ཡོན་གནས་མི་གདམས་པའོ། །གོས་པ་མེད་པ་ནི་ལན་དང་རྣམ་སྨིན་ལ་མི་རེ་བའོ། །ཡང་རྒྱལ་སྲས་རྣམས་ཀྱིས་བརྩེ་བས་ཀུན་ནས་བླངས་པའི་སྦྱིན་པ་ནི་ཆོས་དགུ་དང་ལྡན་པ་སྟེ་ནང་དང་ཕྱིའི་དངོས་པོ་མཐའ་དག་སྦྱིན་པ་དང༌། རྒྱ་ཆེ་བ་སྟེ་དངོས་པོ་མང་པོ་དང༌། གཙོ་བོ་སྟེ་གྱ་ནོམ་པ་དང༌། རྟག་པ་སྟེ་ཡང་དང་ཡང་དུ་སྦྱིན་པ་དང༌། དགའ་བ་སྟེ་སེམས་ཅན་རྣམས་ལ་མི་སྦྱིན་སྙམ་དུ་མ་བརྟགས་པར་དགའ་བས་སྦྱིན་པ་དང༌། ཟང་ཟིང་མེད་པ་སྟེ་གྲགས་པ་ལ་སོགས་པ་ལ་མི་བལྟ་བ་དང༌། སྔར་བཤད་པ་ལྟར་གཞི་དག་པ་དང༌། བྱང་ཆུབ་ལ་གཞོལ་བ་སྟེ་བྱང་ཆུབ་ཆེན་པོར་བསྔོས་པ་དང༌། དག་པ་ལ་གཞོལ་བ་ནི་བདེ་བ་འདྲེན་པ་བཞིན་ནོ། །གཉིས་པ་གཏོང་བ་ལ་སེམས་ཡོངས་སུ་དག་པའི་ཁྱད་པར་ནི། ཇི་ལྟར་སྦྱིན་པའི་བདེ་བ་དང༌། གཞན་རྗེས་སུ་འཛིན་པའི་བདེ་བ་དང༌། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པའི་བདེ་བ་སྟེ་གསུམ་གྱིས་ཚིམ་པའི་ཡིད་ཅན་གྱིས་བརྩེ་ལྡན་བྱང་ཆུབ་སེམས་དཔའ་དེ་སྦྱིན་པ་ཡོངས་སུ་གཏོང་བར་དགའ་བར་འགྱུར་བ་ཙམ་ནི་ལོངས་སྤྱོད་དག་ལ་ཉེ་བར་སྤྱོད་པ་ཡིས་དེ་ལྟར་དགའ་བར་འགྱུར་བ་མ་ཡིན་ནོ། །གཉིས་པ་ཕ་རོལ་ཏུ་ཕྱིན་པ་ཀུན་གྱིས་དགེ་བ་སྒྲུབ་པའི་ཡོན་ཏན་ནི། བཀྲེན་པ་ནི་སེར་སྣ་ཅན་ནོ། །མ་རུང་པ་ནི་ཚུལ་ཁྲིམས་འཆལ་པ་གཞན་ལ་གནོད་པ་རྣམས་སོ། །སེམས་ཀུན་ནས་འཁྲུགས་པ་ནི་ཁོང་ཁྲོ་ཅན་རྣམས་སོ། །བག་མེད་ནི་ལེ་ལོ་ཅན་རྣམས་སོ། །ཡུལ་གྱི་གཞན་དབང་ཅན་འདོད་པ་ལ་སེམས་རྣམ་པར་གཡེང་བ་རྣམས་སོ། །ལོག་པར་མངོན་པར་ཞེན་པ་ནི་ཤེས་རབ་འཆལ་བ་མུ་སྟེགས་ཅན་ལ་སོགས་པ་སྟེ་དྲུག་པོ་དེ་ལ་བྱང་ཆུབ་སེམས་དཔའ་དེ་རྣམས་དང་བྲལ་བར་འདོད་པའི་བརྩེ་བས་ཕར་ཕྱིན་དྲུག་སྒྲུབ་པར་བྱེད་དོ། །བདུན་པ་སྙིང་རྗེ་སྐྱེ་བའི་རྐྱེན་ལ་བཞི་སྟེ། དམིགས་རྐྱེན་ཚོར་བ་བདེ་བ་སྟེ་འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་ཏེ་སྡུག་བསྔལ་གྱི་སྡུག་བསྔལ་དང༌། ཚོར་བ་བཏང་སྙོམས་འདུ་བྱེད་ཀྱི་སྡུག་བསྔལ་ནི་བདེ་སྡུག་གི་གནས་ངན་ལེན་མ་སྤངས་པས་དེ་གཉིས་འདྲེན་པའི་ཕྱིར་དེ་གཉིས་ཀྱི་རྒྱུ་སྟེ། ཚོར་བ་གསུམ་པོ་དེ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་བྱང་ཆུབ་སེམས་དཔའ་སྙིང་རྗེ་སྐྱེ་ཞིང༌། རྒྱུ་རྐྱེན་ཀུན་གཞི་ལ་སྙིང་རྗེའི་རྒྱུ་ས་བོན་ཡོད་པ་དང༌། བདག་རྐྱེན་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དང༌། དེ་མ་ཐག་པའི་རྐྱེན་སེམས་དང་སེམས་བྱུང་སྔ་མ་འགག་མ་ཐག་པའི་རང་བཞིན་རྣམས་ལས་ཀྱང་བྱང་ཆུབ་སེམས་དཔའ་སྙིང་རྗེ་སྐྱེའོ། །གཉིས་པ་སྙིང་རྗེ་ཆེན་པོ་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེ་དེ་ནི་སྙིང་རྗེ་ཆེན་པོ་ཡིན་ཏེ། ཚོར་བ་ཐམས་ཅད་སྡུག་བསྔལ་དུ་རྟོགས་ནས་ཚོར་བ་གསུམ་དང་ལྡན་པའི་སེམས་ཅན་ཐམས་ཅད་ལ་མཉམ་པར་འཇུག་པར་ཤེས་པར་བྱ་ཞིང་དེ་ཡང་བསམ་པའི་སྒོ་ནས་སྡུག་བསྔལ་དེ་དང་བྲལ་བར་འདོད་པའི་ཕྱིར་དང༌། སྒྲུབ་པས་དེ་དག་ལས་དངོས་སུ་སྐྱོབ་པ་དང༌། འདོད་ཆགས་དང་བྲལ་བ་སྟེ་མི་མཐུན་ཕྱོགས་རྣམ་འཚེ་སྤངས་པ་དང༌། འཁོར་གསུམ་དུ་མི་དམིགས་པ་དང༌། དག་པ་སྟེ་ས་བརྒྱད་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །ཚད་མེད་པ་བཞིའི་ནང་ནས་སྙིང་རྗེ་ལ་བྱེ་བྲག་ཏུ་བསྔགས་པ་ནི། བྱང་ས་ལས། ཚད་མེད་པ་རྣམས་ཀྱི་ནང་ནས་སྙིང་རྗེ་གཙོ་བོར་བཤད་ཅིང་དེའི་སྟོབས་ཀྱིས་གཞན་གསུམ་ལའང་འཇུག་པར་འགྱུར་བའི་ཕྱིར་རོ། །ཚད་མེད་པ་མཆོག་ཏུ་གྱུར་པ་ནི་རང་གི་སེམས་ཀྱིས་བྱམས་པ་ལ་སོགས་པ་ཚད་མེད་པར་སྒོམ་པ་ནི་ཚད་མེད་སྟོན་པའི་ཆོས་ལ་མོས་པ་དང༌། རོ་མྱོང་བ་ལ་སོགས་པའི་བསམ་པ་དགུ་དང༌། ནམ་མཁའ་མཛོད་ལ་སོགས་པ་ཐོབ་པས་དབང་འབྱོར་བ་ཉིད་དང༌། རྣམ་པར་མི་རྟོག་པའི་ཐབས་ཀྱིས་ཡོངས་སུ་བཟུང་བ་དང༌། བྱང་ཆུབ་ཆེན་པོ་ཐམས་ཅད་དོན་གཅིག་པ་ཉིད་ལ་འཇུག་པའི་སྒོ་ནས་མཆོག་ཏུ་གྱུར་པ་ཡིན་ནོ། །གཉིསཔ་མཇུག་སྡུད་ནི་དེ་ལྟར་བཅོམ་ལྡན་འདས་ལ་དྭང་བ་རབ་ཏུ་སྐྱེས་ཤིང་ཆོས་གོས་ལ་སོགས་པའི་རྫས་ཆེན་པོ་དང༌། སྒྲུབ་པའི་མཆོད་པ་ནི་བཀུར་སྟི་ཆེན་པོ་ཡང་ཡིན་ལ། སྒྲུབ་པ་ཡང་ཡིན་པས་རྫས་དང་བཀུར་སྟི་དང༌། སྒྲུབ་པའི་མཆོད་པས་ཤིན་ཏུ་རྒྱུན་མི་ཆད་པར་མཆོད་པ་དང་ལྡན་པ་དང༌། བརྩེ་བས་གཞན་དུལ་བ་ལ་སོགས་པའི་ཡོན་ཏན་ལྔ་པོ་དང་ཡང་ལྡན་ཞིང་བརྩེ་བས་གདུལ་བྱ་ལ་ཕན་པར་བྱེད་པའི་དགེ་བའི་བཤེས་གཉེན་ལ་རྟག་ཏུ་བསྟེན་པ་དང༌། འགྲོ་བ་ལ་རྗེས་སུ་བརྩེ་བ་ཚད་མེད་པ་བཞི་སྒོམ་པས་རང་གཞན་གྱི་དོན་ཐམས་ཅད་གྲུབ་པ་ཀུན་ཏུ་འཐོབ་པར་འགྱུར་རོ། །མཆོད་པ་དང་བསྟེན་པ་དང༌། ཚད་མེད་པའི་སྐབས་བཤད་ཟིན་ཏོ།། ༈ །།དེ་ལྟར་ཚད་མེད་པའི་སྒོ་ནས་རང་དང་གཞན་ལ་ཕན་པ་ལ་ཞུགས་པ་ནི་རང་གཞན་གྱི་དོན་མཐར་ཕྱིན་པར་སྒྲུབ་པའི་རྗེས་སུ་མཐུན་པའི་སྒྲུབ་པ་བྱེད་པས་དེའི་འོག་ཏུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལེའུ་སྟོན་ནོ། །དེ་ལ་རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། སྤྱོད་པའི་ཆོས། སྤྱོད་པའི་རང་བཞིན། སྤྱོད་པ་དབང་དུ་བྱེད་པའི་ཐབས་སོ། །དང་པོ་ལ་གཉིས་ཏེ། ཚུལ་ཁྲིམས་དང༌། ཤེས་རབ་བོ། །དང་པོ་ལ་གསུམ་སྟེ། ངོ་ཚ་ཤེས་པ་དང༌། བསྟན་པ་དང༌། མི་སྐྱོ་བའོ། །དང་པོ་ངོ་ཚ་ཤེས་པ་ནི། ཀུན་ལས་བཏུས་ལས། ངོ་ཚ་ཤེས་པ་གང་ཞེ་ན། བདག་ཉིད་ལ་ཁ་ན་མ་ཐོ་བ་འཛེམ་པ་སྟེ། ཉེས་པར་སྤྱོད་པ་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཁྲེལ་ཡོད་པ་གང་ཞེ་ན། གཞན་ལ་ཁ་ན་མ་ཐོ་བ་འཛེམ་སྟེ། དེའི་ལས་ཅན་ཉིད་དོ། །ཞེས་བཤད་ཀྱང་འདིར་རྣམ་གྲངས་སུ་བྱས་ནས་སྟོན་ནོ། །དེ་ལ་གཉིས་ཏེ། ངོ་ཚ་ཤེས་པ་ཙམ་དང༌། མཆོག་ཏུ་གྱུར་པའོ། །དང་པོ་ལ་གསུམ་སྟེ། ངོ་ཚ་ཤེས་པའི་རང་བཞིན་དང༌། རབ་ཏུ་དབྱེ་བ་དང༌། ཡོད་པའི་རྟགས་སོ། །དང་པོ་ནི། ངོ་ཚ་ཤེས་པ་གང་ཞིག་ངོ་ཚའི་མི་མཐུན་ཕྱོགས་ངོ་ཚ་མེད་པ་སྤངས་པ་དང༌། གྲོགས་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། དམིགས་པ་ནི་ཁ་ན་མ་ཐོ་བ་མེད་ཅིང་དམན་པ་ཉན་རང་གིས་སེམས་ཀྱང་ངོ་ཚའི་ཡུལ་དུ་བྱེད་པ་དང༌། ལས་ནི་སེམས་ཅན་རྣམས་ངོ་ཚ་ཤེས་པ་ལ་བཀོད་ནས་སྨིན་པར་བྱེད་པ་སྟེ། ཆོས་བཞི་ལྡན་དེ་བརྟེན་པའི་ངོ་ཚ་ཤེས་པ་ཡིན་ནོ། །གཉིས་པ་ལ་བཞི་སྟེ། མཆོག་དམན་དང༌། སྐྱོན་ཡོན་དང༌། ཆེ་བ་དཔེའི་སྒོ་ནས་དབྱེ་བའོ། །དང་པོ་ལ་བསམ་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པ་དྲུག་འཕེལ་བ་དང༌། གཉེན་པོ་ཕར་ཕྱིན་དྲུག་པོ་དེ་ཉིད་འགྲིབས་པས་བྱང་ཆུབ་སེམས་དཔའ་རྣམས་མི་ཟད་པའི་ངོ་ཚ་ཆེན་པོ་སྐྱེ་བར་འགྱུར་རོ། །བརྟན་པ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་མི་བརྟེན་པ་ལ་ངོ་ཚ་ཆེན་པོ་བྱེད་པ་དང༌། དབང་པོའི་སྒོ་མ་བསྡམས་པ་ལ་སོགས་པ་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པའི་ཆོས་ལ་སྦྱོར་བ་ལས་ཀྱང་ངོ་ཚ་བར་འགྱུར་རོ། །གཉིས་པ་ནི་མཉམ་བཞག་ཅེས་ཏེ། ཚད་མེད་པའི་སྐབས་ཀྱི་རྗེས་སུ་འབྲངས་ཏེ་ཤེས་པར་བྱའོ། །གསུམ་པ་ལ་གཉིས་ལས། སྐྱོན་ནི་བློ་ལྡན་ངོ་ཚ་ཤེས་པའི་མི་མཐུན་ཕྱོགས་ངོ་ཚ་མེད་པ་དེའི་སྐྱོན་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉོན་མོངས་པ་རྣམས་དང་དུ་ལེན་པས་བདག་ལ་གནོད་པར་བྱེད་ཅིང་ཁོང་ཁྲོས་གཞན་ལ་གནོད་པར་བྱེད་པ་དང༌། སེམས་ཅན་དམན་པ་རྣམས་ལ་བརྙེས་ཤིང་དགེ་བའི་བཤེས་གཉེན་ལ་མི་འདུད་པའི་ང་རྒྱལ་གྱིས་རང་གཞན་གཉིས་ཀ་ལ་གནོད་དོ། །གཞན་ལ་ཇི་ལྟར་གནོད་ཅེ་ན། སེམས་ཅན་ཡལ་བར་འདོར་བས་སེམས་ཅན་གྱི་དོན་ལ་བག་མེད་འགྱུར་ཞིང༌། ང་རྒྱལ་གྱིས་སེམས་ཅན་དམན་པ་ཁྱད་དུ་གསད་ནས་དེ་དག་གི་དོན་མི་བྱེད་པས་སེམས་ཅན་འཇོམས་སོ། །རང་ལ་ཇི་ལྟར་གནོད་ཅེ་ན། ཆོས་ཡལ་བར་འདོར་བས་དགེ་བ་ལ་མི་འཇུག་ཅིང་མི་དགེ་བ་ལ་འཇུག་ལ། ང་རྒྱལ་གྱིས་དགེ་བའི་བཤེས་གཉེན་མི་བསྟེན་ཅིང་སྡིག་པའི་གྲོགས་པོ་དང་འགྲོགས་ནས་ཚུལ་ཁྲིམས་འཇོམས་སོ། །དེས་ན་མཐོང་བའི་ཆོས་ལ་རང་ཉིད་ཡིད་འགྱོད་པས་བདེ་བ་ལས་ཉམས་པ་དང་བཅས་པར་འགྱུར་བས་སྨད་པ་དང༌། གཞན་དག་ལ་དད་པས་བཀུར་སྟི་དམན་པ་ཐོབ་པ་སྟེ། བཀུར་སྟི་ཕུན་སུམ་ཚོགས་པ་མི་འབྱུང་བས་གཞན་གྱིས་སྨད་པ་དང༌། བསྟན་པ་ལ་དད་པ་དང་ལྡན་པའི་མི་མ་ཡིན་པ་རྣམས་ཀྱིས་སྨོད་ཅིང་མི་བསྲུང་བ་དང༌། སྟོན་པས་ཀྱང་སྣོད་དུ་མ་གྱུར་པས་བཏང་སྙོམས་སུ་བཞག་པར་མཛད་པ་དང༌། རྒྱལ་སྲས་ཆོས་དང་མཐུན་པར་སྤྱོད་པ་རྣམས་ཀྱིས་རྣམ་པར་སྨོད་ཅིང་འཇིག་རྟེན་པ་རྣམས་ཀྱིས་ཀྱང་ཕན་ཚུན་གཅིག་གིས་གཅིག་ལས་མི་སྙན་པ་ཐོས་ནས་ཕྱོགས་མཚམས་སུ་སྒྲོགས་པ་ལ་སོགས་པ་མཐོང་བའི་ཆོས་ལ་འབྱུང་བའི་ཉེས་པ་དང༌། ཚེ་རབས་གཞན་དུ་ཕྱིར་ཞིང་མི་ཁོམ་པ་རྣམས་སུ་སྐྱེའོ། །དེས་ན་ཆོས་དཀར་པོ་ཐོབ་པ་ལས་ཉམས་པ་སྟེ་ཚེ་འདིར་མི་དགེ་བ་འཕེལ་ཞིང༌། མ་ཐོབ་པ་ལས་རྣམ་པར་ཉམས་པ་སྟེ་ཕྱི་མར་མི་དགེ་བ་འཕེལ་བར་འགྱུར་རོ། །དེའི་ཕྱིར་འདི་དང་ཕྱི་མར་སྡུག་བསྔལ་དང་ཡིད་མི་བདེ་བས་གནས་པ་དང༌། ཡིད་ཀྱང་རྣལ་དུ་གནས་པར་མི་འགྱུར་རོ། །ཕན་ཡོན་ལ་གསུམ་སྟེ། ཉེས་པ་མི་འབྱུང་བ་དང༌། ཡོན་ཏན་ལྡན་པ་དང༌། དོན་བསྡུ་བའོ། །དང་པོ་ནི་རྒྱལ་སྲས་ངོ་ཚ་ཤེས་པ་དང་ལྡན་པ་རྣམས་ལ་སྔར་བཤད་པའི་ཉེས་པ་དེ་དག་ཀུན་མི་འབྱུང་ངོ༌། །གཉིས་པ་ནི་འབྲས་བུ་ལྔ་ཐོབ་སྟེ། རྣམ་སྨིན་གྱི་འབྲས་བུ་ནི་མཁས་པ་ངོ་ཚ་ཤེས་པ་དང་ལྡན་པ་དེ་ཕྱི་མར་རྟག་ཏུ་ལྷ་དང་མི་དག་ཏུ་ཡང་དག་པར་ཏེ། ངེས་པར་སྐྱེའོ། །བདག་པོའི་འབྲས་བུ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་ངོ་ཚ་ཤེས་པ་དེས་མྱུར་དུ་རྫོགས་པའི་བྱང་ཆུབ་སྐྱེད་པར་བྱེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱེད་དོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི། རྒྱལ་བའི་སྲས་པོ་དེ་ནི་སེམས་ཅན་རྣམས་སྨིན་པར་མི་བྱེད་པ་ལ་སྐྱེ་བར་མི་འགྱུར་རོ། །བྲལ་བའི་འབྲས་བུ་ནི་བྱང་ཆུབ་སེམས་དཔའ་དེ་དུས་རྟག་ཏུ་མི་མཐུན་ཕྱོགས་ངོ་ཚ་མེད་པ་དང་བྲལ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི་རྟག་ཏུ་གཉེན་པོ་ངོ་ཚ་ཤེས་པ་དང་མི་འབྲལ་བར་འགྱུར་རོ། །གསུམ་པ་ནི་དེ་ལྟར་རྒྱལ་སྲས་ངོ་ཚ་དང་ལྡན་པ་དེ་སྔར་བཤད་པའི་ཕན་ཡོན་དེ་དག་འཐོབ་པར་འགྱུར་རོ། །མངོན་པ་ལས། བདག་པོའི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བྲལ་བའི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ། རྣམ་སྨིན་གྱི་འབྲས་བུ་དང་ལྔ་གསུངས་པ་ལས། བདག་པོའི་འབྲས་བུ་ནི། མིག་གི་དབང་པོའི་རྣམ་པར་ཤེས་པ་ལྟ་བུའོ། །རྒྱུ་མཐུན་གྱི་འབྲས་བུ་ནི། སྔ་མ་ལས་རང་གི་རིགས་འདྲ་ཕྱི་མ་འབྱུང་བ་ལྟ་བུའོ། །བྲལ་བའི་འབྲས་བུ་ནི། ལམ་བདེན་གྱི་འབྲས་བུ་འགོག་བདེན་ལྟ་བུའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི། ཞིང་གི་ལོ་ཐོག་ལྟ་བུའོ། །རྣམ་སྨིན་གྱི་འབྲུས་བུ་ནི། ལས་ཉོན་ལས་བྱུང་བའི་ཕུང་པོ་ལྟ་བུའོ། །རྣམ་སྨིན་གྱི་འབྲས་བུ་ལ་ཡང༌། མཐོང་ཆོས་ལ་མྱོང་འགྱུར་དང༌། སྐྱེས་ནས་མྱོང་འགྱུར་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་དང་གསུམ་མོ། །ལས་ལ་ཡང་གསུམ་སྟེ། མཐོང་ཆོས་ལ་མྱོང་འགྱུར་སོགས་ཀྱི་ལས་གསུམ་མོ། །ཀུན་ལས་བཏུས་ལས། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། གང་མཐོང་བའི་ཆོས་ལ་རྣམ་པར་སྨིན་པར་འགྱུར་བ་སྟེ་ཞེས་གསུངས་སོ། །མཛོད་ལས། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་བུ་བ། །དེ་ལ་ཕན་གནོད་བྱས་པ་ཡིས། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །ཞེས་སོ། །སྐྱེས་ནས་མྱོང་འགྱུར་གྱི་ལས་ནི། སྐྱེས་ནས་མྱོང་བར་འགྱུར་བའི་ལས་གང་ཞེ་ན། གང་ཚེ་ཕྱི་མ་རྣམས་ལ་རྣམ་པར་སྨིན་པ་རྣམ་པར་འབྱུང་བ་སྟེ། ཞེས་སོ། །མཚན་གཞི་ནི་དེ་ཉིད་ལས། འདི་ལྟ་སྟེ། མཚམས་མེད་པ་ལྔའི་ལས་རྣམས་སོ། །ཡང་ན་དགེ་བ་དང་མི་དགེ་བ་ཡང་ཡིན་ནོ། །ཞེས་གསུངས་སོ། །ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ནི། སྐྱེ་བ་ཕྱི་མ་རྣམས་སུ་རྣམ་པར་སྨིན་པ་མྱོང་བར་འགྱུར་པའོ། །བཞི་པ་ཆེ་བ་དཔེའི་སྒོ་ནས་བསྟན་པ་ལ་གསུམ་སྟེ། རང་དང༌། གཞན་དང༌། གཉིས་ཀའི་དོན་ནོ། །དང་པོ་ལ་གསུམ་ལས། ཉོན་མོངས་པའི་དྲི་མས་མ་གོས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་བླུན་པོ་རྣམས་ནི་ལུས་ལ་གོས་བཟང་པོ་གྱོན་ཀྱང་སེམས་ཁྲེལ་ཡོད་དང་བྲལ་བས་ཉོན་མོངས་པའི་དྲི་མ་ཅན་ཡིན་པས་དམ་པ་རྣམས་ཀྱི་སྤྱན་ལམ་དུ་མཛེས་པ་མ་ཡིན་གྱི་རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་རྣམས་ནི་ལུས་དགབ་པ་མེད་ཀྱང༌། སེམས་ལ་ཉེས་པའི་དྲི་མ་མེད་པས་མཛེས་པ་ཡིན་ནོ། །འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ་ནི། དཔེར་ན་ནམ་མཁའ་ལ་རྡུལ་ལ་སོགས་པས་གོས་པ་མེད་པ་བཞིན་དུ་རྒྱལ་བའི་སྲས་པོ་ཁྲེལ་དང་ལྡན་པར་གྱུར་བ་དེ་ལ་འཇིག་རྟེན་གྱི་ཆོས་བརྒྱད་ལ་བརྟེན་པའི་སྐྱོན་གྱིས་གོས་པར་མི་འགྱུར་རོ། །ཆོས་བརྒྱད་གང་ཞེ་ན། ཇི་སྐད་དུ། བཤེས་སྤྲིང་ལས། འཇིག་རྟེན་མཁྱེན་པས་རྙེད་དང་མ་རྙེད་དང༌། །བདེ་དང་མི་བདེ་སྙན་དང་མི་སྙན་དང༌། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་བཤད་པ་ལྟ་བུའོ། །རྒྱལ་སྲས་ཀྱི་ནང་དུ་མཛེས་པའི་ཡོན་ཏན་ནི། སྐྱེ་བོ་མང་པོ་འདུས་པའི་ནང་ནས་རྒྱན་བཟང་པོས་བརྒྱན་པ་དེ་མཛེས་པ་བཞིན་དུ་རྒྱལ་སྲས་རྣམས་ཀྱི་ནང་དུ་འདུས་པར་གྱུར་ན་ངོ་ཚ་ཤེས་པས་བརྒྱན་པ་དེ་མཛེས་པ་ཡིན་ནོ། །གཉིས་པ་གཞན་དོན་ནི། བྱང་ཆུབ་སེམས་དཔའ་ནི་ངོ་ཚ་ཤེས་པའི་དབང་གིས་གདུལ་བྱ་རྣམས་ལ་མ་བཞིན་བྱམས་པ་ཉིད་དེ། ཐེག་པ་དམན་པའི་སེམས་ཀྱིས་ཀྱང་ངོ་ཚ་བའི་ཕྱིར། གསུམ་པ་གཉིས་ཀའི་དོན་ནི་བྱང་ཆུབ་སེམས་དཔའ་ངོ་ཚ་དང་ལྡན་པ་ནི་གཞན་དོན་དུ་འཁོར་བར་གནས་ཀྱང་ངོ་ཚ་ཤེས་པའི་སྟོབས་ཀྱི་རང་གི་སེམས་འཁོར་བའི་ཉེས་པ་ཐམས་ཅད་ལས་ཀུན་ཏུ་བསྲུང་བར་བྱེད་པ་ཡང་ཡིན་ནོ། །ངོ་ཚ་ཤེས་པའི་རྟགས་ནི་བསམ་པས་ཉེས་པ་ཀུན་ལ་དང་དུ་མི་ལེན་ཅིང་སྦྱོར་བས་མི་འཇུག་ལ། བསམ་པས་ཡོན་ཏན་དང་དུ་ལེན་ཅིང་སྦྱོར་བས་འཇུག་པ་ནི་ཁྲེལ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྲེལ་ཡོད་པས་བྱས་པའི་རྟགས་ཡིན་ནོ། །མཆོག་ཏུ་གྱུར་པ་ནི་རང་གིས་སེམས་ཞེས་ཏེ་མཆོད་པའི་སྐབས་སུ་བསྟན་པ་བཞིན་ནོ། །གཉིས་པ་ངོ་ཚ་ཤེས་པའི་དོན་བསྟན་ཟིན་ཏོ། །གཉིས་པ་བསྟན་པའི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །མདོར་བསྟན་པ་ནི་བྱང་ཆུབ་སེམས་དཔའི་བསྟན་པ་ནི་དེ་དག་ལས་གཞན་ཉན་རང་ལ་སོགས་པའི་བསྟན་པ་ལས་ཁྱད་པར་དུ་འཕགས་སོ། །གང་གིས་ཤེ་ན། མཚན་ཉིད་དང༌། རབ་དུ་དབྱེ་བ་དང༌། མི་འགྱུར་བ་དང་གསུམ་གྱིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། མཚན་ཉིད་ལ་དངོས་ནི་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང༌། བྱ་བ་ལ་དམིགས་པ་བྱེད་པའི་ཤེས་རབ་ཕུན་སུམ་ཚོགས་པའོ། །བྱང་ས་ལས། ཉོན་མོངས་ཅན་གྱི་སེམས་ཡང་དག་པར་སྡོམ་པ་དང༌། ཉོན་མོངས་པའི་དབང་དུ་མི་འགྲོ་བ་དང༌། སྡུག་བསྔལ་དང་དུ་ལེན་པའི་ཚུལ་ཅན་ཉིད། འཇིགས་ཤིང་སྐྲག་པ་རྣམ་པ་སྣ་ཚོགས་པ་མང་པོ་བཟོད་པ་མངོན་དུ་གྱུར་པ་དག་གིས་ཀྱང་ཡང་དག་པའི་སྦྱོར་བ་ལས་མི་གཡོ་བ་དང༌། རང་བཞིན་གྱིས་སྙིང་སྟོབས་དང་ལྡན་པའམ། སོ་སོར་བརྟགས་པས་བསྟན་པ་འདི་ནི། བརྟན་པའི་སྟོབས་བསྐྱེད་པའི་ངོ་བོ་ཡིན་པར་རིག་པར་བྱའོ། །ཞེས་བཤད་དོ། །རྣམ་གྲངས་ནི། སྙིང་སྟོབས་དང་སྲན་ཐུབ་པ་དང་བརྟན་པ་ཞེས་བྱའོ། །དེ་སྒྲུབ་པ་ནི་གསུམ་པོ་དེ་ལ་བརྟན་པ་ཞེས་ཟེར་བའི་རྒྱུ་མཚན་གང་གི་ཕྱིར་དེ་གསུམ་གྱིས་བྱང་ཆུབ་སེམས་དཔའ་དེ་གཞན་དོན་གྱི་བྱ་བ་རྣམས་ལ་འཇིགས་པ་མེད་པར་རབ་ཏུ་འཇུག་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་གཞན་དོན་གྱི་བྱ་བ་ལ་འཇིགས་པ་ནི་ཡང་ན་ཞུམ་པ་སྟེ་དེ་ལ་མི་སྤྲོ་བའི་ཕྱིར་རམ་ཡང་ན་གཡེང་བ་སྟེ་སེམས་རྣལ་དུ་མི་འདུག་པའི་ཕྱིར་རམ། ཡང་ན་རྨོངས་པ་སྟེ་དེའི་ཐབས་མི་ཤེས་པ་སྟེ་བྱ་བ་རྣམས་ལ་འཇིགས་པ་སྐྱེ་བ་ཡིན་པ་དེའི་ཕྱིར་བརྩོན་འགྲུས་ལ་སོགས་པ་གཉུག་མ་སྟེ། སོ་སོར་མ་བརྟགས་པར་འབྱུང་བ་གསུམ་དེ་ནི་འཇིགས་པའི་རྒྱུ་གསུམ་པོ་དེ་དང་བྲལ་བས་དེ་དག་ལ་བརྟན་པ་ཞེས་བྱ་བའི་མིང་འཇུག་པར་ཤེས་པར་བྱའོ། །གཉིས་པ་རབ་ཏུ་དབྱེ་བ་ལ་རང་བཞིན་གྱི་རིགས་ཀྱི་སྒོ་ནས་བསྟན་པ་དང༌། སྨོན་ལམ་སྟེ་སེམས་བསྐྱེད་པའི་སྟོབས་ཀྱིས་བསྟན་པ་དང༌། རང་གི་དོན་ལ་ཞུགས་པ་ན་ལུས་སྲོག་ལ་ལྟ་བ་མེད་པའི་བསྟན་པ་དང༌། གཞན་གྱི་དོན་བྱེད་པ་ན་སེམས་ཅན་གྱི་ལོག་པར་སྒྲུབ་པ་བཟོད་པས་བརྟན་པ་དང༌། དེ་ཁོ་ན་ཉིད་རྟོགས་པས་ཟབ་མོ་སྟོང་པ་ཉིད་ཐོབ་པས་མི་སྐྲག་པའི་བརྟན་པ་དང༌། མངོན་ཤེས་ལ་སོགས་པའི་མཐུ་རྒྱ་ཆེན་པོ་ཐོབ་པས་གཞན་དོན་གྱི་ཐབས་རྒྱ་ཆེན་པོ་ཐོབ་པས་མི་སྐྲག་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་མ་ཞུམ་པས་གདུལ་བྱ་འདུན་པར་དཀའ་བ་རྣམས་འདུལ་མི་ནུས་སྙམ་དུ་མ་ཞུམ་པས་བརྟན་པ་དང༌། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་ནུས་སྙམ་དུ་མ་ཞུམ་པས་རྒྱལ་བའི་སྐུ་བསམ་གྱིས་མི་ཁྱབ་བསྒྲུབ་པ་ལ་བརྟན་པ་སྟེ། གནས་སྐབས་ཀྱི་དབྱེ་བའོ། །གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དཀའ་བ་སྣ་ཚོགས་སྤྱོད་པ་ལ་བརྟན་པ་དང༌། སྙིང་རྗེས་བསམ་བཞིན་དུ་སྲིད་པར་སྐྱེ་བས་འཁོར་བར་མི་གཏོང་པ་ལ་བརྟན་པ་དང༌། ཤེས་རབ་ཀྱིས་འཁོར་བ་དེ་ཉིད་དུ་ཡང་ཀུན་ནས་ཉོན་མོངས་པ་མེད་པ་ལ་བརྟེན་པའི་བརྟན་པ་དེ་དག་སྐྱེ་བ་དེ་ནི་ཉན་རང་ལ་སོགས་པའི་བརྟན་པ་དང་མི་མཚུངས་ཏེ་བརྟན་པ་དང་ལྡན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་འདོད་དོ། །གསུམ་པ་མི་འགྱུར་བ་ནི་རྐྱེན་ཆུང་ངུ་ཕྱེ་མ་སླེབ་ཀྱི་འདབ་མ་དང༌། འབྲིང་པོ་འདབ་ཆགས་ནམ་མཁའ་ལྡིང་གི་གཤོག་པ་དང༌། ཆེན་པོ་རྒྱ་མཚོའི་བརླབས་ཀྱིས་མི་གཡོ་བ་ལྟར་བྱང་ཆུབ་སེམས་དཔའི་བརྟན་པ་ཡང་རྐྱེན་ཆུང་ངུ་གྲོགས་ངན་པ་དང༌། འབྲིང་སྡུག་བསྔལ་དང༌། ཆེན་པོ་ཆོས་ཟབ་མོ་སྟོང་པ་ཉིད་ཐོས་པས་ཀྱང་མི་གཡོས་སོ། །དེ་ལྟར་བརྟན་པ་དང་ལྡན་པ་ལ་མི་སྐྱོ་བ་འབྱུང་བས་བྱང་ཆུབ་སེམས་དཔའི་མི་སྐྱོ་བ་ནི་གཞན་དང་མཉམ་པ་མེད་པ་སྟེ་ཁྱད་པར་དུ་འཕགས་སོ། །གང་གིས་ཤེ་ན། ཁྱད་པར་བཞིས་འཕགས་ཏེ། དེ་ལ་གཞི་ནི་གསུམ་སྟེ། ཐེག་ཆེན་གྱི་ཆོས་ཐོས་པས་མི་ངོམས་པ་དང༌། ཡུན་རིང་པོར་བརྩོན་འགྲུས་ཆེན་པོ་བརྩོམ་པ་དང༌། འཁོར་བའི་སྡུག་བསྔལ་རྟག་ལ་ཡུན་རིང་བས་མི་སྐྱོ་བའོ། །རྟེན་ནི་གཞི་གསུམ་པོ་དེ་དག་གིས་སྐྱོ་བ་སྐྱེས་ན་ངོ་ཚ་བས་ཁྲེལ་ཡོད་པ་དང༌། བརྟན་པ་ལ་བརྟེན་ནས་མི་སྐྱོ་བར་བྱེད་དོ། །ངོ་བོ་ནི་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་འདུན་པ་དྲག་པོས་ཀུན་ནས་བླངས་ནས་གཞི་གསུམ་པོ་དེ་ལ་བློ་ལྡན་རྣམས་ཀྱིས་མི་སྐྱོ་བའོ། །མི་སྐྱོ་བའི་ངོ་བོ་བརྩོན་འགྲུས་ཡིན་ཡང་འདིར་འདུན་པ་མི་སྐྱོ་བའི་ངོ་བོར་བཤད་པ་ནི་འདུན་པ་ནི་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅན་ཡིན་པས་རྒྱུ་ལ་འབྲས་བུ་བཏགས་པ་ཡིན་ནོ། །ས་མཚམས་ནི་མོས་སྤྱོད་ན་མ་རྫོགས་པ་དང༌། རྒྱུའི་ས་བདུན་ན་རྫོགས་པ། འབྲས་བུའི་ས་གསུམ་ན་ཤིན་ཏུ་རྫོགས་པའོ། །ཤེས་རབ་ལ་གསུམ་སྟེ། ངོ་བོ་དང༌། ཆུད་མི་ཟ་བའི་རྒྱུ་རྟོན་པ་བཞི་དང༌། གཞན་སྨིན་པར་བྱེད་པའི་ཐབས་སོ་སོ་ཡང་དག་པར་རིག་པ་བཞིའོ། །དང་པོ་ལ་བསྟན་བཅོས་དང༌། འཇིག་རྟེན་ཤེས་པ་གཉིས་ལས། དང་པོ་ལ་མི་སྐྱོ་བ་ལས་བསྟན་བཅོས་ཤེས་པ་འབྱུང་བས་དེའི་འོག་ཏུ་བསྟན་བཅོས་ཤེས་པ་སྟོན་ནོ། །དེ་ལ་དངོས་དང་སྡུད་བྱེད་དང༌། སྡུད་བྱེད་ཀྱི་ལས་སོ། །དང་པོ་ནི་བརྟན་པའི་བསྟན་བཅོས་ཤེས་པ་དེའི་གཞི་སྟེ། དམིགས་པ་ནི་རིག་པའི་གནས་ལྔའོ། །ཆེད་དུ་བྱ་བ་ནི་རང་གཞན་གྱི་དོན་གྱི་ཆེད་དུའོ། །ལས་ནི་ནང་རིག་པ་ལ་མཁས་པས་བསླབ་པ་གསུམ་བདག་ཉིད་ཀྱིས་སྒྲུབ་ཅིང་གཞན་དག་ལ་ཡང་སྟོན་ནོ། །གཏན་ཚིགས་རིག་པ་ལ་མཁས་པས་ཕས་ཀྱི་རྒོལ་བ་ཚར་གཅོད་པའོ། །སྒྲ་རིག་པ་ལ་མཁས་པས་བདག་ཉིད་ངེས་པའི་ཚིག་བཟང་པོས་བརྗོད་ཅིང་གཞན་གྱིས་མཁས་པར་གོ་ཞིང་ཡིད་ཆེས་པར་བྱའོ། །གསོ་བ་རིག་པ་ལ་མཁས་པས་གཞན་གྱི་ནད་ཞི་བར་བྱེད་དོ། །བཟོ་རིག་པ་ལ་མཁས་པས་གཞན་ལ་ལོངས་སྤྱོད་ཀྱིས་ཕན་འདོགས་པར་བྱེད་དོ། །མཚན་ཉིད་རིག་པའི་གནས་ལྔ་པོ་དེ་དག་ཐོས་ནས་ཚིག་དང་དོན་བློ་ལ་འཛིན་པ་དང༌། དོན་གྱི་སྒོ་ནས་ཚིག་གིས་ཁྱད་པར་བྱེད་པ་དང༌། ཡིད་ཀྱིས་བརྟགས་པས་སྐྱོན་སྤོང་ཁོང་དུ་ཆུད་པའི་སྒོ་ནས་རབ་ཏུ་དང་བའི་ཡིད་ཀྱིས་དོན་སེམས་པ་དང༌། མཐོང་བས་ལེགས་པར་རྟོགས་པས་དོན་དང་ཚིག་འབྲུ་བཟང་པོ་སངས་རྒྱས་ཀྱི་གསུང་རབ་ནི་ལེགས་པར་བཤད་པ་དང༌། དེ་ལས་ཟློག་པའི་ཕྱི་རོལ་པའི་བསྟན་བཅོས་རྣམས་ཉེས་པར་བཤད་པར་ཤེས་པར་བྱའོ། །མི་བཟད་པ་ཉིད་ནི་རིག་པའི་གནས་ཤེས་པ་དེ་ལྷག་མེད་དུ་ཡང་མི་ཟད་པའོ། །འབྲས་བུ་ཡང་དག་པར་འགྲུབ་པ་ནི། དེ་ལ་བརྟེན་ནས་རྣམ་མཁྱེན་ཐོབ་པས་ཁྱད་པར་འཕགས་སོ། །གཉིས་པ་ནི་བསྟན་བཅོས་ཤེས་པ་དེ་དག་གང་གིས་བསྡུས་ན་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ནས་བསྡུས་སོ། །གསུམ་པ་དེའི་བྱེད་ལས་ནི། ཏིང་ངེ་འཛིན་གྱིས་རྫུ་འཁྲུལ་ལ་སོགས་པའི་ལས་ཀྱིས་གདུལ་བྱ་སྣོད་དུ་རུང་བར་བྱ་སྟེ། སྐལ་བ་དང་མཐུན་པར་རིག་པའི་གནས་ལྔ་བསྟན་ནས་སེམས་ཅན་སྨིན་པར་བྱེད་དོ། །གཟུངས་ཀྱི་སྒོས་ནི་རིག་པའི་གནས་ལྔས་བསྡུས་པའི་དམ་པའི་ཆོས་མི་བརྗེད་པར་འཛིན་པར་བྱེད་པའང་ཡིན་ནོ། །དེ་ལྟར་བསྟན་བཅོས་ཤེས་ནས་དེ་འཆད་པའི་ཡུལ་འཇིག་རྟེན་ཤེས་དགོས་པས་དེའི་འོག་ཏུ་འཇིག་རྟེན་ཤེས་པ་སྟོན་པ་ལ་གཉིས་ལས། མདོར་བསྟན་པ་ནི། བརྟན་པ་རྣམས་ཀྱི་འཇིག་རྟེན་ཤེས་པ་ཉིད་ནི་ལུས་དང་ངག་དང་ཡིད་ཀྱིས་འཇིག་རྟེན་རྣམས་དགེ་བ་ལ་བཟུད་པའི་ཕྱིར་འདུན་པའི་ཐབས་ཤེས་པ་དང༌། ཡང་ཡིད་ཀྱིས་བདེན་པ་བཞིའི་སྒོ་ནས་འཇིག་རྟེན་གྱི་འབྱུང་ནུབ་ཤེས་པའོ། །དེ་དག་ཀྱང་གཞན་དང་མཉམ་པ་མེད་པ་ཡིན་པས་དེ་ལས་གཞན་པའི་འཇིག་རྟེན་ཤེས་པ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། འཇིག་རྟེན་འདུན་པའི་ཐབས་ཤེས་པ་དང༌། འཇིག་རྟེན་འབྱུང་ནུབ་ཤེས་པ་དང༌། དེ་ཤེས་པའི་བྱེད་ལས་སོ། །དང་པོ་ནི་དུས་ཀྱིས་ཇི་ལྟར་འདུན་པར་བྱེད་ཅེ་ན། བརྟན་པ་རྣམས་དུས་རྟག་ཏུ་འཛུམ་པར་བྱེད་དོ། །ངག་གིས་ཇི་ལྟར་འདུན་པར་བྱེད་ཅེ་ན། གསོང་པོ་དག་ཏུ་སྨྲ་བར་བྱེད་དོ། །དེ་གཉིས་ཅིའི་ཕྱིར་དུ་བྱེད་ཅེ་ན། སེམས་ཅན་སྣོད་དུ་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་སྣོད་དུ་བྱེད་ཅེ་ན། སྣོད་དུ་བྱས་པའི་སེམས་ཅན་དེ་རྣམས་ཀྱི་རྒྱུད་ལ་དམ་ཆོས་སྒྲུབ་པར་བྱ་བའི་ཕྱིར་རོ། །གཉིས་པ་ནི་བདེན་བཞི་ཤེས་པ་ལ་འཇིག་རྟེན་ཤེས་པ་ཞེས་བྱའོ། །རྒྱུ་མཚན་གང་གི་ཕྱིར་ན་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་ལས་འཇིག་རྟེན་རྣམས་རྟག་ཏུ་འབྱུང་བར་འདོད་དོ། །གང་འབྱུང་བ་སྡུག་བསྔལ་དང༌། གང་གིས་འབྱུང་བ་ནི་ཀུན་འབྱུང་གི་བདེན་པའོ། །འགོག་པ་དང༌། ལམ་གྱི་བདེན་པ་གཉིས་ཀྱིས་ནུབ་པར་འགྱུར་བ་དེའི་ཕྱིར་ཏེ། གང་ནུབ་པ་འགོག་པ་དང༌། གང་གིས་ནུབ་པ་ལམ་གྱི་བདེན་པའོ། །གསུམ་པ་ནི་སྡུག་བསྔལ་དང་ཀུན་འབྱུང་བདེན་པ་དེ་དག་ཞི་བར་བྱ་བ་དང༌། འགོག་ལམ་གཉིས་པོ་དེ་ཐོབ་པར་བྱ་བའི་ཕྱིར་བློ་དང་ལྡན་པ་དེ་བདེན་པ་རྣམས་ཤེས་པ་ལ་སྦྱོར་རོ། །དེས་ན་བདེན་བཞི་ཤེས་པ་དེའི་ཕྱིར་འཇིག་རྟེན་ཤེས་པ་ཞེས་ངེས་པར་བརྗོད་དོ། །འདི་ལྟར་འཇིག་རྟེན་ཤེས་པ་དང་བསྟན་བཅོས་ཤེས་པ་ནི་འཇིག་རྟེན་གྱི་སྟོན་པར་འགྱུར་ཞེས། ཊཱིཀྐ་ལས