༄༅། །དབུས་དང་མཐའ་རྣམ་པར་འབྱེད་པའི་རྣམ་པར་བཤད་པ་མི་ཕམ་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།
«རོང་སྟོན་སྨྲ་བའི་སེང་གེས་བརྩམས།། » ཨོཾ་སྭ་སྟི། དབུས་དང་མཐའ་རྣམ་པར་འབྱེད་པའི་རྣམ་པར་བཤད་པ་མི་ཕམ་དགོངས་པའི་རྒྱན་ཞེས་བྱ་བ།། ཚོགས་གཉིས་འོ་མའི་ཆུ་གཏེར་བསྲུབས་པ་ལས། །ལེགས་པར་འཐོན་པའི་མཛེས་སྐུའི་ཟླ་འོད་ཅན། །བདག་བློ་དྲི་མེད་ཀུ་མུད་རྒྱས་པའི་གཉེན། །བློ་གཏེར་གངས་རིའི་མདོག་ཅན་གུས་པས་མཆོད། །མཁྱེན་པའི་ཟླ་ཟེར་རྣམ་པར་རོལ་པའི་མཚོ། །ཕྲིན་ལས་རླབས་ཕྲེང་གཡོ་བའི་གར་གྱིས་བསྐྱོད། །ཚད་མེད་ཐུགས་རྗེའི་འདབ་ལྡན་རབ་རྒྱས་པ། །ཐུབ་དབང་མཁྱེན་བརྩེའི་ཆུ་གཏེར་རྒྱལ་གྱུར་ཅིག །ཚད་མེད་བྱམས་པའི་རི་དབང་ལྷུན་སྟུག་ཅིང༌། །ཚོགས་གཉིས་ཉི་ཟླའི་འོད་ཟེར་འབར་བ་ཅན། །གདུལ་བྱ་གླིང་བཞིའི་དབུས་ན་མངོན་མཐོ་བ། །རྒྱལ་སྲས་ཐུ་བོ་མི་ཕམ་རྒྱལ་གྱུར་ཅིག །མང་ཐོས་སྤྲིན་གྱི་ཕྲེང་བ་རབ་མཛེས་ཤིང༌། །རྨད་བྱུང་སྤོབས་པའི་གློག་ཕྲེང་འོད་འཁྱུག་ལ། །ལེགས་བཤད་དུས་ཀྱི་ཆར་རྒྱུན་འབེབས་མཛད་པ། །དཔལ་ལྡན་བླ་མ་སྤྲིན་གྱི་དབང་པོ་རྒྱལ། །མཁྱེན་པའི་ཆུ་གཏེར་འགྲམ་དུ་སྔོན་མེད་འཁྲུངས། །གསུང་རབ་རྒྱ་མཚོ་མཛེས་པར་བྱེད་པའི་རྒྱན། །བྱམས་པའི་གསུང་རབ་ལེགས་བཤད་འདབ་བརྒྱ་པ། །རྣམ་བཤད་ཉི་མའི་འོད་ཀྱིས་དབྱེ་བར་བྱ། །འདིར་བཅོམ་ལྡན་འདས་མི་ཕམ་པ་འདི་ཉིད་དགེ་སློང་བློ་གྲོས་བརྟན་པ་ཞེས་བྱ་བར་གྱུར་པའི་ཚེ། བྱམས་པའི་ཏིང་ངེ་འཛིན་ལྷག་པར་བསྒོམས་པས་འཁོར་རྣམས་ཀྱང་བྱམས་པའི་ཏིང་ངེ་འཛིན་ལ་ངང་གིས་གནས་པར་གྱུར་པས་བྱམས་པ་ཞེས་གྲགས་སོ། །འདིས་གདུལ་བྱ་རྣམས་ལ་ཉེ་བར་དགོངས་ནས་བྱམས་པའི་ཆོས་ལྔ་མཛད་པ་ལས། དབུས་དང་མཐའ་རྣམ་པར་འབྱེད་པ་ནི་འདིར་བཤད་པར་བྱ་བའི་ཆོས་སོ། །འདི་ལ་གཉིས་ཏེ། མཚན་གྱི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཚན་བསྒྱུར་བ་དང༌། མཚན་བཤད་པའོ། །དང་པོ་ལ། མཚན་བསྒྱུར་བ་ནི། རྒྱ་གར་སྐད་དུ། མ་དྷྱ་ཞེས་པ་ནི་དབུས། ཨནྟ་ཞེས་པ་ནི་མཐའ། བི་བྷ་ག་ཞེས་པ་ནི་རྣམ་པར་འབྱེད་པའོ། །གཉིས་པ་མཚན་བཤད་པ་ནི། རྟག་ཆད་ཀྱི་མཐའ་གཉིས་རྣམ་པར་བསལ་ནས་དབུ་མའི་ལམ་སྟོན་པའི་ཕྱིར་དེ་སྐད་ཅེས་བྱའོ། །འཕགས་པ་ཞེས་པ་ནས་ཕྱག་འཚལ་ལོ་ཞེས་པའི་བར་ནི་ལོ་ཙཱ་བས་བཀོད་པའི་མཆོད་བརྗོད་དོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་བཤད་དོ། །དང་པོ་ནི། ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང༌། དགེ་བའི་ཕྱོགས་ལ་སྒྲིབ་པ་དང༌། གཉེན་པོའི་དམིགས་པ་དེ་ཁོ་ན་དང༌། གཉེན་པོ་བསྒོམ་པའི་རིམ་པ་དག་དང༌། གཉེན་པོ་དེ་སྐྱེ་བའི་གནས་དང༌། གཉེན་པོ་ལས་ཐོབ་པའི་འབྲས་བུ་སྟེ་ཐེག་པ་ཐུན་མོང་གི་ཆོས་སོ། །ཐེག་པ་བླ་ན་མེད་པ་ནི། ཐེག་པ་ཆེན་པོའོ། །འདི་དག་གི་གོ་རིམ་ནི། ཐོག་མར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་ལ་མཁས་པར་བྱ་བ་ཡིན་པས་མཚན་ཉིད་བསྟན་ཏོ། །རྣམ་པར་བྱང་བ་ཡང་སྒྲིབ་པ་མ་སྤངས་པས་མི་ཐོབ་པས་དེ་ནས་སྒྲིབ་པ་བསྟན་ཏོ། །སྒྲིབ་པ་ཡང་དེ་ཁོ་ན་ཉིད་ལ་དམིགས་པས་སྤོང་བའི་ཕྱིར་དེ་ནས་དེ་ཁོ་ན་ཉིད་བསྟན་ཏོ། །སྒྲིབ་པ་ཟད་པར་བྱེད་པའི་གཉེན་པོ་གང་ཡིན་སྙམ་ན་དེ་ནས་གཉེན་པོ་བསྟན་ཏོ། །གཉེན་པོ་སྐྱེ་བའི་གནས་གང་ཡིན་སྙམ་ན་གཉེན་པོ་སྐྱེ་བའི་གནས་བསྟན་ཏོ། །གཉེན་པོ་ལས་འབྲས་བུ་གང་ཐོབ་སྙམ་ན་དེ་ནས་ཐོབ་བྱའི་འབྲས་བུ་བསྟན་ཏོ། །སངས་རྒྱས་ཐོབ་པའི་ཐུན་མོང་མ་ཡིན་པའི་ལམ་གང་ཡིན་སྙམ་ན་ཐེག་པ་བླ་ན་མེད་པ་བསྟན་ཏོ། །ལུས་རྣམ་གཞག་བསྟན་ཟིན་ཏོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། མཚན་ཉིད་སོགས་ལྔ་ལས། དང་པོ་མཚན་ཉིད་སྟོན་པ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་མཚན་ཉིད་དང༌། རྣམ་བྱང་གི་མཚན་ཉིད་བཤད་པའོ། །དང་པོ་ལ་བརྒྱད་དེ། ཡོད་མེད་ཀྱི་མཚན་ཉིད། རང་གི་མཚན་ཉིད། བསྡུ་བའི་མཚན་ཉིད། ཐབས་ཀྱི་མཚན་ཉིད། དབྱེ་བའི་མཚན་ཉིད། རྣམ་གྲངས་ཀྱི་མཚན་ཉིད། འཇུག་པའི་མཚན་ཉིད། ཀུན་ནས་ཉོན་མོངས་ཀྱི་མཚན་ཉིད་དོ། །དང་པོ་ནི། སྐུར་བ་འདེབས་པ་དགག་པའི་ཕྱིར། ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་རྫས་སུ་ཡོད་ཅེས་བྱའོ། །འོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་དང་འགལ་ལོ་ཞེ་ན། གཟུང་འཛིན་གཉིས་ཀྱིས་སྟོང་པ་ལ་དགོངས་པས་མི་འགལ་ལོ། །སྒྲོ་བཏགས་པ་དགག་པའི་དོན་དུ་ཀུན་ཏུ་རྟོག་པ་དེ་ལ་གཟུང་བ་དང་འཛིན་པ་གཉིས་པོ་རྫས་སུ་ཡོད་པ་མིན་ཞེས་བྱའོ། །གཟུང་འཛིན་གཉིས་ཀྱིས་སྟོང་པ་ཉིད་ལ་སྐུར་བ་འདེབས་པ་དགག་པའི་ཕྱིར་དུ་སྟོང་པ་ཉིད་ནི་ཀུན་ཏུ་རྟོག་པ་འདི་ལ་ཆོས་ཉིད་དུ་ཡོད་ཅེས་བྱའོ། །སྟོང་པ་ཉིད་དེ་ལ་ཡང་ནི་ཀུན་ཏུ་རྟོག་པ་དེ་ཆོས་ཅན་གྱི་ཚུལ་དུ་ཡོད་དོ། །དེས་ན་ཀུན་ཏུ་རྟོག་པ་ནི། རྫས་སུ་ཡོད་པས་སྟོང་པ་མ་ཡིན་ལ་གཟུང་འཛིན་གཉིས་ཀྱིས་མི་སྟོང་པ་ཡང་མིན་པ་དེ་ལྟ་བས་ན་མདོ་ལས་ཆོས་ཐམས་ཅད་སྟོང་པ་ཡང་མིན་མི་སྟོང་པ་ཡང་མིན་ནོ་ཞེས་པའི་དོན་བཤད་དོ། །ཡོད་མེད་ཀྱི་མཐའ་གཉིས་ལས་འདས་པ་དེ་ནི་ཆོས་ཅན། དབུ་མའི་ལམ་ཡིན་ཏེ། རྟག་ཆད་དང་བྲལ་བའི་དོན་རྟོགས་པའི་སྒོ་ཡིན་པའི་ཕྱིར། ཇི་ལྟར་ཡོད་མེད་ཀྱི་མཐའ་གཉིས་ལས་འདས་ཤེ་ན། ཀུན་ཏུ་རྟོགས་པ་རྫས་སུ་ཡོད་པའི་ཕྱིར་དང༌། གཟུང་འཛིན་གཉིས་པོ་མེད་པའི་ཕྱིར་དང༌། གཟུང་འཛིན་གྱིས་སྟོང་པའི་སྟོང་ཉིད་ཡོད་པས་ནའོ། །འདིས་ནི་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ཡོད་ཅེས་བྱ་བ་ནི་མཐའ་འོ། །མེད་ཅེས་བྱ་བ་ནི་མཐའ་གཉིས་པ་སྟེ། ཞེས་སོགས་ཀྱི་དོན་བཤད་དོ། །ཡོད་མེད་གཉིས་ཀྱི་མཚན་ཉིད་བསྟན་ཟིན་ཏོ། །གཉིས་པ་རང་གི་མཚན་ཉིད་བསྟན་པ་ནི། ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་ལ་དུ་ཡོད་ཅེ་ན། དོན་དུ་སྣང་བ་དང༌། སེམས་ཅན་དུ་སྣང་བ་དང༌། བདག་ཏུ་སྣང་བ་དང༌། རྣམ་པར་རིག་པར་སྣང་བའི་རྣམ་པར་ཤེས་པ་རྣམས་སོ། །འདི་དག་ཀྱང་ཀུན་གཞི་ས་བོན་གྱི་ཆ་ལས་རབ་ཏུ་སྐྱེའོ། །དེ་ལ་དོན་དུ་སྣང་བ་ནི་གཟུགས་སོགས་དོན་དུ་སྣང་བ་རྣམས་སོ། །སེམས་ཅན་དུ་སྣང་བ་ནི་མིག་སོགས་དབང་པོར་སྣང་བ་རྣམས་སོ། །དོན་དང་སེམས་ཅན་དུ་སྣང་བ་ནི་ཀུན་གཞིའི་རྣམ་ཤེས་སོ། །བདག་ཏུ་སྣང་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །རྣམ་པར་རིག་པར་སྣང་བ་ནི་ཚོགས་དྲུག་གི་རྣམ་ཤེས་སོ། །ཚོགས་དྲུག་དེའི་ཡུལ་གཟུགས་སོགས་ཀྱི་དོན་དུ་སྣང་བ་ནི་ཆོས་ཅན། ཇི་ལྟར་སྣང་བ་ལྟར་གྲུབ་པ་མེད་དེ། དོན་དུ་སྣང་ཡང་དོན་དུ་མ་གྲུབ་པའི་ཕྱིར། སེམས་ཅན་དུ་སྣང་བའི་དབང་སོགས་ཀྱང་དེ་བཞིན་ནོ། །གཟུང་བ་ཕྱིའི་དོན་དེ་མེད་པས་ན་དེ་འཛིན་པའི་རྣམ་པར་ཤེས་པ་ཡང་མེད་དེ། འཛིན་པ་ནི་གཟུང་བ་ལ་ལྟོས་པའི་ཕྱིར། དེ་དག་གི་གཟུང་ཆ་མེད་ཀྱང་དོན་དང་སེམས་ཅན་དང་བདག་དང་རྣམ་པར་རིག་པར་སྣང་བའི་རྣམ་པར་ཤེས་པའི་ངོ་བོ་དེ་ནི་ཆོས་ཅན། རྫས་སུ་གྲུབ་པ་ཡིན་ཏེ། ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་ཡིན་པ་དེའི་ཕྱིར། གཟུང་བ་དང་འཛིན་པ་གཉིས་ཇི་ལྟར་གཉིས་སུ་སྣང་བ་དེ་བཞིན་དུ་ཡོད་པ་མིན་ལ། སྣང་གཞི་ཀུན་ཏུ་རྟོག་པ་ཡེ་མེད་མིན་ཏེ། འཁྲུལ་པར་བྱུང་བའི་ཕྱིར་རོ། །འཁྲུལ་པའི་རྣམ་པར་ཤེས་པ་དེ་ཟད་ནས་གྲོལ་བ་ཐོབ་པར་འདོད་དོ། །རང་གི་མཚན་ཉིད་བསྟན་ཟིན་ཏོ། །གསུམ་པ་བསྡུ་བའི་མཚན་ཉིད་ནི། ཀུན་ཏུ་རྟོག་པ་ལ་ངོ་བོ་ཉིད་གསུམ་བསྡུ་བའི་ཕྱིར་བཤད་དེ། ཀུན་ཏུ་རྟོག་པ་ཆོས་ཅན། ཀུན་ཏུ་བཏགས་པ་དང༌། གཞན་དབང་དང༌། ཡོངས་སུ་གྲུབ་པ་ཉིད་ཀྱི་རྣམ་པར་གཞག་ཏུ་རུང་སྟེ། གཟུང་བ་དང་འཛིན་པ་གཉིས་ཀྱི་དོན་དུ་སྣང་བའི་ཕྱིར། ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་ཡིན་ཏེ། གཟུང་འཛིན་གཉིས་པོ་མེད་པའི་བདག་ཉིད་ཡིན་པའི་ཕྱིར། དེས་ན་ཀུན་ཏུ་རྟོག་པ་ལ་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་བཤད་དོ། །བསྡུ་བའི་མཚན་ཉིད་བསྟན་ཟིན་ཏོ། །བཞི་པ་ཐབས་ཀྱི་མཚན་ཉིད་བསྟན་པ་ནི། ཀུན་ཏུ་རྟོག་པ་དག་པ་ལ་འཇུག་པའི་ཐབས་བསྟན་པ་སྟེ། གཟུགས་སུ་སྣང་བའི་དམིགས་པ་འདི་ཉིད་བག་ཆགས་ཀྱི་དབང་གིས་རྣམ་པར་ཤེས་པ་ཉིད་ཀྱི་དོན་དུ་སྣང་པ་ཙམ་དུ་ཤེས་པ་ལ་བརྟེན་ནས་ཕྱི་རོལ་གྱི་དོན་མི་དམིགས་པའི་རྟོག་པ་རབ་ཏུ་སྐྱེ་སྟེ། སྣང་བ་སེམས་ཙམ་དུ་རྟོགས་པས་དོན་དུ་འཛིན་པ་ལས་ལྡོག་པའི་ཕྱིར། གཟུང་བྱའི་དོན་མི་དམིགས་པར་ཤེས་པ་ལ་བརྟེན་ནས་སུ་འཛིན་པ་ཉིད་ཀྱང་མི་དམིགས་པའི་རྟོགས་པ་རབ་ཏུ་སྐྱེ་སྟེ། གཟུང་བ་མི་དམིགས་པས་འཛིན་པ་མི་དམིགས་པར་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར། དམིགས་པར་བྱ་བའི་དོན་མེད་པ་དེའི་ཕྱིར་ན་དེ་ལ་དམིགས་པའི་བློ་ནི་མི་དམིགས་པའི་ངོ་བོ་ཉིད་དུ་གྲུབ་སྟེ། གཟུང་བ་མེད་ན་འཛིན་པ་མེད་པའི་ཕྱིར་རོ། །གཟུང་བ་མེད་ན་དེ་ལ་དམིགས་པ་ཡང་མི་འབྱུང་བ་དེ་ལྟ་བས་ན། དམིགས་པའི་ཡུལ་དང་དེ་ལ་དམིགས་པ་གཉིས་ཀ་ཡང་མི་དམིགས་པའི་བདག་ཉིད་དུ་མཉམ་པར་ཤེས་པར་བྱའོ། །ཐབས་ཀྱི་མཚན་ཉིད་བསྟན་ཟིན་ཏོ། །ལྔ་པ་དབྱེ་བའི་མཚན་ཉིད་ལ། ཀུན་ཏུ་རྟོག་པའི་དབྱེ་བ་བསྟན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་གཉིས་ཏེ། སེམས་དང་སེམས་ལས་བྱུང་བའོ། །ཟག་པ་མེད་པའི་སེམས་དང་སེམས་ལས་བྱུང་བ་ཡང་འཛིན་ནམ་ཞེ་ན། ཁམས་གསུམ་པ་སྟེ། གཟུང་འཛིན་ཐ་དད་པའི་རྣམ་པ་ཅན་ཁོ་ནའོ། །དབྱེ་བའི་མཚན་ཉིད་བསྟན་ཟིན་ཏོ། །དྲུག་པ་རྣམ་གྲངས་ཀྱི་མཚན་ཉིད་ནི། སེམས་དང་སེམས་བྱུང་གཉིས་ཀུན་ཏུ་རྟོག་པའི་གྲངས་སུ་ཤེས་པའི་ཆེད་དུ་སྟོན་ཏེ། སེམས་དང་སེམས་ལས་བྱུང་བ་གང་ཡིན་ཞེ་ན། གཉིས་ཡོད་པ་དེ་ལ་རྣམ་པར་ཤེས་པའི་དོན་མཐོང་བ་ཙམ་མོ། །སེམས་ལས་བྱུང་བ་ནི་དོན་དེ་ཡི་ཡུལ་ཅན་ཁྱད་པར་གྱི་འཛིན་སྟངས་ཅན་ནོ། །དེ་ལ་སེམས་ནི་གཟུགས་ལ་དམིགས་ནས་གཟུགས་ཀྱི་རྣམ་པ་ཅན་དུ་སྐྱེ་བ་ཅན་ཡིན་གྱི་འཛིན་སྟངས་ཀྱི་ཁྱད་པར་བྱེ་བྲག་མེད་པས་དོན་ཙམ་མཐོང་བ་ཞེས་བཤད་དོ། །སེམས་བྱུང་ལ་ནི་སེམས་ལས་ལྷག་པའི་ཁྱད་པར་གྱི་འཛིན་སྟངས་ལྷག་པོ་རེ་རེ་ཡོད་པའི་ཕྱིར་དེའི་ཁྱད་པར་ཞེས་སྨོས་སོ། །འཛིན་སྟངས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། འདུ་ཤེས་ཀྱིས་མཚན་མར་འཛིན་པ་དང༌། ཚོར་བས་ཉམས་སུ་མྱོང་བའི་ཚུལ་གྱིས་རིག་པ་ལྟ་བུའོ། །ཡུལ་ལ་སྤྱི་དང་ཁྱད་པར་གཉིས་སུ་ཕྱེ་ནས་སྤྱི་དང་བྱེ་བྲག་འཛིན་པ་ལ། སེམས་དང་སེམས་བྱུང་གི་ཁྱད་པར་འདོད་པ་ནི་དོན་མིན་ནོ། །འདིའི་དགག་སྒྲུབ་རྒྱས་པ་ནི་སྡེ་བདུན་གྱི་རྒྱན་དུ་བསྟན་ཟིན་ཏོ། །རྣམ་གྲངས་ཀྱི་མཚན་ཉིད་བཤད་ཟིན་ཏོ། །བདུན་པ་འཇུག་པའི་མཚན་ཉིད་ནི། ཀུན་ཏུ་རྟོག་པ་དེ་ཉིད་རྒྱུ་དང་འབྲས་བུའི་དངོས་པོར་འཇུག་པའི་ཚུལ་སྟོན་ཏེ། འཇུག་པ་ལ་ཡང་རྣམ་པ་གཉིས་ཏེ། སྐད་ཅིག་རྒྱུད་མར་འཇུག་པ་དང༌། ཚེ་རབས་གཞན་དུ་འཇུག་པའོ། །འདིར་དང་པོའི་དབང་དུ་བྱས་ནས་སྟོན་པ་ནི། གཅིག་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཆོས་ཅན། རྐྱེན་གྱི་རྣམ་པར་ཤེས་པ་ཞེས་བྱ་སྟེ། རྣམ་པར་ཤེས་པ་གཞན་གྱི་རྒྱུ་ཡིན་པའི་ཕྱིར། གཉིས་པ་རྣམ་ཤེས་ཚོགས་བདུན་ནི་ཆོས་ཅན། ཡུལ་ལ་ཉེ་བར་སྤྱོད་པ་ཅན་ཞེས་བྱ་སྟེ། གཟུགས་ལ་སོགས་པའི་ཡུལ་ལ་རྣམ་པ་གསལ་བའི་ཚུལ་གྱིས་ཉེ་བར་འཇུག་པའོ། །ཚོར་བ་ནི་ཉེ་བར་སྤྱོད་པ་ཞེས་བྱ་སྟེ། ལས་ཀྱི་རྣམ་སྨིན་མྱོང་བའི་ངོ་བོ་ཡིན་པའི་ཕྱིར། འདུ་ཤེས་ནི་ཡོངས་སུ་གཅོད་པ་ཞེས་བྱ་སྟེ། མཚན་མར་འཛིན་པའི་ཚུལ་གྱིས་ཡུལ་གཅོད་པའི་ཕྱིར། སེམས་པ་དང༌། ཡིད་ལ་བྱེད་པ་ལ་སོགས་པའི་སེམས་བྱུང་གཞན་རྣམས་ཆོས་ཅན། རྣམ་པར་ཤེས་པ་དེའི་ངོ་བོ་ཡུལ་ལ་འཇུག་བྱེད་ཡིན་ཏེ། སེམས་ཡུལ་ལ་མངོན་པར་འདུ་བྱེད་པ་ཡིན་པའི་ཕྱིར། འཇུག་པའི་མཚན་ཉིད་བསྟན་ཟིན་ཏོ། །བརྒྱད་པ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ནི། གང་གིས་ཀུན་ནས་ཉོན་མོངས་པར་ཤེས་པའི་ཆེད་དུ་སྟོན་ཏེ། འདིར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས། དང་པོ་མ་རིག་པས་འགྲོ་བ་ཉོན་མོངས་པར་བྱེད་ཅེས་བྱ་སྟེ། ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །འདུ་བྱེད་ཀྱིས་འགྲོ་བ་ཉོན་མོངས་པར་བྱེད་དེ། རྣམ་ཤེས་ལ་ཡང་སྲིད་ཀྱི་ས་བོན་འདེབས་པའི་ཕྱིར། རྣམ་ཤེས་ནི་འདིར་ཀུན་གཞི་ལ་གཟུང་ངོ༌། །ལས་ཀྱི་བག་ཆགས་ཀྱིས་བསྒོས་པའི་ཀུན་གཞིའི་རྣམ་ཤེས་ཆོས་ཅན། འགྲོ་བ་ཉོན་མོངས་པར་བྱེད་དེ། འགྲོ་བ་སྐྱེ་གནས་སུ་འཁྲིད་པར་བྱེད་པའི་ཕྱིར། མིང་གཟུགས་ཀྱིས་འགྲོ་བ་ཉོན་མོངས་པར་བྱེད་དེ། སྲིད་པའི་ལུས་ཀུན་ཏུ་འཛིན་པའི་ཕྱིར། སྐྱེ་མཆེད་དྲུག་གིས་འགྲོ་བ་ཉོན་མོངས་པར་བྱེད་དེ། མིང་གཟུགས་ཀྱི་གནས་སྐབས་རྫོགས་པར་བྱེད་པའི་ཕྱིར་རོ། །རེག་པ་ཆོས་ཅན། འགྲོ་བ་ཉོན་མོངས་པར་བྱེད་དེ། ཡུལ་དང་དབང་པོ་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཡུལ་འགྱུར་བ་ཡོངས་སུ་གཅོད་པའི་ཕྱིར། ཚོར་བས་འགྲོ་བ་ཉོན་མོངས་པར་བྱེད་དེ། ལས་ཀྱི་རྣམ་སྨིན་བདེ་སྡུག་གི་ཆ་ལ་ཉེ་བར་སྤྱོད་པའི་ཕྱིར། སྲེད་པས་འགྲོ་བ་ཉོན་མོངས་པར་བྱེད་དེ། ཡང་སྲིད་ཀྱི་ས་བོན་གསོ་བར་བྱེད་པའི་སྒོ་ནས་ཡང་སྲིད་ཀྱི་སྐྱེ་བ་སྡུད་པར་བྱེད་པའི་ཕྱིར། ལེན་པས་འགྲོ་བ་ཉོན་མོངས་པར་བྱེད་དེ། ཡང་སྲིད་ལ་སྦྱོར་བར་བྱེད་པའི་ཕྱིར། སྲིད་པས་འགྲོ་བ་ཉོན་མོངས་པར་བྱེད་དེ། སྐྱེ་བ་གཞན་གྱིས་བར་མ་ཆོད་པར་ཕྱི་མ་དེ་ཉིད་ལ་ཡང་སྲིད་མངོན་དུ་བྱེད་པའི་ཕྱིར་རོ། །སྐྱེ་བ་ཆོས་ཅན། འགྲོ་བ་ཉོན་མོངས་པར་བྱེད་དེ། རྒ་ཤི་ལ་སོགས་པའི་སྡུག་བསྔལ་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །རྒ་ཤི་ཆོས་ཅན། འགྲོ་བ་ཉོན་མོངས་པར་བྱེད་དེ། ལས་ཀྱི་རྣམ་སྨིན་མངོན་དུ་གྱུར་པ་དེ་ཡིན་པའི་ཕྱིར་རོ། །ཡན་ལག་བཅུ་གཉིས་པོ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་དུ་འདུས་ཏེ། དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་རྣམ་པ་གསུམ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ། །འདུ་བྱེད་སྲིད་པ་རྣམ་པ་གཉིས་ཀྱང་ཀུན་ནས་ཉོན་མོངས་པ་ཡིན་ཏེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར། ཡན་ལག་ལྷག་མ་རྣམ་ཤེས་ལ་སོགས་པ་བདུན་པོ་ཆོས་ཅན། ཀུན་ནས་ཉོན་མོངས་པ་ཡིན་ཏེ། ཚེའི་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །ཡང་ན་མ་རིག་པ་དང་སྲིད་ལེན་རྣམ་པ་གསུམ་པོ་རྒྱུའི་ཀུན་ནས་ཉོན་མོངས་པས་བསྡུས་པར་མ་ཟད་འདུ་བྱེད་དང་སྲིད་པ་གཉིས་ཀྱང་རྒྱུའི་ཀུན་ནས་ཉོན་མོངས་པའོ། །འབྲས་བུའི་ཀུན་ནས་ཉོན་མོངས་པ་ནི། རྣམ་ཤེས་ལ་སོགས་པ་རྣམ་པ་བདུན་ནོ། །ཉོན་མོངས་པ་གསུམ་པོ་ཐམས་ཅད་ཀྱི་རྩ་བ་ཀུན་ཏུ་རྟོག་པ་ཡིན་ཏེ། ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བའི་ཕྱིར། ཀུན་ནས་ཉོན་མོངས་པའི་མཚན་ཉིད་བསྟན་ཟིན་ཏོ། །གཉིས་པ་རྣམ་པར་བྱང་བའི་མཚན་ཉིད་ལ་གཉིས་ཏེ། སྡོམ་ཚིག་གིས་མདོར་བསྟན། སོ་སོར་རྒྱས་པར་བཤད་པའོ། །དང་པོ་ནི། ཀུན་ནས་ཉོན་མོངས་པ་དང་བྲལ་བའི་སྟོང་པ་ཉིད་ཇི་ལྟ་བུ་ཞེ་ན། སྟོང་པ་ཉིད་ནི་མདོར་བསྡུ་ན། མཚན་ཉིད་ཀྱི་སྒོ་ནས་བཤད་པ་དང༌། རྣམ་གྲངས་དང༌། རྣམ་གྲངས་དེའི་དོན་དང༌། དབྱེ་བ་དང༌། སྒྲུབ་པར་བྱེད་པའི་རིགས་པའི་སྒོ་ནས་བཤད་པ་དག་སྟེ་དོན་རྣམ་པ་ལྔའི་སྒོ་ནས་ཤེས་པར་བྱའོ། །གཉིས་པ་སོ་སོར་རྒྱས་པར་བཤད་པ་ལ་བཞི་སྟེ། མཚན་ཉིད་ཀྱི་སྒོ་ནས་བཤད་པ་དང༌། རྣམ་གྲངས་ཀྱི་སྒོ་ནས་བཤད་པ་དང༌། དབྱེ་བའི་སྒོ་ནས་བཤད་པ་དང༌། སྒྲུབ་པའི་སྒོ་ནས་བཤད་པའོ། །དང་པོ་ནི། གཟུང་འཛིན་གཉིས་ཀྱི་དངོས་པོ་མེད་པའི་དངོས་པོ་ནི་ཆོས་ཅན། སྟོང་པའི་མཚན་ཉིད་དོ། །ཅིའི་ཕྱིར་ཞེ་ན། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཕྱིར་ཏེ། གཟུང་འཛིན་གཉིས་ཀྱི་དངོས་པོ་མེད་པའི་ངོ་བོ་ཡིན་པའི་ཕྱིར། འདིར་དངོས་པོ་ཞེས་སྨོས་པ་ནི། སྟོང་པ་ཉིད་རི་བོང་གི་རྭ་ལྟར་མེད་པར་འཛིན་པ་དགག་པའི་དོན་ནོ། །སྟོང་པ་ཉིད་དེའི་ཁྱད་པར་གྱི་ཆོས་བཞི་སྟེ། གཟུང་འཛིན་གཉིས་ཀྱི་ངོ་བོར་ཡོད་པ་ཡང་མིན་ཏེ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཕྱིར་རོ། །གཉིས་སྟོང་གི་ངོ་བོར་མེད་པའང་མིན་ཏེ། གལ་ཏེ་གཉིས་ཀྱིས་སྟོང་པ་མེད་ན་གཟུང་འཛིན་ཡོད་པར་འགྱུར་ཏེ། དགག་པ་བཀག་པ་སྒྲུབ་པ་ཡིན་པའི་ཕྱིར། གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་ཆོས་ཅན། ཡང་དག་མིན་པའི་ཀུན་རྟོག་དང་ངོ་བོ་ཐ་དད་པའི་མཚན་ཉིད་མིན་ཏེ། དེའི་ཆོས་ཉིད་ཀྱི་ཚུལ་དུ་གནས་པའི་ཕྱིར། དེ་དང་གཅིག་པའི་མཚན་ཉིད་ཀྱང་མིན་ཏེ། ཚུ་རོལ་མཐོང་བས་ཀུན་ཏུ་རྟོག་པ་མྱོང་བས་གྲུབ་ཀྱང་ཁྱོད་མ་གྲུབ་པའི་ཕྱིར། གཉིས་པ་རྣམ་གྲངས་ནི། སྟོང་པ་ཉིད་ནི་མདོར་བསྡུ་ན་མིང་གི་རྣམ་གྲངས་འདི་དག་གིས་བསྟན་ཏེ། གང་ཞེ་ན། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང༌། དོན་དམ་པ་དང༌། ཆོས་ཀྱི་དབྱིངས་སོ། །འདི་དག་ནི་རྣམ་གྲངས་ཏེ། དོན་གཅིག་ལ་སྒྲ་ཐ་དད་པར་བྱས་སོ། །རྣམ་གྲངས་ཀྱི་སྒྲའི་དོན་རྣམ་གྲངས་དང་གོ་རིམ་བཞིན་དུ་བསྟན་པ་ནི། གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་ཆོས་ཅན། དེ་བཞིན་ཉིད་ཅེས་བྱ་སྟེ། སྔར་གྱི་གནས་སྐབས་ལས་གཞན་དུ་འགྱུར་བ་མིན་པའི་བདག་ཉིད་ཡིན་པའི་ཕྱིར། ཡང་དག་པའི་མཐའ་ཞེས་བྱ་སྟེ། དངོས་པོའི་གནས་ཚུལ་ཡིན་པས་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར། མཚན་མ་མེད་པ་ཞེས་བྱ་སྟེ། སྤྲོས་པའི་མཚན་མ་དེ་དག་དགག་པའི་ངོ་བོ་ཡིན་པའི་ཕྱིར། དོན་དམ་པ་ཞེས་བྱ་སྟེ། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་ཏེ། ཁྱོད་ལ་དམིགས་པས་འཕགས་པའི་ཆོས་རྣམས་འབྱུང་བའི་ཕྱིར། གསུམ་པ་དབྱེ་བའི་སྒོ་ནས་བཤད་པ་ནི། སྟོང་པ་ཉིད་གཉིས་སུ་དབྱེ། སྟོང་ཉིད་བཅུ་བཞིར་དབྱེ། སྟོང་ཉིད་ལྷག་མ་གཉིས་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དངོས་དང༌། རྩོད་པ་སྤོང་བའོ། །དང་པོ་ནི། སྟོང་པ་ཉིད་དེ་ལ་ནི་དྲི་བཅས་དང་དྲི་མ་མེད་པ་གཉིས་སུ་དབྱེ་སྟེ། ཀུན་ནས་ཉོན་མོངས་པ་དང་བཅས་པ་དང༌། གཉེན་པོས་ཀུན་ནས་ཉོན་མོངས་པ་རྣམ་པར་དག་པའི་དབྱེ་བས་སོ། །གཉིས་པ་ནི། སྔར་དྲི་མ་དང་བཅས་ན་ཕྱིས་དྲི་མ་མེད་པའི་གནས་སྐབས་ཇི་ལྟར་འཐོབ་ཅེ་ན། ཆུའི་ཁམས་དང་གསེར་དང་ནམ་མཁའ་རྣམས་རྙོག་མ་དང༌། གཡའ་དང་སྤྲིན་དང་བཅས་ཀྱང་དེ་དག་གི་ངོ་བོར་མེད་པས་རྣམ་པར་དག་པར་འཇོག་པ་དེ་བཞིན་དུ་སེམས་ཀྱི་ཆོས་ཉིད་ཀྱང་དྲི་མའི་ངོ་བོར་མེད་པས་དྲི་མ་དང་འབྲལ་དུ་རུང་བས་རང་བཞིན་གྱིས་རྣམ་པར་དག་པའོ། །དེ་བས་ན་གཉེན་པོ་དྲི་མ་དང་འབྲལ་བར་བྱེད་པས་ན་ཕྱིས་དྲི་མས་རྣམ་པར་དག་པ་འཐད་དོ། །གཉིས་པ་ནི། མིག་སོགས་དབང་པོ་དྲུག་ཆོས་ཅན། ཟ་བ་ཞེས་བརྗོད་དེ། ཡུལ་ལ་ལོངས་སྤྱོད་པའི་ཕྱིར། ཟ་བ་ནང་གིས་བསྡུས་པས་ན་དེའི་དངོས་པོ་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཅེས་བརྗོད་དོ། །གཟུགས་སྒྲ་སོགས་ཡུལ་རྣམས་ནི་ཆོས་ཅན། བཟའ་བ་ཞེས་བརྗོད་དེ། ལོངས་སྤྱད་བྱ་ཡིན་པའི་ཕྱིར། བཟའ་བ་ཕྱི་ཡིས་བསྡུས་པས་ན་དེའི་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཅེས་བྱའོ། །ཟ་བ་དང་བཟའ་བ་དེའི་རྟེན་གྱི་ལུས་ཆོས་ཅན། ཕྱི་དང་ནང་ཞེས་བརྗོད་དེ། དབང་པོས་མ་བསྡུས་པའི་ཕྱིར་དང་སེམས་དང་རྒྱུད་ཀྱིས་བསྡུས་པའི་ཕྱིར། དེའི་སྟོང་པ་ཉིད་ལ་ཕྱི་ནང་གཉིས་ཀ་སྟོང་པ་ཉིད་ཅེས་བྱའོ། །གནས་ཀྱི་གཞི་སྣོད་ཀྱི་འཇིག་རྟེན་ནི་ཆོས་ཅན། ཆེན་པོ་ཞེས་བརྗོད་དེ། རྒྱ་ཆེ་བའི་ཕྱིར། དེའི་སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །ཕྱི་ནང་གི་ཆོས་དེ་ཡང་བློ་གང་གིས་སྟོང་པ་ཉིད་དུ་མཐོང་བའི་བློ་ཆོས་ཅན། སྟོང་པ་ཉིད་ཅེས་བྱ་སྟེ། སྟོང་པ་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། འདི་ནི་ཡུལ་གྱི་མིང་གིས་ཡུལ་ཅན་ལ་བཏགས་པའོ། །དེའི་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །སྟོང་པ་ཉིད་དོན་དམ་གྱི་ཚུལ་དུ་ཇི་ལྟར་མཐོང་བ་དེ་ཡང་ཆོས་ཅན། དོན་དམ་པ་ཞེས་བརྗོད་དེ། གང་གི་ཕྱིར་ན། ཡེ་ཤེས་ཀྱི་སྤྱོད་ཡུལ་སྟོང་པ་ཉིད་ལ་དམིགས་པའི་ཕྱིར། དེ་སྟོང་པ་ཉིད་ལ་དོན་དམ་པའི་སྒྲས་བརྗོད་ནས་དེའི་མིང་གིས་བཏགས་པའོ། །དེའི་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་དགོས་པ་ཅིའི་ཕྱིར་སྟོང་པ་ཉིད་བསྒོམས་ནས་ལམ་སྒྲུབ་པར་བྱེད་ཅེ་ན། འདུས་བྱས་དང་འདུས་མ་བྱས་ཀྱི་སྟོང་པ་ཉིད་བསྒོམ་པའི་དོན་དུ་འདུས་བྱས་སྟོང་པ་ཉིད་དང་འདུས་མ་བྱས་སྟོང་པ་ཉིད་བསྟན་ཏོ། །ཅིའི་ཕྱིར་གཉིས་པོ་སྒོམ་པར་བྱེད་ཅེ་ན། འདུས་བྱས་ཀྱི་དགེ་བ་དང་འདུས་མ་བྱས་ཀྱི་དགེ་བ་གཉིས་ཐོབ་པར་བྱ་བའི་ཕྱིར་ཏེ། སྟོང་ཉིད་གཉིས་པོ་བསྒོམས་པས་འདུས་བྱས་དང༌། འདུས་མ་བྱས་ལ་ཞེན་པ་དག་ནས་གཉིས་པོ་དྲི་མས་དག་པ་མངོན་དུ་འགྱུར་བའི་ཕྱིར། ཡང་ན་འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་གཉིས་ལ་ཞེན་པའི་དྲི་མ་དག་པ་ཐོབ་པར་བྱ་བའི་ཕྱིར་དུ་འདུས་བྱས་དང་འདུས་མ་བྱས་སྟོང་པ་ཉིད་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་སྟོང་པ་ཉིད་གཉིས་པོ་རིམ་པ་བཞིན་དུ་བསྟན་ཏོ། །འདུས་བྱས་ནི་ལམ་དང་འདུས་མ་བྱས་ནི་མྱང་འདས་སོ། །སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་པ་ནི་མཐའ་ལས་འདས་པ་སྟེ། དེའི་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདི་ནི་རྟག་ཏུ་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་བསྒོམ་པར་བྱའོ། །འཁོར་བ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། དེའི་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །འདི་ནི་སེམས་ཅན་གྱི་དོན་དུ་འཁོར་བ་ཡོངས་སུ་གཏང་བར་མི་བྱ་བའི་ཕྱིར་དུ་བསྒོམ་སྟེ། འཁོར་བ་སྟོང་པ་ཉིད་དུ་མ་རྟོགས་ན་འཁོར་བ་སྐྱོན་དུ་མཐོང་ནས་དོར་བར་འགྱུར་བའི་ཕྱིར། ལྷག་མེད་ཀྱི་དུས་སུའང་དགེ་བའི་རྩ་བ་མི་ཟད་པ་ནི་དོར་བ་མེད་པ་སྟེ། དེའི་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་པ་ཉིད་དོ། །འདི་ནི་ལྷག་མེད་ཀྱི་དུས་སུའང་དགེ་བའི་རྩ་བ་མི་ཟད་པར་བྱ་བའི་ཕྱིར་དུ་བསྒོམ་པར་བྱའོ། །འདི་བསྒོམས་པས་དགེ་བའི་རྩ་བ་ལ་གཟུང་འཛིན་གྱི་དྲི་མ་དག་ནས་ཆོས་ཀྱི་སྐུ་ཐོབ་པས་དགེ་བའི་རྩ་བ་རྒྱུན་མི་འཆད་པའི་ཕྱིར་རོ། །རང་བཞིན་དུ་གནས་པའི་རིགས་ནི་རང་བཞིན་ཡིན་ལ་དེའི་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་དོ། །འདི་ནི་སངས་རྒྱས་ཀྱི་རིགས་ཀྱང་རྣམ་པར་དག་པར་བྱ་བའི་ཕྱིར་དུ་བསྒོམ་པར་བྱ་བ་སྟེ། འདི་བསྒོམ་པས་རིགས་ལ་ཞེན་པའི་དྲི་མ་དག་པར་འགྱུར་བའི་ཕྱིར། མཚན་དང་དཔེ་བྱད་ནི་རང་གི་མཚན་ཉིད་ཡིན་ལ། དེའི་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདི་ནི་མཚན་དང་དཔེ་བྱད་ཡོངས་སུ་དག་པ་ཐོབ་པར་བྱ་བའི་ཕྱིར་བསྒོམ་སྟེ། འདི་བསྒོམས་པས་མཚན་དང་དཔེ་བྱད་ལ་བདེན་འཛིན་ཡོངས་སུ་དག་པར་འགྱུར་བའི་ཕྱིར། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་ལ་སོགས་པ་ནི་ཆོས་ཐམས་ཅད་དེ། དེའི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདི་ནི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་དུ་བསྒོམ་སྟེ། འདི་བསྒོམས་པས་སངས་རྒྱས་ཀྱི་ཆོས་རྣམས་ལ་ཞེན་པ་དག་ནས་སངས་རྒྱས་ཀྱི་ཆོས་དག་པ་ཐོབ་པར་འགྱུར་བའི་ཕྱིར། ཇི་སྐད་བསྟན་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་སོགས་ཀྱི་ཆེད་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་དམིགས་ནས་ལམ་བསྒྲུབ་པར་བྱེད་དོ། །གསུམ་པ་སྟོང་ཉིད་ལྷག་མ་གཉིས་བཤད་པ་ནི། གང་ཟག་གི་བདག་དང་ཆོས་ཀྱི་བདག་གི་དངོས་པོ་མེད་པ་ནི་འདིར་དངོས་པོ་མེད་པ་སྟོང་པ་ཉིད་དོ། །བདག་གཉིས་པོ་དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་པས་སྔ་མ་ལས་སྟོང་པ་ཉིད་གཞན་དུ་བཤད་དོ། །དེ་ལ་སྔ་མ་ནི་གང་ཟག་དང་ཆོས་ལ་སྒྲོ་འདོགས་པ་སེལ་བའི་ཕྱིར་དུ་སྨོས་ལ། ཐ་མ་ནི་སྟོང་པ་ཉིད་ལ་སྐུར་པ་འདེབས་པ་བསལ་བའི་ཕྱིར་དུ་སྨོས་སོ། །བཞི་པ་སྒྲུབ་བྱེད་ཀྱི་སྒོ་ནས་བཤད་པ་ནི། གལ་ཏེ་རང་བཞིན་གྱིས་རྣམ་པར་དག་ན་ཇི་ལྟར་ཕྱིས་ཀུན་ནས་ཉོན་མོངས་པས་ཇི་ལྟར་རྣམ་པར་དག་པར་འགྱུར་ཞེ་ན། སྟོང་པ་ཉིད་དང་པོར་ཉོན་མོངས་པ་དང་བཅས་པར་མ་གྱུར་ན་ལུས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་ཏེ། དང་པོ་ནས་འཆིང་བྱེད་ཀྱི་ཉོན་མོངས་པ་མེད་པའི་ཕྱིར། གལ་ཏེ་དང་པོར་ཉོན་མོངས་པ་དང་ལྡན་ན་ཕྱིས་ཇི་ལྟར་དག་པར་འགྱུར་ཞེ་ན། གལ་ཏེ་ཕྱིས་གཉེན་པོ་བསྒོམས་ཀྱང་ཉོན་མོངས་པ་དེ་རྣམ་པར་དག་པར་མ་གྱུར་ན་ཉོན་མོངས་པ་དང་བྲལ་བའི་དོན་དུ་ལམ་ལ་འབད་པ་འབྲས་བུ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་རང་བཞིན་གྱིས་རྣམ་པར་དག་ཅིང་ཉོན་མོངས་པ་དང་བཅས་པའང་ཡིན་ཞེ་ན། སེམས་ཀྱི་སྟོང་པ་ཉིད་དེ་ནི་ཆོས་ཅན། ཉོན་མོངས་པའི་ངོ་བོ་མ་ཡིན་ཏེ། འོད་གསལ་བ་ཡིན་པའི་ཕྱིར། དེས་ན་རང་བཞིན་ནི་མ་དག་པའང་མིན་ནོ། །ཉོན་མོངས་པ་མི་ལྡན་པ་ཡང་མིན་ཏེ། གློ་བུར་གྱི་ཉོན་མོངས་པ་དང་བཅས་པའི་ཕྱིར། དེས་ན་དྲི་མས་དག་པ་ཡང་མིན་ནོ། །ཡང་ན་སེམས་ཀྱི་རང་བཞིན་སྟོང་ཉིད་དེ་ནི་ཆོས་ཅན། རང་བཞིན་གྱིས་མ་དག་པ་མིན་ཏེ། ཉོན་མོངས་པ་མ་ཡིན་པའི་ངོ་བོ་ཡིན་པའི་ཕྱིར་ཏེ། འོད་གསལ་བ་ཡིན་པའི་ཕྱིར། དེས་ན་དྲི་མས་དག་པ་ཡང་མིན་ཏེ། གློ་བུར་གྱི་ཉོན་མོངས་པ་དང་བཅས་པའི་ཕྱིར། གློ་བུར་གྱི་དོན་ནི་འབྲལ་རུང་ངོ༌། །མཚན་ཉིད་ཀྱི་ལེའུར་བཅད་པ་སྟེ། ལེའུ་དང་པོའི་རྣམ་འགྲེལ་ལོ།། ༈ །།གཉིས་པ་སྒྲིབ་པ་བཤད་པ་ལ་གསུམ་སྟེ། སྤྱིར་བསྟན་པ། སོ་སོར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་སྒྲིབ་པ་གཉིས་ཆོས་ཅན། ཁྱབ་པའི་སྒྲིབ་པ་ཞེས་བྱ་སྟེ། རང་གཞན་གྱི་དོན་མཐའ་དག་ལ་སྒྲིབ་པའི་ཕྱིར་རོ། །ཉན་ཐོས་ཀྱི་རིགས་ཅན་གྱི་སྒྲིབ་པ་ཆོས་ཅན། ཉི་ཚེ་བའི་སྒྲིབ་པ་ཞེས་བྱ་སྟེ། བདག་གི་དོན་ཙམ་ལ་སྒྲིབ་པར་བྱེད་པའི་ཕྱིར། རིགས་ཅན་གསུམ་ཀའི་ཉོན་མོངས་པ་ལྷག་པར་སྤྱོད་པའི་ཆགས་སོགས་ཆོས་ཅན། ལྷག་པའི་སྒྲིབ་པ་ཡིན་ཏེ། ཡུལ་ཅུང་ཟད་ཙམ་ལ་ཡང་ལྷག་པར་འབྱུང་བའི་སྒྲིབ་པ་ཡིན་པའི་ཕྱིར། ཡུལ་དང་ཆ་མཉམ་དུ་བྱུང་བའི་རིགས་ཅན་གསུམ་གྱི་ཉོན་མོངས་པ་ཆོས་ཅན། མཉམ་པའི་སྒྲིབ་པ་ཞེས་བྱ་སྟེ། ཡུལ་ཆེ་ཆུང་དང་རྗེས་སུ་མཐུན་པར་འཇུག་པའི་སྒྲིབ་པ་ཡིན་པའི་ཕྱིར། འཁོར་བའི་རྒྱུ་ཉེ་བར་ལེན་པ་དང༌། བསམ་པས་འཁོར་བ་སྤོང་བའི་སྒྲིབ་པ་གཉིས་ནི་ཆོས་ཅན། བྱང་སེམས་ཀྱི་ལམ་སྐྱེ་བའི་སྒྲིབ་པ་ཡིན་ཏེ། བྱང་སེམས་ཀྱི་ཤེས་རབ་དང་ཐབས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་ཕྱིར། བྱང་སེམས་ཀྱི་ཤེས་རབ་ཀྱིས་འཁོར་བ་རང་བཞིན་མེད་པར་རྟོགས་ཤིང་ཐབས་སྙིང་རྗེས་སེམས་ཅན་མི་འདོར་བའི་ཕྱིར། དེ་ལ་དང་པོ་དང་ཐ་མ་གཉིས་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་མི་མཐུན་ཕྱོགས་ཡིན་ཞིང༌། གཉིས་པ་ནི་ཉན་རང་གི་ལམ་གྱི་མི་མཐུན་ཕྱོགས་ཡིན་ལ། ལྷག་པ་དང་མཉམ་པ་གཉིས་ནི་ཐེག་པ་ཆེ་ཆུང་གཉིས་ཀྱི་སྒྲིབ་པ་ཐུན་མོང་བར་བསྟན་པ་ཡིན་ནོ། །གཉིས་པ་སོ་སོར་བཤད་པ་ལ་གསུམ་སྟེ། ཉོན་མོངས་པའི་སྒྲིབ་པ། དགེ་བ་ལ་སོགས་པའི་སྒྲིབ་པ། ལམ་གྱི་སྒྲིབ་པའོ། །དང་པོ་ལ་གཉིས་ཏེ། གང་གིས་སྒྲིབ་པའི་ཀུན་སྦྱོར་དང༌། གང་ལ་བསྒྲིབ་པར་བྱ་བའི་ཡོན་ཏན་ནོ། །དང་པོ་ནི། ཉོན་མོངས་པའི་སྒྲིབ་པ་དུ་ཡོད་ཅེ་ན། ཉོན་མོངས་པའི་མཚན་ཉིད་ཅན་གྱི་སྒྲིབ་པ་ནི། ཀུན་ཏུ་སྦྱོར་བའི་སྒྲིབ་པ་རྣམ་པ་དགུ་པོ་རྣམས་ལ་ངོས་བཟུང་བར་བྱ་བ་ཡིན་ནོ། །དགུ་གང་ཞེ་ན། ཀུན་ཏུ་སྦྱོར་བའི་སྒྲིབ་པ་རྣམ་པ་དགུ་པོ་རྣམས་ཡིན་ཏེ། ཀུན་སྦྱོར་དགུ་ནི། ལྟ་མིན་ལྔ་དང༌། ལྟ་བ་དང༌། མཆོག་ཏུ་འཛིན་པ་དང༌། ཕྲག་དོག་དང༌། སེར་སྣ་འོ། །དགུ་པོ་འདི་དག་ལ་ཀུན་སྦྱོར་ཞེས་བྱ་སྟེ། སྡུག་བསྔལ་སྣ་ཚོགས་ལ་སྦྱོར་བར་བྱེད་པའི་ཕྱིར། འདི་ལྟར་ལྟ་བ་ནི་ལྟ་བ་གཞན་གསུམ་ཡིན་ལ། མཆོག་འཛིན་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གཉིས་སོ། །གཉིས་པ་ནི། ཉོན་མོངས་པ་དེ་དག་གིས་གང་ལ་སྒྲིབ་ཅེ་ན། འདོད་ཆགས་ཀྱི་ཀུན་ཏུ་སྦྱོར་བས་ནི་འཁོར་བ་ལ་སྐྱོ་བ་སྐྱེ་བ་ལ་སྒྲིབ་སྟེ། འཁོར་བ་ལ་རྗེས་སུ་ཆགས་པའི་ཕྱིར། ཁོང་ཁྲོས་ནི་སེམས་བཏང་སྙོམས་སུ་གནས་པ་ལ་སྒྲིབ་སྟེ། སེམས་ཁོང་ནས་འཁྲུགས་པར་བྱེད་པའི་ཕྱིར་རོ། །ལྷག་མ་བདུན་པོ་རྣམས་ཀྱིས་ནི་ཐུན་མོང་དུ་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་ཡིན་ནོ། །སོ་སོའི་བྱེད་ལས་ནི། ང་རྒྱལ་གྱིས་ནི་འཇིག་ཚོགས་ལ་ལྟ་བའི་ཉེས་དམིགས་ཤེས་པ་ལ་སྒྲིབ་སྟེ། བདག་ཏུ་འཛིན་པའི་ཉེས་དམིགས་ཤེས་པ་ལ་སྒྲིབ་པའི་ཕྱིར། མ་རིག་པས་ནི་འཇིག་ལྟ་དེའི་གཞི་ཉེར་ལེན་གྱི་ཕུང་པོ་ལྔའི་གནས་ཚུལ་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། རྟག་འཛིན་སོགས་ཕྱིན་ཅི་ལོག་སྐྱེད་པའི་ཕྱིར། ལྟ་བའི་ཀུན་ཏུ་སྦྱོར་བས་ནི་འགོག་པའི་བདེན་པ་མངོན་དུ་བྱེད་པ་ལ་སྒྲིབ་སྟེ། འཇིག་ལྟ་དང་མཐར་འཛིན་གྱིས་འགོག་པ་ལ་སྐྲག་པ་དང་བདག་ཆད་ཀྱིས་དོགས་པའི་འཇིགས་པ་སྐྱེད་པའི་ཕྱིར་དང༌། ལོག་ལྟས་འགོག་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །མཆོག་ཏུ་འཛིན་པ་གཉིས་ཀྱིས་ནི་ལམ་གྱི་བདེན་པ་ལ་སྒྲིབ་སྟེ། ལམ་གྱི་མི་མཐུན་ཕྱོགས་ལ་མཆོག་ཏུ་འཛིན་པའི་ཕྱིར་རོ། །ཐེ་ཚོམ་གྱིས་ནི་དཀོན་མཆོག་གི་ཡོན་ཏན་ཤེས་པ་ལ་སྒྲིབ་སྟེ། དཀོན་མཆོག་གི་ཡོན་ཏན་ལ་ཡིད་མི་ཆེས་པར་བྱེད་པའི་ཕྱིར་རོ། །ཕྲག་དོག་གིས་ནི་རྙེད་པ་དང་བཀུར་སྟིའི་ཉེས་དམིགས་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། རང་གི་རྙེད་བཀུར་ལ་ཆགས་ཤིང་གཞན་གྱི་ཕུན་སུམ་ཚོགས་པ་ལ་ཞེ་སྡང་བའི་ཕྱིར་རོ། །སེར་སྣའི་ཀུན་ཏུ་སྦྱོར་བས་ནི་ཡོ་བྱད་ཡོངས་སུ་བསྙུངས་པའི་ཡོན་ཏན་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། ཡོ་བྱད་ལ་ལྷག་པར་ཞེན་པའི་ཕྱིར་རོ། །དེ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོའི་ཀུན་སྦྱོར་གཉིས་ཀྱིས་ནི་དེ་ཁོ་ན་ཉིད་རྟོགས་པའི་སྦྱོར་བ་ལ་འཇུག་པ་ལ་སྒྲིབ། ལྷག་མ་རྣམས་ཀྱིས་ནི་དེ་ཁོ་ན་ཉིད་རྟོགས་པ་ལ་ཞུགས་པ་ལ་སྒྲིབ་བོ། །ཉོན་མོངས་པའི་སྒྲིབ་པ་བསྟན་ཟིན་ཏོ། །གཉིས་པ་དགེ་བ་ལ་སོགས་པའི་སྒྲིབ་པ་བཤད་པ་ལ་གསུམ་སྟེ། སྒྲིབ་བྱེད་སུམ་ཅུ་བཤད་པ། བསྒྲིབ་བྱ་དགེ་སོགས་བཅུ་བཤད་པ། བསྒྲིབ་བྱ་གང་ལ་གང་གིས་སྒྲིབ་པ་བཤད་པའོ། །དང་པོ་ནི། བསྒྲིབ་བྱ་དགེ་བ་ལ་སོགས་པ་བཅུ་ལ་སྒྲིབ་བྱེད་སྔ་མ་ལས་གཞན་དུ་འཆད་པ་ནི་ཞེས་པའམ། ཉོན་མོངས་པའི་སྒྲིབ་པ་ལས་གཞན་དག་པ་ལ་སོགས་པ་བཅུ་ལ་སྒྲིབ་བྱེད་ཀྱི་སྒྲིབ་པ་ནི། སྦྱོར་བ་མེད་པ་ནི་བག་མེད་པ་དང་ལེ་ལོའི་དབང་གིས་དགེ་བ་ལ་མི་སྦྱོར་བའོ། ༡ །སྐྱེ་མཆེད་མ་ཡིན་པ་ནི་བྱང་ཆུབ་ཐོབ་པའི་ཐབས་མ་ཡིན་པ་སྟེ་ཕྱི་རོལ་པའི་བསྟན་བཅོས་ལ་ཞེན་པའོ། ༢ །ཚུལ་བཞིན་ཡིད་ལ་བྱེད་པའི་རྣལ་འབྱོར་མ་ཡིན་པས་བསྐྱེད་པ་གང་ཡིན་པ་ནི་ཉོན་མོངས་པ་སྤོང་བའི་ཐབས་མིན་པ་ལ་སྦྱོར་བའོ། ༣ །དགེ་བའི་རྩ་བ་སྐྱེ་བ་མེད་པ་ནི་བྱང་ཆུབ་ལ་སྒྲིབ་པ་སྟེ་དགེ་བ་མེད་ན་བྱང་ཆུབ་མི་འཐོབ་པའི་ཕྱིར་རོ། ༡ །ཡིད་ལ་མི་བྱེད་པ་ཡང་བྱང་ཆུབ་ཀྱི་སྒྲིབ་པ་སྟེ་ལེ་ལོས་དགེ་བའི་རྩ་བ་ཁྱད་པར་དུ་མི་འགྱུར་བའི་ཕྱིར་རོ། ༢ །ཚོགས་ཡོངས་སུ་མ་རྫོགས་པ་ནི་ཚོགས་གཉིས་ཀྱི་རྒྱུ་ཚོགས་མ་ཚང་བའོ། ༣ །རིགས་དང་མི་ལྡན་པ་ནི་ཐེག་པ་ཆེན་པོའི་རིགས་མེད་པའོ། ༡ །དགེ་བའི་བཤེས་གཉེན་དང་མི་ལྡན་པ་ནི་རིགས་ཡོད་ཀྱང་ཐེག་ཆེན་གྱི་དགེ་བ་ལ་ཡོངས་སུ་འཇུག་བྱེད་མེད་པའོ། ༢ །སེམས་ཡོངས་སུ་སྐྱོ་བ་ནི་དགེ་བའི་བཤེས་གཉེན་དང་ཕྲད་ཀྱང་ཐེག་ཆེན་གྱི་དཀའ་སྤྱད་ཀྱིས་སེམས་ཡོངས་སུ་སྐྱོ་བའོ། ༣ །ཡང་ན་དགེ་བའི་རྩ་བ་ལ་བརྩོན་པའི་དཀའ་སྤྱད་ཀྱིས་ཡོངས་སུ་སྐྱོ་བའོ། །སྒྲུབ་པ་དང་ཡང་མི་ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མི་འཇུག་པའོ། ༡ །སྐྱེ་བོ་ངན་པ་དང་འགྲོགས་པ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་མི་ཤེས་པ་དང་འགྲོགས་པའོ། ༢ །སྡང་བ་དང་འགྲོགས་པ་ནི་བྱང་ཆུབ་སེམས་དཔའ་ལ་སྐྱོན་སྒྲོ་བཏགས་ནས་ཀླན་ཀ་ཚོལ་བ་དང་འགྲོགས་པའོ། ༣ །དེ་ལྟ་ན་སྐྱེ་བོ་ངན་པ་དང་འགྲོགས་པ་དང༌། སྡང་བ་དང་འགྲོགས་པ་ཞེས་གཉིས་སུ་བཞག་གོ །རང་གི་གནས་ངན་ལེན་གསུམ་ནི། ཉོན་མོངས་པ་དང་ལས་དང་རྣམ་སྨིན་གྱི་སྒྲིབ་པའོ། ༡ །སྒྲིབ་པ་གསུམ་ལས་ལྷག་མ་གང་ཡང་རུང་བ་ཞིག་དང༌། ༢ ཐོས་བསམ་གྱི་ཤེས་རབ་ཡོངས་སུ་མ་སྨིན་པ་དང༌། ༣ རང་བཞིན་གྱིས་སམ་ལྷན་ཅིག་སྐྱེས་པའི་གནས་ངན་ལེན་ནི་སྒོམ་སྤོང་གི་ཉོན་མོངས་པའི་བག་ལ་ཉལ་ལོ། ༡ །ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བའོ། ༢ །བག་མེད་ནི་ཟག་པ་དང་བཅས་པའི་ཆོས་ལ་སེམས་མི་བསྲུང་བའོ། ༣ །སྲིད་པ་ལ་ཆགས་པ་ནི་ཕུང་པོ་ལྔ་ལ་ཞེན་པའོ། ༡ །ལོངས་སྤྱོད་ལ་ཆགས་པ་ནི་གཟུགས་ལ་སོགས་པའི་ཡུལ་ལ་ཞེན་པའོ། ༢ །སེམས་ཞུམ་པར་གྱུར་པ་ནི་དགེ་བའི་སྤྱོད་པ་རྒྱ་ཆེན་པོ་ལ་འཇུག་པར་མི་ནུས་པའོ། ༣ །མ་དད་པ་ནི་ཐེག་པ་ཆེན་པོའི་ཚུལ་སེམས་ཡིད་མ་ཆེས་ཤིང་མ་དད་པའོ། ༡ །མི་མོས་པ་ནི་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་ལ་ཕྱིན་ཅི་ལོག་ཏུ་འཛིན་པའོ། ༢ །སྒྲ་ཇི་བཞིན་དུ་སྤྱོད་པ་ནི་མ་སྐྱེས་པ་དང་གཟོད་མ་ནས་ཞི་བ་སོགས་གསུངས་པ་ལ་སྒྲ་ཇི་བཞིན་དུ་རྟོག་པར་བྱེད་པ་སྟེ་དགོངས་པའི་དོན་མི་ཤེས་པའོ། ༣ །དམ་ཆོས་ཆེས་ཆེར་མི་འཛིན་པ་ནི་ཆོས་གཅེས་སྤྲས་སུ་མི་འཛིན་པའོ། ༡ །རྙེད་པ་ལ་གདུ་བ་ནི་རྙེད་པ་འབའ་ཞིག་གཙོ་བོར་བྱེད་པའོ། ༢ །སྙིང་རྗེ་མེད་པ་ནི་ཆོས་འཆད་པའི་ཀུན་སློང་གི་བསམ་པ་མ་དག་པའོ། ༣ །ཐོས་པས་ཕོངས་པ་ནི་ཆོས་སྤོང་བའི་ལས་བསག་པས་དམ་པའི་ཆོས་ཉན་པ་དང་བྲལ་བའོ། ༡ །ཐོས་པ་ཉུང་བ་ནི་ཅུང་ཟད་ཐོས་ཀྱང་རྒྱ་ཆེན་པོ་འཛིན་པའི་ནུས་པ་མེད་པའོ། ༢ །ཏིང་ངེ་འཛིན་ཡོངས་སུ་སྦྱོང་བ་མ་བྱས་པ་ནི་འདུན་པ་དང་བརྩོན་འགྲུས་སོགས་ཀྱི་རྐང་པས་སྦྱང་བ་མ་བྱས་པའོ། ༣ །སྒྲིབ་པ་སུམ་ཅུ་བཤད་ཟིན་ཏོ། །གཉིས་པ་བསྒྲིབ་བྱ་དགེ་སོགས་བཅུ་བཤད་པ་ནི། དགེ་བ་ནི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་ཇི་སྙེད་དོ། ༡ །བྱང་ཆུབ་ནི་དོན་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པའོ། ༢ །བྱང་ཆུབ་ཡང་དག་པར་འཛིན་པ་ནི་བྱང་ཆུབ་ཀྱི་རྒྱུར་སེམས་བསྐྱེད་པའོ། ༣ །བློ་ལྡན་ནི་བྱང་ཆུབ་སེམས་དཔའ་སྟེ་དབང་པོ་རྣོ་བའི་ཕྱིར། ༤ འཁྲུལ་པ་མེད་པ་ནི་མཐོང་ལམ་སྟེ། བདེན་པ་མངོན་སུམ་དུ་མཐོང་བས་ཕྱིན་ཅི་མ་ལོག་པའི་བློ་སྐྱེས་པའི་ཕྱིར། ༥ སྒྲིབ་པ་མེད་པ་ནི་སྒོམ་ལམ་སྟེ། སྒྲིབ་པ་མཐའ་དག་གི་གཉེན་པོ་བྱེད་པའི་ཕྱིར་རོ། །ཡང་ན་སྒྲིབ་པའི་ལྷག་མ་མེད་པ་ལ་སྦྱར་རོ། ༦ །བསྔོ་བ་ནི་ཐབས་ལ་མཁས་པ་སྟེ། དགེ་བ་བྱང་ཆུབ་ཀྱི་རྒྱུར་སྒྱུར་བར་བྱེད་པའི་ཕྱིར་རོ། ༧ །མི་སྐྲག་པ་ནི་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་ལ་མི་སྐྲག་པའོ། ༨ །སེར་སྣ་མེད་པ་ནི་རྙེད་པ་དང་བཀུར་སྟི་ལ་མི་ལྟ་བར་དམ་པའི་ཆོས་སྟོན་པའོ། ༩ །དབང་ནི་སངས་རྒྱས་ཏེ་དབང་བཅུ་ཡོངས་སུ་རྫོགས་པའི་ཕྱིར་རོ། ༡༠ །དགེ་བ་ལ་སོགས་པ་ནས་དབང་པོ་ལ་ཐུག་པའི་བར་ཆོས་བཅུ་ནི་བསྒྲིབ་བྱའི་དགེ་སོགས་བཅུའོ། །སྐབས་འདིར་སློབ་དཔོན་དབྱིག་གཉེན་གྱིས་སྒྲིབ་པ་བཅུ་པོ་འདི་ལ་བྱེད་རྒྱུ་དཔེ་དང་བཅས་པ་བསྟན་པ་ནི་འདི་ལྟར། སྐྱེ་བའི་བྱེད་རྒྱུ་ནི། མིག་དབང་ལས་མིག་ཤེས་སྐྱེ་བ་ལྟ་བུའོ། །གནས་པའི་བྱེད་རྒྱུ་ནི། ཟས་བཞིས་ལུས་གནས་པར་བྱེད་པ་ལྟ་བུའོ། །རྟེན་པའི་བྱེད་རྒྱུ་ནི། བཅུད་ཀྱི་སེམས་ཅན་སྣོད་ཀྱི་འཇིག་རྟེན་ས་གཞི་ལ་བརྟེན་པ་ལྟ་བུའོ། །གསལ་བའི་བྱེད་རྒྱུ་ནི། བསྟན་བྱ་གཟུགས་ལ་གསལ་བྱེད་མར་མེ་ལྟ་བུའོ། །འགྱུར་བའི་བྱེད་རྒྱུ་ནི། བཙོ་སྲེག་བྱེད་པའི་མེ་ལྟ་བུའོ། །འབྲལ་བའི་བྱེད་རྒྱུ་ནི། རྩ་བརྔ་བ་ལ་ཟོར་བ་ལྟ་བུའོ། །གཞན་དུ་སྒྱུར་བའི་བྱེད་རྒྱུ་ནི། གསེར་བཟོ་ཤེས་པའི་མགར་བས་གསེར་གདུ་བུ་ལ་སོགས་པའི་དངོས་པོར་བསྒྱུར་བ་ལྟ་བུའོ། །ཡིད་ཆེས་པའི་བྱེད་རྒྱུ་ནི། དུ་བའི་རྟགས་ཀྱིས་མེ་ལྟ་བུའོ། །གོ་བར་བྱེད་པའི་བྱེད་རྒྱུ་ནི། དམ་བཅའ་དང་གཏན་ཚིགས་ཀྱི་རྒྱུ་ལས་ངེས་པ་བསྐྱེད་པ་ལྟ་བུའོ། །འཐོབ་པའི་བྱེད་རྒྱུ་ནི། ལམ་ལ་བརྟེན་ནས་མྱང་འདས་འཐོབ་པ་ལྟ་བུའོ། །དེ་ལྟར་ཡང༌། བྱེད་རྒྱུ་བཅུ་ནི་སྐྱེ་བ་དང༌། །གནས་པ་རྟེན་དང་བསྟན་བྱ་དང༌། །འགྱུར་དང་འབྲལ་དང་གཞན་དུ་དང༌། །ཡིད་ཆེས་གོ་བྱེད་འཐོབ་རྣམས་ལ། །མིག་དང་ཟས་ས་མར་མེ་དང༌། །མེ་ལ་སོགས་པ་དེ་ཡི་དཔེ། །ཟོར་བ་བཟོ་ཤེས་དུ་བ་དང༌། །རྒྱུ་དང་ལམ་ལ་སོགས་པ་གཞན། །ཞེས་གསུངས། གཞན་ཡང་དགེ་བ་སྐྱེ་བའི་བྱེད་རྒྱུ། བྱང་ཆུབ་གནས་པའི་བྱེད་རྒྱུ་སོགས་སྒྲིབ་བྱ་བཅུ་དང༌། སྐྱེ་བ་ལ་སྒྲིབ་པ། གནས་པ་ལ་སྒྲིབ་པ་སོགས་སྒྲིབ་བྱེད་བཅུ་གོ་རིམ་བཞིན་སྦྱོར་ཚུལ་དང་བཅས་ཏེ་གསུངས་སོ། །འདི་དག་གི་གོ་རིམ་ནི། ཐོག་མར་དགེ་བའི་རྩ་བ་ལ་ཞུགས་ནས། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡོངས་སུ་འཛིན་པར་བྱེད་དེ། དོན་གཉིས་ཕུན་སུམ་ཚོགས་པའི་གཞི་ཡིན་པའི་ཕྱིར། དེ་ནས་སེམས་བསྐྱེད་ཀྱི་དམ་བཅའ་མཐར་ཕྱིན་པའི་དོན་དུ་བྱང་ཆུབ་སེམས་དཔའི་བྱ་བ་སྦྱིན་པ་ལ་སོགས་པ་སྒྲུབ་བོ། །དེ་ནས་སྦྱིན་སོགས་ཚོགས་གཉིས་ཀྱི་འབྲས་བུ་འཁྲུལ་པ་མེད་པའི་མཐོང་ལམ་བསྐྱེད་པར་བྱེད་དོ། །དེ་ནས་སྒྲིབ་པ་ལྷག་མ་མེད་པའི་སྒོམ་ལམ་སྒོམ་མོ། །དེ་ནས་གནས་སྐབས་དེ་དག་ཏུ་དགེ་བའི་རྩ་བ་ཆུད་མི་ཟ་བའི་དོན་དུ་དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་ཐོས་པ་ལ་རག་ལས་པས་དེ་ལ་མི་སྐྲག་པར་འཇུག་གོ །ཞུགས་ནས་སེམས་ཅན་ཡོངས་སུ་སྨིན་པའི་དོན་དུ་ཆོས་སྟོན་ཏོ། །ཆོས་ཀྱིས་གདུལ་བྱ་ཡོངས་སུ་སྨིན་པར་བྱས་ནས། དབང་ཐོབ་པའི་སངས་རྒྱས་ཉིད་དུ་འགྱུར་བ་ཡིན་ནོ། །བསྒྲིབ་བྱ་དགེ་སོགས་བཅུ་བཤད་ཟིན་ཏོ། །གསུམ་པ་བསྒྲིབ་བྱ་གང་ལ་གང་གིས་སྒྲིབ་པ་བཤད་པ་ནི། དགེ་སོགས་གང་ལ་སྒྲིབ་བྱེད་དུ་ཞིག་གིས་སྒྲིབ་པར་བྱེད་ཅེ་ན། དགེ་བ་ལ་སོགས་པ་དེ་དག་གི་སྒྲིབ་པ་རྣམས་ནི་བཅུ་པོ་རེ་རེ་ལ་སྒྲིབ་བྱེད་གསུམ་གསུམ་ཡོད་པ་དག་ཏུ་ཤེས་པར་བྱའོ། །དེ་ཡང་དགེ་བ་ལ་སྒྲིབ་པ་གསུམ་ནི། སྦྱོར་བ་མེད་པ་དང༌། སྐྱེ་མཆེད་མིན་པ་ལ་སྦྱོར་བ་དང༌། ཚུལ་བཞིན་མིན་པ་ལ་སྦྱོར་བས་བསྐྱེད་པའོ། །བྱང་ཆུབ་ཀྱི་སྒྲིབ་པ་གསུམ་ནི། དགེ་བའི་རྩ་བ་བསྐྱེད་པ་མེད་པ་དང༌། བསྐྱེད་ཀྱང་ཡིད་ལ་མི་བྱེད་པ་དང༌། ཚོགས་ཡོངས་སུ་མ་རྫོགས་པའོ། །ཡང་དག་པར་འཛིན་པའི་སྒྲིབ་པ་གསུམ་ནི། རིགས་དང་མི་ལྡན་པ་དང༌། དགེ་བའི་བཤེས་གཉེན་དང་མི་ལྡན་པ་དང༌། སེམས་ཡོངས་སུ་སྐྱོ་བའོ། །བྱང་ཆུབ་སེམས་དཔའི་ཁོང་དུ་ཆུད་པ་ལ་སྒྲིབ་པ་གསུམ་ནི། སྒྲུབ་པ་དང་མི་ལྡན་པ་དང༌། སྐྱེ་བོ་ངན་པ་དང་འགྲོགས་པ་དང༌། སྐྱེ་བོ་སྡང་བ་དང་འགྲོགས་པའོ། །འཁྲུལ་པ་མེད་པའི་སྒྲིབ་པ་གསུམ་ནི། ཕྱིན་ཅི་ལོག་གི་གནས་ངན་ལེན་གསུམ་དང༌། སྒྲིབ་པ་གསུམ་ལས་ལྷག་མ་གང་ཡང་རུང་བ་དང༌། ཤེས་རབ་ཡོངས་སུ་མ་སྨིན་པའོ། །རང་གི་གནས་ངན་ལེན་གསུམ་ནི། ཉོན་མོངས་པའི་སྒྲིབ་པ་དང༌། ལས་ཀྱི་སྒྲིབ་པ་དང༌། རྣམ་སྨིན་གྱི་སྒྲིབ་པ་གསུམ་མོ། །སྒྲིབ་པ་མེད་པའི་སྒྲིབ་པ་གསུམ་ནི། རང་བཞིན་གྱི་གནས་ངན་ལེན་དང༌། ལེ་ལོ་དང༌། བག་མེད་པའོ། །བསྔོ་བའི་སྒྲིབ་པ་གསུམ་ནི། སྲིད་པ་ལ་ཆགས་པ་དང༌། ལོངས་སྤྱོད་ལ་ཆགས་པ་དང༌། སེམས་ཞུམ་པའོ། །མི་སྐྲག་པའི་སྒྲིབ་པ་གསུམ་ནི། གང་ཟག་ལ་མ་དད་པ་དང༌། ཆོས་ལ་མ་མོས་པ་དང༌། དོན་ལ་སྒྲ་ཇི་བཞིན་དུ་སྤྱོད་པའོ། །སེར་སྣ་མེད་པའི་སྒྲིབ་པ་གསུམ་ནི། ཆོས་ལ་ཆེས་ཆེར་མི་འཛིན་པ་དང༌། རྙེད་བཀུར་ལ་གདུ་བ་དང༌། སྙིང་རྗེ་མེད་པའོ། །དབང་གི་སྒྲིབ་པ་གསུམ་ནི། ཐོས་པས་ཕོངས་པ་དང༌། ཐོས་པ་ཉུང་བ་དང༌། ཏིང་ངེ་འཛིན་ལ་མ་སྦྱངས་པའོ། །དགེ་བ་ལ་སོགས་པའི་སྒྲིབ་པ་བསྟན་ཟིན་ཏོ། །གསུམ་པ་ལམ་གྱི་སྒྲིབ་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། ས་རྣམས་ལ་སྒྲིབ་པ་དག་ནི་སྒྲིབ་པ་སྔ་མ་གཉིས་ལས་གཞན་པའི་སྒྲིབ་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་སྒྲིབ་པ་དང༌། ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་དང༌། ས་རྣམས་ཀྱི་སྒྲིབ་པའོ། །དང་པོ་ནི། དྲན་པ་ཉེར་གཞག་གི་སྒྲིབ་པ་ཆོས་ཅན། གཞི་ལ་མི་མཁས་པ་ཡིན་ཏེ། གཞི་ལུས་དང་ཚོར་བ་ལ་སོགས་པ་བཞི་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་ཕྱིར་ཏེ། ལུས་ལ་གཙང་བ་དང༌། ཚོར་བ་ལ་བདེ་བ་དང༌། སེམས་ལ་བདག་དང༌། ཆོས་ལ་བདག་གིར་འཛིན་པའི་ཕྱིར། ལེ་ལོ་ཆོས་ཅན། ཡང་དག་པར་སྤོང་བའི་སྒྲིབ་པ་ཡིན་ཏེ། མི་དགེ་བ་སྐྱེས་པ་སྤོང་ཞིང་མ་སྐྱེས་པ་མི་བསྐྱེད་པ་དང༌། དགེ་བ་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་པ་འཕེལ་བའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། འགལ་རྐྱེན་བྱིང་རྒོད་དང་མཐུན་རྐྱེན་འདུན་པ་མ་ཚང་བ་གཉིས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་ལ་སྒྲིབ་སྟེ། རྒྱུ་ཏིང་ངེ་འཛིན་ཉམས་པར་བྱས་པས་འབྲས་བུ་རྫུ་འཕྲུལ་མི་ཐོབ་པའི་ཕྱིར། ཡང་ན་གྲོགས་འདུན་སོགས་བཞི་དང་གཉེན་པོ་སྤོང་བའི་འདུ་བྱེད་མ་ཚང་བ་གཉིས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་ལ་སྒྲིབ་སྟེ། འདི་གཉིས་ཀྱིས་ཏིང་ངེ་འཛིན་ལས་ཉམས་པས་འབྲས་བུ་རྫུ་འཕྲུལ་མི་ཐོབ་པའི་ཕྱིར་རོ། །དད་པ་དང་བརྩོན་འགྲུས་ལ་སོགས་མི་བསྐྱེད་པ་སྟེ་དེ་ལ་མི་འཇུག་པ་ཆོས་ཅན། དབང་པོ་ལ་སྒྲིབ་སྟེ། ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་མི་སྐྱེད་པར་བྱེད་པའི་ཕྱིར་རོ། །དད་པ་སོགས་ནུས་པ་ཉམས་ཆུང་བ་ཆོས་ཅན། སྟོབས་ལ་སྒྲིབ་སྟེ། མི་མཐུན་ཕྱོགས་ཟིལ་གྱིས་གནོན་པའི་ནུས་པ་ཉམ་ཆུང་བའི་ཕྱིར། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་མཐོང་སྤང་རྣམས་ཆོས་ཅན། བྱང་ཆུབ་ཀྱི་ཡན་ལག་ལ་སྒྲིབ་སྟེ། བདེན་པ་མངོན་སུམ་དུ་མི་མཐོང་བར་བྱེད་པའི་ཕྱིར། གནས་ངན་ལེན་གྱི་སྒྲིབ་པ་ཆོས་ཅན། འཕགས་ལམ་ཡན་ལག་ལ་སྒྲིབ་སྟེ། སྒོམ་ལམ་གྱི་མི་མཐུན་ཕྱོགས་སུ་གྱུར་པའི་ཕྱིར། སྐྱོན་ཆགས་པས་ཞེས་པ་ནི་སྒྲིབ་པ་ཀུན་གྱི་མཇུག་ཏུ་སྦྱར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་སྒྲིབ་པ་བསྟན་ཟིན་ཏོ། །གཉིས་པ་ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་ནི། སེར་སྣ་ཆོས་ཅན། སྦྱིན་པ་ལ་སྒྲིབ་པར་བྱེད་དེ། ཕྱུག་པོའི་གོ་འཕང་ཐོབ་པ་ལ་གེགས་བྱེད་པའི་ཕྱིར། ཚུལ་ཁྲིམས་འཆལ་བ་ཆོས་ཅན། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་སྒྲིབ་པ་ཞེས་བྱ་སྟེ། བདེ་འགྲོ་ཐོབ་པ་ལ་གེགས་བྱེད་པའི་ཕྱིར། ཁོང་ཁྲོ་ཆོས་ཅན། བཟོད་པའི་ཕར་ཕྱིན་གྱི་སྒྲིབ་པ་ཡིན་ཏེ། བཟོད་པའི་སྒོ་ནས་བསམ་པས་སེམས་ཅན་ཡོངས་སུ་མི་གཏོང་བ་ཐོབ་པ་ལ་གེགས་བྱེད་པའི་ཕྱིར། ལེ་ལོ་ཆོས་ཅན། བརྩོན་འགྲུས་ཀྱི་ཕར་ཕྱིན་གྱི་སྒྲིབ་པ་ཡིན་ཏེ། ཉེས་པ་འབྲི་ཞིང་ཡོན་ཏན་འཕེལ་བ་ལ་གེགས་བྱེད་པའི་ཕྱིར། རྣམ་གཡེང་ཆོས་ཅན། བསམ་གཏན་གྱི་ཕར་ཕྱིན་གྱི་སྒྲིབ་པ་ཞེས་བྱ་སྟེ། རྫུ་འཕྲུལ་གྱིས་གདུལ་བྱ་བསྟན་པ་ལ་འཛུད་པའི་གེགས་བྱེད་པའི་ཕྱིར། ཤེས་རབ་འཆལ་བ་ཆོས་ཅན། ཤེས་རབ་ཀྱི་ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཡིན་ཏེ། གདུལ་བྱ་གྲོལ་བར་བྱེད་པའི་གེགས་བྱེད་པའི་ཕྱིར། དགེ་བ་བྱང་ཆུབ་ཀྱི་ཐབས་དང་བྲལ་བ་ཆོས་ཅན། ཐབས་ཀྱི་ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཡིན་ཏེ། དགེ་བ་མི་ཟད་པའི་གེགས་བྱེད་པའི་ཕྱིར། སྨོན་ལམ་ལ་མི་འཇུག་པ་ཆོས་ཅན། སྨོན་ལམ་གྱི་ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཡིན་ཏེ། དགེ་བ་རྒྱུན་མི་འཆད་པའི་གེགས་བྱེད་པའི་ཕྱིར། ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པ་ལ་ནུས་པ་མཐུ་ཆུང་བ་ཆོས་ཅན། སྟོབས་ཀྱི་ཕར་ཕྱིན་གྱི་སྒྲིབ་པ་ཡིན་ཏེ། དགེ་བའི་འབྲས་བུ་མཐའ་གཅིག་ཏུ་ངེས་པར་བྱེད་པ་ལ་གེགས་བྱེད་པའི་ཕྱིར་རོ། །སྒྲ་ཇི་བཞིན་དུ་སྤྱོད་པ་སོགས་ཆོས་ཅན། ཡེ་ཤེས་ཀྱི་ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཡིན་ཏེ། བདག་དང་གཞན་ཆོས་ཟབ་མོ་རྣམས་ལ་ལོངས་སྤྱོད་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་གེགས་བྱེད་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་བསྟན་ཟིན་ཏོ། །གསུམ་པ་སའི་སྒྲིབ་པ་བསྟན་པ་ནི། ཆོས་དབྱིངས་རང་བཞིན་རྣམ་དག་ལ་རིགས་མི་འདྲ་བའི་ཁྱད་པར་མེད་ཀྱང་རྗེས་ཐོབ་ཏུ་ངེས་པ་འདྲེན་པའི་ཚུལ་གྱི་བྱེ་བྲག་ལས་ས་བཅུར་རྣམ་པར་ཕྱེ་བའི་ཁྱད་པར་སྒྲིབ་པ་བཅུར་བཞག་གོ །མཉམ་གཞག་ཏུ་ཆོས་ཉིད་རྟོགས་པས་རྗེས་ཐོབ་ཏུ་ངེས་པ་འདྲེན་ཚུལ་རྣམ་པར་གཞག་པ་ནི། ས་དང་པོར་ཆོས་དབྱིངས་ལ་གོམས་པ་ཐོབ་ཚུལ་གྱི་ནུས་པས་རྗེས་ཐོབ་ཏུ་ཆོས་དབྱིངས་ཀུན་འགྲོའི་ཚུལ་དུ་རྟོགས་པས་མཉམ་གཞག་ནི་དེའི་དོན་དུའོ། །ས་གཉིས་པར་ཆོས་དབྱིངས་སྒོམ་པ་ནི། རྗེས་ཐོབ་ཏུ་ཆོས་དབྱིངས་ཀྱི་རྟོགས་པ་གོང་ནས་གོང་དུ་མཆོག་ཏུ་འགྱུར་བའི་རྟེན་དུ་རྟོགས་པས་མཉམ་གཞག་ནི་དེའི་དོན་དུའོ། །ས་གསུམ་པ་ལ་ཆོས་དབྱིངས་སྒོམ་པ་ནི། རྗེས་ཐོབ་ཏུ་ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་གསུང་རབ་ཐོས་པ་དོན་དུ་གཉེར་བྱའི་མཆོག་ཏུ་རྟོགས་པ་འབྱུང་བས་མཉམ་གཞག་ནི་དེའི་དོན་དུའོ། །ས་བཞི་པ་ལ་ཆོས་དབྱིངས་སྒོམ་པ་ནི། རྗེས་ཐོབ་ཏུ་ཆོས་དབྱིངས་བདག་གི་བ་སོགས་གང་དུ་ཡང་ཡོངས་སུ་འཛིན་པ་མེད་པར་རྟོགས་པས་མཉམ་གཞག་ནི་དེའི་དོན་དུའོ། །ས་ལྔ་པར་ཆོས་དབྱིངས་སྒོམ་པ་ནི། རྗེས་ཐོབ་ཏུ་བདག་གཞན་གྱི་རྒྱུད་རྣམས་ཀྱི་ཆོས་དབྱིངས་ཐ་དད་མེད་པར་རྟོགས་པས་ན་མཉམ་གཞག་ནི་དེའི་དོན་དུའོ། །ས་དྲུག་པའི་རྗེས་ཐོབ་ཏུ་ཀུན་ནས་ཉོན་མོངས་པ་སྔར་ཡོད་རྣམ་པར་དག་པར་འགྱུར་བ་མིན་པར་རྟོགས་པས་ན་རྟོགས་པ་དེ་བསྐྱེད་པའི་དོན་ཅན་དུ་མཉམ་གཞག་ཏུ་ཆོས་ཉིད་སྒོམ་མོ། །ས་བདུན་པ་ལ་རྗེས་ཐོབ་ཏུ་ཆོས་ཐམས་ཅད་ཀྱི་ཆོས་དབྱིངས་མཚན་མ་མེད་པའི་ཚུལ་དུ་ཐ་དད་མེད་པར་རྟོགས་པའི་དོན་དུ་མཉམ་གཞག་ཏུ་ཆོས་དབྱིངས་ལ་མཚན་མར་འཛིན་པའི་སྒྲོ་འདོགས་གཅོད་དོ། །ས་བརྒྱད་པ་ལ་ནི། རྗེས་ཐོབ་ཏུ་ཆོས་དབྱིངས་འཕེལ་འགྲིབ་མེད་པར་རྟོགས་པའི་དོན་དུ་ཆོས་དབྱིངས་ལ་འཕེལ་འགྲིབ་མེད་པའི་ཚུལ་དུ་མཉམ་པར་གཞག་གོ །ས་བརྒྱད་པ་ལ་ཆོས་དབྱིངས་འཕེལ་འགྲིབ་མེད་པའི་ཚུལ་དུ་རྟོགས་ཏེ། མཉམ་པར་གཞག་པ་ནི་ཆོས་ཅན། དབང་རྣམ་པ་བཞི་ཡི་གནས་ཞེས་བརྗོད་དེ། ཁྱོད་ལས་རྣམ་པར་མི་རྟོག་པ་དང༌། ཞིང་དང༌། ཡེ་ཤེས་དང༌། ལས་ལ་དབང་བ་བཞི་པོའི་ཡོན་ཏན་འཐོབ་པར་འགྱུར་བའི་ཕྱིར། ཇི་ལྟར་འཐོབ་ཅེ་ན། ས་བརྒྱད་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བ་དང༌། ཞིང་ཡོངས་སུ་དག་པ་དབང་བ་འབྱུང་སྟེ། སྤྲོས་པའི་མཚན་མར་འཛིན་པ་མི་འབྱུང་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཞིང་དང་འཁོར་གྱི་དཀྱིལ་འཁོར་རབ་ཏུ་སྟོན་པའི་མཐུ་བརྙེས་པའི་ཕྱིར། ས་དགུ་པ་ལ་ནི། མཉམ་གཞག་ཏུ་ཆོས་དབྱིངས་བསྒོམས་པས་ཡེ་ཤེས་ལ་དབང་བའི་ཡོན་ཏན་གྱི་གནས་སུ་རྟོགས་ཏེ། སོ་སོ་ཡང་དག་པ་རིག་པ་བཞི་ལ་དབང་ཐོབ་པའི་ཕྱིར། ས་བཅུ་པ་ལ་ནི། མཉམ་གཞག་ཏུ་ཆོས་དབྱིངས་བསྒོམས་པས་རྗེས་ཐོབ་ཏུ་ཕྲིན་ལས་འབྱུང་བའི་གནས་ཉིད་དུ་རྟོགས་ཏེ། ཇི་ལྟར་བཞེད་པ་བཞིན་དུ་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །འདི་དག་ནི་མཉམ་གཞག་ཏུ་ཆོས་དབྱིངས་བསྒོམས་པས་རྗེས་ཐོབ་ཏུ་ངེས་པ་འདྲེན་ཚུལ་བཅུ་འབྱུང་བའི་ཕྱིར་རོ། །མཉམ་གཞག་གི་ཆོས་དབྱིངས་ལ་གནས་སྐབས་དེ་དང་དེ་དག་ཏུ་རྟོགས་པ་དེའི་རྟེན་ཞེས་བརྗོད་དོ། །སེམས་ཀྱི་ཆོས་ཉིད་ཀྱིས་རྟོགས་པའི་རྟེན་བྱེད་པ་ལ་རིགས་ཤེས་བརྗོད་པ་བཞིན་ནོ། །ཡང་ན་མཉམ་གཞག་ཏུ་ཆོས་ཉིད་ལ་གོམས་པ་ཐོབ་ཚུལ་གྱི་བྱེ་བྲག་དེ་ཉིད་རྗེས་ཐོབ་ཏུ་ངེས་པ་དེ་དག་བསྐྱེད་པས་ན་དེའི་དོན་དུ་ཞེས་བརྗོད་དོ། །དེས་ན་ཆོས་དབྱིངས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ལ་སོགས་པ་སྒྲིབ་པ་རྣམ་པ་བཅུ་འདི་དག་ས་བཅུ་རྣམས་ཀྱི་མི་མཐུན་ཕྱོགས་སོ། །སྤོང་བྱེད་ཀྱི་གཉེན་པོ་ནི་ས་བཅུ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་པོ་དེར་ནི་སྒྲིབ་པ་ཐམས་ཅད་འདུས་པར་བསྟན་ཏོ། །གཉིས་པོ་ལས་མ་གཏོགས་པའི་སྒྲིབ་པ་གཞན་མེད་པའི་ཕྱིར་རོ། །གཉིས་པོ་དེར་ནི་སྒྲིབ་པ་ཐམས་ཅད་འདུས་ཏེ། གཉིས་པོ་དེ་ཟད་ནས་ནི་སྒྲིབ་པ་ཐམས་ཅད་ལས་གྲོལ་བར་འདོད་པའི་ཕྱིར་རོ། །སྒྲིབ་པའི་ལེའུར་བཅད་པ་སྟེ། ལེའུ་གཉིས་པའི་བཤད་པའོ།། ༈ །།གསུམ་པ་དེ་ཁོ་ནི་ཉིད་བཤད་པ་ལ་གཉིས་ཏེ། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ནི། བདག་ཏུ་ལྟ་བ་བཅུའི་གཉེན་པོར་དེ་ཁོ་ན་ཉིད་རྣམ་པ་བཅུ་བཞག་གོ །བཅུ་གང་ཞེ་ན། རྩ་བའི་དེ་ཁོ་ན་ཉིད་དང༌། མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང༌། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དང༌། འབྲས་བུ་དང་རྒྱུའི་དེ་ཁོ་ན་ཉིད་དང༌། རགས་པ་དང་ཕྲ་བའི་དེ་ཁོ་ན་ཉིད་དང༌། གྲགས་པའི་དེ་ཁོ་ན་ཉིད་དང༌། རྣམ་པར་དག་པའི་ཡུལ་གྱི་དེ་ཁོ་ན་ཉིད་དང༌། བསྡུ་བའི་དེ་ཁོ་ན་ཉིད་དང༌། དབྱེ་བའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང༌། མཁས་པའི་དེ་ཁོ་ན་ཉིད་དེ་བཅུའོ། །དེ་ཁོ་ན་ཉིད་ཅེས་པ་ནི། ཆོས་དེ་དང་དེ་དག་གི་ཇི་ལྟར་ཡིན་པའམ་གནས་པའི་ཚུལ་ལོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་བཅུ་ལས། དང་པོ་རྩ་བའི་དེ་ཁོ་ན་ཉིད་བཤད་པ་ནི། དེ་ལ་ངོ་བོ་ཉིད་གསུམ་ལ་རྩ་བའི་དེ་ཁོ་ན་ཉིད་ཅེས་བྱའོ། །ཇི་ལྟར་རྩ་བ་ཞེས་བརྗོད་ཅེ་ན། ཐམས་ཅད་འདི་གསུམ་གྱིས་བསྡུས་པའི་ཕྱིར་རོ། །ཅིའི་ཕྱིར་ངོ་བོ་ཉིད་ཅེས་བྱ་ཞེ་ན། ཆོས་དེ་དང་དེ་དག་གི་ཡིན་ཚུལ་ཡིན་པའི་ཕྱིར། ཅིའི་ཕྱིར་གསུམ་དུ་བསྟན་ཅེ་ན། སྤང་བར་བྱ་བ་དང༌། ཤེས་པར་བྱ་བ་དང༌། མངོན་དུ་བྱ་བའི་དབང་དུ་བྱས་ནས་གསུམ་དུ་བསྟན་ཏོ། །ཡང་ན་ཀུན་བཏགས་ནི་ཇི་ལྟར་བཏགས་པ་ལྟར་རྟག་ཏུ་མེད་པའི་ངོ་བོ་དང༌། གཞན་དབང་ནི་རྫས་སུ་གྲུབ་པའི་ངོ་བོ་ཉིད་དང༌། ཡོངས་གྲུབ་ནི་གཟུང་འཛིན་གཉིས་སུ་མེད་པའི་ངོ་བོ་ཉིད་དོ། །ཅིའི་ཕྱིར་ངོ་བོ་ཉིད་གསུམ་དུ་བཞག་ཅེ་ན། ངོ་བོ་ཉིད་གསུམ་ལས། ཀུན་བཏགས་ནི་བྱིས་པས་བཏགས་པ་ལྟར་རྟག་ཏུ་མེད་པའི་ངོ་བོ་ཉིད་དང༌། གཞན་དབང་ནི་རྫས་སུ་ཡོད་ཀྱང་ཇི་ལྟར་སྣང་བའི་དེ་ཁོ་ན་ལྟར་མིན་པའི་ངོ་བོ་ཉིད་དང༌། ཡོངས་གྲུབ་ནི་ངོ་བོ་ཡོད་པ་དང་གཟུང་འཛིན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དེ། དེ་ལྟར་ན་ངོ་བོ་ཉིད་ནི་གསུམ་དུ་འདོད་དོ། །རྩ་བའི་དེ་ཁོ་ན་ཉིད་བཤད་ཟིན་ཏོ། །གཉིས་པ་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་སྟོན་པ་ནི། ངོ་བོ་ཉིད་གསུམ་པོ་འདི་ལ་ཐོས་བསམ་གྱིས་ཆོས་གང་ཤེས་ནས་སྒྲོ་འདོགས་སྐུར་འདེབས་ཀྱི་ལྟ་བ་མི་འབྱུང་བ་དེ་ནི་ཀུན་བཏགས་ཀྱི་དེ་ཁོ་ནའི་མཚན་ཉིད་དོ། །ཇི་ལྟར་སྒྲོ་འདོགས་སྐུར་འདེབས་མི་འབྱུང་ཞེ་ན། ཀུན་བཏགས་ཀྱི་མཚན་ཉིད་ཁོང་དུ་ཆུད་པ་འདི་ལ་ཆོས་དང་གང་ཟག་རྫས་སུ་ཡོད་པར་སྒྲོ་འདོགས་པ་དང༌། ཐ་སྙད་དུ་མེད་ཅེས་སྐུར་པ་འདེབས་པའི་ལྟ་བ་དག་མི་འབྱུང་བའི་ཕྱིར་རོ། །ཐོས་བསམ་གྱིས་ཆོས་གང་ཤེས་ནས་སྒྲོ་འདོགས་བསྐུར་འདེབས་མི་བྱུང་བ་དེ་ནི་གཞན་དབང་གི་དེ་ཁོ་ནའི་མཚན་ཉིད་དོ། །ཇི་ལྟར་ཤེས་པ་ལ་མི་འབྱུང་ཞེ་ན། གཞན་དབང་ཤེས་པ་འདི་ལ་གཟུང་བ་དང་འཛིན་པ་དག་རྫས་སུ་ཡོད་པར་སྒྲོ་འདོགས་པ་དང༌། ཐ་སྙད་དུ་མེད་ཅེས་སྐུར་པ་འདེབས་པའི་ལྟ་བ་དག་མི་འབྱུང་བའི་ཕྱིར། ཐོས་བསམ་གྱིས་ཆོས་གང་ཤེས་ནས་སྒྲོ་འདོགས་སྐུར་འདེབས་མི་བྱུང་བ་དེ་ནི་ཡོངས་གྲུབ་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །ཇི་ལྟར་དེ་ཤེས་པས་སྒྲོ་འདོགས་སྐུར་འདེབས་མི་འབྱུང་ཞེ་ན། ཡོངས་གྲུབ་ཤེས་པ་འདི་ལ་གཟུང་བ་དང་འཛིན་པ་ཡོད་པར་སྒྲོ་འདོགས་པ་དང༌། སྟོང་པ་ཉིད་མེད་པར་སྐུར་པ་འདེབས་པའི་ལྟ་བ་དག་མི་འབྱུང་བའི་ཕྱིར་དང༌། ཡང་ན་ངོ་བོ་ཉིད་གསུམ་གྱི་ཆོས་གང་ཐོས་བསམ་གྱིས་ཤེས་ནས་སྒྲོ་འདོགས་སྐུར་འདེབས་ཀྱི་ལྟ་བ་མི་འབྱུང་བ་དེ་ནི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ཅེས་བྱའོ། །ཅིའི་ཕྱིར་ངོ་བོ་ཉིད་གསུམ་ཤེས་པར་སྒྲོ་འདོགས་སྐུར་འདེབས་མི་བྱུང་ཞེ་ན། ཀུན་བཏགས་ཀྱི་མཚན་ཉིད་ཤེས་པ་འདི་ལ་ཆོས་དང་གང་ཟག་རྫས་སུ་ཡོད་པར་སྒྲོ་འདོགས་པ་དང༌། ཐ་སྙད་དུ་མེད་ཅེས་སྐུར་པ་འདེབས་པའི་ལྟ་བ་དག་མི་འབྱུང་བའི་ཕྱིར་དང༌། གཞན་དབང་གི་མཚན་ཉིད་ཤེས་པ་འདི་ལ་གཟུང་བ་དང་འཛིན་པ་རྫས་སུ་ཡོད་པར་སྒྲོ་འདོགས་པ་དང་མེད་ཅེས་སྐུར་པ་འདེབས་པའི་ལྟ་བ་དག་མི་འབྱུང་བའི་ཕྱིར་དང༌། ཡོངས་གྲུབ་ཤེས་པ་འདི་ལ་གཟུང་བ་དང་འཛིན་པ་དག་རྫས་སུ་ཡོད་པར་སྒྲོ་འདོགས་པ་དང༌། སྟོང་པ་ཉིད་ལ་མེད་པར་སྐུར་པ་འདེབས་པའི་ལྟ་བ་དག་མི་འབྱུང་བའི་ཕྱིར་རོ། །གསུམ་པ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་བསྟན་པ་ནི། རྟག་པ་དང༌། བདེ་བ་དང༌། བདག་དང༌། བདག་གིར་འཛིན་པའི་ཕྱིན་ཅི་ལོག་གི་གཉེན་པོར་བསྟན་ཏོ། །གལ་ཏེ་རྩ་བའི་དེ་ཁོ་ནར་ཐམས་ཅད་འདུས་ན། ཕྱིན་ཅི་ལོག་གི་གཉེན་པོར་མི་རྟག་སོགས་ཇི་ལྟར་རྩ་བའི་དེ་ཁོ་ན་ལ་བཞག་ཅེ་ན་ཞེས་སམ། ཡང་ན་ཇི་ལྟར་རྩ་བའི་དེ་ཁོ་ན་ལ་ཕྱིན་ཅི་ལོག་པའི་དེ་ཁོ་ན་རྣམ་པར་བཞག་ཅེ་ན། ཕྱིན་ཅི་ལོག་ནི་རྟག་པ་དང་བདེ་བར་འཛིན་པ་སོགས་ཡིན་ལ། ཕྱིན་ཅི་མ་ལོག་པ་ནི་རྟག་འཛིན་སོགས་ཀྱི་གཉེན་པོ་སྡུག་བསྔལ་བདེན་པའི་རྣམ་པ་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་དོ། །དེ་རྩ་བའི་དེ་ཁོ་ན་ལ་བཞག་ཚུལ་ནི་མི་རྟག་པ་ནི་རྩ་བའི་དེ་ཁོ་ན་གསུམ་དང་གོ་རིམ་བཞིན་དུ་སྦྱར་རོ། །ཀུན་བཏགས་ལ་མི་རྟག་པའི་སྒྲས་བརྗོད་དེ་རྫས་སུ་མེད་པའི་དོན་ཅན་ཡིན་པའི་ཕྱིར། རྟག་པ་ནི་དུས་ཐམས་ཅད་དུ་ཡོད་པ་ལ་བརྗོད་ལ། དེ་ལས་ལྡོག་པ་ནི་མི་རྟག་པ་ཡིན་པའི་ཕྱིར། ཀུན་བཏགས་ཆོས་ཅན། ཁྱོད་ལ་མི་རྟག་པའི་རྣམ་གཞག་བྱར་རུང་སྟེ། མི་རྟག་པའི་དོན་དང་ལྡན་པའི་ཕྱིར། ཁྱོད་དུས་ཐམས་ཅད་དུ་རྫས་སུ་ཡོད་པ་རྟག་པའི་དོན་ལས་ལྡོག་པ་མེད་པའི་དོན་ཅན་ཡིན་པའི་ཕྱིར། གཞན་དབང་ཆོས་ཅན། མི་རྟག་པ་ཡིན་ཏེ། སྐྱེ་ཞིང་འཇིག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། ཡོངས་གྲུབ་ཆོས་ཅན། མི་རྟག་པའི་ཐ་སྙད་འཇུག་པའི་རྒྱུ་ཡོད་དེ། སྔར་དྲི་བཅས་ལས་ཕྱིས་དྲི་མ་མེད་པར་གནས་གྱུར་པའི་དོན་ཅན་ཡིན་པའི་ཕྱིར། དེ་ལ་སྔ་མ་ནི་མི་རྟག་པའི་ཐ་སྙད་ཀྱི་དོན་ཡོད་པ་དང༌། བར་པ་ནི་མི་རྟག་པའི་ངོ་བོ་དང༌། ཕྱི་མ་ནི་མི་རྟག་པའི་གནས་སྐབས་དང་ལྡན་པའི་དབང་དུ་བྱས་སོ། །རྩ་བའི་དེ་ཁོ་ན་གསུམ་ལ་རིམ་པ་བཞིན་དུ་དུཿཁའི་མཚན་ཉིད་གཞག་ཚུལ་ནི། ཀུན་བཏགས་ལ་སྡུག་བསྔལ་གྱི་མཚན་ཉིད་གཞག་ཏུ་རུང་སྟེ། ཀུན་བཏགས་ལ་དངོས་པོར་གཟུང་བས་སྡུག་བསྔལ་སྣ་ཚོགས་ལེན་པའི་ཕྱིར། གཞན་དབང་ནི་མཚན་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ཏེ། སྡུག་བསྔལ་གསུམ་གྱི་ངོ་བོ་ཅན་ཡིན་པའི་ཕྱིར། ཡོངས་གྲུབ་ནི་འབྲེལ་པས་སྡུག་བསྔལ་བ་ཡིན་ཏེ། སྡུག་བསྔལ་ཆོས་ཅན་དུ་འབྲེལ་པས་སོ། །འབྲེལ་པས་སྡུག་བསྔལ་ནི། སྔ་མ་གཉིས་ལས་གཞན་དུ་འདོད་པ་ཡིན་ནོ། །རྩ་བའི་དེ་ཁོ་ན་ཉིད་གསུམ་དང་སྟོང་པའི་མཚན་ཉིད་གོ་རིམ་བཞིན་སྦྱར་བ་ནི། ཀུན་བཏགས་ནི་དངོས་པོ་མེད་པས་སྟོང་པ་ཉིད་དང༌། གཞན་དབང་ནི་དངོས་པོ་མེད་པ་དེའི་ངོ་བོ་ཡིན་པས་སྟོང་པ་ཉིད་དང༌། ཡོངས་གྲུབ་ནི་རང་བཞིན་གྱིས་སྟོང་པར་འདོད་དོ། །སྟོང་པ་ཉིད་ནི་གསུམ་སྟེ། དངོས་པོ་མེད་པའི་སྟོང་པ་ཉིད་དང༌། དངོས་པོ་མེད་པ་དེའི་དངོས་པོ་མ་ཡིན་པའི་སྟོང་པ་ཉིད་དང༌། རང་བཞིན་གྱིས་སྟོང་པ་ཉིད་དོ། །རྩ་བའི་དེ་ཁོ་ན་ཉིད་གསུམ་དང་བདག་མེད་ཀྱི་མཚན་ཉིད་གོ་རིམ་བཞིན་དུ་སྦྱར་བ་ནི། ཀུན་བཏགས་ནི་མཚན་མ་མེད་པས་བདག་མེད་པ་དང༌། གཞན་དབང་ནི་ཀུན་བཏགས་དེ་དང་མི་མཐུན་པའི་མཚན་ཉིད་ཀྱིས་བདག་མེད་པ་དང༌། ཡོངས་གྲུབ་ནི་རང་གི་མཚན་ཉིད་ཀྱིས་བདག་མེད་པ་སྟེ། བདག་མེད་གསུམ་དུ་བསྟན་པ་ཡིན་ནོ། །བཞི་པ་འབྲས་བུ་དང་རྒྱུའི་དེ་ཁོ་ན་ཉིད་བདེན་པ་བཞི་ལ་སྦྱར་བ་ནི། དང་པོ་རྩ་བའི་དེ་ཁོ་ན་ལ་སྡུག་བསྔལ་རྣམ་པར་གཞག་པ་ནི། ངོ་བོ་ཉིད་གསུམ་ལ་སྡུག་བསྔལ་གྱི་བདེན་པ་རྣམ་པར་གཞག་ཏུ་རུང་བར་འདོད་དེ། ངོ་བོ་ཉིད་གསུམ་ལ་སྡུག་བསྔལ་གྱི་མཚན་ཉིད་གཞག་ཏུ་རུང་བ་དེའི་ཕྱིར། གཉིས་པ་དེ་ཁོ་ན་ཉིད་གསུམ་ཀུན་འབྱུང་གི་བདེན་པ་རྣམ་པར་གཞག་པ་ནི་བདག་མེད་ལ་གསུམ་དུ་ཕྱེ་བ་དེ་བཞིན་དུ་ཀུན་འབྱུང་ལ་ཡང་གསུམ་དུ་གཞག་སྟེ། བག་ཆགས་ཀྱི་ཀུན་འབྱུང་དང༌། ཀུན་ནས་འབྱུང་བའི་ཀུན་འབྱུང་དང༌། མ་བྲལ་བའི་ཀུན་འབྱུང་ངོ༌། །ཀུན་བཏགས་ལ་བག་ཆགས་ཀྱི་ཀུན་འབྱུང་ཞེས་བཏགས་པའི་རྒྱུ་མཚན་ཡོད་དེ། ཀུན་བཏགས་ལ་མངོན་པར་ཞེན་པས་ཉོན་མོངས་པ་དང་རྣམ་རྟོག་གི་བག་ཆགས་འཇོག་པའི་ཕྱིར། གཞན་དབང་ལ་ཀུན་ནས་འབྱུང་བའི་ཀུན་འབྱུང་ཞེས་བརྗོད་དེ། ཟག་བཅས་ཀྱི་ཕུང་པོ་ཀུན་འབྱུང་བའི་ཕྱིར། ཡོངས་སུ་གྲུབ་པ་ཆོས་ཅན། མ་བྲལ་བའི་ཀུན་འབྱུང་ཡིན་ཏེ། དྲི་མ་དང་མ་བྲལ་བ་ཡིན་པའི་ཕྱིར། དཔེར་ན་ཀུན་འབྱུང་གི་དེ་བཞིན་ཉིད་བཞིན་ནོ། །གསུམ་པ་རྩ་བའི་དེ་ཁོ་ན་ཉིད་ལ་འགོག་པའི་བདེན་པ་རྣམ་པར་གཞག་པ་ནི། ངོ་བོ་ཉིད་ཀྱིས་མི་སྐྱེ་བའི་འགོག་པ་དང༌། གཟུང་འཛིན་གཉིས་མི་སྐྱེ་བའི་འགོག་པ་དང༌། དྲི་མ་ཞི་བའི་འགོག་པའོ། །འདི་ལ་དགག་གཞི་དེ་བཞིན་ཉིད་དང་དྲི་མ་དང་བྲལ་བའི་ཆ་ནས་གཉིས་སུ་འདོད་དོ། །དེ་ལ་ངོ་བོ་ཉིད་ཀྱིས་མི་སྐྱེ་བའི་འགོག་པ་ནི། ཀུན་བཏགས་ཏེ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར། གཟུང་འཛིན་མི་སྐྱེ་བའི་འགོག་པ་ནི་གཞན་དབང་སྟེ། གཟུང་འཛིན་གཉིས་ཀྱིས་སྟོང་པས་གཉིས་པོ་སྐྱེ་བ་མེད་པའི་ཕྱིར་རོ། །དྲི་མ་ཞི་བ་ཉིད་ནི་ཡོངས་སུ་གྲུབ་པ་སྟེ། དེ་བཞིན་ཉིད་དང་སོ་སོར་བརྟགས་འགོག་ཡིན་པའི་ཕྱིར། བཞི་པ་རྩ་བའི་དེ་ཁོ་ན་ཉིད་ལ་ལམ་གྱི་བདེན་པ་རྣམ་པར་བཞག་པ་ནི། ཀུན་བཏགས་ལ་ལམ་ཞེས་འདོགས་ཏེ། ལམ་གྱིས་ཡོངས་སུ་ཤེས་པར་བྱ་བ་ཡིན་པའི་ཕྱིར། འདི་ནི་ཡུལ་ཅན་གྱི་མིང་ཡུལ་ལ་བཏགས་པའོ། །གཞན་དབང་ལ་ལམ་ཞེས་ཐ་སྙད་འདོགས་ཏེ། ལམ་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར། འདི་ནི་གཉེན་པོ་ལ་བཏགས་པའོ། །ཡོངས་སུ་གྲུབ་པ་ལ་ལམ་ཞེས་བཏགས་ཏེ། འགོག་བདེན་ལམ་གྱིས་ཐོབ་པར་བྱ་བ་དང་དེ་བཞིན་ཉིད་མངོན་དུ་བྱ་བ་ཡིན་པའི་ཕྱིར། དེས་ན་ངོ་བོ་ཉིད་གསུམ་ལ་ལམ་གྱི་བདེན་པའི་རྣམ་གཞག་ཡང་དག་པར་བཤད་དོ། །ལྔ་པ་རགས་པ་དང་ཕྲ་བའི་དེ་ཁོ་ན་ཉིད་བཤད་པ་ལ་གཉིས་ཏེ། རགས་པ་ཀུན་རྫོབ་ཀྱི་དབྱེ་བ་དང༌། ཕྲ་བ་དོན་དམ་གྱི་དབྱེ་བའོ། །དང་པོ་ཀུན་རྫོབ་ལ་གསུམ་སྟེ། བཏགས་པའི་ཀུན་རྫོབ་དང༌། ཤེས་པའི་ཀུན་རྫོབ་དང༌། དེ་བཞིན་དུ་བརྗོད་པའི་ཀུན་རྫོབ་བོ། །འདི་གསུམ་ལ་རགས་པ་ཞེས་རྣམ་པར་གཞག་པར་བྱ་བ་ཡིན་ཏེ། མཉམ་པར་མ་གཞག་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར། དེ་ལ་བཏགས་པའི་ཀུན་རྫོབ་ནི་ཀུན་བཏགས་སོ། །ཤེས་པའི་ཀུན་རྫོབ་ནི་གཞན་དབང་ངོ༌། །བརྗོད་པའི་ཀུན་རྫོབ་ནི་ཡོངས་གྲུབ་ལ་གཞག་སྟེ། ཆོས་ཉིད་ཀྱི་དོན་སྤྱི་ལ་བཟུང་ངོ༌། །གཉིས་པ་ཕྲ་བ་དོན་དམ་པའི་དོན་དམ་ནི་ཡོངས་གྲུབ་གཅིག་པོ་ལ་གཞག་གི་གཞན་གཉིས་པོ་ལ་ནི་མིན་ནོ། །དབྱེ་ན། དོན་དམ་རྣམ་པ་གསུམ་སྟེ། དོན་དོན་དམ་པ་དང༌། ཐོབ་པ་དོན་དམ་པ་དང༌། སྒྲུབ་པ་དོན་དམ་པ་སྟེ་རྣམ་པ་གསུམ་དུ་འདོད་དོ། །དོན་དོན་དམ་པ་ནི་དེ་བཞིན་ཉིད་དེ། ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར། ཐོབ་པ་དོན་དམ་ནི་མྱ་ངན་ལས་འདས་པ་སྟེ། ཐོབ་པར་བྱ་བ་དམ་པ་ཡིན་པའི་ཕྱིར། སྒྲུབ་པ་དོན་དམ་པ་ནི་ལམ་སྟེ། ཐར་པ་སྒྲུབ་བྱེད་དམ་པ་ཡིན་པའི་ཕྱིར། ཡོངས་སུ་གྲུབ་པ་ལ་རྣམ་པ་གཉིས་ཏེ། འགྱུར་མེད་ཡོངས་གྲུབ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་བོ། །དྲུག་པ་གྲགས་པའི་དེ་ཁོ་ན་ཉིད་བཤད་པ་ནི། རྩ་བའི་དེ་ཁོ་ན་ཉིད་ཇི་ལྟར་གྲགས་པར་བཞག་ཅེ་ན། གྲགས་པ་ལ་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་གྲགས་པ་དང༌། རིགས་པའི་གྲགས་པའོ། །འཇིག་རྟེན་གྱི་གྲགས་པ་བཏགས་པའི་ངོ་བོ་ཉིད་གཅིག་གི་ཆ་ལས་རྣམ་པར་གཞག་སྟེ། བརྡའི་རྗེས་སུ་ཞུགས་པའི་བློས་འཇིག་རྟེན་ཐ་སྙད་རྣམ་པར་གཞག་པའོ། །རིགས་པའི་གྲགས་པ་ནི་མངོན་སུམ་དང་ལུང་དང་རྗེས་སུ་དཔག་པ་གསུམ་གྱི་སྒོ་ནས་རྣམ་པར་གཞག་གོ །མངོན་སུམ་དང་རྗེས་སུ་དཔག་པ་ནི་གཞན་དབང་ངོ༌། །དེ་དག་གི་ཆོས་ཉིད་ནི་ཡོངས་སུ་གྲུབ་པས་བསྡུས་སོ། །བདུན་པ་རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་བཤད་པ་ནི། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ཉིད་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་དག་པའི་ཡེ་ཤེས་དང༌། ཤེས་བྱའི་སྒྲིབ་པ་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །སྤྱོད་ཡུལ་གཉིས་པོ་ནི་ཡོངས་སུ་གྲུབ་པ་གཅིག་པུ་ཁོ་ནར་བརྗོད་པར་བྱ་བ་ཡིན་ཏེ། དེ་ཉིད་ཁོ་ན་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་གྱི་གཞན་གཉིས་ནི་མིན་ནོ། །བརྒྱད་པ་བསྡུ་བའི་དེ་ཁོ་ན་ཉིད་བཤད་པ་ནི། དངོས་པོ་ལྔ་རྩ་བའི་དེ་ཁོ་ན་ཉིད་དུ་འདུས་པའི་ཚུལ་སྟོན་ཏེ། དངོས་པོ་ལྔ་ལས། རྒྱུ་དང་རྣམ་པར་རྟོག་པ་དང་མིང་དང་གསུམ་ནི་ཀུན་བཏགས་དང་གཞན་དབང་རྣམ་པ་གཉིས་སུ་འདུས་ཏེ། རྒྱུ་དང་རྣམ་པར་རྟོག་པ་གཉིས་གཞན་དབང་དང༌། མིང་ཀུན་བཏགས་སུ་འདུས་པའི་ཕྱིར། ཡང་དག་པའི་ཡེ་ཤེས་དང་གཞན་ལས་རབ་ཏུ་གྱུར་པའི་དེ་བཞིན་ཉིད་གཉིས་ནི་ཡོངས་སུ་གྲུབ་པ་གཅིག་པུ་ཁོ་ནས་བསྡུས་པ་ཡིན་ནོ། །དགུ་པ་དབྱེ་བའི་དེ་ཁོ་ཉིད་སྟོན་པ་ནི། བདུན་ཏེ། འཇུག་པ་དང༌། མཚན་ཉིད་དང༌། རྣམ་པར་རིག་པ་དང༌། གནས་པ་དང༌། ལོག་པར་སྒྲུབ་པ་དང༌། རྣམ་པར་དག་པ་དང༌། ཡང་དག་པར་སྒྲུབ་པའི་དེ་ཁོ་ནའོ། །འདི་ནི་དགོངས་པ་ངེས་འགྲེལ་ལས་བཤད་དོ། །དེ་ལ་འཇུག་པའི་དེ་ཁོ་ན་ནི། ཀུན་བཏགས་དང་གཞན་དབང་རྣམ་པ་གཉིས་སུ་འདུས་སོ། །གནས་པ་དང་ངན་པར་ཞུགས་པ་གཉིས་ནི། གཞན་དབང་དང་ཀུན་བཏགས་གཉིས་སུ་འདུས་ཏེ། རྒྱུ་རྐྱེན་གྱིས་རབ་ཏུ་ཕྱེ་བའི་ཕྱིར་དང༌། ཀུན་ཏུ་རྟོག་པའི་ཡུལ་ཡིན་པའི་ཕྱིར། མཚན་ཉིད་དང་རྣམ་པར་རིག་པ་དང་རྣམ་པར་དག་པ་དང་ཡང་དག་པར་སྒྲུབ་པའི་དེ་ཁོ་ན་བཞི་པོ་ནི་ཡོངས་གྲུབ་གཅིག་པུར་འདུས་ཏེ། མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང་རྣམ་པར་དག་པའི་དེ་ཁོ་ན་ཉིད་གཉིས་ནི། འགྱུར་མེད་ཡོངས་གྲུབ་ཏུ་འདུས་ལ། ལྷག་མ་གཉིས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཏུ་འདུས་པའི་ཕྱིར། བཅུ་པ་མཁས་པའི་དེ་ཁོ་ན་ཉིད་སྟོན་པ་ལ་གསུམ་སྟེ། སྤང་བྱ་བདག་ལྟ་བཤད་པ། གཉེན་པོ་ངོ་བོ་ཉིད་གསུམ་དུ་བསྡུ་བ། བསྡུ་བྱ་ལ་མཁས་པ་བཤད་པའོ། །དང་པོ་ནི། ཕུང་པོ་ལ་མཁས་པའི་སྤང་བྱ་བདག་ལྟ་ནི། ཕུང་པོ་ལ་གཅིག་པུར་འཛིན་པའོ། ཁམས་ལ་མཁས་པའི་སྤང་བྱ་བདག་ལྟ་ནི། མིག་སོགས་ལ་བདག་ཏུ་བཟུང་ནས་རྒྱུར་འཛིན་པའོ། །སྐྱེ་མཆེད་ལ་མཁས་པའི་སྤང་བྱ་བདག་ལྟ་ནི། སྐྱེ་མཆེད་ལ་ཟ་བ་པོར་འཛིན་པའོ། །རྟེན་འབྲེལ་ལ་མཁས་པའི་སྤང་བྱ་བདག་ལྟ་ནི། བདག་ལེགས་ཉེས་ཐམས་ཅད་བྱེད་པ་པོར་འཛིན་པའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པའི་སྤང་བྱ་བདག་ལྟ་ནི། བདག་དབང་སྒྱུར་བྱེད་དུ་འཛིན་པའོ། །དབང་པོ་ལ་མཁས་པའི་སྤང་བྱ་བདག་ལྟ་ནི། བདག་བདག་པོའི་དོན་དུ་འཛིན་པའོ། །དུས་ལ་མཁས་པའི་སྤང་བྱ་བདག་ལྟ་ནི། བདག་རྟག་པར་འཛིན་པའོ། །བདེན་པ་ལ་མཁས་པའི་སྤང་བྱ་བདག་ལྟ་ནི། བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པའི་གནས་སུ་འཛིན་པའོ། །ཐེག་པ་ལ་མཁས་པའི་སྤང་བྱ་བདག་ལྟ་ནི། བདག་རྣལ་འབྱོར་ཅན་དུ་འཛིན་པའོ། །འདུས་བྱས་དང་འདུས་མ་བྱས་ལ་མཁས་པའི་སྤང་བྱ་བདག་ལྟ་ནི། བདག་སྔར་མ་གྲོལ་བ་ལས་ཕྱིས་གྲོལ་བར་འཛིན་པའོ། །ཡུལ་བཅུ་པོ་འདི་དག་ལ་བདག་གི་བྱེད་པར་ལྟ་བ་སྤང་བྱ་བདག་ལྟའོ། །གཉིས་པ་གཉེན་པོ་ངོ་བོ་ཉིད་གསུམ་དུ་བསྡུ་བ་ནི། ཕུང་པོ་ལྔའི་གཟུགས་ཀྱི་ཕུང་པོ་ལ་གསུམ་སྟེ། ཀུན་ཏུ་རྟོག་པས་ཀུན་བཏགས་པའི་གཟུགས་དང༌། རྣམ་པར་རྟོག་པར་རྣམ་པར་བཏགས་པའི་དོན་གྱི་གཟུགས་དང༌། ཆོས་ཉིད་དོན་གྱི་གཟུགས་ཏེ། ངོ་བོ་ཉིད་གསུམ་པོ་དེ་དང་དེར་གཟུགས་ཀྱི་ཕུང་པོ་འདུས་པ་དེ་བཞིན་དུ། ཕུང་པོ་ལྷག་མ་དང༌། ཁམས་དང༌། སྐྱེ་མཆེད་སོགས་ཀྱང་རིག་པར་བྱའོ། །གསུམ་པ་གང་ལ་མཁས་པའི་ཡུལ་བཤད་པ་ནི། ཕུང་ཁམས་སྐྱེ་མཆེད་བཤད། རྟེན་ཅིང་འབྲེལ་འབྱུང་བཤད། གནས་དང་གནས་མིན་པ་བཤད། དབང་པོ་དང་དུས་གསུམ་བཤད། འཕགས་པའི་བདེན་པ་བཤད། ཐེག་པ་གསུམ་བཤད། འདུས་བྱས་དང་འདུས་མ་བྱས་བཤད་པའོ། །དེ་ལ་ཐོག་མར་ཕུང་པོའི་དོན་བཤད་པ་ནི། དོན་གསུམ་སྟེ། དུ་མ་འདུས་པ་ཉིད་ཀྱི་དོན། ཐམས་ཅད་བསྡུས་པའི་དོན། ཡོངས་སུ་ཕྱེ་བའི་དོན་ནོ། །དང་པོ་ནི། གཟུགས་དུ་མ་འདུས་པ་ལ་གཟུགས་ཀྱི་ཕུང་པོའི་དོན་དུ་བཤད་པ་ཡིན་ལ། གཉིས་པ་ནི། གཟུགས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་ལ་གཟུགས་ཀྱི་ཕུང་པོའི་དོན་དུ་བཤད་པ་དང༌། གསུམ་པ་ནི། གཟུགས་དང་ཚོར་བ་སོགས་སོ་སོར་རྣམ་པར་ཕྱེ་ནས་ཐ་དད་དུ་ཕུང་པོ་རེ་རེར་རྣམ་པར་འཇོག་པའོ། །ཁམས་བཤད་པ་ནི། འཛིན་པའི་ས་བོན་གྱི་དོན་ནི་མིག་ལ་སོགས་པའི་ཁམས་ཀྱི་དོན་དུ་འདོད་དོ། །གཟུང་བའི་ས་བོན་གྱི་དོན་ནི་གཟུགས་སོགས་ཡུལ་གྱི་ཁམས་ཀྱི་དོན་དུ་འདོད་དོ། །གཟུགས་སོགས་དེ་དག་འཛིན་པར་བྱེད་པའི་ས་བོན་གྱི་དོན་ནི་མིག་གི་རྣམ་ཤེས་སོགས་ཀྱི་དོན་ནོ། །འདི་དག་ནི་སྐྱེ་མཆེད་ལས་གཞན་ཁམས་ཀྱི་དོན་དུ་འདོད་དོ། །མིག་སོགས་ནང་གི་དབང་པོ་དྲུག་པོ་ཆོས་ཅན། སྐྱེ་མཆེད་ཅེས་བྱ་སྟེ། ཉེ་བར་སྤྱོད་པ་ཚོར་བ་འབྱུང་བའི་སྒོ་ཡིན་པའི་ཕྱིར། གཟུགས་སོགས་ཡུལ་དྲུག་ཆོས་ཅན། སྐྱེ་མཆེད་ཅེས་བྱ་སྟེ། གཟུགས་སོགས་དོན་རྣམས་ལས་ཡོངས་སུ་སྤྱོད་པའི་ཉེར་སྤྱོད་འབྱུང་བའི་སྒོ་ཡིན་པའི་ཕྱིར། ཉེར་སྤྱོད་ནི་རྣམ་ཤེས་སོ། །ཉེར་སྤྱོད་འབྱུང་བའི་སྒོ་ནི། སྔ་མ་གཉིས་ལས་གཞན་སྐྱེ་མཆེད་ཀྱི་དོན་ཡིན་ནོ། །རྟེན་འབྲེལ་བཤད་པ་ནི། གང་ཁོང་དུ་ཆུད་པས་རྒྱུ་དང་འབྲས་བུ་རྩོལ་བ་སྟེ་བྱེད་པ་ལ་སྒྲོ་འདོགས་མེད་ཅིང་སྐུར་འདེབས་མེད་པའོ། །དེ་ལ་རྒྱུ་ལ་སྒྲོ་འདོགས་པ་ནི། སྐྱེད་བྱེད་ཀྱི་རྒྱུ་བོར་ནས་གཙོ་བོ་སོགས་ལ་རྒྱུར་རྟོག་པའོ། །རྒྱུ་ལ་སྐུར་པ་འདེབས་པ་ནི། རྒྱུ་མེད་པར་རྟོག་པའོ། །འབྲས་བུ་ལ་སྒྲོ་འདོགས་པ་ནི། བདེ་སྡུག་སོགས་བདག་དང་གཙོ་བོ་སོགས་ཀྱི་འབྲས་བུར་རྟོག་པའོ། །འབྲས་བུ་ལ་སྐུར་པ་འདེབས་པ་ནི། འབྲས་བུ་མེད་པར་ལྟ་བའོ། །བྱེད་པ་ལ་སྒྲོ་འདོགས་པ་ནི། བདེ་སྡུག་སོགས་གཙོ་བོ་སོགས་ཀྱི་བྱེད་པ་ལས་འབྱུང་བར་རྟོག་པའོ། །བྱེད་པ་ལ་སྐུར་པ་འདེབས་ནི། བདེ་སྡུག་སོགས་ལེགས་ཉེས་ཀྱི་བྱེད་པ་ལས་འབྱུང་བ་མིན་པར་རྟོག་པའོ། །གནས་དང་གནས་མིན་པ་བཤད་པ་ནི། གཞན་དབང་བདུན་གྱིས་སྟོན་ཏེ། མི་འདོད་པ་གཞན་དབང་ནི། ཉེས་པར་སྤྱོད་པས་མི་འདོད་བཞིན་དུ་ངན་འགྲོར་འགྲོ་བའོ། །འདོད་པ་གཞན་དབང་གི་དོན་ནི། ལེགས་པར་སྤྱད་པའི་དབང་གིས་བདེ་འགྲོར་སྐྱེ་བ་ལྟ་བུའོ། །རྣམ་པར་དག་པ་གཞན་གྱི་དབང་ནི། སྒྲིབ་པ་མ་སྤང་པར་རྣམ་པར་དག་པ་མི་ཐོབ་པ་ལྟ་བུའོ། །མཉམ་དུ་བྱུང་བ་གཞན་གྱི་དབང་ནི། སངས་རྒྱས་གཉིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་འགྲན་ཟླ་མེད་པའི་ལས་བསགས་པས་ལྷན་ཅིག་ཏུ་མི་འབྱུང་བ་ལྟ་བུའོ། །དབང་བྱེད་པ་གཞན་དབང་ནི། བུད་མེད་ཀྱི་རྟེན་གྱིས་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་བདུན་ལ་དབང་བྱེད་པའི་ནུས་པ་མེད་པ་ལྟ་བུའོ། །འཐོབ་པ་གཞན་གྱི་དབང་ནི། བུད་མེད་ཀྱི་རྟེན་ལ་རང་སངས་རྒྱས་དང་སངས་རྒྱས་མི་ཐོབ་པ་ལྟ་བུའོ། །ཀུན་ཏུ་སྤྱོད་པ་གཞན་གྱི་དབང་ནི། འཕགས་པས་སྲོག་གཅོད་སོགས་ཀུན་ཏུ་མི་སྤྱོད་པ་ལྟ་བུའོ། །བདུན་པོ་འདི་དག་ནི་སྔ་མ་ལས་གཞན་གཞན་དབང་ཉིད་ཀྱི་དོན་ནོ། །དབང་པོ་ཉི་ཤུ་རྩ་གཉིས་བཤད་པ་ནི། མིག་ནས་ཡིད་ཀྱི་བར་དྲུག་ནི་ཆོས་ཅན། དབང་པོ་ཡིན་ཏེ། ཡུལ་འཛིན་པའི་རྣམ་པར་ཤེས་པ་སྐྱེད་པ་ལ་དབང་བྱེད་པའི་ཕྱིར། སྲོག་ཆོས་ཅན། དབང་པོ་ཡིན་ཏེ། རིས་མཐུན་གནས་པ་ལ་དབང་བྱེད་པའི་ཕྱིར། ཕོ་མོའི་དབང་པོ་གཉིས་ནི་ཆོས་ཅན། དབང་པོ་ཡིན་ཏེ། མངལ་གནས་ཀྱི་སྐྱེ་བ་རྒྱུན་མི་འཆད་པ་ལ་དབང་བྱེད་པའི་ཕྱིར། ཚོར་བ་བདེ་བ་ནས་བཏང་སྙོམས་ཀྱི་བར་ལྔ་ཆོས་ཅན། དབང་པོ་ཡིན་ཏེ། དགེ་སྡིག་གི་འབྲས་བུ་ཉེ་བར་སྤྱོད་པ་ལ་དབང་བྱེད་པའི་ཕྱིར། དད་པ་ནས་ཤེས་རབ་ཀྱི་བར་ལྔ་ཆོས་ཅན། དབང་པོ་ཡིན་ཏེ། འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པའི་ཕྱིར། ཀུན་ཤེས་བྱེད་པ་དང༌། ཀུན་ཤེས་པ་དང༌། ཀུན་ཤེས་ལྡན་པའི་དབང་པོ་ཆོས་ཅན། དབང་པོ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ཐོབ་པ་ལ་དབང་བྱེད་པའི་ཕྱིར། དེས་ན་རྣམ་བྱང་གི་དབང་པོ་བརྒྱད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་གཉིས་ལ་དབང་བྱེད་པའི་ཕྱིར་དབང་པོའོ། །དུས་བཤད་པ་ནི། འབྲས་བུ་རྒྱུ་རྣམས་སྤྱད་ཟིན་པ་ནི་འདས་པའི་དོན་ནོ། །རྒྱུ་སྤྱད་ཟིན་པ་ནི་འབྲས་བུ་ཕྱུང་ཟིན་པའོ། །འབྲས་བུ་སྤྱད་ཟིན་པ་ནི་འབྲས་བུ་མྱོང་ནས་ཟད་པའོ། །རྒྱུ་སྤྱད་ཟིན་འབྲས་བུ་སྤྱད་མ་ཟིན་པ་ནི་ད་ལྟ་བའི་དོན་ནོ། །འདས་པ་དང་ད་ལྟ་བའི་དོན་བཤད་པ་དེ་བཞིན་དུ་མ་འོངས་པའི་དོན་ནི་རྒྱུ་འབྲས་གཉིས་ཀ་མ་སྤྱད་པ་ཡིན་ཏེ། འདི་ནི་སྔ་མ་ལས་གཞན་དུས་ཀྱི་དོན་ཡིན་ནོ། །བདེན་པ་བཤད་པ་ལ། ཟག་བཅས་ཀྱི་ཚོར་བ་རྒྱུ་དང་བཅས་པ་ནི་སྡུག་བསྔལ་གྱི་དོན་ནོ། །སྡུག་བསྔལ་དེའི་རྒྱུ་ལས་དང་ཉོན་མོངས་པ་ནི་ཀུན་འབྱུང་སྟེ། ཡང་སྲིད་འགྲུབ་པར་བྱེད་པའི་ཕྱིར། སྡུག་ཀུན་དེ་གཉིས་ཞི་བ་ནི་འགོག་བདེན་ནོ། །སྡུག་ཀུན་གྱི་གཉེན་པོའི་དོན་དང་ལྡན་པའི་ཕྱིར་ན་ལམ་བདེན་ཏེ། འདི་དག་ནི་སྔ་མ་ལས་གཞན་བདེན་བཞི་དག་ཏུ་འདོད་དོ། །ཐེག་པ་གསུམ་བཤད་པ་ནི། མྱ་འདས་ཀྱི་ཡོན་ཏན་དང་འཁོར་བའི་སྐྱོན་སློབ་དཔོན་གཞན་ལས་ཤེས་པས་འཁོར་བ་ལས་ངེས་པར་འབྱུང་བ་ནི་ཉན་ཐོས་ཀྱི་ཐེག་པའོ། །འཁོར་འདས་ཀྱི་སྐྱོན་ཡོན་སློབ་དཔོན་གཞན་ལ་མ་ལྟོས་པར་བདག་གིས་ཤེས་ནས་ངེས་པར་འབྱུང་བ་ནི་རང་རྒྱལ་གྱི་ཐེག་པའོ། །འཁོར་འདས་ཀྱི་སྐྱོན་ཡོན་ལ་ཐ་དད་དུ་རྣམ་པར་མི་རྟོག་པར་མཉམ་པ་ཉིད་དུ་ཤེས་ནས་ངེས་པར་འབྱུང་བའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ། །འདི་དག་ནི་སྔ་མ་ལས་གཞན་ཐེག་པ་ཞེས་བྱའོ། །འདུས་བྱས་དང་འདུས་མ་བྱས་བཤད་པ་ནི། ཐ་སྙད་བཏགས་པ་དང་བཅས་སྐྱེད་བྱེད་ཀྱི་རྒྱུ་དང་བཅས་པའི་རྒྱུ་མཚན་གྱིས་རབ་ཏུ་ཕྱེ་བ་ནི་འདུས་བྱས་སོ། །ཐ་སྙད་སྐྱེ་འགག་རབ་ཏུ་ཞི་བའི་དོན་དང་བཅས་པ་ནི་འདུས་མ་བྱས་སོ། །འདི་གཉིས་ནི་མཁས་པར་བྱ་བའི་ཡུལ་བཅུའི་ཐ་མ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ཁོ་ནའི་ལེའུར་བཅད་པ་སྟེ། ལེའུ་གསུམ་པའི་བཤད་པའོ།། ༈ །།བཞི་པ་གཉེན་པོ་སྒོམ་པ་བཤད་པ་ལ་གསུམ་སྟེ། གཉེན་པོ་སྒོམ་པ་དངོས་དང༌། གཉེན་པོ་སྐྱེ་བའི་གནས་བཤད་པ་དང༌། གཉེན་པོ་ལས་འབྲས་བུ་ཐོབ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། ཚོགས་ལམ་སྒོམ་པ། སྦྱོར་ལམ་སྒོམ་པ། མཐོང་ལམ་སྒོམ་པ། སྒོམ་ལམ་སྒོམ་པའོ། །དང་པོ་ལ། དྲན་པ་ཉེར་གཞག་སྒོམ་པ། ཡང་དག་སྤོང་བཞི་སྒོམ་པ། རྫུ་འཕྲུལ་རྐང་པ་སྒོམ་པའོ། །དང་པོ་ནི། ཐར་པ་ཐོབ་པར་འདོད་པས་བདེན་པ་བཞིའི་བླང་དོར་ལ་འཇུག་པར་བྱ་བ་ཡིན་པས། བདེན་པ་བཞི་ལ་འཇུག་པའི་དོན་དུ་ཐོག་མར་དྲན་པ་ཉེར་བཞག་བཞི་སྒོམ་མོ། །ཇི་ལྟ་དེ་ལས་བདེན་པ་བཞི་ལ་འཇུག་ཅེ་ན། ལུས་དྲན་པ་ཉེ་བར་བཞག་པ་བསྒོམས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། ལུས་གནས་ངན་ལེན་གྱི་སྡུག་བསྔལ་གྱིས་རབ་ཏུ་ཕྱེ་བར་རྟོགས་པའི་ཕྱིར་རོ། །ཚོར་བ་དྲན་པ་ཉེར་གཞག་བསྒོམས་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་སྟེ། ཚོར་བས་ཀུན་འབྱུང་གི་གཙོ་བོ་སྲེད་པའི་རྒྱུ་བྱེད་པར་རྟོགས་པའི་ཕྱིར། སེམས་དྲན་པ་ཉེར་གཞག་བསྒོམས་པས་འགོག་པའི་བདེན་པ་ལ་འཇུག་སྟེ། བདག་ཏུ་ལྟ་བའི་གཞི་སེམས་བདག་མིན་པར་ཤེས་པས་བདག་ཆད་ཀྱིས་དོགས་པའི་འཇིགས་པ་དང་བྲལ་ནས་འགོག་པ་མངོན་དུ་བྱེད་པ་ལ་འཇུག་པའི་ཕྱིར། ཆོས་དྲན་པ་ཉེར་གཞག་བསྒོམས་པས་ལམ་གྱི་བདེན་པ་ལ་འཇུག་སྟེ། སྤང་བྱ་དང་སྤོང་བྱེད་གཉིས་ཀྱི་གཉེན་པོ་ལ་མ་རྨོངས་པའི་ཕྱིར་རོ། །གཉིས་པ་ཡང་དག་སྤོང་བཞི་སྒོམ་ཚུལ་ནི། སྤང་བྱ་མི་མཐུན་ཕྱོགས་དང་སྤོང་བྱེད་གཉེན་པོ་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཤེས་པར་བྱས་ནས། མི་མཐུན་ཕྱོགས་དེ་དག་སྐྱེས་པ་དང་མ་སྐྱེས་པ་སྤོང་བའི་ཕྱིར་དང༌། གཉེན་པོ་མ་སྐྱེས་པ་བསྐྱེད། སྐྱེས་པ་སྤེལ་བའི་བརྩོན་འགྲུས་རྣམ་པ་བཞི་དག་རབ་ཏུ་འབྱུང་བ་ལ་ཡང་དག་སྤོང་བཞི་ཞེས་བརྗོད་དོ། །གསུམ་པ་རྫུ་འཕྲུལ་རྐང་པ་བཤད་པ་ལ་གསུམ་སྟེ། རྫུ་འཕྲུལ་གྱི་རྐང་པའི་ཏིང་ངེ་འཛིན་ངོས་གཟུང་བ་དང༌། ཉེས་པ་སྤོང་བྱེད་ཀྱི་གཉེན་པོ་ལས་འབྱུང་བར་བསྟན་པ་དང༌། ཉེས་པ་སྤོང་བྱེད་ཀྱི་གཉེན་པོ་བཤད་པའོ། །དང་པོ་ནི། བརྩོན་འགྲུས་བརྩམས་ཏེ་སེམས་རྩེ་གཅིག་ཏུ་གནས་པ་དེར་གནས་ནས་སེམས་ལས་སུ་རུང་བར་བྱེད་པ་ཉིད་ཀྱི་ངོ་བོ་སྟེ། འདི་ལ་བརྟེན་ནས་མངོན་པར་ཤེས་པ་ལ་སོགས་པའི་དོན་རྣམས་ཐམས་ཅད་འབྱོར་པར་འགྱུར་བས་དེའི་བྱེད་ལས་བྱེད་དོ། །ཚིག་རྐང་འདི་གཉིས་ཀྱིས་ངོ་བོ་དང་བྱེད་ལས་གཉིས་བཤད་དོ། །གྲོགས་འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པའི་བྱེ་བྲག་གིས་ཏིང་ངེ་འཛིན་བཞིར་བསྟན་ཏོ། །གཉིས་པ་ནི། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བརྟེན་པའི་རྒྱུ་ལས་བྱུང་བའོ། །སྤང་བྱའི་ཉེས་པ་ལྔ་ནི། ཏིང་ངེ་འཛིན་གྱི་སྦྱོར་བ་ལ་སྒྲིབ་པར་བྱེད་པའི་ལེ་ལོ་དང༌། གདམས་ངག་རྣམས་བརྗེད་པ་དང་གཉིས་སོ། །དངོས་གཞི་ལ་སྒྲིབ་བྱེད་བྱིང་བ་དང༌། རྒོད་པ་དང༌། ཏིང་ངེ་འཛིན་ཁྱད་པར་དུ་འགྱུར་བའི་མི་མཐུན་ཕྱོགས་གཉེན་པོ་འདུ་མི་བྱེད་པ་དང༌། བྱིང་རྒོད་ཞི་བ་ན་གཉེན་པོ་འདུ་བྱེད་པ་སྟེ། འདི་དག་ནི་ཏིང་ངེ་འཛིན་གྱིས་ཉེས་པ་ལྔར་འདོད་དོ། །གསུམ་པ་ཉེས་པ་སྤོང་བྱེད་ཀྱི་གཉེན་པོ་བཤད་པ་ནི། ཉེས་པ་སྤོང་བའི་འདུ་བྱེད་བརྒྱད་དེ། ལེ་ལོ་སྤོང་བྱེད་ལ་བཞི་སྟེ། འདུན་པ་དང༌། རྩོལ་བ་དང༌། དད་པ་དང༌། ཤིན་ཏུ་སྦྱངས་པའོ། །དེ་ལ་རྩོལ་བའི་གནས་ནི་འདུན་པ་ཡིན་ལ། འདུན་པ་དེ་ལ་གནས་པ་ནི་རྩོལ་བའོ། །འདུན་པའི་རྒྱུ་ནི་དད་པའོ། །ཤིན་ཏུ་སྦྱངས་པ་ནི་རྩོལ་བའི་འབྲས་བུ་ཉིད་དུ་འདོད་དོ། །སྤོང་བའི་འདུ་བྱེད་ལྷག་མ་བཞི་ལས། དྲན་པས་ནི་གདམས་ངག་བརྗེད་པའི་གཉེན་པོ་བྱེད་དེ། གདམས་ངག་གི་དམིགས་པ་མི་བརྗེད་པར་འཛིན་པར་འགྱུར་བའི་ཕྱིར། ཤེས་བཞིན་གྱིས་བྱིང་རྒོད་ཀྱི་གཉེན་པོ་བྱེད་དེ། ཏིང་ངེ་འཛིན་གྱི་ཉེས་པ་བྱིང་བ་དང་རྒོད་པ་འབྱུང་བ་རྟོགས་པའི་ཕྱིར། སེམས་པས་ནི་གཉེན་པོ་འདུ་མི་བྱེད་པའི་གཉེན་པོ་བྱེད་དེ། བྱིང་རྒོད་དེ་དག་སྤོང་བའི་དོན་དུ་གཉེན་པོ་སླར་ཡང་མངོན་པར་འདུ་བྱེད་པའི་ཕྱིར་རོ། །བཏང་སྙོམས་ཀྱིས་ནི་བྱིང་རྒོད་མེད་པའི་དུས་སུ་གཉེན་པོ་ལ་ཧ་ཅང་རྩོལ་བའི་གཉེན་པོ་བྱེད་དེ། བྱིང་རྒོད་ཞི་བའི་ཚེ་སེམས་རྣལ་དུ་འཇུག་པར་བྱེད་པའི་ཕྱིར་རོ། །གཉིས་པ་སྦྱོར་ལམ་གྱི་སྒོམ་ཚུལ་བསྟན་པ་ནི། ཐར་པའི་ཆ་དང་མཐུན་པ་བསྐྱེད་ཟིན་ནས་སྦྱོར་ལམ་འབྱུང་བས་དེ་ལ་བསྒོམ་པར་བྱ་བའི་དབང་པོ་ལྔ་ནི། དད་པའི་དབང་པོས་ནི་བདེན་བཞིའི་བླང་དོར་ལ་འདུན་པ་ལ་དབང་བྱེད། བརྩོན་འགྲུས་ཀྱི་དབང་པོས་ནི་བདེན་བཞིའི་བླང་དོར་ལ་སྦྱོར་བ་ལ་དབང་བྱེད། དྲན་པའི་དབང་པོས་ནི་དམིགས་པ་བརྗེད་པར་མི་འགྱུར་བ་ལ་དབང་བྱེད། ཏིང་ངེ་འཛིན་གྱི་དབང་པོས་སེམས་མི་འཕྲོ་བ་ལ་དབང་བྱེད། ཤེས་རབ་ཀྱི་དབང་པོས་ཀྱང་ཆོས་རྣམ་པར་འབྱེད་པ་ལ་དབང་བྱེད། ཡང་ངེས་འབྱེད་ཆ་མཐུན་ལ་བསྒོམ་པར་བྱ་བའི་སྟོབས་ལྔ་ནི། དད་པ་སོགས་ཀྱི་དབང་པོ་ལྔ་པོ་མི་མཐུན་ཕྱོགས་ཀྱིས་ཟིལ་གྱིས་མི་གནོན་པའི་དུས་སུ་སྟོབས་ཞེས་བྱ་སྟེ། མི་མཐུན་ཕྱོགས་སྲབ་པའི་ཕྱིར་རོ། །དད་སོགས་ལྔའི་གོ་རིམ་ནི་སྔ་མ་སྔ་མའི་འབྲས་བུ་ཕྱི་མ་ཕྱི་མ་ཡིན་ནོ། །འདི་དག་ངེས་འབྱེད་ཆ་མཐུན་དུ་གཞག་ཚུལ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དྲོད་རྩེ་གཉིས་ལ་དབང་པོ་རྣམས་གཞག་ལ། བཟོད་མཆོག་གཉིས་ལ་སྟོབས་རྣམས་གཞག་གོ །གསུམ་པ་མཐོང་ལམ་སྒོམ་ཚུལ་ནི། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན་འབྱུང་བས་དེ་བསྟན་པ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནས་བཏང་སྙོམས་ཀྱི་བར་བདུན་ལས། ཆོས་རབ་ཏུ་རྣམ་འབྱེད་ནི་རང་བཞིན་གྱི་ཡན་ལག་ཡིན་ཏེ། བྱང་ཆུབ་ཀྱི་ངོ་བོ་ཡིན་པའི་ཕྱིར། དྲན་པ་ནི་གནས་ཀྱི་ཡན་ལག་ཡིན་ཏེ། ཡན་ལག་གཞན་རྣམས་འབྱུང་བར་བྱེད་པའི་ཕྱིར། གསུམ་པ་བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་ཡིན་ཏེ། མི་མཐུན་ཕྱོགས་ལས་འདའ་བར་བྱེད་པའི་ཕྱིར། བཞི་པ་དགའ་བ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། ལུས་སེམས་ལ་ཕན་འདོགས་པའི་ཕྱིར། ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་རྣམ་པ་གསུམ་ནི་ཉོན་མོངས་པ་མེད་པའི་ཡན་ལག་ཡིན་ནོ། །གསུམ་པོ་འདི་དག་ལས་ཤིན་ཏུ་སྦྱང་པ་ནི་ཉོན་མོངས་པ་མེད་པའི་གཞི་དང༌། ཏིང་ངེ་འཛིན་ནི་ཉོན་མོངས་པ་མེད་པའི་གནས་དང༌། བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་དུ་བསྟན་པར་བྱ་བ་ཡིན་པའི་ཕྱིར་རོ། །ཤིན་ཏུ་སྦྱང་པས་ཉོན་མོངས་པ་སྤོང་བའི་རྟེན་བྱེད་པའི་ཕྱིར་དང༌། ཏིང་ངེ་འཛིན་གྱིས་ཉོན་མོངས་པ་སྤོང་བའི་གནས་བྱེད་པ་སྐྱེད་པའི་ཕྱིར་དང༌། བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་གནས་སྐབས་ཀྱིས་བསྡུས་པའི་ཕྱིར་རོ། །བཞི་པ་སྒོམ་ལམ་གྱི་སྒོམ་ཚུལ་ལ། འཕགས་ལམ་ཡན་ལག་བརྒྱད་བཤད་པ་ནི། སྒོམ་ལམ་གྱི་མི་མཐུན་ཕྱོགས་ཀྱི་གཉེན་པོ་ནི། འཕགས་ལམ་ཡན་ལག་སྟེ། དེ་ནི་ཡང་དག་པའི་ལྟ་བ་ནས་ཏིང་ངེ་འཛིན་གྱི་བར་བརྒྱད་དོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡུལ་ཡོངས་སུ་གཅོད་པར་བྱེད་པའི་ཡན་ལག་ཡིན་ཏེ། མཐོང་ལམ་དུ་རྟོགས་པའི་དོན་རྗེས་ཐོབ་ཀྱི་ཤེས་རབ་ཀྱིས་ཡོངས་སུ་གཅོད་པར་བྱེད་པའི་ཕྱིར། ཡང་དག་པའི་རྟོག་པ་དང་ངག་གཉིས་ནི་གོ་བར་བྱེད་པའི་ཡན་ལག་ཡིན་ཏེ། ལྟ་བས་དཔྱད་པའི་དོན་རྟོག་པས་ཀུན་ནས་བསླངས་ནས་ངག་གིས་གཞན་ལ་གོ་བར་བྱེད་པའི་ཕྱར་རོ། །ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམ་པ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ཡིན་ཏེ། ངག་གིས་ལྟ་བ་རྣམ་དག་དང་ལྡན་པར་གཞན་ལ་རྣམ་པར་རིག་པར་བྱེད་པའི་ཕྱིར་དང༌། ལས་ཀྱི་མཐས་ཚུལ་ཁྲིམས་རྣམ་དག་དང་ལྡན་པ་དང༌། འཚོ་བས་ཡོ་བྱད་བསྙུངས་པ་དང་ལྡན་པར་གཞན་ལ་རྣམ་པར་རིག་པར་བྱེད་པའི་ཕྱིར། མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཡན་ལག་ནི་ལྷག་མ་གསུམ་སྟེ། རྩོལ་བས་སྒོམ་སྤང་གི་ཉོན་མོངས་པའི་གཉེན་པོ་བྱེད་པའི་ཕྱིར་དང༌། ཏིང་ངེ་འཛིན་གྱིས་ཉེ་བའི་ཉོན་མོངས་པའི་གཉེན་པོ་བྱེད་པའི་ཕྱིར་དང༌། དྲན་པས་མངོན་ཤེས་ལ་སོགས་པའི་ཡོན་ཏན་ལ་དབང་འབྱོར་པའི་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོ་བྱེད་པའི་ཕྱིར། གཉིས་པ་མདོར་བསྡུས་ནས་བསྟན་པ་ནི། ཚོགས་སྦྱོར་གྱི་གནས་སྐབས་སུ་དྲན་པ་ཉེར་གཞག་སོགས་ཀྱི་སྒོ་ནས་ལམ་སྒོམ་པ་ནི། བདག་མེད་ཀྱི་དོན་སྤྱི་ལ་བདག་མེད་ཀྱི་ངོ་བོར་ཞེན་པས་ཕྱིན་ཅི་ལོག་ཡིན་ལ། ཐོས་བསམ་གྱི་རྗེས་སུ་འབྲང་བས་ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་ནོ། །མཐོང་ལམ་དང་སྒོམ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་ཡན་ལག་སོགས་ཀྱི་སྒོ་ནས་ལམ་སྒོམ་པ་ནི། བདག་མེད་མངོན་སུམ་དུ་མཐོང་བས་ཕྱིན་ཅི་ལོག་ལས་ལྡོག་པ་དང༌། སྒྲིབ་པ་དང་བཅས་པས་ཕྱིན་ཅི་ལོག་རྗེས་སུ་འབྲེལ་པ་དང་བཅས་པའོ། །གོམས་པ་མཐར་ཕྱིན་པ་མི་སློབ་པའི་གནས་སྐབས་ཀྱི་སྒོམ་པ་ནི། ངོ་བོ་ཕྱིན་ཅི་མ་ལོག་ཅིང་སྒྲིབ་པ་སྤངས་པས་ཕྱིན་ཅི་ལོག་རྗེས་སུ་འབྲེལ་པ་ཡང་མེད་པའོ། །ཞར་ལ་བྱང་སེམས་ཀྱི་གཉེན་པོ་སྒོམ་ཚུལ་ཁྱད་པར་འཕགས་པར་སྟོན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །དམིགས་དང་ཡིད་ལ་བྱེད་པ་དང༌། །འཐོབ་པས་དེ་ནི་ཁྱད་པར་འཕགས། །ཞེས་པ་སྟེ། བྱང་སེམས་རྣམས་ཉན་རང་ལས་ཁྱད་པར་གསུམ་གྱིས་འཕགས་ཏེ། ཉན་རང་རྣམས་རང་རྒྱུད་དུ་གཏོགས་པའི་ལུས་དང་ཚོར་བ་སོགས་ལ་དམིགས་ལ། བྱང་སེམས་རྣམས་རང་གཞན་གཉིས་ཀའི་རྒྱུད་ཀྱི་ལུས་སོགས་ལ་དམིགས་ནས་སྒོམ་པ་དང༌། ཉན་རང་རྣམས་ལུས་མི་རྟག་སོགས་མཚན་མ་ཡིད་ལ་བྱེད་ཅིང་སྒོམ་ལ། བྱང་སེམས་རྣམས་མི་དམིགས་པའི་ཚུལ་ཡིད་ལ་བྱེད་པ་དང༌། ཉན་རང་རྣམས་ལུས་མི་གཙང་བ་ལ་སོགས་པ་དང་འབྲལ་ཞིང་དམན་པའི་མྱང་འདས་འཐོབ་པའི་ཕྱིར་སྒོམ་ལ། བྱང་སེམས་རྣམས་ལུས་སོགས་དང་འབྲལ་མི་འབྲལ་གཉིས་ཀའི་ཕྱིར་མ་ཡིན་གྱི་མི་གནས་པའི་མྱང་འདས་འཐོབ་པའི་ཕྱིར་སྒོམ་མོ། །གཉིས་པ་གཉེན་པོའི་གནས་བཤད་པ་ལ་གཉིས་ཏེ། གནས་བཅོ་བརྒྱད་བཤད་པ་དང༌། དོན་མདོར་བསྡུས་ནས་བཤད་པའོ། །དང་པོ་ནི། གཉེན་པོ་སྒོམ་པའི་གནས་སྐབས་ཀྱི་བྱེ་བྲག་སོ་སོར་ངོས་གཟུང་བ་སྟེ། དང་པོ་རྒྱུའི་གནས་སྐབས་ནི་རིགས་ལ་གནས་པའི་གང་ཟག་གོ །ཞུགས་པའི་གནས་སྐབས་ནི་ཐེག་པ་གསུམ་དུ་སེམས་བསྐྱེད་པའི་གང་ཟག་གོ །སྦྱོར་བའི་གནས་སྐབས་ནི་སེམས་བསྐྱེད་ནས་མཐོང་ལམ་གྱི་སྦྱོར་བ་ལ་མ་ཞུགས་པའི་བར་རོ། །འབྲས་བུའི་གནས་སྐབས་ནི་དང་པོའི་འབྲས་བུ་ཐོབ་པ་ལ་བརྗོད་པར་བྱའོ། །བྱ་བ་དང་བཅས་པའི་གནས་སྐབས་ནི་སློབ་པའོ། །བྱ་བ་མེད་པའི་གནས་སྐབས་ནི་མི་སློབ་པའོ། །ཁྱད་པར་ཅན་གྱི་གནས་སྐབས་ནི་མངོན་ཤེས་སོགས་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའོ། །བླ་མ་དང་བཅས་པའི་གནས་སྐབས་ནི་སར་ཞུགས་པའི་སེམས་དཔའོ། །བླ་ན་མེད་པའི་གནས་སྐབས་ནི་རྫོགས་པའི་སངས་རྒྱས་ཏེ། དེ་ལས་ལྷག་པ་གཞན་མེད་པའི་ཕྱིར་རོ། །མོས་པའི་གནས་སྐབས་ནི་མོས་པར་སྤྱོད་པའི་ས་སྟེ་ཚོགས་སྦྱོར་རོ། །འཇུག་པའི་གནས་སྐབས་ནི་ས་དང་པོའོ། །ངེས་པར་འབྱུང་བའི་གནས་སྐབས་ནི་ས་གཉིས་པ་ནས་བདུན་པའི་བར་ཏེ། རྩོལ་བ་དང་བཅས་པས་མཐར་ཐུག་གི་གནས་སུ་བགྲོད་པར་བྱེད་པའི་ཕྱོར་རོ། །ལུང་བསྟན་པའི་གནས་སྐབས་ནི་ས་བརྒྱད་པ་སྟེ། སངས་རྒྱས་ཀྱིས་མངོན་སུམ་དུ་ལུང་སྟོན་པའི་ཕྱིར་རོ། །བརྗོད་པའི་གནས་སྐབས་ནི་ས་དགུ་པ་སྟེ། སོ་སོ་ཡང་དག་པར་རིག་པའི་བློས་གདུལ་བྱ་ལ་ཆོས་བརྗོད་པའི་ཕྱིར་རོ། །དབང་བསྐུར་བའི་གནས་སྐབས་ནི་ས་བཅུ་པ་སྟེ། སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོས་དབང་བསྐུར་བར་བྱེད་པའི་ཕྱིར་རོ། །མཐར་ཕྱིན་པའི་གནས་སྐབས་ནི་ཆོས་ཀྱི་སྐུ་ཐོབ་པ་སྟེ། རྟོགས་པ་མཐར་ཕྱིན་པའི་ཕྱིར་རོ། །ཕན་ཡོན་གྱི་གནས་སྐབས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་ཆོས་ཀྱི་དགའ་བདེ་མྱོང་བའི་ཕྱིར་རོ། །བྱ་བ་སྒྲུབ་པར་བསྟན་པའི་གནས་སྐབས་ནི་སྤྲུལ་པའི་སྐུ་ཐོབ་པ་སྟེ། ཕྲིན་ལས་ཀྱིས་གདུལ་བྱའི་བྱ་བ་སྒྲུབ་པའི་ཕྱིར་རོ། །གཉིས་པ་མདོར་བསྡུས་ནས་བསྟན་པ་ནི། ཆོས་ཀྱི་དབྱིངས་ལ་མ་དག་པ་དང༌། མ་དག་ལ་དག་པ་དང༌། རྣམ་པར་དག་པ་དང་གསུམ་དུ་ཕྱེ་ནས་གནས་སྐབས་གསུམ་ལ་ཇི་ལྟར་འོས་འོས་སུ་གནས་སྐབས་གང་ལ་གང་ཟག་གང་གནས་པ་ཅི་རིགས་པར་སྦྱར་ནས་རྣམ་པར་གཞག་པར་འདོད་དེ། དེ་ལ་རྒྱུའི་གནས་སྐབས་དང༌། ཞུགས་པ་དང༌། སྦྱོར་བ་དང༌། མོས་པའི་གནས་སྐབས་དང་བཞི་ལ་གནས་པ་ནི་མ་དག་པའི་གནས་སྐབས་ལ་གནས་པའི་གང་ཟག་ཅེས་བྱའོ། །འབྲས་བུ་དང༌། བྱ་བ་དང་བཅས་པའི་དང༌། བླ་མ་དང་བཅས་པའི་གནས་སྐབས་གསུམ་དང༌། འཇུག་པའི་གནས་སྐབས་ནས་དབང་བསྐུར་བའི་གནས་སྐབས་ཀྱི་བར་ལྔ་སྟེ། བརྒྱད་པོ་ལ་གནས་པ་ནི་དག་ལ་མ་དག་པ་ལ་གནས་པ་ཞེས་བྱའོ། །བྱ་བ་མེད་པ་དང་ཁྱད་པར་ཅན་ལ་སོགས་པའི་གནས་སྐབས་ལྷག་མ་ལ་གནས་པ་ནི་རྣམ་པར་དག་པ་ལ་གནས་པ་ཞེས་བརྗོད་དོ། །ཡང་ཆོས་དབྱིངས་དྲི་མས་མ་དག་པའི་གནས་སྐབས་ལ་ནི། རྒྱུའི་གནས་སྐབས་དང༌། ཞུགས་པ་དང༌། སྦྱོར་བ་དང༌། མོས་པའི་གནས་སྐབས་ལ་གནས་པའི་གང་ཟག་བཞི་རྣམ་པར་གཞག་གོ །ཆོས་དབྱིངས་དྲི་མའི་ཆ་ཤས་ཀྱིས་མ་དག་ལ་ཕྱོགས་རེས་དག་པའི་གནས་སྐབས་ལ་ནི། འབྲས་བུའི་གནས་སྐབས་སོགས་གསུམ་དང༌། འཇུག་པའི་གནས་སྐབས་ནས་དབང་བསྐུར་བའི་བར་ལ་གནས་པའི་གང་ཟག་བརྒྱད་རྣམ་པར་གཞག་གོ །ཆོས་དབྱིངས་དྲི་མས་རྣམ་པར་དག་པའི་གནས་སྐབས་ལ་ནི། བྱ་བ་མེད་པའི་གནས་སྐབས་དང༌། ཁྱད་པར་ཅན་གྱི་གནས་སྐབས་ལ་གནས་པའི་གང་ཟག་སོགས་དྲུག་རྣམ་པར་གཞག་པར་འདོད་དོ། །གསུམ་པ་གཉེན་པོ་ལས་འབྲས་བུ་ཐོབ་ཚུལ་བཤད་པ་ལ་གཉིས་ཏེ། འབྲས་བུ་ལྔ་བཤད་པ་དང༌། འབྲས་བུའི་རྣམ་གྲངས་གཞན་བཤད་པའོ། །དང་པོ་ནི། སྣོད་དུ་གྱུར་པ་སོགས་ཀྱི་དོན་ལྔ་པོ་དང་འབྲས་བུ་ལྔ་པོ་གོ་རིམ་བཞིན་དུ་སྦྱར་ནས་སྟོན་ཏེ། དེ་དག་དགེ་བའི་སྣོད་དུ་གྱུར་པ་ནི། རྣམ་པར་སྨིན་པའི་འབྲས་བུར་བརྗོད་དེ། དགེ་བ་སྐྱེ་བའི་སྣོད་དུ་གྱུར་པའི་ལུས་ཡིན་པའི་ཕྱིར། དགེ་བ་སྟོབས་དང་ལྡན་པ་ནི། བདག་པོའི་འབྲས་བུ་ཡིན་ཏེ། སྣོད་དུ་རུང་བ་དེའི་དབང་གིས་མི་མཐུན་ཕྱོགས་སྤོང་བ་ལ་སྟོབས་དང་ལྡན་པའི་ཕྱིར། དགེ་བ་མངོན་པར་འདོད་པ་ནི། རྒྱུ་མཐུན་གྱི་འབྲས་བུ་ཡིན་ཏེ། སྔ་མར་དགེ་བ་ལ་གོམས་པའི་མཐུ་ལས་དགེ་བ་བྱེད་པར་འདོད་པའི་ཕྱིར། དགེ་བ་འཕེལ་བ་ནི། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ཏེ། ད་ལྟར་དགེ་བ་ལ་གོམས་པའི་མཐུ་ལས་དགེ་བ་སྔོན་མེད་པ་རྒྱས་པར་འགྱུར་པའི་ཕྱིར་རོ། །མི་མཐུན་ཕྱོགས་ཀྱིས་རྣམ་པར་དག་པ་ནི། བྲལ་བའི་འབྲས་བུ་ཡིན་ཏེ། སྒྲིབ་པ་སྤངས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར། གཉིས་པ་འབྲས་བུའི་རྣམ་གྲངས་གཞན་བཤད་པ་ནི། ཕྱི་མ་ཕྱི་མའི་འབྲས་བུ་ནི། རིགས་ལ་བརྟེན་ནས་སེམས་བསྐྱེད་ཅིང་དེ་ལ་བརྟེན་ནས་ལམ་ལ་སྦྱོར་བ་དང༌། དེ་ལས་འབྲས་བུ་འབྱུང་བ་སྟེ་སྔ་མ་སྔ་མ་ལས་འབྲས་བུ་ཕྱི་མ་ཕྱི་མ་འབྱུང་བའོ། །ཐོག་མའི་འབྲས་བུ་ནི་མཐོང་ལམ་སྐྱེས་པ་སྟེ། འཇིག་རྟེན་ལས་འདས་པ་ཐོབ་པའི་ཐོག་མ་ཡིན་པའི་ཕྱིར། གོམས་པའི་འབྲས་བུ་ནི། ལམ་སྔ་མ་དེའི་རྒྱུན་གོམས་པ་ལས་ནུས་པ་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར། རྫོགས་པའི་འབྲས་བུ་ནི་སྤངས་རྟོགས་མཐར་ཐུག་པའི་ཕྱིར། རྗེས་སུ་མཐུན་པའི་འབྲས་བུ་ནི། རྒྱུ་དང་རྗེས་སུ་མཐུན་པ་འབྱུང་བ་སྟེ། རིགས་ལས་སེམས་བསྐྱེད་འབྱུང་བ་ལྟ་བུའོ། །མི་མཐུན་ཕྱོགས་དང་བྲལ་བར་བྱེད་པའི་འབྲས་བུ་ནི། སྤོང་བའི་ལམ་སྟེ། མི་མཐུན་ཕྱོགས་དང་འབྲལ་བར་བྱེད་པའི་ཕྱིར། བྲལ་བའི་འབྲས་བུ་ནི་གོམས་པར་བྱས་པའི་འབྲས་བུ་དང་རྫོགས་པའི་འབྲས་བུ་གཉིས་ཏེ། སྔ་མ་ནི་སློབ་པ་དང་ཕྱི་མ་ནི་མི་སློབ་པའི་འབྲས་བུའོ། །ཁྱད་པར་གྱི་འབྲས་བུ་ནི་མངོན་པར་ཤེས་པ་ལ་སོགས་པའོ། །བླ་མའི་འབྲས་བུ་ནི། བྱང་ཆུབ་སེམས་དཔའི་ས་སྟེ། ཉན་རང་གི་ས་ལས་མཆོག་ཏུ་གྱུར་པའི་ཕྱིར། བླ་ན་མེད་པའི་འབྲས་བུ་ནི་སངས་རྒྱས་ཀྱི་ས་སྟེ། དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །འདི་དག་ནི་སྔ་མ་ལས་འབྲས་བུ་གཞན་གྱི་རྣམ་གཞག་གོ །འདི་ནི་འབྲས་བུ་མདོར་བསྡུས་པ་ཡིན་གྱི་རྒྱས་པ་བསམ་གྱིས་མི་ཁྱབ་བོ། །གཉེན་པོ་སྒོམ་པའི་ལེའུར་བཅད་པ་སྟེ། ལེའུ་བཞི་པའི་བཤད་པའོ།། ༈ །།ལྔ་པ་ཐེག་པ་བླ་ན་མེད་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། སྒྲུབ་པ་བླ་ན་མེད་པ་དང༌། དམིགས་པ་བླ་ན་མེད་པ་དང༌། ཡང་དག་པར་འགྲུབ་པ་བླ་ན་མེད་པ་སྟེ་གསུམ་གྱིས་བླ་ན་མེད་པ་ཉིད་བསྟན་པ་ཡིན་པར་འདོད་དོ། །གཉིས་པ་སོ་སོར་བཤད་པ་ལ་གསུམ་ལས། དང་པོ་སྒྲུབ་པ་ལ་རྣམ་པ་དྲུག་ཏུ་དབྱེ་བ་དང༌། སོ་སོའི་རང་བཞིན་བསྟན་པའོ། །དང་པོ་ནི། ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་འཇུག་པའི་སྒྲུབ་པ་རྣམ་པ་དྲུག་སྟེ། དམ་པའི་སྒྲུབ་པ་དང༌། ཡིད་ལ་བྱེད་པའི་སྒྲུབ་པ་དང༌། རྗེས་སུ་མཐུན་པའི་ཆོས་ཀྱི་སྒྲུབ་པ་དང༌། མཐའ་གཉིས་སྤང་བའི་སྒྲུབ་པ་དང༌། ཁྱད་པར་ཅན་གྱི་སྒྲུབ་པ་དང༌། ཁྱད་པར་མེད་པའི་སྒྲུབ་པའོ། །གཉིས་པ་སོ་སོའི་རང་བཞིན་བསྟན་པ་ལ་དྲུག་ལས། དང་པོ་ལ། དམ་པ་བཅུ་གཉིས་ཀྱི་རང་བཞིན། དེ་དག་ཕར་ཕྱིན་བཅུར་བསྡུ་བ། ཕར་ཕྱིན་བཅུའི་བྱེད་ལས་བཤད་པའོ། །དང་པོ་ནི། དམ་པ་བཅུ་གཉིས་ཀྱི་བདག་ཉིད་དེ། བཅུ་གཉིས་གང་ཞེ་ན། རྒྱ་ཆེ་བ་དམ་པ་ནི། འཇིག་རྟེན་ལས་འདས་པའི་ཡོན་ཏན་རྒྱ་ཆེ་བ་ལ་འཇུག་པའོ། །ཡུན་རིང་བ་དམ་པ་ནི། ཕྱིན་དྲུག་སྒྲུབ་པ་ལ་བསྐལ་པ་གྲངས་མེད་གསུམ་དུ་བརྩོན་འགྲུས་བརྩོམ་པའོ། །ཆེད་དུ་བྱ་བ་དམ་པ་ནི། སྦྱིན་སོགས་སེམས་ཅན་ཀུན་ལ་ཕན་པའི་ཆེད་དུ་སྒྲུབ་པའོ། །མི་ཟད་པ་དམ་པ་ནི། སྦྱིན་སོགས་ཀྱི་དགེ་བ་བྱང་ཆུབ་ཆེན་པོར་བསྔོས་པས་ལྷག་མེད་དུ་ཡང་མི་ཟད་པར་བྱེད་པའོ། །རྒྱུན་མི་འཆད་པ་དམ་པ་ནི། སྦྱིན་སོགས་ཀྱི་དགེ་བ་རྒྱུན་མི་འཆད་པར་བྱེད་པའོ། །ཚེགས་མེད་པ་དམ་པ་ནི། རྗེས་སུ་ཡི་རང་བའི་ཐབས་ཀྱིས་སྦྱིན་སོགས་འཕེལ་བར་བྱེད་པའོ། །དབང་འབྱོར་བ་དམ་པ་ནི། ནམ་མཁའ་མཛོད་ལ་དབང་སྒྱུར་བར་བྱེད་པའོ། །ཡོངས་སུ་གཟུང་བ་དམ་པ་ནི། སྦྱིན་སོགས་མི་རྟོག་ཡེ་ཤེས་ཀྱིས་ཡོངས་སུ་གཟུང་བའི་ཚུལ་དུ་སྒྲུབ་པའོ། །རྩོམ་པ་དམ་པ་ནི། ཚོགས་སྦྱོར་གྱི་ལམ་དུ་བདག་མེད་པའི་དོན་ལ་རྟོགས་པ་གོང་ནས་གོང་དུ་འཕེལ་བར་བྱེད་པའོ། །འཐོབ་པ་དམ་པ་ནི། ས་དང་པོར་འཇིག་རྟེན་ལས་འདས་པའི་ལམ་གསར་དུ་ཐོབ་པའོ། །རྒྱུ་མཐུན་པ་དམ་པ་ནི། ས་གཉིས་པ་ནས་དགུ་པའི་བར་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྒྱུ་མཐུན་པ་རིམ་གྱིས་འབྱུང་བའོ། །འགྲུབ་བ་དམ་པ་ནི། ས་བཅུ་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་པས་ཡོན་ཏན་མཐར་ཐུག་པ་འགྲུབ་པར་འདོད་པ་ཡིན་ནོ། །གཉིས་པ་ནི། དམ་པ་བཅུ་གཉིས་དང་ལྡན་པ་དེའི་ཕྱིར། དམ་པའི་དོན་དང་ལྡན་པ་ཉིད་ཀྱིས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དབྱེ་ན་ཕར་ཕྱིན་བཅུར་འདོད་དོ། །བཅུ་གང་ཞེ་ན། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཐབས་དང༌། སྨོན་ལམ་དང༌། སྟོབས་དང༌། ཡེ་ཤེས་ཏེ་འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །གསུམ་པ་ཕར་ཕྱིན་བཅུའི་བྱེད་ལས་བཤད་པ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་པོའི་བྱེད་ལས་ནི། སྦྱིན་པས་སེམས་ཅན་ཚིམ་པར་བྱས་ཏེ་རྗེས་སུ་འཛིན་པར་བྱེད་པའོ། །ཚུལ་ཁྲིམས་ཀྱིས་ནི་གཞན་ལ་གནོད་པ་གཞི་བཅས་སྤོང་བས་གནོད་པ་མི་བྱེད་པའོ། །བཟོད་པས་ནི་གཞན་གྱིས་གནོད་པ་སྡུག་བསྔལ་སོགས་བཟོད་པའོ། །བརྩོན་འགྲུས་ཀྱིས་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་བྱེད་དོ། །བསམ་གཏན་གྱིས་རྫུ་འཕྲུལ་གྱི་སྒོ་ནས་གདུལ་བྱ་གཞན་བསྟན་པ་ལ་འཛུད་ནུས་པར་བྱེད་དོ། །ཤེས་རབ་ཀྱིས་གཞན་ལ་ཆོས་བསྟན་པས་སེམས་ཤིན་ཏུ་གྲོལ་བར་བྱེད་དོ། །ཐབས་ལ་མཁས་པས་དགེ་བ་བྱང་ཆུབ་ཆེན་པོར་བསྔོས་པས་དགེ་བ་མི་ཟད་པར་བྱེད་དོ། །སྨོན་ལམ་གྱིས་སྐྱེ་བ་ཀུན་ཏུ་སྦྱིན་སོགས་འབྱུང་བར་བྱེད་པའི་སྒོ་ནས་རྟག་ཏུ་དགེ་བ་ལ་འཇུག་པར་བྱེད་དོ། །སྟོབས་ཀྱིས་མི་མཐུན་ཕྱོགས་ཟིལ་གྱིས་མནན་ནས་སྦྱིན་སོགས་དགེ་བ་བྱང་ཆུབ་ཏུ་ངེས་པར་བྱེད་དོ། །ཡེ་ཤེས་ཀྱིས་ནི་སྦྱིན་སོགས་ཆོས་ལ་ལོངས་སྤྱོད་ཅིང་སེམས་ཅན་སྨིན་པར་བྱེད་པའོ། །གཉིས་པ་ཡིད་ལ་བྱེད་པའི་སྒྲུབ་པ་བསྟན་པ་ལ་གཉིས་ཏེ། ཡིད་ལ་བྱེད་པའི་རང་བཞིན་དང༌། ཆོས་སྤྱོད་བཅུར་དབྱེ་བའོ། །དང་པོ་ལ། བྱེད་པ་དངོས་དང༌། དེའི་ཕན་ཡོན་ནོ། །དང་པོ་ནི། ཐེག་པ་ཆེན་པོ་ཉིད་དང༌། མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པའི་ཆོས་རྣམས་ཇི་ལྟར་གདགས་པར་མཛད་པ་དག་ལ་ཇི་ལྟར་གདགས་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ཡང་དང་ཡང་དུ་ཐོས་པ་དང་བསམ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་གསུམ་གྱིས་རྒྱུན་མི་འཆད་པར་ཡིད་ལ་བྱེད་པའོ། །གཉིས་པ་ནི། ཐོས་པའི་ཤེས་རབ་ཀྱིས་ཁམས་བརྟས་པར་བྱེད་ལ། བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་རིགས་པ་ལ་བརྟེན་ནས་དོན་ལ་འཇུག་པར་བྱེད་དོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་དེ་ཡིས་ནི་འདོད་པའི་དོན་རྣམས་འགྲུབ་པར་འགྱུར་ཏེ། ས་ལ་འཇུག་པ་ཡོངས་སུ་སྦྱོང་བའི་ཕྱིར། གཉིས་པ་ཆོས་སྤྱོད་བཅུར་དབྱེ་བ་ལ་གཉིས་ཏེ། དབྱེ་བ་དངོས་དང༌། ཕན་ཡོན་ནོ། །དང་པོ་ནི། ཡིད་ལ་བྱེད་པ་དེ་ནི་ཆོས་སྤྱོད་རྣམ་པ་བཅུ་དང་ཡང་དག་པར་ལྡན་པར་བསྒྲུབ་པར་བྱ་བ་ཡིན་པར་ཤེས་པར་བྱ་བ་ཡིན་ནོ། །བཅུ་གང་ཞེ་ན། ཐེག་པ་ཆེན་པོའི་ཆོས་ཡི་གེར་འབྲི་བ་དང༌། དེ་ལ་མཆོད་པ་དང༌། གཞན་ལ་སྦྱིན་པར་བྱེད་པ་དང༌། རང་གིས་ཉན་པར་བྱེད་པ་དང༌། གླེགས་བམ་ཀློག་པ་དང༌། ཚིག་བློ་ལ་ལེན་པ་དང༌། གཞན་ལ་འཆད་པ་དང༌། ཚིག་ཁ་ཏོན་དུ་བྱེད་པ་དང༌། དོན་དེ་བསམ་བྱུང་གི་ཤེས་རབ་ཀྱིས་སེམས་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་བསྒོམས་པའོ། །གཉིས་པ་ནི། སྤྱོད་པ་བཅུའི་བདག་ཉིད་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་དེ། ཆོས་སྤྱོད་གཅིག་ལ་ཡང་བསོད་ནམས་ཤིན་ཏུ་མང་བའི་ཕྱིར་རོ། །ཅིའི་ཕྱིར་མདོ་ལས་ཐེག་པ་ཆེན་པོའི་ཆོས་སྤྱོད་ཁོ་ན་ཁྱད་པར་དུ་འཕགས་པར་སྟོན་ཞེ་ན། ཉན་ཐོས་སོགས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང༌། སྐུ་དང་ཡེ་ཤེས་སོགས་ལྷག་མེད་ཀྱི་དབྱིངས་སུ་ཡང་མི་ཟད་པའི་ཕྱིར་དང༌། འཁོར་བ་ཇི་སྲིད་བར་ཕྲིན་ལས་ཀྱི་ནུས་པ་མ་ཞི་བར་འཇུག་པའི་ཕྱིར་དང༌། གཞན་ལ་ཕན་འདོགས་པ་མ་ཞི་བར་འཇུག་པའི་ཕྱིར་རོ། །གསུམ་པ་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། ཞི་གནས་སྒོམ་པ་ནི་མི་གཡེང་བ་དང༌། ལྷག་མཐོང་སྒོམ་པ་ནི་ཕྱིན་ཅི་མ་ལོག་པར་གྱུར་པ་སྟེ། རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་གཉིས་སོ། །གཉིས་པ་ལ། ཞི་གནས་ཀྱི་མི་མཐུན་ཕྱོགས་གཡེང་བ་བཤད་པ་དང༌། ལྷག་མཐོང་གི་ངོ་བོ་ཕྱིན་ཅི་མ་ལོག་པ་བཤད་པའོ། །དང་པོ་ལ་གཡེང་བ་དྲུག་སྟེ། ངོ་བོ་ཉིད་ཀྱིས་གཡེང་བ་ནི་མིག་གི་རྣམ་པར་ཤེས་པ་སོགས་ཚོགས་ལྔ་སྟེ། ཚོགས་ལྔ་གང་རུང་ཞིག་སྐྱེས་པས་ཏིང་ངེ་འཛིན་ལས་ལྡང་བར་བྱེད་པའི་ཕྱིར། ཕྱི་རོལ་དུ་གཡེང་བ་ནི་ཡིད་ཀྱི་རྣམ་ཤེས་ཏེ། ཡིད་ཀྱི་ཤེས་པ་ཡུལ་ལ་འཇུག་པས་སེམས་ཕྱི་རོལ་དུ་འཕྲོ་བའི་ཕྱིར། ནང་གི་གཡེང་བ་ནི་ཏིང་ངེ་འཛིན་གྱི་རོ་མྱོང་བ་དང་བྱིང་རྒོད་དེ། ནང་གི་ཏིང་ངེ་འཛིན་ལས་ཉམས་པར་བྱེད་པའི་ཕྱིར། མཚན་མའི་གཡེང་བ་ནི་ཏིང་ངེ་འཛིན་ལ་མཚན་མར་བཟུང་ནས་ཡིད་ཆེས་པའི་བསམ་པ་སྟེ། ཡོན་ཏན་མ་ཐོབ་པ་ལ་ཐོབ་པར་འཛིན་པའི་ཕྱིར། གནས་ངན་ལེན་གྱི་གཡེང་བ་ནི་ངར་འཛིན་པའི་སྒོ་ནས་གཞན་ལས་ཁྱད་པར་དུ་འཕགས་པར་ཡིད་ལ་བྱེད་པ་སྟེ། ང་རྒྱལ་གྱི་མཚན་མར་འཛིན་པ་དང་ལྡན་པའི་ཕྱིར། ཡིད་ལ་བྱེད་པའི་གཡེང་བ་ནི་ཆུང་ངུའམ་དམན་པའི་སེམས་ཏེ། ཐེག་པ་དམན་པ་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ལྟར་བློ་ལྡན་རྣམས་ཀྱིས་གཡེང་བ་དྲུག་པོ་དེ་དག་ཤེས་པར་བྱས་ནས་དེ་ཞི་བའི་ཞི་གནས་བསྒོམ་པར་བྱའོ། །གཉིས་པ་ཕྱིན་ཅི་མ་ལོག་པ་བཤད་པ་ལ་གཉིས་ཏེ། བཅུར་དབྱེ་བ་དང༌། དེའི་དོན་བཤད་པའོ། །དང་པོ་ནི། ཡི་གེ་ལ་ཕྱིན་ཅི་མ་ལོག་པ་དང༌། དོན་ལ་ཕྱིན་ཅི་མ་ལོག་པ་དང༌། ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པ་དང༌། མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་དང༌། རང་དང་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་གཉིས་དང༌། དག་པ་དང་མ་དག་པ་གཉིས་ལ་ཕྱིན་ཅི་མ་ལོག་པ་དང༌། གློ་བུར་བ་ལ་ཕྱིན་ཅི་མ་ལོག་པ་དང༌། མི་དངངས་པ་ལ་ཕྱིན་ཅི་མ་ལོག་པ་དང༌། ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པའོ། །གཉིས་པ་དེ་དག་གི་དོན་བཤད་པ་ནི། ཕྱིན་ཅི་མ་ལོག་པ་བཅུ་ལས། དང་པོའི་དོན་བཤད་པ། བརྗོད་བྱ་ཕྱིན་ཅི་མ་ལོག་པ་སྟོན་པའི་ཚིག་ལ་ཡོད་པའི་ཡི་གེ་གོ་རིམ་མ་ནོར་བར་འབྲེལ་པའི་ཕྱིར་དང༌། ཡི་གེ་ལས་བཞག་པའི་བརྡ་ལ་འདྲིས་པའི་ཕྱིར་ཡི་གེ་རྣམས་དོན་ཡོད་པ་ཉིད་དང༌། གཉིས་ཀ་ལས་ལྡོག་པ་ཡི་གེ་མ་འབྲེལ་པ་དང༌། བརྡ་སྔར་མ་འདྲིས་པ་གཉིས་ནི་དོན་མེད་པ་སྟེ། དོན་ཡོད་མེད་གཉིས་ཤེས་པ་ནི་ཡི་གེ་ལ་ཕྱིན་ཅི་མ་ལོག་པར་འཇུག་པའོ། །འདི་ལས་བྱང་ཆུབ་སེམས་དཔའ་ལ་སྒྲའི་དོན་དང་བྲལ་བའི་རྟོགས་པ་སྐྱེའོ། །གཉིས་པའི་དོན་ནི། གཟུང་འཛིན་གཉིས་སུ་སྣང་བར་གྱུར་པ་ནི་ཇི་ལྟར་སྣང་བ་དེ་ལྟར་དོན་ལ་ཡོད་པ་མ་ཡིན་པས་ཡོད་པས་མཐའ་རྣམ་པར་སྤངས་སོ། །གཉིས་སུ་སྣང་བ་ཙམ་མེད་པ་མ་ཡིན་པས་མེད་པ་རྣམ་པར་སྤངས་སོ། །གཉིས་པོ་ཤེས་པ་དེ་ནི་དོན་ལ་ཕྱིན་ཅི་མ་ལོག་པ་སྟེ། འདི་ལས་གཟུང་འཛིན་དང་བྲལ་བའི་རྟོགས་པ་སྐྱེའོ། །གསུམ་པའི་དོན་ནི། གཟུང་འཛིན་དུ་རྟོག་པ་སྔ་མ་དེ་ཡིས་བསྒོས་པའི་རྟོག་པ་ནི་ཆོས་ཅན། ཡིད་བྱེད་དེའི་གནས་ཞེས་བརྗོད་དེ། ཡིད་བྱེད་དེའི་ས་བོན་གྱི་རྟེན་ཡིན་པའི་ཕྱིར། དེ་ལྟར་ཤེས་པ་ནི་ཡིད་ལ་བྱེད་པ་ཕྱིན་ཅི་མ་ལོག་པའོ། །ཡིད་ལ་བྱེད་པ་དེའི་གནས་གང་ཞེ་ན། གཟུང་འཛིན་གཉིས་སུ་སྣང་བའི་རྒྱུ་ཀུན་གཞི་ལ་བརྗོད་དོ། །བཞི་པའི་དོན་ནི། དོན་གྱི་ཡོད་པ་ནི་གཞན་དབང༌། མེད་པ་ནི་གཟུང་འཛིན་གཉིས། དོན་ལ་མེད་ཀྱང་སྣང་བའི་ཚུལ་དེ་ནི་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་བཞིན་དུ་འདོད་དེ། ཐ་སྙད་དུ་གཉིས་སུ་སྣང་ཡང་དོན་ལ་ཡོད་པ་མིན་པར་རྟོགས་པ་དེ་ནི་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་སྟེ། མཐའ་གཅིག་ཏུ་ཡོད་པ་དང་མེད་པར་འཛིན་པའི་རྟོག་པ་མི་འཕྲོ་བའི་ཕྱིར་རོ། །ལྔ་པ་དང་དྲུག་པ་རང་སྤྱི་གཉིས་ལ་ཕྱིན་ཅི་མ་ལོག་པའི་དོན་ནི། ཤེས་བྱ་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་མིང་ཙམ་ཁོ་ན་སྟེ། རྟོག་པ་ཐམས་ཅད་ཀྱིས་བཟུང་བ་ལྟར་མི་འཇུག་པའི་ཕྱིར་རོ། །ཚུལ་དེ་ལྟར་ཤེས་པ་དེ་ནི་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །གང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ཡིན་ཞེ་ན། དོན་དམ་གྱི་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའོ། །སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའི་དོན་ནི། ཆོས་ཐམས་ཅད་མིང་ཙམ་དུ་ཟད་པས་ན་ཆོས་ཀྱི་དབྱིངས་ཏེ་བདག་མེད་ལས་མ་གཏོགས་པར་ཡོད་པ་མ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་མིང་ཙམ་དུ་ཟད་པའོ། །ཆོས་ཐམས་ཅད་བདག་མེད་ཡིན་པ་དེའི་ཕྱིར། བདག་མེད་ནི་སྤྱིའི་མཚན་ཉིད་དེར་ཤེས་པ་དེ་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའོ། །བདུན་པ་མ་དག་པ་དང་དག་པའི་དོན་ལ་ཕྱིན་ཅི་མ་ལོག་པའི་དོན་ནི། ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པ་མ་སྤངས་པས་ཆོས་དབྱིངས་དེ་ནི་རྣམ་པར་མ་དག་པ་ཡིན་ལ། སྤངས་པ་ལས་ནི་རྣམ་པར་དག་པ་སྟེ། དེ་ལྟར་ཤེས་པ་དེ་ཡང་དག་མ་དག་ལ་ཕྱིན་ཅི་མ་ལོག་པའོ། །བརྒྱད་པ་གློ་བུར་བ་ལ་ཕྱིན་ཅི་མ་ལོག་པའི་དོན་ནི། སྔར་དྲི་མ་དང་བཅས་པ་དང་ཕྱིས་དྲི་མས་དག་པ་གཉིས་ཀ་ཡང་གློ་བུར་དུ་འབྱུང་བ་སྟེ། སྔར་མ་དག་པའི་དུས་སུ་ཡང་དྲི་མ་གློ་བུར་བ་ཡིན་པའི་ཕྱིར་ཏེ་ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ཏེ་ནམ་མཁའ་བཞིན་ནོ། །ཕྱིས་དྲི་མས་དག་པའི་ཚེའང་དྲི་མ་གློ་བུར་བ་དག་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་ཤེས་པ་དེ་ཡང་གློ་བུར་བ་དེ་ལ་ཕྱིན་ཅི་མ་ལོག་པའོ། །དགུ་པ་དང་བཅུ་པ་མི་དངངས་པ་དང་མི་ཁེངས་པ་ཕྱིན་ཅི་མ་ལོག་པ་ནི། སྔར་ཆོས་རྣམས་ཀུན་ནས་ཉོན་མོངས་པའི་ངོ་བོར་གནས་པ་ཡང་མེད་ཕྱིས་དེ་ཉིད་རྣམ་པར་དག་པ་ཡང་མེད། གང་གི་རང་བཞིན་ཀུན་ནས་ཉོན་མོངས་པའི་ངོ་བོ་གྲུབ་པ་དང་དེ་ཉིད་ཕྱིས་རྣམ་པར་དག་པ་ཡང་མེད་དེ། གཟུང་འཛིན་གཉིས་ཀྱི་ཆོས་དང་གང་ཟག་དོན་དམ་པར་མེད་པའི་ཕྱིར། དེས་ན་ཉེས་པ་འཕེལ་བ་གང་གིས་སྐྲག་པ་དང་དངངས་པ་མེད་ལ། ཡོན་ཏན་འཕེལ་བ་གང་གིས་ང་རྒྱལ་དུ་འགྱུར་བ་ཡང་མེད། དེ་ལྟར་ཤེས་པ་དེ་ནི་འདིར་མི་སྐྲག་པ་དང་ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པའོ། །འདིས་ནི་ཆོས་དབྱིངས་ཟད་པ་དང་འཕེལ་བ་མེད་པར་རྟོགས་པར་འགྱུར་རོ། །དེ་ལྟར་ཕྱིན་ཅི་མ་ལོག་པ་བཅུ་པོ་རྡོ་རྗེའི་ཚིག་བཅུ་དང་སྦྱར་བ་ནི། མདོ་ལས། ཡོད་པ་དང༌། མེད་པ་སོགས་རྡོ་རྗེའི་ཚིག་བཅུ་གསུངས་པ་དབྱིག་གཉེན་གྱི་འགྲེལ་པར་ཚིགས་བཅད་དུ་བསྡུས་པ་ནི། ཡོད་མེད་ཕྱིན་ཅི་མ་ལོག་དང༌། །གནས་དང་སྒྱུ་མ་ལྟ་བུ་ཉིད། །མི་རྟོག་པ་དང་རང་བཞིན་གྱིས། རྟག་པར་འོད་གསལ་ཉིད་དང་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་དང༌། །དེ་བཞིན་ནམ་མཁའ་ལྟ་བུ་ཉིད། །འགྲིབ་པ་མེད་དང་ལྷག་མེད་པ། །རྡོ་རྗེའི་ཚིག་ནི་བཅུ་ཞེས་བྱ། །ཞེས་གསུངས། འདི་དག་ཕྱིན་ཅི་མ་ལོག་པ་བཅུ་དང་སྦྱར་ན། ཡི་གེ་ལ་ཕྱིན་ཅི་མ་ལོག་པ་ནི་ཡོད་མེད་དོ། །དོན་ལ་མ་ལོག་པ་ནི་ཕྱིན་ཅི་མ་ལོག་པའོ། །ཡིད་བྱེད་ལ་མ་ལོག་པ་ནི་གནས་སོ། །མཐའ་གཉིས་སུ་མི་འཕྲོ་བ་ལ་མ་ལོག་པ་ནི་སྒྱུ་མ་ལྟ་བུའོ། །རང་གི་མཚན་ཉིད་ལ་མ་ལོག་པ་ནི་རྟོག་པའོ། །སྤྱིའི་མཚན་ཉིད་ལ་མ་ལོག་པ་ནི་རང་བཞིན་གྱིས་འོད་གསལ་བའོ། །མ་དག་པ་དང་དག་པ་ལ་མ་ལོག་པ་ནི་ཀུན་བྱང་ངོ༌། །གློ་བུར་དུ་བྱུང་བ་ལ་མ་ལོག་པ་ནི་ནམ་མཁའ་ལྟ་བུའོ། །སྤང་བྱ་འགྲིབ་པ་མེད་པས་མི་སྐྲག་པ་ལ་མ་ལོག་པ་ནི་འགྲིབ་པ་མེད་པའོ། །གཉེན་པོ་འཕེལ་བས་ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་ནི་ཁྱད་པར་དུ་འཕགས་པའམ་ལྷག་པ་མེད་པའོ། །རྫས་ཀྱི་རྡོ་རྗེ་དེ་མཚོན་སོགས་ཀྱིས་ཕིགས་པར་དཀའ་བ་བཞིན་དུ་འདི་དག་ནི་རྟོག་གེའི་བློས་ཤེས་པར་དཀའ་བའི་ཕྱིར་རྡོ་རྗེའི་ཚིག་ཅེས་བྱའོ། །རྡོ་རྗེའི་ཚིག་རྣམས་བསྡུས་ནས་འཆད་པ་ལ། འགྲེལ་པར་ལུས་རྣམ་གཞག་གཉིས་མཛད་པའི་དང་པོ་ནི། ངོ་བོ་ཉིད་རྣམ་པ་གསུམ་དང༌། དམིགས་པ་དང༌། རྣམ་པར་མི་རྟོག་པ་ཉིད་དང༌། བརྒལ་བ་དང༌། ལན་ཏེ། རྡོ་རྗེའི་ཚིག་ལྷག་མ་རྣམས་སོ། །ཞེས་སོ། །གཉིས་པ་ནི། གང་ལ་གང་ཞིག་གང་གིས་འཁྲུལ། །མ་འཁྲུལ་གང་ཞིག་གང་ལ་དང༌། །འཁྲུལ་དང་མ་འཁྲུལ་འབྲས་བུ་ཉིད། །དེ་གཉིས་ཀྱི་ནི་ཐ་མ་འོ། །ཞེས་པའོ། །དེ་ལ་ངོ་བོ་ཉིད་གསུམ་ནི་དམིགས་པ་སྟེ་ཡོད་པ་ཡོངས་གྲུབ། མེད་པ་ཀུན་བཏགས། ཕྱིན་ཅི་མ་ལོག་པ་གཞན་དབང་ཡིན་པས་ཤེས་བྱ་དང༌། རང་མཚན་ལ་མ་ལོག་པ་གང་གིས་རྣམ་པར་མི་རྟོག་པ་ཤེས་པ་དང༌། གང་ལ་མི་རྟོག་པ་འོད་གསལ་བ་སྟེ། ཤེས་བྱ་དང་ཤེས་པའི་རྣམ་གཞག་བསྟན་ཏོ། །བརྒལ་བ་དང་ལན་གྱིས་བསྟན་པའི་རྡོ་རྗེའི་ཚིག་ལྷག་མ་འཆད་ཚུལ་ལ། བརྒལ་བ་ནི། གལ་ཏེ་ཀུན་བཏགས་དང་གཞན་དབང་གི་མཚན་ཉིད་ཀྱི་ཆོས་དེ་དག་མེད་ན་ཇི་ལྟར་དམིགས་པར་འགྱུར། ཅི་སྟེ་ཡོད་ན་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་མི་རུང་ངོ་ཞེ་ན། ལན་ནི། སྒྱུ་མ་ལྟ་བུ་ཉིད་ཅེས་པས་བསྟན་ཏེ། དཔེར་ན་སྒྱུ་མ་བྱས་པ་ཉིད་ནི་སྣང་བ་ལྟར་མེད་ཀྱང་དམིགས་སུ་རུང་བ་ལྟ་བུའོ། །ཡང༌། གལ་ཏེ་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་ཡིན་ན་སྔར་ནས་ཀུན་ནས་ཉོན་མོངས་པ་ཕྱིས་ཇི་ལྟར་རྣམ་པར་བྱང་བར་འགྱུར་ཞེ་ན། ཀུན་ཉོན་དང་རྣམ་བྱང་གི་ཆོས་རྣམས་ནམ་མཁའ་ལྟ་བུར་རིག་པར་བྱ་སྟེ། དཔེར་ན་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ལ་ཀུན་ནས་ཉོན་མོངས་སོ་རྣམ་བྱང་ངོ་ཞེས་བརྗོད་པ་ལྟ་བུའོ། །ཡང༌། གལ་ཏེ་སངས་རྒྱས་དཔག་མེད་བྱུང་ནས་སེམས་ཅན་དཔག་མེད་ཀྱི་ཀུན་ཉོན་བསལ་ན། ཅིའི་ཕྱིར་འཁོར་བ་འགྲིབ་པར་མི་འགྱུར་ཞིང་མྱང་འདས་འཕེལ་བར་མི་འགྱུར་ཞེ་ན། འགྲིབ་པ་མེད་པ་དང་ཁྱད་པར་དུ་འཕགས་པ་མེད་པ་ཞེས་པས་དེའི་ལན་བསྟན་ཏེ། སེམས་ཅན་གྱི་ཁམས་དང་རྣམ་བྱང་གི་ཕྱོགས་དཔག་ཏུ་མེད་པའི་ཕྱིར་འཁོར་འདས་ལ་འཕེལ་འགྲིབ་མེད་པར་བསྟན་ཏོ། །དེ་ལྟར་རྡོ་རྗེའི་ཚིག་རྣམས་འདིར་བསྟན་པ་དང༌། འགྲེལ་ཚིག་རྩ་བར་དྲངས་པ་གཉིས་གོ་རིམ་མི་མཐུན་པ་ནི། འདིར་བཤད་པའི་རིམ་པ་གཙོ་བོར་བྱས་པ་སྟེ། རྡོ་རྗེའི་ཚིག་བཅུ་སྟོན་པའི་གཞུང་ཚིག་བཤད་བྱ་དང༌། གང་ལ་གང་ཞིག་སོགས་འཆད་བྱེད་ཡིན་པའི་ཕྱིར་སྔ་ཕྱིའི་འབྲེལ་དེ་ལྟར་བྱས་སོ། །བཞི་པ་མཐའ་གཉིས་སྤངས་པའི་སྒྲུབ་པ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་མཐའ་གཉིས་སྤངས་ནས་དབུ་མའི་ལམ་སོ་སོར་རྟོག་ཅིང་སྒྲུབ་པར་བྱེད་པའི་ལམ་མོ། །བསལ་བྱའི་མཐའ་གཉིས་ནི་མུ་སྟེགས་དང་ཉན་ཐོས་གཉིས་ཀས་བཏགས་པའི་མཐའ་འོ། །དེ་གང་ཞེ་ན། བདག་དང་ཕུང་པོ་ཐ་དད་པར་བཏགས་པ་དང༌། བདག་དང་ཕུང་པོ་གཅིག་ཏུ་བཏགས་པའི་མཐའ་དང༌། གཟུགས་སོགས་རྟག་པར་བཏགས་པ་ནི་མུ་སྟེགས་པས་བཏགས་པའོ། །མི་རྟག་པ་ནི་ཉན་ཐོས་ཀྱིས་བཏགས་པའི་མཐའ་སྟེ། འདི་གཉིས་ནི་མུ་སྟེགས་དང་ཉན་ཐོས་གཉིས་ཀས་བཏགས་པའི་མཐའ་འོ། །གང་ཟག་ལ་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པའི་མཐའ་གཉིས་དང༌། ཆོས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་ཏེ་བཞི་པོ་རྣམས་མཐའ་འོ། །མ་རིག་པ་སོགས་མི་མཐུན་ཕྱོགས་དང༌། མ་རིག་པ་འགོག་བྱེད་གཉེན་པོའི་མཐའ་གཉིས་སོ། །གང་ཟག་དང་ཆོས་གཉིས་ངོ་བོ་ཉིད་ཀྱིས་ཡོད་པར་འདུ་ཤེས་པས་བཏགས་པ་ནི་རྟག་པའི་མཐའ་དང༌། ཐ་སྙད་དུ་མེད་པར་འདུ་ཤེས་པས་བཏགས་པ་ནི་ཆད་མཐའ་དང༌། གཟུང་བ་དང་འཛིན་པར་བཏགས་པའི་མཐའ་གཉིས་དང༌། ཀུན་ནས་ཉོན་མོངས་པ་གསུམ་གྱི་མཐའ་དང༌། རྣམ་པར་བྱང་བ་གསུམ་གྱི་མཐའ་སྟེ། ཀུན་ནས་ཉོན་མོངས་ཀྱི་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །རྣམ་པར་བྱང་བ་གསུམ་ནི་རྣམ་ཐར་སྒོ་གསུམ་མོ། །འདི་དག་ལ་མངོན་པར་ཞེན་པས་བཏགས་པ་ནི་མཐའ་འོ། །དངོས་པོར་ཡོད་མེད་སོགས་ཕྱོགས་གཉིས་ཀྱི་རྣམ་པར་རྟོག་པ་ནི་མཐའ་སྟེ། དེ་ནི་རྣམ་པ་བདུན་དུ་འདོད་དེ། བདག་གི་དངོས་པོ་ཡོད་པ་དང་མེད་པར་རྟོག་པ་གཉིས་ཀྱི་མཐའ་དང༌། ཞི་བར་བྱ་བ་སྤང་བྱ་དང་ཞི་བར་བྱེད་པ་གཉེན་པོ་ལ་རྟོག་པའི་མཐའ་གཉིས་དང༌། སྐྲག་བྱ་ངོ་བོ་ཉིད་ཀྱིས་སྟོང་པ་དང་སྟོང་པ་དེ་ལ་འཇིགས་པ་སྐྱེ་བར་རྟོག་པ་དང༌། གཟུང་བ་དང་འཛིན་པ་གཉིས་རྟོག་པ་དང༌། ཡང་དག་པ་ཟག་པ་མེད་པ་ཉིད་དང་ལོག་པ་ཟག་པ་དང་བཅས་པ་ཉིད་ལ་རྟོག་པའི་མཐའ་གཉིས་དང༌། ཡེ་ཤེས་ཀྱིས་སྤང་བྱ་སྤོང་བར་བྱེད་པ་དང་སྤོང་བར་བྱེད་པའི་ནུས་པ་ཡོད་པ་མིན་པར་རྟོག་པའི་མཐའ་དང༌། གཉེན་པོ་སྐྱེ་བ་མེད་པ་དང་གཉེན་པོ་སྐྱེས་ཀྱང་སྤང་བྱ་དང་དུས་མཉམ་དུ་འཇུག་པ་ཉིད་དུ་རྟོག་པའི་མཐའ་སྟེ། ཟུང་དུ་སྦྱར་བ་བདུན་པོ་དེ་ནི་ཕྱོགས་གཉིས་ཀྱི་ཡུལ་ཅན་གྱི་རྣམ་པར་རྟོག་པའི་མཐའ་འོ། །ལྔ་པ་དང་དྲུག་པ་ཁྱད་པར་ཅན་དང་ཁྱད་པར་མེད་པའི་སྒྲུབ་པ་ནི། ས་བཅུ་ལ་རྣམ་པར་དག་པར་བྱ་བ་དག་ཏུ་ཤེས་པར་བྱས་ཏེ། ཁྱད་པར་མེད་པའི་སྒྲུབ་པ་ནི། ས་བཅུ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་ཙམ་དུ་ཁྱད་པར་མེད་ལ། ཁྱད་པར་ནི་ས་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་གཙོ་བོར་སྤྱོད་དོ། །གཉིས་པ་དམིགས་པ་བླ་ན་མེད་པ་བསྟན་པ་ནི། རྣམ་པར་གཞག་པའི་དམིགས་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཏེ། སེམས་ཅན་ལ་ཕན་པའི་ཕྱིར་དུ་རྣམ་པར་གཞག་པའི་ཕྱིར། ཆོས་དབྱིངས་ཀྱི་དམིགས་པ་ནི། ཆོས་ཉིད་དེ། ལམ་གྱི་དམིགས་པར་གྱུར་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བའི་དམིགས་པ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། སྒྲུབ་པའི་དམིགས་པ་ནི། དེ་བཞིན་ཉིད་དེ། དེ་བཞིན་ཉིད་ལ་དམིགས་ནས་ལམ་སྒྲུབ་པའི་ཕྱིར་རོ། །འཛིན་པའི་དམིགས་པ་ནི། ཐོས་བྱུང་གི་ཤེས་རབ་ཀྱི་ཡུལ་ཏེ། ཐོས་བྱུང་གི་ཤེས་རབ་ཀྱིས་འཛིན་པར་བྱ་བ་ཡིན་པའི་ཕྱིར། ངེས་པར་འཛིན་པའི་དམིགས་པ་ནི། བསམ་བྱུང་གི་ཤེས་རབ་ཀྱི་ཡུལ་ཏེ། རིགས་པ་ལ་བརྟེན་ནས་ངེས་པར་འཛིན་པ་ཡིན་པའི་ཕྱིར། རབ་ཏུ་འཛིན་པའི་དམིགས་པ་ནི། བསྒོམས་པ་ལས་བྱུང་བའི་ཡུལ་ཏེ། སོ་སོ་རང་གིས་རིག་པའི་བློས་འཛིན་པར་བྱ་བ་ཡིན་པའི་ཕྱིར། རབ་ཏུ་རྟོགས་པའི་དམིགས་པ་ནི། ས་དང་པོའི་མཐོང་ལམ་གྱི་དམིགས་པ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་རབ་ཏུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། རབ་ཏུ་རྒྱས་པའི་དམིགས་པ་ནི། ས་གཉིས་པ་ནས་བདུན་པའི་བར་གྱི་དམིགས་པ་སྟེ། རྟོགས་པ་སྔར་ལས་རབ་ཏུ་རྒྱས་པའི་དམིགས་པ་ཡིན་པའི་ཕྱིར། རྣམ་པར་རྟོགས་པའི་དམིགས་པ་ནི་ས་བདུན་པའི་དམིགས་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་དམིགས་པ་གཉིས་ལ་སོགས་པའི་ཆོས་ཁོང་དུ་ཆུད་པའི་ཕྱིར། ས་བརྒྱད་པའི་དམིགས་པ་ནི། རྣལ་དུ་འདུག་པའི་དམིགས་པ་སྟེ། མཚན་མར་འཛིན་པའི་རྟོག་པས་མི་གཡོ་བའི་དམིགས་པ་ཡིན་པའི་ཕྱིར། ས་དགུ་པ་དང་ས་བཅུ་པ་དང་སངས་རྒྱས་ཀྱི་ས་གསུམ་གྱི་དམིགས་པ་ནི། ཕུལ་དུ་བྱུང་བའི་དམིགས་པར་འདོད་དེ། ས་དགུ་པ་ལ་སོ་སོ་ཡང་དག་རིག་བཞིའི་ཡེ་ཤེས་ཕུལ་དུ་ཕྱིན་པ་ཐོབ་ཅིང༌། ས་བཅུ་པ་ལ་ལས་ལ་དབང་བ་ཕུལ་དུ་ཕྱིན་པ་ཐོབ་ལ། སངས་རྒྱས་ཀྱི་སར་སྒྲིབ་པ་མ་ལུས་པ་སྤངས་པའི་རྣམ་པར་དག་པ་ཕུལ་དུ་ཕྱིན་པ་ཐོབ་པའི་ཕྱིར། གསུམ་པ་ཡང་དག་པར་འགྲུབ་པ་བླ་ན་མེད་པ་ལ་བཅུ་སྟེ། ལམ་གྱི་རྐྱེན་མ་ཚང་བ་མེད་པ་ནི་རིགས་ཡང་དག་པར་འགྲུབ་པའོ། །ཐེག་ཆེན་མི་སྤོང་བ་ནི་མོས་པ་ཡང་དག་པ་འགྲུབ་པའོ། །ཐེག་པ་དམན་པས་སེམས་མི་གཡེང་བ་ནི་སེམས་བསྐྱེད་ཡང་དག་པ་འགྲུབ་པའོ། །ཕ་རོལ་ཏུ་ཕྱིན་པ་རྫོགས་པར་རབ་ཏུ་བསྒྲུབ་པ་ནི་སྒྲུབ་པ་ཡང་དག་པ་འགྲུབ་པའོ། །འཕགས་པའི་ལམ་ཡང་དག་པ་སྐྱེད་པ་ནི་སྐྱོན་མེད་པ་ལ་འཇུག་པ་ཡང་དག་པ་འགྲུབ་པའོ། །དགེ་བའི་རྩ་བ་འཕེལ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་དག་པ་འགྲུབ་པའོ། །སེམས་ལས་སུ་རུང་བ་ནི་ཞིང་ཡོངས་སུ་དག་པ་ཡང་དག་པ་འགྲུབ་པའོ། །སྲིད་ཞི་གཉིས་ལ་མི་གནས་པ་ནི་ལུང་བསྟན་ཐོབ་པ་ཡང་དག་པ་འགྲུབ་པའོ། །སྒྲིབ་པ་མེད་པ་ཉིད་ནི་སངས་རྒྱས་ཀྱི་ས་ཡང་དག་པ་འགྲུབ་པའོ། །བྱང་ཆུབ་དེ་སྟོན་པ་རྒྱུན་མི་གཅོད་པ་ནིབྱང་ཆུབ་ཀུན་ཏུ་སྟོན་པ་ཡང་དག་པ་འགྲུབ་པའོ། །འདི་ནི་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་ལ་བརྗོད་དོ། །གསུམ་པ་བསྟན་བཅོས་ཀྱི་ཆེ་བ་དང་དགོས་ཆེད་བསྟན་པ་ནི། ཇི་སྐད་བསྟན་པ་འདི་ནི་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ཏེ། བསྟན་བཅོས་འདི་ཆོས་ཅན། རྟོགས་པར་དཀའ་བ་ཡིན་ཏེ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། ཆོས་ཀུན་གྱི་སྙིང་པོའི་དོན་ཡིན་ཏེ། རྒོལ་བས་མི་ཤིགས་པའི་ཕྱིར་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་མཆོག་དང་ལྡན་པའི་ཕྱིར་རོ། །དོན་ཆེན་པོ་དང་ལྡན་ཏེ། སེམས་ཅན་གྱི་དོན་གྱི་ཆེད་དུ་ཞུགས་པའི་བྱང་ཆུབ་སེམས་པའི་སྤྱོད་པ་རྒྱས་པར་སྟོན་པའི་ཕྱིར། དོན་ཆེན་པོ་དང་ལྡན་པ་དེ་བཞིན་དུ་རིགས་ཅན་གསུམ་པོ་ཀུན་གྱི་དགོས་པའི་དོན་དང་ལྡན་ཏེ། ཐེག་པ་གསུམ་གྱི་ལམ་སྟོན་པའི་ཕྱིར་རོ། །དོན་མེད་པ་ཐམས་ཅད་སེལ་བར་བྱེད་པ་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སེལ་བར་བྱེད་པའི་ཕྱིར། ཐེག་པ་བླ་ན་མེད་པའི་ལེའུར་བཅད་པ་སྟེ། ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།ཡན་ལག་བརྒྱད་ལྡན་གསུང་རབ་གངས་ཆེན་མཚོ། །ལེགས་བཤད་མི་བཟད་འབྱོར་པའི་སྤྲིན་སྔོན་ལྡན། །རྒྱལ་སྲས་ཀླུ་དབང་རྣམ་པར་རོལ་པའི་གནས། །མུ་མཐའ་ཡས་པའི་བློ་གྲོས་མི་ཟད་གཏེར། །གཙུག་ལག་ཤིང་རྟ་རྣམ་པར་འབྱེད་པའི་སྒོ། །དོན་ཟབ་ཕུལ་བྱུང་སྙན་པའི་གེ་སར་གཡོ། །ལེགས་བཤད་རྣམ་པ་ཀུན་གྱི་མཆོག་ལྡན་པ། །མི་ཕམ་གསུང་རབ་དྲི་མེད་ཟླ་བའི་འོད། །བློ་གྲོས་ཀུན་དའི་འཛུམ་ཟེར་རབ་གསལ་ཞིང༌། །ཕུལ་བྱུང་མཛད་པའི་འོད་ཟེར་སྔོན་མེད་ལྡན། །དོན་གཉིས་ཟབ་མོའི་ཆུ་ཤེལ་ནོར་བུའི་འོད། །འགྲོ་མང་དད་པའི་དགའ་སྟོན་འཕེལ་མཛད་པའི། །ལེགས་བཤད་སྤྲིན་གྱིས་བསྐྱོད་པའི་སྐྱེད་ཚལ་དེར། །དོན་གྱི་སྙིང་པོ་དྲི་བསུང་ཕུན་ཚོགས་ལྡན། །བློ་གྲོས་ཀུན་ཏུ་ཡངས་པའི་ཆུ་གཏེར་ལས། །སྔོན་མེད་རབ་འཁྲུངས་ལེགས་བཤད་འདབ་བརྒྱ་པ། །ཚུལ་འདི་བློ་གྲོས་སྤྲིན་གྱིས་མཛེས་བྱས་ཤིང༌། །རྨད་བྱུང་སྤོབས་པའི་གློག་ཕྲེང་གསལ་བའི་འོད། །ས་གསུམ་ཁྱོན་གནས་རྣམ་མང་ཤེས་བྱའི་མཚོ། །ཡོངས་སུ་རྫོགས་པའི་བློ་གྲོས་མངོན་མཐོ་བ། །སྨྲ་བའི་གདོང་ལྔ་རོང་སྟོན་གཞུང་བརྒྱ་པས། །མཁས་མང་མགྲིན་པའི་རྒྱན་གྱུར་ལེགས་བཤད་ཀྱི། །བདུད་རྩིའི་དགའ་སྟོན་སྔོན་མེད་རབ་སྤེལ་བའི། །རྣམ་མང་དགེ་བའི་དཔུང་ཚོགས་མི་དམན་ཞིང༌། །བསོད་ནམས་མཁའ་ལྟར་ཡངས་པ་ཐོབ་པ་ཡིས། །མ་ལུས་འགྲོ་བ་སྲིད་མཚོར་གནས་པ་གང༌། །སྲིད་པའི་རྒྱ་མཚོའི་ཕ་མཐའ་ཡོངས་བརྒལ་བའི། །རྣམ་མཁྱེན་ནོར་བུའི་དཔལ་དབང་འབྱོར་གྱུར་ཅིག །དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི་རྣམ་བཤད་མི་ཕམ་དགོངས་རྒྱན་བཤད་ཟིན་ཏོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply