་ཏུ་རིང་བ་ཡིན་ནོ། །ཡིད་ཀྱི་མི་དགེ་བ་གསུམ་སྤོང་བ་ནི། བྱང་ཆུབ་སེམས་དཔའ་རང་གི་བདོག་པ་ཐམས་ཅད་གཞན་ལ་གཏོང་བའི་བསམ་པ་ཅན་དང༌། གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཅན་དང༌། རྒྱུ་འབྲས་ལེགས་པར་རྟོགས་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ལ་མཁས་པ་ཡིན་པའི་ཕྱིར་དེ་ནི་ཉོན་མོངས་པ་བརྣབ་སེམས་དང་གནོད་སེམས་ལོག་པར་ལྟ་བ་ཀུན་ཇི་ལྟ་བུར་དང་དུ་ལེན་ཏེ་ལེན་མི་སྲིད་དོ། །བཟོད་པ་རྣམ་པར་དག་པ་ནི་གནོད་སེམས་དང་སྡུག་བསྔལ་ལ་བཟོད་པར་བྱ་དགོས་པ་ཡིན་ལ། བརྩེ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་གང་གི་ཚེ་གནོད་པ་བྱེད་པ་བྱུང་ན། དུས་རྟག་ཏུ་འདི་ནི་བདག་གི་བྱང་ཆུབ་སྒྲུབ་པའི་གྲོགས་ཡིན་པས་ཕན་ཆེན་པོ་འདོགས་པ་ཡིན་ནོ་སྙམ་པའི་འདུ་ཤེས་ཐོབ་པ་དང༌། གཞན་ལ་ཕན་པའི་སྡུག་བསྔལ་ལ་འདི་ནི་དོན་ཆེན་པོ་ཡིན་ནོ་སྙམ་ནས་ཕན་པའི་འདུ་ཤེས་ལ་རྟག་ཏུ་དགའ་བ་ཆེན་པོ་རྙེད་པར་འགྱུར་བ་དེ་ཡིས་གནོད་པ་དང་སྡུག་བསྔལ་ཇི་ཞིག་ལ་བཟོད་པར་བྱ་སྟེ་བཟོད་པར་བྱ་བའི་གཞི་མེད་དོ། །བརྩོན་འགྲུས་རྣམ་པར་དག་པ་ནི་བརྩེ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འཕགས་པ་ལ་ནི་གཞན་དོན་དུ་དཀའ་བ་སྤྱད་པའི་བརྩོན་འགྲུས་དཀའ་བ་མིན་ལ་ཕྱོགས་གཅིག་ནས་ཤིན་ཏུ་དཀའ་བ་ཡང་ཡིན་ནོ། །ཇི་ལྟར་མི་དཀའ་ཞེ་ན་ཆོས་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས་གཞན་ལ་གཞན་གྱི་འདུ་ཤེས་དང་བྲལ་བ་སྟེ་བདག་གཞན་མཉམ་པར་རྟོགས་པ་དང༌། སྙིང་རྗེ་ཤིན་ཏུ་གོམས་པས་བདག་བས་ཀྱང་ཆེས་ལྷག་པར་གཞན་ལ་རྟག་ཏུ་བྱམས་པའི་ཕྱིར་རོ། །ཇི་ལྟར་ཤིན་ཏུ་དཀའ་ཞེ་ན། བློ་དེ་གཉིས་འབྱུང་བ་ཤིན་ཏུ་དཀའ་བའི་ཕྱིར་རོ། །བསམ་གཏན་རྣམ་པར་དག་པ་ནི་འཇིག་རྟེན་པ་དང་ཉན་རང་དང་བྱང་སེམས་གསུམ་གྱི་བསམ་གཏན་གྱི་ཁྱད་པར་ནི། འཇིག་རྟེན་པའི་བསམ་གཏན་ནི་ཟག་བཅས་ཡིན་པས་བདེ་བ་ཆུང་ཞིང༌། ཉན་རང་རྣམས་ཀྱི་ནི་བདག་ཉིད་བདེ་བ་ཙམ་ཡིན་ལ། ཡང་འཇིག་རྟེན་པ་རྣམས་ནི་གང་ཟག་ཏུ་ལྟ་བ་ཡོད་པས་འཇིག་ཚོགས་ལ་ཞེན་པ་ཡིན་ཞིང༌། ཉན་རང་རྣམས་ཀྱི་ནི་ཞི་བདེ་འདོད་པས་མྱང་འདས་ལ་ཞེན་པ་ཡིན་ནོ། །ཡང་འཇིག་རྟེན་པ་རྣམས་ཀྱིས་དེ་ལས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་ལ། ཉན་རང་རྣམས་ཕུང་པོ་ལྷག་མེད་དུ་ཟད་པར་འགྱུར་བ་ཡིན། དེ་གཉིས་ཀ་ཡང་ཅི་རིགས་པར་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པ་ཅན་དང་བཅས་པར་འདོད་དོ། །བྱང་ཆུབ་སེམས་དཔའི་བསམ་གཏན་ནི་དེ་དག་ཟློག་པ་སྟེ་ཟག་མེད་ཀྱི་བདེ་བ་ཆེན་པོ་དང་ལྡན་པ་དང༌། གཞན་ཐམས་ཅད་བདེ་བར་བྱེད་པ་དང༌། མཐའ་གཉིས་ལ་མ་ཞེན་པ་དང༌། ཡོངས་སུ་མི་ཉམས་པ་དང༌། ནམ་ཡང་མི་ཟད་པ་དང༌། རྨོངས་པ་མེད་པ་ཡིན་ནོ། །ཤེས་རབ་རྣམ་པར་དག་པ་ནི་སོ་སོའི་སྐྱེ་བོ་དང༌། ཉན་རང་བྱང་སེམས་འཕགས་པའི་ཤེས་རབ་གསུམ་གྱི་ཁྱད་པར་ཇི་ལྟར་མཚན་མོ་མུན་ཁུང་དུ་ལག་ནོམས་ཀྱིས་དངོས་པོ་འགའ་ཞིག་ཚོལ་བ་ན། ཡུལ་རྒྱ་ཆུང་བ་དང༌། དངོས་པོ་དེ་དག་གི་ཁ་དོག་མངོན་སུམ་མ་ཡིན་པ་དང༌། རྣམ་པ་མི་གསལ་བ་དེ་བཞིན་དུ་སོ་སྐྱེ་རྣམས་ཀྱི་ཤེས་རབ་ཀྱང་ཆོས་ཅན་རྒྱ་ཆུང་བ་དང༌། ཆོས་ཉིད་མངོན་སུམ་མ་ཡིན་པ་དང༌། ཆོས་ཉིད་ལ་རྣམ་པར་མི་གསལ་བ་ཡིན་ནོ། །ཁང་ཕུག་ཏུ་སྒྲོན་མེ་བཏེགས་པ་ན། ཡུན་ཅུང་ཟད་ཅིག་མངོན་སུམ་དུ་གྱུར་པ་དང༌། དེ་ཡང་ཤིན་ཏུ་གསལ་པོ་མ་ཡིན་པ་དེ་བཞིན་དུ་ཉན་རང་གི་ཤེས་རབ་དེ་ཡང་བདག་མེད་དམ་ཤེས་བྱ་མཐའ་དག་མ་རྟོགས་པས་ཉི་ཚེ་བ་དང༌། ཤེས་སྒྲིབ་མ་སྤངས་པས་མི་གསལ་བ་ཡིན་ནོ། །སྙིང་རྗེ་ཅན་གྱི་ཤེས་པ་ནི་ཉི་མའི་འོད་ཟེར་ལས་ཡུལ་ཀུན་ནས་མངོན་སུམ་པ་དང༌། ཤིན་ཏུ་གསལ་བར་མཐོང་བ་བཞིན་དུ་བདག་མེད་གཉིས་ཀ་མངོན་སུམ་དུ་རྟོགས་པ་དང༌། སྒྲིབ་པ་གཉིས་ཀ་ཅི་རིགས་པར་ཟད་པས་ཤིན་ཏུ་གསལ་བ་ཡིན་པས་ན་མཚུངས་པ་མེད་པ་ཡིན་ནོ། །འགྲེལ་ཆེན་མཁན་པོ་ནི། ཉན་རང་གི་ཐོས་པ་ནི་རང་གིས་གང་ཐོས་པ་ཙམ་ལས་མི་ཤེས་པས་རྒྱ་ཆུང་བ་དང༌། སེམས་པ་ནི་མི་རྟག་པ་ལ་སོགས་པའི་དོན་རྗེས་སུ་དཔོག་པ་ཙམ་དུ་ཟད་པས་མངོན་སུམ་མ་ཡིན་ལ། སྒོམས་པ་ན་ཉོན་མོངས་པའི་མུན་པ་ཆེན་པོས་སྒྲིབ་བས་མི་གསལ་ཞེས་ཟེར་རོ། །རྣམ་པར་དག་པའི་ཡོན་ཏན་བསྟན་ཟིན་ནོ། །གསུམ་པ་མཆོག་ཏུ་གྱུར་པའི་ཡོན་ཏན་ལ། སྦྱིན་པ་ནི་དོན་བརྒྱད་ཀྱིས་མཆོག་ཏུ་གྱུར་པ་ཡིན་ཏེ། གང་གིས་སྦྱིན་པའི་རྟེན་མཆོག་ནི་བྱང་སེམས་སོ། །འོག་ཏུ་ཡང་རྟེན་སྨོས་པ་རྣམས་བྱང་སེམས་ལ་བཟུང་སྟེ། ཉན་རང་གི་སྦྱིན་སོགས་ལས་རྟེན་མཆོག་ཏུ་གྱུར་པ་ཡིན་ནོ། །གང་ཞིག་སྦྱིན་པར་བྱ་བའི་གཞི་མཆོག་ནི་ཟང་ཟིང་གི་ནང་ནས་ལུས་སྲོག་དང༌། མི་འཇིགས་པ་སྦྱིན་པའི་ནང་ནས་ངན་སོང་དང་འཁོར་བའི་འཇིགས་པ་ལས་སྐྱོབ་པ་དང༌། ཆོས་ཀྱི་སྦྱིན་པའི་ནང་ནས་ཐེག་ཆེན་གྱི་ཆོས་སྦྱིན་པ་མཆོག་སྟེ། དེ་དག་བྱིན་ན་རྫས་གཞན་བྱིན་པ་བས་ཀྱང་ཁྱད་པར་འཕགས་སོ། །གང་གིས་སྦྱིན་པའི་རྒྱུ་མཚན་ནི། སྙིང་རྗེ་སྟེ་དེས་ཀུན་ནས་བླངས་ནས་བྱིན་ན་བསམ་པ་གཞན་གྱིས་ཀུན་ནས་བླངས་ནས་སྦྱིན་པ་བས་མཆོག་ཡིན་ནོ། །དགོས་པ་གང་གི་ཕྱིར་སྦྱིན་པ་ཡོངས་སུ་བསྔོ་བ་ནི། བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་སྟེ། འཇིག་རྟེན་པའི་དཔལ་འབྱོར་དང་ཉན་རང་གི་འབྲས་བུ་ཐོབ་པའི་ཆེད་དུ་སྦྱིན་པ་བས་ཁྱད་པར་དུ་འཕགས་སོ། །གང་ལ་སྦྱིན་པའི་རྒྱུ་ནི་སྔོན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པ་རྣམས་ཀྱིས་བྱིན་པ་བས་ཁྱད་པར་དུ་འཕགས་སོ། །གྲོགས་གང་གིས་ཟིན་པར་སྦྱིན་པ་ཡེ་ཤེས་ནི། འཁོར་གསུམ་དུ་མི་རྟོག་པའི་ཤེས་རབ་སྟེ། དེས་ཟིན་པ་ནི་འཁོར་གསུམ་དུ་རྟོག་པ་དང་བཅས་པའི་སྒོ་ནས་སྦྱིན་པ་བས་ཁྱད་པར་འཕགས་སོ། །གང་ལ་སྦྱིན་པར་བྱ་བའི་ཞིང་ནི་ལྔ་སྟེ། སློང་བ་དང༌། སྡུག་བསྔལ་བ་དང༌། རྟེན་མེད་པ་དང༌། ཉེ་བར་སྤྱད་པ་སྤྱོད་པ་དང༌། ཡོན་ཏན་དང་ལྡན་པའོ། །དེ་དག་ཀྱང་དང་པོ་བཞི་ལས། ཕྱི་མ་མཆོག་ཡིན་ནོ། །དེ་དག་མེད་ན་ཡོན་ཏན་དང་ལྡན་པ་ལ་སྦྱིན་པར་བྱ་སྟེ། དེ་དག་ལ་བྱིན་པ་ནི་ཡུལ་གཞན་ལ་བྱིན་པ་བས་ཁྱད་པར་དུ་འཕགས་སོ། །གང་ལ་གནས་ནས་རྣམ་པ་ཇི་སྙེད་སྦྱིན་པའི་གནས་ནི་གསུམ་སྟེ། མོས་པ་དང༌། ཡིད་ལ་བྱེད་པ་དང༌། ཏིང་ངེ་འཛིན་ནོ། །དང་པོ་ནི་སྦྱིན་པ་སྟོན་པའི་མདོ་སྡེ་ལ་མོས་པའོ། །གཉིས་པ་ནི་རང་དེ་ལྟར་སྦྱིན་པ་གཏོང་བ་ལ་ཡོན་ཏན་དུ་བལྟ་བ་དང༌། གཞན་གཏོང་བ་ལ་རྗེས་སུ་ཡི་རང་བ་དང༌། རང་གཞན་མ་འོངས་པ་ན་སྦྱིན་པ་གཏོང་བར་འགྱུར་བ་ལ་མངོན་པར་དགའ་བ་ཡིད་ལ་བྱེད་པའོ། །གསུམ་པ་ནི། ས་བརྒྱད་པར་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་ཅིང༌། སྐུ་དང་སྤྱོད་པ་དང་སྟོན་པ་ལ་དབང་འབྱོར་བའི་སྒོ་ནས་སྦྱིན་པ་སྟེ་དེ་དག་ལ་གནས་ནས་བྱིན་པ་ནི་བསམ་པ་གཞན་ལ་གནས་པའི་སྦྱིན་པ་རྣམས་ལས་མཆོག་ཏུ་གྱུར་བ་ཡིན་ནོ། །ཕྱི་མ་ལྔ་ལ་ཚུལ་ཁྲིམས་ཀྱི་གཞི་མཆོག་ནི་བྱང་ཆུབ་སེམས་དཔའི་སྡོམ་པའོ། །བཟོད་པའི་གཞི་ནི་ངན་པ་སྟོབས་ཆུང་ངུས་ཞི་བར་བྱེད་པའོ། །བརྩོན་འགྲུས་ཀྱི་གཞི་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒོམ་པ་དང༌། དེའི་མི་མཐུན་ཕྱོགས་སྤོང་བའོ། །བསམ་གཏན་གྱི་གཞི་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་སོ། །ཤེས་རབ་ཀྱི་གཞི་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པའོ། །ལྔ་ཀའི་ཞིང་མཆོག་ནི་ཐེག་ཆེན་གྱི་ཆོས་ཡིན་ཏེ། དེ་ལ་བརྟེན་ནས་བྱུང་བའི་ཚུལ་ཁྲིམས་ལ་སོགས་པ་ནི་གཞན་པས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །གཞན་རྣམས་སྦྱིན་པ་དང་འདྲའོ། །སྤྱིར་བསྔགས་པ་བསྟན་ཟིན་ནོ། །གཉིས་པ་ཁྱད་པར་དུ་བསྔགས་པ་ལ་གཉིས་ཏེ། སྦྱིན་པའི་ཡོན་ཏན་དང༌། བརྩོན་འགྲུས་ཀྱི་ཡོན་ཏན་ནོ། །དང་པོ་ལ་གསུམ་ལས། སྦྱོར་བ་བརྩེ་བའི་ཁྱད་པར་ནི། བྱང་ཆུབ་སེམས་དཔའི་སྦྱིན་པ་དེས་ནི་ཡུལ་སེམས་ཅན་གཅིག་ཁོ་ན་བདེ་བར་འགྱུར་ལ་བདག་ལ་བསྐལ་པ་མང་པོར་འཕོངས་པའི་སྡུག་བསྔལ་གྱི་གནོད་པ་བྱེད་དུ་ཟིན་ཀྱང་སྙིང་རྗེའི་དབང་གིས་དེ་ལ་དགའ་བར་འགྱུར་ན་དེ་ལས་ཟློག་པ་སེམས་ཅན་མང་པོ་ལ་བདེ་བར་འགྱུར་ལ། བདག་ཉིད་ལའང་བསྐལ་པ་མང་པོར་ཕན་པར་བྱེད་པའི་སྦྱིན་པ་ལ་དགའ་བ་ལྟ་སྨོས་ཀྱང་ཅི་དགོས། དངོས་གཞི་མ་ཆགས་པའི་ཁྱད་པར་ལ་གཉིས་ལས། དངོས་ནི་ལུས་ཅན་རྣམས་གང་གི་ཕྱིར་དུ་ནོར་འདོད་པའི་གཞི་དེ་ཉིད་བརྟན་པ་རྣམས་ལུས་ཅན་རྣམས་ལ་གཏོང་ངོ་ཞེས་མདོར་བསྟན་ནས། ལུས་ཅན་རྣམས་གང་གི་ཕྱིར་ནོར་འདོད་ཅེ་ན་སྐྱེ་བོ་རྣམས་ནི་རང་གི་ལུས་གསོ་བ་ལ་སོགས་པའི་ཕྱིར་ནོར་འདོད་པ་ཡིན་ཏེ། ལུས་དེ་ཉིད་བརྟན་པ་རྣམས་གཞན་ལ་བརྒྱ་ཕྲག་རྣམས་སུ་གཏོང་ངོ་ཞེས་རྒྱས་པར་བཤད་པ་ཡིན་ནོ། །དེ་ཉིད་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ནི་གང་གི་ཚེ་རང་གི་ལུས་ཉིད་གཏོང་ཡང་ཡིད་ལ་སྡུག་བསྔལ་མི་འབྱུང་བ་དེའི་ཚེ་ལུས་ལ་ལྟོས་ནས་རྫས་ངན་པར་གྱུར་པ་ལོངས་སྤྱོད་རྣམས་གཏོང་བ་ལ་སྡུག་བསྔལ་མི་འབྱུང་བ་ལྟ་སྨོས་ཀྱང་ཅི་ཞིག་དགོས། ཕར་ཕྱིན་བསྡུས་པ་ལས། འགྲོ་བ་ཀུན་ལ་བདག་གིས་ལུས་བཏང་སྟེ། །དེ་བཏང་ཆོས་ཀྱང་བདག་གིས་བཏང་བྱ་ན། །ཕྱི་རོལ་དངོས་ལ་བདག་གིས་ཆགས་བྱ་བ། །གླང་པོའི་ཁྲུས་བཞིན་བདག་ལ་རིགས་མ་ཡིན། །ཞེས་པ་ལྟར་རོ། །བློ་དེ་འདྲ་བ་ནི་འཇིག་རྟེན་པ་ལ་མེད་པས་ན་དེ་ནི་བྱང་སེམས་དེ་ནི་བློ་འཇིག་རྟེན་ལས་འདས་པ་ཡིན་ལ། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ལུས་བཏང་བའི་སྡུག་བསྔལ་དེས་ཀྱང་དགའ་བར་འགྱུར་བ་གང་ཡིན་པ་དེ་འདྲ་ནི། འཇིག་རྟེན་ལས་འདས་པ་གཞན་ལ་ཡང་མེད་པས་འཇིག་རྟེན་ལས་འདས་པ་དེའི་ཡང་བླ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟ་བུའི་གནས་ལ་སྨོན་པར་བྱ་བ་ཡིན་ཏེ། སྨོན་ལམ་བདུན་ཅུ་པ་ལས། བདག་གི་ཤ་ཞིག་སློང་བ་མཆིས་ན་ཡང༌། །བྲོད་ལ་འཛུམ་པའི་མིག་གིས་རྩལ་བར་བགྱི། །བདག་གི་རྐང་ལ་སོགས་པ་རྟག་ཏུ་ཡང༌། །ལུས་ཅན་རྣམས་ཀྱི་དོན་དུ་གཏོང་བར་ཤོག །ཅེས་པ་ལྟར་རོ། །རྗེས་སེམས་ཚིམ་པའི་ཁྱད་པར་ལ་བཞི་ལས། སློང་བ་པོ་ཚིམ་པས་དགའ་བ་ནི། ཇི་ལྟར་བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་ལམ་ལ་སློབ་པའི་སྐབས་འདི་ན་རང་གི་བདོག་པ་ཀུན་གཞན་ལ་གཏོང་བས་བླང་བྱ་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ཚིམས་ནས་དགའ་བས་བདག་ཉིད་ཤིན་ཏུ་དགའ་བ་ལྟར། དེ་ལྟར་སློང་མོ་བ་དག་བླང་པར་བྱ་བའི་རྫས་འདོད་རྒུ་ཡིད་ལ་བསམ་པ་བཞིན་དུ་ཐོབ་པ་དག་གིས་ཀྱང་དགའ་བར་མི་འགྱུར་རོ། །བཏང་བ་ལ་ནོར་དུ་སེམས་པ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་རང་གི་བདོག་རྒུ་བཏང་བས་རང་ལ་ནོར་མེད་པར་འགྱུར་ན། ཐམས་ཅད་བཏང་བ་དེ་ཉིད་ནོར་ཆེན་པོ་ཡིན་པར་ཤེས་ནས་བདག་ཉིད་ནོར་དང་ལྡན་པར་སེམས་པ་ཇི་ལྟ་བ་བཞིན་དུ་སློང་བ་པོ་རང་ཉིད་ཇི་ལྟར་འདོད་པའི་ལོངས་སྤྱོད་ཀུན་རྫོགས་པར་ཐོབ་པ་དེ་ནི། དེ་ལྟར་ནོར་དང་ལྡན་པར་མི་སེམས་སོ། །སློང་བ་པོ་ལ་ཕན་འདོགས་པར་སེམས་པ་ནི་ཇི་ལྟར་བློ་ལྡན་འདི་ནི་སྦྱིན་པའི་རྫས་བཟང་པོ་ལུས་ལ་སོགས་པས་ཚུལ་བཞིན་ཏེ། བསམ་པ་འགྲུབ་པ་དང་རྫས་དོན་དུ་གཉེར་བ་རྣམས་ཚིམ་པར་བྱས་ན། སློང་བ་མངོན་དུ་འོངས་ནས་རྒྱས་སྲས་དེས། །རྫོགས་པའི་བྱང་ཆུབ་ཚོགས་ནི་སྤེལ་བའི་ཕྱིར། །དེས་གཞན་འདུ་ཤེས་བདག་ལ་བཞག་བྱ་ཞིང༌། །དགེ་བའི་བཤེས་གཉེན་འདུ་ཤེས་དེ་ལ་བསྐྱེད། །ཅེས་པ་ལྟར་སློང་བ་དེ་ལ་འདིས་སྦྱིན་པའི་ཡུལ་བྱས་པས་བདག་ལ་ཕན་ཆེན་པོ་འདོགས་པ་ཡིན་སྙམ་དུ་སེམས་པ་ལྟར་དེ་བཞིན་དུ། སློང་མོ་བ་དག་གིས་བྱང་ཆུབ་སེམས་དཔའ་ལས་ནོར་ཤིན་ཏུ་མང་པོ་ཐོབ་ནས་སྦྱིན་པ་པོ་ལ་རྙེད་པ་རྒྱུ་ཡིས་དྲིན་དུ་ཆེ་བར་མི་རྩིའོ། སློང་བ་པོས་རང་དགར་སྤྱོད་པས་དགའ་བ་ནི། དཔེར་ན་ལམ་ག་ཞིག་ན་ཤིང་སྡོང་ཆེན་པོ་འབྲས་བུ་མཆོག་དང་ལྡན་ཞིང་སྐྱེ་བོ་ཐམས་ཅད་ཀྱིས་ལོངས་སྤྱོད་པ་ཞིག་ཡོད་ན་མགྲོན་པོ་ལ་སོགས་པ་རྣམས་དེའི་འབྲས་བུ་དེ་དག་ངེས་བསྲུངས་ཀྱི་དོགས་པ་ལ་སོགས་པ་ཡི་འཇིགས་པ་མེད་པར་དེ་ལས་བླངས་ནས་ལོངས་སྤྱོད་པ་ལྟར། ལུས་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་གང་གི་ལོངས་སྤྱོད་རྒྱ་ཆེན་པོ་རྣམས་བླངས་ནས་བདག་ཉིད་ཀྱི་ནོར་བདག་ཉིད་ཀྱིས་སྤྱོད་པ་བཞིན་དུ་བསྲུང་བ་དང་ཕྱིར་ལེན་པ་ལ་སོགས་པ་བྱས་ཀྱི་དོགས་པ་དང་བྲལ་བས་ན་བག་ཚ་བ་མེད་པར་རང་སྙམ་དུ་སྤྱོད་པར་བྱེད་པའི་སྐྱེ་བོ་རྣམས་ལ་བདག་གི་ལོངས་སྤྱོད་ཐམས་ཅད་བཏང་བས་དགའ་བའི་ལོངས་སྤྱོད་ཅན་དེ་ནི། བྱང་ཆུབ་སེམས་དཔའ་ལས་གཞན་མ་ཡིན་ཏེ། སྨོན་ལམ་བདུན་ཅུ་པ་ལས། བདག་གི་བདོག་པ་རྣམས་ལ་གཞན་གྱི་བློ། །གཞན་གྱི་ནོར་སྙམ་ནམ་ཡང་མི་འཛིན་ཞིང༌། །རང་གི་ནོར་ལས་སོམ་ཉི་མ་མཆིས་ལྟར། །བག་ཡངས་དག་ཏུ་ལེན་ཞིང་སྤྱོད་པར་ཤོག །ཅེས་པ་ལྟར་རོ། །བརྩོན་འགྲུས་ཀྱི་ཡོན་ཏན་ལ་གཉིས་ལས། མདོར་བསྟན་པ་ནི་དགེ་བའི་གཙོ་བོར་བསྟན་པ་དང༌། རྒྱུ་ཡིན་པར་བསྟན་པ་དང༌། ལས་ཀྱི་དབྱེ་བ་དང༌། རྣམ་པའི་དབྱེ་བ་དང༌། རྟེན་གྱི་དབྱེ་བ་དང༌། བར་ཆད་རྣམ་པ་བཞིའི་གཉེན་པོའི་དབྱེ་བ་ཡིས་བརྩོན་འགྲུས་ཡོངས་སུ་ཤེས་པར་བྱའོ་ཞེས་མདོ་ལས་རབ་ཏུ་བཤད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོར་དགེ་བའི་གཙོ་བོར་བསྟན་པ་ནི། དགེ་བའི་ཚོགས་ཐམས་ཅད་ཀྱི་ནང་ནས་བརྩོན་འགྲུས་མཆོག་གོ །ཅིའི་ཕྱིར་ན་འདི་ལྟར་བརྩོན་འགྲུས་དེ་ལ་བརྟེན་ནས་དགེ་བའི་ཆོས་དེ་དག་ཐམས་ཅད་རྗེས་སུ་ཐོབ་པའི་ཕྱིར་རོ། །ལས་ཀྱི་དབྱེ་བ་ནི། བརྩོན་འགྲུས་ཀྱིས་ནི་མོད་ལ་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཐོབ་ཅིང་ཕྱི་མར་དངོས་གྲུབ་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་གཏོགས་ཏེ་ཐོབ་བོ། །འཇིག་རྟེན་པ་ཇི་ལྟར་ཐོབ་ཅེ་ན། བརྩོན་འགྲུས་ཀྱིས་ནི་ཕྱི་མར་བརྒྱ་བྱིན་ལ་སོགས་པར་སྐྱེས་ནས་འདོད་པའི་སྲེད་པར་གཏོགས་པའི་ཟག་བཅས་ཀྱི་བདེ་བ་ཐོབ་ཅིང༌། བརྩོན་འགྲུས་ཀྱིས་ནི་འདོད་ཁམས་ཀྱི་ཉོན་མོངས་པ་མངོན་གྱུར་གྱི་དག་པ་དེ་ལས་ཕྱིར་ཉམས་པར་འགྱུར་བས་རབ་ཏུ་འགྱུར་བ་དང་ལྡན་པ་འཇིག་རྟེན་པའི་བསམ་གཏན་དང༌། གཟུགས་མེད་ཀྱང་ཐོབ་བོ། །འཇིག་རྟེན་ལས་འདས་པ་ཇི་ལྟར་ཐོབ་ཅེ་ན། ཉན་རང་གི་བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་ལ་ལྟ་བ་ལས་འདས་ནས་གྲོལ་བ་དགྲ་བཅོམ་པ་ཐོབ་བོ། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་ཏུ་སངས་རྒྱས་འཐོབ་པར་འགྱུར་རོ། །རྣམ་པའི་དབྱེ་བ་ནི་ལས་ཀྱི་དབྱེ་བ་དེ་དག་ལས་གཞན་རྣམ་པའི་དབྱེ་བ་ཡང་གཉིས་ཀྱིས་མི་དགེ་བ་ཉམས་པ་དང༌། གཉིས་ཀྱིས་དགེ་བ་འཕེལ་བར་བྱེད་པ་ཡང་དག་པ་སྤོང་བ་བཞིའི་དུས་ཀྱི་བརྩོན་འགྲུས་དང་ཐར་པའི་དགེ་བ་ལ་དབང་པོ་ལྔའི་དུས་ཀྱི་མི་མཐུན་ཕྱོགས་ལ་མ་དད་པ་ལ་སོགས་པ་སྤང་བས་དེ་དག་གིས་མི་རྫི་བར་གྱུར་པ་སྟོབས་ལྔའི་དུས་ཀྱི་དང༌། དེ་ཁོ་ན་ཉིད་ལ་རབ་ཏུ་ཞུགས་པ་སྟེ། དེ་མངོན་སུམ་དུ་རྟོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་དུས་ཀྱི་དང༌། ལམ་གོང་མ་གོང་མར་གནས་ཡོངས་སུ་བསྒྱུར་བར་བྱེད་པ་ལ་འཕགས་ལམ་ཡན་ལག་བརྒྱད་ཀྱི་དུས་ཀྱི་བརྩོན་འགྲུས་སོ། །འོ་ན་རྫུ་འཕྲུལ་གྱི་རྐང་པའི་དུས་ཀྱི་བརྩོན་འགྲུས་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། ཊཱིཀྐ་ལས་རྫུ་འཕྲུལ་གྱི་རྐང་པ་རྣམས་བསམ་གཏན་གྱི་ངོ་བོ་ཉིད་ཡིན་པས་དེ་དག་ཏུ་བརྩོན་འགྲུས་མ་བསྟན་ནོ་ཞེས་སོ། །བརྩོན་འགྲུས་དོན་ཆེན་པོ་ཞེས་བྱ་བའི་ངེས་ཚིག་དང་ལྡན་པ་ནི་སྔ་མ་དེ་དག་ལས་ཕར་ཕྱིན་དྲུག་གི་ངོ་བོ་ཉིད་ཡིན་པར་འདོད་དེ། དེས་རང་གཞན་གྱི་དོན་ཆེན་པོ་སྒྲུབ་པའི་ཕྱིར་རོ། །བརྩོན་འགྲུས་ལ་ལྔ་སྟེ། ཐོག་མར་ལམ་ལ་འབད་པ་གོ་ཆ་བགོས་པ་གོ་ཆའི་བརྩོན་འགྲུས་དང༌། དེ་ནས་ལམ་ལ་ཚུལ་བཞིན་དུ་རབ་ཏུ་ཞུགས་པ་སྦྱོར་བའི་བརྩོན་འགྲུས་དང༌། རྟོགས་པར་བྱ་བ་རྒྱ་ཆེན་པོ་ལ་ཞུགས་པ་དང༌། སྡུག་བསྔལ་གྱིས་མི་འཁྲུགས་པ་དང༌། རྟོགས་པ་ཅུང་ཟད་ཙམ་གྱིས་ཆོག་མི་ཤེས་པའི་བརྩོན་འགྲུས་སོ། །ལྔ་པོ་དེ་ནི་མདོ་ལས། མཐུ་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། སྤྲོ་བ་ཅན། ཕ་རོལ་གནོན་པ། བརྟན་པ་དགེ་བའི་ཆོས་རྣམས་ལ་བརྩོན་པ་མ་བཏང་བ་ཞེས་གསུངས་ཤིང༌། སྔ་མ་རྣམས་ཀྱི་དོན་ཡང་གསུང་བས། བརྩོན་འགྲུས་ཀྱི་རྣམ་པ་དེ་དག་ཐམས་ཅད་སངས་རྒྱས་རྣམས་རབ་ཏུ་གསུངས་སོ་ཞེས་སོ། རྟེན་གྱི་དབྱེ་བ་ནི་ཐེག་པ་གསུམ་ལ་བརྟེན་པའི་སྐྱེ་བོ་ལ་རྟེན་ཕྱེ་ན། ཉན་རང་གཉིས་ཀྱི་བརྩོན་འགྲུས་ནི་ཆོས་ཅན། ཐ་མ་དང་འབྲིང་པོ་ཡིན་ཏེ། བསམ་པ་སྙིང་རྗེ་དང༌། བློ་གྲོས་རབ་ཏུ་ཞན་པའི་ཕྱིར་དེ་གཉིས་ནི་རང་དོན་འབའ་ཞིག་བྱེད་པས་དོན་ཆུང་བར་འདོད་དོ། །གཞན་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་དེ་ནི་ཆོས་ཅན། མཆོག་ཏུ་འདོད་དེ། བསམ་པ་དང་བློ་རབ་ཏུ་རྒྱ་ཆེ་བ་དང་ལྡན་པའི་ཕྱིར་རོ། །འདི་ནི་རང་གཞན་གཉིས་ཀའི་དོན་རྒྱ་ཆེན་པོ་དང་ལྡན་པར་འདོད་དོ། །བརྩོན་འགྲུས་དང་ལྡན་པ་སྦྱིན་སོགས་ཀྱི་བར་ཆད་དུ་གྱུར་པ་གཟུགས་ལ་སོགས་པ་ལོངས་སྤྱོད་ཀྱི་ངོ་བོ་ལ་ཆགས་པས་ཕམ་པ་མེད་དེ། དེ་ལ་མ་ཆགས་པའི་ཕྱིར་རོ། །བརྩོན་འགྲུས་དང་ལྡན་པ་ལོངས་སྤྱོད་ཡོངས་སུ་སྤྱོད་པ་ལ་ཆགས་པའི་ཉོན་མོངས་པས་ཕམ་པ་མེད་དེ། དེ་ལ་མ་ཞེན་པའི་ཕྱིར་རོ། །བརྩོན་འགྲུས་དང་ལྡན་པ་སྦྱིན་སོགས་ལ་སྐྱོ་བས་ཕམ་པ་མེད་དེ། སྦྱིན་སོགས་ལ་བརྩོན་པ་མི་འདོར་བའི་ཕྱིར་རོ། །བརྩོན་འགྲུས་དང་ལྡན་པ་སྦྱིན་སོགས་ཐོབ་པ་ཆུང་བས་ཕམ་པ་མེད་དེ། སྦྱིན་སོགས་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པའི་ཕྱིར་རོ། །འདིར་ནི་སྦྱིན་པ་དང་བརྩོན་འགྲུས་ཁོ་ན་ལ་ཁྱད་པར་དུ་བསྔགས་པ་བརྗོད་ལ་ཕར་ཕྱིན་གཞན་རྣམས་ལ་མི་བརྗོད་པ་ཅི་ཞེ་ན། ཕར་ཕྱིན་དྲུག་གི་དམན་པ་སྦྱིན་པ་ལ་བསྔགས་པ་བརྗོད་པས་གཞན་རྣམས་ཀྱི་ཡང་དོན་གྱིས་གོ་བའི་དོན་ཏོ། །བརྩོན་འགྲུས་ནི་ཐམས་ཅད་མཐར་ཕྱིན་པའི་རྒྱུ་ཡིན་པས་ཁྱད་པར་དུ་བསྔགས་པའོ། །བཅུ་པ་ཕན་ཚུན་རྣམ་པར་ངེས་པ་ལ་བཞི་ལས། ཕན་ཚུན་བསྡུས་པའི་ཕྱིར་རྣམ་པར་ངེས་པ་ནི་མི་འཇིགས་པའི་སྦྱིན་པས་ཚུལ་ཁྲིམས་དང་བཟོད་པ་བསྡུས་ཏེ། དེ་གཉིས་ཀྱིས་གནོད་པ་དང་གནོད་ལན་མི་བྱེད་པས་མི་འཇིགས་པ་སྦྱིན་པར་བྱེད་པའི་ཕྱིར་རོ། །ཆོས་ཀྱི་སྦྱིན་པས་བསམ་གཏན་དང་ཤེས་རབ་བསྡུས་ཏེ། བསམ་གཏན་གྱིས་རྫུ་འཕྲུལ་བསྟན་ནས་དད་པར་བྱས་ཏེ། ཤེས་རབ་ཀྱིས་ཆོས་འཆད་པའི་ཕྱིར་རོ། །དེ་གཉིས་ཀས་བརྩོན་འགྲུས་བསྡུས་ཏེ། དེ་གཉིས་ཀ་བརྩོན་འགྲུས་དང་ངེས་པར་ལྡན་པའི་ཕྱིར་རོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་སྦྱིན་པ་བསྡུས་ཏེ། སྦྱིན་སོགས་རྣམས་དགེ་བའི་ཆོས་ཡིན་པའི་ཕྱིར་རོ། །གནོད་པ་ལ་ཇི་མི་སྙམ་པའི་བཟོད་པས་ནི་གནོད་ལེན་མི་བྱེད་པས་མི་འཇིགས་པའི་སྦྱིན་པ་དང༌། བཤེ་ཡང་སླར་མི་བཤེ་བ་ལ་སོགས་པས་ཚུལ་ཁྲིམས་བསྡུས་སོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པས་ནི་བསམ་གཏན་དང་ཤེས་རབ་བསྡུས་ཏེ། དེས་སེམས་མཉམ་པར་བཞག་ནས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །དེ་གཉིས་ཀས་བརྩོན་འགྲུས་བསྡུས་ཏེ། དེ་གཉིས་ཀ་བརྩོན་འགྲུས་དང་ངེས་པར་ལྡན་པའི་ཕྱིར་རོ། །བརྩོན་འགྲུས་ཀྱིས་ནི་སྦྱིན་སོགས་ཐམས་ཅད་བསྡུས་ཏེ། ཐམས་ཅད་ངེས་པར་དེ་དང་ལྡན་པའི་ཕྱིར་རོ། །བསམ་གཏན་གྱིས་ཐམས་ཅད་བསྡུས་ཏེ། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་སྦྱིན་པ་དང༌། བསམ་གཏན་གྱི་སྡོམ་པས་ཚུལ་ཁྲིམས་བསྡུས་ཤིང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང༌། ཇི་ལྟ་བ་ཤེས་པའི་ཤེས་རབ་ནི་མཉམ་པར་བཞག་པའི་ཏིང་ངེ་འཛིན་ཡིན་པས་དེས་བསྡུས་ལ། བརྩོན་འགྲུས་ཀྱང་དགེ་བ་ལ་སེམས་རྩེ་གཅིག་པ་ཡིན་པས་དེས་བསྡུས་སོ། །ཤེས་རབ་ཀྱིས་བརྟགས་ནས་སྦྱིན་སོགས་སྤྱོད་པའི་ཕྱིར་དང་ལྔ་པོ་ཕར་ཕྱིན་དྲུག་ཏུ་འགྱུར་བ་དེས་བྱས་པའི་ཕྱིར་དེས་བསྡུས་སོ། །རབ་ཏུ་དབྱེ་བའི་ཕྱིར་རྣམ་པར་ངེས་པ་ནི་རེ་རེ་ལ་ཡང་དྲུག་དྲུག་ཏུ་དབྱེ་བ་སྟེ། གཞན་དག་ཕར་ཕྱིན་དྲུག་ལ་འགོད་པ་ནི་གོ་རིམ་བཞིན་དུ་སྦྱིན་པའི་སྦྱིན་པ་ནས་སྦྱིན་པའི་ཤེས་རབ་ཀྱི་བར་དྲུག་ཡིན་ལ། དེ་བཞིན་དུ་མི་མཐུན་ཕྱོགས་སྤོང་བ་དྲུག་ཚུལ་ཁྲིམས་དང༌། དཀའ་སྤྱོད་བཟོད་པ་དྲུག་བཟོད་པ་དང༌། སྤྲོ་བ་དྲུག་བརྩོན་འགྲུས་དང༌། མི་གཡེང་བ་དྲུག་བསམ་གཏན་དང༌། རབ་ཏུ་རྣམ་པར་འབྱེད་པ་དྲུག་ནི་ཤེས་རབ་སྟེ་སུམ་ཅུ་རྩ་དྲུག་གོ །ཆོས་ཉིད་ཀྱི་ཕྱིར་རྣམ་པར་ངེས་པ་ནི་བརྗོད་བྱ་ཕར་ཕྱིན་དྲུག་གིས་རྗོད་བྱེད་དེ་སྟོན་པའི་མདོ་སྡེ་ལ་སོགས་པ་བསྡུས་པ་དང༌། རྗོད་བྱེད་དེ་སྟོན་པའི་མདོ་སྡེ་ལ་སོགས་པས་ཀྱང་བརྗོད་བྱ་ཕར་ཕྱིན་དྲུག་བསྡུས་པའོ། །རྒྱུ་མཚན་གྱིས་ཕར་ཕྱིན་རྣམས་རྣམ་པར་ངེས་པ་ནི། སྦྱིན་པ་ནི་ཚུལ་ཁྲིམས་ལ་སོགས་པ་ལྔ་འཇུག་པའི་རྒྱུ་མཚན་ཡིན་ཏེ། ལོངས་སྤྱོད་ལ་མི་ལྟ་བས་ལྔ་པོ་དེར་འཇུག་པར་འགྱུར་བའི་ཕྱིར་རོ། །ཚུལ་ཁྲིམས་ཀྱང་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། དགེ་སློང་གི་སྡོམ་པ་དང་ལྡན་པ་ན་ཡོངས་སུ་འཛིན་པ་ཐམས་ཅད་གཏོང་ཞིང་གནོད་པ་བཟོད་པའི་ཕྱིར་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་བླངས་པ་ནི། ཐམས་ཅད་ཀྱི་རྒྱུ་མཚོན་པའི་ཕྱིར། བཟོད་པ་ཐམས་ཅད་སྒྲུབ་པའི་དཀའ་སྤྱད་བཟོད་པ་དང༌། བརྩོན་འགྲུས་ཀྱིས་ཐམས་ཅད་ལ་སྤྲོ་བ་དང༌། བསམ་གཏན་ལ་བརྟེན་ནས་ཐམས་ཅད་ལ་སྦྱོར་བ་དང༌། ཤེས་རབ་ཀྱིས་ཐམས་ཅད་ཀྱི་ཕན་ཡོན་ཤེས་པའི་ཕྱིར་རམ་རྣམ་པར་དག་པ་སྒྲུབ་པའི་ཕྱིར་རེ་རེའང་གཞན་ཐམས་ཅད་ཀྱི་རྒྱུ་མཚན་ཡིན་ནོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་རྣམ་པ་ཀུན་ཏུ་ཕན་ཚུན་རྣམ་པར་ངེས་པར་ཤེས་པར་བྱའོ། །རང་གི་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཐོབ་པར་བྱེད་པའི་ཐབས་བསྟན་ཟིན་ནོ། །གཉིས་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་བསྡུ་བའི་དངོས་པོ་བཞི་བསྟན་པ་ལ་ལྔ་སྟེ། སོ་སོའི་ངོ་བོ། གྲངས་ངེས། བྱེད་ལས། དབྱེ་བ། ཡོན་ཏན་ནོ། །དང་པོ་ལ་སྦྱིན་པ་ནི་ཕར་ཕྱིན་གྱི་སྐབས་དང་མཚུངས་སོ། །སྙན་པར་སྨྲ་བ་ནི་ཕར་ཕྱིན་དྲུག་པོ་དེ་སྟོན་པའོ། །དོན་སྤྱོད་པ་ནི་དྲུག་པོ་དེ་ཉིད་ཉམས་སུ་ལེན་དུ་འཇུག་པའོ། །དོན་མཐུན་པ་ནི་བདག་ཉིད་ཕར་ཕྱིན་དྲུག་ལ་རྗེས་སུ་འཇུག་པའོ། །གཉིས་པ་གྲངས་ངེས་ནི་སྦྱིན་པ་ནི་ཟང་ཟིང་གི་སྒོ་ནས་གཞན་ལ་ཕན་པར་བྱེད་པའི་ཐབས་ཡིན་ལ། སྙན་པར་སྨྲ་བ་ནི། ཕར་ཕྱིན་དྲུག་གི་ཆོས་བཤད་པས་གཞན་གྱི་བྱེ་བྲག་ཏུ་མི་ཤེས་པ་དང༌། ཐེ་ཚོམ་ཟ་བ་རྣམས་བསལ་ནས་ཕར་ཕྱིན་དྲུག་གི་དོན་གོ་བར་འཛིན་དུ་འཇུག་པར་བྱེད་པའོ། །དོན་སྤྱོད་པ་ནི་གཞན་དག་ཕར་ཕྱིན་དྲུག་གི་དགེ་བ་སྒྲུབ་ཏུ་འཇུག་པར་བྱེད་པའོ། །དོན་མཐུན་པ་ནི་གཞན་ལ་ཇི་ལྟར་བསྟན་པ་ལྟར་བདག་ཉིད་ཀྱང་བྱེད་པས་གཞན་དག་ཡིད་ཆེས་ནས་རྗེས་སུ་འཇུག་པར་བྱེད་པ་སྟེ་དེས་ན་སེམས་ཅན་ཡོངས་སུ་སྨིན་པའི་ཐབས་ནི་བསྡུ་བའི་དངོས་པོ་བཞིར་ངེས་པར་ཤེས་པར་བྱའོ། །གསུམ་པ་བྱེད་ལས་ནི། དང་པོ་ཟང་ཟིང་གི་སྦྱིན་པས་ཆོས་ཉན་པའི་སྣོད་དུ་གྱུར་པའི་དངོས་པོར་བྱེད་དོ། །གཉིས་པ་སྙན་པར་སྨྲ་བ་ཡིས་ནི་དོན་བྱེ་བྲག་ཏུ་མི་ཤེས་པ་དང༌། ཐེ་ཚོམ་བསལ་ནས་ངེས་པར་ཐོས་པའི་མོས་པ་སྐྱེད་པར་བྱ་བ་ཡིན་ནོ། །གསུམ་པ་དོན་སྤྱོད་པ་ཡིས་ནི་ཆོས་བཞིན་སྒྲུབ་ཏུ་འཇུག་པར་བྱེད་པ་ཡིན་ལ། བཞི་པ་དོན་མཐུན་པས་ནི་ལམ་ལ་ཡིད་ཆེས་ནས་ཡུན་རིང་དུ་སྒྲུབ་པའི་སྒོ་ནས་སྒྲུབ་པ་དེ་རྣམ་པར་སྦྱོང་བའོ། །བཞི་པ་དབྱེ་བ་ལ་གཉིས་ལས། ཟང་ཟིང་དང་ཆོས་ཀྱི་བསྡུས་པ་གཉིས་སུ་གསུངས་པའི་སྒོ་ནས་ཀྱང་བསྡུ་བའི་དངོས་པོ་བཞིས་བསྡུས་པར་འདོད་དེ། ཇི་ལྟར་བསྡུས་ན་ཟང་ཟིང་གི་བསྡུ་བས་ནི་སྦྱིན་པ་བསྡུས་ལ། ཆོས་ཀྱིས་བསྡུ་བས་གཞན་གསུམ་བསྡུས་ཏེ། དེ་ལ་དམིགས་པའི་ཆོས་ཀྱིས་ནི། སྙན་པར་སྨྲ་བ་བསྡུས་ཏེ་དམིགས་པའི་ཆོས་ནི་ཕར་ཕྱིན་དྲུག་ཡིན་ལ། སྙན་པར་སྨྲ་བས་དེ་སྟོན་པའི་ཕྱིར་རོ། །སྒྲུབ་པའི་ཆོས་ཀྱིས་ནི་དོན་སྤྱོད་པ་བསྡུས་ལ། རྣམ་པར་སྦྱོང་བའི་ཆོས་ཀྱིས་ནི་དོན་མཐུན་པ་བསྡུས་སོ། །རྣམ་པའི་རབ་ཏུ་དབྱེ་བ་ནི་ཐེག་པ་གསུམ་གྱི་རིགས་ཅན་རྣམས་སོ་སོར་ཐེག་པ་གསུམ་ལ་འགོད་པ་ནི་གོ་རིམ་བཞིན་དུ་བྱང་ཆུབ་སེམས་དཔའི་བསྡུ་བ་དམན་པ་དང༌། འབྲིང་དང༌། མཆོག་ཡིན་ནོ། །ཡང་མོས་སྤྱོད་ཀྱི་གནས་སྐབས་ཀྱི་བསྡུ་བ་ནི། གདུལ་བྱའི་བསམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཕལ་ཆེར་དོན་མེད་པ་ཡིན་ཞིང༌། ས་དང་པོ་ནས་བདུན་པའི་བར་ནི་ཕར་ཆེར་དོན་ཡོད་པ་ཡིན་ལ་དག་པ་ས་གསུམ་གྱིས་ནི་རྣམ་པ་ཀུན་ཏུ་དོན་ཡོད་པ་ཡིན་ནོ། །ལྔ་པ་ཡོན་ཏན་ལ་ཡང་གཉིས་ལས། རྒྱལ་བས་བསྔགས་པ་ནི། བྱང་ཆུབ་སེམས་དཔའ་གཞན་དོན་དུ་འཁོར་སྡུད་པ་རྣམས་ཀྱིས་བསྡུ་བའི་ཚུལ་འདི་ཉིད་ལ་ཡང་དག་པར་བརྟེན་པར་བྱ་སྟེ། དངོས་པོ་འདི་ནི་སེམས་ཅན་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ཀུན་སྒྲུབ་པར་བྱེད་ཅིང་སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའི་ཐབས་བཟང་པོ་ཡིན་པར་རྒྱལ་བས་རབ་ཏུ་བསྔགས་སོ། །སེམས་ཅན་སྨིན་པར་བྱེད་པ་ལ་བགྲོད་པ་གཅིག་པའི་ལམ་ཡིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདས་པའི་དུས་ན་འཁོར་བསྡུས་པ་དང༌། མ་འོངས་པ་ན་སྡུད་པར་འགྱུར་བ་དང༌། གང་དག་ད་ལྟར་བསྡུད་པར་བྱེད་པ་དེ་ཀུན་བསྡུ་བ་བཞི་པོ་དེ་འདྲའི་སྒོ་ནས་བསྡུད་པ་སྟེ། དེ་ལྟ་བས་ན་བསྡུ་བ་བཞི་པོ་འདི་ནི་སེམས་ཅན་སྨིན་པར་བྱེད་པ་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ནོ། །གཉིས་པ་མཇུག་བསྡུ་བ་ནི་སྔར་བཤད་པའི་ཚུལ་དེ་ལྟར་སྦྱིན་པས་རྟག་ཏུ་ལོངས་སྤྱོད་ལ་མ་ཆགས་པའི་བློ་དང༌། ཚུལ་ཁྲིམས་ཀྱིས་སྒོ་གསུམ་གྱི་མི་དགེ་བ་ཉེ་བར་ཞི་བ་དང༌། བཟོད་པས་ཁོང་ཁྲོ་སྡོམ་པ་དང༌། བརྩོན་འགྲུས་ཀྱིས་དགེ་བ་ལ་བརྩོན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱིས་སེམས་གནས་པའི་བདག་ཉིད་དང༌། ཤེས་རབ་ཀྱིས་ནང་སྲིད་པ་དང༌། ཕྱི་ཡུལ་ལ་མཚན་མར་རྣམ་པར་མི་རྟོག་པའི་བྱང་སེམས་དེ་ནི་བསྡུ་བ་བཞིས་སེམས་ཅན་གྱི་ཚོགས་བསྡུད་པར་བྱེད་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་སྐབས་བཤད་ཟིན་ཏོ།།  ༈  །།དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་ལེའུས་རང་གཞན་གྱི་དོན་སྒྲུབ་པ་བསྟན་ནས། རང་དོན་ཕུན་སུམ་ཚོགས་པ་གྲུབ་པ་ན་དེའི་འབྲས་བུ་ལོངས་སྤྱོད་ལ་ཆགས་པའི་གཉེན་པོར་དཀོན་མཆོག་མཆོད་པ་དང༌། ལུས་ལ་ཆགས་པའི་གཉེན་པོར་ལུས་སྲོག་ལ་མི་ལྟ་བར་དགེ་བའི་བཤེས་གཉེན་བསྟེན་པ་དང༌། གཞན་དོན་སྒྲུབ་པ་ན་གཞན་གྱི་ལོག་སྒྲུབ་ཀྱིས་སྐྱོ་ནས་གཞན་ཡལ་བར་འདོར་བའི་གཉེན་པོ་ཚད་མེད་བཞི་སྒོམ་པར་བྱ་བ་ཡིན་པས། དེའི་འོག་ཏུ་སྤྱོད་པའི་ལྷན་ཅིག་བྱེད་རྐྱེན་མཆོད་བསྟེན་ཚད་མེད་ཀྱི་ལེའུ་སྟོན་ནོ། །དེ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་མཆོད་པ་དང༌། བསྟེན་པ་དང༌། ཚད་མེད་པ་དང་གསུམ་ལས། དཀོན་མཆོག་མཆོད་པ་ལ། བྱང་ས་ལས། སངས་རྒྱས་ཀྱི་གཟུགས་སྐུ་ཉིད་མཆོད་པ། མཆོད་རྟེན་ལ་མཆོད་པ་དང༌། མངོན་སུམ་དང༌། མངོན་སུམ་མ་ཡིན་པ་དང༌། བདག་གིས་བྱས་པ་དང༌། གཞན་བྱེད་དུ་འཇུག་པ་དང༌། རྙེད་བཀུར་རྒྱ་ཆེན་པོ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང༌། སྒྲུབ་པའི་མཆོད་པ་སྟེ་བཅུ་བཤད་ལ། འདི་ལ་གཉིས་ཏེ། རྒྱུ་མཚན་ལ་སོགས་པ་དང༌། དུས་ལ་སོགས་པའི་སྒོ་ནས་དབྱེ་བའོ། །དང་པོ་ནི། འོག་གི་རྒྱུ་མཚན་དང་ནི་ཞེས་པ་ལ་སོགས་པའི་དོན་བརྒྱད་རིམ་པ་ལྟར་འཆད་པ་ལས། མཆོད་པ་ལ་འཇུག་པའི་རྒྱུ་མཚན་ནི་རབ་ཏུ་དྭངས་བའི་སེམས་དང་ལྡན་པ་ཡིས་སོ། །ཡོངས་སུ་བསྔོ་བ་ནི་ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར་རོ། །རྟེན་ནི་མངོན་སུམ་དང་མངོན་སུམ་མ་ཡིན་པའི་སངས་རྒྱས་ལ་སོགས་པ་རྣམས་སོ། །དངོས་པོ་ནི་གོས་དང་རྒྱན་ལ་སོགས་རྣམས་ཀྱིས་མཆོད་དོ། །རྒྱུ་ནི་སངས་རྒྱས་འབྱུང་བ་དོན་ཡོད་པར་གྱུར་ཅིག་ཅེས་སྔོན་སྨོན་ལམ་བཏབ་པ་དང་ལྡན་པའོ། །ཡེ་ཤེས་ནི་མཆོད་པར་བྱེད་པ་དང༌། མཆོད་པར་བྱ་བ་དང༌། མཆོད་པ་སྟེ་གསུམ་པོ་དམིགས་པར་མི་བྱེད་པ་སྟེ། དེས་སངས་རྒྱས་མཆོད་པ་རྫོགས་པ་སྟེ་རྣམ་པར་དག་པར་འགྱུར་བ་ཡིན་ནོ། །གཞན་ཡང་ཞིང་ནི་སེམས་ཅན་ཚད་མེད་པ་དག་སྟེ། དེ་དག་མཆོད་པ་ལ་སྦྱར་བས་ཀུན་གཞི་ལ་མཆོད་པའི་བསོད་ནམས་ཀྱི་ས་བོན་བཏབ་ནས་ཡོངས་སུ་སྨིན་པར་བྱེད་པའོ། །གནས་ལ་རྫས་ལ་བརྟེན་པ་ནི་གཞན་ཡང་གོས་ལ་སོགས་པ་རྫས་ལ་བརྟེན་ནས་མཆོད་པའོ། །གོང་གི་གོས་སོགས་ནི་རྫས་ཀྱི་ངོ་བོ་བསྟན་པ་ཡིན་ལ། འདིར་རྫས་བརྟེན་ནས་མཆོད་པ་འཕེལ་བར་བྱེད་པ་ནས་བསྟན་པའོ། །སེམས་ལ་བརྟེན་པའི་མཆོད་པ་ནི་སེམས་ཀྱི་སྒོ་ནས་མཆོད་པ་སྟོན་པའི་ཐེག་ཆེན་གྱི་མདོ་ལས། རོ་མྱང་བ་དང༌། རྗེས་སུ་ཡི་རང་བ་དང༌། མངོན་པར་དགའ་བ་ཡིད་ལ་བྱེད་པ་དང༌། མོས་པ་དང༌། ངོམས་མི་ཤེས་པ་དང༌། རྒྱ་ཆེ་བ་དང༌། དགའ་བ་དང༌། ཕན་པ་དང༌། མ་གོས་པ་དང༌། དགེ་བའི་བསམ་པ་སྟེ་བསམ་པ་དྲུག་དང༌། དབང་འབྱོར་པ་ལ་བརྟེན་པ་ལ་སོགས་པ་ཕར་ཕྱིན་དྲུག་གི་སྐབས་སུ་བཤད་པ་བཞིན་ནོ། །སྨོན་པ་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སེམས་ཅན་ལ་སྙིང་བརྩེ་བ་དང༌། དགེ་བའི་དཀའ་སྤྱད་བཟོད་པ་དང༌། ཕར་ཕྱིན་དྲུག་ཡང་དག་པར་སྤྱོད་པའི་སྒོ་ནས་མཆོད་པ་དང༌། གཞི་རྟོག་ཚུལ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཕྱིན་ཅི་མ་ལོག་པར་གཞི་ཆོས་ཉིད་ལ་སེམས་གཏོད་པ་དང༌། འགྲེལ་ཆེན་མཁན་པོ་ནི། མི་རྟག་པ་ལ་སོགས་པ་ཚུལ་བཞིན་ཡིད་ལ་བྱེད་པ་ཡིན་ཟེར་རོ། །མཐོང་ལམ་དུ་ཡང་དག་པའི་ལྟ་བས་གཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དང༌། ཉན་ཐོས་ཀྱི་ཉོན་མོངས་པ་ལས་གྲོལ་བ་དང༌། ཐེག་ཆེན་པས་དེ་བཞིན་ཉིད་དྲི་མ་དང་བྲལ་བའི་སྒོ་ནས་བྱང་ཆུབ་ཐོབ་པའོ། །བྱང་ཆུབ་ཐོབ་པ་མཆོད་པ་ཇི་ལྟར་ཡིན་ཞེ་ན། ཊཱིཀྐ་ལས། བྱང་ཆུབ་སེམས་དཔའ་སངས་རྒྱས་མཆོད་པ་ལ་སོགས་པའི་རིམ་གྱིས་འཇུག་པ་རྣམས་སངས་རྒྱས་ཉིད་ཐོབ་པ་གང་ཡིན་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པའི་མཆོག་ཡིན་ནོ། །ཞེས་བཤད་པས་སྨོན་ལམ་ཡན་ཆད་སངས་རྒྱས་དགྱེས་པའི་མཆོད་པ་ཡིན་ལ། བྱང་ཆུབ་ཐོབ་པ་ན་སངས་རྒྱས་ཀྱི་བཞེད་པ་མཐར་ཐུག་གྲུབ་པ་ཡིན་པས་སངས་རྒྱས་དགྱེས་པའི་མཆོད་པའི་ནང་ནས་ཀྱང་འདི་མཆོག་ཡིན་ནོ། །གཉིས་པ་ལ་དུས་ཀྱི་སྒོ་ནས་དབྱེ་ན་འདས་པའི་མཆོད་པ་རྒྱུ་དང་ད་ལྟར་གྱི་མཆོད་པ་ནི་རྒྱུ་མཐུན་གྱི་འབྲས་བུ་དང༌། ཡང་ད་ལྟར་གྱི་རྒྱུ་དང༌། མ་འོངས་པའི་མཆོད་པ་ནི་འབྲས་བུ་ཉིད་དོ། །ཕྱི་ནང་གིས་ཕྱེ་ན་བདག་ཉིད་ཀྱིས་བྱེད་པ་ནི་ནང་གིའོ། །གཞན་བྱེད་དུ་བཅུག་པ་ནི་ཕྱིའི་འོ། །འགྲེལ་ཆེན་མཁན་པོ་ན་རེ། རང་གི་ལུས་འབུལ་བ་དང༌། ཆོས་ཉན་པ་དང་སེམས་པ་ལ་སོགས་པ་བྱེད་པ་ནི་ནང་གི་ཡིན་ལ། གཞན་བྱེད་དུ་བཅུག་པ་དང༌། ཆོས་གོས་ལ་སོགས་པ་འབུལ་བ་ནི་ཕྱིའི་མཆོད་པ་ཡིན་ཞེས་གསུངས་སོ། །ཕྲ་རགས་ཀྱིས་ཕྱེ་ན་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་འབུལ་བ་རྙེད་པ་དང༌། ཕྱག་འཚལ་བ་ལ་སོགས་པ་བཀུར་སྟིའི་མཆོད་པ་ནི་རགས་པའོ། །སྤྱིར་དགེ་བ་སྒྲུབ་པའང་ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་ལ་སློབ་པ་སྒྲུབ་པའི་མཆོད་པ་ནི་ཕྲ་བའོ། །མཆོག་དམན་གྱིས་ཕྱེ་ན་བསམ་པ་དང་རྫས་ཆུང་བ་ནི་དམན་པའོ། །དེ་གཉིས་རྒྱ་ཆེན་པོ་ནི་གྱ་ནོམ་པའོ། །ཡང་འཁོར་གསུམ་དུ་རྟོག་པའི་ང་རྒྱལ་དང་བཅས་པ་ནི་དམན་པའོ། །ང་རྒྱལ་མེད་པ་ནི་གྱ་ནོམ་པའོ། །ཉེ་རིང་གིས་ཕྱེ་ན་དུས་ཕྱིས་སྦྱོར་བ་རིང་ལ་དེ་མ་ཐག་སྦྱོར་བ་ཉེ་བ་དང༌། འགྲོ་བ་སྟེ་ཚེ་རབས་དུ་མས་བར་དུ་ཆོད་པ་ནི་རིང་ལ། ཚེ་ཕྱི་མ་ཉིད་ལ་མཆོད་པར་བྱེད་པ་ནི་ཉེ་བའོ། །ཡང་མཆོད་པ་གང་ཞིག་ཚེ་ཕྱི་མ་བྱ་བར་སྨོན་པ་ནི་རིང་ལ། འདི་ཉིད་དུ་བྱ་བར་སྨོན་པ་དེ་ཉེ་བའོ། །མཆོག་ཏུ་གྱུར་པ་ནི་རང་གིས་སེམས་ཀྱིས་སངས་རྒྱས་རྣམས་མཆོད་པ་ནི་མཆོད་པ་དང་ལྡན་པའི་ཐེག་ཆེན་གྱི་ཆོས་ལ་མོས་པ་དང་རོ་མྱོང་བ་ལ་སོགས་པའི་བསམ་པ་དང༌། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ལ་དབང་འབྱོར་པ་དང༌། འཁོར་གསུམ་རྣམ་པར་མི་རྟོག་པའི་ཐབས་ཀྱིས་ཡོངས་སུ་བཟུང་བ་དང༌། ས་བརྒྱད་པ་ཡན་ཆད་དུ་འདྲེས་ཤིང་ཉེ་བར་འདྲེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་དང་དོན་གཅིག་ལ་འཇུག་པ་སྟེ། འགྲེལ་ཆེན་མཁན་པོ་ནི། བྱང་ཆུབ་སེམས་དཔའ་གཅིག་གིས་སེམས་ཅན་སྨིན་པར་བྱས་ནས་ས་དེར་ཞུགས་པའི་བྱང་ཆུབ་སེམས་དཔའ་གཞན་གྱིས་ཀྱང་སྨིན་པར་བྱས་པ་ཡིན་པས་འདྲེས་པ་དང༌། གཅིག་གིས་སངས་རྒྱས་མཆོད་ན་ཐམས་ཅད་ཀྱིས་མཆོད་པས་ཉེ་བར་འདྲེས་པར་ཡིན་ཞེས་ཟེར་རོ། །ལྔ་པོ་དེ་མཆོག་ཏུ་གྱུར་པའོ། །བྱང་ས་ལས། དེ་བཞིན་གཤེགས་པ་ལ་མཆོད་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་མཆོད་པ་དང༌། དགེ་འདུན་ལ་མཆོད་པ་ཡང་དེ་དང་འདྲ་བར་ཅི་རིགས་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་འདི་ཡང་ཆོས་དང་དགེ་འདུན་ལ་མཆོད་པ་ཤུགས་ལ་རིག་པར་བྱའོ། །དགེ་བའི་བཤེས་གཉེན་བསྟེན་པ་ལ་གསུམ་སྟེ། བསྟེན་པ་ཕུན་སུམ་ཚོགས་པ་དང༌། དབྱེ་བ་དང༌། མཆོག་ཏུ་གྱུར་པའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། བརྟེན་པ་རྟེན་དང་ཞེས་པ་ལ་སོགས་བརྒྱད་དོ། །དེ་དག་རྒྱས་པར་བཤད་པ་ལ། དང་པོ་རྟེན་ནི། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ཚུལ་ཁྲིམས་དང་ལྡན་པས་དབང་པོ་དུལ་བ། ཏིང་ངེ་འཛིན་དང་ལྡན་པས་སེམས་ནང་དུ་ཞི་བར་གནས་པ། ཤེས་རབ་དང་ལྡན་པས་ཉོན་མོངས་པ་ཉེ་བར་ཞི་བ་དང༌། སློབ་མ་བས་ཡོན་ཏན་ཆུང་བའམ་མཉམ་པ་མ་ཡིན་པས་ཡོན་ཏན་ལྷག་པ། གཞན་དོན་ལ་ཤིན་ཏུ་བརྩོན་པ་དང་བཅས་པ། ཐོས་པ་མང་བས་ན་ལུང་གིས་ཕྱུག་པ་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པས་ཆོས་སྨྲ་བ་ལ་མཁས་པ་དང་ལྡན་པ་ཟང་ཟིང་ལ་མི་ལྟ་བས་བརྩེ་བའི་བདག་ཉིད། རྟག་ཏུ་ཆོས་སྟོན་པའི་ཕྱིར་སྐྱོ་བ་སྤངས་པ་སྟེ། དེ་ལྟ་བུའི་དགེ་བའི་བཤེས་གཉེན་མཆོག་ཏུ་གྱུར་པ་ཡིན་པས་བྱང་ཆུབ་སེམས་དཔའ་དེ་ལ་བསྟེན་པར་བྱའོ། །གཞི་ནི་ཡང་དག་པའི་ཡོན་ཏན་སྒྲོགས་པ་དང༌། ཕྱག་འཚལ་བ་ལ་སོགས་པ་བཀུར་སྟི་དང༌། ཆོས་གོས་བསོད་སྙོམས་ལ་སོགས་པ་རྙེད་པ་དང༌། ལུས་བཀྲུ་བ་ལ་སོགས་པ་རིམ་གྲོ་དང༌། དེས་ཇི་ལྟར་གདམས་པ་བཞིན་དུ་སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ་སྟེ། དེ་ནི་བསྟེན་པའི་གཞིའོ། །རྒྱུ་མཚན་ནི་དེ་བཞིན་དུ་བློ་དང་ལྡན་པ་དེ་དམ་པའི་ཆོས་ལ་གུས་པ་ལ་སོགས་པའི་སྒོ་ནས་བཤེས་གཉེན་བསྟེན་ཚུལ་ནི་ཀླན་ཀ་བཙལ་བ་ལ་སོགས་པའི་ཕྱིར་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་མ་ཡིན་གྱི། དམ་པའི་ཆོས་ཀྱི་དོན་ཀུན་ཤེས་པར་བྱ་བའི་བསམ་པ་དང༌། བསམ་གཏན་ལ་གནས་པ་ལ་སོགས་པའི་དུས་སུ་དྲུང་དུ་མི་འགྲོ་བས་ཆོས་ཉན་པའི་དུས་ཤེས་པ་དང༌། ང་རྒྱལ་དང་བག་མེད་པའི་སྤྱོད་ལམ་གྱིས་མི་འགྲོ་བས་འདུད་པ་སྟེ། ང་རྒྱལ་མེད་ཅིང་གུས་པ་དང་བཅས་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་བགྲོད་པར་བྱའོ། །ཡོངས་སུ་བསྔོ་བ་ནི། བྱང་ཆུབ་སེམས་དཔའི་བཤེས་གཉེན་བསྟེན་པ་དེ་ནི་རྙེད་བཀུར་རྙེད་པར་འདོད་ནས་བསྟེན་པ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པའི་ཚུལ་བཞིན་དུ་བསྒྲུབ་པར་བྱ་བའི་ཕྱིར་དེ་ཡོངས་སུ་བསྔོ་བ་སྟེ། དེའི་ཆེད་དུ་དམིགས་ནས་དགེ་བའི་བཤེས་གཉེན་བསྟེན་པར་བྱེད་དོ། །རྒྱུ་ནི་བསྟན་པ་དགེ་བའི་བཤེས་གཉེན་གྱིས་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པར་བྱེད་པ་དེས་དགེ་བའི་བཤེས་གཉེན་དེའི་སེམས་ཡང་དག་པར་མགུ་བར་བྱེད་དོ། །སྐྱེས་རབས་ལས། ཕན་པར་བྱེད་ལ་ལན་དུ་མཆོད་པ་ནི། །བགོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་པ་ལྟར་རོ། །ཡེ་ཤེས་ནི་ཐེག་པ་གསུམ་པོ་ཐམས་ཅད་ལ་མཁས་པར་བློས་རྟོགས་པར་བྱས་ནས་བྱང་ཆུབ་སེམས་དཔའ་རང་གི་ཐེག་པ་སྟེ། ཐེག་ཆེན་གྱི་ལམ་བསྒྲུབ་པར་བྱ་བའི་ཕྱིར་འབད་པར་བྱའོ། །ཞིང་ནི་གང་འདུལ་བར་བྱ་བའི་ཞིང་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཞིང་དག་པ་ཡང་སྦྱང་བར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བསྟེན་པ་ཡིན་ཏེ། སེམས་ཅན་ཚད་མེད་པ་དེ་དག་ལ་ཞིང་དག་པར་གནས་ནས་ཆོས་ཐོས་པར་འགྱུར་བའི་ས་བོན་འཇོག་པར་བྱེད་པ་ཡིན་ནོ། །གནས་ནི་དེ་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པའི་ཆེད་དུ་ཡོན་ཏན་དང་ལྡན་པའི་བཤེས་གཉེན་རབ་ཏུ་བསྟེན་པར་བྱེད་ཀྱི་ཟང་ཟིང་གི་བགོ་སྐལ་ལ་སྤྱོད་པའི་ཕྱིར་ནི་མ་ཡིན་ནོ། །འགྲེལ་ཆེན་མཁན་པོ་ནི། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པའི་ཡོན་ཏན་དང་ལྡན་པས་བཤེས་གཉེན་བསྟེན་པར་བྱེད་ཅེས་པའི་དོན་དུ་འཆད་དོ། །དབྱེ་བ་ནི་བློ་དང་ལྡན་པའི་དགེ་བའི་བཤེས་གཉེན་བསྟེན་ཚུལ་ལ་དུས་ཀྱིས་ཕྱེ་ན་རྒྱུ་དང་ཞེས་ཏེ་སྔར་དང་འདྲའོ། །ཕྱི་ནང་གིས་ཕྱེ་ན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཆོས་སྒོ་རྗེས་འགྲོ་སྟེ། ཆོས་ཀྱི་སྒོའི་རྒྱུན་གྱི་ཏིང་ངེ་འཛིན་ཟོར་ནས་དེ་ཡང་དང་ཡང་དུ་གོམས་པར་བྱེད་པས་ནི་དགེ་བའི་བཤེས་གཉེན་མཉེས་པར་འགྱུར་ཏེ་ནང་གིའོ། །རྫས་འབུལ་བ་ལ་སོགས་པ་ནི་ཕྱིའིའོ། །ཕྲ་རགས་ཀྱིས་ཕྱེ་ན་ཐོས་པ་ཉན་པ་ནི་རགས་ལ། སེམས་ཀྱི་རྣལ་འབྱོར་བསམ་པ་དང་སྒོམ་པ་གཉིས་ནི་ཕྲ་བའོ། །མཆོག་དམན་དང་ཉེ་རིང་གིས་དབྱེ་བ་ནི་ང་རྒྱལ་ལ་སོགས་ཏེ་སྔར་གྱི་ཤུགས་ཀྱིས་ཤེས་པའོ། །མཆོག་ཏུ་གྱུར་པ་ནི། རང་གིས་སེམས་ཀྱིས་དགེ་བའི་བཤེས་གཉེན་གྱི་མཆོག་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་བསྟེན་ཚུལ་སྟོན་པའི་ཐེག་ཆེན་གྱི་ཆོས་ལ་མོས་པ་ལ་སོགས་པའི་སྒོ་ནས་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་སྔར་གྱི་རིགས་པས་ཤེས་པར་བྱའོ། །ཚད་མེད་པ་སྒོམ་པ་ལ་གསུམ་སྟེ། སྤྱིར་བསྟན་པ་དང༌། སྙིང་རྗེ་བྱེ་བྲག་ཏུ་བཤད་པ་དང༌། ཚད་མེད་མཆོག་ཏུ་གྱུར་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ་གཉིས་ལས། སྤྱིར་བསྟན་པ་ནི། བརྟན་པའི་ཚངས་པའི་གནས་པ་སྟེ། ཚད་མེད་པ་བཞི་ནི་མི་མཐུན་ཕྱོགས་བཞི་སྤངས་པ་དང༌། གཉེན་པོ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། དམིགས་པའི་ཁྱད་པར་གང་ཟག་དང༌། ཆོས་དང༌། དམིགས་པ་མེད་པ་སྟེ་གསུམ་ལ་འཇུག་པ་དང༌། བྱེད་ལས་ཀྱི་ཁྱད་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའོ། །གཉིས་པ་དམིགས་པ་བྱེ་བྲག་ཏུ་བཤད་པ་ནི་དམིགས་པ་གསུམ་པོ་དེ་གང་ཡིན་ཞེ་ན། དམིགས་ཡུལ་སེམས་ཅན་རྫས་ཡོད་དུ་བཟུང་ནས་དེ་ལ་བྱམས་པ་ལ་སོགས་པ་བཞི་སྒོམ་པ་ནི་སེམས་ཅན་ལ་དམིགས་པ་སྟེ་མུ་སྟེགས་དང་ཐུན་མོང་བའོ། །དམིགས་ཡུལ་སེམས་ཅན་སྐད་ཅིག་གིས་འཇིག་པར་མཐོང་ནས་བྱམས་སོགས་བཞི་སྒོམ་པ་ནི་ཆོས་ལ་དམིགས་པ་སྟེ་ཉན་རང་དང་ཐུན་མོང་བའོ། །ཆོས་ཙམ་དུ་ཡང་མི་རྟོག་པའི་བྱམས་པ་ལ་སོགས་པ་ནི་དམིགས་པ་མེད་པ་སྟེ་ཐེག་ཆེན་པ་ཁོ་ནའིའོ། །ཡང་གསུམ་པོ་དེ་དག་གཙོ་ཆེར་མོས་སྤྱོད་དང༌། རྒྱུའི་ས་བདུན་དང༌། འབྲས་བུའི་ས་གསུམ་ན་གོ་རིམ་ལྟར་ཡོད་དོ། །འདིར་བརྟན་པ་རྣམས་ཀྱིས་ནི་ཚད་མེད་པ་བཞི་པོའི་ནང་ནས་སེམས་ཅན་ལ་དམིགས་པའི་བྱམས་པ་ནི་དེ་དམིགས་པས་སེམས་ཅན་ལ་དམིགས་ནས་རྣམ་པ་དེ་དག་བདེ་བ་དང་ལྡན་པར་འདོད་པའོ། །སྙིང་རྗེ་ནི་སྡུག་བསྔལ་གྱིས་ཉམས་ཐག་པ་རྣམས་ལ་དམིགས་ནས་སྡུག་བསྔལ་དེ་དང་བྲལ་བར་འདོད་པའོ། །དགའ་བ་ནི་བདེ་བ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་བདེ་བ་དེ་དང་མི་འབྲལ་བར་འདོད་པའོ། །བཏང་སྙོམས་ནི་ཉོན་མོངས་པ་ཆགས་སྡང་གཏི་མུག་ཅན་གྱི་སེམས་ཅན་རྣམས་ཉོན་མོངས་པ་དེ་དག་དང་བྲལ་བར་འདོད་པའོ། །ཆོས་ལ་དམིགས་པ་ནི་ཚད་མེད་པ་བཞི་པོ་དེ་དག་བསྟན་པའི་ཆོས་ལ་དམིགས་ནས་ཐོས་བསམ་བྱས་པ་ལ་བརྟེན་ནས་བྱུང་བའི་ཚད་མེད་པ་བཞི་སྟེ། དེས་ན་སྡེ་སྣོད་ཀྱི་ཆོས་ལ་དམིགས་ནས་བྱུང་བས་དེར་བཏགས་ཏེ་སྔར་གྱི་དང་མི་འདྲའོ། །དམིགས་པ་མེད་པ་དེ་ཡང་ནི་སེམས་ཅན་དང་ཆོས་སུ་མི་རྟོག་པའི་སྒོ་ནས་སེམས་ཅན་དང་ཆོས་དེ་བཞིན་ཉིད་ལ་རབ་ཏུ་འཇུག་པའོ། །ཡང་རྒྱུ་མཚན་བཞིས་དམིགས་པ་མེད་པ་དེའི་དོན་རིག་བྱ་སྟེ། དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་ཡང་དམིགས་པ་མེད་པ་ཞེས་བྱའོ། །ས་བརྒྱད་པ་ཡན་ཆད་དུ་ཞི་བ་སྟེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྒོ་ནས་ཚད་མེད་བཞིའི་མི་མཐུན་ཕྱོགས་རྣམས་སྤངས་བས། དེ་དག་གི་ས་བོན་རྒྱས་ཏེ་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཕྱིར་སྐབས་དེའི་བྱམས་པ་ལ་སོགས་པ་ནི་དམིགས་པ་མེད་པ་ཞེས་བྱའོ། །བྱམས་བློས་ཀུན་ནས་བླང་བའི་ལུས་ངག་གི་ལས་གཉིས་ལས། བྱམས་པར་བཏགས་པ་དེ་ནི་བེམ་པོ་ཡིན་པས་དམིགས་པ་མེད་པ་ཡིན་ནོ། །ཡིད་ཀྱི་མདུད་པ་རྣམས་སྤངས་པའི་ཕྱིར་དམིགས་པ་ཆད་དོ་ཞེས་འབྱུང་བས་ཉོན་མོངས་རྣམས་ནི་དམིགས་པ་ཡིན་ལ། དེ་དག་ཟད་པའི་བྱམས་པ་ལ་སོགས་པ་བཞི་ནི་དམིགས་པ་མེད་པའོ། །དབྱེ་བ་ལ་བཞི་སྟེ། རྟེན་དང༌། མཆོག་དམན་དང༌། རྒྱུ་འབྲས་རྟགས་གསུམ་དང༌། སྐྱོན་ཡོན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི་བྱམས་པ་ལ་སོགས་པ་བཞི་པོ་དེ་དག་རྟེན་བསམ་གཏན་ལ་བརྟེན་པ་ནི་མི་མཐུན་ཕྱོགས་སྟོབས་ཆེ་བས་ཉམས་པར་འགྱུར་བའི་སྐལ་པ་ཅན་གཡོ་བ་དང༌། གཉེན་པོ་སྟོབས་ཆེ་བས་མི་ཉམས་ཤིང་གོང་ནས་གོང་དུ་འགྲོ་བ་གནས་པ་དང་ཁྱད་པར་དུ་འགྱུར་བའི་སྐལ་བ་ཅན་མི་གཡོ་བ་དང༌། བསམ་གཏན་གྱི་བདེ་བ་ལ་ཆགས་པས་རོ་མྱོང་བ་དང་བཅས་པས་ཉོན་མོངས་པ་ཅན་དང༌། དེ་མེད་པ་ཉོན་མོངས་པ་ཅན་མིན་པ་ཞེས་བྱ་བ་སྟེ་བཞི་ཡོད་པ་ལས་ཁྱད་པར་དུ་བྱུང་ཆུབ་སེམས་དཔའི་ཚད་མེད་པ་ནི་གནས་པ་དང་ཁྱད་པར་འགྱུར་བའི་སྐལ་པ་ཅན་ཡིན་པས་མི་གཡོ་བ་དང༌། བདེ་བ་ལ་རོ་མི་མྱོང་བས་འདོད་ཆགས་དང་བྲལ་བར་རབ་ཏུ་གནས་པ་ཡིན་ནོ། །གཉིས་པ་ནི་མཉམ་པར་བཞག་པ་ཁམས་གོང་མའི་ཚད་མེད་པ་དེ་དམན་ནོ། །མཉམ་པར་བཞག་པ་ཡང་ཆེན་པོ་ལ་ལྟོས་ནས་ཆུང་ངུ་དང་འབྲིང་པོ་དམན་ནོ། །དམན་པའི་ས་པ་ཞེས་བྱ་བ་ནི་ས་དང་པོ་ལ་ལྟོས་ནས་མོས་སྤྱོད་ཀྱི་ས་དམན་ལ། བཅུ་པ་ལ་ལྟོས་ནས་དགུ་པ་དམན་པའི་བར་རོ། །བསམ་པ་དམན་པ་ཉན་རང་གི་ཚད་མེད་དེ་ཐེག་ཆེན་ལ་ལྟོས་ནས་དམན་ནོ། །ས་བརྒྱད་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་ལྟོས་ནས་ང་རྒྱལ་དང་བཅས་པ་ས་བདུན་པ་མན་ཆད་ཀྱི་ཚད་མེད་གང་ཡིན་པ་དེ་དམན་པ་སྟེ། དེ་ལྟར་དྲུག་པོ་དེ་ནི་རང་རང་གི་ཟློག་ཕྱོགས་དེ་དག་ལ་ལྟོས་ནས་དམན་པ་ཡིན་ལ། གཞན་ཟློག་ཟླ་དྲུག་པོ་འདི་ཉིད་ནི་ལྷག་པ་ཡིན་ནོ། །གསུམ་པ་ནི་རྒྱུ་ཚངས་པའི་གནས་ལ་གནས་པའི་བློ་ལྡན་དེ་རྣམས་ཀྱི་རྣམ་སྨིན་གྱི་འབྲས་བུ་ནི་གཟུགས་ཀྱི་ཁམས་སུ་སྐྱེ་བར་རིགས་ཤིང་ནུས་ཀྱང་སྙིང་རྗེས་གདུལ་བྱའི་དོན་དུ་རྟག་ཏུ་འདོད་པའི་ཁམས་སུ་སྐྱེའོ། །བདག་པོའི་འབྲས་བུ་ནི་བྱང་ཆུབ་སེམས་དཔའ་ཚད་མེད་པ་དེས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་རྫོགས་པར་བྱེད་ཅིང་སྐྱེས་བུ་བྱེད་པའི་འབྲས་བུ་ནི་སེམས་ཅན་དག་ཀྱང་རྣམ་པར་སྨིན་པར་བྱེད་དོ། །རྒྱུ་མཐུན་གྱི་འབྲས་བུ་ནི་ཚེ་རབས་ཀུན་ཏུ་ཚངས་པའི་གནས་པ་བཞི་དང་མི་འབྲལ་ཞིང༌། བྲལ་བའི་འབྲས་བུ་ནི་ཚད་མེད་བཞི་པོ་དེའི་མི་མཐུན་ཕྱོགས་དང་བྲལ་བའོ། །རྟགས་ནི་བག་མེད་དེ་རེ་ཤིག་མི་མཐུན་ཕྱོགས་ཅུང་ཟད་ཙམ་ཞིག་མངོན་དུ་གྱུར་པའི་བྱམས་པ་ལ་སོགས་པ་མངོན་སུམ་དུ་མ་བྱས་ཀྱང་མི་མཐུན་ཕྱོགས་གནོད་སེམས་ལ་སོགས་པ་དེ་སྐྱེ་བའི་རྐྱེན་ཡུལ་མི་ཟད་པ་མངོན་སུམ་དུ་གྱུར་པས་ཀྱང་ཚད་མེད་པ་དེ་ལས་མི་འགྱུར་བའོ། །བཞི་པ་ལ་གཉིས་ལས། མི་མཐུན་ཕྱོགས་དང༌། ཡོན་ཏན་གྱི་དབྱེ་བའོ། །དང་པོ་ལ་གཉིས་ལས། མི་མཐུན་པའི་ཕྱོགས་ངོས་བཟུང་བ་ནི་བྱང་ཆུབ་སེམས་དཔའ་དེའི་ཚད་མེད་བཞིའི་མི་མཐུན་ཕྱོགས་ནི་གོ་རིམ་བཞིན་དུ་གནོད་སེམས་དང༌། རྣམ་འཚེ་དང༌། གཞན་བདེ་བ་ལ་མི་དགའ་བ་དང༌། གནོད་སེམས་དང་འདོད་པའི་འདོད་ཆགས་གཉིས་དང་ལྡན་པ་སྟེ་དེ་དག་གིས་ཉེས་དམིགས་རྣམ་པ་མང་པོ་ལ་རེག་པར་བྱེད་དོ། །དེའི་ཉེས་དམིགས་བསྟན་པ་ནི་ཉོན་མོངས་པ་གནོད་སེམས་ལ་སོགས་པ་རྣམས་ཀྱིས་བདག་ཉིད་ཀྱང་འདི་དང་ཕྱི་མར་སྡུག་བསྔལ་སྦྱོར་བས་ན་བདག་ཉིད་འཇོམས་ཤིང༌། སེམས་ཅན་གཞན་གྱི་སྲོག་དང་ལོངས་སྤྱོད་ཀྱང་འཇོམས་ཤིང་ཚུལ་ཁྲིམས་འཇོམས་ཏེ། ཉོན་མོངས་པའི་དབང་གིས་སྲོག་གཅོད་པ་ལ་སོགས་པ་བྱས་པས་བདག་གཞན་གཉིས་ཀ་ལ་གནོད་པར་འགྱུར་རོ། །ཡང་ཚུལ་ཁྲིམས་ཉམས་པས་བདག་ཉིད་འགྱོད་པའི་སྒོ་ནས་བདེ་བ་ལས་ཉམས་པ་ནི་བདག་ཉིད་ཀྱིས་སྨད་པའོ། །གཞན་མ་དད་དེ་བསོད་སྙོམས་ལ་སོགས་པ་འབུལ་བ་མེད་པས་ན་རྙེད་པས་དམན་པར་གྱུར་པ་ནི་གཞན་གྱི་སྨད་པའོ། །བསྟན་པ་བསྲུང་བའི་ལྷ་དང་སྟོན་པ་སངས་རྒྱས་ཀྱིས་ཀྱང་སྨད་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་ཀྱང་ཚུལ་ཁྲིམས་འཆལ་པ་དེ་དང་ལྷན་དུ་གནས་པར་མི་བྱའོ། །ཞེས་རྩོད་ཅིང་སྨོད་པ་དང༌། ཕྱོགས་མཚམས་སུ་འདིའི་མི་སྙན་པ་འབྱུང་བ་དང༌། དེ་ནི་སྐྱེ་བ་གཞན་དུ་མི་ཁོམ་པ་རྣམས་སུ་སྐྱེ་བ་དང༌། བྱམས་པ་ལ་སོགས་ཐོབ་པ་ཉམས་པས་ན་ཚེ་འདིའི་ཁ་ན་མ་ཐོ་བ་འཕེལ་བ་དང༌། མ་ཐོབ་པ་ཉམས་པ་སྟེ་ཕྱིས་ཐོབ་པར་མི་འགྱུར་བས་ཚེ་ཕྱི་མའི་ཁ་ན་མ་ཐོ་བའང་འཕེལ་བ་དང༌། དེ་ལ་བརྟེན་ནས་ཡིད་ལ་སྡུག་བསྔལ་དང༌། ཡིད་མི་བདེ་བ་ཆེན་པོ་འདི་དང་ཕྱི་མར་འཐོབ་པར་འགྱུར་རོ། །ཡོན་ཏན་གྱི་དབྱེ་བ་ལ་གཉིས་ཏེ། རང་གཞན་གྱི་དོན་གྲུབ་པ་དང༌། ཐུན་མོང་མ་ཡིན་པའི་ཕན་ཡོན་ནོ། །དང་པོ་ལ་རང་དོན་ནི་སྔར་བཤད་པའི་ཉེས་པ་འདི་ཀུན་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་ལ་ལེགས་པར་གནས་པ་ལ མི་འབྱུང་ངོ༌། གཞན་དོན་ནི་བསམ་པ་ཉོན་མོངས་པ་ཅན་མ་ཡིན་པའི་སྒོ་ནས་སེམས་ཅན་གྱི་དོན་དུ་འཁོར་བ་ཡོངས་སུ་མི་གཏོང་བ་དེར་སྐྱེས་ནས་གཞན་དོན་རྒྱ་ཆེན་པོ་བྱེད་དོ། །གཉིས་པ་ནི་ཇི་ལྟར་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ལ་བྱམས་པ་ལ་སོགས་པ་ཚད་མེད་བཞི་སེམས་དཔའ་འདི་འབྱུང་བ་ལྟར་སེམས་ཅན་ཕལ་པ་ཐམས་ཅད་ནི་རང་གི་བུ་གཅིག་པ་ཡོན་ཏན་མང་པོ་དང་ལྡན་པ་ལ་ཡང་དེ་ལྟ་བུའི་བྱམས་པ་ལ་སོགས་པ་བྱེད་པ་མ་ཡིན་ནོ། །དེ་ལྟར་ཚད་མེད་པ་བཞི་པོ་དེ་ལས་དང་པོ་གསུམ་པོ་ནི་བདེ་བའི་བསམ་པས་བསྡུས་ལ། ཐ་མ་ནི་ལྷག་པའི་བསམ་པས་བསྡུས་སོ། །བཞི་ཆར་ཡང་སྙིང་བརྩེ་བ་ཞེས་བྱ་སྟེ། བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚད་མེད་པ་འདི་དག་ཐམས་ཅད་ནི་སྙིང་བརྩེ་བ་ཞེས་བྱ་སྟེ། དེ་ལྟ་བས་ན་དེ་དག་དང་ལྡན་པའི་བྱང་སེམས་རྣམས་ནི་བརྩེ་བ་ཅན་ཞེས་བྱའོ། །སྙིང་རྗེ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྣམ་པར་དབྱེ་བ་དང༌། སྙིང་རྗེ་ཆེན་པོ་བསྟན་པའོ། །དང་པོ་ལ་དམིགས་པ། འབྲས་བུ། ལས། དབྱེ་བ། ཆེ་བ་དཔེས་བསྔགས་པ། མི་འདོར་བའི་འཐད་པ། སྐྱེ་བའི་རྐྱེན་ཏེ་བདུན་ལས། དམིགས་པ་ལ་བཅུ་ལས། རབ་འབར་ནི་འདོད་པའི་བདེ་བ་ལ་ཆགས་པ་རྣམས་སོ། །དགྲའི་དབང་དུ་སོང་བ་ནི་དགེ་བ་ལ་ཞུགས་པ་ལ་བདུད་ཀྱི་བར་ཆད་བྱས་པ་རྣམས་སོ། །སྡུག་བསྔལ་གྱིས་ནོན་པ་ནི་དམྱལ་བ་ལ་སོགས་པའོ། །མུན་པས་སྒྲིབ་པ་ནི་བཤན་པ་ལ་སོགས་པ་གཅིག་ཏུ་ཉེས་པ་སྤྱོད་པ་རྣམས་སོ། །བགྲོད་དཀའི་ལམ་ལ་ཀུན་ཏུ་ཞུགས་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་པ་རྣམས་ཏེ་འཁོར་བའི་ལམ་གཏན་རྒྱུན་མི་གཅོད་པའི་ཕྱིར་རོ། །འཆིང་བ་ཆེ་དང་ཡང་དག་ལྡན་པ་ནི་མུ་སྟེགས་པའི་ལམ་ལ་ཞུགས་པ་རྣམས་ཏེ་དེ་ལྟ་བ་ངན་པའི་འཆིང་བས་བཅིངས་པའི་ཕྱིར་རོ། །ཟས་ཆན་དུག་དང་འདྲེས་པ་ལ་ཞེན་པ་ནི། སྙོམས་འཇུག་གི་བདེ་བ་ལ་ཞེན་པ་རྣམས་ཏེ། སྙོམས་འཇུག་གི་བདེ་བ་ཉོན་མོངས་ཅན་ནི་ཟས་ཞིམ་པོ་དུག་དང་འདྲེས་པ་ལྟར་བདེ་བ་དེ་ལས་ཕྱིས་ཉམས་པར་འགྱུར་བའི་ཕྱིར་རོ། །ལམ་རབ་ཏུ་སྟོར་བར་གྱུར་པ་ནི། དེ་ཁོ་ན་ཉིད་མ་རྟོགས་ཀྱང་རྟོགས་སོ་སྙམ་པའི་མངོན་པའི་ང་རྒྱལ་ཅན་རྣམས་ཏེ། ཇི་སྲིད་དུ་ང་རྒྱལ་དེ་ཡོད་པ་དེ་སྲིད་དུ་ཐར་པའི་ལམ་སྟོར་བའི་ཕྱིར་རོ། །ལམ་གོལ་བ་ལ་རབ་ཏུ་ཞུགས་པ་ནི། མ་ངེས་པའི་རིགས་ཅན་ཐེག་དམན་ལ་རབ་ཏུ་ཞུགས་སོ། །སྟོབས་ཆུང་བ་ནི་བྱང་ཆུབ་སེམས་དཔའ་ཚོགས་ཡོངས་སུ་མ་རྫོགས་པ་རྣམས་ཏེ། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེའི་དམིགས་པ་ཡིན་ནོ། །འབྲས་བུ་ལ་ལྔ་ལས། བྲལ་བའི་འབྲས་བུ་ནི་མི་མཐུན་ཕྱོགས་འཚེ་བ་སྤང་བའོ། །བདག་པོའི་འབྲས་བུ་ནི་སྙིང་རྗེས་བྱང་ཆུབ་མཆོག་གི་ས་བོན་བྱས་ནས་དེ་ཐོབ་པའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཞན་ལ་བདེ་བ་སྐྱེད་པ་དང༌། དེའི་དོན་དུ་བདག་ལ་གདུང་བ་བསྐྱེད་པར་བྱའོ། །རྣམ་སྨིན་གྱི་འབྲས་བུ་ནི་སྙིང་རྗེས་ཇི་ལྟར་འདོད་ཁམས་སུ་སྐྱེ་བའི་རྒྱུ་བྱས་ནས་དེར་སྐྱེ་བའོ། །རྒྱུ་མཐུན་གྱི་འབྲས་བུ་ནི། མ་འོངས་པ་ན་སྙིང་རྗེས་ཁྱད་པར་དུ་འཕགས་པའི་ངོ་བོ་ཉིད་སྦྱིན་པའོ། །དེ་ལྟར་འབྲས་བུ་ལྔ་དང་ལྡན་པའི་སྙིང་རྗེས་ཆོས་ལ་བརྟེན་པའི་རྒྱལ་བའི་སྲས་པོ་རྣམས་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཐག་མི་རིང་སྟེ་མྱུར་དུ་ཐོབ་པར་འགྱུར་རོ། །ལས་ལ་གཉིས་ལས། ངོ་བོ་ནི་བྱང་ཆུབ་སེམས་དཔའ་དེ་སྙིང་རྗེ་དང་ལྡན་པས་འཁོར་བར་གཏོགས་པའི་སེམས་ཅན་ཀུན་སྡུག་བསྔལ་གྱི་བདག་ཉིད་ཅན་ཡིན་པར་རྣམ་པར་ཤེས་ནས་དེ་དག་གི་སྡུག་བསྔལ་དེ་བསལ་བའི་ཕྱིར་རང་ལ་སྡུག་བསྔལ་འབྱུང་བས་སྐྱོ་བར་མི་འགྱུར་བས་མྱ་ངན་ལས་འདས་པ་ལ་མི་གནས་ཤིང༌། བློ་གྲོས་མཆོག་དང་ལྡན་པས་འཁོར་བའི་རང་བཞིན་བདག་མེད་པར་རྣམ་པ་ཤེས་ནས་སྲིད་པའི་ཉེས་པ་ལས་དང་ཉོན་མོངས་པས་རབ་ཏུ་གནོད་པར་མི་འགྱུར་བས་འཁོར་བ་ལ་ཡང་མི་གནས་སོ། །དེའི་འཐད་པ་ནི་འཇིག་རྟེན་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་གྱི་བདག་ཉིད་དུ་བལྟ་བའི་བརྩེ་བ་དང་ལྡན་པ་དེ་འཁོར་བའི་སྡུག་བསྔལ་རྒྱུ་ཀུན་འབྱུང་དང་བཅས་པ་དེ་དང་དེ་སྤོང་བའི་ཐབས་ལམ་གྱི་བདེན་པའི་འབྲས་བུ་འགོག་བདེན་དང་བཅས་པ་དེ་དག་ཀྱང་ཇི་ལྟ་བ་བཞིན་དུ་རིགས་ནས་སྙིང་རྗེས་གཞན་གྱི་སྡུག་བསྔལ་ཉམས་པར་བྱེད་ཅིང༌། དེ་བསལ་བའི་དོན་དུ་སྡུག་བསྔལ་བའི་སྐྱེ་བར་ཡང་མི་འགྱུར་རོ། །དབྱེ་བ་ལ་གཉིས་ལས། རྒྱུའི་སྒོ་ནས་དབྱེ་བ་ནི། སྙིང་རྗེའི་བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་བརྩེ་བ་ནི་རང་བཞིན་ཏེ་སྙིང་རྗེའི་རིགས་ཡོད་པ་དང༌། སྙིང་རྗེ་མེད་པའི་སྐྱོན་དང༌། ཡོད་པའི་ཡོན་ཏན་ལ་སོ་སོར་བརྟགས་པ་དང༌། སྙིང་རྗེ་དེ་ཚེ་སྔོན་གོམས་པར་བྱས་པ་དང༌། མི་མཐུན་པའི་ཕྱོགས་རྣམ་པར་འཚེ་བ་ཉམས་པས་རྣམ་པར་དགེ་བ་འདོད་ཆགས་དང་བྲལ་བ་འཕགས་པའི་ལམ་ཐོབ་པ་སྟེ་བཞི་པོ་དེ་སྙིང་རྗེའི་འོ། །ངོ་བོའི་སྒོ་ནས་དབྱེ་བ་ནི། འཇིག་རྟེན་པ་དང་ཉན་རང་ལྟར་སྡུག་བསྔལ་གྱི་ཚོར་བ་དང་ལྡན་པ་ཁོ་ན་ལ་བརྩེ་བ་མ་ཡིན་གྱི། མདོ་ལས། གང་ཅི་ཚོར་བ་དེ་ནི་སྡུག་བསྔལ་བའོ། །ཞེས་པ་ལྟར་རིག་ནས། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་དང་ལྡན་པ་ལ་མཉམ་པོར་བརྩེ་བ་དང༌། ཕུང་པོ་ལྷག་མེད་དུ་ཡང་མི་ཟད་པས་རྟག་པ་དང༌། ས་ལ་ཞུགས་པ་རྣམས་ཀྱིས་བདག་གཞན་མཉམ་པར་རྟོགས་པ་ལྷག་པའི་བསམ་པ་དང༌། སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཐབས་སྒྲུབ་པའི་སྒོ་ནས་དང༌། མི་མཐུན་ཕྱོགས་རྣམ་འཚེ་སྤངས་པའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་འཁོར་གསུམ་དུ་མི་དམིགས་པ་སྟེ་སྙིང་རྗེ་ཆེན་པོ་ལ། མིན་ཞེས་པ་དེ་ལས་ཟློག་པ་དྲུག་ནི་དེ་དག་ལ་ལྟོས་ནས་བརྩེ་བ་ཆེན་པོ་དེ་དག་མེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མིན་ནོ། །ཆེ་བ་དཔེའི་སྒོ་ནས་བསྔགས་པ་ལ་གསུམ་ལས། དཔེ་དོན་ཆོས་མཐུན་སྦྱར་བ་ནི། ལྗོན་ཤིང་གི་རྩ་བ་ལས། སྡོང་པོ་ལ་སོགས་པ་རིམ་གྱིས་འབྱུང་བ་ལྟར། དང་པོ་གཞན་གྱི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེའི་རྩ་བ་མཆོག་ཏུ་གྱུར་པ་དེ་ལས་གཞན་དོན་དུ་དཀའ་སྤྱད་བཟོད་པའི་སྡོང་པོ་འབྱུང་ལ། དེ་ལ་སེམས་ཅན་གྱི་དོན་ལ་སེམས་དཔའི་ཡལ་ག་དང༌། དེ་ལས་སྐྱེ་བ་བཟང་པོར་སྨོན་ལམ་འདེབས་པའི་ལོ་མ་དང༌། དེ་ལས་གཞན་དུ་སྐྱེ་བ་བཟང་པོ་འཛིན་པའི་མེ་ཏོག་དང༌། དེ་ལས་ཐ་མ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་འབྲས་བུ་མཆོག་ཏུ་གྱུར་པ་འབྱུང་སྟེ་དེ་དག་ལྡན་པའི་བྱང་ཆུབ་སེམས་དཔའ་འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན་ནོ། །དེ་ཉིད་ལྡོག་པས་སྒྲུབ་པ་ནི་རྩ་བ་སྙིང་རྗེ་མེད་པར་གྱུར་ན་གཞན་དོན་གྱི་དཀའ་སྤྱད་བཟོད་པའི་སྡོང་པོ་དེ་ཉིད་འབྱུང་བར་མི་འགྱུར་ཞིང༌། བློ་དང་ལྡན་པ་དེ་གཞན་དོན་གྱི་སྡུག་བསྔལ་མི་བཟོད་ན་སེམས་ཅན་གྱི་དོན་སེམས་པའི་ཡལ་ག་དེ་ཉིད་འབྱུང་བར་མི་འགྱུར་རོ། །གཞན་དོན་སེམས་པ་དང་བྲལ་བའི་བློ་དེ་ལས་སྐྱེ་བ་དཀར་པོ་རྣམ་དག་ཏུ་སྨོན་ལམ་འདེབས་པའི་ལོ་མ་འབྱུང་བར་མི་འགྱུར་རོ། །དེའི་སྟོབས་ཀྱིས་སྐྱེ་བ་བཟང་པོའི་མེ་ཏོག་མ་ཐོབ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་འབྲས་བུ་འབྱུང་བར་མི་འགྱུར་རོ། །རྗེས་འགྲོ་ནི་ཤིང་གི་སྡོང་པོ་དང་ཡལ་ག་ལ་སོགས་པ་འཕེལ་བར་བྱ་བའི་ཕྱིར་ཤིང་རྩ་བ་ཆུ་བ་ལྟར་རྩ་བ་སྙིང་རྗེ་དེ་ལས་བཟོད་པའི་སྡོང་པོ་ལ་སོགས་དེ་དག་འཕེལ་བར་བྱེད་པའི་ཆུ་བ་ནི་བྱམས་པ་སྟེ་དེའི་སྟོབས་ཀྱིས་སྙིང་རྗེ་འཕེལ་བར་བྱེད་པའི་ཕྱིར་རོ། །དེ་ལ་བརྟེན་ནས་གཞན་དོན་དུ་བདག་སྡུག་བསྔལ་ན་བདེ་བར་འགྱུར་བ་ཡོན་ཏན་དང་ལྡན་པ་ཡིས་བཟོད་པའི་སྡོང་པོ་ཡངས་ཤིང་རྒྱས་པར་བྱེད་དོ། །བཟོད་པ་དེ་ཐེག་ཆེན་གྱི་ཆོས་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་ལྡན་པ་ལས་གཞན་དོན་ལ་སེམས་དཔའི་ཡལ་ག་རྒྱ་ཆེན་པོ་འཕེལ་བ་དང༌། དེ་ལ་བརྟེན་ནས་གཞན་དོན་དུ་ལུས་ཁྱད་པར་ཅན་སྒྲུབ་པའི་སྨོན་ལམ་རྒྱུན་མ་བཅད་པས་སྨོན་ལམ་གྱི་ལོ་མ་སྔ་མ་དམན་པ་རྣམས་འདོར་བ་དང༌། དེ་བས་རྒྱ་ཆེ་བ་རྣམས་ལེན་པ་བྱེད་དོ། །དེ་ལ་བརྟེན་ནས་རྐྱེན་རྣམ་པ་གཉིས་ལས་ནང་གི་རྟེན་གྲུབ་པ་སྟེ་རང་གི་རྒྱུད་ཡོངས་སུ་སྨིན་པ་དེའི་ཕྱིར་མེ་ཏོག་ལྟ་བུའི་གཞན་དོན་དུ་སྐྱེ་བ་བཟང་པོ་དོན་ཡོད་པ་དང༌། ཕྱིའི་རྐྱེན་གྲུབ་སྟེ་གཞན་གྱི་རྒྱུད་ཡོངས་སུ་སྨིན་པས་འབྲས་བུ་ལྟ་བུའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དོན་ཡོད་པར་ཤེས་པར་བྱའོ། །མི་འདོར་བའི་འཐད་པ་ལ་གསུམ་སྟེ། བདེ་བ་དང་འབྲེལ་བ་དང༌། ཉེས་པ་དང་མ་འབྲེལ་བ་དང༌། ཡོན་ཏན་དང་འབྲེལ་བའོ། །དང་པོ་ནི་སྙིང་རྗེ་ཆེན་པོ་ཡོན་ཏན་ཐམས་ཅད་ཀྱི་རྩ་བར་གྱུར་པ་དེའི་འབྱུང་གནས་སུ་གྱུར་པའི་སེམས་ཅན་རྣམས་ལ་སྙིང་རྗེས་སུ་ཞིག་མི་བྱེད་དེ་བྱེད་པར་རིགས་སོ། །དེའི་རྒྱུ་མཚན་འདི་ལྟར་སྙིང་རྗེ་ཅན་འདི་དག་ལ་ནི་གཞན་དོན་གྱི་སྡུག་བསྔལ་ཡང་བརྩེ་བས་སྐྱེད་པའི་བདེ་བ་གཞལ་དུ་མེད་པ་འབྱུང་བའི་ཕྱིར་རོ། །གཉིས་པ་ཉེས་པ་དང་མ་འབྲེལ་བ་ལ་རྒྱུ་ཉོན་མོངས་པ་དང་མ་འབྲེལ་བ་དང༌། འབྲས་བུ་སྡུག་བསྔལ་དང་མ་འབྲེལ་བ་གཉིས་ལས། དང་པོ་ལ་གནས་ལ་མ་འབྲེལ་བ་དང༌། དྲི་མས་མ་གོས་པའོ། །དང་པོ་ནི་སྙིང་རྗེས་ཟིན་པའི་བརྩེ་ལྡན་རྣམས་ཉན་རང་གི་ཞི་བ་མྱ་ངན་ལས་འདས་པ་ལ་ཡང་ཡིད་མི་གནས་ན་འཇིག་རྟེན་གྱི་བདེ་བ་དང༌། རང་གི་སྲོག་ལ་ཆགས་པར་འགྱུར་བ་སྨོས་ཅི་དགོས་ཏེ། ཆགས་མི་སྲིད་དོ། །གཉིས་པ་དྲི་མས་མ་གོས་པ་ལ་གཉིས་ལས། མདོར་བསྟན་ནི་ཕ་མ་རང་གི་བུ་ལ་བྱམས་པ་ལ་སོགས་པ་ནི་སྲིད་པའི་རང་བཞིན་ཡིན་ཞིང་མི་དགེ་བ་ལ་ཡང་སྦྱོར་བས་ཁ་ན་མ་ཐོ་བ་མེད་པ་གང་ཡིན་པ་དེ་ནི་དེ་དག་ལ་ཡོད་པ་མིན་ནོ། །ཚངས་པ་ལ་སོགས་པ་འཇིག་རྟེན་པའི་སྙིང་རྗེ་ནི་ཁ་ན་མ་ཐོ་བ་མེད་ཀྱང་འཇིག་རྟེན་པ་སྟེ་དག་པ་མ་ཡིན་ནོ། །བློ་ལྡན་རྣམས་ཀྱི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བས་ཀུན་ནས་བླང་བའི་བྱམས་པ་ནི་ཁ་ན་མ་ཐོ་བ་མེད་ཅིང་འཇིག་རྟེན་ལས་འདས་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་ཁ་ན་མ་ཐོ་བ་མེད་པའི་འབྲས་བུ་སྡུག་བསྔལ་གྱི་དཔལ་རྒལ་ཆེན་པོ་དང༌། རྒྱུ་མི་ཤེས་པའི་མུན་པ་ཆེན་པོ་ལ་རབ་ཏུ་བརྟེན་པར་འགྱུར་པའི་འཇིག་རྟེན་པ་རྣམས་བྱང་ཆུབ་ཏུ་འདྲེན་པའི་ཐབས་སུ་གྱུར་པའི་སྙིང་རྗེ་གང་ཡིན་དེ་ཇི་ལྟར་ཁ་ན་མ་ཐོ་བ་མེད་པར་མི་འགྱུར་ཏེ་འགྱུར་རོ། །འཇིག་རྟེན་ལས་འདས་པ་ནི་འཇིག་རྟེན་གྱི་ཁམས་ན་སོ་སོར་བྱང་ཆུབ་པའི་རང་སངས་རྒྱས་དགྲ་བཅོམ་པ་རྣམས་ལ་ཡང༌། རྒྱལ་སྲས་རྣམས་ཀྱི་བྱམས་པ་དེ་ལྟ་བུ་མེད་ན་དེ་ལས་གཞན་ཉན་ཐོས་དང་འཇིག་རྟེན་པ་ལ་ལྟོ་སྨོས་ཀྱང་ཅི་དགོས་ཏེ། གནས་མེད་པའི་བྱང་ཆུབ་སེམས་དཔའི་སྙིང་རྗེ་དེ་ཇི་ལྟར་འཇིག་རྟེན་ལས་འདས་པ་མ་ཡིན་པར་འགྱུར་ཏེ། འཇིག་རྟེན་ལས་འདས་པ་ཤིན་ཏུ་ཡིན་ནོ། །གཉིས་པ་ལ་གཉིས་ལས། བརྩེ་བས་སྡུག་བསྔལ་བདེ་བར་འཆར་བ་ནི། བྱང་ཆུབ་སེམས་དཔའ་གཞན་གྱི་སྡུག་བསྔལ་མེད་པར་བྱ་བའི་ཕྱིར་དུ་སྙིང་བརྩེ་བས་སྡུག་བསྔལ་སྐྱེས་པར་གྱུར་པ་གང་ཡིན་པ་དེ་ལ་དང་པོ་མོས་སྤྱོད་ཀྱི་སའི་གནས་སྐབས་ན་བདག་གཞན་མཉམ་པར་མ་རྟོགས་ཤིང་སྡུག་བསྔལ་གྱི་ཆོས་ཉིད་མངོན་སུམ་དུ་མ་རྟོགས་པས་ཀུན་ཏུ་སྐྲག་ལྷག་པའི་བསམ་པ་དག་པའི་ས་ལ་རེག་ནས་ཤིན་ཏུ་མངོན་པར་དགའ་བའོ། །བདེ་བ་དེ་ཉིད་གཞན་ལ་མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་བརྩེ་བ་སྐྱེད་པའི་གཞན་དོན་དུ་སྡུག་བསྔལ་བ་དེས་འཇིག་རྟེན་གྱི་བདེ་བ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་ཞིང༌། རང་གི་དོན་མཐར་ཕྱིན་པར་བྱས་པ་དགྲ་བཅོམ་པ་རྣམས་ཀྱང་བདེ་བ་དེ་དང་མི་ལྡན་ན། གཞན་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལས་ངོ་མཚར་བ་ཅི་ཞིག་ཡོད་དེ་མེད་དོ། །གསུམ་པ་ཡོན་ཏན་དང་འབྲེལ་བ་ལ་གཉིས་ཏེ། བདེ་བ་སྒྲུབ་པ་དང༌། དགེ་བ་སྒྲུབ་པའོ། །དང་པོ་ལ་གསུམ་ལས། སྦྱིན་པའི་བདེ་བ་རྒྱས་པ་ནི། བརྟན་པ་བརྩེ་བ་དང་ལྡན་པའི་སྦྱིན་པ་དེ་ཡིས་བདོག་པ་ཐམས་ཅད་སེམས་ཅན་རྣམས་ལ་སྦྱིན་པར་བཏང་བ་ལས་བྱུང་བའི་བདེ་བ་བྱེད་པ་གང་ཡིན་པ་དེ་ལ་ཁམས་གསུམ་གྱི་བདེ་བ་ལ་ཉེ་བར་སྤྱོད་པ་རྣམས་ཀྱིས་བདེ་བ་དེའི་ཆར་ཡང་མི་ཕོད་དོ། །བརྩེ་བས་སྡུག་བསྔལ་ཁས་ལེན་པ་ནི། སེམས་ཅན་གྱི་དོན་གྱི་ཕྱིར་སྙིང་བརྩེ་བས་སྡུག་བསྔལ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པའི་འཁོར་བ་གང་ཡིན་པ་དེ་མི་གཏོང་སྟེ་དེར་སྐྱེ་བ་ལེན་ན་སྡུག་བསྔལ་ཐམས་ཅད་ནི་འཁོར་བར་འདུས་པས་སྙིང་རྗེ་ཅན་རྣམས་གཞན་ལ་ཕན་པའི་ཕྱིར་དུ་བདག་གི་སྡུག་བསྔལ་ཅི་སྟེ་ཁས་ལེན་བྱེད་པར་མི་འགྱུར་དེ་འགྱུར་རོ། །བརྩེ་བས་ཆོས་གསུམ་འབྲས་བུ་དང་བཅས་པ་འཕེལ་བ་ནི། བརྩེ་བ་དང་ལྡན་པའི་སྙིང་རྗེ་དེ་ལས་སྙིང་རྗེ་ཉིད་ཀྱི་རྒྱུན་ཆེར་འཕེལ་ཞིང་དེ་ལས་སྦྱིན་པ་འཕེལ་ལ། དེ་ལས་ལོངས་སྤྱོད་འཕེལ་ཏེ། དེ་ལས་རྒྱུ་གསུམ་འཕེལ་ལོ། །རྒྱུ་གསུམ་པོ་དེ་ལས་འབྲས་བུ་བདེ་བ་གསུམ་པོ་འཕེལ་བ་ནི། སྙིང་རྗེ་དེ་ལས་བྱམས་པས་སྐྱེད་པའི་བདེ་བ་འཕེལ་བར་འགྱུར་ཏེ། འདི་ལྟར་སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ལས་བདེ་བ་དང་ལྡན་པའི་བྱམས་པ་འབྱུང་བས་དེ་ལ་བརྟེན་ནས་སེམས་ཅན་རྣམས་དངོས་སུ་བདེ་བ་ལ་འགོད་ཅིང༌། སེམས་ཅན་བདེ་བས་བྱང་ཆུབ་སེམས་དཔའ་རྣམས་བདེ་བར་འགྱུར་བའི་ཕྱིར་རོ། །སྦྱིན་པ་ལས་སེམས་ཅན་རྗེས་སུ་བཟུང་བས་བསྐྱེད་པའི་བདེ་བ་དང༌། ལོངས་སྤྱོད་ལས་རྗེས་སུ་འཛིན་པའི་མཐུ་ཡོད་པས་བྱམས་པའི་བདེ་བ་རྟག་ཏུ་འཕེལ་བར་འགྱུར་རོ། །གཉིས་པ་དགེ་བ་སྒྲུབ་པ་ལ་གཉིས་ཏེ། སྦྱིན་པ་དང༌། ཕར་ཕྱིན་ཐམས་ཅད་ཀྱི་དགེ་བ་བསྒྲུབ་པའོ། །སྦྱིན་པ་ལ་འཇུག་པའི་རྒྱུ་མཚན་དང༌། འབྲས་བུ་དོན་དུ་མི་གཉེར་བ་དང༌། སྦྱིན་པའི་རང་བཞིན་ནོ། །དང་པོ་ལ་གཉིས་ལས། བརྩེ་བས་བསྐུལ་བ་ནི། སྙིང་རྗེས་སྦྱིན་པའི་རྒྱུ་སྙིང་རྗེ་གོང་ནས་གོང་དུ་རྒྱས་པར་བྱ་ཞིང༌། སྦྱིན་པ་ཆུང་ངུ་ཡང་སྙིང་རྗེའི་སྟོབས་ཀྱིས་ཆེན་པོ་འཕེལ་བར་བྱའོ། །སྦྱིན་པ་ལ་བརྟེན་ནས་སེམས་ཅན་གཞན་ཡོངས་སུ་སྨིན་པར་བྱ་ཞིང༌། སྦྱིན་པ་དེས་གཞན་ལ་ཕན་པ་མཐོང་བ་ལ་སོགས་པའི་སྒོ་ནས་སྦྱིན་པ་པོ་རང་ཉིད་བདེ་བར་བྱའོ། །བྱང་ཆུབ་ཆེན་པོའི་རྒྱུ་ཚོགས་གཉིས་ཀུན་ཏུ་དྲང་བར་བྱ་ཞིང་བྱང་ཆུབ་ཆེན་པོ་ལ་བཀྲི་བར་བྱའོ། །ཞེས་བྱང་ཆུབ་སེམས་དཔའི་སྙིང་རྗེས་སྦྱིན་པ་ལ་ཞེན་པ་ལ་སྤྲོ་བ་སྐྱེད་པའི་ཕྱིར་རབ་ཏུ་སྨྲ་བ་དང་འདྲ་བར་སྦྱིན་པ་ལ་དེ་ལྟར་སྟོན་པར་བྱེད་དོ། །དེའི་འཐད་པ་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེས་གཞན་གྱི་སྡུག་བསྔལ་དག་གིས་བདག་སྡུག་བསྔལ་བ་དེ་སེམས་ཅན་གཞན་ལ་བདེ་བ་མ་སྐྱེད་པར་རྒྱུ་གཞན་གང་གིས་བདག་ཉིད་བདེ་བར་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་བརྩེ་བ་དང་ལྡན་པ་དེ་ནི་གཞན་ལ་བདེ་བ་བསྐྱེད་ནས་རྒྱུ་དེས་བདག་ཉིད་བདེ་བར་བྱེད་པ་ཡིན་ནོ། །གཉིས་པ་ལ་ལྔ་སྟེ། སྦྱིན་པས་རང་བདེ་མི་འདོད་པ། འབྲས་བུ་དང་བཅས་ཏེ་སེམས་ཅན་ལ་བཏང་བ། རང་ཉིད་གོམས་པར་འདོད་པ། འབྲས་བུ་ལ་དོན་གཉེར་མེད་པའི་རྒྱུ་མཚན། ལན་ལ་མི་རེ་བའོ། །དང་པོ་ནི་སྙིང་རྗེ་ཅན་ནི་རྟག་ཏུ་རང་གི་སྦྱིན་པ་ལ་དཔེར་ན་རང་གི་སློབ་མ་ལ་གདམས་ངག་སྟོན་པ་དང་འདྲ་བར་འདི་ལྟར་སྟོན་ཏེ། སྦྱིན་པའི་རྣམ་སྨིན་ལོངས་སྤྱོད་ཀྱིས་རང་བདེ་བར་མི་འདོད་པར་ལོངས་སྤྱོད་དེ་རྣམས་ཀྱིས་གཞན་དག་བདེ་བར་གྱིས་ཤིག ཡང་ན་གཞན་གྱི་བདེ་བ་དང་བདག་གི་བདེ་བ་ཐ་དད་མིན་ཏེ་གཞན་མི་བདེ་ན་བདག་བདེ་བར་མེད་པས་ཁྱོད་ཀྱིས་འབྲས་བུ་ཡིས་གཞན་ལ་བདེ་བར་མི་བྱེད་ན་བདག་ལའང་བདེ་བ་དགོས་པ་མིན་ནོ། །གཉིས་པ་ནི་སེམས་ཅན་དེ་དག་བདེ་བ་ཡིན་པས་སྦྱིན་པ་པོ་བདག་གིས་སྦྱིན་པ་འདི་ནི་འབྲས་བུ་དང་བཅས་ཏེ་སེམས་ཅན་རྣམས་ལ་བྱིན་ཟིན་གྱིས་གལ་ཏེ་སྦྱིན་པ་ཁྱོད་ཀྱིས་བདག་ལ་འབྲས་བུ་ཤིན་ཏུ་བཟང་པོ་སྦྱིན་པར་བྱ་བ་ཞིག་ཡོད་ན་སེམས་ཅན་དེ་དག་ཉིད་ལ་སྦྱིན་པར་གྱིས་ཤིག གསུམ་པ་ནི། སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང་ལོངས་སྤྱོད་འདོད་པ་དེ་དག་ཉིད་བསམ་པ་རྒྱ་ཆེ་བ་ཡིན་པས་ལོངས་སྤྱོད་ཤིན་ཏུ་བཟང་ལ་མང་བ་དང་ཕྲད་པ་སྟེ་ཆོས་ཉིད་ཡིན་ནོ། །དེ་ལྟ་ཡང་བྱང་ཆུབ་སེམས་དཔའ་བདག་ནི་ལོངས་སྤྱོད་ཀྱི་བདེ་བ་དེ་འདོད་ནས་སྦྱིན་པ་གཏོང་བ་མ་ཡིན་གྱི། འདི་ལྟར་བདག་ནི་ཕྱིས་ཀྱང་སྦྱིན་པའི་ཆུ་རྒྱུན་མ་ཆད་པ་དང་ལྡན་པར་འདོད་དོ། །བཞི་པ་ནི། ལོངས་སྤྱོད་ལ་དོན་གཉེར་མེད་པ་ཇི་ལྟར་ཞེ་ན། བདག་ཉིད་བརྩེ་བས་དུས་རྟག་ཏུ་རང་གི་བདོག་པ་ཀུན་གཞན་ལ་གཏོང་བ་འདི་ལྟོས་ལ་རྒྱུ་མཚན་དེས་ན་སྦྱིན་པ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་བདག་ནི་སྦྱིན་པ་དེའི་འབྲས་བུ་དོན་དུ་གཉེར་བ་མེད་པ་ཉིད་དུ་ཤེས་པར་བྱའོ། །གལ་ཏེ་སྦྱིན་པ་ཁྱོད་ཀྱིས་འབྲས་བུ་ཐོབ་པ་གཞན་ལ་མི་གཏོང་ན་བདག་སྦྱིན་པ་ལ་མངོན་པར་དགའ་བ་མ་ཡིན་པར་འགྱུར་རོ། །འདི་ལྟར་སྐད་ཅིག་ཙམ་ཡང་རྫས་འགའ་ཞིག་སྦྱིན་པར་མི་བྱེད་པའི་བློ་སྐྱེས་ན་ནི་སྦྱིན་པ་ལ་མངོན་པར་དགའ་བ་ཉིད་མ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། དཔེར་ན་ཞིང་ལ་ས་ལུའི་ས་བོན་མ་བཏབ་པར་ས་ལུའི་མྱུ་གུ་མི་སྐྱེ་བ་ལྟར། སྦྱིན་པ་མ་བྱས་པ་ལ་སྦྱིན་པའི་འབྲས་བུ་མི་འབྱིན་ཏེ། རྒྱུ་མེད་པར་འབྲས་བུ་འབྱུང་བ་མི་འཐད་པའི་ཕྱིར་རོ། །སྦྱིན་པ་བཏང་ཡང་འདི་ལྟར་ལན་ལ་ལྟོས་ནས་སྦྱིན་པ་གཏོང་བ་ནི། བདག་གི་ཆ་མ་ཡིན་ལ་སྦྱིན་པ་གཏོང་བ་པོ་ཁྱོད་ཀྱིས་ལན་ལ་བལྟ་བ་དང་བྲལ་བས་ན། སྦྱིན་པའི་འབྲས་བུ་གཞན་ལ་གཏོང་བ་སྟེ་བསྔོ་བ་ཡིན་ནོ། །གསུམ་པ་སྦྱིན་པའི་རང་བཞིན་ལ་གཉིས་ལས། སྦྱིན་པ་ཇི་ལྟར་གཏོང་བ་ནི། རྒྱལ་སྲས་རྣམས་ཀྱི་བརྩེ་བས་ཀུན་ནས་བླངས་པའི་སྦྱིན་པ་ནི། ཆོས་དྲུག་ལྡན་ཏེ། གཞན་ལ་མི་གནོད་པས་ཁ་ན་མ་ཐོ་བ་མེད་ཅིང༌། དག་པའི་གཞི་ནི་མ་དག་པའི་སྦྱིན་པ་སྤངས་པ་ཡིན་ལ། དེ་ཡང་མ་དག་པའི་སྦྱིན་པ་ནི། དུག་དང་མཚོན་ལ་སོགས་པའི་སྦྱིན་པའོ། །བདེ་བ་འདྲེན་པར་བྱེད་པ་ནི་སྦྱིན་པས་བསྡུས་ནས་དགེ་བ་ལ་སྦྱོར་བ་ཉིད་དོ། །རྗེས་སུ་བསྲུང་བ་དང་རྣམ་པར་བཅས་པ་ནི་འཁོར་གྱི་སྐྱེ་བོ་ལ་མི་གནོད་པར་གཞན་ལ་སྦྱིན་པར་བྱེད་པའོ། །ཚོལ་བ་མེད་པ་ནི་མ་བླངས་ཀྱང་དོན་དུ་གཉེར་བ་ཉིད་དམ་འཕོངས་པར་ཤེས་ནས་སྦྱིན་པ་དང༌།                            རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*