་བྱུང་ལ། བྱང་ས་ལས། དེ་བསྟན་བཅོས་ཤེས་ཤིང་འཇིག་རྟེན་ཤེས་ན་ཚུལ་བཞིན་དུ་ཆོས་རྣམས་ཡོངས་སུ་ཚོལ་བར་བྱེད་དོ། །ཞེས་འབྱུང་བས་དེའི་འོག་ཏུ་རྟོན་པ་རྣམ་པ་བཞི་རྣམ་པར་དབྱེ་བ་སྟོན་ཏོ། །དེ་ལ་གསུམ་ལས་མཚན་ཉིད་ནི་གང་ཟག་ལ་མི་རྟོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་སྟོན་པའི་གཙུག་ལག་གི་ཆོས་ལ་རྟོན་པ་དང༌། ཆོས་དེའང་ཚིག་ལ་མི་རྟོན་གྱི་དགོངས་པ་ཟབ་མོ་ཅན་གྱི་དོན་ལ་སྟོན་པ་དང༌། དོན་ཡང་དྲང་དོན་ལ་མི་རྟོན་གྱི་སྟོན་པ་ཚད་མར་གྱུར་པས་ངེས་དོན་དུ་གསུངས་ཤིང་དེས་ཚད་མར་མཛད་པའི་སྡུད་པ་པོ་རྣམས་སངས་རྒྱས་ཀྱིས་ལུང་བསྟན་པའི་གང་ཟག་དམ་པ་རྣམས་ཀྱིས་ངེས་དོན་དུ་ངེས་པར་ཤེས་ཤིང༌། རིགས་པས་འཐད་པ་ཚད་མ་དང་ལྡན་པའི་དོན་སྟོན་པའི་ངེས་དོན་ལ་རྟོན་པ་དང༌། ངེས་དོན་ཤེས་པའི་བློ་ལ་ཡང་རྣམ་ཤེས་ཡུལ་ལ་སྤྱོད་པ་ཅན་ལ་མི་རྟོན་གྱི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་བརྗོད་པ་མེད་པ་ཐོབ་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་རྟོན་ནོ། །དགག་བྱ་ནི་རྟོན་པ་བཞི་པོས་རིམ་པ་ལྟར་གཙུག་ལག་གི་ཆོས་སྤོང་པའི་གང་ཟག་དབང་ཕྱུག་ལ་སོགས་པ་ལ་རྟོན་པ་དང༌། ཕ་དང་མ་ནི་གསད་བྱ་ཞིང༌། །ཞེས་པ་ལ་སོགས་པ་རྣམས་ཀྱི་དོན་ལ་མི་སྤྱོད་པར་ཇི་སྐད་བཤད་པའི་ཚིག་ཡིད་དུ་མི་འོང་ཙམ་ལ་ཞེན་པས་སྤང་བླང་བྱེད་པ་དང༌། དྲང་དོན་ལ་ངེས་དོན་དུ་ལོག་པར་ཡང་དག་པར་ངེས་པར་ཤེས་པ་དང༌། བརྗོད་པ་དང་བཅས་པ་རྣམ་ཤེས་ཀྱི་དོན་ཐོབ་པ་ལ་བརྟེན་པ་རྣམས་རྟོན་པ་རྣམ་པར་དབྱེ་བའི་སྐབས་འདིར་ནི་དགག་པར་བྱ་བར་བསྟན་པ་ཡིན་ནོ། །ཕན་ཡོན་ནི་རྟོན་པ་བཞི་པོས་རིམ་པ་ལྟར་གཙུག་ལག་གི་ཆོས་ལ་མོས་པ་དང༌། བསམ་བྱུང་གི་ཤེས་རབ་ཀྱིས་དགོངས་པ་ཅན་གྱི་དོན་ལ་རྣམ་པར་སྤྱོད་པ་དང༌། གཞན་ཡང་ངེས་དོན་གྱི་ཚུལ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཐོས་པ་དང༌། བརྗོད་པ་མེད་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ་བཞི་པོ་དེ་ལས་བརྟན་པ་རྣམས་ཉམས་པར་མི་འགྱུར་རོ། །དེ་ལྟར་རྟོན་པ་བཞིའི་སྒོ་ནས་ཆོས་ལེགས་པར་ཚོལ་བས་སེམས་ཅན་གྱི་ཐེ་ཚོམ་གཅོད་ནུས་པར་འགྱུར་བས་དེའི་འོག་ཏུ་ཐེ་ཚོམ་གཅོད་པར་བྱེད་པ་སོ་སོ་ཡང་དག་པར་རིག་པ་བཞི་སྟོན་ནོ། །དེ་ལ་བཞི་སྟེ། མཚན་ཉིད་དང༌། གྲངས་ངེས་དང༌། ངེས་ཚིག་དང༌། བྱེད་ལས་སོ། །དང་པོ་མཚན་ཉིད་ནི་དོན་རེ་རེའི་མིང་གི་རྣམ་གྲངས་མང་པོ་ཤེས་པ་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པ་དོན་སོ་སོར་ཡང་དག་པར་རིག་པ་དང༌། ཚིག་སྟེ་ཡུལ་མི་ལ་སོགས་པའི་སྐད་ཤེས་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། ཡེ་ཤེས་ཏེ་རྫས་ཡོད་ལ་སོགས་པའི་དབྱེ་བ་ཤེས་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་པོ་ཉན་རང་དང་མཚུངས་པ་མེད་པ་འདོད་དོ། །གཉིས་པ་གྲངས་ངེས་ནི་ཆོས་བསྟན་པ་ལ་རབ་ཏུ་བརྩོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོ་ཡང་དག་པར་རིག་པ་བཞི་པོ་དེ་གང་བསྟན་པར་བྱ་བ་ཆོས་དང་དོན་ནི་གཉིས་པོ་དེ་དག་དང༌། གང་གིས་བསྟན་པ་ནི་ངེས་པའི་ཚིག་དང་ཡེ་ཤེས་ཏེ། སྤོབས་པ་ཁོ་ནས་སྟོན་ཏོ། །དེ་ལ་ཆོས་དང་དོན་ནི་མདོར་བསྟན་པ་དང༌། རྒྱས་པར་བཤད་པའི་སྒོ་ནས་བསྟན་པར་བྱ་བ་ཡིན་ལ། དེ་ཚིག་གིས་བསྟན་པ་ནི་རྣམ་པ་ཀུན་ཏུ་ཆོས་དང་དོན་གཉིས་པོ་དེ་ཉན་པ་པོས་ཐོབ་པ་སྟེ་རྟོགས་པར་བྱེད་པའོ། །སྤོབས་པས་སྟོན་པ་ནི་རྒོལ་བ་རྣམས་ཀྱིས་དྲིས་ཤིང་བརྩོད་པའི་ལན་འདེབས་པའི་ཕྱིར་རོ། །དེས་ན་སོ་སོ་ཡང་དག་པར་རིག་པ་བཞིར་གྲངས་ངེས་སོ། །གསུམ་པ་ངེས་ཚིག་ནི། འཇིག་རྟེན་ལས་འདས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སོ་སོ་རང་གིས་རིག་ནས། དེའི་ཕྱིར་རྗེས་ཐོབ་ཀྱི་རྣམ་གྲངས་ལ་སོགས་པ་རབ་ཏུ་ཤེས་པས་ན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ཡིན་ནོ། །བཞི་པ་ལས་ནི་གཞན་དག་གི་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་སྟེ། དེ་དག་ནི་སོ་སོ་ཡང་དག་པར་རིག་པར་བརྗོད་དོ། །སྤྱོད་པའི་ཆོས་བསྟན་ཟིན་ནོ། །གཉིས་པ་སྤྱོད་པའི་རང་བཞིན་ལ་གཉིས་ཏེ། ཉེ་བར་སྟོན་པའི་ཚོགས་དང༌། ངེས་པར་འབྱིན་པའི་ལམ་མོ། །དང་པོ་ནི་སོ་སོ་ཡང་དག་པར་རིག་པ་ཐོབ་པས་ཚོགས་གཉིས་རྫོགས་པར་འགྱུར་བས་སོ་སོ་ཡང་དག་པར་རིག་པའི་འོག་ཏུ་ཚོགས་གཉིས་སྟོན་པ་ལ་དྲུག་ལས། ངོ་བོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚོགས་ནི་ཐབས་གཙོ་ཆེ་བ་བསོད་ནམས་དང༌། ཤེས་རབ་གཙོ་ཆེ་བ་ཡེ་ཤེས་དེ་གཉིས་ཀྱང་གཞན་དང་མཚུངས་པ་མིན་ནོ། །དགོས་པ་ནི་གཅིག་བསོད་ནམས་ཀྱིས་ནི་འཁོར་བར་མངོན་མཐོ་ལྷ་མི་འགྲུབ་པར་བྱེད་ཅིང༌། གཞན་ཡེ་ཤེས་ཀྱིས་ནི་འཁོར་བ་ན་ཡང་ཀུན་ནས་ཉོན་མོངས་པ་མེད་པར་བྱེད་ལ། དེ་གཉིས་ཀྱིས་གོ་རིམ་བཞིན་དུ་མཐར་ཐུག་གཟུགས་སྐུ་དང་ཆོས་སྐུ་འགྲུབ་པར་བྱེད་དོ། །བསྡུ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །གཞན་གསུམ་ནི་གཉིས་ཀ་སྟེ། ཆོས་ལ་ངེས་པར་སེམས་པ་ཡེ་ཤེས་དང༌། བཟོད་པ་གཞན་གཉིས་བསོད་ནམས་ཡིན་ཞིང༌། བརྩོན་འགྲུས་ཀྱི་སྒོ་ནས་གཉིས་ཀ་འགྲུབ་པས་གཉིས་ཀ་ཡིན་ལ། མཚན་མ་དང་བཅས་པ་དང༌། མཚན་མ་མེད་པའི་བསམ་གཏན་ནི་རིམ་པ་ལྟར་བསོད་ནམས་དང་ཡེ་ཤེས་ཡིན་པའི་ཕྱིར་རོ། །ཡང་དང་པོ་ལྔ་ཆར་ཡང་འཁོར་གསུམ་དུ་མི་དམིགས་པའི་ཡེ་ཤེས་ཀྱི་བྱང་ཆུབ་ཏུ་བསྔོ་ན་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ། །ངེས་ཚིག་ནི་ཚོགས་ལ་སཾ་བྷ་ར་ཞེས་བྱ་ལ། སཾ་ནི་རྒྱུན་དུའོ། །བྷ་ནི་སྒོམ་པ་ཐོབ་ནས་ཡང་དང་ཡང་དུ་སྒྲུབ་པ་སྟེ། དོན་ནི་དགེ་བ་རྒྱུན་དུ་ཡང་དང་ཡང་དུ་སྒྲུབ་པས་ན་ཚོགས་སོ། །བྱེད་ལས་ནི་བརྟན་པའི་ཚོགས་གང་ཡིན་པ་དེ་ནི་རང་དང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ཀུན་སྒྲུབ་པར་བྱེད་པ་ཡིན་ནོ། །དབྱེ་བ་ནི། བརྟན་པ་རྣམས་ལ་འཇུག་པར་བྱ་བའི་ཕྱིར་དུ་མོས་སྤྱོད་ཀྱི་ཚོགས་གཉིས་སྒྲུབ་པར་བྱེད་དོ། །མཚན་མ་མེད་པ་ས་བདུན་པ་ཐོབ་པར་བྱ་བའི་ཕྱིར་དུ་དང་པོ་ནས་དྲུག་པའི་བར་གྱི་ཚོགས་དང༌། འབད་སྩོལ་མེད་པར་ལྷུན་གྱིས་གྲུབ་པ་ས་བརྒྱད་པ་དང་དགུ་པའི་ཕྱིར་དུ་ས་བདུན་པའི་ཚོགས་གཉིས་དང༌། དབང་བསྐུར་བ་ས་བཅུ་པའི་ཕྱིར་དུ་བརྒྱད་པ་དང་དགུ་པའི་ཚོགས་གཉིས་དང༌། མཐར་ཐུག་པ་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བའི་ཕྱིར་ས་བཅུ་པའི་ཚོགས་གཉིས་སྒྲུབ་པར་བྱེད་དོ། །གཉིས་པ་ནི། དེ་ལྟར་ཚོགས་བསགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སྟོན་ཏོ། །འདི་ལ་གཉིས་ལས། སྤྱི་དོན་ལ་བཞི་ལས། ངོ་བོ། དབྱེ་བ། ས་མཚམས། ཞར་ལ་ལམ་ཐམས་ཅད་གནས་སྐབས་གསུམ་དུ་བསྡུ་བའོ། །དང་པོ་ལ་བྱང་ཆུབ་ནི། ཟད་པ་དང་མི་སྐྱེ་བ་ཤེས་པ་མི་སློབ་པའི་ཡེ་ཤེས་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་ཕྱིར་དེའི་རྒྱུར་གྱུར་པས་ན་ཕྱོགས་དང་མཐུན་པ་ཞེས་བྱ་སྟེ། མཛོད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་པའི་ཕྱིར། །སུམ་ཅུ་རྩ་བདུན་དེ་ཕྱོགས་མཐུན། །ཞེས་སོ། གཉིས་པ་ནི། མིང་གི་སྒོ་ནས་སུམ་ཅུ་རྩ་བདུན་ཡིན་ལ། དེ་དག་ཀྱང་རྫས་ནི་བཅུར་འདུས་ཏེ། མིང་གི་སྒོ་ནས་རྫས་སུ་བཅུ། །ཞེས་སོ། །རྫས་བཅུ་པོ་གང་ཞེ་ན། དད་དང་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །ཞེས་སོ། །དེ་ལ་དྲན་པ་ཉེ་བར་བཞག་པ་བཞི་ནི། ཤེས་རབ་གཙོ་བོར་གྱུར་པ་ཡིན་ལ། ཡང་དག་པར་སྤོང་བ་བཞི་ནི་བརྩོན་འགྲུས་གཙོ་བོར་གྱུར་པ་ཡིན་ལ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཏིང་ངེ་འཛིན་གཙོ་བོར་གྱུར་པ་སྟེ། དྲན་པར་ཉེ་བཞག་ཤེས་རབ་སྟེ། །རྫུ་འཕྲུལ་རྐང་པ་ཏིང་འཛིན་ནོ། །ཞེས་སོ། །ཀུན་ལས་བཏུས་ལས། ངོ་བོ་ཉིད་གང་ཞེ་ན། ཤེས་རབ་དང་དྲན་པའོ། །ཞེས་པས། དྲན་པ་ཉེར་བཞག་ཤེས་རབ་དང༌། དྲན་པ་གཉིས་ཀ་ཚོགས་པ་ཡིན་པར་བཤད་དོ། །ཡང་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཡང་དག་པའི་ལྟ་བ་ནི་ཤེས་རབ་ཡིན་ལ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ཡིན་ཞིང༌། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཡང་དག་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ནོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཡང་དག་པའི་དྲན་པ་ཡིན་ནོ། །དབང་པོ་ལྔ་དང་སྟོབས་ལྔ་ནི་དད་པ་ལ་སོགས་པ་ལྔ་པོ་ཉིད་ཡིན་ཞིང༌། དགའ་བ་དང་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་དང་ཡང་དག་པའི་རྟོག་པ་རྣམས་རེ་རེ་ཡིན་ལ། ངག་དང་ལས་ཀྱི་མཐའ་ནི་ཚུལ་ཁྲིམས་ཡིན་ནོ། །གསུམ་པ་ནི། ཚོགས་ལམ་ཆུང་ངུ་ནས་དྲན་པ་ཉེར་བཞག་བཞི། འབྲིང་ནས་ཡང་དག་སྤོང་བ་བཞི། ཆེན་པོ་ནས་རྫུ་འཕྲུལ་གྱི་རྐང་པ་བཞི། དྲོད་དང་རྩེ་མོ་ན་དབང་པོ་ལྔ། བཟོད་པ་དང་ཆོས་མཆོག་ན་སྟོབས་ལྔ་ཡོད་དེ། དབུས་མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ལྔ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་སོ། །མཐོང་ལམ་ནས་བྱང་ཆུབ་ཀྱི་ཡན་ལག་བདུན། སྒོམ་ལམ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་པར་བཞེད་དོ། །བཞི་པ་ནི་དྲན་པ་ཉེར་བཞག་ནས་སྟོབས་ཀྱི་བར་སོ་སོ་སྐྱེ་བོའི་ལམ་རྣམས་ནི། དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་ཤིང་མཐོང་སྤང་གི་ཉོན་མོངས་པ་མ་སྤངས་བས་ཕྱིན་ཅི་ལོག་ཡིན་ལ། དེ་ཁོ་ན་ཉིད་རྟོགས་པའི་རྒྱུ་མཐུན་གྱི་འབྲས་བུར་གྱུར་བའི་ཆོས་ལ་བརྟེན་པ་དང༌། དེ་ཁོ་ན་ཉིད་རྟོགས་པའི་རྒྱུ་ཡིན་པས་ཕྱིན་ཅི་མ་ལོག་པ་ཡང་ཡིན་ནོ། །འཕགས་པ་སློབ་པའི་བྱང་ཆུབ་ཀྱི་ཡན་ལག་དང་འཕགས་ལམ་ཡན་ལག་བརྒྱད་ནི་དེ་ཁོ་ན་ཉིད་མངོན་སུམ་རྟོགས་པས་ན་ཕྱིན་ཅི་མ་ལོག་པ་ཡིན་ལ་སྒོམ་སྤངས་མ་སྤངས་པས་ཕྱིན་ཅི་ལོག་དང་འབྲེལ་བ་ཡིན་ནོ། །རྟོགས་པ་དེ་དག་མཐར་ཕྱིན་པ་མི་སློབ་པའི་ལམ་ནི་དེ་ཁོ་ན་ཉིད་རྟོགས་པས་ན་ཕྱིན་ཅི་མ་ལོག་ཅིང་སྤངས་བྱ་ཐམས་ཅད་སྤངས་པ་ན་ཕྱིན་ཅི་ལོག་དང་རྗེས་སུ་འབྲེལ་བ་མེད་པ་ཡིན་ཏེ། དབུས་མཐའ་ལས། རྗེས་སུ་མཐུན་པ་ཕྱིན་ཅི་ལོག །རྗེས་སུ་འབྲེལ་བཅས་ཟློག་པ་དང༌། །ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག །རྗེས་སུ་འབྲེལ་མེད་སྒོམ་པ་འོ། །ཞེས་གསུངས་སོ། །གཉིས་པ་གཞུང་གི་དོན་ལ་སྡེ་ཚན་བདུན་ལས། དྲན་པ་ཉེར་བཞག་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་བློ་ལྡན་བྱང་ཆུབ་སེམས་དཔའི་ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་དྲན་པ་ཉེར་བཞག་བཞི་པོ་ནི་སྒོམ་པའི་ཚུལ་རྣམ་པ་བཅུ་བཞིའི་སྒོ་ནས་མཚུངས་པ་མེད་པའི་ཕྱིར་ན་དེ་ནི་བྱང་ཆུབ་སེམས་དཔའི་དྲན་པ་ཉེར་བཞག་དེ་ལས་གཞན་ཉན་རང་གི་དྲན་པ་ཉེར་བཞག་ལས་ཁྱད་པར་དུ་འཕགས་སོ། །གཉིས་པ་རྒྱས་པར་བཤད་པ་ནི་བཅུ་བཞི་པོ་གང་ཞེ་ན། རྟེན་གྱིས་ཁྱད་པར་དུ་འཕགས་པ་ནི་ཐེག་ཆེན་གྱི་ཆོས་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་སྒོམས་པས་སོ། །གཉེན་པོ་ནི་ཉན་ཐོས་རྣམས་ནི་ལུས་གཙང་མར་འཛིན་པ་ལ་སོགས་པ་ཕྱིན་ཅི་ལོག་བཞིའི་གཉེན་པོར་ལུས་མི་གཙང་བ་དང༌། ཚོར་བ་སྡུག་བསྔལ་བ་དང༌། སེམས་མི་རྟག་པ་དང༌། ཆོས་བདག་མེད་པར་སྒོམ་པར་བྱེད་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ལ་སོགས་པའི་ཆོས་བདག་མེད་པར་སྒོམས་པས་མི་གཙང་བ་ལ་སོགས་པའི་འདུ་ཤེས་བཞི་པོ་དེའི་ཡང་གཉེན་པོ་བྱེད་པས་སོ། །འཇུག་པ་ནི་དྲན་པ་ཉེར་བཞག་བཞིས་རང་ཉིད་བདེན་པ་བཞི་ལ་འཇུག་ཅིང་གཞན་དག་ཀྱང་འཇུག་པ་སྟེ། དབུས་མཐའ་ལས། གནས་ངན་ལེན་རྒྱུ་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་བཞག་པ་སྒོམ། །ཞེས་གསུངས་པའི་དོན་ནི། གནས་ངན་ལེན་ནི་ཟག་བཅས་ཀྱི་ཆོས་རྣམས་ཀྱི་ས་བོན་ཀུན་གཞི་ལ་ཡོད་པ་དེ་ཡིན་ལ། དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ཞིང༌། ལུས་ནི་འབྲས་བུ་ཡིན་ལ། ལུས་དྲན་པར་ཉེར་བཞག་སྒོམས་པས། ལུས་གནས་ངན་ལེན་གྱི་རྒྱུ་འདུ་བྱེད་སྡུག་བསྔལ་གྱིས་རབ་ཏུ་ཕྱེ་བར་རྟོགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ །ཚོར་བ་དྲན་པ་ཉེར་བཞག་སྒོམས་པས། ཚོར་བ་ནི་སྲེད་པའི་རྒྱུ་ཡིན་ལ་སྲེད་པ་ཀུན་འབྱུང་ཡིན་པས་དེ་ལ་འཇུག་གོ །སེམས་དྲན་པ་ཉེར་བཞག་སྒོམས་པས་བདག་ཏུ་འཛིན་པའི་གཞི་སེམས་དེ་མི་རྟག་པར་རྟོགས་པས་རྟག་པ་ལ་སོགས་བདག་མེད་པར་ཤེས་ནས་ཐར་པའི་དུས་ན་བདག་ཆད་ཀྱིས་དོགས་པའི་སྐྲག་པ་མེད་པས་འགོག་པའི་བདེན་པ་ཉིད་དུ་རྟོགས་པ་ལ་འཇུག་གོ །ཆོས་དྲན་པ་ཉེ་བར་བཞག་པ་སྒོམས་པས་ཀུན་ནས་ཉོན་མོངས་པ་སྤངས་པའི་ཕྱིར་གཉེན་པོ་བརྟན་པས་ལམ་གྱི་བདེན་པ་ལ་འཇུག་གོ །དམིགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་ལ་དམིགས་པའོ། །ཡིད་ལ་བྱེད་པ་ནི་ཉན་ཐོས་ཀྱི་ལུས་མི་གཙང་བ་ལ་སོགས་པར་ཡིད་ལ་བྱེད་ཅིང་འདིར་ནི་ལུས་ལ་སོགས་པ་མི་དམིགས་པ་ཡིད་ལ་བྱེད་པའོ། །ཐོབ་པ་ནི། ཉན་ཐོས་ནི་ལུས་ལ་སོགས་པ་དང་བྲལ་བ་ཕུང་པོ་ལྷག་མེད་ཐོབ་པའི་དོན་དུ་སྒོམ་ཡང་འདིར་ནི་ལུས་ལ་སོགས་པ་དང་བྲལ་བའི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་སྒོམས་པའོ། །མཐུན་པ་ནི། ཕར་ཕྱིན་དྲུག་དང་མཐུན་པས་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པའོ། །རྗེས་སུ་འཇུག་པ་ནི་འཇིག་རྟེན་པ་དང༌། ཉན་རང་རྣམས་རྗེས་སུ་འཇུག་པའི་དོན་དུ་དེ་དག་ལ་བསྟན་པའི་ཕྱིར་དེ་དག་གི་དྲན་པ་ཉེར་བཞག་ཀྱང་སྒོམས་པའོ། །ཡོངས་སུ་ཤེས་པ་ལ་ལུས་ནི་སྣང་ཡང་བདེན་པར་མེད་པས་སྒྱུ་མ་ལྟ་བུ། ཚོར་བ་ནི་ཉམས་སུ་མྱོང་ཡང་མི་བདེན་པས་རྨི་ལམ་ལྟ་བུ། སེམས་ནི་རང་བཞིན་གྱིས་འོད་གསལ་བས་ནམ་མཁའ་ལྟ་བུ། ཆོས་སུ་སྣང་བ་ནི་བློ་བུར་བ་ཀུན་བཏགས་ཡིན་པས་ནམ་མཁའ་ལ་བློ་བུར་གྱི་རྡུལ་ལ་སོགས་པས་ཁེབས་པ་ལྟ་བུར་ཤེས་པར་བྱེད་པའོ། །སྐྱེ་བ་ནི་བསམ་བཞིན་དུ་སྲིད་པར་སྐྱེ་བ་ན་འཁོར་ལོས་བསྒྱུར་བའི་ལུས་དང་ཚོར་བ་ལ་སོགས་པ་ཁྱད་པར་དུ་འཕགས་པ་ཐོབ་ཅིང་དེ་ལ་ཀུན་ནས་ཉོན་མོངས་པ་མེད་པའོ། །ཆེན་པོ་ནི་དབང་པོ་རྣོ་བས་དྲན་པ་ཉེར་བཞག་སྒོམས་པས་ཉན་རང་ལ་སོགས་པ་ལས་ཆེ་བའོ། །མཆོག་ཉིད་ནི་སྒོམ་པ་འགྲུབ་པས་ས་བརྒྱད་པ་ཡན་ཆད་དུ་འདྲེས་པར་ཉེ་བར་འདྲེས་པར་སྒོམས་པས་སོ། །སྒོམ་པ་ནི་ཤིན་ཏུ་གོམས་པས་ཕུང་པོ་ལྷག་མེད་དུ་ཡང་མི་ཟད་པའི་ཕྱིར་རོ། །ཡང་དག་པར་འགྲུབ་པ་ནི་ས་བཅུ་པ་དང་སངས་རྒྱས་སུ་འགྲུབ་པའི་ཕྱིར་ཏེ། བཅུ་བཞི་པོ་དེ་དག་གིས་ཁྱད་པར་དུ་འཕགས་སོ། །ཡང་དག་པར་སྤོང་བ་ལ་གསུམ་ལས། མཚན་ཉིད་ནི་བརྟན་པ་རྣམས་ཀྱིས་ཡང་དག་པར་སྤོང་བ་བཞི་པོ་ལུས་ཅན་གཞན་ཀུན་གྱི་ཡང་དག་སྤོང་བ་བཞི་དང་མཚུངས་པ་མེད་དེ། སྔར་བཤད་པའི་དྲན་པ་ཉེ་བར་བཞག་པའི་མི་མཐུན་ཕྱོགས་ཉེས་པ་མ་སྐྱེས་པ་མི་སྐྱེད་པ་དང༌། སྐྱེས་པ་སྤོང་བ་དང༌། གཉེན་པོ་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་འཕེལ་བར་བྱ་བའི་ཕྱིར་འདུན་པ་སྐྱེད། འབད། བརྩོན་འགྲུས་རྩོམ་པར་བྱེད་པས་ན་ཉེས་པ་རྣམས་ཀྱི་གཉེན་པོར་སྒོམ་པ་ཡིན་ནོ། །དབྱེ་བ་ནི་འཁོར་བའི་ཕུན་སུམ་ཚོགས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པར་ཉེ་བར་སྤྱོད་པ་དང༌། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། གཉིད་རྨུགས་གཉིས་དང༌། རྒོད་འགྱོད་གཉིས་དང༌། ཐེ་ཚོམས་སྟེ་བསམ་གཏན་གྱི་སྒྲིབ་པ་ལྔ་པོ་དག་ནི་འདོར་བ་དང༌། ཉན་རང་གི་ཡིད་ལ་བྱེད་པ་འདོར་བ་དང༌། ས་དང་པོ་ནས་དྲུག་པའི་བར་དུ་ས་རྣམས་ལ་འཇུག་པ་དང༌། བདུན་པ་ལ་མཚན་མ་མེད་པར་གནས་པ་དང༌། བརྒྱད་པ་ལ་ལུང་བསྟན་པ་ཐོབ་པ་དང༌། དགུ་པ་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་དང༌། བཅུ་པ་ལ་དབང་བསྐུར་བ་བྱ་བ་དང༌། དག་པའི་ས་གསུམ་ལ་ཞིང་རྣམས་དག་པར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ས་ལ་མཐར་ཐུག་པར་བྱ་བའི་ཕྱིར། དེ་དག་གི་མི་མཐུན་ཕྱོགས་གང་ཡིན་པ་དེའི་གཉེན་པོར་བྱང་ཆུབ་སེམས་དཔའ་བློ་ལྡན་ཏེ། ཤེས་རབ་ཅན་རྣམས་ཡང་དག་པར་སྤོང་བ་སྒོམ་པའོ། །སྒོམ་པའི་ཐབས་ནི། མདོ་ལས། འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ནོ། །ཡང་དག་པར་རབ་ཏུ་འཇོག་གོ །ཞེས་པའི་དོན་གོ་རིམ་བཞིན་དུ་ཞི་གནས་དང་ལྷག་མཐོང་རྣམ་པར་སྒོམ་པའི་འདུན་པ་ལ་ནི་བརྟེན་ནས་སུ་ཞེས་པ་ནི་འདུན་པ་སྐྱེད་པའོ། །ཞེས་པའི་དོན་ནོ། །ངོ་བོ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར། གྲོགས་ཞི་གནས་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་དང་བཅས་པ་སྒོམས་པ་ལ་འབད་དོ། །ཇི་ལྟར་སྒོམ་ཞེ་ན། ཞི་གནས་དང་རབ་ཏུ་འཛིན་པའི་མི་མཐུན་ཕྱོགས་རྒོད་པ་དང་ཞུམ་པ་དག་གི་གཉེན་པོ་བརྩོན་འགྲུས་རྩོམ་མོ། །ཇི་ལྟར་རྩོམ་ན། བྱིང་ན་ཤེས་རབ་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པས་སེམས་རབ་ཏུ་འཛིན་ཏོ། །རྒོད་ཅིང་འཕྲོ་ན་ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པས་ཡང་དག་པར་རབ་ཏུ་འཇོག་གོ །བྱིང་རྒོད་མེད་པ་ཆ་མཉམ་ན་འབད་སྩོལ་དོར་ནས་བཏང་སྙོམས་སུ་འཇོག་སྟེ། དེས་ན་ཡང་དག་པར་སྤོང་བའི་རབ་ཏུ་དབྱེ་བ་དེ་ཐམས་ཅད་ལ་གཉེན་པོ་ཞེས་ནི་ངེས་པར་བརྗོད་དོ། །རྫུ་འཕྲུལ་གྱི་རྐང་པ་ལ་གསུམ་ལས། མདོར་བསྟན་པ་ནི། བརྟན་པ་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། གཞན་ལས་མཆོག་ཏུ་གྱུར་བའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །བདག་ཉིད་དང་གཞན་དག་གི་འཇིག་རྟེན་ལས་འདས་པའི་དོན་ཀུན་སྒྲུབ་པའི་ཕྱིར་སྐྱེའོ། །བློ་ལྡན་རྣམས་ཀྱིས་རྫུ་འཕྲུལ་ཀྱི་རྐང་པ་དེ་ཡང་རྟེན་དང༌། རབ་ཏུ་དབྱེ་བ་དང༌། ཐབས་དང༌། མངོན་པར་སྒྲུབ་བ་ཡིས་རྣམ་པ་ཀུན་ཏུ་རྣམ་པར་བཞག་པར་འདོད་དོ། །རྒྱས་པར་བཤད་པ་ལ་རྟེན་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་སོ། །རབ་ཏུ་དབྱེ་བ་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། དེ་བཞིན་དུ་བརྩོན་འགྲུས་དང༌། སེམས་དང༌། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ་རྣམ་པ་བཞིའོ། །ཐབས་ཀྱང་རྣམ་པ་བཞིའོ། །མངོན་པར་སྒྲུབ་པ་ནི་རྣམ་པ་དྲུག་གོ །ཕྱི་མ་གཉིས་རྒྱས་པར་བཤད་པ་ནི། ཐབས་བཞི་པོ་གང་ཞེ་ན། ཏིང་ངེ་འཛིན་བཞི་པོ་དེའི་མཐར་ཐུག་པའི་ཐབས་སུ་འདུན་པ་དང༌། རྩོལ་བ་དང༌། དད་པ་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་ཏེ་སྤོང་བའི་འདུ་བྱེད་བརྒྱད་སྒོམ་དགོས་པས་དེ་ལ་དང་པོ་གསུམ་ཐབས་གཅིག་ཏུ་བྱས་པ་ནི་འབད་པར་བྱེད་པ་སྟེ། དད་པས་ཡིད་ཆེས་ནས་འདུན་པས་དོན་དུ་གཉེར་ནས་སྩོལ་བས་ལམ་ལ་འབད་པའི་ཕྱིར་རོ། །ཐབས་གཉིས་པ་ཤིན་ཏུ་སྦྱངས་པ་ནི་ལུས་སེམས་ལས་སུ་རུང་བའི་དགའ་བ་དེས་ཁྱད་པར་བྱེད་པས་ལུས་དང་སེམས་ལ་ཕན་འདོགས་པའོ། །ཐབས་གསུམ་པ་དྲན་པས་སེམས་དམིགས་པ་ལ་མི་འཕྲོ་བར་བྱེད་ལ། ཤེས་བཞིན་གྱིས་འཕྲོ་བ་རིག་པར་བྱེད་པའི་ཕྱིར་དམིགས་པ་ལ་སེམས་གཏོད་པར་བྱེད་པ་ཡིན་ནོ། །ཐབས་བཞི་པ་སེམས་ཞུམ་པའི་གཉེན་པོར་རབ་ཏུ་འཇོག་ལ། བཏང་སྙོམས་ཀྱིས་བྱིང་རྒོད་མེད་པར་ཆ་མཉམ་ན་སྩོལ་བ་གློད་ནས་འཇོག་པས་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་ནོ། །ཡང་འདུ་བྱེད་བརྒྱད་ཀྱིས་ཉེས་པ་ལྔ་སྤོང་བའི་ཕྱིར་ཐམས་ཅད་ཀྱང་གཉེན་པོ་ཡིན་ཏེ། ཉེས་པ་ལྔ་ནི། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་རྣམས། །འདུ་མི་བྱེད་དང་འདུ་བྱེད་དེ། །དེ་དག་ཉེས་པ་ལྔར་འདོད་དོ། །ཞེས་པས་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་མ་ཞུགས་པ་ལེ་ལོ་དང༌། ཞུགས་པ་ན་གདམས་ངག་བརྗེད་པ་དང༌། ཞུགས་པ་དངོས་གཞིའི་དུས་ན་བྱིང་རྒོད་དང༌། བྱིང་རྒོད་བྱུང་བ་ན་དེའི་གཉེན་པོ་འདུ་མི་བྱེད་པ་དང༌། བྱིང་རྒོད་མེད་པར་མནལ་དུ་གནས་པ་ན་འདུ་བྱེད་པས་བར་དུ་གཅོད་དོ། །དེ་ལྟར་ཉེས་པ་ལྔ་པོ་དེ་འདུ་བྱེད་བརྒྱད་ཀྱིས་སྤོང་ཚུལ་ཡང༌། དེ་ཉིད་ལས། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུ་འོ། །དམིགས་པ་བརྗེད་པར་མ་གྱུར་ཀྱང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པ་འོ། །ཞེས་པས་སྩོལ་པའི་གནས་འདུན་པ་དང༌། གནས་པ་སྩོལ་བ་དང༌། འདུན་པའི་རྒྱུ་དད་པ་དང༌། སྩོལ་བའི་འབྲས་བུ་ཤིན་ཏུ་སྦྱངས་པ་དང༌། དད་པས་ཐོབ་པར་བྱ་བ་ལ་ཡོན་ཏན་དུ་རིག་ནས་འདུན་པས་དོན་དུ་གཉེར་ཏེ། སྩོལ་བས་ལམ་ལ་འབད་པས་ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་ཐོབ་པ་ན་ལེ་ལོ་མི་འབྱུང་བའི་ཕྱིར་རོ། །གདམས་ངག་བརྗེད་པའི་གཉེན་པོར་དམིགས་པ་མ་བརྗེད་པའི་དྲན་པའོ། །བྱིང་རྒོད་ཀྱི་གཉེན་པོར་དེ་བྱུང་བར་རྟོགས་པའི་ཤེས་བཞིན་ནོ། །འདུ་མི་བྱེད་པའི་གཉེན་པོར་དེ་སྤང་བའི་ཐབས་མངོན་པར་འདུ་བྱེད་པའི་སེམས་པའོ། །འདུ་བྱེད་པའི་གཉེན་པོར་སེམས་རྣལ་དུ་འཇོག་པའི་བཏང་སྙོམས་སོ། །མངོན་པར་སྒྲུབ་པ་རྣམ་པ་དྲུག་ལ་མཐོང་བ་ནི་སྤྱན་ལྔ་སྟེ། ཤའི་སྤྱན་ནི་བྱང་ཆུབ་སེམས་དཔས་རྫུ་འཕྲུལ་གྱི་རྐང་པ་སྒོམས་པས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་ཤིན་ཏུ་ཕྲ་བ་རྣམས་ཀྱང་མཐོང་བའོ། །ལྷའི་སྤྱན་ནི་བསམ་གཏན་བཞི་པ་སྒོམས་པའི་སྟོབས་ཀྱིས་སྔར་བས་ཀྱང་རྒྱ་ཆེ་བའི་འཇིག་རྟེན་གྱི་ཁམས་མང་པོའི་གཟུགས་རྣམས་མཐོང་བའོ། །ཤེས་རབ་ཀྱི་སྤྱན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཆོས་ཀྱི་སྤྱན་ནི་གསུང་རབ་ཡན་ལག་བཅུ་གཉིས་ཐོགས་པ་མེད་པར་ཤེས་པའོ། །སངས་རྒྱས་ཀྱི་སྤྱན་ནི་ཤེས་བྱ་ཐམས་ཅད་ཤེས་པའོ། །ཞེས་བཙུན་པ་དང་འགྲེལ་ཆེན་མཁན་པོ་བཞེད་དོ། །གདམས་ངག་སྟོན་པ་ནི་མངོན་ཤེས་དྲུག་གི་བྱེད་ལས་ཏེ། དྲུག་པོ་གོ་རིམ་བཞིན་རྫུ་འཕྲུལ་གྱིས་གདུལ་བྱའི་གནས་སུ་སོང་སྟེ། ལྷའི་རྣ་བས་དེ་དག་གི་སྐད་དང༌། གཞན་སེམས་ཤེས་པ་དེ་དག་གི་སེམས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པས་གང་ནས་འོངས་པ་དང༌། ལྷའི་མིག་གིས་གང་དུ་འགྲོ་བ་རྣམས་རིག་པར་བྱས་ནས། ཟག་ཟད་མངོན་ཤེས་ཀྱིས་ངེས་པར་འབྱུང་བར་བྱ་བའི་ཕྱིར་འདོམས་པའི་ཕྱིར་རོ། །གནས་པས་རྣམ་པར་བརྩེ་བ་ནི། རྫུ་འཕྲུལ་གྱི་སྟོབས་ཀྱིས་ཏིང་ངེ་འཛིན་ལ་སོགས་པས་རྣམ་པར་བརྩེ་བའོ། །སྨོན་ལམ་ནི། བྱང་ཆུབ་སེམས་དཔའ་སྨོན་ལམ་ཀྱི་སྟོབས་ཅན་རྣམས་སྨོན་ལམ་ཁྱད་པར་ཅན་གྱི་སྟོབས་ཀྱིས་ས་བཅུ་པ་ལས་གསུངས་པ་ལྟར་ལུས་དང༌། དབྱངས་དང་འོད་ལ་སོགས་པ་གྲངས་མེད་པས་བརྩེ་བའོ། །དབང་བཅུ་དང་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐོབ་པ་སྟེ་དྲུག་པོ་དེ་མངོན་པར་སྒྲུབ་པ་དྲུག་གོ །དབང་པོ་ལྔ་ལ་དོན་གཉིས་ལས་དམིགས་པ་ནི་བདེན་པ་བཞི་ལ་དམིགས་ཤིང༌། ཁྱད་པར་ཐེག་ཆེན་གྱི་ལུགས་ཀྱི་བླ་ན་མེད་པའི་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། ཐོས་པ་མཆོག་སྟེ་ཐེག་ཆེན་གྱི་ཆོས་ཐོས་པ་དང༌། ཞི་གནས་དང་ལྷག་མཐོང་རྣམས་གོ་རིམ་བཞིན་དུ་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་སྟེ་ལྔའི་གཞི་སྟེ་དམིགས་པ་ཡིན་པར་ཤེས་པར་བྱའོ། །ངེས་ཚིག་ནི་བྱང་ཆུབ་ལ་སོགས་པའི་དོན་ལྔ་སྒྲུབ་པ་ལ་དབང་བྱེད་པས་ན་དབང་པོའོ། །སྟོབས་ལ་གསུམ་ལས། ས་མཚམས་ནི་དད་སོགས་ལྔ་པོ་དེ་དག་བཟོད་པ་དང༌། ཆོས་མཆོག་གི་སྐབས་སུ་ས་དང་པོ་ཐོབ་ཏུ་ཉེ་བ་ན་ས་ལ་འཇུག་པ་ཡིན་ནོ། །ངོ་བོ་འཇིག་རྟེན་པ་ཡིན་པས་ཀུན་ནས་ཉོན་མོངས་པ་ཅན་དུ་འདོད་དོ། །ངེས་ཚིག་ནི་མི་མཐུན་ཕྱོགས་མ་དད་པ་ལ་སོགས་པ་ལྔ་པོ་ཉམས་ཆུང་ཞིང་དད་སོགས་ལྔ་པོ་སྟོབས་ཆེ་བས་དེ་དག་ཉིད་ལ་སྟོབས་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་ལ་བཞི་ལས། ས་འཚམས་ནི་ས་དང་པོར་ཞུགས་པ་ལ་ཡོད་དོ། །རྟོགས་པ་ནི་ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་ཆོས་རྣམས་མཉམ་པ་ཉིད་དང༌། གང་ཟག་ལ་བདག་མེད་པར་རྟོགས་པས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའོ། །དཔེ་དང་བཅས་ཏེ་དབྱེ་བ་ལ་དངོས་དང༌། དོན་བསྡུ་བ་ལ་གཉིས་ལས། དང་པོ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་འདི་རིན་པོ་ཆེ་སྣ་བདུན་དང་ཆོས་མཐུན་པར་སྟོན་ཏོ། །དྲན་པ་ན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཤེས་བྱ་མ་རྒྱལ་བ་ལས་རྒྱལ་བར་བྱ་སྟེ། སྔར་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དྲན་པ་ཀུན་ཏུ་སྤྱོད་པ་སྟེ། དཔེར་ན་འཁོར་ལོས་བསྒྱུར་བའི་འཁོར་ལོ་རིན་པོ་ཆེ་དེས་རྒྱལ་པོ་གཞན་གྱི་གཡུལ་མ་ཕེབས་པ་རྣམས་འཕེབ་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་འདིའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་རྟོག་པའི་མཚན་མ་ཐམས་ཅད་འཇོམས་པར་བྱེད་དོ། །གླང་པོ་རིན་པོ་ཆེས་ཕྱིར་རྒོལ་བ་ཐམས་ཅད་འཇོམས་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་འདིའི་བརྩོན་འགྲུས་ནི་རྟོགས་བྱ་མ་ལུས་པ་མྱུར་དུ་རྟོགས་པར་བྱ་བའི་ཕྱིར་འཇུག་སྟེ། དཔེར་ན་རྟ་མཆོག་རིན་པོ་ཆེས་ས་ཆེན་པོ་རྒྱ་མཚོའི་མཐའ་ཀླས་པ་མྱུར་དུ་བསྐོར་བ་བཞིན་ནོ། །དགའ་བ་ནི་བརྩོན་འགྲུས་ཀྱིས་བདག་མེད་པར་རྟོགས་པའི་ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ལུས་སེམས་ཟག་མེད་ཀྱི་དགའ་བས་རྟག་ཏུ་རྒྱས་ཤིང་ཚིམ་པར་འགྱུར་བ་སྟེ། ནོར་བུ་རིན་པོ་ཆེའི་སྣང་བའི་ཁྱད་པར་གྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དགའ་བ་བྱེད་པ་བཞིན་ནོ། །ཤིན་ཏུ་སྦྱངས་པས་ནི་སྒྲིབ་པས་ཏེ་ལུས་སེམས་ཀྱི་གནས་ངན་ལེན་ཀུན་ལས་ཐར་བར་བྱ་བའི་ཕྱིར། ལུས་སེམས་ལས་སུ་རུང་བའི་བདེ་བ་ཐོབ་པ་སྟེ། བཙུན་མོ་རིན་པོ་ཆེ་ལ་བརྟེན་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོས་དགའ་བ་ཉམས་སུ་མྱོང་བ་བཞིན་ནོ། །ཏིང་འཛིན་ལ་བརྟེན་ནས་ཡིད་ལ་བསམ་པའི་དོན་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་འབྱོར་པ་ཉེ་བར་སྐྱེ་བར་འགྱུར་ཏེ། བློན་པོ་རིན་པོ་ཆེས་དགོས་པའི་བྱ་བ་ཐམས་ཅད་སྒྲུབ་པ་བཞིན་ནོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དུས་ཐམས་ཅད་བྱང་ཆུབ་སེམས་དཔའ་འདི་ཇི་ལྟར་འདོད་པ་བཞིན་དུ་གནས་ཏེ། རྗེས་ལས་ཐོབ་པའི་གནས་པ་མཆོག་གིས་སྔར་མ་རྟོགས་པ་རྟོགས་པ་དང༌། རྟོགས་ཟིན་འདོར་བར་བྱེད་ལ། རྣམ་པར་མི་རྟོག་པའི་གནས་པ་ལ་མཆོག་གིས་རྟོགས་པ་དེ་ལ་རྟག་ཏུ་སྩོལ་བ་མེད་པར་གནས་པའི་ཕྱིར་ཏེ། དམག་དཔོན་རིན་པོ་ཆེས་རྟ་དང༌། གླང་པོ་དང༌། ཤིང་རྟ་དང༌། དཔུང་བུ་ཆུང་སྟེ། དཔུང་གི་ཡན་ལག་ཚོགས་བཞི་དང་བཅས་ཏེ་ནོར་རྫས་ལ་སོགས་པ་དབུལ་བར་བྱ་བ་རྣམས་འབུལ་ལ། ཕ་རོལ་གྱི་དམག་ལ་སོགས་པ་དོར་བར་བྱ་བ་འདོར་ཞིང་དཔུང་གི་ཚོགས་ཏེ། སྐྱོ་བ་དང༌། དུབ་བ་དང་གནོད་པ་མེད་པའི་གནས་སུ་སོང་ནས་གནས་པར་བྱེད་པ་བཞིན་ནོ། །དོན་བསྡུ་བ་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་འདྲ་བར་འཕགས་པའི་ལམ་ལ་འཇུག་སྟེ་དུས་རྟག་ཏུ་རིན་པོ་ཆེ་སྣ་བདུན་ལྟ་བུའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྐོར་བའི་ཕྱིར་རོ། །བཞི་པ་ཡན་ལག་ཇི་ལྟར་ཡིན་པའི་ཚུལ་ནི། ཚིགས་བཅད་སྡེབས་པའི་ཆེད་དུ་རང་གཞན་ཡན་ལག་ཐོག་མར་སྨོས་ཀྱང་དོན་གྱི་རིམ་པ་ལྟར་བཤད་ན། དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། ཡན་ལག་ཐམས་ཅད་དེ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི། རང་བཞིན་གྱི་ཡན་ལག་སྟེ། ཤེས་རབ་ནི་མཐོང་ལམ་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །གསུམ་པ་བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། སངས་རྒྱས་ཀྱི་ས་མ་ཐོབ་ཀྱི་བར་དུ་ཡོན་ཏན་གོང་ནས་གོང་དུ་འགྲོ་བ་རྒྱུན་མི་གཅོད་པའི་ཕྱིར་རོ། །བཞི་པ་དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། སེམས་དགའ་བ་བྱེད་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་དང་གསུམ་ནི་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། དེའང་གང་གིས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། དེའང་གང་གིས་ཉོན་མོངས་པ་མེད་པ་ཤིན་ཏུ་སྦྱངས་པ་ནི། ཀུན་ནས་ཉོན་མོངས་པ་མེད་པའི་གཞིའི་ཡན་ལག་ཡིན་ཏེ། གནས་ངན་ལེན་དང་བྲལ་བས་ཉོན་མོངས་པ་མེད་པའི་རྒྱུ་ཡིན་པས་སོ། །ཏིང་ངེ་འཛིན་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གནས་ཀྱི་ཡན་ལག་ཡིན་ཏེ། རྣམ་གཡེང་དང་བྲལ་བས་ཉོན་མོངས་པ་མེད་པར་བྱེད་པས་སོ། །བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པས་སོ། །དབུས་མཐའ་ལས། འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་འདོར་བ་ཡིན། །ཞེས་སོ། །འཕགས་ལམ་ཡན་ལག་བརྒྱད་ལ་ཡང་དག་པའི་ལྟ་བ་ནི་བྱང་ཆུབ་ཀྱི་ཡན་ལག་དེའི་འོག་ཏུ་རྗེས་ཐོབ་ཀྱི་ཤེས་པས་མཐོང་ལམ་མཉམ་བཞག་གིས་ཇི་ལྟར་རྟོགས་པའི་རྗེས་སུ་འཇུག་པ་སྟེ། མཉམ་བཞག་གི་ཆོས་ཉིད་འདི་ལྟར་རྟོགས་སོ། །ཞེས་ལྟ་བའོ། །ཡང་དག་པའི་རྟོག་པ་ནི་རང་གིས་མཉམ་བཞག་གི་ཆོས་ཉིད་རྟོགས་པ་དེ་ཉིད་གཞན་ལ་སྟོན་ཚུལ་གྱི་རྣམ་བཞག་ཇི་ལྟ་བ་བཞིན་དུ་རྟོགས་པ་དང༌། བདག་ཉིད་ཀྱིས་རྟོགས་པ་བཞིན་དུ་མདོ་ལ་སོགས་པ་ལས་གསུངས་པའི་ཆོས་ཉིད་རྟོགས་ཚུལ་མཉམ་པར་བཞག་པ་ལ་ཕྱིན་ཅི་མ་ལོག་པར་འཇུག་པའོ། །ཡང་དག་པའི་ངག་ནི་རྟོགས་པ་དང་མཐུན་པར་གཞན་ལ་སྟོན་པའི་ངག་གི་ལས་རྣམ་པར་དག་པ་སྟེ། དེས་གཞན་དག་ལྟ་བ་རྣམ་པར་དག་པར་ཡིད་ཆེས་པར་བྱེད་དོ། །ལས་ཀྱི་མཐའ་ནི་ལུས་ཀྱི་བྱ་བ་མ་ཡིན་པ་མི་བྱེད་པས་ལུས་ཀྱི་ལས་རྣམ་པར་དག་པ་སྟེ། དེས་ཚུལ་ཁྲིམས་རྣམ་པར་དག་པར་ཡིད་ཆེས་པར་བྱེད་དོ། །འཚོ་བ་ནི་ལོག་འཚོ་སྤངས་པས་ལུས་ངག་གཉིས་ཀའི་ལས་རྣམ་པར་དག་པ་སྟེ། དེས་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་དོ། །ལོག་འཚོ་ལྔ་པོ་གང་ཞེ་ན། དབུ་མ་རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་བསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བ་འོ། །གཞོག་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་ལ། །རྙེད་པས་རྙེད་པ་རྣམ་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་གསུངས་སོ། །རྣམ་བཤད་རིགས་པ་ལས། ཚུལ་འཆོས་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། རྙེད་པ་དང་བཀུར་སྟི་འདོད་པ་ཉིད་ཀྱིས་གཞན་ལ་ཡོན་ཏན་ཡིད་ཆེས་པར་བྱ་བའི་བསམ་པས་སྤྱོད་ལམ་ལེགས་པར་གནས་པ་དང༌། ལུས་དབེན་པར་གནས་པ་དང༌། རྙེད་པ་དང་དུ་མི་ལེན་པ་ཉིད་ཀྱིས་དང༌། ངན་པ་དང་གྱ་ནོམ་སྟེན་པ་ཉིད་ཀྱིས་ཡོ་བྱད་སྙུངས་པ་ཀུན་ཏུ་སྟོན་པའོ། །ཁ་བསག་ཀྱང་རྣམ་པ་གསུམ་སྟེ། རྙེད་པ་དང་བཀུར་སྟིའི་བསམ་པས་རྗེས་སུ་མཐུན་པར་སྙན་པར་སྨྲ་བ་དང༌། རང་གི་ཡོན་ཏན་སྨྲ་བ་དང༌། ཆོས་སྨྲ་བའོ། །གཞོག་སློངས་ཀྱང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་ལུས་ཀྱི་གནོད་པའི་གཞི་ཀུན་ཏུ་སྟོན་པ་དང༌། ཕོངས་པའི་གཞི་ཀུན་ཏུ་སྟོན་པ་དང༌། ཚིག་གིས་བསམ་པའི་གཞི་བསྔགས་པར་བྱེད་པ་ཉིད་དོ། །ཐོབ་ཀྱིས་འཇལ་བ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་དེ་ལ་སྦྱིན་པར་མི་བྱེད་པ་ལ་སྨོད་པ་དང༌། གཞན་ལ་སྦྱིན་པར་བྱེད་པ་ལ་སྨོད་པ་དང༌། ཧ་ཅང་ཕྱི་བཞིན་འབྲངས་ཤིང་སློང་བའོ། །རྙེད་པའི་རྙེད་པ་འདོད་པ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་གཞན་ལ་རྙེད་པ་རྒྱ་ཆེ་བར་ཀུན་ཏུ་སྟོན་པ་དང༌། སྦྱིན་པར་བྱེད་པ་རྒྱ་ཆེ་བར་བསྔགས་པར་བྱེད་པ་དང༌། ཟང་ཟིང་སྦྱིན་པ་བསྔགས་པར་བྱེད་པའོ། །ཞེས་སོ། །ཡང་དག་པའི་སྩོལ་བ་ནི། ཆོས་ཉིད་རྟོགས་པ་དེ་ཡུན་རིང་པོར་སྒོམ་པ་ལ་མི་སྐྱོ་བའི་སྒོ་ནས་བརྩོན་འགྲུས་བརྩམས་པས་ཤེས་བྱའི་སྒྲིབ་པའི་གཉེན་པོ་བྱེད་པའོ། །དྲན་པ་ནི་ཞི་གནས་དང་རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་རྒྱུ་མཚན་བརྗོད་པའི་སྒོ་ནས་དེ་དག་སྒོམ་པའི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་ལ་སྒྲིབ་པའི་གཉེན་པོ་བྱེད་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི། བསམ་གཏན་ལ་བརྟེན་པའི་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པའི་གཉེན་པོ་སྒོམ་པར་བྱེད་པའོ། །དེ་ལ་དང་པོ་གཉིས་དང་རྩོལ་བ་ནི་ཤེས་རབ་ཀྱི་ཕུང་པོ། བར་པ་གསུམ་ཚུལ་ཁྲིམས་ཀྱི་ཕུང་པོ། ཐ་མ་གཉིས་ཏིང་ངེ་འཛིན་གྱི་ཕུང་པོ་ཡིན་ནོ། །དབུས་མཐའ་ལས། ཡོངས་སུ་གཅོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ལྟ་དང་ཚུལ་ཁྲིམས་ཡོ་བྱེད་སྙུངས། །གཞན་ལ་རྣམ་པར་བྱེད་འདོད་པ། །ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། །མི་མཐུན་ཕྱོགས་ཀྱི་གཉེན་པོ་འོ། །ཞེས་བཤད་དོ། །གསུམ་པ་སྤྱོད་པ་དབང་དུ་བྱེད་པའི་ཐབས་ལ་གཉིས་ཏེ། མཉམ་པར་བཞག་པའི་རྣལ་འབྱོར་དང༌། རྣལ་འབྱོར་དང་རྗེས་སུ་མཐུན་པའི་བྱ་བའོ། །དང་པོ་ནི་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སྒོམ་པ་ལ་རབ་ཏུ་སྤྱོད་པ་དེས་དེ་དག་སྒོམ་པའི་ཐབས་ཞི་གནས་དང་ལྷག་མཐོང་རབ་ཏུ་སྟོན་ནོ། །དེ་ཡང་ལྔ་ལས། མཚན་ཉིད་ནི་དམིགས་པ་ལ་སེམས་ཡང་དག་གནས་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ཀྱི་ཆོས་ཉིད་ལ་སེམས་འཇོག་པའི་ཕྱིར་ཞི་གནས་ཡིན་ལ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་ལྷག་མཐོང་ཡིན་ནོ། །དེ་ཡོན་ཏན་ཐམས་ཅད་ཀྱི་ཐབས་སུ་བསྟན་པ་ནི། ཡོན་ཏན་ཀུན་སྒྲུབ་པའི་ཐབས་ནི་ཞི་གནས་དང་ལྷག་མཐོང་དག་ཏུ་འདོད་དོ། །མདོ་ལས། དགེ་སློང་དག་སྐྱེ་མ་བདག་གིས་འདོད་པ་དག་ལས་དབེན་པར་འདོད་ན་ཞེས་བྱ་བ་ནས། རྒྱས་པར་དགེ་སློང་དེས་ཆོས་གཉིས་པོ་འདི་ཁོ་ན་སྒོམ་པར་བྱའོ་ཞེས་གསུངས་པ་ལྟར་སྒོམ་ཚུལ་ནི། ཆ་གཅིག་པ་སྟེ་ཞི་གནས་གཙོ་ཆེ་བ་གཟུགས་མེད་བཞི་དང༌། ལྷག་མཐོང་གཙོ་ཆེ་བ་བསམ་གཏན་དང་པོ་གསུམ་མོ། །ཆ་གཅིག་མ་ཡིན་པ་ནི་གཉིས་ཀ་ཟུང་དུ་འབྲེལ་བ་བསམ་གཏན་བཞི་པའོ། །ས་མཚམས་ཀྱི་དབྱེ་བ་ནི་མོས་སྤྱོད་ཀྱི་ཞི་ལྷག་ནི་ས་དང་པོ་ཡན་ཆད་ཀྱི་རྒྱུར་འདོད་དེ། ཆོས་ཉིད་མངོན་སུམ་དུ་རྟོགས་པ་ནི་ས་དང་པོའོ། །མཚན་མ་དང་བཅས་པའི་སྦྱོར་བ་ལས་ངེས་པར་འབྱུང་བ་ནི་དྲུག་པའི་བར་རོ། །མཚན་མ་མེད་པ་ནི་བདུན་པའོ། །འབད་སྩོལ་མངོན་པར་འདུ་མི་བྱེད་པ་ནི་དག་པའི་ས་གསུམ་མོ། །ཡང་དག་པ་ས་གསུམ་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། རྣམ་པར་དག་པ་སངས་རྒྱས་ཐོབ་པར་བྱེད་པའི་ཞི་གནས་དང་ལྷག་མཐོང་སྒོམ་སྟེ། དེས་ན་བརྟན་པ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་དེ་མོས་སྤྱོད་ནས་ས་བཅུ་པའི་བར་ས་ཀུན་ཏུ་འགྲོའོ། །བྱེད་ལས་ནི་རང་གཞན་གྱི་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །གཉིས་པ་རྣལ་འབྱོར་དང་རྗེས་སུ་མཐུན་པའི་བྱ་བ་ལ་བཞི་སྟེ། རྗེས་སུ་མཐུན་པའི་རང་བཞིན་ཐབས་ལ་མཁས་པ་དང༌། རྟོགས་པ་ཆུད་མི་ཟ་བའི་རྒྱུ་གཟུངས་དང༌། མཐུན་རྐྱེན་སྒྲུབ་པའི་རྒྱུ་སྨོན་ལམ་དང༌། འགལ་རྐྱེན་སྤོངས་བའི་རྒྱུ་ཏིང་ངེ་འཛིན་གསུམ་དང༌། ཆོས་ཀྱི་སྡོམ་བཞིའོ། །དང་པོ་ནི་དེ་ལྟར་ཞི་གནས་ལ་བརྩོན་པ་དེས་ཐབས་མཁས་པས་དགེ་བ་དེ་དག་ཐེག་ཆེན་དུ་བསྔོ་བར་བྱེད་པས་དེའི་འོག་ཏུ་ཐབས་ལ་མཁས་པ་སྟོན་ནོ། །འདི་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། བྱང་ས་ལས། ཐབས་ལ་མཁས་པ་བཅུ་གཉིས་ཏེ། ནང་གི་ནི་སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་ལས་བརྩམས་ཏེ་དྲུག་དང༌། སེམས་ཅན་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་བཅུ་གཉིས་བཤད་པའི་དང་པོ་དྲུག་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པས་ལྟ་བ་དང༌། འདུ་བྱེད་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་དང༌། གཞན་དོན་དུ་འཁོར་བ་མི་གཏོང་བ་དང༌། འདུ་བྱེད་ཇི་ལྟ་བ་བཞིན་ཤེས་པས་ཉོན་མོངས་པ་མེད་པའི་སེམས་ཀྱི་འཁོར་བར་འགྲོ་བ་དང༌། སངས་རྒྱས་ཀྱི་ཡེ་ཤེས་འདོད་པས་བརྩོན་འགྲུས་འབར་བའོ། །ཕྱི་མ་དྲུག་ནི་སེམས་ཅན་རྣམས་དགེ་བའི་རྩ་བ་ཆུང་ངུ་རྣམས་འབྲས་བུ་ཚད་མེད་པར་སྒྱུར་བ་དང༌། ཚོགས་ཆུང་ངུས་དགེ་བའི་རྩ་བ་མེད་པ་སྒྲུབ་པ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་སེལ་བ་དང༌། ཐ་མལ་བ་རྣམས་འཛུད་པ་དང༌། ཞུགས་པ་རྣམས་སྨིན་པར་བྱེད་པ་དང༌། ཡོངས་སུ་སྨིན་པ་རྣམས་གྲོལ་བར་བྱེད་པའོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། དབྱེ་བ་དང༌། བྱེད་ལས་སོ། །དང་པོ་ནི་སངས་རྒྱས་ཀྱི་ཆོས་རྣམས་རྫོགས་པར་བྱེད་པའི་ཐབས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་ནི་བསྡུ་བའི་དངོས་པོ་བཞིའོ། །སངས་རྒྱས་མྱུར་དུ་ཐོབ་བར་བྱེད་པའི་ཐབས་ནི་དཀོན་མཆོག་གི་སྤྱན་སྔར་མཆོད་པ་སྔོན་དུ་བཏང་སྟེ་དེ་དག་དཔང་པོར་བྱེད་པ་རྟེན་གྱི་སྟོབས་དང༌། སྔར་བྱས་པའི་སྡིག་པ་ལ་འགྱོད་པ་དྲག་པོ་བྱེད་པ་སུན་འབྱིན་པའི་སྟོབས་དང༌། ཕྱིན་ཆད་གཏན་ནས་མི་བྱེད་པའི་བསམ་པས་སྡོམ་པ་སོར་ཆུད་པའམ་ཉེས་པ་ལས་སླར་ལྡོག་པའི་སྟོབས་དང༌། སྡིག་པའི་གཉེན་པོར་སྟོང་པ་ཉིད་དང༌། བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་སོགས་པ་དགེ་བ་ལ་འབད་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་དེ་ལྟར་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ཐམས་ཅད་ལ་དགའ་བ་སྒོམ་པ་རྗེས་སུ་ཡི་རང་བ་དང༌། ཕྱོགས་བཅུའི་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་སྐོར་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང༌། རང་དང་གཞན་གྱི་དུས་གསུམ་གྱི་དགེ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཏུ་བསྔོ་བའོ། །བྱ་བ་འགྲུབ་པའི་ཐབས་ནི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་ཏེ། དེ་དག་གིས་སེམས་ཅན་གྱི་དོན་སྒྲུབ་པའི་ཕྱིར་རོ། །ལམ་རྒྱུན་མི་གཅོད་པའི་ཐབས་ལ་མཁས་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེས་གཞན་དོན་རྒྱུན་མི་གཅོད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ས་ཀུན་ལ་ཐབས་ལྔ་པོ་འདི་ལ་མཁས་པ་ནི་ཐབས་དང་མཚུངས་པ་མེད་པ་ཡིན་ནོ། །བྱེད་ལས་ནི་ཐབས་མཁས་དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་དེ་དག་རང་གཞན་གྱི་དོན་ཀུན་སྒྲུབ་པར་བྱེད་དོ། །དེ་ལྟར་ཐབས་མཁས་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི། གཟུངས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསུངས་པ་རྣམས་འཛིན་པས་དེའི་འོག་ཏུ་གཟུངས་སྟོན་ནོ། །དེ་ལ་གཟུངས་ནི་དྲན་པ་དང་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་ལ། དེ་ཡང་བྱང་ས་ལས། ཚིག་ཚད་མེད་པ་མྱུར་དུ་འབད་མེད་དུ་འཛིན་ནུས་པས་ཚིག་གི་གཟུངས་དང༌། དོན་ཚད་མེད་པ་མྱུར་དུ་འབད་མེད་དུ་འཛིན་ནུས་པ་དོན་གྱི་གཟུངས་དང༌། ནད་ལ་སོགས་པ་ཞི་བར་བྱེད་པའི་གསང་སྔགས་ཀྱི་ཚིག་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་ཐོབ་པ་གསང་སྔགས་ཀྱི་གཟུངས་དང༌། གསང་སྔགས་ཀྱི་ཚིག་འགའ་ཞིག་གིས་ཟབ་མོའི་དོན་མངོན་སུམ་དུ་མ་རྟོགས་ཀྱང་མོས་པས་གཞལ་བས་མོས་སྤྱོད་ཀྱི་སའི་བཟོད་པ་ཆེན་པོ་ལ་གནས་པར་འགྱུར་བར་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ཏེ་བཞི་བཤད་དོ། །འདིར་ནི་ཚིག་གཟུངས་དོན་གཟུངས་གཉིས་ལས། དབྱེ་བ་རྣམ་སྨིན་ལ་བརྟེན་པ་ནི། ཚེ་སྔོན་གོམས་པའི་མཐུས་འདིར་ཚིག་དང་དོན་མང་པོ་ལན་རེ་ཙམ་གྱིས་ཟིན་ཅིང་མི་བརྗེད་པའི་ཤེས་རབ་དྲན་པའོ། །ཐོས་པ་ལ་གོམས་པ་ལ་བརྟེན་པ་ནི། ཚེ་འདིར་མང་དུ་ཐོས་པའི་སྟོབས་ཀྱིས་ཚིག་དང་དོན་མང་པོ་ཤེས་ཤིང་མི་བརྗེད་པའི་ནུས་པ་ཐོབ་པ་དང༌། ཏིང་ངེ་འཛིན་ལ་བརྟེན་པའི་གཟུངས་དག་ནི་སྒོམ་བྱུང་གི་ཤེས་རབ་ཀྱི་ཚིག་དོན་རྟོགས་ཤིང་མི་བརྗེད་པའོ། །དེ་ལ་དང་པོ་གཉིས་ཆུང་ངུ་དང༌། གསུམ་པ་ནི་ཆེན་པོ་ཡིན་ལ། ཆེན་པོ་དེ་ལ་ཡང་རྣམ་པ་གསུམ་སྟེ། བློ་ལྡན་ས་ལ་མ་ཞུགས་པ་མོས་སྤྱོད་པ་རྣམས་ཀྱི་ནི་ཆུང་ངུ་དང༌། ས་ལ་ཞུགས་པ་ལ་ཡང་མ་དག་པའི་ས་བདུན་པ་ལ་གནས་པ་རྣམས་ཀྱི་ནི་འབྲིང་པོ་སྟེ། དག་པའི་ས་གསུམ་ལ་གནས་པ་རྣམས་ཀྱི་གཟུངས་ནི་ཆེན་པོ་ཡིན་ནོ། །བྱེད་ལས་ནི་བྱང་ཆུབ་སེམས་དཔའ་ཡང་དང་ཡང་དུ་གཟུངས་དེ་ལ་ཡང་དག་པར་བརྟེན་ནས་དུས་རྟག་ཏུ་དམ་པའི་ཆོས་དག་ཀྱང་རབ་ཏུ་སྟེན་ཅིང༌། རང་གི་སེམས་འཛིན་པར་བྱེད་པ་ཡིན་ནོ། །གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔས་སྨོན་ལམ་ཇི་ལྟར་བཏབ་པ་ལྟར་འགྲུབ་པས་དེའི་འོག་ཏུ་སྨོན་ལམ་སྟོན་ཏེ། དེ་ལ་ལྔ་ལས། ངོ་བོ་ནི། བརྟན་པ་རྣམས་ཀྱི་སྨོན་ལམ་ནི་ཡུལ་དོན་དུ་གཉེར་བྱ་ཐོབ་པའི་འདུན་པ་དང་བཅས་པའོ། །གཞི་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་དེ་ནི་ཡེ་ཤེས་ཐོབ་པར་འདོད་པས་བསྐུལ་བའོ། །ས་ནི་ས་རྣམས་ཀུན་ལ་སྟེ་ཐམས་ཅད་ལ་ཅི་རིགས་པར་ཡོད་ཅིང༌། དེ་དག་ཀྱང་ཉན་རང་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པས་མཉམ་པ་མེད་པར་འདོད་དོ། །དབྱེ་བ་ལ་གཉིས་ལས། འབྲས་བུའི་སྒོ་ནས་ཕྱེ་ན་སྨོན་ལམ་དེ་ནི་འདི་ཕྱིའི་དོན་ཐམས་ཅད་འགྲུབ་པའི་རྒྱུར་འགྱུར་པར་ཤེས་པར་བྱ་སྟེ། ལུས་ངག་གི་བྱ་བ་ལ་མ་ལྟོས་པར་སྨོན་ལམ་ནི་སེམས་ཙམ་དེ་ལས་དོན་ཐམས་ཅད་འགྲུབ་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཚེ་འདིར་ཡང་སྨོན་ལམ་གྱི་སེམས་ལ་མོད་དེ་ལ་སྟེ་དེའི་འཇུག་ཐོགས་སུ་ཇི་ལྟར་སྨོན་པའི་མཐུས་འགྲུབ་སྟེ། མདོ་ལས། སྨོན་ལམ་གང་གིས་བྱང་ཆུབ་སེམས་དཔའི་སྨོན་ལམ་ཀྱི་སྟོབས་ཅན་རྣམ་པར་བརྩེ་བར་བགྲང་བར་སླ་བ་མ་ཡིན་ནོ། །ཞེས་རྒྱས་པར་འབྱུང་བ་བཞིན་ནོ། །དེ་བཞིན་དུ་སྨོན་ལམ་དེ་ནི་མ་འོངས་པའི་སྐྱེ་བ་རྣམས་སུ་ཡང་དོན་ཐམས་ཅད་འགྲུབ་པར་བྱེད་དོ། །ས་མཚམས་ཀྱིས་ཕྱེ་ན་སྨོན་ལམ་སྣ་ཚོགས་འདེབས་པའོ། །ཆེ་ཞེས་པ་ནི་ས་དང་པོའི་སྨོན་ལམ་ཆེན་པོ་བཅུའོ། །རྣམ་པར་དག་པ་ནི་ས་གཉིས་པ་ནས་བྱང་ཆུབ་བར་དུ་གོང་ནས་གོང་དུ་རྣམ་པར་དག་པའི་སྨོན་ལམ་ཞེས་བྱའོ། །བྱེད་ལས་ནི། བྱང་ཆུབ་སེམས་དཔའི་སྨོན་ལམ་དེ་ནི་རང་གཞན་གྱི་དོན་དུ་རབ་ཏུ་སྒྲུབ་པར་བྱེད་པར་ཡིན་ནོ། །དེ་ལྟར་གཟུངས་དང་སྨོན་ལམ་ཕུན་སུམ་ཚོགས་པ་དེ་སྒྲིབ་པ་ཐམས་ཅད་སྤངས་བའི་ཕྱིར་ཏིང་ངེ་འཛིན་གསུམ་སྒོམ་པར་བྱེད་ཅིང༌། ཆོས་ཀྱི་སྡོམ་བཞིས། ཕྱིན་ཅི་ལོག་བཞི་སྤོང་བར་བྱེད་པས་དེའི་འོག་ཏུ་ཏིང་ངེ་འཛིན་དང་ཆོས་ཀྱི་སྡོམ་སྟོན་ཏོ། །ཏིང་ངེ་འཛིན་ལ་བཞི་ལས། དམིགས་པ་ནི་སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་གྱི་སྤྱོད་ཡུལ་ནི་གོ་རིམ་བཞིན་དུ་གང་ཟག་དང་ཆོས་བདག་མེད་པ་རྣམ་པ་གཉིས་དང༌། བདག་ཏུ་འཛིན་པའི་རྟེན་ཉེར་ལེན་གྱི་ཕུང་པོ་ལྔ་དང༌། རྟེན་དེ་དག་ཏུ་ཉེ་བར་ཞི་བ་སྟེ་ཉེར་ལེན་མེད་པར་གྱུར་པ་མྱ་ངན་ལས་འདས་པའོ། །དབྱེ་བ་ནི་གཟུང་བ་སྤྱོད་ཡུལ་གསུམ་པོ་དེ་དག་འཛིན་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཡང་གསུམ་དུ་ཤེས་པར་བྱའོ། །རྣམ་པ་ནི་སྟོང་པ་ཉིད་ཀྱི་ཏིང་འཛིན་ནི། བདག་འཛིན་གཉིས་སུ་རྣམ་པར་མི་རྟོག་པའོ། །སྨོན་པ་ནི་བདག་ཏུ་འཛིན་པའི་ཉེར་ལེན་གྱི་ཕུང་པོ་ལ་རྒྱབ་ཀྱིས་ཕྱོགས་པ་སྟེ། དེ་ལ་མི་སྨོན་པའོ། །མཚན་མ་མེད་པ་ནི་དེའི་རྟེན་ཉེ་བར་ཞི་བ་དེ་ལ་རྟག་ཏུ་དགའ་བ་དང་མཚུངས་པར་ལྡན་པའོ། །དགོས་པ་ནི་བདག་མེད་གཉིས་ཡོངས་སུ་ཤེས་པར་བྱ་བ་དང༌། བདག་འཛིན་གྱི་སེམས་སྤང་བ་དང༌། རྟེན་ཉེ་བར་ཞི་བ་མངོན་སུམ་དུ་བྱ་བའི་ཕྱིར་གོ་རིམ་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་དོན་རྣམ་པ་གསུམ་དུ་ཡོངས་སུ་བསྒྲགས་ནས་བསྟན་ཏོ། །དེ་ལྟར་རྣམ་ཐར་སྒོ་གསུམ་སྒྲུབ་པ་ནི། བདག་གཞན་གྱི་ཕྱིན་ཅི་ལོག་བཞི་སྤོང་བས་དེའི་འོག་ཏུ་ཆོས་ཀྱི་སྡོམ་བཞི་སྟོན་ནོ། །དེ་ལ་བཞི་སྟེ། ཆོས་ཀྱི་སྡོམ་གྱི་དབྱེ་བ། སོ་སོའི་མཚན་ཉིད། འདུས་བྱས་སྐད་ཅིག་མར་སྒྲུབ་པ། བདག་མེད་གཏན་ལ་དབབ་པའོ། །དང་པོ་ནི་སེམས་ཅན་རྣམས་ལ་ཕན་པར་བཞེད་པ་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་དོ། །གང་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུ་ཉིད་དུ་ཆོས་ཀྱི་སྡོམ་བཞིའི་ནང་ནས་འདུ་བྱེད་ཐམས་ཅད་མི་རྟག་གོ །ཟག་པ་དང་བཅས་པའི་འདུ་བྱེད་སྡུག་བསྔལ་བའོ་ཞེས་པ་དང༌། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྒྱུར་ཆོས་ཐམས་ཅད་བདག་མེད་པའོ་ཞེས་པ་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུར་མྱ་ངན་ལས་འདས་པ་ཞི་བའོ། །གཉིས་པ་ནི། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྡོམ་བཞི་པོ་འདིའི་དོན་ནི་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མི་རྟག་གོ་ཞེས་བྱ་བའི་དོན་ནི་འདུས་བྱས་རྣམས་རྟག་འཛིན་ཅན་གྱི་བློས་ཇི་ལྟར་བཏགས་པ་བཞིན་དུ་མི་འགྱུར་བར་རྟག་ཏུ་གནས་མེད་པའི་དོན་ཡིན་ནོ། །ཟག་བཅས་སྡུག་བསྔལ་ལོ་ཞེས་པ་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་གཞན་གྱི་དབང་གི་དོན་ཡིན་ནོ། །ཆོས་ཐམས་ཅད་བདག་མེད་དོ་ཞེས་བྱ་བ་ནི་ཀུན་ཏུ་བཏགས་པ་སྟེ་བྱིས་པས་ཀུན་ཏུ་བཏགས་པའི་བདག་མེད་པའི་དོན་ཡིན་ལ། ཁོ་ན་ཞེས་པའི་སྒྲས་ཀུན་བཏགས་པའི་བདག་མེད་ཀྱི་ཀུན་ཏུ་རྟོག་པ་ཙམ་ཞིག་སྣང་ཙམ་དུ་ཡོད་པར་བསྟན་ཏོ། །མྱ་ངན་ལས་འདས་པ་ཞི་བའོ། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཞན་དབང་དེ་ཉེ་བར་ཞི་བའོ། །ཆོས་ཉིད་ཡོངས་གྲུབ་ཀྱི་དོན་ཡིན་ནོ། །གསུམ་པ་འདུས་བྱས་སྐད་ཅིག་མར་སྒྲུབ་པ་ལ་གཉིས་ཏེ། ཕྱོགས་སྔ་མས་བརྗོད་པ་དང༌། དགག་པ་བསྟན་པའོ། །དང་པོ་ཕྱོགས་སྔ་མ་བརྗོད་པ་ནི། ཀུན་གྱིས་བཀུར་བའི་སྡེ་པ་ན་རེ། སྒྲ་དང་བློ་དང་མར་མེ་དང་འབབ་ཆུ་སོགས་སྐད་ཅིག་གིས་འཇིག་ཀྱང་འདུས་བྱས་གཞན་དག་ནི་འཇིག་པའི་རྒྱུ་འགའ་ཞིག་དང་མི་འཕྲད་པར་མི་འཇིག་པས་སྐད་ཅིག་མ་མ་ཡིན་ནོ་ཞེས་ཟེར་ཏེ། གཞུང་ཐ་དད་པའི་རིམ་པ་བཀླགས་པའི་འཁོར་ལོ་ལས། འཕགས་པ་ཀུན་གྱིས་བཀུར་བའི་སྡེ་པ་ས་སྒྲོགས་རིགས་ཀྱི་སྡེ་དང༌། བསྲུང་བའི་སྡེ་དང༌། གནས་མ་བུའི་སྡེ་འདི་གསུམ་ཡང་གྲུབ་མཐའ་མཐུན་པར་བཤད་དོ། །གཉིས་པ་དགག་པ་བསྟན་པ་ལ་གསུམ་སྟེ། སྤྱིར་འདུས་བྱས་སྐད་ཅིག་མར་སྒྲུབ་པ་དང༌། ཁྱད་པར་ནང་གི་འདུས་བྱས་སྐད་ཅིག་མར་སྒྲུབ་པ་དང༌། ཕྱིའི་འདུས་བྱས་སྐད་ཅིག་མར་སྒྲུབ་པའོ། །དང་པོ་ནི་འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་ཏེ། ཐམས་ཅད་སྐད་ཅིག་མར་རིགས་པས་གྲུབ་པའི་ཕྱིར། རིགས་པ་བསྟན་པ་ནི་འདུས་བྱས་ཐམས་ཅད་ཆོས་ཅན། སྐད་ཅིག་མ་ཡིན་ཏེ། རང་དུས་ཀྱི་སྐད་ཅིག་གཉིས་པར་མི་སྡོད་པར་འཇིག་པའི་ཕྱིར། གལ་ཏེ་སྐད་ཅིག་མ་མ་ཡིན་ན། འདུས་བྱས་རྣམས་ཆོས་ཅན། སྐད་ཅིག་སྔ་ཕྱིའི་སྐྱེ་འགག་གི་རིམ་པའི་རྒྱུད་ཀྱི་དུས་གསུམ་ལ་འཇུག་པ་མི་རུང་བར་ཐལ། སྐད་ཅིག་མ་མ་ཡིན་པའི་ཕྱིར། གལ་ཏེ་དུས་གཞན་གྱི་བར་དུ་མི་འཇིག་པར་གནས་ནས། འཇུག་ཐོགས་ཀྱི་སྐྱེ་འགག་གི་རྒྱུན་གྱིས་དུས་ལ་འཇུག་པར་འདོད་ན། གནས་པའི་འཇུག་ཐོགས་སུ་རྒྱུན་གྱིས་འཇུག་པར་མི་འགྱུར་ཏེ། འཇུག་ཐོག་བར་རྒྱུན་མེད་པའི་ཕྱིར། གལ་ཏེ་དུས་གཞན་གྱི་བར་དུ་མི་འཇིག་པར་གནས་པར་མི་རུང་སྟེ། རྒྱུ་ལས་གསར་དུ་སྐྱེས་པའི་ཕྱིར། གལ་ཏེ་དང་པོར་སྐྱེས་ཙམ་ཉིད་ནས་འཇིག་པ་མ་ཡིན་གྱི། སྐྱེས་པའི་དུས་ཕྱིས་འགག་པར་འགྱུར་རོ་ཞེ་ན། ཕྱིས་རྒྱུ་ཅི་ཞིག་གིས་འགག་པར་འགྱུར། གལ་ཏེ་དང་པོ་སྐྱེ་བའི་རྒྱུ་ཁོ་ནས་འགག་གོ་ཞེ་ན། མི་རིགས་ཏེ་སྐྱེ་བ་དང་འགག་པའི་བྱ་བ་འགལ་བའི་ཕྱིར་དང་པོར་མི་འཇིག་ན་དུས་གཞན་ལ་འཇིག་པ་ཡང་འགལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདུ་བྱེད་དེ་དག་ཐམས་ཅད་ནི། དུས་ཐུང་ངུར་གནས་པ་ཞེས་པ་དང་ཡང་འགལ་བའི་ཕྱིར། རྣལ་འབྱོར་པ་རྣམས་ཀྱི་ཡིད་ལ་བྱེད་པ་དང་ཡང་འགལ་ཏེ། འདུ་བྱེད་རྣམས་སྐྱེ་འཇིག་ཏུ་ཡིད་ལ་བྱེད་པ་ན། སྐད་ཅིག་རེ་རེ་བཞིན་འཇིག་པར་མཐོང་བའི་ཕྱིར་རོ། །གཞན་ཡང་འདུ་བྱེད་སྐྱེས་པ་སྐྱེས་ཙམ་ཉིད་ནས་མི་འཇིག་པར་གཞན་གྱི་བར་དུ་གནས་པར་འགྱུར་ན། ངོ་བོ་ཉིད་ཀྱིས་མི་འཇིག་པར་གནས་སམ། གནས་པའི་རྒྱུ་འགའ་ཞིག་གིས་མི་འཇིག་པར་གནས་པར་འགྱུར། དང་པོ་མི་འཐད་དེ། ཕྱིས་ཀྱང་བདག་ཉིད་རང་གི་ངང་གིས་མི་གནས་པའི་ཕྱིར། གཉིས་པ་ཡང་མི་འཐད་དེ། མི་འཇིག་པར་གནས་པའི་རྒྱུ་མེད་པའི་ཕྱིར། སྐད་ཅིག་གིས་མི་འཇིག་པར་གནས་པར་མི་འཐད་པར་ཐལ། བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་མཚན་ཉིད་མི་རྟག་གོ་ཞེས་གསུངས་པའི་དོན་མཚན་གཞི་འདུས་བྱས་ཐམས་ཅད་ལ་ཁྱབ་པར་ངེས་པའི་ཕྱིར། གལ་ཏེ་སྐད་ཅིག་རེ་རེ་ཞིང་གསར་དུ་སྐྱེས་ནས་འཇིག་པ་ཡིན་ན་སྔར་གྱི་འདི་ཡིན་ནོ་ཞེས་ངོ་ཤེས་པར་མི་འགྱུར་བར་ཐལ་ལོ་ཞེ་ན། སྔ་ཕྱི་འདྲ་བ་རྗེས་སུ་འཇུག་པའི་ཕྱིར་གཅིག་ཏུ་འཁྲུལ་པ་ཡིན་ཏེ་སྒྱུ་མ་མཁན་གྱི་སྒ་སྒོང་གི་སྔ་ཕྱི་བཞིན་ནོ། །སྔ་མ་ཕྱི་མའི་དུས་སུ་ཡོད་པས་སྔ་ཕྱི་གཅིག་ཏུ་ངོ་ཤེས་པ་མ་ཡིན་ཏེ། ཕྱི་མའི་དུས་སུ་སྔ་མ་འགལ་བའི་ཕྱིར། གལ་ཏེ་སྔ་མ་ཕྱི་མའི་དུས་སུ་མི་འཇིག་ན་མཐར་ཡང་འཇིག་པར་མི་འགྱུར་ཏེ། སྔར་མི་འཇིག་ལ་ཕྱིས་འཇིག་པའི་རྒྱུའི་ཁྱད་པར་མེད་པའི་ཕྱིར། ཡང་སྐད་ཅིག་གིས་འཇིག་སྟེ། མཐའ་ཡོངས་སུ་འགྱུར་བ་དམིགས་པའི་ཕྱིར། གལ་ཏེ་དང་པོ་གྲུབ་ཙམ་ནས་མི་འཇིག་པ་རྟག་པས་མཐར་ཡོངས་སུ་འགྱུར་བར་མི་འཐད་དོ། །ཁྱད་པར་ནང་གི་འདུ་བྱེད་སྐད་ཅིག་མར་བསྟན་པ་ནི། ནང་གི་དབང་པོ་སོགས་ཆོས་ཅན། མཐའི་བར་དུ་མི་འཇིག་པར་རྟག་པ་མ་ཡིན་པར་ཐལ། རང་འབྲས་དབང་ཤེས་སྐད་ཅིག་མ་རིམ་གྱིས་འབྱུང་བ་དེའི་རྒྱུ་ཉིད་ཡིན་པའི་ཕྱིར་དང༌། རང་རྒྱུ་སེམས་སྐད་ཅིག་མའི་འབྲས་བུ་རིམ་གྱིས་འཇུག་པའི་ཕྱིར། ཡང་སྐད་ཅིག་མ་ཡིན་ཏེ་སེམས་སྐད་ཅིག་མས་ཟིན་པའི་ཕྱིར་དང༌། སེམས་ཀྱིས་བདག་པོའི་རྐྱེན་བྱས་ནས་སྐྱེད་པའི་ཕྱིར་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་གསུངས་པའི་ཕྱིར། ཕྱི་རོལ་གྱི་གཟུགས་སོགས་ཀྱང་ནང་གི་སེམས་ཀྱི་དབང་གིས་འབྱུང་བ་ཡིན་ཏེ། སེམས་དག་པ་ཐོབ་པ་རྣམས་ཀྱིས་ཇི་ལྟར་འདོད་པ་ལྟར་དབང་བསྒྱུར་བའི་ཕྱིར་ཏེ། སེམས་ཅན་གྱི་སེམས་དག་མ་དག་གི་རྗེས་སུ་འཇུག་པའི་ཕྱིར། དཔེར་ན་དངོས་པོ་གཅིག་ཉིད་མི་ལ་ཆུར་སྣང་ལ། ཡི་དྭགས་ལ་མི་གཙང་བར་སྣང་བའམ་སེམས་ཅན་གྱི་དབང་གིས་སྣོད་ཀྱི་འབྱོར་པ་འཕེལ་འགྲིབ་བྱེད་པ་བཞིན་ནོ། །ནང་གི་འདུ་བྱེད་རྣམས་ཀྱི་སྐྱེ་བ་རྣམ་པ་བཅུ་བཞི་སྟེ། དང་པོར་སྐྱེ་བ་ནི། དང་པོ་མའི་མངལ་དུ་མིང་གཟུགས་སོགས་གྲུབ་པའོ། །སྔ་མ་བས་ཕྱི་མར་ཇེ་ཆེར་སྐྱེ་བ་ནི་མངལ་དུ་སྐྱེ་བའི་སྐད་ཅིག་མ་གཉིས་པ་ཕྱིན་ཆད་གང་ཡིན་པའོ། །རྒྱས་པའི་རྒྱུ་ལས་སྐྱེ་བ་ནི། རྒྱས་པའི་རྒྱུ་བཞི་ལས་སྐྱེས་པའོ། །རྟེན་གྱི་དངོས་པོ་སྐྱེ་བ་ནི། མིག་སོགས་ལས་རྣམ་ཤེས་འབྱུང་བ་ལྟ་བུའོ། །འགྱུར་བར་སྐྱེ་བ་ནི་ནང་གི་འདོད་ཆགས་ལ་སོགས་པས་ཕྱིའི་ཁ་དོག་བསྒྱུར་བར་སྐྱེ་བ་ལྟ་བུའོ། །ཡོངས་སུ་སྨིན་པར་སྐྱེ་བ་ནི་མངལ་ན་གནས་པ་ནས་རྒན་པོའི་བར་དུ་སྐྱེ་བ་གང་ཡིན་པའོ། །དེ་བཞིན་དུ་དམན་པར་སྐྱེ་བ་ནི་མཐོ་རིས་ནས་ངན་སོང་དུ་འགྲོ་བ་ལྟ་བུའོ། །ཁྱད་པར་དུ་འཕགས་པར་སྐྱེ་བ་ནི་ངན་སོང་ནས་མཐོ་རིས་སུ་སྐྱེ་བ་ལྟ་བུའོ། །འོད་གསལ་བར་སྐྱེ་བ་ནི་འབྲས་བུ་དགའ་བས་རང་གི་འདོད་པ་སྤྲུལ་པ་ལྟ་བུའོ། །འོད་མི་གསལ་བར་སྐྱེ་བ་ནི། འདོད་ཁམས་པ་གཞན་གྱི་སྤྲུལ་པ་ལ་དབང་བྱེད་པ་ལྟ་བུའོ། །ཡུལ་གཞན་དུ་འགྲོ་བ་སྐྱེ་བ་ནི་གནས་གཞན་ནས་གཞན་དུ་སྐྱེ་བ་ལྟ་བུའོ། །ས་བོན་དང་བཅས་པར་སྐྱེ་བ་ནི་འཁོར་དུས་ཀྱི་ཕུང་པོ་ལྟ་བུའོ། །ས་བོན་མེད་པའི་ངོ་བོར་སྐྱེ་བ་ནི་དགྲ་བཅོམ་པ་ཐ་མའི་ཕུང་པོ་ལྟ་བུའོ། །གཟུགས་བརྙན་ཉིད་དུ་སྐྱེ་བ་ནི། རྣམ་པར་ཐར་པའི་བསམ་གཏན་གྱི་དབང་གིས་ཡུལ་གྱི་གཟུགས་བརྙན་སྐྱེ་བ་ལྟ་བུའོ། །འདི་དག་སྐད་ཅིག་མར་སྒྲུབ་པ་ལ་དང་པོ་སྐྱེ་བ་ནི་སྐད་ཅིག་གིས་མི་འཇིག་པ་རྟག་པ་མ་ཡིན་ཏེ། རྒྱུའི་ཁྱད་པར་ལས་སྐྱེས་པའི་ཕྱིར། སྔ་མ་བས་ཕྱི་མ་ཇེ་ཆེར་སྐྱེ་བ་ཡང་རྟག་པ་མ་ཡིན་ཏེ། སྔ་མ་བས་ཕྱི་མ་ཚད་ཀྱིས་ཁྱད་པར་དུ་གྱུར་བའི་ཕྱིར། རྒྱས་པའི་རྒྱུ་བཞི་ལས་སྐྱེ་བ་ཡང་དུས་གཞན་གྱི་བར་དུ་རྟག་པར་གནས་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་རྒྱས་པར་བྱེད་པའི་རྒྱུ་དོན་མེད་པར་འགྱུར་བ་དང༌། རྒྱས་པར་ཡང་མི་རུང་བར་འགྱུར་རོ། །རྟེན་གྱི་དངོས་པོ་ལས་སྐྱེ་བ་ནི་དུས་གཞན་གྱིས་བར་དུ་བརྟགས་ན་མིག་ཤེས་སྐད་ཅིག་མ་སོགས་ཀྱི་རྟེན་དུ་མི་སྲིད་བར་འགྱུར་རོ། །འགྱུར་བར་སྐྱེ་བ་ཡང་སྐད་ཅིག་གིས་མི་འཇིག་པར་དུས་གཞན་གྱི་བར་དུ་གནས་པ་ན་ནང་གི་སེམས་ཀྱིས་ནུས་པར་འགྱུར་བ་མི་སྲིད་པར་འགྱུར་རོ། །ཡོངས་སུ་སྨིན་པར་སྐྱེ་བ་ཡང་དང་པོ་སྐད་ཅིག་གིས་མི་འཇིག་ན་མཐར་འཇིག་པར་མི་འགྱུར་རོ། །དམན་པར་སྐྱེ་བ་དང༌། ཁྱད་པར་དུ་འཕགས་པ་སྐྱེ་བ་ཡང་སྐད་ཅིག་མ་མ་ཡིན་ནོ། རྟག་པ་ལ་ཁ་དོག་དང་གནས་སྐབས་འགྱུར་མི་སྲིད་པ་དེ་བཞིན་དུ་ལས་ཀྱི་དབང་གིས་མཐོ་དམན་དུ་འགྲོ་བ་མི་རུང་བར་འགྱུར་རོ། །འོད་གསལ་བར་སྐྱེ་བ་དང་འོད་མི་གསལ་བ་སྐྱེ་བ་ཡང་སྐད་ཅིག་མ་མ་ཡིན་ན། འོད་གསལ་བའི་རང་གི་དགོས་པ་ནི་སེམས་ལ་རག་ལས་པ་མ་ཡིན་པར་འགྱུར། འོད་མི་གསལ་བ་ཡང་དང་པོ་ནས་འཇིག་པ་མེད་ན་ཐ་མ་འགྱུར་བ་མི་རུང༌། ཡུལ་གཞན་དུ་འགྲོ་བར་སྐྱེ་བ་ཡང་སྐད་ཅིག་གིས་མི་འཇིག་ན་འགྲོ་བ་མེད་པར་འགྱུར་ཏེ་རྟག་པའི་ཕྱིར། ས་བོན་དང་བཅས་པར་སྐྱེ་བ་ཡང་སྐད་ཅིག་མ་མ་ཡིན་ན་ས་བོན་གྱི་རྒྱུན་གནས་པར་མི་རུང༌། ས་བོན་མེད་པའི་ངོ་བོར་སྐྱེ་བ་ཡང་སྐད་ཅིག་མ་མ་ཡིན་ན། སྔར་ས་བོན་དང་བཅས་པ་ལས་ཐ་མ་ས་བོན་མེད་པ་ཉིད་དུ་འགྱུར་བ་མི་སྲིད་པར་འགྱུར་ཏེ་རྟག་པའི་ཕྱིར། གཟུགས་བརྙན་དུ་སྐྱེ་བ་ཡང་སྐད་ཅིག་གིས་མི་འཇིག་པ་མ་ཡིན་ཏེ། སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར། རིགས་པ་འདི་དག་གིས་ནང་གི་འདུས་བྱས་ཐམས་ཅད་སྐད་ཅིག་མར་གྲུབ་བོ། །ནང་གི་འདུས་བྱས་སྐད་ཅིག་མར་བསྒྲུབས་ཟིན་ནོ། །གསུམ་པའི་ཕྱིའི་འདུས་བྱས་སྐད་ཅིག་མར་སྒྲུབ་པ་ནི། ཕྱི་རོལ་གྱི་འབྱུང་བ་ཆེན་པོ་རྣམས་དང་གཟུགས་དང་དྲི་རོ་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཏེ་དོན་རྣམ་པ་དྲུག་པོ་རྣམས་སྐད་ཅིག་མ་ཉིད་བརྗོད་པར་བྱ་བ་ཡིན་ཏེ། ཆུ་ནི་རྐྱེན་གྱིས་སྐམ་པ་དང་འཕེལ་བའི་ཕྱིར་དང༌། རླུང་ནི་རང་བཞིན་གྱིས་གཡོ་བའི་ཕྱིར་དང༌། རྐྱེན་གྱིས་འཕེལ་བ་དང་འབྲེ་བའི་ཕྱིར་རོ། །ས་ནི་འཕེལ་འགྲིབ་བྱེད་པའི་ཆུ་དང་རླུང་དེ་དང་འབྲེལ་བའི་ཕྱིར་དང༌། ཡོངས་སུ་འགྱུར་བ་བཞི་ཡང་མི་དམིགས་པའི་ཕྱིར་རོ། །ཡོངས་སུ་འགྱུར་བ་བཞི་ནི་སེམས་ཅན་གྱི་ལས་ཀྱི་སྟོབས་ཀྱིས་ཆེ་ཆུང་དུ་འགྱུར་བ་དང༌། བསྣུན་པས་གནོད་པ་བྱས་པ་དང༌། མེས་སྲེག་པ་ལྟ་བུ་འབྱུང་བའི་གནོད་པ་བྱས་པ་དང༌། གྲོང་ཁྱེར་སོགས་ལོ་མང་པོ་ལོན་པ་ཞིག་པ་ལྟ་བུ་དུས་ཀྱིས་བྱས་པའོ། །ཁ་དོག་དང་དྲི་དང་རོ་དང་རེག་བྱ་རྣམས་མི་རྟག་སྟེ་འབྱུང་བ་དང་འདྲ་བར་འཕེལ་འགྲིབ་བྱེད་པའི་ཕྱིར། ཡང་མེ་ནི་མི་རྟག་སྟེ་བུད་ཤིང་ལ་རག་ལས་ནས་འཇུག་པའི་ཕྱིར། སྒྲ་ཡང་མི་རྟག་སྟེ་རྒྱུ་ལས་ཇེ་ཆེར་འགྱུར་པ་དམིགས་པའི་ཕྱིར། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཀྱང་མི་རྟག་སྟེ། སེམས་ཅན་གྱི་རྗེས་སུ་འཇུག་པའི་ཕྱིར། གལ་ཏེ་འདི་དག་མི་རྟག་པ་ཡིན་ཡང་སྐད་ཅིག་མ་མ་ཡིན་ནོ་ཞེ་ན། ཅིའི་ཕྱིར་སྐད་ཅིག་མ་མ་ཡིན་ཞེས་དྲི་བ་བྱས་པས་སྐད་ཅིག་གིས་འཇིག་པར་མི་རྟོགས་པའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱིས་སྐད་ཅིག་མར་འདོད་པའི་མར་མེ་སོགས་ཀྱང་སྐད་ཅིག་མ་མ་ཡིན་པར་ཐལ། སྐད་ཅིག་རེ་རེས་འཇིག་པར་མི་རྟོགས་པའི་ཕྱིར། ཇི་སྐད་བཤད་པའི་རིགས་པ་དེས་ནི་ཕྱིའི་འདུ་བྱེད་ཀྱང་སྐད་ཅིག་མར་གྲུབ་བོ། །བཞི་པ་འདུ་བྱེད་བདག་མེད་དུ་གཏན་ལ་དབབ་པ་ལ་གསུམ་སྟེ། རིགས་པའི་སྒྲུབ་བྱེད་བཤད་པ། ལུང་གི་སྒྲུབ་བྱེད་འགོད་པ། ལུང་དང་འགལ་བ་སྤོང་བའོ། །དང་པོ་ལ་གང་ཟག་ནི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་དུ་བརྗོད་པར་བྱའི། རང་དབང་ཅན་གྱི་རྫས་སུ་ཡོད་པ་ནི་མ་ཡིན་ནོ། །ཞེས་པ་ནི་དམ་བཅའོ། །སྒྲུབ་བྱེད་ལ་ཐོག་མར་རིགས་པའི་སྒྲུབ་བྱེད་ནི། གང་ཟག་ཆོས་ཅན། ངོ་བོ་ཉིད་ཀྱིས་རྫས་སུ་བདེན་པ་མེད་དེ། རྫས་སུ་ཚད་མས་མི་དམིགས་པའི་ཕྱིར། གལ་ཏེ་བློས་གང་ཟག་གོ་སྙམ་དུ་དམིགས་པས་རྫས་སུ་ཡོད་དོ་ཞེ་ན། གང་ཟག་རྫས་སུ་འཛིན་པའི་བློ་ཆོས་ཅན། ཡུལ་གྱི་གནས་ཚུལ་རྟོགས་པ་མིན་པར་ཐལ། ཕྱིན་ཅི་ལོག་གི་བློ་ཡིན་པའི་ཕྱིར། ཇི་ལྟར་ཕྱིན་ཅི་ལོག་ཡིན་ཞེ་ན། འཁོར་བར་འཆིང་བྱེད་ཀྱི་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར་ཏེ། བདག་ཏུ་རྨོངས་པའི་མ་རིག་པ་ཡིན་པའི་ཕྱིར། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། ཡང་བདག་རྫས་སུ་མ་གྲུབ་པར་ཐལ། གང་ཟག་འདི་ཕུང་པོ་དེ་ལས་གཅིག་ཉིད་དང༌། རྫས་གཞན་དུ་བརྗོད་པར་བྱ་བ་མིན་པའི་ཕྱིར་ཏེ། གཅིག་དང་གཞན་དུ་བརྗོད་ན་ཉེས་པ་གཉིས་ཡོད་པའི་ཕྱིར། གཉིས་པོ་གང་ཞེ་ན། བདག་དང་ཕུང་པོ་གཅིག་ཡིན་ན་ཕུང་པོ་བདག་ཏུ་ཐལ་བ་དང༌། གཞན་ཡིན་ན་བདག་དེ་ཕུང་པོ་ལས་རྫས་གཞན་དུ་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་བདག་རྫས་སུ་ཡོད་ཀྱང་ཕུང་པོ་ལས་གཅིག་དང་གཞན་དུ་གྲུབ་པར་བརྗོད་པར་བྱ་བ་མིན་ནོ་ཞེ་ན། འདིའི་དགོས་པ་དང་རྒྱུ་མཚན་ཡང་ཁྱོད་ཀྱིས་བརྗོད་དགོས་སོ། །ཕུང་པོ་ལས་གཅིག་དང་གཞན་དུ་གྲུབ་པ་མིན་པར་བརྗོད་པར་བྱ་བ་ཡིན་ཞེས་པའི་དགོས་པ་དང་རྒྱུ་མཚན་མེད་པར་སྨྲ་བ་མི་རིགས་སོ། །གལ་ཏེ་བུད་ཤིང་ལས་མེ་གཅིག་དང་གཞན་དུ་བརྗོད་དུ་མེད་པ་བཞིན་དུ་བདག་དང་ཕུང་པོ་དག་ཀྱང་གཅིག་དང་གཞན་གཉིས་སུ་བརྗོད་པར་བྱ་བ་མིན་ནོ་ཞེ་ན། འདི་ནི་མི་རུང་སྟེ། བུད་ཤིང་ནི་ས་ལ་སོགས་པའི་འབྱུང་བ་འདུས་པ་ཡིན་ལ། མེ་ནི་མེའི་ཁམས་ཡིན་པས་མཚན་ཉིད་ཐ་དད་པའི་ཕྱིར་དང༌། འཇིག་རྟེན་ན་ཡང་མེ་དང་བུད་ཤིང་ཡ་བྲལ་དུ་མཐོང་བའི་ཕྱིར་རོ། །བསྟན་བཅོས་ནས་ཀྱང་མེ་དང་བུད་ཤིང་མཚན་ཉིད་ཐ་དད་དུ་གསུངས་པའི་ཕྱིར་དང་བུད་ཤིང་དང་མེ་ཡ་བྲལ་ཇི་ལྟ་བུ་ཞེ་ན། མེ་དང་ཡ་བྲལ་བའི་རིའི་བུད་ཤིང་དམིགས་པའི་ཕྱིར་དང༌། མེ་ལྕེ་ཆད་ནས་བར་སྣང་དུ་འགྲོ་བ་དམིགས་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་རླུང་ཉིད་བུད་ཤིང་དུ་གྲུབ་བོ་ཞེ་ན། འོ་ན་དེ་གཉིས་མཚན་ཉིད་ཐ་དད་པར་གྲུབ་སྟེ། རླུང་དང་མེ་ནི་འབྱུང་བ་ཐ་དད་ཡིན་པའི་ཕྱིར་རོ། །དཔེ་བཀག་ཟིན་ནས། དོན་འགོག་པ་ནི། གལ་ཏེ་མཐོང་བ་པོ་དང་བྱེད་པ་པོ་དང༌། ཟ་བ་པོ་དང་ཤེས་པ་པོ་དང༌། གྲོལ་བ་པོ་ལ་སོགས་པའི་བདག་རྫས་སུ་གྲུབ་པ་ཡོད་དོ་ཞེ་ན། འོ་ན་དེ་ལྟ་བུའི་བདག་དེ་འབྲས་བུ་རྣམ་ཤེས་བསྐྱེད་པར་བྱེད་པའི་རྐྱེན་བྱེད་པའི་རྐྱེན་གྱི་ངོ་བོར་ཡོད་དམ། དེ་ལ་དབང་བསྒྱུར་བར་བྱེད་པའི་བདག་པོར་ཡོད། གལ་ཏེ་སྐྱེད་བྱེད་ཀྱི་རྐྱེན་གྱི་ངོ་བོར་ཡོད་དོ་ཞེ་ན། བདག་དེ་རྣམ་ཤེས་སྐྱེད་བྱེད་ཀྱི་རྐྱེན་མིན་པར་ཐལ། རྣམ་ཤེས་སྐྱེད་པ་ལ་བདག་དོན་མེད་པའི་ཕྱིར་ཏེ། བདག་མེད་ཀྱང་དབང་པོ་དང་ཡུལ་གཉིས་ཚོགས་པ་ཡོད་ན་རྣམ་ཤེས་སྐྱེ་བའི་ཕྱིར། གལ་ཏེ་འབྲས་བུ་རྣམ་ཤེས་སོགས་ལ་དབང་བྱེད་པའི་བདག་པོ་ཡིན་ནོ་ཞེ་ན། འོ་ན་བདེ་བའི་གནས་སྐབས་དེར་རྟག་ཏུ་གནས་ན་ནི་མི་རྟག་པར་མ་འགྱུར་བ་དང༌། མི་འདོར་བ་སྡུག་བསྔལ་འབྱུང་བ་ཡང་མི་བྱེད་པར་ཐལ། བདག་གིས་ཇི་ལྟར་འདོད་པ་ལྟར་དབང་སྒྱུར་བར་བྱེད་པའི་ཕྱིར། རིགས་པ་དེའི་ཕྱིར། བདག་དེ་བལྟ་བ་པོ་ནས་གྲོལ་བ་པོའི་བར་དུ་མི་འགྱུར་རོ། །གཞན་ཡང་བདག་ཡོད་ན་མིག་ལ་སོགས་པའི་བྱེད་ལས་གཟུགས་ལ་བལྟ་བ་ལ་སོགས་པ་དང་མཚན་ཉིད་ནང་གཟུགས་དང་ས་ལ་སོགས་པ་ཡིན་པར་ཐལ། བདག་དེའི་བྱེད་ལས་དང་མཚན་ཉིད་ཇི་ལྟར་ཡིན་པའི་ཚུལ་སྒྲུབ་དགོས་ཏེ་མཚན་ཉིད་དང་བྱེད་ལས་མེད་པར་ནི་རྫས་སུ་མི་འགྲུབ་བོ། །གཞན་ཡང་བདག་ཆོས་ཅན། རྫས་སུ་མེད་པར་ཐལ། སངས་རྒྱས་ཀྱིས་མ་གཟིགས་པའི་ཕྱིར་རོ། །གལ་ཏེ་དེ་དག་གཟིགས་ན་སངས་རྒྱས་ཀྱི་ཟབ་མོའི་དོན་རྫོགས་པར་བྱང་ཆུབ་པ་དང༌། གཞན་ཡང་ཐུན་མོང་མ་ཡིན་པའི་དོན་རྫོགས་པར་བྱང་ཆུབ་པ་དང༌། འཇིག་རྟེན་ལས་འདས་པར་མངོན་པར་རྫོགས་པར་བྱང་ཆུབ་པ་གསུམ་ལ་གནོད་བྱེད་ཡོད་པར་འགྱུར་ཏེ། བདག་ཡོད་པར་རྟོགས་ན་ཟབ་མོ་སྟོང་པ་ཉིད་རྟོགས་པར་མི་འགྱུར་བ་དང༌། མུ་སྟེགས་པ་དང་རྟོགས་པ་མཐུན་པར་འགྱུར་བའི་ཕྱིར་དང༌། འཇིག་རྟེན་པ་དང་རྟོགས་པ་མཐུན་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་བདག་དེ་མཐོང་བ་པོ་དང༌། ཉན་པ་པོ་དང༌། ཤེས་པ་པོ་ལ་སོགས་པ་ཡིན་ན་འོ་ན་གཟུགས་ལ་ལྟ་བ་དང༌། སྒྲ་ལ་ཉན་པ་ལ་སོགས་པའི་བྱེད་པ་དང་བཅས་པ་ཡིན་ནམ། བྱེད་པ་མེད་པ་ཡིན། གལ་ཏེ་བལྟ་བ་ལ་སོགས་པའི་བྱེད་པ་དང་བཅས་པ་ཡིན་ན། བྱེད་པ་དེ་རྒྱུ་མེད་པ་ཡིན་ནམ། གང་ཟག་གི་རྐྱེན་ལས་བྱུང་བ་ཞིག་ཡིན། དང་པོ་ལྟར་ན་གཟུགས་ལ་བལྟ་བ་ལ་སོགས་པ་དེའི་བྱེད་པ་རྒྱུ་ལ་མ་ལྟོས་པར་རང་བྱུང་མིན་པར་ཐལ། རྒྱུ་མེད་དུ་འདོད་པ་ལ་ཉེས་པ་གསུམ་ཡོད་པའི་ཕྱིར། གཟུགས་ལ་ལྟ་བ་སོགས་ཀྱི་བྱེད་པ་དང་གང་ཟག་དེའི་རྐྱེན་ཅན་ཡང་མ་ཡིན་ནོ། །གལ་ཏེ་གཟུགས་ལ་བལྟ་བ་སོགས་ཀྱི་བྱེད་པ་མེད་པ་ཡིན་ན། འོ་ན་བདག་ལྟ་བར་བྱེད་པ་པོ་དང་ཉན་པ་པོ་སོགས་མིན་པར་ཐལ། ལྟ་བ་ལ་སོགས་པའི་བྱེད་པ་མེད་པ་ཡིན་པའི་ཕྱིར། ཉེས་པ་གསུམ་གང་ཞེ་ན། ལྟ་བ་ལ་སོགས་པའི་བྱེད་པ་རྒྱུ་མེད་ཡིན་ན་གང་ཟག་མཐོང་བ་པོ་ལ་སོགས་པ་མིན་པར་ཐལ། གཟུགས་ལ་ལྟ་བར་བྱེད་པ་པོ་མིན་པས་སོ། །གཟུགས་ལ་ལྟ་བ་སོགས་ཀྱི་བྱེད་པ་པོ་ཁྱོད་རྒྱུ་མེད་མིན་པར་ཐལ། མུ་སྟེགས་པ་ཡིན་པའི་ཕྱིར། འོ་ན་གཟུགས་ལ་ལྟ་བ་ལ་སོགས་པའི་བྱེད་པ་ཡུལ་ལ་གཅིག་ཆར་དུ་འཇུག་པར་ཐལ་བ་དང༌། རྟག་ཏུ་འཇུག་པར་ཐལ། རྒྱུ་ལ་ལྟོས་མེད་དུ་འཇུག་པའི་ཕྱིར། བྱེད་པ་རྒྱུ་མེད་དུ་འདོད་པ་ལ་ཉེས་པ་གསུམ་ཡོད་པའི་ཕྱིར། ལྟ་བ་ལ་སོགས་པའི་བྱེད་པ་ནི། རྒྱུ་ལ་ལྟོས་མེད་ཀྱི་རང་བྱུང་ཉིད་དུ་མི་འགྱུར་རོ། །གལ་ཏེ་བྱེད་པ་གང་ཟག་གི་རྐྱེན་ལས་བྱུང་བ་ཡིན་ནོ་ཞེ་ན། འོ་ན་གང་ཟག་ངོ་བོ་ཉིད་ཀྱིས་གནས་པའམ། ཞིག་པའམ། གནས་པ་དང་ཞིག་པ་གཉིས་ཀ་ཡིན་པའི་ཕུང་པོ་གསུམ་པ་བྱེད་པའི་རྐྱེན་དུ་འདོད། དང་པོ་ལྟར་ན་གཟུགས་ལ་བལྟ་བ་སོགས་ཀྱི་བྱེད་པ་དེ་གང་ཟག་ངོ་བོ་ཉིད་ཀྱིས་གནས་པ་ལ་བརྟེན་པས་མིག་ལ་སོགས་པའི་སྔ་རོལ་དུ་ཡང་དམིགས་པར་ཐལ་བ་ལས་མ་ཡིན་ཏེ། མིག་སོགས་ཀྱི་སྔ་རོལ་ན་མེད་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་གང་ཟག་མི་རྟག་པར་ཐལ་བར་འགྱུར། སྔར་ཡོད་ཞིག་པ་ཡིན་པའི་ཕྱིར། གང་ཟག་ངོ་བོ་ཉིད་ཀྱིས་གནས་པ་དང༌། ཞིག་པ་གཉིས་ཀ་ཡིན་པ་ཡང་རྐྱེན་དུ་མི་རུང་བར་ཐལ། གནས་པ་དང་ཞིག་པའི་ཕྱོགས་གཉིས་ཀ་ཡིན་པའི་ཕུང་པོ་གསུམ་པ་ཡང་མེད་པའི་ཕྱིར་རོ། །གཉིས་པ་ལུང་གི་སྒྲུབ་བྱེད་འགོད་པ་ནི། བདག་མེད་པ་ལུང་གིས་གྲུབ་པའི་ཚུལ་འདི་ལྟར་ཕྱི་ནང་གི་ཆོས་རྣམས་ཐམས་ཅད་ནི་བདག་མེད་ཡིན་པར་བཤད་དེ། མདོ་ལས། ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་གསུངས་ཞིང༌། ཡང་དམ་པའི་དོན་དུ་ན་ཆོས་ཐམས་ཅད་བདག་མེད་དང་སྟོང་པ་ཉིད་དུ་ཟད་ཀྱི་བདག་ཏུ་དམིགས་པ་ནི་ཉེས་པ་དང་བཅས་པ་ཁོ་ན་ལ་བཤད་པ་ཡིན་ཏེ། གནས་ལྔ་པའི་མདོ་ལས། བདག་ཏུ་དམིགས་པ་ལ་ཉེས་པ་ལྔ་སྟེ། བདག་ཏུ་ལྟ་བ་དང༌། སྲོག་ཏུ་ལྟ་བར་འགྱུར། མུ་སྟེགས་ཅན་རྣམས་དང་ཁྱད་པར་མེད་པར་འགྱུར། ལམ་གོལ་བར་ཞུགས་པར་འགྱུར། སྟོང་པ་ཉིད་ལ་ཡང་འདིའི་སེམས་འཇུག་པར་མི་འགྱུར། དད་པར་མི་འགྱུར། ཡང་དག་པར་གནས་པར་མི་འགྱུར། མོས་པར་མི་འགྱུར། འདིའི་འཕགས་པའི་ཆོས་རྣམས་ཀྱང་རྣམ་པར་བྱང་བར་མི་འགྱུར་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ལུང་དང་འགལ་བ་སྤང་བ་ལ་གཉིས་ཏེ། གང་ཟག་གསུངས་པའི་དགོངས་པ་དང༌། སྒྲ་ཇི་བཞིན་པ་དགག་པའོ། །དང་པོ་ནི་འོ་ན་གང་ཟག་རྫས་སུ་མེད་ན་ཁུར་ཁྱེར་བའི་གང་ཟག་དང༌། དད་པའི་རྗེས་སུ་འབྲང་པའི་གང་ཟག་ཅེས་པ་ལ་སོགས་པ་ཅིའི་ཕྱིར་གསུངས་ཤེ་ན། གལ་ཏེ་གང་ཟག་བཏགས་པ་ཙམ་དུ་བཞག་པས་ཉེས་པ་མེད་དོ། །ཀུན་ནས་ཉོན་མོངས་པ་ཅན་གྱི་གནས་སྐབས་ལ་ཕུང་པོའི་ཁུར་ཁྱེར་བ་དང༌། རྣམ་པར་བྱང་བའི་གནས་སྐབས་ན་ཕུང་པོའི་ཁུར་དོར་བའི་རྣམ་པར་དབྱེ་བ་རྟོག་པའི་དོན་དང༌། ཡང་གཅིག་ཏུ་མི་དགེ་བ་བྱེད་པ་ལ་ཉོན་མོངས་པ་ཅན་ཡིན་པར་གཅོད་པ་དང༌། གཅིག་ཏུ་རྣམ་བྱང་གི་ལས་བྱེད་པ་ལ་རྣམ་པར་བྱང་བ་ཡིན་ནོ་ཞེས་གཅོད་པའི་བྱེ་བྲག་ཤེས་པར་བྱ་བའི་ཕྱིར་དང༌། འདི་ནི་ཀུན་ནས་ཉོན་མོངས་པ་ཅན་ཡིན་ནོ། །ཞེས་པའི་ཐ་སྙད་འཇུག་པའི་ཕྱིར་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་གི་ཕུང་པོའི་རྒྱུན་གྱི་གནས་སྐབས་ཀྱི་བྱེ་བྲག་ཀྱང༌། ཤེས་པར་བྱ་བའི་ཕྱིར་དང༌། རིགས་ཆད་དང༌། རིགས་མ་ཆད་པ་དང༌། དད་པའི་རྗེས་འབྲང་དང༌། ཆོས་ཀྱི་རྗེས་འབྲང་ལ་སོགས་པའི་རྣམ་དབྱེ་ཤེས་པའི་དོན་དུ་གང་ཟག་གི་ཐ་སྙད་ཉེ་བར་བཏགས་ནས་བསྟན་ནོ། །ཡང་ན་གང་ཟག་གི་ཐ་སྙད་ཀྱིས་དེ་དག་གི་རྣམ་དབྱེ་བསྟན་ནོ་ཞེས་སྦྱར་རོ། །གཉིས་པ་སྒྲ་ཇི་བཞིན་པའི་དོན་དགག་པ་ནི་གང་ཟག་ངོ་བོ་ཉིད་ཀྱིས་ཡོད་པར་གསུངས་པ་ནི་མ་ཡིན་ཏེ། གོང་དུ་གནོད་བྱེད་བརྗོད་ཟིན་པའི་ཕྱིར། བདག་ཏུ་ལྟ་བ་སྐྱེད་པའི་ཕྱིར་དུ་གསུངས་སོ་སྙམ་ན། བདག་ཏུ་ལྟ་བ་སྐྱེད་པའི་ཕྱིར་དུ་གང་ཟག་ཡོད་པ་གསུང་མི་དགོས་ཏེ། བདག་ཏུ་ལྟ་བ་དང་པོ་ནས་སྐྱེས་ཟིན་པའི་ཕྱིར། གོམས་པར་བྱ་བའི་ཕྱིར་ཡང་གསུངས་པ་མ་ཡིན་ཏེ། འཁོར་བ་ཐོག་མ་མེད་པ་ནས་གོམས་ཟིན་པའི་ཕྱིར། བདག་ཏུ་ལྟ་བས་ཐར་པ་ཐོབ་པའི་དོན་དུ་གང་ཟག་ཡོད་པར་བཤད་པ་ཡིན་ནོ་ཞེ་ན། གང་ཟག་གི་བདག་ཏུ་ལྟ་བ་ཡོད་པས་ཐར་པ་ཐོབ་པ་ཡིན་ན། སོ་སོ་སྐྱེ་བོ་ཐམས་ཅད་འབད་མེད་དུ་ཐར་པ་ཐོབ་པར་འགྱུར་ལ། འཕགས་པ་རྣམས་ལ་ཐར་པ་མེད་པར་འགྱུར་ཏེ། བདག་ལྟ་བཅོམ་པའི་ཕྱིར་རོ། །གཉིས་པ་མཇུག་སྡུད་བསྟན་པ་ནི། དེ་ལྟར་ངོ་ཚ་ཤེས་པ་ལ་སོགས་པའི་སྒོ་ནས་བསླབ་པའི་ལམ་ཐམས་ཅད་བསྟན་ནས་དེ་ལ་སློབ་པ་རྣམས་སྒྲུབ་པ་དང༌། རབ་ཏུ་བསྔགས་པའི་ཡོན་ཏན་དང་ལྡན་པར་འགྱུར་བས་དེའི་འོག་ཏུ་དོན་བཞི་པ་དེ་གཉིས་ཉམས་སུ་བླངས་པའི་ཡོན་ཏན་གྱི་ལེའུ་སྟོན་ཏོ།། ༈ །།དེ་ལ་གཉིས་ཏེ། སྒྲུབ་པའི་ཡོན་ཏན་དང༌། རབ་ཏུ་བསྔགས་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས། དོན་གཉིས་ཕུན་སུམ་ཚོགས་པ་དང༌། བསམ་སྦྱོར་ཕུན་སུམ་ཚོགས་པའོ། །དང་པོ་གཉིས་ཏེ། རང་དོན་དང༌། གཞན་དོན་ནོ། །དང་པོ་ལ་གཉིས་ཏེ། ངོ་མཚར་ཆེ་བ་དང༌། མི་ཆེ་བའོ། །དང་པོ་ལ་གཉིས་ལས། རྒྱུ་མཚར་ཆེ་བ་ནི། སྦྱིན་པ་རང་གི་ལུས་གཏོང་བ་དང༌། ཚུལ་ཁྲིམས་ལ་སྡོམ་པའི་ཕྱིར་དུ་ཕུན་སུམ་ཚོགས་པ་ཡོངས་སུ་གཏོང་བ་དང༌། བཟོད་པའི་ནང་ནས་ཉམས་ཆུང་རྣམས་ཀྱིས་གནོད་པ་ཆེན་པོ་བྱས་པ་ལ་ཡང་བཟོད་པ་དང༌། བརྩོན་འགྲུས་ཀྱི་ནང་ནས་ལུས་དང་སྲོག་ལ་མི་ལྟ་བར་བརྩོན་འགྲུས་རྩམ་པ་དང༌། བསམ་གཏན་གྱི་ནང་ནས་བསམ་གཏན་ཐོབ་ཀྱང་དེའི་བདེ་བ་ལ་རོ་མྱོང་བ་མེད་པ་དང༌། ཤེས་རབ་ཀྱི་ནང་ནས་འཁོར་གསུམ་དུ་མི་རྟོག་པ་དེ་ངོ་མཚར་ཆེ་བར་འདོད་དོ། །འབྲས་བུ་ངོ་མཚར་ཆེ་བ་ནི། ས་དང་པོར་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་དང༌། ས་བརྒྱད་པར་ལུང་བསྟན་པ་དང༌། བཅུ་པར་དབང་བསྐུར་བ་དང༌། སངས་རྒྱས་ཀྱི་ས་ལ་བྱང་ཆུབ་རབ་ཏུ་ཐོབ་པ་ཡང་ངོ་མཚར་བ་ཡིན་པར་འདོད། ངོ་མཚར་མི་ཆེ་བ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་དེ་ལུས་དང་ལོངས་སྤྱོད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བས་ན། སྦྱིན་པ་གཏོང་བ་ངོ་མཚར་མི་ཆེ་ལ། སྙིང་རྗེ་དང་ལྡན་པས་གཞན་ལ་གནོད་པ་སྤོང་བའི་ཚུལ་ཁྲིམས་དང༌། གནོད་ལེན་མི་བྱེད་པའི་བཟོད་པ་ངོ་མཚར་མི་ཆེའོ། །ས་བརྒྱད་པར་སྒོམ་པ་མཆོག་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པའི་མངོན་པར་འདུ་བྱེད་པ་མེད་ཅིང་རྣམ་པར་མི་རྟོག་པའི་བརྩོན་འགྲུས་ལ་སོགས་པ་གསུམ་ལ་སྦྱོར་བ་ངོ་མཚར་མི་ཆེའོ། །རང་གཞན་ཐམས་ཅད་ལ་སེམས་མཉམ་པ་ཐོབ་པའི་ཕྱིར་དང་གཞན་དོན་དུ་ཕར་ཕྱིན་དྲུག་པོ་དེ་དག་ལ་སྦྱོར་བ་ངོ་མཚར་ཆེ་བ་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། སྦྱོར་བ་སེམས་སྙོམས་པ། དངོས་གཞི་ཕན་འདོགས་པ། རྗེས་ལན་དུ་དགེ་བ་འདོད་པའོ། །དང་པོ་ལ་གཉིས་ལས། ཡུལ་སེམས་ཅན་ལ་སེམས་སྙོམས་པ་ནི། ཇི་ལྟར་བློ་ལྡན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་རབ་ཏུ་བྱམས་པར་གྱུར་བ་ལྟར་སེམས་ཅན་རྣམས་ནི་བདག་ཉིད་དང༌། ཆུང་མ་དང༌། བུ་དང་གཉེན་དང་བཤེས་རྣམས་ལ་ཡང་དེ་ལྟར་བྱམས་པ་མིན་ནོ། །ལམ་ཕ་རོལ་ཏུ་ཕྱིན་པ་ལ་སེམས་སྙོམས་པ་ནི་གོ་རིམ་བཞིན་དུ་ཕྱོགས་མི་བྱེད་པར་འབྲས་བུ་དོན་དུ་གཉེར་བ་ལ་སྟེར་བ་དང༌། དུས་རྟག་ཏུ་ཚུལ་ཁྲིམས་ཕྲ་རགས་ཙམ་ཡང་མ་ཉམས་པ་དང༌། ཡུལ་དང་དུས་དང་སེམས་ཅན་ཀུན་ལ་བྱེ་བྲག་མེད་པར་བཟོད་པ་དང༌། རང་གཞན་གྱི་དགེ་བ་ཐམས་ཅད་ཀྱི་ཕྱིར་བརྩོན་འགྲུས་རྩོམས་པ་དང༌། ཉོན་མོངས་པ་ཅན་དང་ཉམས་པ་ཆ་མཐུན་མ་ཡིན་པས་བསམ་གཏན་དགེ་བ་དང༌། ཤེས་རབ་ཀྱིས་འཁོར་གསུམ་དུ་རྣམ་པར་མི་རྟོག་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་དེ་ལྟར་སེམས་མཉམ་པར་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། ཆོས་མཐུན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གོ་རིམ་བཞིན་དུ་གདུལ་བྱ་རྣམས་ཆོས་ཀྱི་སྣོད་ཉིད་དུ་བྱེད་པ་དང༌། ཚུལ་ཁྲིམས་དག་ལ་འགོད་པ་དང༌། གཞན་གྱིས་གནོད་པ་བྱེད་པ་དག་བཟོད་པ་དང༌། གདུལ་བྱའི་དོན་བྱེད་པར་འགྲོ་བ་དང༌། རྫུ་འཕྲུལ་ལ་སོགས་པའི་སྒོ་ནས་གཞན་དག་བསྟན་པ་ལ་འཇུག་པ་དང༌། གཞན་གྱི་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་ནི། བློ་ལྡན་རྣམས་ཀྱི་སེམས་ཅན་ལ་ཕན་འདོགས་པ་ཉིད་དུ་འདོད་པ་ཡིན་ནོ། །གཉིས་པ་ལ་བདུན་ལས། མ་དང་འདྲ་བ་ནི། མས་བུ་ཁོང་དུ་འཛིན་པ་ལྟར་བྱང་སེམས་གང་དག་རྟག་ཏུ་སེམས་ཅན་ཐམས་ཅད་ལ་བསམ་པ་མཉམ་པས་སེམས་ཅན་རྣམས་རྗེས་སུ་འཛིན་པ་དང༌། སྐྱེད་པར་བྱེད་པ་ལྟར་འཕགས་པའི་ས་ལ་གནས་པ་སྐྱེད་པ་དང༌། ནུ་ཞོ་བསྣུན་པ་དང་མར་གྱིས་གསོ་བ་དང་གོས་ལ་སོགས་པ་བསྐྱེད་སྲིང་བ་ལྟར་དགེ་བ་འཕེལ་བར་བྱེད་པ་དང༌། ངམ་གྲོགས་ལ་སོགས་པ་ལས་བསྲུང་བ་ལྟར་ཉེས་བྱས་ལས་བསྲུང་བ་དང༌། སྨྲ་བ་སློབ་པ་ལྟར་རིག་པའི་གནས་ལྔ་ལ་ཐོས་པར་བྱང་བ་བྱེད་པ་སྟེ། ལས་ལྔ་པོ་དེ་དག་གིས་རྒྱལ་སྲས་རྣམས་སེམས་ཅན་ཐམས་ཅད་ཀྱི་མ་དང་འདྲ་བ་ཡིན་ནོ། །ཕ་དང་འདྲ་བ་ནི། ཕས་བུའི་ས་བོན་འདེབས་པ་ལྟར་སེམས་ཅན་ལ་འཕགས་པའི་ལུས་ཀྱི་ས་བོན་དུ་གྱུར་པའི་དད་པ་བསྐྱེད་པར་བྱེད་པ་དང༌། བཟོ་ལ་སོགས་པ་རང་གི་བྱ་བ་སློབ་པ་ལྟར་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་ལ་སློབ་ཏུ་འཇུག་པ་དང༌། ཡིད་ལ་འབབ་པའི་ཆུང་མ་ལེན་པ་ལྟར་རྣམ་པར་གྲོལ་བའི་བདེ་བ་སྦྱོར་བ་དང༌། བཤེས་སྤྲིང་ལས་གདམ་པ་ལྟར་དེ་དག་གི་དོན་དུ་སངས་རྒྱས་ལ་གསོལ་བ་འདེབས་པ་དང༌། བུ་ལོན་མེད་པར་བྱེད་པ་ལྟར་དེ་དག་གི་སྒྲིབ་པ་སྤང་བར་བྱེད་པའོ། །རྩ་ལག་འདྲ་བ་ནི་རྩ་ལག་གིས་རང་གི་རྩ་ལག་ལ་ཐོས་ན་གནོད་པའི་གཏམ་གསང་བ་ལྟར། ཟབ་མོ་བསྟན་པར་མི་འོས་པའི་སེམས་ཅན་རྣམས་ལ་ཟབ་མོ་གསང་བར་བྱེད་པ་དང༌། སྤྱོད་པ་ངན་པ་ལ་སྨོད་པ་ལྟར་བསླབ་པ་ཉམས་པ་ལ་སྨོད་པ་དང༌། སྤྱོད་ལམ་བཟང་པོ་ལ་བསྔགས་པ་ལྟར། བསླབ་པ་ཕུན་སུམ་ཚོགས་པ་ལ་བསྔགས་པ་དང༌། བྱ་བ་རྣམས་ལ་གྲོགས་ཀྱི་ངོར་འགྲོ་བ་ལྟར་ལམ་གྱི་གདམ་ངག་སྦྱིན་པར་བྱེད་པ་དང༌། ཉམ་ང་བའི་གནས་ལས་ཟློག་པར་བྱེད་པ་ལྟར་བདུད་ཀྱི་ལས་རྣམས་སྒྲོན་པ་སྟེ། ངོ་ཤེས་པར་བྱེད་དོ། །གྲོགས་པོ་དང་འདྲ་བ་ནི། གྲོགས་པོ་བཟང་པོ་ཕན་བདེའི་ཐབས་ལ་མ་འཁྲུལ་བ་ལྟར། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་སྤང་བྱ་ལ་བྱང་ཆུབ་སེམས་དཔའ་གང་དག་རང་གི་སློབ་མ་ལ་འཁྲུལ་པ་དང༌། བདེ་བ་ཉེར་བར་སྒྲུབ་པ་ལྟར་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ལུས་པར་སྦྱིན་པ་དང༌། ཕྲ་མས་མི་ཕྱེད་པ་ལྟར་གཞན་དོན་ལ་སྐྱོ་བ་མེད་པས་ཐེག་དམན་གྱི་སེམས་ཀྱིས་མི་ཕྱེད་པ་དང༌། ཕན་བདེ་འདོད་པ་ལྟར་རྟག་ཏུ་ཕྱི་མར་གནས་པ་དང༌། ཚེ་འདིར་བདེ་བར་འདོད་པའོ། །བྲན་དང་འདྲ་བ་ནི། བྲན་བཟང་པོ་རྗེ་བོའི་ལས་ལ་བརྩོན་པ་ལྟར་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་སྨིན་པར་བྱ་བའི་ཐབས་ལ་རྟག་ཏུ་བརྩོན་པ་དང་ལྡན་པ་དང༌། བྱ་བ་རྣམས་མི་བསླུ་བ་ལྟར་འཁོར་བ་ལས་ཡང་དག་པར་ངེས་པར་འབྱུང་བའི་གཏམ་སྨྲ་བ་དང༌། གཅོད་པ་དང༌། བརྡེག་པ་ལ་སོགས་བཟོད་པ་ལྟར་ལོག་པར་སྒྲུབ་པ་རྣམས་ལ་བཟོད་པ་དང༌། དགོས་པ་ཐམས་ཅད་བྱེད་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་གཉིས་སྦྱིན་པ་དང༌། བྱ་བ་ལ་མཁས་ཤིང་བྱེད་ཐབས་ཤེས་པ་ལྟར་མངོན་མཐོ་དང་ངེས་ལེགས་ཀྱི་ཐབས་ལ་མཁས་པའོ། །སློབ་དཔོན་དང་འདྲ་བ་ནི། སློབ་དཔོན་རང་ཉིད་ལེགས་པར་བསླབ་པ་ལྟར་བྱང་ཆུབ་སེམས་དཔའ་གང་དག་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འདོད་པ་དང༌། རང་གིས་ཤེས་པ་ཐམས་ཅད་སློབ་པ་ལྟར་ཐེག་པ་གསུམ་པོ་ཐམས་ཅད་སྟོན་པ་དང༌། མྱུར་དུ་སློབ་པ་ལྟར་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་མྱུར་དུ་གྲུབ་པ་སྦྱོར་བ་དང༌། བཞིན་མཛེས་ཞིང་ངེས་པ་ལྟར་བཞིན་མཛེས་ཤིང་ཕན་འདོགས་པའི་ཕན་འདོགས་པ་དང༌། ཟང་ཟིང་ལ་མི་ལྟ་བ་ལྟར་རྣམ་པ་སྨིན་པ་ལ་མི་ལྟ་བའོ། །མཁན་པོ་དང་འདྲ་བ་ནི། མཁན་པོ་རང་གི་མཁན་བུ་དང་པོར་རབ་ཏུ་འབྱུང་བ་ལྟར་སེམས་ཅན་གྱི་དོན་ལ་བརྩོན་པས་ཚོགས་རྣམས་རྫོགས་པར་བྱེད་པ་དང༌། དེ་ནས་བསྙེན་པར་རྫོགས་པར་བྱེད་པ་ལྟར་ཚོགས་བསགས་པ་རྣམས་སྒྲིབ་པ་ལས་མྱུར་དུ་གྲོལ་བར་བྱེད་པ་དང༌། ཉེས་པ་སྤོང་བ་ལ་རྗེས་སུ་སྟོན་པ་ལྟར་མི་མཐུན་ཕྱོགས་རྣམས་སྤོང་དུ་འཇུག་པར་བྱེད་པ་དང༌། ཟང་ཟིང་གིས་བསྡུས་པ་ལྟར་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ལ་སྦྱོར་བ་དང༌། ཆོས་ཀྱིས་བསྡུས་པ་ལྟར་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་སྣ་ཚོགས་པ་ལ་སྦྱོར་བའོ། །གསུམ་པ་ལན་དུ་ཕན་པ་འདོད་པ་ནི། ལོངས་སྤྱོད་རྣམས་ལ་མ་ཆགས་པས་སྦྱིན་པ་དང༌། ཚུལ་ཁྲིམས་ཉམས་པ་མེད་པ་དང༌། ཕན་འདོགས་པའི་བྱང་ཆུབ་སེམས་དཔའ་བཟོད་པ་ལ་དགའ་བ་ཤེས་ནས་བྱས་པ་བཟོད་པ་དང་ལྡན་པས་བཟོད་པ་ལ་འཇུག་པ་དང༌། སྒྲུབ་པ་ལ་སྦྱོར་བ་ནི་ཕྱི་མ་གསུམ་སྟེ། བརྩོན་འགྲུས་ཀྱི་ལས་ལ་སྤྲོ་བར་བྱས་ནས་བསམ་གཏན་དང་ཤེས་རབ་ཀྱིས་ཞི་གནས་དང་ལྷག་མཐོང་སྒྲུབ་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལ་ཚུལ་དེ་ལྟར་འཇུག་པའི་ལུས་ཅན་རྣམས་ལ་དེ་བཞིན་དུ་ལན་དུ་ཕན་འདོགས་པ་ཡིན་ནོ། །བྱང་ས་ལས། རྣམ་པ་ལྔས་སེམས་ཅན་དག་བྱང་ཆུབ་སེམས་དཔའ་ཕན་འདོགས་པ་ལ་ལན་དུ་ཕན་འདོགས་པར་ཉེ་བར་གནས་པ་ཡིན་ཏེ། རྣམ་པ་ལྔ་གང་ཞེ་ན། བདག་ཉིད་ཡོན་ཏན་རྣམས་དང་ཡང་དག་པར་སྦྱོར་བ་དང༌། གཞན་གྱི་ཡོན་ཏན་སྐྱེད་པ་ལ་བརྩོན་པ་དང༌། སེམས་ཅན་མགོན་མེད་པ་སྡུག་བསྔལ་བ་བཀྲེན་པ་རྟེན་མེད་པ་རྣམས་ལ་གཏོང་བར་བྱེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱེད་པ་དང༌། དེ་བཞིན་གཤེགས་པའི་ཆོས་ཁ་ཏོན་དུ་བྱེད་པ་དང༌། འདྲིར་བཅུག་སྟེ་འཆང་ཞིང་དེ་ལ་མཆོད་པ་བྱེད་དོ། །ཞེས་བཤད་དོ། །གཉིས་པ་ལ་བསམ་པ་སྨོན་པ་དང༌། སྦྱོར་བ་ཆུད་མི་ཟ་བ་གཉིས། དང་པོ་ནི་ཕ་རོལ་ཕྱིན་པ་དྲུག་འཕེལ་བ་དང༌། དེ་དག་གི་མི་མཐུན་ཕྱོགས་ཉམས་པ་དང༌། སེམས་ཅན་རབ་ཏུ་སྨིན་པ་དང༌། ས་བཅུ་ལ་ཡོན་ཏན་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་དང༌། བླ་ན་མེད་པའི་བྱང་ཆུབ་སྟེ་གནས་ལྔ་པོ་ཐོབ་པར་འདོད་དོ། །བྱང་ས་ལས། ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔས་རྟག་ཏུ་སྨོན་པར་བྱ་བ་ཡིན་ཏེ། ལྔ་གང་ཞེ་ན་སངས་རྒྱས་འབྱུང་བ་མཉེས་པར་བྱ་བ་དང༌། སངས་རྒྱས་དེ་དག་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པ་དང༌། རྣམ་པ་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཐུ་ཡོད་པ་དང༌། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་དང༌། བྱང་ཆུབ་མངོན་པར་སངས་རྒྱས་ཀྱང་ཉན་ཐོས་མཐུན་པར་འགྱུར་བའོ་ཞེས་སོ། །གཉིས་པ་ནི། གདུལ་བྱ་རྣམས་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་འཇིགས་ཤིང་སྐྲག་པ་སྤང་བ་དང༌། དེ་དག་ལ་བྱང་ཆུབ་ཀྱི་སེམས་ཡང་དག་པར་བསྐྱེད་པ་དང༌། སེམས་བསྐྱེད་པ་རྣམས་ཀྱི་ཐེ་ཚོམ་གཅོད་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པའི་གདམ་ངག་སྟོན་པའི་སྒོ་ནས་རྒྱལ་སྲས་རྣམས་ཀྱི་གཞན་དོན་གྱི་སྦྱོར་བ་རྟག་ཏུ་ཆུད་མི་ཟ་བའོ། །གཉིས་པ་རབ་ཏུ་བསྔགས་པའི་ཡོན་ཏན་ལ་གཉིས་ཏེ། རང་དོན་དང༌། གཞན་དོན་ནོ། །དང་པོ་ལ་གསུམ་སྟེ། སྦྱོར་བ་དང༌། འབྲས་བུ་དང༌། རྒྱུའི་ཡོན་ཏན་ནོ། །དང་པོ་ལ་བཞི་ལས། ཡང་དག་པར་སྦྱོར་བ་ནི་ལན་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་སྦྱིན་པ་དང༌། ཡང་སྲིད་ཕྱི་མ་མི་འདོད་པའི་ཚུལ་ཁྲིམས་དང༌། གནོད་པ་དང་སྡུག་བསྔལ་ལ་སོགས་ཐམས་ཅད་ལ་བཟོད་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཀུན་འབྱུང་བའི་བརྩོན་འགྲུས་དང༌། བསམ་གཏན་གྱི་ཁྱད་པར་གཟུགས་མེད་ཀྱི་ཏིང་ངེ་འཛིན་མ་ཡིན་པ་དང༌། ཤེས་རབ་ཐབས་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལ་བརྟན་པ་རྣམས་ཀྱི་ཡང་དག་པར་སྦྱོར་བ་ཡིན་ཏེ། དཀོན་མཆོག་བརྩེགས་པར་འོད་སྲུངས་ཀྱིས་ཞུས་པ་ལས། རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་གཏོང་བ་དང༌། སྲིད་པའི་འཁོར་བར་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས་དང༌། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་དང༌། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པའི་བརྩོན་འགྲུས་དང༌། གཟུགས་མེད་པའི་ཁམས་རྣམ་པར་བསལ་པའི་བསམ་གཏན་དང༌། བསྡུ་བའི་དངོས་པོ་བཞི་དང་ལྡན་པའི་ཐབས་ཀྱིས་ཡོངས་སུ་ཟིན་པའི་ཤེས་རབ་ཅེས་གསུངས་པ་ལྟར། ཉམས་པ་དང་ཁྱད་པར་འགྱུར་བའི་སྐལ་བ་ཅན་གྱིས་ཆོས་ནི་ལོངས་སྤྱོད་ལ་ཆགས་པ་དང༌། ཚུལ་ཁྲིམས་ཉམས་པ་དང་བཅས་པ་སྟེ་གཅེས་སྤྲས་སུ་མི་འཛིན་པ་དང༌། ང་རྒྱལ་དང་འདོད་ཡོན་ལ་ཞེན་ནས་དགེ་བ་ལ་མི་སྦྱོར་བ་བསོད་ནམས་དང༌། བསམ་གཏན་གྱི་བདེ་བ་ལ་རོ་མྱོང་བ་དང༌། འཁོར་གསུམ་དུ་རྣམ་པར་རྟོག་པ་ནི་ཉམས་པའི་སྐལ་བ་ཅན་ཡིན་ལ། དེ་དག་གི་གཉེན་པོ་དྲུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕར་ཕྱིན་རྣམས་ནི་དེ་དག་ལས་ཟློག་པའི་ཕྱིར་ཁྱད་པར་དུ་འགྱུར་པའི་སྐལ་བ་ཅན་གྱི་ཆོས་སུ་ཤེས་པར་བྱའོ། །བྱང་ས་ལས། ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་དྲི་བ་དང་མཐུན་པའི་ཆོས་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཆོས་དང༌། ཆོས་སྨྲ་བ་ལ་མ་གུས་པ་དང༌། བག་མེད་པ་དང༌། ལེ་ལོ་དང༌། ཉོན་མོངས་པ་ལ་བརྟེན་པ་དང་དུ་ལེན་པ་དང༌། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དཔོག་པར་བྱེད་ཅིང་མངོན་པའི་ང་རྒྱལ་བྱེད་པ་དང༌། ཆོས་ལ་ཕྱིན་ཅི་ལོག་ཏུ་མངོན་པའི་ང་རྒྱལ་བྱེད་པའོ། །ཞེས་བཤད་དོ། །བཅོས་མ་དང་ཡང་དག་གི་ཡོན་ཏན་རྣམ་པར་དབྱེ་བ་ནི། སྤྲུལ་པ་སྟེ་སྦྱིན་ནོ་སྙམ་པའི་བློ་མེད་བཞིན་དུ་སྦྱིན་པར་ཁས་ལེན་པ་དང༌། ཚུལ་ཁྲིམས་དང་ལྡན་པ་ལྟར་ཚུལ་འཆོས་པ་དང༌། བཞིན་གྱིས་མཛེས་པ་སྟོན་ཞིང༌། མི་ཁྲོ་ལྟར་སྟོན་པ་དང༌། འཕྲལ་ལ་དགེ་བ་ལ་མྱུར་དུ་འཇུག་པ་ལྟར་སྟོན་པ་དང༌། ལུས་དང་ངག་གི་སྤྱོད་ལམ་ཞི་བ་དང་ལྡན་པའི་སྒོ་ནས་ཏིང་ངེ་འཛིན་ལ་གནས་པ་ལྟར་སྟོན་པ་དང༌། ཚིག་སྨྲ་བ་ལ་མཁས་པ་ཕུན་སུམ་ཚོགས་པའི་སྒོ་ནས་ཤེས་རབ་དང་ལྡན་པ་ལྟ་བུར་སྟོན་ལ། དོན་ལ་ཕར་ཕྱིན་དྲུག་པོ་དེ་དག་སྒྲུབ་པ་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའ་རྣམ་དག་གི་ཡོན་ཏན་ཡང་དག་པ་མིན་པ་ཉིད་དུ་བཤད་དོ། །དེ་དག་ལས་ཟློག་པ་དོན་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་སྦྱོར་བ་རྣམས་ཀྱི་སྤྱིན་སོགས་དེ་དག་ནི་ཡང་དག་པ་ཉིད་དུ་བཤད་དོ། །བྱང་ས་ལས། ལྔ་པོ་དག་ནི་བྱང་ཆུབ་སེམས་དཔའ་ཡོན་ཏན་བཅོས་པའི་བྱང་ཆུབ་སེམས་དཔའི་སྐྱོན་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་མ་རུངས་པ་ཚུལ་ཁྲིམས་འཆལ་བ་དག་ལ་གཞི་དེས་གནོད་པ་བྱེད་པ་དང༌། ཚུལ་འཆོས་ཤིང་སྤྱོད་ལམ་ཕུན་སུམ་ཚོགས་པར་བྱེད་པ་དང༌། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་རྣམས་དང༌། མུ་སྟེགས་ཅན་གྱི་བསྟན་བཅོས་དང་ལྡན་པ་དག་གིས་བཤེས་ཀྱིས་མཁེ་ཐོབ་ཅིང་མཁས་པའི་གྲངས་སུ་ཆུད་པར་བྱེད་པ་དང༌། ཁ་ན་མ་ཐོ་བ་ལ་སོགས་བཅས་པའི་སྦྱིན་པ་ལ་སོགས་པའི་དགེ་བ་ལ་ལྷག་པར་སྤྱོད་པ་དང༌། དམ་པའི་ཆོས་ལྟར་བཅོས་པ་རྣམས་ལ་སྲེད་ཅིང་སྟོན་ལ་རྣམ་པར་འཇོག་པའོ། །ལྔ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་དུ་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་མ་རུངས་པ་ཚུལ་ཁྲིམས་འཆལ་བ་རྣམས་ལ་ལྷག་པར་སྙིང་རྗེའི་སེམས་དང༌། རང་བཞིན་གྱི་སྤྱོད་ལམ་ཕུན་སུམ་ཚོགས་པ་དང༌། དེ་བཞིན་གཤེགས་པའི་ལུང་ཁོང་དུ་ཆུད་པས་ཤེས་རབ་ཀྱི་མཁེ་ཐོབ་ཅིང༌། མཁས་པའི་གྲངས་སུ་ངེས་པ་དང༌། ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་ལ་སོགས་པའི་དགེ་བ་བྱེད་པ་དང༌། དམ་པའི་ཆོས་སྟོན་ཅིང་དམ་པའི་ཆོས་ལྟར་བཅོས་པ་རྣམས་སྤང་བའོ། །ཞེས་འདུལ་བ་རྣམ་པར་ངེས་པ་ནི། བློ་དང་ལྡན་པ་ཀུན་དེ་ཐམས་ཅད་དུ་སྦྱིན་པ་ལ་སོགས་པ་དྲུག་ཉེ་བར་བསྒྲུབས་ཤིང་གཞན་དག་ཀྱང་དེ་དག་ལ་བཀོད་པ་སེམས་ཅན་རྣམས་ཀྱི་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་དྲུག་འདུལ་བར་བྱེད་དོ། །བྱང་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མདོར་ན་འདུལ་བའི་སྐྱེ་བོ་རྣམས་གནས་བཅུར་ལེགས་པ་ཁོ་ནར་འདུལ་བར་བྱེད་དོ། །བཅུ་གང་ཞེ་ན། ཉེས་པར་སྤྱོད་པ་ལས་དབེན་པ་དང༌། ཉེས་པར་མི་སྤྱོད་ཅིང་འབྱུང་བ་བྱེད་པ་དང༌། དབང་པོ་རྣམས་ཀྱི་སྒོ་སྡོམ་པ་དང༌། ཤེས་བཞིན་གནས་པ་དང༌། འདུ་འཛི་ལས་དབེན་པར་གནས་པ་དང༌། རབ་ཏུ་དབེན་པར་གྱུར་ནས་རྟོག་པ་ངན་པ་ལས་དབེན་པ་དང༌། སྒྲིབ་པ་ལས་དབེན་པ་དང༌། ཉོན་མོངས་པའི་ཀུན་ནས་དཀྲིས་པ་ལས་དབེན་པ་དང༌། ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་ལས་དབེན་པའོ། །ཞེས་སོ། །གཉིས་པ་འབྲས་བུའི་ཡོན་ཏན་ལ་གཉིས་ལས། དང་པོ་ལུང་སྟོན་པའི་ཡོན་ཏན་ནི། བློ་དང་ལྡན་པའི་ལུང་བསྟན་པ་གཉིས་ཡོད་པ་ལས་གང་ཟག་གི་བྱེ་བྲག་གིས་ལུང་བསྟན་པ་ལ་གསུམ་སྟེ། རིགས་ལ་གནས་པ་དང༌། སེམས་བསྐྱེད་པ་འཁོར་དེར་འདུས་པ་མངོན་སུམ་དུ་ལུང་སྟོན་པ་དང༌། འཁོར་དེར་འདུས་པ་མངོན་སུམ་མ་ཡིན་པར་ལུང་སྟོན་པའོ། །དུས་ཀྱི་བྱེ་བྲག་གིས་ཀྱང་གཉིས་ཏེ། དུས་འདི་ཙམ་ཞིག་ན་འཚང་རྒྱའོ་ཞེས་དུས་ཚོད་ཡོད་པ་དང༌། མ་འོངས་པའི་དུས་ན་འཚང་རྒྱའོ་ཞེས་པ་ཙམ་ཚད་མེད་པའོ། །སངས་རྒྱས་འདི་ཞེས་པར་འགྱུར་རོ། །ཞེས་བྱང་ཆུབ་ཏུ་ལུང་སྟོན་པ་དང༌། སངས་རྒྱས་འདི་ཞེས་བྱ་བས་ལུང་བསྟན་པར་འགྱུར་རོ་ཞེས་ལུང་སྟོན་པ་དང༌། གཞན་ཡང་ལུང་བསྟན་པ་ཆེན་པོ་ནི་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ལུང་བསྟན་པ་ཡང་བདག་ནི་སངས་རྒྱས་སུ་འགྱུར་རོ་སྙམ་པའི་ང་རྒྱལ་དང༌། མཚན་མའི་བརྩོན་པ་སྤངས་པ་དང༌། ཉོན་ཡིད་སྤངས་པས་ངར་འཛིན་གྱིས་བསྡུས་པའི་རྒྱུད་ཐ་དད་མེད་པས་སངས་རྒྱས་དང༌། དེའི་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་ངོ་བོ་གཅིག་ཏུ་གྱུར་པ་ལས་ལུང་བསྟན་པའོ། །གཉིས་པ་ལུང་སྟོན་ཚུལ་ནི། ཡང་ཞིང་འདི་ལྟ་བུར་སངས་རྒྱས་མིང་འདི་ཞེས་བྱ་བ་དུས་དེ་སྲིད་ཅིག་ན། བསྐལ་པ་འདི་ཞེས་བྱ་བ་ལ་འཚང་རྒྱ་སྟེ། དེའི་འཁོར་ནི་འདི་སྙེད་དོ། །དམ་པའི་ཆོས་ནི་ཡུན་འདི་སྲིད་དུ་གནས་པར་འགྱུར་རོ་ཞེས་པའི་སྒོ་ནས་ལུང་བསྟན་པར་འདོད་དོ། །ངེས་པར་ཐོབ་པ་ནི། བློ་ལྡན་བྱང་ཆུབ་སེམས་དཔའ་དེ་རྣམ་པ་ཐམས་ཅད་དུ་སྦྱིན་པ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་ངེས་པ་དང༌། ཚུལ་ཁྲིམས་ཀྱིས་རྟག་ཏུ་ཇི་ལྟར་འདོད་པ་ལྟར་སྐྱེ་བ་ཡོངས་སུ་འཛིན་པ་དང༌། བཟོད་པས་རྟག་ཏུ་འཁོར་བའི་སྡུག་བསྔལ་གྱིས་མི་སྐྱོ་བ་དང༌། བརྩོན་འགྲུས་ཀྱིས་རྟག་ཏུ་དགེ་བའི་ཆོས་སྒོམ་པར་བྱེད་པ་དང༌། བསམ་གཏན་གྱིས་རང་ཏིང་ངེ་འཛིན་ལས་ཉམས་པ་མེད་པ་དང༌། སེམས་ཅན་གྱི་དགོས་པའི་བྱ་བ་རྣམས་འགྲུབ་པ་དང༌། ཤེས་རབ་ཀྱིས་ས་བརྒྱད་པ་ཡན་ཆད་དུ་རྟག་ཏུ་ལྷུན་གྱིས་གྲུབ་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་ངེས་པར་འགྱུར་རོ། །གསུམ་པ་རྒྱུའི་ཡོན་ཏན་ལ་གསུམ་ལས། དང་པོ་ངེས་པར་བྱ་བ་ནི་ཕར་ཕྱིན་དྲུག་པོ་གོ་རིམ་བཞིན་དུ་དཀོན་མཆོག་མཆོད་པས་མཚོན་ནས་སྦྱིན་པ་ཐམས་ཅད་དང༌། བསླབ་པ་ཡང་དག་པར་བླང་བ་དང༌། སྙིང་རྗེའི་དབང་གིས་གནོད་པ་ཐམས་ཅད་བཟོད་པ་དང༌། དགེ་བ་བསྒོམ་པ་ལ་སྤྲོ་བ་དང༌། དེ་བཞིན་དུ་གྲོང་ལས་རྒྱང་གྲགས་གཅིག་འཕགས་པའི་དགོན་པར་སེམས་བག་ཡོད་པར་གནས་པ་དང༌། ཐོས་པའི་དོན་གྱིས་ངོམས་མི་ཤེས་པ་ཉིད་དེ་དྲུག་པོ་འདི་ནི་ས་རྣམས་ཀུན་ལ་བརྟན་པ་རྣམས་ཀྱིས་གདོན་མི་ཟ་བར་བྱ་དགོས་པ་ཉིད་དོ། །བྱང་ས་ལས། བྱང་ཆུབ་སེམས་དཔའི་ངེས་པར་བྱ་བ་ནི་ལྔ་པོ་འདི་དག་ཡིན། དེ་དག་མ་བྱས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་མེད་པར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སེམས་ཅན་རྣམས་ལ་སྙིང་བརྩེ་བ་དང༌། བརྩོན་འགྲུས་འབར་བ་དང༌། རིག་པའི་གནས་ཐམས་ཅད་ལ་སྦྱོར་བ་དང༌། སྐྱེ་བ་མེད་པ་ཞེས་སོ། །གཉིས་པ་རྟག་ཏུ་བྱ་བ་ནི། འདོད་པའི་ཉེས་དམིགས་ཤེས་པའི་སྒོ་ནས་ལོངས་སྤྱོད་ལ་སོགས་པ་ལ་མ་ཆགས་པ་དང༌། རང་གི་འཁྲུལ་པ་དག་ལ་རྟོག་ཅིང་སྤོང་བ་དང༌། སྡུག་བསྔལ་ཐམས་ཅད་དང་དུ་ལེན་ཅིང་བཟོད་པ་དང༌། དགེ་བ་སྒོམ་པ་ལ་སྤྲོ་བ་དང༌། བསམ་གཏན་གྱི་བདེ་བ་ལ་རོ་མྱོང་བ་མེད་པ་ཉིད་དང༌། འཁོར་གསུམ་གྱི་མཚན་མར་རྣམ་པར་མི་རྟོག་པ་སྟེ། དྲུག་ནི་ས་རྣམ་པ་ཀུན་ལ་བརྟན་པ་རྣམས་ཀྱིས་རྟག་ཏུ་བྱ་དགོས་པ་དག་ཡིན་ནོ། །བྱང་ས་ལས། བྱང་ཆུབ་སེམས་དཔའི་རྟག་པར་བྱ་བའི་ཆོས་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྟག་པར་བྱ་བ་ནི་བག་ཡོད་པ་དང༌། སེམས་ཅན་མགོན་མེད་པ་རྣམས་དང་སྡུག་བསྔལ་བ་རྣམས་དང་རྟེན་མེད་པ་རྣམས་ལ་བཏང་བར་བྱ་བ་དང༌། དེ་བཞིན་གཤེགས་པ་དང་འཁྲུལ་པ་ཡོངས་སུ་ཤེས་པ་དང༌། བྱ་བ་དང་སྤྱོད་པ་དང༌། གནས་པ་དང༌། ཡིད་ལ་བྱེད་པ་དང༌། ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ནི་བྱང་ཆུབ་སེམས་དཔའི་རྟག་པར་བྱ་བ་ལྔའོ། །གསུམ་པ་གཙོ་བོར་བྱ་བ་ནི། སྦྱིན་པ་ལ་ཆོས་ཀྱི་སྦྱིན་པ་དང༌། ཚུལ་ཁྲིམས་ལ་དག་པ་སྟེ་འཕགས་པ་དགྱེས་པ་ཟག་མེད་ཀྱི་ཚུལ་ཁྲིམས་དང༌། བཟོད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པའོ། །བཙུན་པ་ངོ་བོ་ཉིད་མེད་པ་ནི་འདིར་སྦྱོར་ལམ་བཟོད་པར་བཞེད་དོ། །བརྩོན་འགྲུས་ལ་ཐེག་ཆེན་གྱི་ལམ་ལ་བརྩོན་འགྲུས་བརྩམས་པ་དང༌། བསམ་གཏན་ལ་བསམ་གཏན་གྱི་མཐའ་སྟེ་བཟང་ཤོས་བསམ་གཏན་བཞི་པ་ལ་སྙིང་རྗེ་ཚད་མེད་དང་ལྡན་པ་དང༌། ཤེས་རབ་ལ་བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་གཙོ་བོར་ཡིན་ནོ། །བྱང་ས་ལས། བྱང་ཆུབ་སེམས་དཔའ་རྣམས་གཙོ་བོར་འདོད་པའི་ཆོས་ནི་བཅུ་པོ་འདི་དག་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོག་ཏུ་འཛིན་ཞིང་མཆོག་ཏུ་འདོགས་པར་བྱེད་པ་སྟེ། བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རིགས་ནི་རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་དང་པོ་སེམས་སྐྱེད་པ་ནི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང༌། སྙན་པར་སྨྲ་བ་ནི་བསྡུ་བའི་དངོས་པོ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང༌། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང༌། སྙིང་རྗེ་ནི་ཚད་མེད་པ་རྣམས་ཀྱི་གཙོ་བོ་ཡིན་པ་དང༌། བསམ་གཏན་བཞི་པ་ནི་བསམ་གཏན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང༌། ཏིང་ངེ་འཛིན་གྱི་ནང་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གཙོ་བོ་ཡིན་པ་དང༌། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་ནང་ན་ནི་འགོག་པའི་སྙོམས་པར་འཇུག་པ་གཙོ་བོ་ཡིན་པ་དང༌། ཐབས་ལ་མཁས་པ་ཐམས་ཅད་ཀྱི་ནང་ན་ནི། ཇི་སྐད་བསྟན་པའི་ཐབས་ལ་མཁས་པ་རྣམ་པར་དག་པ་གཙོ་བོ་ཡིན་པའོ། །ཞེས་བཤད་དོ། །རང་དོན་གྱི་ཡོན་ཏན་བསྟན་ཟིན་ནོ། །གཉིས་པ་གཞན་དོན་གྱི་ཡོན་ཏན་ལ་གཉིས་ཏེ། རིགས་ཅན་གསུམ་ལ་ཆོས་སྟོན་པ་དང༌། ཐེག་ཆེན་གྱི་རིགས་ཅན་ལ་ཆོས་སྟོན་པའོ། །དང་པོ་ལ་གཉིས། ཆོས་ཀྱི་རང་བཞིན་གདགས་པ་རྣམ་པར་བཞག་པ་དང༌། ཆོས་ཕུན་སུམ་ཚོགས་པའི་ཡན་ལག་གོ །དང་པོ་ལ་བཞི་སྟེ། བརྗོད་བྱེད་ཀྱི་ཆོས་རྣམ་པར་བཞག་པ། བརྗོད་བྱ་བདེན་པ་རྣམ་པར་བཞག་པ། སྒྲུབ་བྱེད་རིགས་པ་རྣམ་པར་བཞག་པ། བགྲོད་བྱེད་ཐེག་པ་རྣམ་པར་བཞག་པའོ། །དང་པོ་ནི་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྣམ་པའི་བྱེ་བྲག་གི་རིག་པའི་གནས་ལྔ་རྣམ་པར་བཞག་པ་ནི། ས་ཐམས་ཅད་ལ་བརྟན་པ་བྱང་ཆུབ་སེམས་དཔའི་ཆོས་རྣམ་པར་བཞག་པ་ཡིན་ནོ། །འོ་ན་མདོ་སྡེ་ལ་སོགས་པ་ནི་ནང་རིག་པ་ཡིན་པས་རིག་པའི་གནས་ལྔ་ཀ་ཇི་ལྟར་སྟོན་ཞེ་ན། སྟོན་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་རིག་པའི་གནས་ཐམས་ཅད་ལ་མཁས་པར་བྱ་བའི་ཕྱིར་ཐེག་ཆེན་གྱི་གསུང་རབ་ལས་རིག་པའི་གནས་ལྔ་གསུངས་སོ། །གཉིས་པ་བརྗོད་བྱ་བདེན་པ་རྣམ་པར་བཞག་པ་ནི། དེ་བཞིན་ཉིད་རྣམ་པ་བདུན་ལ་བརྟེན་ནས་བདེན་པ་རྣམ་པར་བཞག་གོ །དེ་ཉིད་ཅེས་བྱ་བ་ནི་དེའི་ངོ་བོར་གནས་པའོ། །བདུན་གང་ཞེ་ན་འཁོར་བ་ནི་ཐོག་མ་མེད་པ་ནས་རྒྱུན་འཇུག་པས་ན་འཇུག་པའི་དེ་བཞིན་ཉིད་དོ། །ངོ་བོ་ཉིད་གསུམ་ནི་མཚན་ཉིད་ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་རྣམ་པར་རིག་ཙམ་ཡིན་པ་ནི་རྣམ་པར་རིག་པ་དེ་བཞིན་ཉིད་དོ། །འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་གནས་པས་ན་སྡུག་བསྔལ་གྱིས་བདེན་པ་ནི་གནས་པའི་དེ་བཞིན་ཉིད་དོ། །ལས་དང་ཉོན་མོངས་པའི་རང་བཞིན་ཡིན་པས་ཀུན་འབྱུང་གི་བདེན་པ་ནི་ལོག་པར་སྒྲུབ་པའི་དེ་བཞིན་ཉིད་དོ། །དྲི་མས་དག་པའི་ཕྱིར་འགོག་པའི་བདེན་པ་ནི་རྣམ་པར་དག་པའི་དེ་བཞིན་ཉིད་དོ། །དེ་སྒྲུབ་པའི་ཕྱིར་ལམ་གྱི་བདེན་པ་ནི་ཡང་དག་པ་སྒྲུབ་པའི་དེ་བཞིན་ཉིད་དོ། །འདི་དག་དང་མཐུན་པར་དགོངས་འགྲེལ་ལས་འབྱུང་བའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམས་ཐོག་མ་དང་ཐ་མ་མེད་པའི་ཉིད་གང་ཡིན་པའོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པ་གང་ཡིན་པའོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམས་རྣམ་པར་རིག་པ་ཙམ་ཉིད་གང་ཡིན་པའོ། །གནས་པའི་དེ་བཞིན་ཉིད་ནི་ངས་སྡུག་བསྔལ་གྱི་བདེན་པ་བསྟན་པ་གང་ཡིན་པའོ། །ལོག་པར་སྒྲུབ་པའི་དེ་བཞིན་ཉིད་ནི་ངས་ཀུན་འབྱུང་གི་བདེན་པ་བསྟན་པ་གང་ཡིན་པའོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་ངས་འགོག་པའི་བདེན་པ་བསྟན་པ་གང་ཡིན་པའོ། །ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ནི་ངས་ལམ་གྱི་བདེན་པ་བསྟན་པ་གང་ཡིན་པའོ། །བྱམས་པ་དེ་ལས་བྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་དང༌། ལོག་པར་སྒྲུབ་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་མཚུངས་ཞིང་མཉམ་མོ། །བྱམས་པ་དེ་ལ་མཚན་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རྣམ་པར་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་ཆོས་ཐམས་ཅད་མཚུངས་ཤིང་མཉམ་མོ། །བྱམས་པ་དེ་ལ་རྣམ་པར་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་ཉན་ཐོས་ཀྱི་བྱང་ཆུབ་གང་ཡིན་པ་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་གང་ཡིན་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པའི་བྱང་ཆུབ་ཐམས་ཅད་མཚུངས་ཤིང་མཉམ་མོ། །བྱམས་པ་དེ་ལ་ཡང་དག་པར་འགྲུབ་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་ཆོས་ཐམས་ཅད་མཚུངས་ཞིང་མཉམ་མོ། །བྱམས་པ་དེ་ལ་ཡང་དག་པར་གྲུབ་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་ཐོས་པ་ཐམས་ཅད་ཆོས་ལ་དམིགས་པའི་ཞི་གནས་དང༌། ལྷག་མཐོང་གིས་བསྡུས་པའི་ཤེས་རབ་མཚུངས་ལྡན་དུ་མཉམ་མོ། །ཞེས་གསུངས་ཤིང༌། གསུམ་པ་སྒྲུབ་བྱེད་རིགས་པས་རྣམ་པར་བཞག་པ་ནི། རིགས་པ་རྣམ་པར་བཞག་པ་བཞི་ཉིད་དོ། །བཞི་པོ་གང་ཞེ་ན། ལྟོས་པའི་རིགས་པ་ནི་མོས་སྤྱོད་ཀྱི་སྐབས་སུ་ཐེག་པ་གསུམ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེ་ལ་ལྟོས་ནས་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་སྐྱེད་པའི་ཕྱིར་རོ། །བྱ་བ་བྱེད་པའི་རིགས་པ་ནི་ཡང་དག་པའི་ལྟ་བ་མཐོང་ལམ་འབྲས་བུ་མཐོང་སྤང་ལས་གྲོལ་བ་དང་ལྡན་པ་སྟེ། མཐོང་ལམ་དེས་ནི་མཐོང་སྤངས་སྤོང་བའི་བྱ་བ་བྱེད་པས་སོ། །འཐད་པ་བསྒྲུབ་པའི་རིགས་པ་ནི། མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་གཞལ་བྱ་རྣམ་པར་འབྱེད་པའོ། །ཆོས་ཉིད་ཀྱི་རིགས་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཡང་དག་པའི་ལྟ་བ་ལ་སོགས་པ་རྒྱུ་འབྲས་ཀྱི་ནུས་པ་རྣམས་བསམ་གྱིས་མི་ཁྱབ་པ་སྟེ་རིགས་པ་བཞིའོ། །བཞི་པ་བགྲོད་བྱེད་ཐེག་པ་རྣམ་པར་བཞག་པ་ནི། ཐེག་པ་རྣམ་པར་བཞག་པ་གསུམ་ཉིད་དོ། །གསུམ་པ་གང་ཞེ་ན། ནང་གི་རིག་པ་དང་མཐུན་པའི་བསམ་པ་དང༌། བསམ་པ་དང་མཐུན་པའི་ཆོས་བཤད་པ་དང༌། ཉམས་ལེན་གྱི་སྦྱོར་བ་དང༌། ཚོགས་གཉིས་ཀྱི་རྟོན་པ་དང༌། འབྲས་བུ་ཡང་དག་པར་འགྲུབ་པ་སྟེ་ལྔ་པོ་དེ་ཆུང་ངུས་ཉན་ཐོས་དང༌། འབྲིང་པོས་རང་སངས་རྒྱས་དང༌། ཆེན་པོས་ནི་ཐེག་པ་ཆེན་པོ་སྟེ། ཐེག་པ་རྣམ་པ་གསུམ་དུ་འདོད་དོ། །གཉིས་པ་ཆོས་ཚོལ་ཕུན་སུམ་ཚོགས་པའི་ཡན་ལག་ལ་བཞི་སྟེ། ཆོས་ཚོལ་གྱི་རང་བཞིན། ཡང་དག་པའི་དོན་ཡོངས་སུ་ཤེས་པ། ཆོས་བཤད་པའི་ཡན་ལག་ལྔ། ཆོས་བཤད་པའི་འབྲས་བུའོ། །དང་པོ་ནི་ཆོས་རྣམས་ངོ་བོ་དང་ཁྱད་པར་ལ་མིང་དང་དོན་དུ་མངོན་པར་ཞེན་པ་འགོག་པ་ཐོས་བསམ་གྱི་ཚོལ་བ་སྟེ། དེ་ཡང་མིང་དང༌། དངོས་པོ་དང༌། ངོ་བོ་ཉིད་འགོག་པ་དང༌། ཁྱད་པར་དུ་འདོད་པ་ཡོངས་སུ་ཚོལ་བའོ། །དེ་ལ་ལྟོ་ལྡིར་བ་ལ་བུམ་པ་ཞེས་བྱ་བའི་མིང་དེ་བློ་བུར་དུ་བཏགས་པ་ཙམ་དུ་ཟད་ཀྱི། རང་བཞིན་དུ་ཡོད་པ་མ་ཡིན་པར་ཚོལ་བ་ནི་མིང་ཡོངས་སུ་ཚོལ་བའོ། །མིང་ལ་ཡང་དངོས་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ཚོལ་བ་ནི་དངོས་པོ་ཡོངས་སུ་ཚོལ་བའོ། །ངོ་བོ་ཉིད་དུ་འདོད་པ་ནི་མིང་དོན་གྱིས་འབྲེལ་བའི་སྒོ་ནས་ཐ་སྙད་འདོགས་པ་དང༌། གཟུགས་ནི་གཟུགས་སུ་རུང་བ་ཉིད། ཚོར་བ་ནི་ཉམས་སུ་མྱོང་བ་ཉིད་དོ། །ཞེས་བྱ་བ་ལྟ་བུའོ། །ཁྱད་པར་དུ་འདོགས་པ་ནི་གཟུགས་ཀྱི་སྐད་ཅིག་མ་ལ་གཟུགས་ཀྱི་མི་རྟག་པ་ཞེས་འདོགས་པའོ། །དེ་ལྟ་བུའི་འདོགས་པ་རྣམས་པ་གཉིས་པོ་ཡང་བྱིས་པས་བཏགས་པ་ལྟར་མེད་ཀྱི། འདིར་དེ་ཙམ་ཞེས་སྔ་མ་ལ་སྙོག་པ་སྟེ། གློ་བུར་བ་བཏགས་པ་ཙམ་དུ་ཚོལ་བའོ། །གཉིས་པ་ཡང་དག་པའི་དོན་ཡོངས་སུ་ཤེས་པ་ལ་བཞི་སྟེ། ཤེས་བྱ་དང༌། སྤང་བྱ་དང༌། གཉེན་པོ་དང༌། འབྲས་བུའོ། །དང་པོ་ནི། མིང་དང༌། དངོས་པོ་དང༌། ངོ་བོ་ཉིད་དང༌། བཞི་པོ་དེ་ཐམས་ཅད་དམིགས་སུ་མེད་པ་མི་དམིགས་པར་ཤེས་པའི་སྒོམ་བྱུང་གི་ཤེས་རབ་མིང་ལ་སོགས་པ་བཞི་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཡེ་ཤེས་རྣམ་པ་བཞི། དེ་དག་ནི་ས་རྣམས་ཀུན་ལ་བརྟན་པ་བྱང་ཆུབ་སེམས་དཔའི་རང་གཞན་གྱི་དོན་ཀུན་སྒྲུབ་པར་བྱེད་པར་འགྱུར་རོ། །གཉིས་པ་ནི། འོ་ན་འཁོར་བར་འཆིང་བྱེད་གང་ཞེ་ན། འཆིང་བའི་རྟེན་གྱི་རྒྱུ་མཚན་སྣོད་ཀྱི་འཇིག་རྟེན་དང༌། ལོངས་སྤྱོད་ཀྱི་རྒྱུ་མཚན་གཟུགས་ལ་སོགས་པ་ཡུལ་ལྔ་དང༌། ས་བོན་གྱི་རྒྱུ་མཚན་རྣམ་པར་ཤེས་པ་རྣམས་ཀྱི་ས་བོན་ཀུན་གཞིའི་རྣམ་ཤེས་ཏེ། གསུམ་པོ་འདིར་སེམས་དང་སེམས་ལས་བྱུང་བ་རྣམས་རྟེན་དབང་པོ་ལྔ་ལ་སོགས་པ་དང༌། ཡིད་ཀྱི་དབང་པོ་ཉོན་ཡིད་དེ་དྲུག་དང་བཅས་ཤིང་ས་བོན་ཀུན་གཞིའི་རྣམ་ཤེས་དང་བཅས་ཏེ་བཅིངས་སོ། །འགྲེལ་ཆེན་ལས་འདིར་ཞེས་པ་ཁམས་གསུམ་ལ་བྱས་སོ། །གསུམ་པ་ལ་གཉིས་ཏེ། མཚན་མ་དང༌། གནས་ངན་ལེན་གྱི་གཉེན་པོའོ། །དང་པོ་ནི་འཁོར་བ་ལས་གྲོལ་བར་བྱེད་པ་གང་ཡིན་ཞེ་ན། རྣམ་པར་མི་རྟོག་པ་བསྒོམ་པའི་རིམ་པས་མཚན་མ་སྤོང་བར་སྟོན་ཏེ། འདུན་པ་བཞག་པའི་མཚན་མ་ནི་ཐོས་བསམ་སྒོམ་བྱུང་གིས་འབད་པའི་སྒོ་ནས་དམིགས་པ་ཀེང་རུས་ཀྱི་མཚན་མ་ལ་སོགས་པ་ཀུན་བཏགས་སོ། །བདག་ཉིད་འཇུག་པ་ནི། དེ་ལྟ་བུའི་ཚོལ་བ་ལ་མ་ལྟོས་པར་ཀ་བུམ་ལ་སོགས་པ་དམིགས་པ་ལྷན་སྐྱེས་སོ། །དེ་དག་རྣམ་པར་འཇིག་པ་ནི་དམིགས་པའི་མཚན་མ་དེ་དག་དང་བྲལ་བའོ། །དེའི་ཐབས་ནི་རྣམ་པར་མི་རྟོག་པ་སྟེ། དེས་ཐོག་མར་ཀུན་བཏགས་ཀྱི་སྤངས་ནས་ལྷན་སྐྱེས་ཀྱི་མཚན་མ་དེ་སྤོང་ངོ༌། །དེ་ལ་ཕྱིན་ཅི་ལོག་བཞི་དང་ལྡན་པའི་གང་ཟག་བདག་གི་མཚན་མ་རྣམ་པར་འཇིག་པའི་བློ་ལྡན་གྱིས་ནི་བྱང་ཆུབ་མཆོག་ཐོབ་པར་འགྱུར་རོ། །གཉིས་པ་ནི་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ཀྱིས་ཡོངས་གྲུབ་ཤེས་པ་དང༌། གཟུང་འཛིན་གཉིས་སུ་འཛིན་པ་སྤངས་པས་ཀུན་བཏགས་དེ་བདེན་པར་ཤེས་པ་དང༌། གནས་ངན་ལེན་གྱི་ལུས་ཀུན་གཞིའི་རྣམ་ཤེས་ཉོན་མོངས་པའི་ས་བོན་དང་བཅས་པ་དེ་མངོན་སུམ་དུ་ཤེས་པ་ན་གཞན་དབང་ཤེས་པ་སྟེ། བློ་དང་ལྡན་པ་རྣམས་གནས་ངན་ལེན་དེ་ཟད་པར་བྱེད་པར་འདོད་པས་ངོ་བོ་ཉིད་གསུམ་པོ་དེ་ཤེས་པར་བྱེད་དོ། །བཞི་པ་འབྲས་བུ་ལ་གསུམ་སྟེ། ཡེ་ཤེས། སྤངས་པ། ཞིང་དག་པའི་ཐབས་སོ། །དང་པོ་ལ་གཉིས་ལས། ཉན་ཐོས་ཀྱི་མཚན་མ་མེད་པ་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ནི། ཉན་ཐོས་རྣམས་ཀྱི་མཚན་མེད་ནི། མཚན་མ་འཁོར་བ་དང་མྱང་འདས་གཉིས་ཐ་དད་དུ་མཐོང་ནས་མཚན་མ་ལ་ཉེས་དམིགས་སུ་བལྟ་བས་སྙོམས་པར་འཇུག་པ་ཡིན་ལ། བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ནི། དེ་བཞིན་ཉིད་ལ་མ་རྟོགས་པའི་མཚན་མ་མ་མཐོང་བས་མཚན་མ་དང་མཚན་མེད་རྣམས་ཐ་དད་མེད་པར་སྒོམ་ཞིང་ཡོད་པའི་དོན་དེ་བཞིན་ཉིད་དང༌། མེད་པའི་དོན་བདག་གཉིས་ཀྱིས་མཚན་མ་གོ་རིམ་བཞིན་དུ་ཡོད་པ་དང་མེད་པར་མངོན་སུམ་དུ་རྟོགས་པས་སྣང་བ་ལ་བདེན་པར་འཛིན་པ་ཟད་པའི་ཕྱིར། སྣང་བ་ཐམས་ཅད་རྣམ་པར་རྟོག་པས་ཇི་ལྟར་འདོད་པ་ལྟར་འགྱུར་བས་རྣམ་པར་རྟོག་པ་ལ་དབང་འབྱོར་ཉིད་ཅེས་བྱའོ། །སོ་སྐྱེ་ལས་ཁྱད་པར་དུ་འཕགས་པ་ནི། མཚན་མ་དང་མཚན་མེད་ཐ་དད་མེད་ན་བྱིས་པས་མཚན་མེད་མངོན་སུམ་དུ་མ་རྟོགས་ལ། བྱང་སེམས་འཕགས་པས་རྟོགས་པའི་རྒྱུ་མཚན་ཇི་ལྟར་ཞེ་ན། བྱིས་པ་རྣམས་ནི་མཐོང་སྤང་གི་མ་རིག་པས་ཡང་དག་པའི་དོན་སྒྲིབ་ནས་ཡང་དག་པ་མ་ཡིན་པའི་གཟུང་འཛིན་གྱི་མཚན་མ་ངང་གིས་ཀུན་ཏུ་སྣང་ལ། བྱང་ཆུབ་སེམས་དཔའ་འཕགས་པས་མཐོང་སྤང་གི་མ་རིག་པ་དེ་བསལ་ནས་མཉམ་གཞག་ཏུ་ཡང་དག་པ་དེ་བཞིན་ཉིད་ཁོ་ན་ཀུན་ཏུ་སྣང་ངོ༌། །གཉིས་པ་སྤང་པ་ནི། དོན་མེད་པ་བདག་གཉིས་ཀྱི་མཚན་མ་མི་སྣང་ཞིང་དོན་ཡིན་པ་དེ་བཞིན་ཉིད་སྣང་བ་དེ་ནི་གནས་གཞན་དུ་གྱུར་པ་ན། དེ་ཉིད་ནི་ཐར་པ་ཡིན། ཅིའི་ཕྱིར་ཞེ་ན། དེའི་ཚེ་མཚན་མ་མེད་པ་ལ་རང་དབང་དུ་གྱུར་པས་འདོད་རྒུར་སྤྱོད་ཅིང་མཚན་མ་ཀུན་ཏུ་མི་སོང་ལ། རང་གིས་སེམས་ལ་དབང་བསྒྱུར་བའི་ཕྱིར་རོ། །གསུམ་པ་ཞིང་དག་པའི་ཐབས་ནི། དོན་ཆེན་པོ་སྣོད་ཀྱི་འཇིག་རྟེན་སྔ་ཕྱི་གཞན་དང་གཞན་རྒྱུན་མ་ཆད་པར་བྱུང་བ་ལ་སྔ་མ་དེ་ཉིད་འདི་ཡིན་ནོ་ཞེས་རིགས་མཐུན་འཛིན་པར་སྣང་བ་དེ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་བར་ཆད་བྱེད་པ་མ་ཡིན་པས་ཞིང་དག་པ་སྒྲུབ་པར་འདོད་པས་བར་ཆད་དེ་ཡོངས་སུ་ཤེས་པར་བྱས་ནས་སྤང་ངོ༌། །ཞེས་ཏེ་སྣོད་སྐད་ཅིག་མ་དང་སེམས་ཙམ་དུ་ཤེས་པས་ཞིང་དག་པ་སྒྲུབ་པ་ཡིན་ནོ། །གསུམ་པ་ནི། ཡོངས་སུ་སྨིན་པར་བྱ་བའི་དངོས་པོ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་དོ། །རྣམ་པར་སྦྱང་བར་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །ཐོབ་པར་བྱ་བ་ནི་ཆོས་དབྱིངས་རྣམ་པར་དག་པའོ། །སྨིན་པར་རུང་བར་བྱ་བ་ནི་རང་གི་གདུལ་བྱར་གྱུར་བ་རྣམས་སོ། །ཡང་དག་པར་བཤད་པའི་དངོས་པོ་ནི་གདུལ་བྱ་འདུལ་བའི་ཐབས་དེ་དག་ནི་བློ་ལྡན་རྣམས་གདུལ་བྱ་དང༌། འབྲས་བུ་དང༌། གདུལ་བྱ་འདུལ་བའི་ཐབས་ལ་སོགས་དཔག་དུ་མེད་པ་ཡིན་ནོ། །བཞི་པ་ནི་བྱང་ཆུབ་སེམས་དཔས་ཆོས་བཤད་པས་འཁོར་ཁ་ཅིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཁ་ཅིག་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང༌། ཁ་ཅིག་གིས་ནི་ཆོས་ལ་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐེག་པ་དམན་པས་བསྡུས་པ་ཐོབ་པ་དང༌། ཁ་ཅིག་གིས་ནི་ཟག་པ་ཟད་པ་དགྲ་བཅོམ་པ་ཐོབ་པ་དང༌། ཆོས་དེ་གཅིག་ནས་གཅིག་ཏུ་བརྒྱུད་པས་དམ་པའི་ཆོས་ཡུན་དུ་གནས་པ་དང༌། ཆོས་ཀྱི་དོན་བྱེ་བྲག་ཏུ་མི་ཤེས་པ་རྣམས་ཀྱང་བྱེ་བྲག་ཏུ་ཤེས་པར་བྱེད་པ་དང༌། ཐེ་ཚོམ་ཟ་བ་རྣམས་ཀྱི་ཐེ་ཚོམ་གཅོད་པར་བྱེད་པ་དང༌། ངེས་པ་རྙེད་པ་རྣམས་དམ་པའི་ཆོས་ཀྱི་དགའ་བའི་རོ་ཁ་ན་མ་ཐོ་བ་མེད་པ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པར་གྱུར་པ་སྟེ་བརྒྱད་པོ་དེ་ནི་ཆོས་བཤད་པ་དེ་ལ་ཞུགས་པའི་བློ་ལྡན་གྱིས་ཆོས་བཤད་པའི་འབྲས་བུ་ཡིན་ནོ། །གཉིས་པ་ཐེག་ཆེན་གྱི་རིགས་ཅན་ལ་ཆོས་སྟོན་པ་ལ་གཉིས་ལས། ཐེག་ཆེན་གྱི་མིང་དོན་ནི། མདོ་སྡེ་ལ་སོགས་པའི་ཆོས་དཔག་ཏུ་མེད་པ་ལ་དམིགས་པས་ན་དམིགས་པ་ཆེན་པོ་ཉིད་དང༌། རང་གཞན་གྱི་དོན་གཉིས་འགྲུབ་པས་འགྲུབ་པ་ཆེན་པོ་དང༌། བདེན་པ་མངོན་པར་རྟོགས་པས་ན་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་ཤེས་པས་ཡེ་ཤེས་ཆེན་པོ་དང༌། བསྐལ་པ་གྲངས་མེད་པ་གསུམ་དུ་སྦྱོར་བ་དང་བརྩོན་འགྲུས་ཆེན་པོ་དང༌། སྙིང་རྗེས་འཁོར་བར་གནས་ཤིང་ཤེས་རབ་ཀྱིས་དེར་ཡང་ཀུན་ནས་ཉོན་མོངས་པ་མེད་པས་ཐབས་ལ་མཁས་པ་ཆེན་པོ་དང༌། སྟོབས་ལ་སོགས་པར་འགྲུབ་པས་ཡང་དག་པར་འགྲུབ་པ་ཆེན་པོ་དང༌། ཡང་དང་ཡང་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པ་སྟོན་པ་སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་སྟེ། ཆེན་པོ་བདུན་པོ་འདི་དང་ལྡན་པའི་ཕྱིར་ཐེག་ཆེན་ཞེས་ངེས་པར་བརྗོད་དོ། །གཉིས་པ་ཐེག་ཆེན་གྱི་དོན་མཐའ་དག་བསྡུས་ཏེ་བསྟན་པ་ནི། བཅུ་པོ་འདིས་ཐེག་ཆེན་གྱི་ཆོས་བསྡུས་ཏེ། དང་པོར་ཐེག་ཆེན་གྱི་རིགས་ལ་གནས་པ་དང༌། དེ་ནས་ཐེག་ཆེན་གྱི་ཆོས་ལ་མོས་པ་དང༌། མོས་ནས་སེམས་བསྐྱེད་པ་དང༌། དེ་ནས་སྦྱིན་པ་ལ་སོགས་པ་དྲུག་སྒྲུབ་པ་དང༌། དེ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་སྟེ། ས་དང་པོ་ལ་འཇུག་པ་དང༌། དེ་ནས་ས་བདུན་པའི་བར་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། དེ་ནས་ཕྱིར་མི་ལྡོག་པའི་ས་གསུམ་ལ་ཞིང་སྦྱོང་བ་དང༌། ཡང་དག་པ་གསུམ་པོ་དེ་ཉིད་ལ་ཤེས་རབ་དང༌། ཟུང་དུ་འབྲེལ་བས་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་དང༌། དེ་ནས་སངས་རྒྱས་ཀྱི་ས་ལ་རང་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། དེ་ནས་མྱ་ངན་ལས་འདས་པ་ཆེན་པོ་གཞན་ལ་སྟོན་པ་སྟེ་དེ་ལྟར་ཆོས་བཅུ་པོ་འདིས་ཐེག་ཆེན་གྱི་རིགས་དང་ལམ་དང་འབྲས་བུ་ཐམས་ཅད་བསྡུས་པ་ཡིན་ནོ། །དེས་ཚུལ་ཇི་ལྟར་སློབ་པ་བསྟན་ནས། ད་ནི་ཡོན་ཏན་བསྔགས་པའི་སྒོ་ནས་གཞན་སློབ་པ་པོ་རྟེན་གྱི་གང་ཟག་སྟོན་ནོ། །དེ་ལ་བཞི་སྟེ། ས་མཚམས་ཀྱི་དབྱེ་བ་དང༌། གང་ཟག་གི་རྣམ་གཞག་དང༌། མིང་གི་རྣམ་གྲངས་དང༌། མིང་གི་ངེས་ཚིག་གོ །དང་པོ་ནི། བྱང་ཆུབ་སེམས་དཔའ་ལ་ས་མཚམས་ཀྱིས་དབྱེ་ན་ལྔ་ཡོད་པའི་གཅིག་མོས་པ་བསྟན་པ་ནི་ཚོགས་སྦྱོར་ལ་གནས་པ་སྟེ། ཆོས་ཉིད་མོས་ཡུལ་དུ་བྱེད་པས་སོ། །ལྷག་པའི་བསམ་པ་དག་པ་ནི། ས་དང་པོ་ལ་གནས་པ་སྟེ། བདག་པས་གཞན་གཅེས་པར་འཛིན་པའི་བསམ་པ་དག་པའི་ཕྱིར་རོ། །མཚན་པ་དང་བཅས་པར་སྤྱོད་པ་ནི། ས་གཉིས་པ་ནས་དྲུག་པའི་བར་ལ་གནས་པ་སྟེ། མི་འདོད་བཞིན་དུ་མཚན་མ་དང་འདྲེ་བའི་ཕྱིར་རོ། །ཀུན་ལས་བཏུས་ལས། ས་དང་པོ་ནས་དྲུག་པའི་བར་ལ་བཤད་དོ། །མཚན་མ་མེད་པར་སྤྱོད་པ་ནི་ས་བདུན་པ་སྟེ་སྒྲིམས་ན་ཇི་སྲིད་འདོད་པར་མཚན་མ་ཀུན་ཏུ་མི་འབྱུང་བའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཅན་ནི། དག་པ་ས་གསུམ་ལ་གནས་པ་སྟེ་རྣམ་པར་སྨིན་པ་ལས་བྱུང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པས་ཆོས་དབྱིངས་ལ་ཡེ་ཤེས་ངང་གིས་འཇུག་པའི་ཕྱིར་རོ། །ལྔ་པོ་འདི་དག་ནི་མོས་སྤྱོད་ནས་ས་བཅུ་པའི་བར་གྱི་ས་ཀུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ། །བྱང་ས་ལས། བྱང་ཆུབ་སེམས་དཔའི་ས་བཅུ་བཤད་དེ། དང་པོ་རིགས་ལ་གནས་པ་དང་ཞུགས་པ་གཉིས་སོ། །ཞུགས་པ་ལ་བསམ་པ་མ་དག་པ་ཆོས་མཆོག་མན་ཆད་དང༌། བསམ་པ་དག་པ་ས་དང་པོ་ཡན་ཆད་དོ། །བསམ་པ་དག་པ་ལ་ཡང་ཡོངས་སུ་མ་སྨིན་པ་ས་དགུ་པ་མན་ཆད་དང་ཡོངས་སུ་སྨིན་པ་ས་བཅུ་པའོ། །ཡོངས་སུ་མ་སྨིན་པ་ཡང་ངེས་པར་ཞུགས་པ་མ་ཡིན་པ་ས་བདུན་པ་མན་ཆད་དང༌། ངེས་པར་ཞུགས་པ་ས་བརྒྱད་པ་དང་དགུ་པའོ། །ཡོངས་སུ་སྨིན་པ་ལའང་ཚེ་ཕྱི་མ་ལ་འཚང་རྒྱ་བ་སྐྱེ་བ་གཅིག་གིས་ཐོགས་པ་དང༌། ཚེ་འདི་ཉིད་ལ་འཚང་རྒྱ་བ་སྲིད་པ་ཐ་མ་པའོ། །གཉིས་པ་ལ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་དང༌། ཕྲིན་ལས་གཞན་དོན་མཛད་པའོ། །དང་པོ་ལ་བརྒྱད་ལས། བྱང་ཆུབ་ལ་སྤྲོ་བ་ནི། འདོད་པའི་ལོངས་སྤྱོད་ལ་མ་ཆགས་པའི་སྦྱིན་པ་དང༌། ལུས་ངག་ཡིད་གསུམ་གྱི་ལས་གསུམ་རྣམ་པར་དག་པའི་ཚུལ་ཁྲིམས་དང༌། ཁྲོ་བ་ཟིལ་གྱིས་གནོན་པའི་བཟོད་པ་དང༌། ཡོན་ཏན་མཆོག་ལྷུར་ལེན་པ་བརྩོན་འགྲུས་དང༌། ཆོས་དེ་དམིགས་པ་ལ་སེམས་མི་གཡོ་བ་བསམ་གཏན་དང༌། དེ་ཁོ་ན་ཉིད་ཟབ་མོ་བདག་མེད་གཉིས་མཐོང་བའི་ཤེས་རབ་སྟེ་དྲུག་སྒྲུབ་ཅིང༌། བྱང་ཆུབ་ཆེན་པོ་ལ་དགའ་བ་སྟེ་སྨོན་པ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའི་ཡིན་ནོ། །གཞན་དོན་ལ་བརྩོན་པའི་ལུས་དང་ལོངས་སྤྱོད་ཀྱིས་སེམས་ཅན་ལ་ཕན་འདོགས་པར་འདོད་པ་དང༌། གཞན་ལ་གནོད་པ་མེད་པར་བལྟ་བ་དེ་སེམས་པ་དང༌། གཞན་གྱིས་གནོད་པ་དང་དུ་ལེན་ཅིང་བཟོད་པ་དང༌། སྡུག་བསྔལ་གྱིས་མི་འགོང་བས་ན་བརྟན་པ་དང༌། བསམ་གཏན་གྱི་བདེ་བ་ལ་མ་ཆགས་པས་ན་བག་ཡོད་པ་དང༌། མདོ་སྡེ་ལ་སོགས་པ་མང་དུ་ཐོས་ཤིང་གཞན་གྱི་དོན་ལ་བརྩོན་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། །ཐེག་ཆེན་ལ་གནས་པ་ནི་རང་གི་ལོངས་སྤྱོད་ཡོངས་སུ་བཟུང་བའི་ཉེས་པ་ཤེས་པ་དང་ལོངས་སྤྱོད་ལ་མ་ཆགས་པས་སྤངས་པ་སྟེ་རབ་ཏུ་བྱུང་བ་དང༌། གཞན་གྱི་གནོད་པ་བྱས་ཀྱང་དེ་ལ་འཁོན་དུ་མི་འཛིན་པ་དང༌། དུས་རྟག་ཏུ་རྣལ་འབྱོར་ལ་བརྩོན་པ་དང༌། ཞི་གནས་པ་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་རྒྱུ་མཚན་མ་ལ་མཁས་པ་དང༌། ལྟ་བ་ངན་པ་མེད་ཅིང་ནང་དུ་སྟེ་ཐེག་ཆེན་ལ་རབ་ཏུ་གནས་ཤིང་མི་གཡོ་བ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། །ཐེག་པ་གཞན་གྱིས་མི་ཞུགས་པ་ནི། བརྩེ་བ་དང་ལྡན་པས་ལུས་དང་ལོངས་སྤྱོད་ཐམས་ཅད་གཞན་ལ་གཏོང་བ་དང༌། ངོ་ཚ་ཤེས་པའི་ཡོན་ཏན་ལ་གནས་པས་ཉེས་སྤྱོད་ལ་མི་འཇུག་པ་དང༌། སེམས་ཅན་དང་སེམས་ཅན་མ་ཡིན་པ་ལས་བྱུང་བའི་སྡུག་བསྔལ་དང་དུ་ལེན་པ་དང༌། རང་གི་བདེ་བ་ལ་མ་ཆགས་པར་དགེ་བ་ལ་བརྩོན་པ་དང༌། ཞི་གནས་ཀྱི་རྒྱུ་མཚན་ལ་སོགས་པ་གསུམ་མི་བརྗེད་པའི་དྲན་པ་གཙོ་ཆེ་བའི་སྟོབས་ཀྱིས་སེམས་མཉམ་པར་འཇོག་པ་དང༌། ཤིན་ཏུ་མཉམ་པར་བཞག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་ཤེས་རབ་དང་ལྡན་ཞིང་ཐེག་པ་གཞན་གྱིས་མི་ཞུགས་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། །འཁོར་བ་མི་འདོར་བ་ནི། གཞན་གྱི་སྡུག་བསྔལ་སེལ་བ་དང༌། གཞན་ལ་སྡུག་བསྔལ་མི་བྱེད་པ་དང༌། སྡུག་བསྔལ་བཟོད་པ་སྟེ་དེས་མི་ཞུགས་པ་དང༌། སྡུག་བསྔལ་གྱིས་འཇིག་པ་མེད་པ་དགེ་བ་ལ་འཇུག་པ་དང༌། འདོད་པ་ལས་འདོད་ཆགས་དང་བྲལ་བས་སྡུག་བསྔལ་ལས་རྣམ་པར་གྲོལ་བ་དང༌། སྡུག་བསྔལ་ལ་འཁོར་གསུམ་དུ་མི་རྟོག་ཅིང་གཞན་དོན་དུ་འཁོར་བའི་སྡུག་བསྔལ་དང་དུ་ལེན་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། །བྱང་ཆུབ་ཆེན་པོ་ལྷུར་ལེན་པ་སེར་སྣའི་ཆོས་ལ་མི་དགའ་བ་དང༌། རང་བཞིན་གྱིས་ཚུལ་ཁྲིམས་ཀྱིས་ཆོས་ལ་དགའ་བ་དང༌། ཁོང་ཁྲོའི་ཆོས་ལ་སྨོད་ཅིང་དགེ་བའི་ཆོས་ལ་མངོན་པར་བརྩོན་པ་དང༌། སྙོམས་པར་འཇུག་པའི་ཆོས་ལ་དགའ་བ་དང༌། ཤེས་བྱའི་ཆོས་ལ་མི་ཤེས་པའི་མུན་ལ་མེད་ཅིང་ཆོས་གཙོ་བོར་བྱེད་པ་སྟེ། བྱང་ཆུབ་ཆེན་པོ་ལྷུར་ལེན་པའོ། །ཐེག་ཆེན་ལ་བག་ཡོད་པ་ནི་ལོངས་སྤྱོད་ལ་བག་ཡོད་པ་སྟེ། དེ་ལ་མ་ཆགས་པ་དང༌། བསླབ་བྱ་ངེས་པ་ལ་བག་ཡོད་པ་སྟེ། ངེས་པར་སློབ་པ་དང༌། རང་གཞན་གྱི་སེམས་ཁོང་ཁྲོ་ལས་བསྲུང་བ་དང༌། དགེ་བ་ལ་སྤྲོ་བ་རྟག་ཏུ་གུས་པར་བྱེད་པ་དང༌། བསམ་གཏན་གྱི་བདེ་བ་ལ་མ་ཆགས་པ་དང༌། ཆོས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པས་ཆོས་ལ་བག་ཡོད་པ་དང༌། ཐེག་ཆེན་གྱི་བྱ་བ་ལ་བཟོད་པ་ལྷུར་ལེན་བྱེད་པས། ཐེག་པ་བག་ཡོད་ཅེས་བྱའོ། །ཐེག་པ་གཞན་དོན་དུ་མི་གཉེར་བ་ནི། མ་གུས་པ་སྟེ་སློང་བ་པོ་སོགས་ཁྱད་དུ་གསོད་ན་ངོ་ཚ་བ་དང༌། ཉེས་པ་ཆུང་ཙམ་གྱིས་ཀྱང་ངོ་ཚ་བ་དང༌། མི་བཟོད་པ་དང༌། དགེ་བ་ལས་ཡོངས་སུ་ཉམས་པ་དང༌། སེམས་རྣམ་པར་འཕྲོ་བ་དང༌། ཆོས་ཀྱི་བདག་མེད་མ་རྟོགས་པས་ལྟ་བ་ཆུང་ངུ་ལ་ཡང་ངོ་ཚ་བ་དང༌། ཐེག་པ་གཞན་ཉན་རང་གི་ཐེག་པ་ལ་འཇུག་པ་ངོ་ཚ་བ་སྟེ། དེ་རྣམས་སྤོང་བའོ། །གཉིས་པ་ནི་ཕར་ཕྱིན་དྲུག་དང་བྱང་ཆུབ་ཆེན་པོར་སྨོན་པས་གཞན་ལ་ཇི་ལྟར་ཕན་འདོགས་པའི་ཚུལ་སྟོན་ཏེ། སྦྱིན་པས་ཚེ་འདི་དང་ཚུལ་ཁྲིམས་ཀྱིས་སྐྱེ་བ་ཁྱད་པར་ཅན་ཐོབ་ནས་ཕ་རོལ་ཏུ་དང༌། བཟོད་པས་བཏང་སྙོམས་ཏེ་གནོད་ལན་མི་བྱེད་པ་དང༌། བརྩོན་འགྲུས་ཀྱིས་དགོས་པའི་གྲོགས་མངོན་པར་འདུ་བྱེད་པ་དང་ལྡན་པ་དང༌། བསམ་གཏན་གྱིས་རྫུ་འཕྲུལ་ལ་སོགས་པ་ལ་དབང་འབྱོར་བ་ཉིད་ཐོབ་པའི་སྒོ་ནས་དང༌། ཤེས་རབ་ཀྱིས་ཆོས་ཐམས་ཅད་བདག་མེད་པར་མཚུངས་པ་སྟོན་པ་སྟེ། དྲུག་གིས་ཕན་འདོགས་ཤིང་སངས་རྒྱས་པ་ན་དེ་དག་གི་འབྲས་བུ་ཆེན་པོས་ཕན་འདོགས་སོ། །མཚན་གྱི་རྣམ་གྲངས་ནི་བཅུ་དྲུག་སྟེ། གཞན་དོན་དུ་བྱང་ཆུབ་ཐོབ་པར་སྟོན་པས་བྱང་ཆུབ་སེམས་དཔའོ། །བཤད་སྦྱར་ལས། འདི་བྱང་ཆུབ་དང་སེམས་ཅན་ལ་དམིགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྟེ་ཞེས་སོ། །ཆེན་པོ་བདུན་དང་ལྡན་པས་སེམས་དཔའ་ཆེན་པོའོ། །མདོ་སྡུད་པ་ལས་ནི། ཅི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའ་བྱ་ཞེ་ན། །ཆགས་པ་སྤྱོད་བྱེད་ཀུན་ལ་ཆགས་པ་ཟད་པར་འདོད། །རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་གྱུར་ལ་རེག །དེས་ན་འདི་ནི་བྱང་ཆུབ་སེམས་དཔའི་མིང་ཐོབ་བོ། །ཅི་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང༌། །སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་སེམས་དཔའ་ཆེན་པོ་ཞེས་ནི་རབ་ཏུ་བརྗོད། །ཅེས་གསུངས་སོ། །ཟབ་ཅིང་རྒྱ་ཆེ་བ་རྟོགས་པས་བློ་ལྡན་ནོ། །ཤེས་རབ་གཞན་པས་ཁྱད་པར་དུ་འཕགས་པས་ན་གསལ་བའི་མཆོག་གོ །སྐྱེ་བའི་ཁྱད་པར་བཞིས་སངས་རྒྱས་ཀྱི་སྲས་སུ་སྐྱེས་པས་ན་རྒྱལ་སྲས་སོ། །སངས་རྒྱས་ཀྱི་གཞིར་གྱུར་པས་ན་རྒྱལ་བའི་གཞིའོ། །བདུད་བཞི་བཅོམ་པས་ན་རྒྱལ་བྱེད་དོ། །འབྲས་བུ་སྟོབས་ལ་སོགས་པའི་གཞིར་གྱུར་པས་ན་རྒྱལ་བའི་མྱུ་གུའོ། །བདུད་བཞི་འཇོམས་པའི་སྟོབས་ལ་སོགས་པས་རྩལ་ལྡན་ནོ། །བདག་མེད་གཉིས་རྟོགས་པས་ན་འཕགས་པའི་མཆོག་གོ །གདུལ་བྱ་འཁོར་བ་ལས་གྲོལ་ཞིང་ཕན་བདེས་སྐྱོང་བས་ན་དེད་དཔོན་ནོ། །ཡོན་ཏན་གྱིས་ཆེ་བར་གྱུར་པས་ན་གྲགས་མཆོག་གོ །སྙིང་རྗེ་ཆེན་པོ་དང་ལྡན་པས་ན་སྙིང་རྗེ་ཅན་ནོ། །བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པས་ན་བསོད་ནམས་ཆེན་པོའོ། །ཡོན་ཏན་ལ་དབང་འབྱོར་པས་ན་དབང་ཕྱུག་གོ །ཕར་ཕྱིན་དྲུག་དང་ལྡན་པས་ན་ཆོས་དང་ལྡན་པའོ། །མཚན་གྱི་ངེས་ཚིག་ལ་བཞི་སྟེ། ལམ་རྟོགས་པ་དང༌། ཤེས་བྱ་རྟོགས་པ་དང༌། འབྲས་བུ་རྟོགས་པ་དང༌། རྟོགས་པའི་དབྱེ་བའོ། །དང་པོ་ནི་དེ་ཁོ་ན་ཉིད་ཟབ་མོ་བདག་མེད་གཉིས་རྟོགས་པ་དང༌། རང་གཞན་གྱི་དོན་ཆེན་པོ་ལེགས་པར་རྟོགས་པ་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་དོན་ཀུན་རྣམ་པ་ཐམས་ཅད་དུ་རྟོགས་པ་དང༌། མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པས་ན་ཡང་མི་ཟད་པས་རྟག་ཏུ་རྟོགས་པ་དང༌། གདུལ་བྱ་ཇི་ལྟར་འདུལ་བའི་ཐབས་རྣམས་རྟོགས་པ་སྟེ་ཁྱད་པར་ལྔ་དང་ལྡན་པའི་རྒྱུ་དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གཉིས་པ་ལ་གསུམ་ལས། གཞན་དབང་གསུམ་རྟོགས་པ་ནི། ཉོན་ཡིད་ཀྱི་བདག་ཏུ་གཟུང་བར་བྱ་བའི་གཞི་རྣམ་ཤེས་རྗེས་སུ་རྟོགས་པ་དང༌། ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པའི་སྒོ་ནས་ཀུན་གཞི་ལ་བདག་ཏུ་ལྟ་བ་གང་ཟག་གི་ཤེས་པ་དང་སྤངས་པར་དཀའ་བའི་ཕྲ་བ་སྟེ་ཉོན་ཡིད་རྟོགས་པ་དང༌། རྣམ་པར་རིག་པ་སྣ་ཚོགས་རྣམ་ཤེས་ཚོགས་དྲུག་རྟོགས་པ་དང༌། དེ་ལྟར་སེམས་དང་ཡིད་དང་རྣམ་པར་ཤེས་པ་སྟེ། གསུམ་པོ་ཀུན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་གཞན་དབང་མིན་པར་རྟོགས་པས་བྱང་སེམས་ཡིན་ནོ། །སྤང་གཉེན་དང་མཚན་ཉིད་རྟོགས་པ་ནི། མ་རྟོགས་པ་སྟེ་མ་རིག་པ་རྟོགས་པ་དང་རྗེས་སུ་རྟོགས་པ་ནི་དེའི་གཉེན་པོ་རིག་པ་ཡེ་ཤེས་རྟོགས་པ་སྟེ་སྤང་གཉེན་རྟོགས་པའོ། །མཚན་ཉིད་གསུམ་ལ་ཇི་ལྟར་བཏགས་པ་ལྟར་གྱི་དངོས་པོ་མེད་པར་རྟོགས་པ་དང༌། གཞན་དབང་རྐྱེན་ལས་སྐྱེ་བ་རབ་ཏུ་རྟོགས་པ་དང༌། ཆོས་ཉིད་མ་རྟོགས་པ་གཟུང་འཛིན་གཉིས་སུ་ཞེན་པའི་བློ་གཟུང་འཛིན་གཉིས་བྲལ་གྱི་ཚུལ་དུ་རྟོགས་པ་ནི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཡོངས་གྲུབ་རྟོགས་པའི་རྒྱུའོ། །ཇི་ལྟ་བ་དང་ཇི་སྙེད་རྟོགས་པ་ནི་གཞན་དབང་བདེན་པའི་དོན་དུ་མེད་པར་རྟོགས་པ་དང༌། དོན་དམ་པ་ཡོངས་གྲུབ་རྟོགས་པ་དང༌། སྐྱེ་མཆེད་བཅུ་གཉིས་པོ་བྱིས་པས་གཟུང་འཛིན་དུ་བཏགས་པ་དེ་དག་གི་དོན་ཀུན་བཏགས་པ་ཙམ་དུ་རྟོགས་པ་དང༌། ཤེས་བྱ་མཐའ་དག་གི་དོན་རྟོགས་པ་དང༌། རྟོགས་བྱ་ཡུལ་དྲུག་དང༌། རྟོགས་བྱེད་དབང་པོ་དྲུག་དང༌། རྟོགས་པ་དབང་ཤེས་དྲུག་སྟེ་འཁོར་གསུམ་དག་པ་རྟོགས་པའི་རྒྱུ་ཞེས་སོ། །གསུམ་པ་ནི་འགྲུབ་པར་འགྱུར་བ་སངས་རྒྱས་ཉིད་རྟོགས་པ་དང༌། གནས་དགའ་ལྡན་ན་བཞུགས་པ་རྟོགས་པ་དང༌། ལྷུམས་སུ་འཇུག་པ་རྗེས་སུ་རྟོགས་པ་དང༌། ལྷུམས་ནས་བལྟམས་པ་དང༌། བཟོ་ཡི་གནས་ལ་མཁས་པ་དང༌། བཙུན་མོའི་འཁོར་ལ་རོལ་པ་དང༌། རབ་ཏུ་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་རྟོགས་པ་དང༌། མ་རྟོགས་པ་རྣམས་ཀྱི་དོན་རབ་ཏུ་རྟོགས་པ་དང༌། ཐེ་ཚོམ་ཅན་གྱི་ཐེ་ཚོམ་བསལ་བའི་ཕྱིར། ཆོས་ཀྱི་འཁོར་ལོ་བསྐོར་བ་རྟོགས་པའི་རྒྱུ། ཞེས་སོ། །བཞི་པ་ནི་བློ་དང་ལྡན་པ་རྣམས་ཀྱི་རྟོགས་པ་ལ་དུས་ཀྱི་སྒོ་ནས་ཕྱེ་ན་བློ་ཐོབ་པ་འགགས་པ་ན་འདས་པ། མ་ཐོབ་པ་མ་འོངས་པ། ཐོབ་པ་རབ་ཏུ་གནས་པ་ད་ལྟར་བྱུང་བའི་རྟོགས་པའོ། །ཕྱི་ནང་གི་སྒོ་ནས་ཕྱེ་ན་རྟོགས་པ་ནི་རང་གི་རྟོགས་པ་སྟེ་ནང་དང༌། རྗེས་སུ་རྟོགས་པ་ནི་གཞན་ལས་རྟོགས་པ་སྟེ་ཕྱིའོ། །ཕྲ་རགས་ཀྱིས་ཕྱེ་ན་སོ་སོར་འཆད་བློ་ནི་ཐོས་བསམ་གྱིས་རྟོགས་པ་སྟེ་རགས་པའོ། །བརྗོད་མེད་ནི་སྒོམ་བྱུང་གིས་རྟོགས་པ་སྟེ་ཕྲ་བའོ། །མཆོག་དམན་གྱིས་ཕྱེ་ན། ང་རྒྱལ་བཅོམ་པ་ས་བརྒྱད་པ་ཡན་ཆད་གྱ་ནོམ་པ། ང་རྒྱལ་ཅན་ས་བདུན་པ་མན་ཆད་ནི་དམན་པའོ། །ཉེ་རིང་གིས་ཕྱེ་ན། བློ་གྲོས་མ་སྨིན་པས་ས་དགུ་པ་མན་ཆད་ནི་རིང་བ་དང༌། ཡང་དག་པར་སྨིན་པ་ས་བཅུ་པ་ནི་ཉེ་བའོ། །ཡོན་ཏན་གྱི་སྐབས་བཤད་ཟིན་ཏོ།། ༈ །།དེ་ལྟར་བསླབ་པའི་དམིགས་པ་དང༌། ཇི་ལྟར་སློབ་པའི་སྤྱོད་པ་དང༌། སློབ་པ་པོ་རྟེན་གྱི་གང་ཟག་བསྟན་ནས། སྤྱོད་པ་དེ་དང་ལྡན་པའི་གང་ཟག་གིས་འབྲས་བུ་ཐོབ་པར་འགྱུར་བས་དེའི་འོག་ཏུ་འབྲས་བུ་སྟོན་ནོ། །དེ་ལ་གཉིས་ཏེ། གནས་སྐབས་ཀྱི་འབྲས་བུ་དང༌། མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། སོ་སྐྱེ་དང་མཐུན་མོང་གི་འབྲས་བུ། ས་ཐོབ་པའི་འབྲས་བུ། དེ་གཉིས་ཁྱད་པར་དུ་བྱེད་པའི་སྤྱོད་པའོ། །དང་པོ་ལ་ལྔ་སྟེ་རྟགས་དང༌། རབ་ཏུ་བྱུང་མ་བྱུང་གི་ཁྱད་པར་དང༌། ལྷག་པའི་བསམ་པ་དང༌། ཡོངས་སུ་འཛིན་པ་དང༌། སྐྱེ་བ་རྣམ་པར་དབྱེ་བའོ། །དང་པོ་ནི་དེ་ལྟར་བྱང་ཆུབ་སེམས་དཔའི་ཡོན་ཏན་མང་པོ་བསྟན་ནས་ད་ནི་དེ་ལྟ་བུའི་བྱང་སེམས་དེ་ཡིན་པར་ཤེས་པར་བྱེད་པའི་རྟགས་སྟོན་པ་ནི། སེམས་ཅན་རྣམས་ལ་སྙིང་བརྩེ་བ་དང༌། ཕར་ཕྱིན་དྲུག་གི་ཆོས་སྙན་པར་སྨྲ་བ་དང༌། སྙིང་སྟོབས་དང་སྲན་ཐུབ་པ་དང༌། མ་ཞུམ་པའི་སྟོབས་དང་ལྡན་པའི་བརྟན་པ་ཉིད་དང༌། ཟང་ཟིང་གི་སྦྱིན་པ་རྒྱ་ཆེར་གཏོང་བས་ལག་བརྐྱང་བ་དང༌། དགོངས་པ་ཟབ་མོ་ངེས་པར་འགྲེལ་བ་སྟེ། འདི་དག་བློ་ལྡན་རྣམས་ཀྱི་རྟགས་སོ། །དེ་ལ་བརྩེ་བ་ནི་སེམས་ཅན་ཡོངས་སུ་བཟུང་བ་དང༌། སྙན་པར་སྨྲ་བ་ནི་གཞན་ལ་ཆོས་བསྟན་པ་ཐོབ་པ་དང༌། བརྟན་པ་ནི་དཀའ་སྤྱད་ལ་མི་སྐྱོ་བ་དང༌། ལག་བརྐྱང་བ་དང༌། དགོངས་པ་ཟབ་མོ་འགྲེལ་བ་གཉིས་ནི། གོ་རིམ་བཞིན་དུ་ཟང་ཟིང་དང་ཆོས་གཉིས་ཀྱིས་སེམས་ཅན་བསྡུ་བའི་ཕྱིར་ཡིན་ནོ། །དེ་དག་ཀྱང་བརྩེ་བ་ནི་བསམ་པ་དང༌། གཞན་བཞི་སྦྱོར་བ་སྟེ་བསམ་སྦྱོར་གཉིས་ཀ་བསྡོམས་པས་རྟགས་ལྔར་ཤེས་པར་བྱའོ། །གཉིས་པ་ལ་གསུམ་ལས། ཁྱིམ་པའི་ཕྱོགས་ནི་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པའི་སྒོ་ནས་གཞན་དོན་བྱེད་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་སུ་གྱུར་ནས་སྐྱེ་བ་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །འདི་ནི་ཕལ་ཆེ་བ་ལ་དགོངས་སོ། །རབ་ཏུ་བྱུང་བའི་ཕྱོགས་ནི་ས་རྣམས་ལ་བློ་དང་ལྡན་པ་རྣམས་ཀྱི་རབ་ཏུ་བྱུང་བའི་ཚུལ་ནི་གསུམ་སྟེ། མཁན་སློབ་ལ་སོགས་པ་ལས་ཡང་དག་པར་ལེན་པའི་ཆོ་གས་ཐོབ་པ་དང༌། ས་དང་པོ་ཡན་ཆད་དུ་རྒྱུ་མཐོང་སྤངས་ཟད་པས་འབྲས་བུ་ཉེས་ལྟུང་མི་འབྱུང་བ་ཆོས་ཉིད་ཀྱིས་ཐོབ་པ་ནི་སྔ་མ་དེ་ལས་རབ་ཏུ་བྱུང་བའི་ཚུལ་གཞན་གཅིག་ཡིན་ལ། མཆོག་གི་སྤྲུལ་པས་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་བ་སྟོན་པར་བྱེད་པ་ལྟ་བུ་ཡང་ཚུལ་གཅིག་ཡིན་ནོ། །དེ་གཉིས་ཀྱི་ཁྱད་པར་ནི་རབ་ཏུ་བྱུང་བའི་ཕྱོགས་དག་ནི་འདི་དང་ཕྱི་མར་ཐོབ་པར་འགྱུར་བའི་ཚད་མེད་པའི་ཡོན་ཏན་རྣམས་དང་ལྡན་ནོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་སྡོམ་བརྩོན་དེ་ནི་ཁྱིམ་པའི་བྱང་ཆུབ་སེམས་ལས་ཁྱད་པར་དུ་འཕགས་པ་སྟེ། དྲག་ཤུལ་ཅན་གྱི་ཞུས་པ་ལས། ཁྱིམ་ན་གནས་པ་ནི་ཉེས་པའི་ཚོགས་མང་བའོ། །རབ་ཏུ་བྱུང་བ་ནི་ཡོན་ཏན་གྱི་ཚོགས་མང་བའི་ཕྱིར་ཞེས་པ་ལ་སོགས་པ་ཁྱད་པར་མང་དུ་གསུངས་སོ། །གསུམ་པ་ནི་ས་རྣམས་ཀུན་ལ་བརྟན་པ་རྣམས་ཀྱི་ལྷག་པའི་བསམ་པ་ལྔ་སྟེ། སེམས་ཅན་ཐམས་ཅད་ལ་ཕ་རོལ་ཏུ་སྡུག་པའི་འབྲས་བུ་འདོད་པ་ནི་བདེ་བའི་བསམ་པ་འདོད་པ་དང༌། ཚེ་འདིར་དགེ་བ་ལ་འཇུག་པར་འདོད་པ་ཕན་པའི་ལྷག་པའི་བསམ་པ་དང༌། མྱ་ངན་ལས་འདས་པར་འདོད་པ་ནི་སྡུག་བསྔལ་མེད་པས་བདེ་བ་དང༌། ཉོན་མོངས་པ་མེད་པས་ཕན་པའི་བསམ་པ་ཡིན་པས་ན་གོང་མ་གཉིས་ལས་ལོགས་སུ་མི་བགྲང་ངོ༌། །ས་མཚམས་ཀྱིས་ཕྱེ་ན་འཕགས་པའི་ས་ལ་མ་ཞུགས་པ་རྣམས་ཀྱི་ལྷག་པའི་བསམ་པ་ནི་མ་དག་པའོ། །དང་པོ་ནས་ས་བདུན་པའི་བར་ནི་རྣམ་པར་དག་པའོ། །ཕྱིར་མི་ལྡོག་པའི་ས་ཐོབ་པ་རྣམས་ཀྱི་ནི་རབ་ཏུ་དག་པ་སྟེ་ལྔ་པོ་འདི་ནི་སེམས་ཅན་རྣམས་ཀྱི་དོན་ལ་དམིགས་པ་ནི་ལྷག་པའི་བསམ་པར་འདོད་དོ། །བཞི་པ་ནི་ས་རྣམས་ཀུན་ལ་བློ་དང་ལྡན་པའི་སེམས་ཅན་ཡོངས་སུ་འཛིན་ཚུལ་ནི་སྨོན་ལམ་སྟེ་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པ་དང༌། ས་དང་པོ་ཐོབ་པ་ནས་བདག་དང་གཞན་ལ་སེམས་མཉམ་པ་དང༌། འཁོར་ལོས་བསྒྱུར་བ་ལ་སོགས་པ་སེམས་ཅན་རྣམས་ཀྱི་བདག་པོར་གྱུར་པ་དང༌། སློབ་དཔོན་དུ་གྱུར་ཏེ་འཁོར་སྡུད་པས་སེམས་ཅན་ཡོངས་སུ་འཛིན་པ་སྟེ་བཞི་ཡིན་ནོ། །ལྔ་པ་ནི་བློ་ལྡན་རྣམས་ཀྱི་སྐྱེ་བ་ལེན་ཚུལ་ནི་མོས་སྤྱོད་ལ་གནས་པ་རྣམས་ལས་བཟང་པོས་འདོད་ཁམས་སུ་སྐྱེ་བ་དང༌། གཞན་ཡང་འཕགས་པའི་ས་ཐོབ་པས་ན་ངན་སོང་དུ་སྐྱེ་བའི་ལས་གཏན་ནས་མེད་ཀྱང་སྨོན་ལམ་གྱི་དབང་གིས་གཞན་དུ་ངན་སོང་དུ་ཡང་ཡང་སྐྱེ་བ་དང༌། བསམ་གཏན་གྱི་སེམས་ཐོབ་ཀྱང་སྙིང་རྗེའི་དབང་གིས་བསམ་གཏན་དུ་སྐྱེ་བ་ཟློག་ནས་ཏིང་ངེ་འཛིན་གྱི་དབང་གིས་འདོད་ཁམས་སུ་སྐྱེ་བ་དང༌། དབང་འབྱོར་པའི་དབང་གིས་སྤྲུལ་པའི་སྐུ་དགའ་ལྡན་ལ་སོགས་པར་སྐྱེ་བ་སྟེ་བཞིར་འདོད་པ་ཡིན་ནོ། །གཉིས་པ་ས་ཐོབ་པའི་འབྲས་བུ་ལ་གཉིས་ཏེ། སྤྱི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་འདིར་སའི་མཚན་ཉིད་ནི། སྙིང་རྗེ་ཆེན་པོ་དང་ལྡན་པའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་སོ། །ངེས་ཚིག་ནི་ཡོན་ཏན་གྱི་རྟེན་བྱེད་པའི་ཕྱིར་ས་ཞེས་བརྗོད་དོ། །ས་སོ་སོའི་མཚམས་རྣམ་པར་ཕྱེ་བ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཐོབ་ནས་ཇི་སྲིད་དུ་ལྟུང་བའི་འཁྲུལ་པ་ཆ་ཕྲ་བ་རྣམས་ལ་ཤེས་བཞིན་གྱིས་ཟིན་པ་ཉིད་དུ་གནས་པར་བྱེད་མི་ནུས་པ་དེ་སྲིད་དུ་ས་དང་པོ་དང༌། ནུས་པ་ན་གཉིས་པ་ཡིན་ནོ། །དེ་ནས་ཇི་སྲིད་དུ་འཇིག་རྟེན་པའི་ཏིང་ངེ་འཛིན་མཐའ་དག་ལ་སྙོམས་པར་འཇུག་པ་དང༌། ཐོས་པའི་དོན་ཀུན་འཛིན་མི་ནུས་པ་དེ་སྲིད་དུ་གཉིས་པ་དང༌། ནུས་པ་ན་གསུམ་པའོ། །དེ་ནས་ཇི་སྲིད་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ལན་མང་དུ་གནས་པར་བྱེད་མི་ནུས་ཤིང་སྙོམས་པར་འཇུག་པ་ལ་སྲེད་པ་དང༌། ཆོས་ལ་སྲེད་པ་ལས་སེམས་ལྷག་པར་བཏང་སྙོམས་སུ་འཇུག་མི་ནུས་པ་དེ་སྲིད་དུ་གསུམ་པ་དང༌། ནུས་པ་ན་བཞི་པ་ཡིན་ནོ། །དེ་ནས་ཇི་སྲིད་དུ་བདེན་བཞི་སྒོམ་པ་ན་འཁོར་བ་ལ་ཕྱོགས་པ་དང༌། མྱ་ངན་ལས་འདས་པ་ལ་མངོན་པར་ཕྱོགས་པའི་སེམས་ཟློག་སྟེ་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་སྒོམ་མི་ནུས་པ་དེ་སྲིད་དུ་བཞི་པ་དང༌། ནུས་པ་ན་ལྔ་པ་ཡིན་ནོ། །དེ་ནས་ཇི་སྲིད་དུ་འཁོར་བས་སྐྱོ་བ་དང༌། མཚན་མ་མེད་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུ་ལྔ་པ་སྟེ། ནུས་པ་ན་དྲུག་པ་ཡིན་ནོ། །དེ་ནས་ཇི་སྲིད་དུ་གནས་སྐབས་ཐམས་ཅད་དུ་མཚན་མ་མེད་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུ་དྲུག་པ་དང༌། ནུས་པ་ན་བདུན་པ་ཡིན་ནོ། །དེ་ནས་ཇི་སྲིད་དུ་ལྷུན་གྱིས་གྲུབ་པས་མཚན་མ་མེད་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུ་བདུན་པ་དང༌། ནུས་པ་ནས་བརྒྱད་པ་ཡིན་ནོ། །དེ་ནས་སོ་སོ་ཡང་དག་པར་རིག་པ་བཞིས་ཆོས་སྟོན་པ་ལ་དབང་དུ་མ་གྱུར་པ་དེ་སྲིད་དུ་ས་བརྒྱད་པ་དང༌། གྱུར་པ་ན་དགུ་པ་ཡིན་ནོ། །དེ་ནས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཐོབ་པ་དང༌། ཡང་དག་པར་རིག་པ་མི་ནུས་པ་དེ་སྲིད་དུ་དགུ་པ་དང༌། ནུས་པ་ན་བཅུ་པ་ཡིན་ནོ། །དེས་ན་སྤྲུལ་པ་ལ་སོགས་པའི་དབང་ཐོབ་ཀྱང་ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་སྐྱེད་མི་ནུས་པ་དེ་སྲིད་དུ་ས་བཅུ་པ་དང༌། ནུས་པ་དེའི་ཚེ་སངས་རྒྱས་ཀྱི་ས་ཡིན་ནོ། །ཞེས་པ་ནི་དགོངས་འགྲེལ་ལས་གསུངས་པའི་དོན་ནོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་ས་བཅུ་སོ་སོའི་མཚན་ཉིད་དང༌། ས་ལ་གནས་པའི་གང་ཟག་གི་རྣམ་གཞག བསླབ་པ་གསུམ་འབྲས་བུ་དང་བཅས་པ། ཟག་མེད་ཀྱི་ཕུང་པོ་ལྔ་ལ་སྦྱོར་བ། ས་གྲུབ་མ་གྲུབ་ཀྱི་ཁྱད་པར། ས་ཐོབ་པའི་རྟགས། སོ་སོ་དང་ཐུན་མོང་གི་ངེས་ཚིག ས་ཐོབ་པའི་དབྱེ་བ་སྟེ་དོན་བརྒྱད་ཀྱིས་གནས་པ་དང༌། ས་རྣམ་པར་བཞག་པ་ཉིད་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ནི། བརྒྱད་པོ་དེ་རིམ་པ་ལྟར་སྟོན་པ་ལས། དང་པོ་མཚན་ཉིད་ལ་ས་དང་པོ་ལ་ནི་སྟོང་པ་ཉིད་མཆོག་བདག་མེད་གཉིས་གསར་དུ་རྟོགས་སོ། །དེ་ནས་གཉིས་པ་ལ་ལས་རྣམས་ཆུད་མི་ཟ་བར་གནས་པ་སྟེ་དགེ་བ་དང༌། མི་དགེ་བའི་ལས་ཀྱི་ལམ་དང༌། དེ་རྣམས་ཀྱི་འབྲས་བུ་ཤེས་པས་ཉེས་པ་ཕྲ་མོས་ཀྱང་མ་གོས་པའི་ཚུལ་ཁྲིམས་དག་པ་དང་ལྡན་པའི་ཕྱིར་རོ། །གསུམ་པ་ནི་བསམ་གཏན་གྱི་རབ་བདེ་བ་ཕུལ་དུ་བྱུང་བ་དག་གིས་གནས་ནས་བསམ་གཏན་དེ་དག་ལས་མ་ཉམས་བཞིན་དུ་དེའི་འོག་ཏུ་འདོད་ཁམས་སུ་སྐྱེ་བ་ཡིན་ནོ། །བཞི་པ་ནི་དེ་ནས་འཁོར་བའི་གཉེན་པོ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པས་མང་དུ་གནས་ཀྱང་ཐབས་ལ་མཁས་པས་དེ་དག་གི་དགེ་བ་རྣམས་འཁོར་བའི་དོན་དག་ཏུ་ཡོངས་སུ་བསྔོ་བ་ཡིན་ནོ། །ལྔ་པ་ནི། འཕགས་པའི་བདེན་པ་བཞིས་མང་དུ་གནས་པས་བདག་ཉིད་སེམས་ཀུན་ནས་ཉོན་མོངས་པ་མེད་པ་བསྟན་བཅོས་དང་བཟོ་སྣ་ཚོགས་བྱེད་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །དྲུག་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་པའི་ཤེས་རབ་ཀྱིས་མང་དུ་གནས་པས་ཆེད་དུ་བསམས་ཏེ་སྲིད་པར་སྐྱེ་བས་ན་ཀུན་ནས་ཉོན་མོངས་པ་རྗེས་སུ་བསྲུང་བ་ཡིན་ནོ། །བདུན་པ་ནི། བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་དང་འབྲེལ་ཏེ་ཐོབ་ཏུ་ཉེ་བ་དང་གནས་སྐབས་ཐམས་ཅད་དུ་མཚན་མ་མེད་པ་ལ་མཉམ་པར་འཇོག་ནུས་པས་ན་མཚན་མ་མེད་པར་གཅིག་པར་ངེས་པའི་ལམ་ཡིན་ནོ། །བརྒྱད་པ་ནི། མངོན་པར་འདུ་བྱེད་པ་མེད་པའི་མཚན་མ་མེད་པ་ལ་གནས་པའི་ཕྱིར་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་དང༌། སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་བ་ཡིན་ནོ། །དགུ་པ་ནི། དེའི་འོག་ཏུ་སོ་སོ་ཡང་དག་པར་རིག་པ་ལ་དབང་བ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་གྲུབ་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨིན་པར་ནུས་པའི་ཕྱིར་རོ། །བཅུ་པ་ནི། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམ་པར་དག་པ་ཡིན་ནོ། །བཅུ་གཅིག་པ་སངས་རྒྱས་ཀྱི་སའི་མཚན་ཉིད་ནི། བྱང་ཆུབ་ནི་རྣམ་པར་དག་པ་ཉིད་དེ་ཤེས་བྱའི་སྒྲིབ་པ་རྣམ་པ་ཐམས་ཅད་དུ་སྤངས་པའི་ཕྱིར་རོ། །དེ་ལྟར་རྣམ་པར་བཞག་པ་འདི་དག་གིས་ས་བཅུ་གཅིག་པོ་སོ་སོའི་མཚན་ཉིད་ཤེས་པར་བྱའོ། །ས་རྣམས་ལ་གང་ཟག་རྣམ་པར་དབྱེ་བ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་རྣམ་པར་བཞག་པ་སྟེ། འདི་ལྟར་ས་དང་པོ་ལ་ནི་བདག་གཉིས་སུ་ལྟ་བའི་གཉེན་པོ་ཡེ་ཤེས་ཐོབ་པའི་ཕྱིར་ལྟ་བ་རྣམ་པར་དག་པའི་གང་ཟག་ཡིན་ནོ། །ས་གཉིས་པ་ལ་ནི་ལྟུང་བ་ཕྲ་མོ་ཡང་མེད་པས་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པའོ། །གསུམ་པ་ལ་ནི་ཚེ་རབས་ཐམས་ཅད་དུ་མི་ཉམས་པའི་བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པའི་ཕྱིར་མཉམ་པར་བཞག་པ་ཡིན་ནོ། །བཞི་པ་ལ་ནི་མདོ་སྡེ་ལ་སོགས་པའི་ཆོས་ཐ་དད་པ་ལ་ང་རྒྱལ་མེད་པ་ནི་ཆོས་ལ་ང་རྒྱལ་སྤངས་པ་ཡིན་ནོ། །ལྔ་པ་ལ་ནི་སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དུ་འཇུག་པའི་ཕྱིར་རྒྱུད་ཐ་དད་པར་ང་རྒྱལ་མེད་པ་ཡིན་ནོ། །མཉམ་པ་ཉིད་བཅུ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་གསུམ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་དང༌། སེམས་རྣམ་པར་དག་པ་དང༌། ལྟ་བ་དང༌། ཐེ་ཚོམ་དང༌། ཡིད་གཉིས་དང༌། འགྱོད་པ་སེལ་བ་རྣམ་པར་དག་པ་དང༌། ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་ཉིད་བཅུས་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པར་རྒྱུད་ཐ་དད་པར་ང་རྒྱལ་མེད་པ་ཡིན་ནོ། །མཉམ་པ་ཉིད་བཅུ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་གསུམ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་དང༌། ལམ་ཤེས་པ་རྣམ་པར་དག་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་མ་གོང་མས་རྣམ་པར་དག་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ལ་བསམ་པ་མཉམ་པ་ཉིད་དོ། །དྲུག་པ་ལ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ཤེས་པས་མང་དུ་གནས་པས་ནག་པོ་དང་དཀར་པོའི་ཕྱོགས་ཀྱིས་དེ་བཞིན་ཉིད་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མི་ལྟ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་ཐ་དད་པར་ང་རྒྱལ་མེད་པ་ཡིན་ནོ། །བདུན་པ་ལ་ནི་མཚན་མ་མེད་པར་གནས་པའི་མཐུས་སྐད་ཅིག་རེ་རེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་སྒོམ་པའི་སྐད་ཅིག་གཅིག་པ་དང་ལྡན་པའི་བློ་ཐོབ་པ་ཡིན་ནོ། །བརྒྱད་པ་ལ་ནི་ལྷུན་གྱིས་གྲུབ་པར་མཚན་མ་མེད་པ་ལ་གནས་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ས་ལ་ཞུགས་པ་རྣམས་དང་ཉེ་བར་འདྲེས་པའི་ཕྱིར་བཏང་སྙོམས་པ་དང༌། སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་བ་ཡིན་ནོ། །དགུ་པ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་མཁས་པ་ཡིན་ནོ། །བཅུ་པ་ལ་ནི་མངོན་པར་ཤེས་པ་ཆེན་པོ་ཐོབ་པའི་ཕྱིར་མཐུ་ཆེན་པོ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་ཚད་མེད་པས་ཁྱབ་པའི་ཕྱིར་ལུས་ཡོངས་སུ་རྫོགས་པ་དང༌། དགའ་ལྡན་གྱི་གནས་ན་གནས་པ་ལ་སོགས་པའི་སྤྲུལ་པ་སྟོན་པའི་ཕྱིར་ལུས་ངེས་པར་སྟོན་པ་ལ་མཁས་པ་དང༌། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཡིན། བསླབ་པ་གསུམ་དུ་བཞག་པ་ནི། ས་དང་པོ་ལ་ཆོས་ཉིད་རབ་ཏུ་རྟོགས་ནས་གཉིས་པ་ནས་དྲུག་པའི་བར་འདིར་ཟག་མེད་ཀྱི་བསླབ་པ་གསུམ་ལ་སློབ་པས་ན། ས་དང་པོ་ནི་ཟག་མེད་བསླབ་པ་གསུམ་གྱི་རྟེན་ཡིན་ལ། ངོ་བོ་ལ་ས་གཉིས་པ་ལ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཙོ་ཆེར་སློབ་སྟེ། རྨི་ལམ་ན་ཡང་ཁ་ན་མ་ཐོ་བ་དང་བཅས་པའི་ལམ་ལ་མི་འཇུག་པས་བསླབ་པ་རྣམ་པར་དག་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ལ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ལ་གཙོ་ཆེར་སློབ་སྟེ། མི་ཉམས་པའི་བསམ་གཏན་ཐོབ་པའི་ཕྱིར་རོ། །ས་བཞི་པ་དང་ལྔ་པ་དང་དྲུག་པ་ལ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་རྗེས་སུ་སློབ་སྟེ། དེ་ཡང་ས་བཞི་པ་ལ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྒོམ་པས་བསྡུས་པའི་ཤེས་རབ་སྒོམ་མོ། །དེ་ནས་ལྔ་པ་དང་དྲུག་པ་གཉིས་ལ་ཤེས་རབ་ཀྱི་སྤྱོད་ཡུལ་གཉིས་ཡིན་ཏེ། གཉིས་པོ་གང་ཞེ་ན་ས་ལྔ་པ་ལ་ནི་བདེན་བཞིའི་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་ལ་སློབ་བོ། །ས་དྲུག་པ་ལ་ནི་མི་ཤེས་པ་མ་རིག་པ་ལ་སོགས་པའི་འཇུག་པ་ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་དང༌། ཤེས་པ་སྟེ་མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ལ་སོགས་པའི་འཇུག་པ་རྣམ་བྱང་གི་རྟེན་འབྲེལ་ཏེ་དེ་ལྟར་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་ཤེས་པའི་ཤེས་རབ་ལ་སློབ་སྟེ་ཤེས་རབ་ནི་སྤྱོད་ཡུལ་གཉིས་ལ་འཇུག་པ་དེ་ལྟ་བས་ན་ཤེས་རབ་དེ་དག་གཉིས་ནི། ས་ལྔ་པ་དང་དྲུག་པ་གཉིས་ལ་རྣམ་པར་གནས་སོ། །དེ་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་པའོ། །བསླབ་པ་རྣམས་དང་སློབ་པ་རྣམས་སྒོམ་པའི་ངོ་བོ་ལས་གཞན་དེ་དག་གིས་འབྲས་བུ་ནི་རྣམ་པ་བཞིའོ། །བཞི་པོ་གང་ཞེ་ན། ས་བདུན་པ་ལ་ནི་མཚན་མ་མེད་ཅིང་མངོན་པར་འདུ་བྱེད་པ་དང་བཅས་པར་གནས་པ་སྟེ། དེ་ནི་འབྲས་བུ་བཞིའི་དང་པོ་ཡིན་ནོ། །ས་བརྒྱད་པ་ལ་མཚན་མ་མེད་པར་གནས་པ་དེ་ཉིད་མངོན་པར་འདུ་བྱེད་པ་མེད་པ་དང༌། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་སྟེ། འབྲས་བུ་གཉིས་པར་འདོད་པ་ཡིན་ནོ། །ས་དགུ་པ་ལ་སེམས་ཅན་ཡོངས་སུ་སྨིན་པར་གྲུབ་པ་ཉིད་ནི་འབྲས་བུ་གསུམ་པའོ། །ས་བཅུ་པ་ནི་ཏིང་ངེ་འཛིན་དང་གཟུངས་རྣམས་འགྲུབ་པ་ནི་འབྲས་བུ་དམ་པ་སྟེ་བཞི་པ་ཡིན་པས་འབྲས་བུ་རྣམ་པ་བཞི་པོ་འདི་ནི་ས་བཞི་པོ་དེ་ལ་ཡང་དག་པར་བརྟེན་ནོ། །ཟག་མེད་ཀྱི་ཕུང་པོ་ལྔ་རྣམ་པར་བཞག་པ་ནི། ས་དང་པོར་གཟུགས་ཀྱི་ཕུང་པོའི་རྟེན་ཆོས་ཉིད་རབ་ཏུ་རྟོགས་ནས་ས་གཉིས་པ་ནས་བཅུ་གཅིག་པའི་བར་འདིར་ཟག་མེད་ཀྱི་ཕུང་པོ་ལྔ་སྦྱོངས་བ་ལས་ས་གཉིས་པ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་སྦྱོང༌། དེའི་འོག་ཏུ་གསུམ་པ་ལ་ཏིང་ངེ་འཛིན། དེ་ནས་ས་གསུམ་ལ་ཤེས་རབ་ཀྱི་ཕུང་པོ་རྣམ་པར་སྦྱོང་སྟེ་སྔར་བཞིན་ནོ། །དེ་ལས་གཞན་པ་ས་བདུན་པ་ནས་སངས་རྒྱས་ཀྱི་སའི་བར་དག་ལ་ནི། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྦྱོང་ངོ༌། །ཇི་ལྟར་ཞེ་ན་ས་བདུན་པ་ནས་བཅུ་པའི་བར་ལ་ནི་སྔར་བཤད་པའི་བསླབ་པའི་འབྲས་བུ་བཞི་པོ་དེ་ལ་སྒྲིབ་པའི་སྒྲིབ་པ་རྣམ་པ་བཞི་དང༌། སངས་རྒྱས་ཀྱི་ས་ལ་ནི་ཐོགས་པའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་ཏེ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བ་དང༌། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཡེ་ཤེས་སྦྱོང་ངོ༌། །འདི་ནི་སྦྱངས་ཟིན་པ་ལ་སྦྱོང་བར་བཏགས་པ་ཡིན་ནོ། །འོ་ན་རྣམ་པར་གྲོལ་བ་འདུས་མ་བྱས་ཡིན་པས་ཕུང་པོར་མི་འཐད་དོ་ཞེ་ན། རྣམ་པར་གྲོལ་བ་ལ་ཉོན་མོངས་པ་སྤངས་པ་མཚན་ཉིད་དང༌། མོས་པའི་མཚན་ཉིད་གཉིས་ལས། འདིར་མོས་པའི་མཚན་ཉིད་ཕུང་པོར་བཞག་པས་སྐྱོན་མེད་དོ་ཞེས་བཙུན་པ་བཞེད་དོ། །ས་གྲུབ་མ་གྲུབ་རྣམ་པར་བཞག་པ་ནི་ས་རྣམས་ཐམས་ཅད་ལ་ཕྱེ་ན་མོས་སྤྱོད་མན་ཆད་ནི་ཆོས་ཉིད་མངོན་སུམ་དུ་མ་རྟོགས་པས་མ་གྲུབ་པ་དང༌། ས་དང་པོ་ཡན་ཆད་ནི་གྲུབ་པ་ཡིན་ནོ། །གྲུབ་པ་དེ་དག་ཀྱང་ས་བདུན་པ་མན་ཆད་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པས་མ་གྲུབ་པ་ཡིན་ནོ། །ས་བརྒྱད་པ་ཡན་ཆད་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་གྲུབ་པ་དག་ཏུ་ཡང་འདོད་དོ། །ས་དང་པོ་ཡན་ཆད་གྲུབ་པ་དེ་ཡང་གསུང་རབ་ལས་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་ཡིད་ལ་བྱེད་པས་རྣམ་པར་བཞག་པ་དེ་བཏགས་པ་ཙམ་དུ་ཤེས་པའི་ཕྱིར་དང༌། དེ་ཤེས་ནས་ཤེས་པ་ཙམ་དེ་ཉིད་ལ་ཡང་རྣམ་པར་མི་རྟོག་པའི་ཕྱིར་ན་ས་གྲུབ་པ་ཞེས་རྣམ་པར་ཤེས་པར་བྱའོ། །གཞན་ཡང་ས་རྣམས་ཀུན་ལ་སྒོམ་པ་དང་གྲུབ་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའི་ཕྱིར་དང༌། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་དག་ལས་གཞན་གྱིས་བསམ་གྱིས་མི་ཁྱབ་བོ། །རྟགས་ལ་གསུམ་ལས། ས་ལ་ཞུགས་པའི་རྟགས་ནི་ས་གང་ལ་ཞུགས་པ་དེའི་ཡོན་ཏན་སྣང་བ་དང་བཅས་པ་དང༌། མ་ཞུགས་པ་དེ་ལ་མོས་པ་དང༌། ཐེག་ཆེན་གྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་མ་ཞུམ་པ་དང༌། དཀའ་བ་སྤྱོད་པ་རྣམས་ལ་མི་དམན་པ་དང༌། རང་གིས་ས་དེ་ལ་སོགས་པར་ཐོབ་པས་དེའི་ཐབས་གཞན་ལ་རག་མ་ལས་པས་གཞན་གྱིས་དྲིང་མི་འཇོག་པའི་བདག་ཉིད་དང༌། ས་དེ་དག་མངོན་པར་སྒྲུབ་པ་ལ་མཁས་པས་ན་ས་ཐམས་ཅད་རབ་ཏུ་རྟོགས་པ་དང༌། བདག་དང་སེམས་ཅན་ཀུན་ལ་སེམས་མཉམ་པ་དང༌། ལམ་གཞན་བསྔགས་པ་དང༌། རང་གི་ལམ་དེ་ལ་མི་བསྔགས་པར་བརྗོད་པ་གཞན་དུ་བཀྲིར་མི་གཏུབ་པ་དང༌། འཁོར་ལོས་བསྒྱུར་བ་ལ་སོགས་པའི་ཕུན་སུམ་ཚོགས་པ་ལ་ཡང་ཆགས་པ་མེད་པ་དང༌། འཁོར་གསུམ་མི་དམིགས་པས་སངས་རྒྱས་ཀྱི་ཐབས་ཤེས་པ་དང་རྟག་ཏུ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེ་བ་སྟེ་བཅུ་པོ་འདི་ནི་ས་ཀུན་ལ་རྟགས་སུ་འདོད་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པའི་རྟགས་ནི་བཅུ་དྲུག་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པའི་འདུན་པ་མེད་པ་མ་ཡིན་པ་དང༌། ཁྱད་པར་དུ་ས་དང་པོ་ལ་སོགས་པ་དྲུག་ལ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སྤངས་པ་ནི་གོ་རིམ་བཞིན་དུ་ཆགས་པ་མེད་པ་དང༌། སེམས་ཅན་ལ་འཁུ་བའི་སྙིང་རྗེ་མེད་པ་དང༌། སེམས་ཁྲོ་བ་ཅན་མིན་པ་དང༌། ལེ་ལོ་མེད་པ་དང༌། བྱམས་པ་དང་སྙིང་རྗེ་མ་ཡིན་པའི་བསམ་པ་མིན་པ་དང༌། བློ་གྲོས་ངན་པའི་རྟོག་པ་སྟེ་ངོ་བོ་ཉིད་ལ་རྟོག་པ་དང༌། ཁྱད་པར་ལ་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་འཕྲོགས་པ་མེད་པའོ། །ས་བདུན་པ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་ནི་དྲུག་སྟེ། ཐེག་པ་གཞན་ཡིད་ལ་བྱེད་པས་བློ་གྲོས་རྣམ་པར་མི་གཡེང་བ་དང༌། ཕུན་སུམ་ཚོགས་པའི་བདེ་བས་སེམས་མི་འཕྲོགས་པ་དང༌། རྒུད་པ་དང་དཀའ་སྤྱད་ཀྱི་སྡུག་བསྔལ་དག་གིས་གནོད་པ་མེད་པ་དང༌། དགེ་བའི་བཤེས་གཉེན་ལ་ཉེ་བར་བརྟེན་ཅིང་ཐོར་བ་ལྷུར་ལེན་པ་དང༌། སྟོན་པ་མཆོད་པ་ལ་བརྩོན་པ་དང༌། དགེ་བ་འཕེལ་བར་བྱེད་པས་ཐབས་མཆོག་ཏུ་གྱུར་པ་ཤེས་པ་དང༌། གང་ཟག་གི་བསྔོ་རྒྱུ་དུས་གསུམ་གྱིས་བསོད་ནམས་ཡང་དག་པར་བསྡུས་པ་ཤིན་ཏུ་རྒྱ་ཆེན་པོ་ཀུན་ཡུལ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་དུས་ཉིན་གཅིག་བཞིན་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའོ། །ས་བརྒྱད་པ་ལ་སྨོན་ལམ་གྱི་ཕར་ཕྱིན་གྱི་རྟགས་ནི་བཟང་པོའི་གནས་སུ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པར་སྐྱེ་བའོ། །ས་དགུ་པ་ལ་སྟོབས་ཀྱི་ཕར་ཕྱིན་གྱི་རྟགས་ནི་མི་མཐུན་ཕྱོགས་དང་འདྲེས་པའི་ཕྱིར་རྟག་ཏུ་དགེ་བ་བྱེད་པའོ། །ས་བཅུ་པ་ལ་ཡེ་ཤེས་ཀྱི་ཕར་ཕྱིན་གྱི་རྟགས་ནི་མངོན་པར་ཤེས་པ་ཆེན་པོའི་ཡོན་ཏན་རྣམས་ཀྱིས་བརྩེན་པ་སྟེ་རྟགས་དེ་དག་དང་ལྡན་པའི་སངས་རྒྱས་ཀྱི་སྲས་དེ་ནི་འགྲོ་བ་ཀུན་གྱི་བླ་ན་འདུག་པ་ཡོན་ཏན་གྱི་གཏེར་དུ་ཤེས་པར་བྱའོ། །ཕན་ཡོན་ནི་ས་རྣམས་ཀུན་ལ་ཕར་ཕྱིན་དེ་དག་གི་ཕན་ཡོན་ལྔ་སྟེ། སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་ཟད་པར་འགྱུར་བ་དང༌། གཟུགས་ཅན་ལ་སོགས་པ་སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཞིང་མཚན་མ་མེད་པའི་ཆོས་ཀྱི་དགའ་བ་ཐོབ་པར་འགྱུར་བ་དང༌། ཐམས་ཅད་དུ་ཕྱོགས་བཅུ་ལ་སོགས་པར་རྣམ་པ་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཚད་མེད་པ་ཡོངས་སུ་ཤེས་པར་འགྱུར་བ་དང༌། རྣམ་པར་དག་པའི་སྐལ་བ་དང་མཐུན་པའི་རྒྱུ་མཚན་རྣམ་པར་བརྟགས་པ་མ་ཡིན་པ་དག་ཀྱང་ཀུན་ཏུ་སྤྱོད་པར་གྱུར་པ་དང༌། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཕྱིར་རོ། །གོང་ནས་གོང་དུ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་པའོ། །དེ་དག་ཀྱང་དང་པོ་གཉིས་ཞི་གནས་ཀྱི་ཕྱོགས་དང་མཐུན་ལ། དེ་ནས་གཉིས་ལྷག་མཐོང་གི་ཕྱོགས་དང་མཐུན་པའོ། །ངེས་ཚིག་ལ་གཉིས་ལས། སོ་སོའི་ངེས་ཚིག་ནི། ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བྱ་སྟེ། བྱང་ཆུབ་དང་ཉེ་བ་དང༌། སེམས་ཅན་གྱི་དོན་འགྲུབ་པར་མཐོང་བ་ལས་རབ་ཏུ་དགའ་བ་སྐྱེ་བར་འགྱུར་ཏེ་དེའི་ཕྱིར་རབ་ཏུ་དགའ་བ་ཞེས་བརྗོད་དོ། །གཉིས་པ་ནི་འཆལ་བའི་ཚུལ་ཁྲིམས་དང་སྩོལ་བ་སྟེ་ཐེག་པ་གཞན་གྱི་ཡིད་ལ་བྱེད་པའི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པའི་ས་ཞེས་བྱའོ། །གསུམ་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ཚད་མེད་པ་ཚོལ་ཞིང་གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པའི་ཕྱིར་འོད་བྱེད་པ་ཞེས་བྱའོ། །བཞི་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྟོགས་པའི་ཤེས་རབ་འདི་ལྟ་བུས་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་པོ་བསྲེག་པས་ནི་འོད་འཕྲོ་བ་ཅན་ནོ། །ལྔ་པ་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་རང་གི་སེམས་ཀྱང་སེམས་ཅན་གྱི་ལོག་སྒྲུབ་ལ་སོགས་པས་ཉོན་མོངས་པར་མི་འགྱུར་བར་བསྲུང་བའི་ཕྱིར། དཀའ་བ་གཉིས་པོ་དེ་འབྱོངས་པས་སྦྱངས་དཀའ་བའོ། །དྲུག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་པོ་འདིར་མཉམ་པ་ཉིད་མངོན་སུམ་དུ་འགྱུར་བའི་ཕྱིར་མངོན་གྱུར་པའོ། །ས་བདུན་པ་ལ་བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་དང་འབྲེལ་བ་སྟེ་ཐོབ་ཏུ་ཉེ་བའི་ཕྱིར་རྩོལ་བཅས་ཀྱི་སྦྱོར་བའི་མཐར་ཕྱིན་པས་ན་རིང་དུ་སོང་བའོ། །ས་བརྒྱད་པ་ནི་མཚན་མ་ལ་རྩོལ་བ་དང་མཚན་མ་མེད་པ་ལ་རྩོལ་བའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བའི་ཕྱིར་མི་གཡོ་བའོ། །ས་དགུ་པ་ལ་ནི་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་བཟང་པོ་ཐོབ་པས་ལེགས་པའི་བློ་གྲོས་སོ། །ས་བཅུ་པ་ལ་ནི་སྤྲིན་གྱིས་ནམ་མཁའ་ཁྱབ་པ་བཞིན་དུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་ཀྱིས་སྔར་ས་དགུ་པ་མན་ཆད་དུ་སངས་རྒྱས་རྣམས་ལས་ཐོབ་པའི་ཆོས་རྟེན་ལ་ཡོད་པ་ནམ་མཁའ་ལྟ་བུ་ལ་ཁྱབ་པའི་ཕྱིར་ཆོས་ཀྱི་སྤྲིན་ནོ། །ས་བཅུ་པ་ལས་དགེ་བའི་བདུད་རྩིའི་ཆར་གྱིས་སེམས་ཅན་གྱི་ཉོན་མོངས་པའི་རྡུལ་དང་མེ་ལྕེ་ཐམས་ཅད་ཞི་བར་བྱེད་པས་ན་ཆོས་ཀྱི་སྤྲིན་ནོ། །ཞེས་སོ། །དགོངས་འགྲེལ་ལས། ས་བཅུ་པ་ལ་ནི་གནས་ངན་ལེན་གྱི་ལུས་ནམ་མཁའ་ལྟ་བུ་ལ་ཆོས་ཀྱི་སྐུ་སྤྲིན་ཆེན་པོ་ལྟ་བུས་ཁྱབ་ཅིང་ཁེངས་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །ཞེས་གསུངས་སོ། །ཐུན་མོང་གི་ངེས་ཚིག་ལ་གཉིས་ལས། གནས་པའི་ངེས་ཚིག་ནི། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བ་སྣ་ཚོགས་སྒྲུབ་པ་དགའ་བའི་བསམ་པས་རྟོགས་པར་གནས་སྐབས་ཐམས་ཅད་དུ་གནས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ས་རྣམས་ནི་གནས་པ་ཡིན་པར་འདོད་དོ། །སའི་ངེས་ཚིག་ནི་འབྱུང་པོ་དཔག་ཏུ་མེད་པ་རྣམས་འཇིགས་པ་མེད་པར་བྱ་བའི་ཕྱིར་རེ་རེ་ལ་ཡང་ཡོན་ཏན་དཔག་ཏུ་མེད་པ་དག་ལ་ཕྱི་ཕྱིར་གོང་ནས་གོང་དུ་འགྲོ་བ་དང་ལྡན་པའི་ཕྱིར་གནས་པ་དེ་དག་ཉིད་ལ་སར་འདོད་དོ། །ཐོབ་པ་རྣམ་པར་དབྱེ་བ་ནི་ས་ཐོབ་པའི་དབྱེ་བ་ནི་བཞི་སྟེ། མོས་པས་ཐོབ་པ་ནི་མོས་སྤྱོད་ཀྱི་ས་ལ་སྔར་བཤད་པའི་ས་བཅུ་ལ་སོགས་པ་ལ་མོས་པའོ། །སྤྱོད་པས་ཐོབ་པ་ནི་མོས་སྤྱོད་ཀྱི་ས་དེ་ཉིད་ལ་ས་བཅུ་ཐོབ་པའི་དོན་དུ་ཆོས་སྤྱོད་བཅུ་ལ་འཇུག་པའོ། །ཆོས་སྤྱོད་བཅུ་ནི། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་བསྒོམ་པ་འོ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་སོ། །རྟོགས་པས་ཐོབ་པ་ནི་ས་ལ་འཇུག་པ་དང་པོ་ནས་བདུན་པའི་བར་ཏེ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །འགྲུབ་པས་ཐོབ་པ་ནི་ཕྱིར་མི་ལྡོག་པའི་ས་ལ་འཇུག་པའི་ཚེ་འབད་སྩོལ་མེད་པར་ངང་གིས་འཇུག་པའི་ཕྱིར་རོ། །དེ་གཉིས་ཁྱད་པར་དུ་བྱེད་པའི་སྤྱོད་པ་རྣམ་པར་དབྱེ་བ་ནི་སྤྱོད་པ་བཞི་ལས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ནི་ལུས་ཅན་ཐེག་པ་ཆེན་པོ་ལ་མོས་པ་རྣམས་ཀྱི་ཕྱིར་བཤད་དོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་ནི། ཐེག་པ་དམན་པ་ལ་མོས་པ་རྣམས་ཀྱི་ཕྱིར་རོ། །མངོན་པར་ཤེས་པའི་སྤྱོད་པ་ནི་ཐེག་ཆེན་དང་ཐེག་དམན་ལ་མོས་པ་གཉིས་ཀ་མངོན་ཤེས་ཀྱི་མཐུས་འདུན་པར་བྱ་བའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པའི་སྤྱོད་པ་ནི། དེ་གཉིས་ཀ་འདུལ་བ་སྟེ་ཡོངས་སུ་སྨིན་པར་བྱ་བའི་ཐབས་བསྡུ་བའི་དངོས་པོ་བཞིའོ། །སྤྱོད་པ་བཞི་པོ་འདི་དཀོན་མཆོག་བརྩེགས་པ་དང་གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལ་སོགས་པ་བཞིན་དུ་མདོ་རྣམས་ཀྱི་རྗེས་སུ་འབྲངས་ནས་འདིར་ཡང་གཞུང་གི་དབུ་ཞབས་རྣམས་སུ་ཚང་བར་བཤད་པ་ཡིན་ནོ། །རྟགས་དང་སྤྱོད་པའི་སྐབས་བཤད་ཟིན་ནོ།། ༈ །།དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཐུག་པ་ལ་སངས་རྒྱས་ཀྱི་ཡོན་ཏན་རྣམས་འབྱུང་བས་དེའི་འོག་ཏུ་མཐར་ཐུག་གི་ལེའུ་སྟོན་ནོ། །དེ་ལ་གཉིས་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཁྱད་པར་ཅན་གྱི་སྒོ་ནས་བསྟོད་པ་དང༌། ངོ་བོ་ཉིད་དོ། །དང་པོ་ལ་གཉིས་ཏེ། ཐུན་མོང་གི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །དང་པོ་ལ་ཚད་མེད་པ་བཞི་ནི་སྤྱི་མིང་ཡིན་པས་དེ་དང་ལྡན་པའི་ཕྱིར་སེམས་ཅན་རྣམས་ལ་བརྩེ་བ་ཅན་ནོ། །བརྩེ་བ་དེ་ལ་བདེ་བ་དང་ཕན་པའི་དགོངས་པ་གཉིས་ལས། དང་པོ་ནི། ཚད་མེད་པ་གསུམ་སྟེ། བྱམས་པས་བདེ་བ་དང་ཕྲད་པ་དང༌། སྙིང་རྗེས་སྡུག་བསྔལ་དག་བྲལ་བ་དང༌། དགའ་བས་བདེ་བ་དང་མི་འབྲལ་བའི་དགོངས་པ་ཅན། བཏང་སྙོམས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་ཀུན་ནས་ཉོན་མོངས་པ་མེད་པར་བཞེད་པས་ཕན་པའི་དགོངས་པས་ཏེ་དེ་ལྟར་ཕན་བདེ་གཉིས་ཀྱི་དགོངས་པ་དང་ལྡན་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །རྣམ་ཐར་ལ་སོགས་པ་གསུམ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་ནི་སྒྲིབ་པ་ཀུན་ལས་རྣམ་པར་གྲོལ་བ་ཡིན་ལ། ཟིལ་གནོད་བརྒྱད་ཀྱིས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་ཅིང༌། ཟད་པར་བཅུ་ནི་སངས་རྒྱས་ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་སྟེ། དེ་ལྟར་ཐུགས་སྒྲིབ་པ་གཉིས་ལས་གྲོལ་ཞེས་སོ། །ཉོན་མོངས་པ་མེད་པ་ནི། སེམས་ཅན་ཉོན་མོངས་པ་ཅན་མ་ལུས་པ་ཐམས་ཅད་ཀྱི་ཉོན་མོངས་པ་རིགས་མ་ལུས་པ་ཐམས་ཅད་འདུལ་ཞིང་ཉོན་མོངས་པ་མངོན་གྱུར་མེད་པ་རྣམས་ལ་ཡང་ཕྱིས་མི་སྐྱེ་བར་བྱ་བའི་ཕྱིར་གཉེན་པོ་བསྟན་ནས་ཉོན་མོངས་པའི་ས་བོན་འཇོམས་པར་མཛད་པ་དང༌། སེམས་ཅན་ཉོན་མོངས་པ་ཅན་ལ་ལྷག་པར་བརྩེ་བའོ། །ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་གཞན་གྱི་ཉོན་མོངས་སྐྱེ་བའི་དམིགས་རྐྱེན་མི་བྱེད་པ་ཙམ་ཡིན་ལ། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པ་ནི་ཉོན་མོངས་པ་ཅན་གྱི་ཐད་དུ་ཆེད་དུ་གཤེགས་ནས་དེའི་ཉོན་མོངས་པ་འདུལ་བ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོང་སྤངས་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །ཅེས་སོ། །སྨོན་ནས་མཁྱེན་པ་ནི། གདུལ་བྱའི་བསམ་པ་ལ་སོགས་པ་འགའ་ཞིག་མཁྱེན་པར་བཞེད་པ་ན་འབད་སྩོལ་མེད་པར་ལྷུན་གྱིས་གྲུབ་པར་མངོན་དུ་འགྱུར་བ་དང༌། སྒྲིབ་པ་གཉིས་དང་བྲལ་བའི་ཕྱིར་ཆགས་པ་དང་ཐོགས་པ་མི་མངའ་བ་སྟེ། རྒྱུད་བླ་མ་ལས། ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་ཀུན་དག་པའི་ཕྱིར། །ཐམས་ཅད་དུ་ནི་ཐོགས་པ་མེད། །ཅེས་སོ། །རྟག་ཏུ་མཉམ་པར་བཞག་པ་ཉིད་དང་འདྲི་བ་ཀུན་གྱི་ལན་བརྗོད་པའི་སྒོ་ནས་ཐེ་ཚོམ་གཅོད་པའོ། །ཉན་ཐོས་ཀྱི་སྨོན་ནས་ཤེས་པ་ནི་འཕྲལ་དུ་སྨོན་ལམ་འདེབས་ཤིང་འབད་སྩོལ་གྱི་སྒོ་ནས་སྙོམས་པར་འཇུག་པ་ལ་ལྟོས་པ་དང༌། ཉི་ཚེ་བ་ཙམ་ཤེས་པ་དང༌། རེས་འགའ་མཉམ་པར་མ་བཞག་པ་དང༌། ཐེ་ཚོམ་འགའ་ཞིག་གཅོད་མི་ནུས་པའི་ཕྱིར་རིམ་པ་ལྟར་ལྷུན་གྱིས་གྲུབ་པ་ལ་སོགས་པ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་ནི། རྟེན་དང་བརྟེན་པ་ནི་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་སྟེ་བཤད་བྱའོ། །གསུང་དང་མཁྱེན་པ་ནི་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ་འཆད་བྱེད་དོ། །དེ་དག་ལ་བློ་གྲོས་རྟག་ཏུ་ཐོགས་པ་མི་མངའ་བའི་སྒོ་ནས་དམ་པའི་ཆོས་ལེགས་པར་སྟོན་པའོ། །མངོན་ཤེས་ལ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་གདུལ་བྱ་ཡོད་པའི་སར་གཤེགས་ནས་སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པས་སེམས་ཀྱི་སྤྱོད་པ་མཁྱེན་པར་མཛད་དེ་ལྷའི་རྣ་བའི་མངོན་ཤེས་ཀྱིས་དེ་དག་གི་སྐད་ཀྱིས་ཆོས་སྟོན་པ་མཁྱེན་ནས། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ཀྱིས་སྔོན་གྱི་མཐའ་ནས་འདིར་འོངས་པ་དང༌། ལྷའི་མིག་གིས་ཕྱི་མའི་མཐར་འགྲོ་བ་དང༌། ཟག་པ་ཟད་པའི་མངོན་ཤེས་ཀྱིས་ཐེག་པ་གསུམ་གྱིས་ཇི་ལྟར་འཁོར་བ་ལས་ངེས་པར་འབྱུང་བའི་ཚུལ་རྣམས་མཁྱེན་ནས་དེ་དག་དང་མཐུན་པར་གདམས་ངག་ལེགས་པར་འདོམས་པར་མཛད་དོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཡོན་ཏན་ཁྱད་པར་ཅན་གྱི་སྒོ་ནས་བསྟོད་པ་ལ་བཅུ་གཅིག་ལས། མཚན་དཔེ་ནི། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པས་སྐྱེས་བུ་དམ་པ་ལགས་པར་འཚལ་ཞིང༌། དེའི་ལས་ནི་མཐོང་བ་ཙམ་གྱིས་རབ་ཏུ་དད་པར་མཛད་པའོ། །མཚན་བཟང་པོ་སུམ་ཅུ་རྩ་གཉིས་ནི་ཕར་ཕྱིན་དང་རྒྱུད་བླའི་རྣམ་བཤད་དུ་བསྟན་ཟིན་ནོ། །ཡོངས་སུ་དག་པ་ལ་རྟེན་ཡོངས་སུ་དག་པ་ནི། ལུས་ལེན་པ་དང་ཇི་སྲིད་བཞེད་ཀྱི་བར་དུ་གནས་པ་དང་དུས་ལ་བབས་པ་ན་གཏོང་བ་ལ་མངའ་བརྙེས་པའོ། །དམིགས་པ་ཡོངས་སུ་དག་པ་ནི་དམིགས་པ་མེད་པར་སྤྲུལ་པ་དང༌། སྔར་ཡོད་གཞན་དུ་བསྒྱུར་བ་དང༌། ཐུགས་ཡོངས་སུ་དག་པ་ནི་རྣམ་པ་ཐམས་ཅད་དུ་ཏིང་ངེ་འཛིན་ལ་མངའ་བརྙེས་པའོ། །ཤེས་རབ་ཡོངས་སུ་དག་པ་ནི་རྣམ་པ་ཐམས་ཅད་དུ་ཡེ་ཤེས་ལ་མངའ་བརྙེས་པའོ། །སྟོབས་བཅུ་ནི་བྱེད་ལས་ཀྱི་སྒོ་ན་བསྟན་ཏེ། གསོད་པའི་མཆོད་སྦྱིན་ལ་སོགས་པ་བདེ་འགྲོའི་ཐབས་སུ་འདོད་པ་ནི་ཐབས་ལ་བསླུ་བའི་བདུད་ཡིན་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་དགེ་བ་བདེ་འགྲོའི་གནས་ཡིན་གྱི། གསོད་པའི་མཆོད་སྦྱིན་ལ་སོགས་པ་མི་དགེ་བ་གནས་མ་ཡིན་པར་བསྟན་པས་དེ་འཇོམས་སོ། །སྐྱབས་ལ་བསླུ་བའི་བདུད་ནི་སྡིག་པ་བྱས་ཤིང་དགེ་བ་མ་བྱས་ཀྱང་དབང་ཕྱུག་ལ་སོགས་པ་མཉེས་ན་ངན་འགྲོར་མི་ལྷུང་བར་འདོད་པ་ལ་སོགས་པ་ཡིན་ལ། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ནི་རང་གི་དགེ་མི་དགེའི་ལས་བྱས་པ་དེ་རང་གིས་མྱོང་བར་འགྱུར་བས་དེ་ལ་དབང་ཕྱུག་ལ་སོགས་པས་སྐྱབས་པར་མི་ནུས་པར་བསྟན་པས་དེ་འཇོམས་སོ། །འཇིག་རྟེན་པའི་བསམ་གཏན་ཐོབ་པ་ཙམ་གྱིས་གྲོལ་བར་སྟོན་པ་ནི་དག་པ་ལ་བསླུ་བའི་བདུད་ཡིན་ལ། བསམ་གཏན་དང་རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་པའི་བསམ་གཏན་གྱིས་ཉོན་མོངས་པའི་ས་བོན་རྩ་བ་ནས་སྤོང་མི་ནུས་པ་བསྟན་པས་དེ་འཇོམས་སོ། །ཐེག་ཆེན་གྱི་རིགས་ཅན་ཐེག་ཆེན་སྤངས་ནས་ཐེག་དམན་ལ་སྦྱོར་བ་ནི་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལ་སེམས་ཅན་རྣམས་རབ་ཏུ་བསླུ་བའི་བདུད་ཡིན་ལ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་བདུན་གྱིས་ནི་དེ་འཇོམས་ཏེ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་དད་པ་ལ་སོགས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་མཁྱེན་ཏེ་ཆེན་པོ་ལ་འགོད་པ་དང༌། མོས་པ་སྣ་ཚོགས་མཁྱེན་ནས་ཐེག་ཆེན་གྱི་མོས་པ་ལ་འགོད་པ་དང༌། ཁམས་སྣ་ཚོགས་མཁྱེན་པས་སེམས་ཅན་གྱི་རིགས་ཀྱི་བྱེ་བྲག་ཤེས་ནས་རིགས་དང་མཚམས་པའི་ལས་ལ་འགོད་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པས་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ལམ་གྱི་བྱེ་བྲག་ཐམས་ཅད་ཤེས་ནས་ཐེག་ཆེན་གྱི་ལམ་ལ་འགོད་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པས་གདུལ་བྱ་རྣམས་ཀྱི་སྔོན་གྱི་ཚེ་འཕོ་བ་རྣམས་མཁྱེན་པ་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པས་མ་འོངས་པ་ན་སྐྱེ་བ་མཁྱེན་པ་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་མྱ་ངན་ལས་འདས་པའི་བྱེ་བྲག་རྣམས་མཁྱེན་ནས་བདུན་པོ་དེའི་སྒོ་ནས་ཐེག་ཆེན་གྱི་རིགས་ཅན་རྣམས་ཐེག་ཆེན་གྱི་ལམ་ཉིད་ལ་འགོད་པའི་ཕྱིར་རོ། །མི་འཇིགས་པ་བཞི་ནི་རང་དོན་དུ་ང་ནི་སངས་རྒྱས་སོ་ཞེས་ཡེ་ཤེས་དང༌། ངས་ཟག་པ་ཐམས་ཅད་སྤངས་སོ་ཞེས་སྤངས་པ་གཉིས་ཞལ་གྱིས་བཞེས་པ་དང༌། གཞན་དོན་དུ་ཐེག་པ་གསུམ་གྱི་ལམ་གྱིས་འཁོར་བ་ལས་ངེས་པར་འབྱུང་ངོ༌། །ཉོན་མོངས་པ་རྣམས་ཀྱིས་ཐར་པའི་གེགས་བྱེད་དོ། །ཞེས་སྟོན་ཅིང་ཞལ་གྱིས་བཞེས་པར་མཛད་པ་ལ་འཇིག་རྟེན་ན་ལྷའམ་བདུད་དང་ཚངས་པའམ་བྲམ་ཟེའམ་ལྷ་དང་མི་དང་བཅས་པའི་འཇིག་རྟེན་གྱིས་སངས་རྒྱས་མ་ཡིན་ནོ་ཞེས་པ་དང་ཉོན་མོངས་པས་ཐར་པའི་གེགས་མི་བྱེད་དོ་ཞེས་ཏེ། ཆོས་དང་མཐུན་པར་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་ནས་བདེ་བ་དང་མི་འཇིགས་པ་དང་བག་ཚ་བ་མེད་པ་རྣམས་ཐོབ་ནས་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་འཁོར་གྱི་ནང་དུ་སེངྒེའི་སྒྲ་སྒྲོགས་ལ་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བས་ན་མུ་སྟེགས་གཞན་གྱིས་མི་བརྫི་བའོ། །ཡུམ་བར་མ་ལས། རབ་འབྱོར་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན། བདག་གིས་ཡང་དག་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན་འདི་ལ་ཆོས་འདི་རྣམས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་རྒུའི་ཚོགས་རྣམས་གཞན་ཡང་རུང་སྟེ་འཇིག་རྟེན་ན་ཆོས་དང་མཐུན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་བདག་བདེ་བ་ཐོབ་པ་དང༌། བག་ཚ་བ་མེད་པ་ཐོབ་པ་དང༌། མི་འཇིགས་པ་ཐོབ་པ་རྣམ་པར་སྤྱོད་དེ་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེངྒེའི་སྒྲ་སྒྲོགས་སོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སློང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་ཆོས་དང་ལྡན་པ་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །ཞེས་པ་ལ་སོགས་པ་གསུངས་སོ། །བསྲུང་བ་མེད་པ་གསུམ་ནི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་གཞན་གྱིས་ཤེས་ནས་མ་དད་པར་འགྱུར་དུ་དོགས་ནས་བསྲུང་བ་སྟེ་བཅབ་དགོས་པ་མེད་པས་འཁོར་གྱི་ནང་དུ་བག་བརྐྱང་སྟེ་བསྲུང་བའོ། །ཡུམ་བར་མ་ལས། རབ་འབྱོར་དེ་བཞིན་གཤེགས་པའི་བསྲུང་བ་མེད་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བས་ལ་ལས་ཤེས་སུ་འོང་ཞེས་གང་ཡང་བཅབ་པར་དགོས་པ་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ་འདི་ནི་བསྲུང་བ་མེད་པ་དང་པོའོ་ཞེས་པ་ལ་སོགས་པ་གསུངས་སོ། །དྲན་པ་ཉེ་བར་བཞག་པ་གསུམ་ནི་བསྙེལ་བ་མི་མངའ་བ་ཉིད་ཀྱིས་རྟག་ཏུ་གདུལ་བྱ་འདི་དག་གིས་ཆོས་འདི་བསྒྲུབ་ན་ལེགས་སྙམ་དུ་དགོངས་པ་ཉེ་བར་གནས་པས་ཆོས་སྟོན་པ་ན་འཁོར་ཐམས་ཅད་གུས་པར་ཉན་པ་དང༌། རྣ་བར་བླགས་པ་དང༌། ཡིད་བཏུད་པ་དང༌། ཀུན་ཤེས་པའི་བསམ་པ་ཉེ་བར་འཇོག་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་རྗེས་སུ་སྒྲུབ་པ་འདོད་པ་ལ་རྗེས་སུ་ཆགས་པའི་ཀུན་ནས་ཉོན་མོངས་པ་དང༌། འཁོར་ཐམས་ཅད་དེ་ལས་བཟློག་པ་ལ་ཁོང་ཁྲོའི་ཀུན་ནས་ཉོན་མོངས་པ་དང༌། འཁོར་གུས་མི་གུས་འདྲེས་མ་ལ་གཉིས་ཀར་མི་འགྱུར་བས་ཀུན་ནས་ཉོན་མོངས་པ་གཉིས་པོ་དེ་སྤངས་པའོ། །ཡུམ་བར་མ་ལས། དེ་བཞིན་གཤེགས་པའི་དགོངས་པ་ཉེ་བར་བཞག་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ཆོས་སྟོན་པའི་ཆོས་ལ་རྣ་བ་བཏུད་དེ་རིམ་གྲོར་ཉན་ཅིང་བཀའ་ཉན་པའི་སེམས་ཉེ་བར་འཇོག་པ་དང༌། ཆོས་དོན་དུ་གཉེར་བས་ཆོས་ལ་ནན་ཏན་ཏུ་བྱེད་ན་ཡང་དེ་བཞིན་གཤེགས་པ་ལ་དགྱེས་པར་མི་འགྱུར། ཡིད་བདེ་བར་མི་འགྱུར། ཐུགས་གཡེང་པོར་མི་འགྱུར་ཏེ་འདི་ནི་དགོངས་པ་ཉེ་བར་བཞག་པ་དང་པོའོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་གཉིས་ཀྱི་ལས་ནི་འཁོར་སྡུད་པའོ། །བག་ཆགས་ཡང་དག་པར་བཅོམ་པ་ནི་ཀུན་མཁྱེན་ཁྱོད་ལ་གྲོང་ལ་སོགས་པ་རྒྱུ་བ་དང༌། ནང་དུ་ཏིང་ངེ་འཛིན་ལ་གནས་པ་ཀུན་ལ་ཡང་རྟག་པར་ཀུན་མཁྱེན་མ་ཡིན་པ་སྤྱོད་པ་འཁྲུལ་པ་མི་མངའ་བ་དེས་ན་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་དང་མཐུན་པར་སྤྱོད་ལམ་ཡང་དག་པ་དོན་དང་ལྡན་ནོ། །ཉན་ཐོས་དགྲ་བཅོམ་པ་རྣམས་ནི་ཉོན་མོངས་པ་ཟད་ཀྱང་བག་ཆགས་ཡང་དག་པར་མ་བཅོམ་པས་རེས་འགའ་གླང་པོ་ཆེའི་འཁྲུལ་པ་དང་ལྷན་ཅིག་ཏུ་ཐུག་པ་ལ་སོགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྤྱོད་པ་མངའ་བའོ། །བསྙེལ་བ་མི་མངའ་བ་ནི། སེམས་ཅན་ཀུན་ཀྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་སྟེ། །གདུལ་བྱ་དུས་ལ་བབས་ན་བཏང་སྙོམས་སུ་མི་འཇོག་པའོ། །དེའི་ལས་ནི་མཛད་པ་ཐམས་ཅད་རྟག་ཏུ་དོན་མངའ་བ་འབའ་ཞིག་མཛད་པའོ། །ཐུགས་རྗེ་ཆེན་པོ་ནི་འཇིག་རྟེན་ཀུན་ལ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ། ལན་དྲུག་ཏུ་ནི་ཉམས་སུ་ནི་འཕེལ་ཅེས་སོ་སོར་གཟིགས་པ་ནི་ལས་སོ། །ལས་དེ་དང་ལྡན་པའི་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པར་དགོངས་ཞེས་པའོ། །སངས་རྒྱས་ཀྱི་ཆོས་ལ་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པས་བསྡུས་པ་ནི། སྐུ་ལ་འཁྲུལ་བ་དང༌། གསུང་ལ་ཅ་ཅོ་དང༌། ཐུགས་ལ་བསྙེལ་བ་དང༌། ཐུགས་མཉམ་པར་མ་བཞག་པ་དང༌། འཁོར་འདས་ཐ་དད་པའི་འདུ་ཤེས་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་དྲུག་གོ །རྟོགས་པས་བསྡུས་པ་ནི། འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་ལ་ཉམས་པ་མི་མངའ་བ་དྲུག་གོ །དུས་གསུམ་ལ་ཡེ་ཤེས་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱིས་བསྡུས་པ་གསུམ་དང༌། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲངས་བ་ཕྲིན་ལས་ཀྱིས་བསྡུས་པ་གསུམ་སྟེ་བཅོ་བརྒྱད་དང་ལྡན་པའི་ཉན་ཐོས་དང་རང་སངས་རྒྱས་ཀུན་གྱི་བླ་མར་གྱུར་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ངོ་བོ་ཉིད་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་སྟེ་གསུམ་པོར་དང་པོས་ཟབ་མོ་དང༌། ཕྱི་མ་གཉིས་ཀྱིས་རྒྱ་ཆེན་པོ་མངོན་པར་བྱང་ཆུབ་པ་བརྙེས་ཤིང༌། ཤེས་བྱ་ཐམས་ཅད་མཁྱེན་པས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་ཐེ་ཚོམ་གཅོད་པའོ། །ཕར་ཕྱིན་དྲུག་རྫོགས་པའི་སྒོ་ནས་བསྟོད་པ་ནི། ལོངས་སྤྱོད་ལ་ཀུན་ཏུ་འཛིན་པ་མེད་ཅིང་ཉེས་པའི་དྲི་མ་ཕྲ་མོ་ཡང་མེད་པ་འཇིག་རྟེན་གྱི་ཆོས་དང་སྡུག་བསྔལ་དག་གིས་སེམས་རྙོག་པ་མེད་ཅིང་རྟོག་པ་ཆུང་ངུ་དང་ངན་ངོན་ཙམ་ལ་མི་གནས་པ་དང༌། རྣམ་པར་གཡེང་བས་མི་གཡོ་ཞིང་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པའི་སྤྲོས་པ་མེད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ་ཞེས་པའོ། །ངོ་བོ་ཉིད་ལ་དོན་དྲུག་ལས་ངོ་བོའི་དོན་ནི་དམ་པའི་དོན་ངོ་བོ་ཉིད་ཀྱི་སྐུ་དག་པ་གཉིས་ལྡན་གྲུབ་པ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་དོ། །རྒྱུའི་དོན་ནི་དེ་ཡང་བྱང་ཆུབ་སེམས་དཔའི་ས་ཀུན་ལས་ངེས་པར་འབྱུང་ངོ༌། །འབྲས་བུའི་དོན་ནི། སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར་བའོ། །ལས་ཀྱི་དོན་ནི་སེམས་ཅན་ཐམས་ཅད་སྨིན་པ་དང་རྣམ་པར་གྲོལ་བར་མཛད་པའོ། །ལྡན་པའི་དོན་ནི་ཡོན་ཏན་ཕུང་པོ་ལྷག་མེད་དུ་ཡང་མི་ཟད་ཅིང་མཉམ་མེད་དེ་ཉན་རང་ལ་སོགས་པ་ལས་ཆེས་ལྷག་པ་དང་ལྡན་ནོ། །འཇུག་པའི་དོན་ནི་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་གང་ལ་གང་འདུལ་དུ་སྣང་བའི་སྤྲུལ་པའི་སྐུའོ། །ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དུ་མཚན་དཔེས་བརྒྱན་པར་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ལྷ་དང་མི་རྣམས་ཀྱིས་རྣམ་པ་ཀུན་ཏུ་མི་མཐོང་ཞིང་སངས་རྒྱས་རྣམས་ཀྱིས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་ནི་ཆོས་ཀྱི་སྐུའོ། །སླར་ཡང་གཞུང་གི་བྱེད་པ་བསྟན་པ་ནི། དེ་ལྟ་ན་ཡང་དེ་ཡི་མཐུས། །གདུལ་བྱའི་སྐལ་བ་ཇི་བཞིན་དུ། །སྲིད་པ་ཇི་སྲིད་གནས་ཀྱི་བར། །དེ་ཡི་མཛད་པ་རྒྱུན་མི་ཆད། །མཐར་ཐུག་གི་ལེའུ་བཤད་ཟིན་ནོ། གསུམ་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་ལ་གཉིས་ལས། མཛད་པ་པོའི་གང་ཟག་སྨོས་པ་ནི། བཅོམ་ལྡན་འདས་མགོན་པོ་བྱམས་པས་མཛད་པ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་རྣམ་པར་བཤད་པ་རྫོགས་སོ། །བསྒྱུར་བྱེད་ཀྱི་ལོ་པཎ་སྨོས་པ་ནི། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་སྟེ་སེངྒེ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་བཙུན་པ་སྐ་བ་དཔལ་བརྩེགས་ལ་སོགས་པས། རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་འཆད་ཉན་གྱིས་ལེགས་པར་གཏན་ལ་ཕབ་པའོ། །སླད་དེ་དུས་ཕྱིས་ཀྱི་པཎྜིཏ་པ་ར་ཧེ་ཏ་ཞེས་ཡུལ་གྱི་མིང་གིས་བཏགས་པ་དང༌། བྲམ་ཟེ་ཆེན་པོ་སཱཛྫན་དང་བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཀྱང་ལེགས་པར་གཏན་ལ་ཕབ་པའོ། །རྒྱལ་བའི་གསུང་རབ་པད་མཚོའི་བརྒྱན་གྱུར་གཞུང་ལུགས་འདབ་རྒྱས་པ། །དགོངས་དོན་རྣམ་འབྱེད་རྣམ་བཤད་ཉིན་མོར་བྱེད་པའི་འོད་རིས་ཅན། །བློ་གྲོས་མཐུ་ཡིས་ཡོངས་སུ་བསྒྲུབས་པའི་དགེ་ཚོགས་རབ་དཀར་ཟླ་འོད་ཀྱིས། །མ་ལུས་འགྲོ་བ་ཡོན་ཏན་རྒྱ་མཚོའི་རྡུལ་སྙེད་སྟོབས་བཅུ་ལྡན་པའི་ས་ལ་གནས་གྱུར་ཅིག །བདག་ཀྱང་ཆོས་ཚུལ་འདི་དང་ཀུན་ཏུ་མི་འབྲལ་ཡོངས་སུ་གནས་གྱུར་ཏེ། །བྱམས་པའི་གསུང་རབ་ལེགས་བཤད་བསིལ་ཟེར་འོད་བརྒྱ་ལྡན་པ་ཡིས། །བློ་གྲོས་དབང་པོ་རབ་རྒྱས་ཤེས་བྱ་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །སྲིད་པའི་རྒྱ་མཚོ་ལས་རྒལ་ཐམས་ཅད་མཁྱེན་པའི་གོ་འཕངས་ཐོབ་གྱུར་ཅིག །དེ་ལྟར་ན་གཞུང་འདིས་ཐེག་ཆེན་གྱི་རིགས་དང་ལྡན་པའི་གང་ཟག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སླབས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ནོ། །བསྟན་བཅོས་འདི་འཛིན་པ་ལ་སོགས་པ་བྱས་ན་ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་བཟུང་བ་ལ་སོགས་པའི་བསོད་ནམས་ཐོབ་པར་འགྱུར་ཏེ། འདི་དང་བྱང་ཆུབ་སེམས་དཔའི་ས་བརྗོད་བྱའི་གྲངས་དང་གོ་རིམ་ལ་སོགས་པ་མཐུན་ལ། བྱང་ས་ལས། ལྷ་དང་མིའི་འཇིག་རྟེན་གྱི་ནང་ནས། ལྷར་གྱུར་བའམ། མིར་གྱུར་པའམ། དགེ་སྦྱོང་ངམ། བྲམ་ཟེ་ལ་ལས་བྱང་ཆུབ་སེམས་དཔའི་ལས་འདི་ལ་བརྟན་པོར་མོས་པ་བསྐྱེད་ནས་འདི་ཉན་པའམ། འཛིན་པའམ། སྒོམ་པའི་རྣམ་པར་སྦྱོར་བར་བྱེད་དམ། གཞན་དག་ལ་རྒྱ་ཆེར་སྟོན་པར་བྱེད་དམ། ཐ་ན་ཡི་གེར་འདྲིར་བཅུག་སྟེ་འཆང་བ་དང༌། མཆོད་པ་དང༌། བཀུར་སྟི་ཡང་བྱེད་པ་དེ་ལ་ནི། མདོར་བསྡུས་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་རྟོགས་པའི་མདོ་སྡེ་ཉན་པ་ལ་སོགས་པའི་བསོད་ནམས་ཀྱི་ཕུང་པོ་བཅོམ་ལྡན་འདས་ཀྱིས་གསུང་ཤིང་གསལ་བར་མཛད་དེ་བཀྲོལ་ཞིང་བརྟགས་ནས་བསྟན་པ་ཇི་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོར་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ན་འདི་ལྟར་བྱང་ཆུབ་སེམས་དཔའི་ས་འདིར་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པ་དང་བཤད་པའི་སྒོ་ནས་བསྡུས་ཤིང་བཤད་པའི་ཕྱིར་ཏེ་ཞེས་གསུངས་སོ། །རྒྱལ་བ་ཀུན་གྱི་གསུང་རབ་གངས་ཅན་མཚོ་ལས་ལེགས་འོངས་པ། །ཡན་ལག་བརྒྱད་ལྡན་ཟབ་མོའི་ལེགས་བཤད་བསིལ་བྱེད་ཆུ་བོའི་རྒྱུན། །ཐེག་མཆོག་སྟོན་པའི་སྤྲིན་གྱི་སྒྲ་ལྡན་རབ་གསལ་གློག་འོད་རབ་འཁྱུགས་པ། །མི་ཕམ་གསུང་རབ་ཟབ་དོན་སྙིང་པོའི་ནོར་བུ་འབར་བ་ཅན། །འཇིག་རྟེན་གསུམ་གྱི་བླང་དོར་གསལ་བྱེད་སྒྲོན་མེ་རྣམ་བཤད་པ། །ཡིད་ཆེས་ལུང་དང་མི་འགལ་རིགས་པས་ཚུལ་བཞིན་རྣམ་འགྲེལ་ཞིང༌། །བླ་མེད་ཞི་བའི་ལམ་ཚུལ་བརྗོད་པ་གསལ་བར་བྱེད་པའི་རྒྱན། །བློ་གྲོས་མཐུ་ཡིས་སྒྲུབས་པའི་དགེ་ཚོགས་རབ་དཀར་ཞིང༌། །མཐའ་ཡས་ཞིང་གི་རྡུལ་སྙེད་རྣམ་མང་ཐོབ་པས་འགྲོ་བ་ཀུན། །མ་ལུས་མཁྱེན་པ་སྟོབས་བཅུ་ལྡན་པའི་ས་ལ་གནས་གྱུར་ཅིག །བདག་ཀྱང་ཆོས་ཚུལ་འདི་དང་ཉིན་དང་ཉི་མའི་ཟེར་བཞིན་དུ། །ལྷན་ཅིག་གནས་པའི་བློ་གྲོས་སྤོབས་པ་རབ་ཐོབ་ཅིང༌། །གཟུངས་དང་ཏིང་འཛིན་སྤོབས་པའི་ཆུ་བོ་རབ་རྒྱས་ནས། །ཕྲིན་ལས་གངྒཱའི་རྒྱུན་གྱིས་མཐའ་ཡས་འགྲོ་བ་རྗེས་སུ་འཛིན་གྱུར་ཅིག །རྣམ་བཤད་འདི་ཡང་ལྷུན་པོ་ཉི་ཟླའི་གོས་དང་མ་བྲལ་ཞིང༌། །ཆུ་གཏེར་བཞི་ཡང་ས་འཛིན་ཁོར་ཡུག་དག་དང་ལྷན་ཅིག་གནས། །རྒྱ་མཚོའི་གོས་ཅན་གནས་པ་དེ་སྲིད་རབ་ཏུ་གནས་པ་དང༌། །གདུལ་བྱའི་མཁའ་ལ་ཕྱོགས་དུས་ཀུན་ཏུ་རྣམ་པར་འཕེལ་གྱུར་ཅིག །ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་པ་ཆེན་པོ་གསལ་བར་བྱེད་པའི་གནད་ཀྱི་སྒྲོན་མེ་ཞེས་བྱ་བ་འདི་ནི། མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ། འགྲན་དང་སྤོབས་པའི་ཟླ་ཐམས་ཅད་དང་བྲལ་བ། མཁས་མཆོག་བུདྡྷ་ཤྲཱི་ལ་སོགས་པ། མཁས་ཤིང་གྲུབ་པ་བརྙེས་པའི་ཡོངས་འཛིན་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་པ་ལ་བརྟེན་ནས། ཤེས་བྱའི་གནས་ཕལ་མོ་ཆེ་བློ་ཡུལ་དུ་གསལ་བའི་དགེ་སློང༌། ཤར་རྒྱལ་མོ་རོང་པ་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་སྦྱར་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ། ན་མཿསུ་ག་ཏ་ཧྲཱི་ད་ཡ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply