སྒྲ་མི་སྙན་མ་གཏོགས་པའི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་རྣམས་ལ་སྡོམ་མིན་ཡོད་དོ། །སྡོམ་པའང་དེ་བཞིན་དུ་མི་དང་ལྷ་ལ་ཡོད་དོ། །གཞན་ལ་མེད་པ་ནི་འདུལ་བར་དེ་ལྟ་བུ་གསལ་བར་གསུངས་པ་དང༌། ཟ་མ་སོགས་སོ་སོར་རྟོག་པ་མི་བཟོད་པ་དང་རྟེན་གཉིས་ཀའི་ཉོན་མོངས་ཤས་ཆེ་བ་དང༌། ངོ་ཚ་ཁྲེལ་ཡོད་ཤས་ཆུང་བ་དང༌། སྒྲ་མི་སྙན་པ་ལ་ལེན་པ་དང་ཏིང་ངེ་འཛིན་མེད་པ་དང༌། ངན་སོང་ལ་ངོ་ཚ་ཁྲེལ་ཡོད་མེད་པས་སྡོམ་པ་མེད་དོ། །སྡོམ་མིན་མེད་པ་ནི་སྡིག་པ་ལའང་བློ་མི་བརྟན་པ་དང༌། སྒྲ་མི་སྙན་པ་ལ་སྡིག་པ་བྱ་བའི་བསམ་པ་མེད་པ་དང༌། ངན་སོང་བ་ལ་ངོ་ཚ་ཁྲེལ་ཡོད་ལ་འཛེམ་པ་མེད་པ་དང༌། གང་ལ་གཉེན་པོ་སྡོམ་པ་ཡོད་པའི་གཞི་ལ་སྡོམ་མིན་ཡང་འཇོག་དགོས་པས་སོ། །ཀླུ་ལ་བསྙེན་གནས་ཡོད་པར་བཤད་པ་ནི་ལེགས་སྤྱད་ཙམ་མོ་ཞེས་སོ། །བསྡུ་བར་ནི་བསམ་པ་མ་ཉམས་ན་བསྙེན་གནས་སྐྱེ་བར་བཤད་པས། ཀླུ་ལའང་སྐྱེ་ལ་ཟ་མ་སོགས་ཀྱང་དགེ་བསྙེན་བསྲུང་ན་བསོད་ནམས་འདྲ་བར་བཤད་ཅིང༌། ཡེ་ཤེས་བཤེས་གཉེན་ཀྱང་སྐྱབས་འགྲོའི་དགེ་བསྙེན་མ་བཀག་ཅེས་འཆད་དོ། །དེ་ལའང་མི་རྣམས་ལ་སོ་ཐར་སོགས་སྡོམ་པ་གསུམ་མོ། །འདོད་ལྷ་ལ་ཡོད་དུ་རུང་བ་དང༌། གཟུགས་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་ཡོད་ངེས་པའི་སྒོ་ནས་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ཡོད་ཀྱི། གོང་མ་ན་ནི་མེད་དོ། །ཟག་མེད་ཀྱི་སྡོམ་པ་ནི་བསམ་གཏན་ཁྱད་པར་ཅན་དུ་སྐྱེས་པ་ཚངས་ཆེན་དང༌། འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེས་པ་མ་གཏོགས་པའི་འདོད་གཟུགས་ཀྱི་ལྷ་ལ་ཡོད་ཅིང༌། གཟུགས་མེད་ནའང༌། འཕགས་པ་ལ་ལྡན་པའི་སྒོ་ནས་ཡོད་དོ། །འདོད་གཟུགས་ཀྱི་གང་ཟག་ལའང༌། གནས་གཙང་མ་པ་ལ་ཡོད་ངེས་པ་དང་གཞན་རྣམས་ལ་ཡོད་རུང་ཙམ་མོ། །གསུམ་པ་མདོ་ལས་བྱུང་བའི་ལས་ཀྱི་དོན་ལ་གཉིས་ཏེ། ལས་ཐུན་མོང་དུ་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ལ་བཞི་སྟེ། རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་བ་དང༌། ལས་ཀྱི་རྣམ་གྲངས་དུ་མ་བསྟན་པ། ལས་གང་འབྲས་བུ་གང་དང་བཅས་པ། ལས་ཀྱི་རྣམ་བཞག་གཞན་བསྟན་པའོ། །དང་པོ་ལ་གསུམ་སྟེ། འབྲས་བུའི་སྒོ་ནས་དབྱེ་བ་དང༌། རྒྱུའི་སྒོ་ནས་དབྱེ་བ་དང༌། གཉིས་ཀའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གསུམ་སྟེ། དགེ་བ་ལ་སོགས་གསུམ། བསོད་ནམས་ལ་སོགས་གསུམ། བདེ་བ་མྱོང་འགྱུར་གསུམ་མོ། །དང་པོ་ནི། གསུམ་ཚན་གསུམ་པའི་མདོ་ལས། དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་ཏོ། །ཞེས་གསུངས་པ་ལ། ལས་གང་འབྲས་བུ་བདེ་བ་སྟེ། མཐོ་རིས་དང་ཐར་པ་ཅན་དང༌། རྣམ་སྨིན་མི་བདེ་བ་ཅན་དང༌། དེ་གཉིས་ལས་གཞན་རྣམ་སྨིན་བཏང་སྙོམས་ཅན་ནི། རིམ་པ་བཞིན་དུ། དགེ་བ་དང་མི་དགེ་བ་དང༌། གཞན་ཏེ་ལུང་མ་བསྟན་གྱི་ལས་སོ། །གཉིས་པ་ནི། ཡང་མདོ་ལས། བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་དང་གསུམ་གསུངས་སོ། །དེ་དག་ཀྱང་གང་ཞེ་ན། བསོད་ནམས་ཀྱི་ལས་ནི་འདོད་ཁམས་ཀྱི་དགེ་བའི་ལས་ཏེ། རྟེན་འབྲེལ་མདོ་འགྲེལ་དུ། །བསོད་ནམས་ཟད་མེད་འོད་གསལ་འཆི། །ཞེས་གསུངས་པས་གོང་མའི་དགེ་བའང་བསོད་ནམས་ཀྱི་ལས་ཡིན་ཀྱང་འདིར་སྤྱི་མིང་སྒོས་ལ་བཏགས་པ་སྟེ། རྒྱུན་ཞུགས་ལྟར་རོ། །ཞེས་སོ། །མི་གཡོ་བ་ནི་ཁམས་གོང་མ་གཉིས་ལས་སྐྱེས་པའི་དགེ་བ་སྟེ། གང་གི་ཕྱིར་ན་འདོད་པར་ལྷའི་རྣམ་སྨིན་མི་ལ་སྨིན་པ་ལྟ་བུ་མིན་པར་ས་གོང་མ་དེ་དག་ཏུ་སྤྱོད་པའི་ལས་ནི་ས་གཞན་དུ་མི་སྨིན་པས་རྣམ་སྨིན་མི་གཡོ་བའི་ཕྱིར། མི་དགེ་བ་ནི་བསོད་ནམས་མིན་པར་གྲགས་སོ། །གང་བསམ་གཏན་འོག་མ་གསུམ་གཡོ་བར་གསུངས་པ་ནི་ཏིང་ངེ་འཛིན་སྐྱོན་དང་བཅས་པ་ལ་དགོངས་པའོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བདེ་བ་མྱོང་བར་འགྱུར་བ་དང་སོགས་པས་སྡུག་བསྔལ་མྱོང་འགྱུར་དང་བཏང་སྙོམས་མྱོང་འགྱུར་གསུམ་མོ། །གཉིས་པ་ལ་གསུམ་སྟེ། མྱོང་འགྱུར་གསུམ་བཤད། ཞར་ལ་མྱོང་འགྱུར་ལྔ་བསྟན། མྱོང་འགྱུར་གྱི་ཁྱད་པར་གཏན་ལ་དབབ་པའོ། །དང་པོ་ནི། འདོད་པ་ནས་བསམ་གཏན་གསུམ་པའི་བར་ས་བཞིའི་ལས་དགེ་བ་ཟག་བཅས་ནི་བདེ་བ་མྱོང་འགྱུར་རོ། །དེ་ཡན་ཆད་ས་ལྔའི་དགེ་བ་ནི་སྡུག་མིན་བདེ་བའང་མིན་པའི་བཏང་སྙོམས་མྱོང་འགྱུར་རོ། །སྡུག་བསྔལ་མྱོང་འགྱུར་ནི་འདོད་ཁམས་འདིའི་མི་དགེ་བའོ། །འབྲས་བུ་ཚོར་བ་དེ་གསུམ་ཡང་དབང་ཡུལ་རྟེན་དང་བཅས་པའོ། །བཞི་པའི་འོག་ནའང་བར་མ་བཏང་སྙོམས་མྱོང་འགྱུར་ཡོད་དོ་ཅེས་ཁ་ཅིག་ཟེར་ཏེ། གང་གི་ཕྱིར་ན་བསམ་གཏན་ཁྱད་པར་ཅན་དེ་མེད་ན་བདེ་སྡུག་ཀྱང་མེད་པས་རྣམ་སྨིན་མེད་པར་འགྱུར་བ་ལ་རྣམ་སྨིན་ཡོད་པའི་ཕྱིར་དང༌། སྔ་ཕྱི་མེད་པར་བདེ་སྡུག་བཏང་སྙོམས་གསུམ་སྨིན་པར་འདོད་ཅིང་འདོད་ཁམས་ལས་གཞན་ན་དེ་གསུམ་དུས་གཅིག་ཏུ་སྨིན་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཚོར་བ་རྣམས་ངོ་བོ་ཉིད་ཀྱི་མྱོང་འགྱུར་དང༌། རེག་པ་མཚུངས་ལྡན་གྱི་མྱོང་འགྱུར་དང༌། ཡུལ་རྣམས་དམིགས་པ་ལས་མྱོང་འགྱུར་དང༌། ལས་རྣམས་རྣམ་སྨིན་མྱོང་འགྱུར་དང༌། ཚོར་བ་དུ་མ་ཡོད་པ་ལས་གང་མངོན་དུ་གྱུར་པ་སྟེ། བྱེ་བྲག་མྱོང་བར་འགྱུར་བ་ལས་རྣམ་པ་ལྔ་ཡིན་ནོ། །གསུམ་པ་ལ་གཉིས་ལས། མདོར་བསྟན་པ་ནི། བདེ་བ་མྱོང་འགྱུར་སོགས་གསུམ་པོ་དེ་ཡང༌། མྱོང་བར་ངེས་པ་དང་མ་ངེས་པའི་བྱེ་བྲག་ལས་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དབྱེ་བ་སྤྱིར་བསྟན། ཁྱད་པར་སོ་སོར་བསྟན། མྱོང་ངེས་ཀྱི་ལས་བསྟན་པའོ། །དང་པོ་ནི། མཐོང་བའི་ཆོས་དང་སོགས་པས་སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་ཏེ་གསུམ་ཡོད་པའི་ཕྱིར་ན་མྱོང་ངེས་རྣམ་པ་གསུམ་དང༌། མྱོང་བར་མ་ངེས་པ་དང་བཞིའོ། །མྱོང་ངེས་ཀྱི་ལས་གསུམ་ནི་ལས་བྱས་པའི་སྐྱེ་བ་དེ་ཉིད་དང༌། སྐྱེ་བ་གཉིས་པ་དང༌། དེ་ཕན་ཆད་དུ་རྣམ་སྨིན་མྱོང་བའོ། །མདོ་སྡེ་པ་སོགས་ནི། དེར་རྣམ་སྨིན་མགོ་རྩོམ་པ་ཡིན་གྱི་རྫོགས་པར་མ་ངེས་ཏེ། གལ་ཏེ་ངེས་ན་ལས་སྟོབས་ཆེ་བས་རྣམ་སྨིན་ཆུང་བར་འགྱུར་རོ་ཞེའོ། །བསྡུ་བར་ཡང༌། ལས་གཅིག་གི་རྣམ་སྨིན་མྱོང་བར་འགྱུར་བ་ལ་མཐོང་ཆོས་མྱོང་འགྱུར་སོགས་གསུམ་ཆར་དུ་འགྱུར་བར་དཔེ་དུ་མས་བཤད་དོ། །བྱེ་བྲག་སྨྲ་བ་ནི་མཐོང་ཆོས་ལ་མྱོང་འགྱུར་སོགས་རྣམ་སྨིན་མྱུར་བུལ་གྱི་ཁྱད་ཡིན་གྱི། སྟོབས་ཆེ་ཆུང་གི་མ་ཡིན། ཆོས་ཀྱི་ནུས་པའི་བྱེ་བྲག་ལས་མྱུར་བུལ་དུ་འགྱུར་ཏེ། ལྕམ་བ་ཟླ་བ་ཕྱེད་གཉིས་ན་སྨིན་ཅིང༌། ནས་ཟླ་བ་དྲུག་གིས་སྨིན་པ་བཞིན་ནོ། །དེས་ན་མཐོང་ཆོས་ལ་མྱོང་འགྱུར་སོགས་དེ་ཙམ་ལ་རྣམ་སྨིན་རྫོགས་པར་འདོད་དོ། །ཁ་ཅིག་མ་ངེས་པ་ལ་ཡང་རྣམ་སྨིན་མ་ངེས་པ་དང༌། གནས་སྐབས་མ་ངེས་པ་གཉིས་ཏེ། ལས་རྣམ་པ་ལྔའོ་ཞེས་ཟེར་བ་ལ་གཞན་དཔེ་སྟོན་པ་རྣམས་རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པ་དང༌། གནས་སྐབས་ངེས་ལ་རྣམ་སྨིན་མ་ངེས་པ་དང༌། གཉིས་ཀ་ངེས་པ་དང་གཉིས་ཀ་མ་ངེས་པ་སྟེ་མུ་བཞིའོ་ཞེས་ཟེར་ཏེ། ལན་བརྒྱད་དུ་འགྱུར་ཏེ། མྱོང་ངེས་གསུམ་ལ་གནས་སྐབས་དང་རྣམ་སྨིན་གཉིས་ཀ་ངེས་པ་དང༌། གནས་སྐབས་ངེས་ཀྱང་རྣམ་སྨིན་མ་ངེས་པ་དང༌། མ་ངེས་པ་ལའང་གཉིས་ཀ་མ་ངེས་པ་དང༌། གནས་སྐབས་མ་ངེས་པ་གཉིས་གཉིས་ཡོད་པས་སོ། །གཉིས་པ་སོ་སོའི་ཁྱད་པར་ནི། ལས་བཞི་ལས་མཐོང་ཆོས་མྱོང་འགྱུར་མིན་པ་གསུམ་གྱིས་རིས་མཐུན་འཕེན་པར་བྱེད་དོ། །མཐོང་ཆོས་ལ་མྱོང་འགྱུར་གྱིས་ནི་སྔར་འཕངས་ཟིན་པ་དེ་ཉིད། རྫོགས་པར་བྱེད་དོ། །ཁམས་གསུམ་འགྲོ་བ་གང་ན་ལས་ཀྱི་འཕེན་པ་དུ་ཡོད་ཅེ་ན། ཁམས་དང་འགྲོ་བ་ཐམས་ཅད་ན་ངེས་པ་གསུམ་དང་མ་ངེས་པ་དང་བཞི་ཆར་གྱི་ལས་ཀྱི་འཕེན་པ་ཡོད་ལ། དམྱལ་བ་ན་ནི་མི་དགེ་བའི་ལས་ཀྱི་འཕེན་པ་བཞི་ཀ་ཡོད་ཀྱང༌། དགེ་བའི་མཐོང་ཆོས་ཀྱི་འབྲས་བུ་མེད་ཅིང་གཞན་གསུམ་ཆར་གྱི་རྣམ་སྨིན་ཡོད་དོ། །ས་གང་ལས་འདོད་ཆགས་དང་བྲལ་བ་མི་ཉམས་པའི་བརྟན་པའི་བྱིས་པ་སོ་སྐྱེ་ནི་ས་དེར་སྐྱེས་ནས་མྱོང་འགྱུར་མི་བྱེད་དེ། ཕྱི་མ་ས་དེར་མི་སྐྱེ་བའི་ཕྱིར་ཏེ་ས་དེར་འདོད་ཆགས་དང་བྲལ་བ་བརྟན་པས་སོ། །ས་ལྷག་མ་གསུམ་ནི་བྱེད་ལ། ཆགས་བྲལ་མི་བརྟན་པ་ནི་བཞི་ཀ་བྱེད་དོ། །འཕགས་པ་ནི་ས་གང་ལས་བྲལ་བ་དེར་སྐྱེས་ནས་མྱོང་འགྱུར་མི་བྱེད་པར་མ་ཟད་ལན་གྲངས་གཞན་དུ་མྱོང་བར་འགྱུར་བ་ཡང་མི་བྱེད། འཕགས་པ་འདོད་པ་དང་སྲིད་རྩེ་ལས་གྲོལ་བ་ཕྱིར་མི་འོང་དང་དགྲ་བཅོམ་པ་ནི་བརྟན་པ་ཉམས་པའི་ཆོས་ཅན་ཡིན་ཡང་ས་དེར་སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བྱེད་པ་མིན་ནོ། །བར་སྲིད་ལ་ལས་འཕེན་པ་ཡོད་མེད་ཅེ་ན། སྲིད་པ་བར་མ་འདོད་ཁམས་སུ་མངལ་སྐྱེས་དང་སྒོང་སྐྱེས་སུ་འགྱུར་བ་ནི་མངལ་དང་བཙས་པའི་གནས་སྐབས་ལྔ་ལྔ་སྟེ་བཅུ་གཅིག་ལ་ངེས་པ་དང་མ་ངེས་པ་གཉིས་གཉིས་ཏེ། ཉི་ཤུ་རྩ་གཉིས་སོ། །ངེས་པ་བཅུ་གཅིག་པོ་དེ་ནི་མཐོང་ཆོས་ལ་འབྲས་བུ་མྱོང་བའི་ལས་ཅན་ཡིན་ཏེ། གནས་སྐབས་བཅུ་གཅིག་པོ་དེ་ནི་ལས་གཅིག་གིས་འཕངས་པའི་རིགས་མཐུན་གཅིག་ཁོ་ན་ཡིན་པས་སོ། །གསུམ་པ་མྱོང་ངེས་ཀྱི་ལས་བསྟན་པ་ལ་གསུམ་སྟེ། སྤྱིར་བཤད་པ། མཐོང་ཆོས་བྱེ་བྲག་ཏུ་བཤད་པ། ལས་འབྲས་མྱོང་ཚུལ་གཞན་བསྟན་པའོ། །དང་པོ་ནི། མྱོང་ངེས་ཀྱི་ལས་ཇི་ལྟ་བུ་ཞེ་ན། ཀུན་སློང་གི་སྒོ་ནས་ཉོན་མོངས་དྲག་པོའམ། རབ་ཏུ་དང་བ་དྲག་པོས་བྱས་པ་དང༌། ཞིང་གི་སྒོ་ནས་ཡོན་ཏན་གྱི་ཞིང་དཀོན་མཆོག་ལ་ཕན་གནོད་བྱས་པ་དང༌། སྦྱོར་བའི་སྒོ་ནས་དགེ་སྡིག་རྒྱུན་ཆགས་སུ་བྱས་པ་དང༌། ཅི་འདྲ་ཡང་རུང་སྟེ། ཕ་མ་བསད་པའི་ལས་གང་ཡིན་པ་དེ་ནི་མྱོང་ངེས་ཀྱི་ལས་སོ། །གཉིས་པ་ནི། མཐོང་ཆོས་ལ་མྱོང་བའི་ལས་ཇི་ལྟ་བུ་ཞེ་ན། མཐོང་ཆོས་ལ་འབྲས་བུ་མྱོང་བ་ཅན་གྱི་ལས་ནི་ཞིང་གི་ཁྱད་པར་ལས། དགེ་སློང་ཞིག་གིས་དགེ་འདུན་ལ་ཁྱེད་ཅག་ནི་བུད་མེད་དོ་ཞེས་པས་ཚེ་དེ་ལ་བུད་མེད་དུ་གྱུར་པ་ལྟ་བུ་དང༌། བསམ་པའི་ཁྱད་པར་ལས་ནི་རང་ལ་དཔགས་ཏེ་སྙིང་རྗེ་དྲག་པོ་སྐྱེས་པས་མཚན་སོར་ཆུད་པ་ལྟ་བུའོ། །ཡང་ས་དེའི་འདོད་ཆགས་དང་གཏན་དུ་བྲལ་བའི་སྐྱེས་བུ་ནི་སླར་དེར་མི་སྐྱེ་བའི་ཕྱིར། ས་དེར་རྣམ་པར་སྨིན་པ་མྱོང་ངེས་ཀྱི་ལས་གང་ཡིན་པ་དེ་ཚེ་དེ་ལ་མྱོང་སྟེ། འདོད་པའི་ཕྱིར་མི་འོང་ལ་འདོད་པར་མྱོང་ངེས་ཀྱི་ལས་ཡོད་པ་ཚེ་དེ་ལ་མྱོང་བ་ལྟ་བུའོ། །མཐོང་ཆོས་ཀྱི་ཞིང་ཇི་ལྟ་བུ་ཞེ་ན། སངས་རྒྱས་སོགས་དགེ་སློང་གི་དགེ་འདུན་དང་གང་ཟག་གང་དག་མྱང་འདས་དང་འདྲ་བའི་འགོག་པའི་སྙོམས་འཇུག་ལས་ལངས་པ་དང༌། ལྷག་བསམ་མཆོག་དང་ལྡན་པ་བྱམས་པ་དང༌། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ལངས་པ་དང༌། མཐོང་སྤང་དང་སྒོམ་སྤང་ཀུན་སྤངས་པའི་གནས་གྱུར་གསར་པ་དང་ལྡན་པ་མཐོང་ལམ་དང་དགྲ་བཅོམ་འབྲས་བུ་ལས་ལངས་མ་ཐག་པ་སྟེ་དེ་ལྔ་ལ་ཕན་གནོད་བྱས་པའི་འབྲས་བུ་ནི། འཕྲལ་དུ་མཐོང་ཆོས་ལ་མྱོང་བར་འགྱུར་རོ། །ལྷག་མ་སྒོམ་ལམ་ལས་ལངས་པ་ནི། དེ་ལྟ་མིན་པས་མི་འགྱུར་རོ། །གསུམ་པ་ནི། རྣམ་སྨིན་གྱི་གཙོ་བོ་ཚོར་བ་ཡིན་པས་དེ་སེམས་ཚོར་ཁོ་ནའམ་ལུས་ཚོར་ཁོ་ན་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ། རྣམ་པར་རྟོག་པ་མེད་པ་བསམ་གཏན་ཁྱད་པར་ཅན་སྲིད་རྩེའི་བར་གྱི་དགེ་བའི་ལས་ཀྱི་རྣམ་སྨིན་གྱི་ཚོར་བ་ནི་སེམས་ཀྱི་ཚོར་བ་ཁོ་ནར་འདོད་དེ། ལུས་ཚོར་ནི་རྟོག་དཔྱོད་དང་བཅས་པར་ངེས་པས་སོ། །མི་དགེ་བའི་རྣམ་སྨིན་གྱི་ཚོར་བ་ནི་ལུས་ཀྱི་ཁོ་ན་ཡིན་ཏེ། ཡིད་མི་བདེ་རྣམ་སྨིན་མིན་པས་སོ། །འོ་ན་སེམས་ཅན་གྱི་སེམས་གཡེངས་པ་ནི། སེམས་གང་ལ་གནས་རྒྱུ་ཅི་ལས་འགྱུར་ཞེ་ན། སེམས་གཡེངས་པ་སྟེ་སྨྱོ་བའི་སེམས་ནི་ཡིད་ཀྱི་སེམས་ལ་འབྱུང་གི་སྒོ་ལྔ་ལ་ནི་མིན་ཏེ། མི་གཏོགས་པས་སོ། །སེམས་གཡེངས་པ་དེ་ནི་སྔོན་གཞན་སྨྱོས་པར་བྱས་པའི་ལས་ཀྱི་རྣམ་སྨིན་ལས་སྐྱེས་པ་དང༌། འཇིགས་ཤིང་སྐྲག་པ་དང་མི་མིན་པའི་གནོད་པ་དང་འབྱུང་བ་ཆ་མི་མཉམ་པ་དང༌། མྱ་ངན་མི་བཟད་པའི་རྐྱེན་གྱིས་འགྱུར་རོ། །དེ་དག་འགྲོ་བ་གང་ན་ཡོད་ཅེ་ན། སྒྲ་མི་སྙན་པ་མིན་པའི་འདོད་ལྡན་རྣམས་ལ་སྟེ། སངས་རྒྱས་མིན་པའི་འཕགས་པ་ལའང་འབྱུང་བ་ཆ་མི་མཉམ་པས་སྨྱོ་བ་ཡོད་ན་འདོད་པ་གཞན་ལ་སྨོས་ཅི་དགོས་སོ། །གཉིས་པ་རྒྱུའི་སྒོ་ནས་དབྱེ་བ་ནི། མདོ་ལས། སྒོ་གསུམ་གྱི་ལས་ཡོན་པོ་དང༌། སྐྱོན་ཏེ་ཉེས་པ་དང༌། སྙིགས་མ་ཞེས་པ་གསུམ་གསུམ་གསུངས་པ་ནི། རིམ་པ་བཞིན་གཡོ་གྱ་གྱུ་དང༌། ཉེས་པ་ཆེ་བའི་ཞེ་སྡང་དང༌། འབྲལ་དཀའ་བ་འདོད་ཆགས་ལས་སྐྱེས་པའི་ལུས་ངག་ཡིད་ཀྱི་ལས་སོ། །གསུམ་པ་གཉིས་ཀའི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དཀར་ནག་ལ་སོགས་པའི་བྱེ་བྲག་གིས་ཀྱང་ལས་རྣམ་པ་བཞིའོ། །གཉིས་པ་ལ་གསུམ་སྟེ། སྤྱིར་བསྟན། ཟད་བྱེད་བྱེ་བྲག་ཏུ་བཤད། གཞན་ལུགས་འགོད་པའོ། །དང་པོ་ནི། མི་དགེ་བ་ནི་ངོ་བོ་ཉོན་མོངས་ཅན་དང༌། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པས་དང༌། གཟུགས་ཁམས་ཀྱི་དགེ་བ་ནི་མི་དགེ་བ་དང་མ་འདྲེས་ཤིང་རྣམ་སྨིན་ཡིད་དུ་འོང་བ་ཁོ་ན་འབྱིན་པས་དང༌། འདོད་པར་གཏོགས་པའི་དགེ་བ་ནི་ངོ་བོ་མ་འདྲེས་ཀྱང་རྒྱུད་གཅིག་ལ་མི་དགེ་བ་དང་འདྲེས་པར་འཇུག་ཅིང༌། དེའི་རྣམ་སྨིན་ཡང་སྡུག་བསྔལ་དང་འདྲེས་པར་འཇུག་པས་ན་རིམ་པ་བཞིན་དུ། ནག་ལ་རྣམ་སྨིན་གནག་པ་དང༌། དཀར་ལ་རྣམ་སྨིན་དཀར་བ་དང༌། དཀར་ནག་གཉིས་ཀའི་ལས་དང༌། ལས་དེ་གསུམ་ཟད་པར་བྱེད་པ་ཟག་མེད་ཀྱི་ལས་ནི་མི་གནག་མི་དཀར་ཞིང་རྣམ་སྨིན་མེད་ལ་ལས་ཟད་པར་འགྱུར་བའི་ལས་ཏེ། ཉོན་མོངས་ཅན་མིན་པ་རྣམ་སྨིན་མེད་པས་སོ། །གོང་མ་བ་ནི། མི་དགེ་བ་དང༌། ཁམས་གསུམ་ཀའི་དགེ་བ་དང་འདོད་པའི་བསམ་སྦྱོར་འདྲེས་པ་ལ་འཆད་ཅིང༌། བཞི་པ་ཡང་མི་གནག་ཅིང་མི་དཀར་ལ་ཞེས་བརྗོད་དེ། མི་དཀར་ཞེས་པ་སློབ་དཔོན་ཡང་དགོངས་པ་ཅན་དུ་འཆད་དོ། །གཉིས་པ་ནི། ཅི་ཟག་མེད་ཀྱི་ལས་ཐམས་ཅད་ལས་འདི་གསུམ་ཟད་བྱེད་ཡིན་ནམ་ཞེ་ན། མིན་གྱི་མཐོང་ལམ་ཆོས་བཟོད་བཞི་དང་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་སྒོམ་ལམ་ཟག་མེད་བར་ཆད་མེད་ལམ་བརྒྱད་ཀྱི་སེམས་པ་གང་ཡིན་པ་སྟེ། སེམས་པ་བཅུ་གཉིས་པོ་དེ་ནི་ནག་པོ་ཟད་པར་བྱེད་པའི་ལས་ཡིན་ལ། དེའི་བར་ཆད་མེད་ལམ་དགུ་པའི་སེམས་པ་ནི་དཀར་པོ་དགེ་བ་དང་ནག་པོ་མི་དགེ་བ་དགུ་པོ་ཟད་བྱེད་ཡིན་ཅིང༌། དཀར་པོའི་ལས་ནི་བསམ་གཏན་བཞི་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ལ་ཟག་མེད་བར་ཆད་མེད་ལམ་དགུ་དགུ་སྐྱེས་པའི་ཐ་མ་བཞིའི་སེམས་པ་སྟེ། དེ་ཡང་དགེ་བའི་ངོ་བོ་མི་སྤོང་གི་དེ་ལ་དམིགས་པའི་ཉོན་མོངས་སྤང་ངོ༌། །གོང་མ་བ་ནི། ཆོས་བཟོད་བཞིས་ངན་འགྲོའི་རྒྱུའི་ལས་དང༌། སྒོམ་ལམ་གྱི་སྤོང་ལམ་གྱིས་བདེ་འགྲོའི་རྒྱུའི་ལས་ཟད་པར་བྱེད་དེ། ལས་ཀྱི་རྒྱུ་ཉོན་མོངས་སྤང་དགོས་པས་སོ། །གསུམ་པ་ནི། སློབ་དཔོན་གཞན་ནི་དམྱལ་བ་མི་དགེ་བ་ཁོ་ནའི་རྣམ་སྨིན་ཅན་ཡིན་པས་མྱོང་འགྱུར་དང༌། དེ་ལས་གཞན་པའི་འདོད་ཁམས་ན་དགེ་མི་དགེ་གཉིས་ཀའི་རྣམ་སྨིན་ཡོད་པས་དེ་མྱོང་འགྱུར་ཏེ། གཉིས་པོ་རིམ་པ་བཞིན་ནག་པོ་དང༌། དཀར་ནག་གཉིས་སུ་རིགས་དེ་བལྟའོ། །ཡང་སློབ་དཔོན་གཞན་ཁ་ཅིག་ནི་མཐོང་བས་སྤང་བྱའི་ལས་ནི་དགེ་བ་དང་མ་འདྲེས་པས་ནག་པོ་དང༌། འདོད་པ་ལས་སྐྱེས་པ་གཞན་སྒོམ་སྤང་གི་ལས་ནི་དགེ་མི་དགེ་གཉིས་ཀ་ཡོད་པས་དཀར་ནག་ཏུ་འདོད་དོ། །གཉིས་པ་ལས་ཀྱི་རྣམ་གྲངས་དུ་མ་བསྟན་པ་ལ་གཉིས་ཏེ། བྱེད་ལས་ཀྱི་སྒོ་ནས་དབྱེ་བ། ལས་ལམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མདོ་ལས། ཐུབ་པའི་ལུས་ངག་ཡིད་ཅེས་གསུངས་པ་གང་ཞེ་ན། མི་སློབ་པའི་ལུས་ཀྱི་ལས་དང༌། ངག་གི་ལས་དང་ཡིད་ཁོ་ན་ཉིད་དེ་གསུམ་ནི་གོ་རིམ་བཞིན་དུ་ཐུབ་པའི་ལུས་ངག་ཡིད་གསུམ་མོ། །མངོན་པ་གོང་མར་ནི། སློབ་མི་སློབ་གཉིས་ཀའི་ལས་ལ་བཤད་དོ། །མདོ་ལས། གཙང་བྱེད་རྣམ་པ་གསུམ་གསུངས་པ་གང་ཞེ་ན། སྒོ་གསུམ་གྱི་ཟག་མེད་ཀྱི་ལེགས་སྤྱད་གསུམ་པོ་ཐམས་ཅད་ནི་གཙང་བྱེད་རྣམ་པ་གསུམ་ཡིན་ནོ། །མདོ་ལས། ཉེས་སྤྱད་རྣམ་པ་གསུམ་གསུངས་པ་ནི། ལུས་ཀྱི་ལས་དང་སོགས་པས་ངག་དང་ཡིད་ཀྱི་ལས་མི་དགེ་བ་རྣམས་ནི་སྒོ་གསུམ་གྱི་ཉེས་པར་སྤྱད་པ་རྣམ་པ་གསུམ་དུ་འདོད་ཅིང༌། བརྣབ་སེམས་སོགས་གསུམ་ནི་ལས་མིན་ཡང་ཉོན་མོངས་པ་ཡིན་པས་ཡིད་ཀྱི་ཉེས་སྤྱད་རྣམ་པ་གསུམ་མོ། །མདོ་ལས། ལེགས་པར་སྤྱད་པ་གསུམ་གསུངས་པ་ནི། ཉེས་སྤྱད་ལས་བཟློག་པ་སྒོ་གསུམ་གྱི་ལས་དགེ་བ་དང་བརྣབ་སེམས་མེད་པ་སོགས་གསུམ་ནི་ལེགས་པར་སྤྱད་པ་ཡིན་ནོ། །གཉིས་པ་ལ་བསྟན་བཤད་གཉིས་ཀྱི་བསྟན་པ་ནི། ལེགས་སྤྱད་དང་ཉེས་སྤྱད་དེ་དག་ལས་ཆེ་ལོང་བསྡུས་ནས་ནི་དགེ་བ་དང་མི་དགེ་བ་ཅི་རིགས་པར་ལས་ཀྱི་ལམ་བཅུར་གསུངས་སོ། །ཆེ་ལོང་ཞེས་པ་ནི་རགས་པ་ཙམ་བསྡུས་ཀྱི་ཐམས་ཅད་མ་བསྡུས་ཞེས་པའི་དོན་ནོ། །གང་མ་བསྡུས་ཤེ་ན། ལུས་ངག་གི་སྦྱོར་མཇུག་དང༌། ཡིད་ཀྱི་སེམས་པ་སོགས་མ་བསྡུས་ཤིང་ལུས་ཀྱིས་བརྡེག་པ་དང་ཕྱག་འཚལ་བ་སོགས་དང༌། ངག་གི་སྙན་པར་སྨྲ་བ་སོགས་མ་བསྡུས་སོ། །གཉིས་པ་རྒྱས་བཤད་ལ་བཞི་སྟེ། རིག་བྱེད་ཡིན་མིན་གྱི་དབྱེ་བ། རྩ་བ་གསུམ་གསུམ་དུ་བསྟན་པ། རྫོགས་བྱེད་གསུམ་བསྟན་པ། ལས་ལམ་སོ་སོར་བསྟན་པའོ། །དང་པོ་ནི། འདོད་ལོག་མིན་པའི་མི་དགེ་བ་དྲུག་གཞན་ལ་བཅོལ་བ་ནི་དངོས་ཀྱི་རིག་བྱེད་མེད་པས་རྣམ་རིག་མིན་པ་ཁོ་ནའོ། །གཅིག་འདོད་ལོག་ནི་གཞན་ལ་བཅོལ་བས་མི་རྫོགས་པས་རང་གིས་བྱེད་པར་ངེས་པས་རྣམ་རིག་ཡིན་མིན་གཉིས་ཀ་སྟེ། དྲུག་པོ་དེ་དག་ཀྱང་རང་གིས་བྱེད་ན་དེ་གཉིས་ཀའོ། །ལུས་ངག་གི་དགེ་བ་བདུན་རྣམ་རིག་ཡིན་མིན་གཉིས་ཀ་སྟེ། བླངས་པའི་ཚུལ་ཁྲིམས་རིག་བྱེད་ལ་རག་ལུས་པས་སོ། །ཏིང་ངེ་འཛིན་ལས་སྐྱེས་པ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་སེམས་ཙམ་ལ་རག་ལུས་པས་རྣམ་རིག་མིན་པ་ཁོ་ནའོ། །དགེ་མི་དགེ་ལས་ལམ་བདུན་ནི་ཉེར་བསྡོགས་ཏེ་སྦྱོར་བ་རྣམས་ནི་བྱ་བ་བྱེད་པ་ལ་ལྟོས་པས་རྣམ་པར་རིག་བྱེད་དུ་ངེས་ལ། དེ་རྣམས་ཀུན་སློང་དྲག་པོས་བྱེད་ན་རྣམ་པར་རིག་བྱེད་མིན་པ་ཡང་ཡོད་པར་འགྱུར་བའམ། ཞན་པས་བྱེད་ན་མ་ཡིན་ནོ། །དེ་ནས་བཟློག་པ་ནི་མཇུག་གི་ཚུལ་ཏེ། རིག་བྱེད་མ་ཡིན་པ་ཡོད་ངེས་དང༌། དངོས་དང་མཐུན་པའི་བྱ་བ་བྱེད་ན་རིག་བྱེད་ཀྱང་ཡོད་ལ་མི་བྱེད་ན་མེད་དོ། །ཡིད་ཀྱི་གསུམ་ནི་མངོན་དུ་གྱུར་པ་ཙམ་གྱི་ལས་ལམ་དུ་འགྱུར་བས་སྦྱོར་མཇུག་མེད་དོ། །གཉིས་པ་ནི། ལུས་ངག་གི་མི་དགེ་བའི་སྦྱོར་བ་ནི་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་ཏེ། ཤ་ལ་སོགས་པར་ཆགས་པ་དང༌། སྡང་བས་མི་ཤ་བླང་འདོད་པས་སོགས་དང༌། གཏི་མུག་གིས་བླ་མའི་དོན་དུ་དང༌། མཆོད་སྦྱིན་ལ་གསོད་པ་སོགས་དང༌། རྫས་སོགས་ལ་ཆགས་པ་དང༌། གནོད་ལན་དུ་དང་བླ་མའི་དོན་དུ་རྐུ་བ་ལ་སོགས་པ་དང༌། གཞན་གྱི་ཆུང་མ་སོགས་ལ་ཆགས་པ་དང༌། གནོད་ལན་དུ་དང་གཞན་གྱི་ཆེད་དུ་དང༌། ཕར་སྡིགས་པ་སོགས་དང༌། མ་ལ་ཉལ་པོ་བྱེད་པ་སོགས་དང༌། རྙེད་པ་དང་བཀུར་སྟིའི་ཆེད་དང༌། གནོད་ལན་གྱི་ཆེད་དུ་དང༌། འདི་ལ་སྐྱོན་ཅི་ཡང་མེད་ཅེས་རྫུན་ལ་སོགས་སྨྲ་བ་བཞིའོ། །བརྣབ་སེམས་སོགས་རྩ་བ་གསུམ་ལས་ཇི་ལྟར་སྐྱེ་ཞེ་ན། ཆགས་སོགས་གསུམ་པོ་དེའི་མཇུག་ཐོགས་ལས་བྱུང་བའི་ཕྱིར་བརྣབ་སེམས་དང་སོགས་པས་གནོད་སེམས་དང་ལོག་ལྟ་ནི་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ཡིན་ནོ། །དགེ་བའི་ལས་ལམ་སྦྱོར་བ་དང་མཇུག་དང་བཅས་པ་རྣམས་ནི་དགེ་རྩ་གསུམ་ལྡན་པར་ངེས་པའི་དགེ་སེམས་ཀྱིས་ཀུན་ནས་བསླངས་པས་ན། འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་གསུམ་ཀ་ལས་སྐྱེའོ། །གསུམ་པ་ནི། གསོད་པ་དང་གནོད་སེམས་དང་ཚིག་རྩུབ་པོ་གསུམ་ཞེ་སྡང་གིས་མཐར་ཕྱིན་པར་བྱེད་ཅིང༌། ལོག་གཡེམ་དང༌། བརྣབ་སེམས་དང༌། མ་བྱིན་ལེན་གསུམ་པོ་ཆགས་པ་ཡིས་རྫོགས་པར་བྱེད་ལ། ལོག་པར་ལྟ་བ་གཏི་མུག་གིས་དང༌། ལྷག་མ་རྫུན་ཕྲ་མ་ངག་འཁྱལ་གསུམ་ཆགས་སོགས་གསུམ་ཆར་གྱིས་རྫོགས་པར་འདོད་དོ། །བཞི་པོ་དེའི་གཞི་ནི་རིམ་པ་བཞིན། སེམས་ཅན་དང༌། ལོངས་སྤྱོད་དོ། །མིང་དང༌། གཟུགས་ཀྱི་ཕུང་པོ་ལྔ་དང༌། མིང་གི་ཚོགས་སོ། །ཅི་བསད་བྱ་དང་དུས་མཉམ་པའམ་དེའི་སྔར་གསོད་བྱེད་ཤི་ན་ལས་ལམ་དངོས་ཡོད་དམ་མེད་ཅེ་ན། བསད་བྱ་ལས་སྔ་བ་དང་དུས་མཉམ་དུ་གསོད་བྱེད་ཤི་བ་ལ་ནི་སྦྱོར་བ་བྱས་ཤིང་འབྲས་བུ་རྫོགས་ཀྱང་གསོད་པའི་ལས་ལམ་དངོས་གཞི་མེད་དེ། གསོད་བྱེད་ལ་སྐྱེ་བ་ཕྱི་མའི་ལུས་གཞན་སྐྱེས་པའི་ཕྱིར་རོ། །དེ་ཡང་སྦྱོར་བ་བྱས་པའི་ལུས་ཉིད་ལ་དངོས་གཞི་གྲུབ་དགོས་སོ། །འོ་ན་དམག་དང་ལིངས་པ་ལ་སོགས་མང་པོས་བསད་ན་ལས་ལམ་དེ་དག་སུ་ལ་ལྡན་ཞེ་ན། དམག་དང་ལིངས་པ་བྱེད་པ་ལ་སོགས་དོན་གཅིག་པའི་ཕྱིར། ཐམས་ཅད་ལ་ཡང་དངོས་སུ་བྱེད་པ་པོ་བཞིན་དུ་ལས་ལམ་དངོས་བཞི་ལྡན་ལ། དེར་ནན་གྱིས་ཁྲིད་ཀྱང་སྲོག་གི་ཕྱིར་ཡང་མི་གསོད་ཅེས་ངེས་པ་བྱས་པ་ལ་ནི་མི་འགྱུར་ཏེ། དོན་གཅིག་པ་མེད་པས་སོ། །བཞི་པ་ལ་བཞི་སྟེ། ལས་ལམ་སོ་སོའི་མཚན་ཉིད། སེམས་གང་དང་ལྷན་ཅིག་འཇུག་པ། འགྲོ་བ་གང་ན་ལས་ལམ་དུ་ཡོད་པ་དང༌། ལས་ལམ་གྱི་འབྲས་བུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། སོ་སོར་ངོས་བཟུང་བ། ལོག་ལྟ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྲོག་གི་སྲོག་དབང་མ་ལུས་སེམས་ལ་བརྟེན་ནས་འཇུག་པའི་རླུང་སྟེ། དེ་གཅོད་པར་བྱེད་པ་ནི་སྲོག་གཅོད་པའོ། །དེ་ཡང་གསོད་སྙམ་དུ་བསམ་བཞིན་དུ་བྱས་པ་དང་བསད་བྱ་མ་ནོར་བ་དགོས་ཏེ། བསམ་སྦྱོར་ལོག་ན་དངོས་གཞིར་མི་འགྱུར་བས་སོ། །རང་ཉིད་གསོད་ན་འདུལ་བ་ལས་སྦོམ་པོར་བསྟན་པས་རང་ལས་གཞན་བསད་པའོ། །དེ་ཡང་བསད་བྱ་སྔོན་ལ་ཤི་བ་དགོས་སོ། །དུག་དང་སྔགས་དང་བྱད་ལ་སོགས་ཀྱིས་བསད་ཀྱང་དངོས་གཞིའོ། །མ་བྱིན་པར་ལེན་པ་ནི་བསམ་བཞིན་དུ་གཞན་གྱི་ནོར་མཐུས་དངོས་སུ་ཕྲོགས་པའམ་འཇབ་བུས་མ་ཚོར་བར་བདག་གིར་བྱེད་པ་སྟེ། བུ་ལོན་དང་གཏམས་པ་ལ་དོར་བྱེད་པ་དང་གཡོ་སྒྱུས་བླངས་ན་ཡང་དངོས་གཞིའོ། །བསྡུ་བ་ལས། ཞེ་སྡང་གིས་གཞན་གྱི་རྫས་བསྲེགས་པ་སོགས་ནི་རྐུ་བ་དང་འདྲ་བའམ། དེ་བས་སྡིག་པ་ཆེ་བར་བཤད། འདུལ་བ་ལས་གཞན་གྱི་རྫས་ཆུད་གསན་པ་དང་སྔགས་ཀྱིས་གཏེར་དུ་བཅུག་པ་སྦོམ་པོར་བཤད་དོ། །མཆོད་རྟེན་ལ་ཕུལ་བ་བརྐུས་པ་དང༌། མྱ་ངན་ལས་འདས་པ་ལ་ཕུལ་བ་བརྐུས་པ་ཡང་སྦོམ་པོར་གསུངས་ཏེ། ལྷག་མེད་མྱང་འདས་ལ་དགོངས་སོ། །བདག་པོ་མེད་པའི་གཏེར་རྐུས་པ་ལ་ཡང་ངོ༌། །རབ་བྱུང་གྲོངས་པའི་རྫས་བརྐུས་ན་གསོལ་བའི་ལས་བྱས་ན་མཚམས་ནང་གི་དགེ་འདུན་ལས་དང༌། མ་བྱས་ན་སངས་རྒྱས་ཀྱི་སློབ་མ་ཀུན་ལ་བརྐུས་སོ། །ལོག་པར་གཡེམ་པ་ནི་བགྲོད་པར་བྱ་བ་མིན་པ་བགྲོད་པར་འདོད་པ་ཡིས་འགྱུར་ཏེ་རྣམ་པ་བཞིའོ། །དེ་ཡང་བགྲོད་བྱ་མ་ཡིན་པ་དང༌། ཡན་ལག་མིན་པ་དང་ཡུལ་མ་ཡིན་པ་དང་དུས་མ་ཡིན་པའི་བྱེ་བྲག་གིས་སོ། །རྫུན་ཚིག་ནི་འདུ་ཤེས་གཞན་དུ་བསྒྱུར་ནས་སྨྲས་པའི་ཚིག་མ་མཐོང་བ་ལ་མཐོང་ཞེས་སོགས་ཀྱི་དོན་མངོན་པར་གོ་བ་ནའོ། །མ་གོ་བ་དང་ནོར་བ་ན་ངག་བཀྱལ་ལོ། །མདོ་ལས། མཐོང་བ་དང་ཐོས་པ་དང་ཤེས་པ་དང༌། རྟོགས་པ་བཞི་ལ་བདེན་པ་དང་རྫུན་པ་སྨྲ་བའི་ཐ་སྙད་བཅུ་དྲུག་གསུངས་པ་ལས། མཐོང་ཐོས་སོགས་ཀྱི་དོན་ཅི་ཞེ་ན། མིག་ཤེས་དང༌། རྣ་བ་སྟེ་ཉན་ཤེས་དང༌། ཡིད་ཀྱི་རྣམ་ཤེས་དང༌། སྣ་ལྕེ་ལུས་ཀྱི་རྣམ་ཤེས་དང་གསུམ་གྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་རིམ་པ་བཞིན་དུ་མཐོང་བ་དང༌། ཐོས་པ་དང༌། རྣམ་པར་ཤེས་པ་དང༌། རྟོགས་པར་བཤད་དོ། །དྲི་རོ་རེག་བྱ་གསུམ་ནི་ལུང་མ་བསྟན་ཡིན་པས་ཤི་བ་དང་འདྲའམ། སློབ་དཔོན་འདུས་བཟང་གིས་ནི་ཕྲད་ནས་འཛིན་པར་འདྲ་བས་རྟོགས་པ་ཞེས་གཅིག་ཏུ་བྱས་ཟེར་རོ། །གོང་མ་ནི་ཐོས་རྟོགས་ཤེས་གསུམ་ཐོས་བསམ་སྒོམ་གསུམ་གྱི་རིག་པ་ལ་བཞེད་དོ། །ཕྲ་མ་ནི་ཕ་རོལ་པོ་དབྱེ་བའི་ཕྱིར་ཉོན་མོངས་ཅན་གྱི་སེམས་ཀྱིས་ཀུན་ནས་བསླངས་པའི་ཚིག་བདེན་པའམ་མི་བདེན་པ་བསམ་བཞིན་དུ་མ་ནོར་བར་མངོན་པར་བརྗོད་པ་གཞན་གྱིས་གོ་བའོ། །ཚིག་རྩུབ་པོ་ནི་སེམས་ཉོན་མོངས་ཅན་གྱིས་ཚིག་མི་སྙན་པ་མ་ནོར་བར་གཞན་ལ་བརྗོད་པ་གོ་བའོ། །ངག་བཀྱལ་པ་ནི་ཉོན་མོངས་ཅན་གྱི་ཚིག་ཀུན་ནོ། །སྡེ་པ་གཞན་ནི་རྫུན་ལ་སོགས་གསུམ་པོ་དེ་ལས་གཞན་པའི་ཉོན་མོངས་ཅན་གྱི་ཚིག་ཡིན་ཟེར་ཏེ། དཔེར་ན་ལོག་འཚོ་ཅན་གྱི་ཁ་གསག་དང༌། ཆགས་པ་ཅན་གྱི་གླུ་དང༌། ཟློས་གར་མཁན་གྱི་བཞད་གད་བཞིན་དང༌། དེའི་ལྟ་བ་ལ་ཞེན་ནས་བསྟན་བཅོས་ངན་པ་འདོན་པ་བཞིན་ནོ། །བརྣབ་སེམས་ནི་མཐུའམ་འཇབ་བུའང་རུང་ལོག་པ་མི་རིགས་པས་གཞན་གྱི་ནོར། བདག་གིར་གྱུར་ན་ཅི་མ་རུང་སྙམ་ནས་ཆགས་ཤིང་བདག་གིར་བྱེད་འདོད་པའོ། །གནོད་སེམས་ནི་སེམས་ཅན་ཕ་རོལ་ལ་སྡང་བ་གནོད་པའི་རྣམ་པར་ཞུགས་པའོ། །ལོག་པར་ལྟ་བ་ནི་ལས་དགེ་མི་དགེ་མེད་པར་ལྟ་བ་སོགས་ལས་འབྲས་དང་འཕགས་པ་ལ་སྐུར་བ་འདེབས་པའོ། །ལས་ལམ་བཅུ་པོ་འདི་ལ་ཡིད་ཀྱི་གསུམ་པོ་ནི་ལས་མིན་ཡང་ལུས་ངག་གི་ལས་འཇུག་པར་བྱེད་པ་ཡིན་པའི་ཕྱིར་ལས་ཀྱི་ལམ་ཡིན་ལ། གཞན་བདུན་པོ་ནི་ལུས་ངག་གི་ལས་ཀྱང་ཡིན་ལ་ཡིད་ཀྱི་གསུམ་རྒྱུ་བའི་སྒོ་ཡིན་པས་ལམ་ཡང་ཡིན་ནོ། །མདོ་སྡེ་པ་སོགས་ནི་སེམས་པའམ་བསམ་པའི་ལས་ཡིན་ལ། བདེ་འགྲོའམ། ངན་འགྲོའི་ལམ་ཡང་ཡིན་པའི་བཅུ་ཅར་ལས་ལམ་དུ་བཞེད་དོ། །གཉིས་པ་ལོག་ལྟ་བྱེ་བྲག་ཏུ་བཤད་པ་ནི། རྒྱུ་འབྲས་མེད་པར་ལྟ་བའི་ལོག་ལྟས་དགེ་བའི་རྩ་བ་གཅོད་དོ། །གང་གཅོད་ཅེ་ན། ཁམས་གོང་མའི་དགེ་རྩ་དང་འདོད་པའི་སྦྱོར་བྱུང་ནི་སྔར་ནས་ཉམས་ཟིན་པས་དངོས་སུ་གཅོད་པར་བྱར་མེད་དོ། །དེས་ན་འདོད་པར་གཏོགས་པའི་དགེ་བ་སྐྱེས་ཐོབ་དངོས་སུ་གཅོད་ཅིང༌། གཞན་གྱི་ཡང་ཐོབ་པ་ཐག་བསྲིང་ངོ༌། །གང་ལ་དམིགས་པས་གཅོད་ཅེ་ན། ལེགས་སྤྱད་དང་ཉེས་སྤྱད་མེད་ཅེས་རྒྱུ་དང༌། དེ་དག་གི་འབྲས་བུ་མེད་ཅེས་འབྲས་བུ་ལ་སྐུར་བ་འདེབས་པ་གང་རུང་ངམ་གཉིས་ཀས་སོ། །དེ་ཡང་སྐལ་པ་མཉམ་མི་མཉམ་གྱི་ཁམས་ལ་དམིགས་པ་ཀུན་གྱིས་སོ། །ཇི་ལྟར་གཅོད་ན། སྒོམ་སྤང་སྤོང་བ་བཞིན་ལོག་ལྟ་ཆུང་འབྲིང་དགུས་དགེ་རྩ་ཆེ་འབྲིང་དགུ་རིམ་གྱིས་གཅོད་དོ། །རྟེན་གང་གིས་གཅོད་ན་འཆལ་པའི་ཤེས་རབ་གསལ་ཞིང་སྡིག་པའི་བསམ་པ་ཅན་ཞིག་གིས་གཅོད་པས་སྒྲ་མི་སྙན་ལས་གཞན་གླིང་གསུམ་གྱི་མིའི་ནང་དུ་གཅོད་ཅིང་དེའི་ནང་ནས་ཀྱང་སྐྱེས་པ་དང་བུད་མེད་ཀྱིས་གཅོད་དོ། །དེ་ཡང་སྲེད་པ་སྤྱད་པས་མ་ཡིན་གྱི་ལྟ་བ་སྤྱད་པས་སོ། །མངོན་པ་གོང་མར་ནི། ལྷ་ཚེ་རིང་པོའི་རྟེན་ལ་ལོག་ལྟ་སྐྱེས་ཏེ་གཅོད་པར་བཤད་པ་ནི། གོང་མའི་རྟེན་ལ་མི་དགེ་བ་མེད་པས་ལོག་ལྟའི་ཉེ་རྒྱུས་ཉམས་པ་ལ་དགོངས་སོ། །དགེ་རྩ་ཆད་པའི་ངོ་བོ་ཅི་ཞེ་ན། དེ་ནི་དགེ་རྩའི་ཐོབ་པ་མི་ལྡན་པ་སྟེ། དགེ་བའི་མ་ཐོབ་པའོ། །འདིའི་མཚམས་ཇི་ལྟར་སྦྱོར་ཞེ་ན། ཆད་པ་སླར་མཚམས་སྦྱོར་བ་ནི་རྒྱུ་འབྲས་ལ་ཐེ་ཚོམ་སྐྱེས་པའམ་རྒྱུ་འབྲས་ཡོད་པར་ལྟ་བས་སོ། །དེ་དག་གིས་དགེ་བ་སྐྱེས་ཐོབ་དགུའི་ཐོབ་པ་ཅིག་ཆར་འདྲེན་ལ། དེ་ནས་རིམ་གྱིས་མངོན་དུ་འགྱུར་ཏེ། ནད་བྱང་ནས་རིམ་གྱིས་སྟོབས་རྙེད་པ་བཞིན་ནོ། །དེ་ཡང་གཞན་གྱིས་ཚེ་འདི་ལ་སྦྱོར་ནུས་ཀྱི་མཚམས་མེད་བྱེད་པའི་གང་ཟག་གིས་ཚེ་འདི་ལ་སྦྱོར་ནུས་པ་མིན་ཏེ། རྐྱེན་གྱིས་ཆད་ན་དམྱལ་བར་སྐྱེ་བའི་ཚེ་མཚམས་སྦྱོར་བ་དང༌། རྒྱུས་ཆད་ན་དམྱལ་བ་ནས་འཆི་བར་ཕྱོགས་པ་ན་སྦྱོར་རོ། །གཉིས་པ་སེམས་གང་དང་ལྷན་ཅིག་འཇུག་པ་ནི། མི་དགེ་བ་གཅིག་དང་ལྷན་ཅིག་འཇུག་པ་ནི་ཡིད་ཀྱི་གསུམ་གང་རུང་གཅིག་མངོན་དུ་འགྱུར་བ་དང༌། གཉིས་དང་ལྷན་ཅིག་འཇུག་པ་ནི་གནོད་སེམས་ཀྱིས་སྲོག་གཅོད་པ་དང༌། གསུམ་དང་ལྷན་ཅིག་འཇུག་པ་ནི་གནོད་སེམས་ཀྱིས་སྲོག་གཅོད་པ་དང་མཉམ་དུ་ནོར་འཕྲོག་པ་དང༌། བཞི་དང་འཇུག་པ་ནི་དེ་གསུམ་དང་མཉམ་དུ་རྫུན་སྨྲ་བ་དང༌། ལྔ་དང་དྲུག་དང་བདུན་དང་འཇུག་པ་དེ་བཞིའི་སྟེང་དུ་ཕྲ་མ་དང་ཚིག་རྩུབ་དང་ངག་བཀྱལ་སྨྲ་བའོ། །བརྒྱད་ཀྱི་བར་རྣམས་དང་སེམས་པ་ལྷན་ཅིག་འཇུག་པ་ནི། གནོད་སེམས་ཀྱིས་སྲོག་གཅོད་པ་ལ་སོགས་པ་དྲུག་ལ་སྦྱོར་བ་བྱས་ནས་འདོད་ལོག་རང་གིས་བྱས་ཏེ། མཉམ་དུ་མཐར་ཕྱིན་པའོ། །དགུའམ་བཅུ་དང་ནི་མིན་ཏེ། ཡིད་ཀྱི་གསུམ་ལྷན་ཅིག་མི་རུང་བས་སོ། །དགེ་བ་ནི་གཅིག་ནས་བཅུའི་བར་དག་དང་སེམས་པ་ལྷན་ཅིག་འཇུག་གོ །འོན་ཀྱང་གཅིག་དང་བརྒྱད་དང་ལྔ་དང་སེམས་པ་ལྷན་ཅིག་འབྱུང་བ་མིན་ཏེ། ཡིད་ཀྱི་དང་པོ་གཉིས་སོ་སོ་བ་མི་སྲིད་ཅིང༌། ལུས་ངག་གི་སྤོང་བ་ནི་བཞིའམ་བདུན་ཡིན་པས་སོ། །དེས་ན་གཉིས་དང་འཇུག་པ་དགེ་བའི་སྒོ་ལྔ་ལ་གནས་པ་ན་ཡིད་ཀྱི་དང་པོ་གཉིས་དང༌། ཡང་དག་ལྟ་བ་དང་ལྡན་པའི་ཡིད་ཤེས་ལ་གནས་ན་ཡིད་ཀྱི་གསུམ་དང༌། མི་དགེ་བའམ་ལུང་མ་བསྟན་གྱི་དགེ་ཚུལ་ལེན་པ་ལ་སྤོང་བཞི་ཁོ་ན་དང༌། དགེ་བའི་སྒོ་ལྔ་ལ་གནས་པས་དགེ་ཚུལ་གྱི་སྡོམ་པ་ལེན་པ་ན་སྤོང་བཞི་དང་ཡིད་ཀྱི་གཉིས་པོ་སྟེ་དྲུག་དང༌། དགེ་བའི་ཡིད་ཤེས་ལ་གནས་པས་དེ་ལེན་པ་ན་སྤོང་བཞི་དང་ཡིད་ཀྱི་གསུམ་སྟེ་བདུན་དང༌། མི་དགེ་བའམ་ལུང་མ་བསྟན་གྱི་དགེ་སློང་ལེན་པ་ན། སྤོང་བདུན་ཁོ་ནའོ། །དགེ་བའི་སྒོ་ལྔ་ལ་གནས་པས་དེ་ལེན་པ་ན། སྤོང་བདུན་དང་ཡིད་ཀྱི་དང་པོ་གཉིས་ཏེ་དགུ་དང༌། དགེ་བའི་ཡིད་ཤེས་ལ་གནས་པས་དེ་ལེན་པ་ན་སྤོང་བདུན་དང་ཡིད་ཀྱི་གསུམ་སྟེ་བཅུའོ། །བར་མའི་ལུས་ངག་གི་སྤོང་བ་ལ་ནི། གཅིག་དང་ལྔ་དང་བརྒྱད་དང་ལྷན་ཅིག་འབྱུང་བ་ཡོད་དོ། །གསུམ་པ་འགྲོ་བ་གང་ན་ལས་ལམ་དུ་ཡོད་པ་ནི། འགྲོ་བ་གང་ན་ལས་ལམ་དུ་ཞིག་མངོན་འགྱུར་རམ་ལྡན་པའི་སྒོ་ནས་ཡོད་ཅེ་ན། དམྱལ་བ་ན་སྨྲེ་སྔགས་འདོན་པས་བཀྱལ་བ་སྨྲ་བ་དང༌། འཐབ་པའི་ཚིག་རྩུབ་དང༌། རྒྱུད་རྩུབ་པོས་སྡང་བའི་གནོད་སེམས་གསུམ་མངོན་འགྱུར་དང་ལྡན་པ་གཉིས་ཀ་ཡོད་དོ། །བརྣབ་སེམས་དང་ལོག་ལྟ་ནི་ལྡན་པས་ཡོད་ཀྱི་མངོན་འགྱུར་མེད་དེ། ཆགས་པའི་ཡུལ་མེད་པ་དང་ལས་འབྲས་མངོན་དུ་གྱུར་པས་སོ། །གཞན་མེད་དེ། ལས་མ་ཟད་ཀྱི་བར་དུ་མི་འཆི་བས་དང༌། རྫས་དང་བུད་མེད་བཟུང་བ་མེད་པས་དང༌། བརྫུན་ལ་དགོས་པ་མེད་པས་དང༌། བྱེ་ཟིན་པས་སོ། །སྒྲ་མི་སྙན་ན་ཡིད་ཀྱི་གསུམ་ལྡན་པས་ཡོད་ཀྱི་དངོས་སུ་མེད་དེ། ང་ཡིར་འཛིན་པ་མེད་པས་དང༌། རྒྱུད་འཇམ་ཞིང་ཀུན་ནས་མནར་སེམས་ཀྱི་གཞི་མིན་པ་དང༌། སྡིག་པའི་བསམ་པ་ཅན་མིན་པས་སོ། །སྒྲ་མི་སྙན་དེ་ན་བདུན་པ་ངག་བཀྱལ་ལྡན་པ་དང༌། དངོས་སུ་ཡང་ཡོད་དེ། ཆགས་པས་གླུ་ལེན་པས་སོ། །གཞན་མེད་དེ། ཚེ་ངེས་པ་དང༌། རྫས་དང་བུད་མེད་བཟུང་བ་མེད་པ་དང༌། ངག་གི་གསུམ་ལ་དགོས་པ་མེད་པས་དང༌། སྡིག་པའི་བསམ་པ་ཅན་མིན་པས་སོ། །མི་ཚངས་སྤྱོད་ནི་བུད་མེད་བཟུང་སྟེ་ཤིང་གི་རྩར་ཁྲིད་པ་ན་བགྲོད་བྱ་ཡིན་ན་ཤིང་གིས་སྒྲིབ་ཅིང༌། མིན་ན་མི་སྒྲིབ་པས་ཉལ་པོ་མི་བྱེད་པའི་ཕྱིར་འདོད་ལོག་མེད་དོ། །དེ་གཉིས་མིན་པའི་འདོད་པ་གཞན་མི་དགེ་བ་བཅུ་དངོས་སུ་ཡོད་དེ། མི་ལ་སྡོམ་མིན་དང་བར་མ་དང་གཞན་རྣམས་ལ་བར་མའོ། །འཁོར་ལོ་བསྒྱུར་བ་འབྱུང་བ་ན་མི་ལའང༌། བཅུ་ཆར་མེད་དེ། དེའི་ཚེ་གླུ་ལེན་པ་ནི་ངེས་འབྱུང་གིས་སོ། །དགེ་བའང་ཡིད་ཀྱི་གསུམ་ནི་ཁམས་དང་འགྲོ་བ་ཐམས་ཅད་ན་རྙེད་པ་དང་མངོན་གྱུར་གཉིས་ཀའི་སྒོ་ནས་ཡོད་ཅིང༌། ལུས་ངག་གི་ནི་གཟུགས་མེད་ཀྱི་འཕགས་པ་དང༌། འདུ་ཤེས་མེད་པའི་སེམས་ཅན་ལ་རྙེད་པས་རིམ་པ་བཞིན་ཟག་བཅས་ཟག་མེད་ཀྱི་སྡོམ་པ་དང༌། བསམ་གཏན་སྡོམ་པའི་སྤོང་བདུན་ཡོད་ལ། དེ་དག་གི་ལྷག་མར་བྱས་པའི་ཁམས་དང་འགྲོ་བ་ཐམས་ཅད་ན་དེ་བདུན་མངོན་གྱུར་པའི་སྒོ་ནས་ཀྱང་ཡོད་དེ། དུད་འགྲོ་དང་ཡི་དྭགས་ལ་བར་མ་དང༌། གཟུགས་ཁམས་པ་ལ་སྡོམ་པ་དང༌། གཞན་ན་དེ་གཉིས་ཀའོ། །འོན་ཀྱང་དམྱལ་བཅས་སྒྲ་མི་སྙན་མ་གཏོགས་སོ། །བཞི་པ་ལས་ལམ་གྱི་འབྲས་བུ་ནི། དངོས་དང་ཞར་ལས་བྱུང་བའོ། །དང་པོ་ནི། དགེ་མི་དགེ་ལས་ལམ་བཅུ་པོ་ཐམས་ཅད་བདག་པོ་དང་རྒྱུ་མཐུན་དང་རྣམ་སྨིན་གྱི་འབྲས་བུ་འབྱིན་པར་འདོད་དེ། དེ་ལ་མི་དགེ་བ་ཆུང་འབྲིང་ཆེན་པོ་རྣམ་སྨིན་ཡི་དྭགས་དང་དུད་འགྲོ་དང་དམྱལ་བར་སྐྱེའོ། །ས་སྡེར་ནི། ཆུང་ངུའི་འབྲས་བུ་དུད་འགྲོ་དང༌། འབྲིང་གི་འབྲས་བུ་ཡི་དྭགས་སུ་བཤད་དེ། དེ་དག་སྡུག་བསྔལ་ཆེ་བ་འབྲིང་གི་དང༌། ཆུང་ངུའི་ཆུང་ངུ་ཡིན་པས་མི་འགལ་ལོ། །རྒྱུ་མཐུན་ལ་བྱེད་པ་རྒྱུ་མཐུན་ནི་སོ་སོར་བྱེད་འདོད་པའོ། །མྱོང་བ་རྒྱུ་མཐུན་ནི་བརྒྱ་ལ་མིར་སྐྱེས་པ་ན་ཡང༌། རིན་ཆེན་ཕྲེང་བ་ལས། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང༌། །རྐུ་བ་ཡིས་ནི་ལོངས་སྤྱོད་འཕོངས། །བྱི་པོ་བྱེད་པ་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་བ་མང༌། །ཕྲ་མ་ཡིས་ནི་བཤེས་དང་བྱེ། །ཚིག་རྩུབ་ཡིས་ནི་མི་སྙན་ཐོས། །མ་འབྲེལ་བས་ནི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་འབྱུང་ངོ༌། །བདག་འབྲས་ནི་རིམ་པས། ཕྱི་རོལ་གཟི་ཆུང་གནོད་མང་དང༌། །རྡུལ་ཁྲིགས་དྲི་ང་མཐོ་དམན་ཅན། །ཚ་སྒོ་ཅན་སོགས་དུས་ལོག་དང༌། །འབྲས་བུ་ཕྲ་ཁ་ཆུང་བའམ་མེད། །ཅེས་པའི་ཡུལ་དུ་སྐྱེ་བའོ། །རྒྱུ་མཚན་ཅིས། འབྲས་བུ་དེ་གསུམ་འགྲུབ་ཅེ་ན། སྲོག་གཅོད་ལ་མཚོན་ན་དེས་གཞན་སྡུག་བསྔལ་བར་བྱས་པའི་ཕྱིར་རྣམ་སྨིན་ངན་སོང་དུ་སྐྱེ་བ་དང༌། གཞན་གསད་དེ་སྲོག་མི་གནས་པར་བྱས་པའི་ཕྱིར་རྒྱུ་མཐུན་ཚེ་ཐུང་བར་བྱས་པ་དང་གཟི་བྱིན་མེད་པར་བྱས་པའི་ཕྱིར་བདག་འབྲས་ཡུལ་གཟི་ཆུང་བར་སྐྱེ་བ་སྟེ། འབྲས་བུ་གསུམ་མོ། །གཞན་དགུ་ལའང་སྦྱར་རོ། །དགེ་བ་ཟག་བཅས་ཆུང་འབྲིང་ཆེན་པོའི་རྣམ་སྨིན་མི་དང་འདོད་ལྷ་དང་གོང་མའི་ལྷར་སྐྱེ་བ་དང༌། རྒྱུ་མཐུན་དང་བདག་འབྲས་ནི་སྔ་མ་ལས་བཟློག་པ་སྟེ། རིན་ཆེན་ཕྲེང་བར། མི་དགེ་ཅེས་བྱ་དེ་རྣམས་ཀྱི། །རྣམ་སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་རྣམས་ནི་ཐམས་ཅད་ལ། །འབྲས་བུ་དེ་ནི་བཟློག་སྟེ་འབྱུང༌། །ཞེས་སོ། །གཉིས་པ་ནི། ལོག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་གསུངས་པའི་ལོག་འཚོ་གང་ཞེ་ན། སྔ་མ་གཉིས་ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་ངག་གི་ལས་དང༌། ལུས་ཀྱི་ལས་ཏེ་ལུས་དང་ངག་གི་ལས་ཆགས་པ་ལས་སྐྱེས་པ་ནི་ལོག་འཚོའོ། །དེ་སྦྱང་དཀའ་བས་སྒྲིམ་པར་བྱ་བའི་ཕྱིར་དུ་གཉིས་ལས་ལོགས་ཤིག་ཏུ་བསྟན་ཏོ། །གལ་ཏེ་འཚོ་བའི་ཡོ་བྱད་ལ་ཆགས་པས་བསླང་བའི་ལུས་ངག་གི་ལས་ཁོ་ན་ལོག་འཚོ་ཡིན་གྱི་བདག་དགའ་བའི་ཆེད་དུ་གར་དང་གླུ་ལེན་པ་སོགས་ལོག་འཚོ་མིན་པར་སེམས་པ་ནི་འཐད་པ་མིན་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས་དད་པས་སྦྱིན་པ་སྤྱད་དེ་གླང་ཆེན་འཐབ་པ་སོགས་བལྟ་བ་དང༌། གླུ་སྒྲ་ཉན་པ་སོགས་ལོག་འཚོར་བཀའ་སྩལ་བ་དང་འགལ་བའི་ཕྱིར་རོ། །གསུམ་པ་ལས་གང་འབྲས་བུ་གང་དང་བཅས་པ་ནི་སྔར་བཤད་པའི་འབྲས་བུ་ལྔ་ལས་ལས་གང་འབྲས་བུ་དུ་དང་ལྡན་ཞེ་ན། དྲི་བཅས་སྤོང་ལམ་སྟེ་བར་ཆད་མེད་ལམ་ཟག་བཅས་ཀྱི་ལས་ནི་རྣམ་སྨིན་སོགས་ལྔ་ཡི་འབྲས་བུར་བཅས་ལ། སྤོང་ལམ་དྲི་མེད་ནི་རྣམ་སྨིན་མིན་པ་བཞི་ཡིས་སོ། །ཟག་བཅས་སྤོང་ལམ་ལས་གཞན་པའི་དགེ་མི་དགེའང་བཞི་ཡིས་ཏེ་བྲལ་འབྲས་དོར་བའོ། །ཟག་མེད་སྤོང་ལམ་གྱི་ལྷག་མ་དང་ལུང་བསྟན་མིན་པ་ནི་རྣམ་སྨིན་དང་བྲལ་འབྲས་མིན་པ་གསུམ་གྱིས་སོ། །དེ་དག་གི་ཟག་བཅས་ལ་བྲལ་འབྲས་མེད་པ་དང༌། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཞི་མཐུན་དུ་འདོད་པའང་བཀག་གོ །དགེ་བའི་འབྲས་བུ་དགེ་བ་དང་སོགས་པས་མི་དགེ་བ་དང་ལུང་མ་བསྟན་ཡིན་ན་རིམ་པས་རྣམ་སྨིན་མ་ཡིན་པ་བཞི་དང་སྐྱེས་བདག་གཉིས་དང༌། སྐྱེས་བདག་རྣམ་སྨིན་གསུམ་མོ། །མི་དགེ་བའི་འབྲས་བུ་དགེ་བ་དང་སོགས་པས་མི་དགེ་བ་དང་ལུང་མ་བསྟན་ཡིན་ན་སྐྱེས་བདག་གཉིས་དང༌། སྐྱེས་བདག་རྒྱུ་མཐུན་གསུམ་དང༌། བྲལ་བ་མིན་པ་བཞི་སྟེ་རིམ་པ་བཞིན་ནོ། །ལུང་བསྟན་མིན་པའི་འབྲས་བུ་དགེ་བ་དང་སོགས་པས་མི་དགེ་བ་དང་ལུང་མ་བསྟན་ཡིན་ན་རིམ་པས་སྐྱེས་བདག་གཉིས་དང༌། སྐྱེས་བདག་རྒྱུ་མཐུན་གསུམ་གསུམ་སྟེ་མི་དགེ་བ་དང༌། བསྒྲིབས་ལ་ལུང་མ་བསྟན་ནི་ཉོན་མོངས་ཅན་དུ་འདྲ་བས་ཕན་ཚུན་རྒྱུ་མཐུན་དུ་འགྱུར་རོ། །ལས་འདས་པའི་འབྲས་བུ་ཐམས་ཅད་དུས་གསུམ་གང་ཡིན་ཡང་བྲལ་འབྲས་མིན་པ་བཞི་བཞིའོ། །བར་མ་ད་ལྟར་བའི་འབྲས་བུ་མ་འོངས་པའང་དེ་བཞིན་ནོ། །བར་མ་ཉིད་ཡིན་ན་སྐྱེས་བདག་གཉིས་སོ། །མ་སྐྱེས་པ་མ་འོངས་པའི་ལས་ཀྱི་འབྲས་བུ་མ་འོངས་པ་ཡིན་ན་སྐྱེ་བདག་རྣམ་སྨིན་གསུམ་མོ། །རང་གི་ས་པའི་ལས་ཀྱི་འབྲས་བུ་རང་ས་ཡིན་ན་བྲལ་འབྲས་དོར་བ་བཞི་སྟེ། ཟག་མེད་ཡིན་ན་རྣམ་སྨིན་ཡང་དོར་བ་གསུམ་མོ། །གཞན་གྱི་ས་པ་ཟག་མེད་ཡིན་ན་དེ་གསུམ་དང༌། ཟག་བཅས་ཡིན་ན་སྐྱེས་བདག་གཉིས་སོ། །སློབ་པའི་འབྲས་བུ་སློབ་པ་དང་སོགས་པས་མི་སློབ་པ་དང་དེ་གཉིས་ཀ་མིན་པ་རྣམས་གང་ཡིན་ཡང་གསུམ་རེ་སྟེ། འོན་ཀྱང་དང་པོ་གཉིས་རྣམ་སྨིན་དང་བྲལ་འབྲས་དོར་བའོ། །མི་སློབ་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་དང་སོགས་པས་མི་སློབ་པ་དང་གཉིས་ཀ་ཡིན་པ་དང་མིན་པ་ཡིན་ན་བདག་འབྲས་གཅིག་པོ་དང༌། སྐྱེས་བདག་རྒྱུ་མཐུན་གསུམ་དང༌། སྐྱེས་བདག་གཉིས་སོ། །དེ་ལས་གཞན་པ་སློབ་མི་སློབ་གཉིས་མིན་གྱི་འབྲས་བུ་སློབ་པ་དང་མི་སློབ་པ་ནི་སྐྱེས་བདག་གཉིས་གཉིས་དང༌། གཉིས་ཀ་མིན་པ་ནི་ལྔའོ། །མཐོང་བས་སྤང་བྱའི་འབྲས་བུ་མཐོང་སྤང་དེ་ཉིད་ཡིན་ན་སྐྱེས་བདག་རྒྱུ་མཐུན་གསུམ་དང༌། སོགས་པས་སྒོམ་སྤང་ནི་བྲལ་བ་དོར་བ་བཞི་དང༌། སྤང་བྱ་མིན་པ་བདག་འབྲས་གཅིག་པུའོ། །སྒོམ་པས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མིན་པ་དེ་དག་རིམ་པ་བཞིན་སྐྱེས་བདག་གཉིས་དང༌། སྐྱེས་བདག་རྒྱུ་མཐུན་རྣམ་སྨིན་བཞི་དང༌། སྐྱེས་བདག་བྲལ་བ་གསུམ་མོ། །སྤང་བྱ་མིན་པའི་འབྲས་བུ་དེ་གསུམ་དག་ཡིན་ན། བདག་འབྲས་གཅིག་པུ་དང༌། སྐྱེས་བདག་གཉིས་དང༌། སྐྱེས་བདག་རྒྱུ་མཐུན་བྲལ་བ་བཞི་སྟེ་གོ་རིམ་བཞིན་ནོ། །བཞི་པ་ལས་ཀྱི་རྣམ་བཞག་གཞན་བསྟན་པ་ལ་གཉིས་ཏེ། ལས་གང་རྒྱུ་གང་གིས་བྱེད་པ་དང༌། འཕེན་རྫོགས་གཉིས་ཀྱི་ཁྱད་པར་རོ། །དང་པོ་ནི། བསྟན་བཅོས་ལས་བྱུང་བ་རིགས་པ་མིན་པས་སྐྱེད་པའི་ལས་ནི་ཉོན་མོངས་ཅན་ཏེ། ཚུལ་མིན་ཡིད་བྱེད་ལས་བྱུང་བས་སོ། །ཁ་ཅིག་འགྲོ་འདུག་ལ་སོགས་པའི་ཆོ་ག་ཉམས་པའང་དེའོ་ཞེས་སོ། །དེ་གཉིས་ལས་བཟློག་པ་རིགས་པས་སྐྱེད་པ་སྟེ་ལས་དགེ་བ་སོགས་སོ། །ལས་ལྷག་མ་རྣམས་གཉིས་མིན་གྱི་ལས་སོ། །གཉིས་པ་ནི། ཅི་ལས་གཅིག་གི་སྐྱེས་པ་གཅིག་དང༌། ལས་དུ་མས་སྐྱེས་པ་དུ་མ་ཁོ་ན་འཕེན་ནམ་ཞེ་ན། ལས་གཅིག་ཁོ་ནས་སྐྱེ་བ་ཡང་རིགས་མཐུན་གྱི་གཅིག་ཁོ་ན་འཕེན་གྱི་ཚུལ་གཞན་ནི་མིན་ལ། གཅིག་གིས་འཕངས་པའི་རིགས་མཐུན་ཡོངས་སུ་རྫོགས་པར་བྱེད་པ་ནི་ལས་དུ་མའོ། །གོང་མ་བ་ནི་ལས་གཅིག་གིས་ཀྱང་སྐྱེ་བ་གཅིག་དང་དུ་མ་དང༌། དུ་མས་ཀྱང་གཅིག་དང་དུ་མ་འཕེན་པའི་མུ་བཞི་བཞེད་དོ། །ལས་འབའ་ཞིག་འཕེན་བྱེད་མ་ཡིན་གྱི་རྣམ་སྨིན་དང་བཅས་པ་གཞན་ཡང་སྟེ། འོན་ཀྱང་སེམས་མེད་པའི་སྙོམས་པར་འཇུག་པ་གཉིས་པོ་དག་ནི་ལས་དང་ལྷན་ཅིག་མི་འབྱུང་བས་འཕེན་བྱེད་མ་ཡིན་ལ། ལས་དང་ལྷན་ཅིག་འབྱུང་ཡང་ཤིང་གི་ཕྱི་ཤུན་ལྟར་ཕྱི་ན་གནས་པས་ཐོབ་པའང་འཕེན་བྱེད་མིན་ཏེ། ལས་དང་འབྲས་བུ་མི་གཅིག་པས་སོ། །གཉིས་པ་ལས་སོ་སོར་བཤད་པ་ལ་གསུམ་སྟེ། སྤང་བྱ་སྒྲིབ་པ་གསུམ། བསྟེན་བྱ་བསོད་ནམས་བྱ་བའི་གཞི་གསུམ། ཆ་མཐུན་དགེ་བ་གསུམ་བཤད་པའོ། །དང་པོ་ལ་གསུམ་སྟེ། སྒྲིབ་པ་གསུམ་གྱི་ངོ་བོ། གང་ན་སྒྲིབ་པ་གང་ཡོད་པ། ལས་སྒྲིབ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཐུབ་པས་ལས་དང་ཉོན་མོངས་དང༌། རྣམ་སྨིན་གྱི་སྒྲིབ་པ་གསུམ་གསུངས་པ་དེ་གང་ཞེ་ན། འགྲོ་བ་གཞན་གྱི་བར་མཚམས་མེད་པར་དམྱལ་བར་འགྲོ་བས་མཚམས་མེད་པའི་ལས་ཏེ། ཕ་དང་མ་དང་དགྲ་བཅོམ་གསུམ་གསོད་པ་དང༌། དགེ་འདུན་གྱི་དབྱེན་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་དང་ལྔ་རྣམས་ལས་ཀྱི་སྒྲིབ་པའོ། །ཉོན་མོངས་པ་ཤས་ཆེ་བ་རྒྱུན་དུ་འབྱུང་བ་དང༌། ཉོན་མོངས་པ་དྲག་པོ་གཉིས་ལས། དང་པོ་ལ་གཉེན་པོའི་སྐབས་མི་རྙེད་པས་ཉོན་སྒྲིབ་བོ། །གཉིས་པ་ནི། རེ་འགའ་ཤུགས་དྲག་པོ་འབྱུང་ཡང༌། སྒྲིབ་པ་གསུམ་གྱི་ཟླར་བགྲང་བའི་ཉོན་སྒྲིབ་གཞོམ་ནུས་པས་མིན་ནོ། །ངན་འགྲོ་གསུམ་དང་འདུ་ཤེས་མེད་པའི་སེམས་ཅན་དང་སྒྲ་མི་སྙན་པ་རྣམས་ནི་རྣམ་སྨིན་གྱི་སྒྲིབ་པ་སྟེ། དེ་གསུམ་ནི་འཕགས་ལམ་དང་དེ་ལ་སྦྱོར་བའི་དགེ་བ་ལ་བསྒྲིབས་པ་གསུམ་དུ་འདོད་དོ། །གཉིས་པ་ནི། སྒྲིབ་པ་འདི་གསུམ་ཁམས་གང་ན་ཡོད་ཅེ་ན། མཚམས་མེད་ནི་བྱང་སྒྲ་མི་སྙན་མིན་པའི་གླིང་གསུམ་དག་གི་མི་ཁོ་ན་ལ་ཡོད་ཅིང༌། དེ་ཡང་སྐྱེས་པ་དང་བུད་མེད་ཁོ་ན་ལ་ཡོད་ཀྱི་ཟ་མ་སོགས་ལ་ཡོད་པར་མི་འདོད་དེ། སྡོམ་པའི་རྟེན་དུ་མེད་པའི་ཕྱིར་དང༌། དེ་དག་གི་ཕ་མས་དོན་དང་ལྡན་པའི་ལུས་ཚང་བར་མ་བསྐྱེད་པས་ཕན་ཆུང་བའི་ཕྱིར་དང༌། དེ་དག་ཀྱང་ངོ་ཚ་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར་རོ། །དེས་ན་ཡི་དྭགས་དང་དུད་འགྲོ་ལའང་མི་འདོད་དོ། །སྒྲིབ་པ་ལྷག་མ་གཉིས་ནི་འགྲོ་བ་ལྔ་པོ་ཐམས་ཅད་ན་ཡོད་དོ། །གསུམ་པ་ལ་གཉིས་ཏེ། མཚམས་མེད་དང་དེ་དང་ཉེ་བའོ། །དང་པོ་ལ་གསུམ་སྟེ་མཚམས་མེད་དངོས། དེའི་ལས་འབྲས། ལས་འབྲས་ཀྱི་ཞར་བྱུང་ངོ༌། །དང་པོ་ནི། དགེ་འདུན་གྱི་དབྱེན་ནི་དགེ་འདུན་སྡེ་གཉིས་ཐུགས་རྩེ་མི་འཕྲོད་པའི་རང་བཞིན་ལྡན་པ་མིན་པའི་འདུ་བྱེད་ཀྱི་ཆོས་ཉོན་མོངས་ཅན་མིན་ཞིང༌། ལུང་བསྟན་ཡང་མིན་པས་མ་སྒྲིབ་པས་ལུང་མ་བསྟན་ཏེ། དབྱེ་ན་དེ་དང་ཕྱོགས་གཉིས་ཀའི་དགེ་འདུན་ཡང་དག་པར་ལྡན་ཏེ། འདི་ནི་མཚམས་མེད་ཡིན་ནོ། །དབྱེན་དེའི་ངོ་བོ་ནི་ཁ་ན་མ་ཐོ་བ་ཆེན་པོའི་རྫུན་ཏེ། དེ་དང་འབྱེད་པོ་ལྷས་སྦྱིན་སོགས་ལ་ཡང་དག་པར་ལྡན་ནོ། །དེའི་འབྲས་བུ་ནི་བར་གྱི་བསྐལ་པར་མནར་མེད་པར་སྨིན་པར་འགྱུར་ལ། གཞན་བཞིས་དམྱལ་བར་ངེས་ཀྱང༌། མནར་མེད་དུ་མ་ངེས་སོ། །འོ་ན་ཆོས་སྲིད་ཀྱིས་ཕ་མ་དགྲ་བཅོམ་པ་བསད་པ་ལྟ་བུ་མཚམས་མེད་དུ་མ་ཞིག་བྱས་པའི་འབྲས་བུ་ཅིག་ཅར་སྨིན་ན་གཅིག་དང་དུ་མ་བྱས་པ་ཁྱད་མེད་དུ་འགྱུར་ཞིང༌། རིམ་གྱིས་སྨིན་ན་སྐྱེས་ནས་མྱོང་འགྱུར་དུ་མི་འཐད་པས་མཚམས་མེད་ཀྱི་དོན་དུ་མི་རུང་ལ། རྒྱུད་གཅིག་ལས་མེད་པས་དམྱལ་བ་དུ་མ་ཅིག་ཅར་ཡང་མི་གྲུབ་བོ་ཞེ་ན། ཀུན་གྱི་རྣམ་སྨིན་ཅིག་ཅར་མྱོང་སྟེ། མཚམས་མེད་གཉིས་ལ་སོགས་པ་ལྷག་པ་བྱས་པས་ནི་རྣམ་སྨིན་གྱི་གནོད་པ་ཉིས་འགྱུར་སོགས་ལྷག་པར་འགྱུར་བའི་ལུས་ཆེན་པོ་དང༌། གཞོན་ཤ་ཅན་འགྲུབ་ཅིང༌། ཆད་པ་མི་བཟད་པ་སྣ་ཚོགས་མྱོང་ངོ༌། །སུ་ཞིག་གིས་འབྱེད་ཅེ་ན། ཁྱིམ་པ་སོགས་ཀྱིས་མིན་གྱི་དགེ་སློང་དང༌། དེ་ཡང་སྲེད་པ་སྤྱོད་པས་མིན་གྱི་ལྟ་བ་སྤྱོད་པས་དང༌། ཚིག་མི་བཙུན་པས་ཚུལ་འཆལ་གྱིས་མིན་གྱི་ཚུལ་ཁྲིམས་དང་ལྡན་པས་འབྱེད་དོ། །གང་དུ་འབྱེད་ཅེ་ན། སྟོན་པ་ནི་ཟིལ་ཆེ་བ་དང་བཀའ་བཙན་པས་དེའི་མངོན་སུམ་དུ་འབྱེད་མི་ནུས་པས་དེ་ལས་གཞན་དུའོ། །སུ་དག་འབྱེད་ཅེ་ན། ཆོས་མངོན་སུམ་དུ་གྱུར་པའི་འཕགས་པ་དང༌། དེ་དང་འདྲ་བའི་སོ་སྐྱེ་འབྱེད་མི་ནུས་ལ་དེ་དག་ལས་གཞན་པའི་བྱིས་པ་རྣམས་འབྱེད་དོ། །ཇི་ཙམ་གྱིས་དབྱེ་བ་ཡིན་ཞེ་ན། སངས་རྒྱས་ལས་གཞན་ལ་སྟོན་པ་དང༌། དེས་བསྟན་པའི་ལམ་ལས་གཞན་པའི་ལམ་ལ་བཟོད་པ་ནི་དབྱེ་བའོ། །དེ་དུས་ཇི་སྲིད་དུ་འཇུག་ཅེ་ན། དབྱེ་ན་དེ་ནི་ནམ་མ་ལངས་པར་འདུམ་པས་ཞག་གཅིག་ལས་ལྷག་པར་མི་གནས་སོ། །དབྱེན་དེ་ནི་ལམ་དུ་འཇུག་པའི་གེགས་བྱེད་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གེགས་བྱས་པའི་ཕྱིར། འཁོར་ལོའི་དབྱེན་དུ་ཡང་འདོད་དོ། །དེ་གང་ལ་ཡོད་ཅེ་ན། སངས་རྒྱས་བཞུགས་པ་འཛམ་བུའི་གླིང་ཉིད་ནའོ། །དགེ་སློང་དུ་ཡིས་འགྲུབ་ཅེ་ན། ཕྱོགས་གཉིས་ན་དགེ་སློང་བཞི་བཞི་དང་འབྱེད་པ་པོ་སྟེ། དགུ་སོགས་ཡན་ཆད་ཀྱིས་ཏེ། དགེ་འདུན་དང་སངས་རྒྱས་དང་འབྱེད་པ་པོའི་ཕྱོགས་ཏེ་ཕྱོགས་གསུམ་དུ་གནས་དགོས་པའི་ཕྱིར། ལས་ཀྱི་དབྱེན་ནི་མཚམས་གཅིག་གི་ནང་དུ་བློ་མི་མཐུན་པས་གསོ་སྦྱོང་སོགས་ལས་བྱེད་པ་སྟེ། དེ་ནི་བསྟན་པ་ཡོད་པའི་གླིང་གསུམ་ན་ཡོད་ལ། ཕྱོགས་གཉིས་ཀྱི་དགེ་སློང་བཞི་བཞི་སྟེ་བརྒྱད་ཡན་ཆད་ཀྱིས་འགྲུབ་སྟེ་མཚམས་མེད་མིན་ནོ། །འཁོར་ལོའི་དབྱེན་དེ་མི་འབྱུང་བའི་དུས་ཇི་ལྟ་བུ་ཞེ་ན། དང་པོ་ཆོས་འཁོར་བསྐོར་ནས་རིང་པོར་མ་ལོན་པ་དང༌། མཐའ་མྱ་ངན་འདའ་ཁ་གཉིས་ན་དགའ་བ་དང་སྐྱོ་བར་བློ་གཅིག་པས་དང༌། བར་དུ་བསྟན་པ་ལ་ཚུལ་ཁྲིམས་དང་ལྟ་བ་སྐྱོན་མ་བྱུང་གི་བར་དང༌། སྡུམ་བྱེད་མཆོག་ཟུང་གཅིག་གི་སྔ་རོལ་དང༌། འགྲན་ཟླ་མེད་པས་ཐུབ་པ་ནོངས་པའི་རྗེས་དང༌། མཚམས་གཅིག་གི་ནང་དུ་ཕྱོགས་གཉིས་ཀ་གནས་དགོས་པས་དེ་མ་བཅད་པ་དག་ཏུ་ཡང་འཁོར་ལོའི་དབྱེན་མི་འབྱུང་ངོ༌། །ལས་ལ་རག་ལས་པས་སངས་རྒྱས་ཀུན་ལ་འཁོར་ལོའི་དབྱེན་མི་འབྱུང་གི། སྟོན་པ་འདིས་སྔོན་དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་དང་ལྡན་པ་ཞིག་གི་འཁོར་ཕྱེ་བས་འདིའི་དགེ་འདུན་ལྷས་སྦྱིན་གྱིས་ཕྱེ་བའོ། །ཅིའི་ཕྱིར་མ་བསད་པ་སོགས་ལྔ་ཁོ་ན་མཚམས་མེད་དུ་བཞག་ཅེ་ན། དེ་ལྔ་ཞིང་དང་བསམ་པ་དང་སྦྱོར་བ་གསུམ་གྱིས་སྡིག་པ་ཤིན་ཏུ་ལྕི་བ་སྟེ། ཕན་འདོགས་པའི་ཞིང་ཕ་མ་དང་ཡོན་ཏན་གྱི་ཞིང་དགྲ་བཅོམ་སོགས་བསམ་པས་སྤངས་ཤིང་སྦྱོར་བས་མེད་པར་བྱས་པའི་ཕྱིར་རོ། །ཕ་དང་མ་མཚན་གཞན་དུ་གྱུར་པའི་སྐྱེས་པ་དང་བུད་མེད་བསད་ཀྱང་མཚམས་མེད་དུ་འགྱུར་རོ། །བུད་མེད་འགས་རང་གི་ནུར་ནུར་པོ་མངལ་དུ་བླུགས་པ་སྨིན་ཅིང་བསྐྱེད་ན་དེའི་མ་གང་ཞེ་ན། གང་གི་ཟླ་མཚན་ལས་བྱུང་བ་དང་པོ་ནི་དེའི་མ་སྟེ། དེ་བསད་ན་མཚམས་མེད་དུ་འགྱུར་ལ། གཉིས་པའང་བྱ་བ་ཞུ་བའི་གནས་སོ། །མིའི་ཕ་མ་མི་མ་ཡིན་པ་བསད་ཀྱང་མི་འགྱུར་ཞིང༌། ཕ་མ་ལ་སྦྱོར་བ་བྱས་ནས་གཞན་བསད་ནའང་མི་འགྱུར་ལ། ཕ་མ་མིན་པ་ལ་སྦྱོར་བ་བྱས་ནས་ཕ་མ་ངག་བསད་ནའང་མི་འགྱུར་ཏེ། ཁྲིའུའི་འོག་ན་ཡོད་པ་བསད་པ་དང༌། གོས་འཁྲུ་བའི་བུ་ཞིག་གིས་སྦྲང་བུ་བསོད་པའི་སྦྱོར་བ་བྱས་ནས་ཕ་བསད་པ་ལྟ་བུའོ། །སངས་རྒྱས་ནི་དཀྲོངས་སེམས་མེད་ན་བརྡེག་པར་སེམས་པ་ཙམ་གྱིས་ཁྲག་ཕྱུང་ཡང་མཚམས་མེད་མིན་ཏེ། དེ་ཙམ་གྱིས་ནི་བསམ་པས་སྤངས་པ་མིན་པས་སོ། །སློབ་པ་ལ་བསྣུན་ནས་དེའི་འོག་ཏུ་དགྲ་བཅོམ་པ་ཐོབ་ནས་དཀྲོངས་པ་ལ་མཚམས་མེད་འབྱུང་བ་མིན་ཏེ། དགྲ་བཅོམ་པ་ལ་སྦྱོར་བ་མ་བྱས་པས་སོ། །དགྲ་བཅོམ་མིན་པའི་འདུ་ཤེས་ཀྱིས་དེ་བསད་ནའང་འདི་བསད་ན་སྙམ་དུ་རྟེན་ངེས་པར་བཟུང་བའི་ཕྱིར་འགྱུར་ཏེ། ཨུ་ཌ་ཡ་ན་བཞིན་ནོ། །ཕ་དགྲ་བཅོམ་པ་བསད་ཀྱང་རྟེན་གཅིག་པས་དགྲ་བཅོམ་བསད་པའི་མཚམས་མེད་གཅིག་པུར་འགྱུར་རོ། །གཉིས་པ་དེའི་ལས་འབྲས་ནི། མཚམས་མེད་ཀྱི་སྦྱོར་བ་བྱས་ཤིང་དེ་མ་བཟློག་པ་ལ་བསམ་པ་ཤིན་ཏུ་འགལ་བས་འདོད་ཆགས་དང་བྲལ་བའི་འབྲས་བུ་ཐོབ་པ་མི་སྲིད་དོ། །ཐེག་ཆེན་དུ་ཐོབ་པའང་བཤད་དོ། །ཆོས་དང་ཆོས་མིན་ཤེས་བཞིན་དུ། དགེ་འདུན་དབྱེ་བའི་ཕྱིར་རྫུན་སྨྲ་བ་ནི་ཉེས་སྤྱད་ཐམས་ཅད་ཀྱི་ནང་ན་ཁ་ན་མ་ཐོ་བ་རབ་ཏུ་ཆེ་བར་འདོད་དེ། རྒྱལ་བའི་ཆོས་སྐུ་ལ་བསྣུན་པ་དང༌། འབྲས་བུ་བཞི་ཐོབ་པ་ལ་གེགས་བྱེད་པ་དང༌། ཆགས་བྲལ་དང་ཐོས་བསམ་སྒོམ་གསུམ་གྱི་གེགས་བྱེད་ཅིང་སྐྱེ་རྒུའང་ཡིད་མི་བདེ་ཞིང་དྲན་པ་ཉམས་པར་འགྱུར་བས་སོ། །དེ་ནས་ཁྲག་འབྱིན་དང༌། དགྲ་བཅོམ་དང༌། མ་དང༌། ཕ་གསོད་པ་རྣམས་ཕྱི་མ་ཕྱི་མ་ཡང་ངོ༌། །གསུམ་པ་ལས་འབྲས་ཀྱི་ཞར་བྱུང་ནི། འཇིག་རྟེན་པའི་དགེ་བ་གཞིར་བྱས་པ་ལ་སྲིད་རྩེའི་སེམས་པ་རྣམ་སྨིན་གྱི་འབྲས་བུ་རབ་ཏུ་ཆེ་སྟེ། བསྐལ་ཆེན་བརྒྱད་ཁྲིར་མཐོ་རིས་སུ་སྨིན་པས་སོ། །བྲལ་འབྲལ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། སྐྱེས་བུ་བྱེད་འབྲས་ནི་འཇིག་རྟེན་ཆོས་མཆོག་ཆེའོ། །གཉིས་པ་དེ་དང་ཉེ་བ་ལ་གསུམ་སྟེ། ངོ་བོ་དང༌། ཞར་ལ་ལམ་གསུམ་གྱི་གེགས་བཤད་པ། ངེས་གནས་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི། ཅི་མཚམས་མེད་ཁོ་ནས་དམྱལ་བར་སྐྱེའམ་ཞེ་ན། དེ་དང་ཉེ་བས་ཀྱང་སྐྱེ་སྟེ། རིམ་པ་བཞིན་ཁྱད་པར་ནི་སྡུག་བསྔལ་ཆེ་ཆུང་ངོ༌། །གཞན་ནི་སྐྱེས་ནས་མྱོང་འགྱུར་དང་ངེས་པ་དང་མ་ངེས་པ་གཉིས་སུ་འདོད་དོ། །དེ་ཡང་མ་དགྲ་བཅོམ་མ་ཞིག་འདོད་ལོག་གིས་སུན་འབྱིན་པར་བྱས་པ་དང༌། བྱང་ཆུབ་སེམས་དཔའ་ངེས་གནས་གསོད་པ་དང༌། འཕགས་པ་སློབ་པ་གསོད་པ་དང༌། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ནངས་གཅིག་གི་འཚོ་བ་ཡན་ཆད་དམ། ནར་མར་འདུ་བ་ཞེས་དབྱིག་ཤེས་ཀྱིས་བཤད་དོ། །དེ་འཕྲོག་པ་སྟེ་བཞི་པོ་དག་མཚམས་མེད་པ་བཞི་དང་ཆ་འདྲ་བ་སྟེ། མཚམས་མེད་ལྔ་པའི་ཉེ་བ་ནི་མཆོད་རྟེན་འཇིག་པར་བྱེད་པའོ། །ས་སྡེར་ནི་ལྷའི་གནས་དང་ལམ་གྱི་གཞི་མདོར་ཕྱུགས་གསོད་པ་དང༌། མཛའ་བཤེས་བསླུ་བ་དང༌། སྡུག་ཅིང་མགོན་མེད་པ་ལ་སྐྱབས་བྱིན་ནས་བསླུས་པ་ལ་སོགས་པ་ཡང་དེ་དང་ཉེ་བར་བཤད་དོ། །གཉིས་པ་ནི། སྦྱོར་ལམ་བཟོད་པ་ཐོབ་པ་ལ་ངན་སོང་དུ་སྐྱེ་ངེས་ཀྱི་ལས་དང༌། ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་འདོད་ཁམས་སུ་སྐྱེ་ངེས་ཀྱི་ལས་དང༌། དགྲ་བཅོམ་ཐོབ་པ་ལ་ཁམས་གོང་མར་སྐྱེ་ངེས་ཀྱི་ལས་ཀྱང་གེགས་ཤིན་ཏུ་བྱེད་དེ། ཡུལ་འཕོ་བ་ན་བུ་ལོན་ལ་ལྡང་བ་བཞིན་ནོ། །གསུམ་པ་ལ་གཉིས་ཏེ། སྤྱིར་བསྟན། བྱེ་བྲག་སྟོན་པས་མཛད་ཚུལ་ལོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་ངེས་གནས་ཞེས་བཤད་པ་ལ། གང་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ངེས་གནས་ཡིན་ཞེ་ན། གང་ཕན་ཆད་ནས་མཚན་སོ་གཉིས་རྣམ་པར་སྨིན་པའི་ལས་བྱེད་པ་ནས་ངེས་གནས་སོ། །དེ་ཕན་ཆད་རྟག་ཏུ་བདེ་འགྲོ་དང་དེར་ཡང་རིགས་མཐོ་བར་སྐྱེ་བ་དང༌། དབང་པོ་ཚང་བ་དང༌། ཕོ་ཁོ་ནར་གྱུར་པ་དང༌། ཚེ་རབས་དྲན་པ་དང༌། མི་ལྡོག་སྟེ། སེམས་ཅན་གྱི་དོན་དུ་སྡུག་བསྔལ་བ་དང༌། ལོག་སྒྲུབ་ཀྱིས་མི་སྐྱོ་བའོ། །མཚན་གྱི་ལས་དེ་ནི་བློ་རྣོ་བས་འཛམ་བུ་གླིང་པའི་ཕོར་གྱུར་པ་ཉིད་ཀྱིས་འཕེན་ཞིང་ཡུལ་སྟོན་པ་མངོན་སུམ་དུ་གྱུར་པ་དང༌། ངོ་བོ་ནི་སངས་རྒྱས་ལ་དམིགས་པའི་སེམས་པ་ཁོ་ན་སྟེ། དེ་ཡང་ཐོས་བྱུང་དམན་ཞིང་སྒོམ་འབྱུང་འདོད་པའི་རྟེན་དེ་ལ་མི་སྨིན་པས་བསམ་པ་ལས་བྱུང་བའོ། །དུས་ནི་བསྐལ་པ་བརྒྱ་ལུས་པ་ན་འཕེན་པར་བྱེད་ལ། སྟོན་པ་ཤཱཀྱ་ཐུབ་པས་ནི་བརྩོན་འགྲུས་ཆེ་བས་དགུ་བཅུ་རྩ་གཅིག་ལུས་པ་ན་འཕངས་ཏེ། མདོ་ལས། གྲོང་དཔོན་ངས་འདི་ནས་བཟུང་སྟེ། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ཡང་དག་པར་རྗེས་སུ་དྲན་ཏེ་ཞེས་གསུངས་པས་དེ་ཚུན་ཆད་རང་བཞིན་གྱི་ཚེ་རབས་དྲན་པར་གསུངས་པས་སོ། །མཚན་གྱི་རྒྱུ་གང་ཞེ་ན། མཚན་དེ་རྣམས་རེ་རེའང་བསོད་ནམས་བརྒྱ་ལས་སྐྱེས་ལ། བསོད་ནམས་ཀྱི་ཚད་ནི་འདིར་མི་འདྲ་བ་དུ་མ་འབྱུང་ཞིང༌། ཐེག་ཆེན་གྱི་མདོར་ཡང་སྣ་ཚོགས་གསུངས་སོ། །གཉིས་པ་ནི། སྟོན་པ་འདིས་གྲངས་མེད་གསུམ་གྱི་ཚོགས་བསགས་པས་གྲངས་མེད་གང་ལ་སངས་རྒྱས་ཇི་སྙེད་ཅིག་བསྙེན་བཀུར་བྱས་ཤེ་ན། གྲངས་མེད་དང་པོ་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང༌། གཉིས་པ་ལ་བདུན་ཁྲི་དྲུག་སྟོང༌། གསུམ་པ་ལ་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་སོ། །གྲངས་མེད་གསུམ་པའི་ཐ་མར་རྣམ་པར་གཟུགས་དང་གཉིས་པའི་ཐ་མར་མར་མེ་མཛད་དང༌། དང་པོའི་ཐ་མར་རིན་ཆེན་གཙུག་ཏོར་ཅན་བྱུང་ལ། ཐམས་ཅད་ཀྱི་དང་པོར་བྱུང་བ་ནི་ཤཱཀྱ་ཐུབ་པ་ཞེས་བྱ་བ་སྟེ། རྩོད་དུས་ཀྱི་ཤཱཀྱ་ཐུབ་པ་དང་སྐུ་ཚེ་ལ་སོགས་ཚུལ་འདྲ་བ་ཞིག་གོ །དང་པོའི་ཤཱཀྱ་ཐུབ་པ་དེའི་དྲུང་དུ་ད་ལྟའི་སྟོན་པ་འདི་རྫ་མཁན་སྣང་བྱེད་དུ་གྱུར་པ་ན། བདག་ཀྱང་འདི་འདྲ་བའི་རྣམ་པ་ཁོ་ནར་སངས་རྒྱས་པར་ཤོག་ཅིག་ཅེས་དང་པོར་སྨོན་ལམ་བཏབ་པའོ། །ལུང་དུ་ནི། གྲངས་མེད་གསུམ་གྱི་ཐ་མའི་སངས་རྒྱས་འདི་དང་ཚུལ་མི་འདྲ་བ་གསུངས་ལ། ཐེག་ཆེན་པས་ནི་གྲངས་མེད་རེ་རེ་ལ་ཡང་སངས་རྒྱས་ཚད་མེད་པ་བསྙེན་བཀུར་བྱས་ཞེས་འབྱུང་གི་གྲངས་མེད་འདི་ལྟ་བུ་མ་བྱས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ། དང་པོའི་ཐུབ་པ་དེ་ལས་སེམས་བསྐྱེད་ནས། གྲངས་མེད་གཅིག་ཚོགས་བསགས་ཤིང༌། ཚོང་དཔོན་ཤེས་རབ་བཟང་པོར་གྱུར་པ་ན། སངས་རྒྱས་དཀོན་མཆོག་ཡན་ལག་གི་དྲུང་དུ་ས་དང་པོ་ཐོབ། གྲངས་མེད་གཉིས་པ་རྫོགས་ནས་བྲམ་ཟེའི་ཁྱེའུ་གཞོན་ནུ་སྤྲིན་དུ་གྱུར་པ་ན་སངས་རྒྱས་མར་མེ་མཛད་ཀྱི་སྤྱན་སྔར་ས་བརྒྱད་པ་ཐོབ་པར་བྱས་ནས་གྲངས་མེད་གསུམ་པ་མཐར་ཕྱིན་པའི་རྗེས་སུ་སངས་རྒྱས་པར་གསུངས་སོ། །སྟོན་པ་འདིས་སྔོན་གནས་སྐབས་གང་དུ་ཕྱིན་དྲུག་རྫོགས་ཤེ་ན། ཡུལ་ཀུན་ལ་ལུས་དང་སྲོག་གི་བར་ཐམས་ཅད་སྙིང་རྗེ་ཡི་སེམས་ཀྱིས་སྦྱིན་པར་བྱེད་པས་སྦྱིན་པའི་ཕར་ཕྱིན་རྫོགས་སོ། །འདོད་ཆགས་དང་བཅས་བཞིན་དུ་ཡན་ལག་བཅད་ཀྱང་ཅུང་ཟད་ཀྱང་མི་འཁྲུགས་པས་བཟོད་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་ཏེ། ལུས་ངག་གི་ཉེས་སྤྱད་སྡོམ་པས་སོ། །རྒྱལ་བ་སྐར་རྒྱལ་རི་ཕུག་ཅིག་ན་ཟད་པར་མེའི་ཏིང་ངེ་འཛིན་ལ་བཞུགས་པ་ལ། རྐང་པ་གཅིག་གིས་འགྲེང་སྟེ་ཚིགས་སུ་བཅད་པ་ཤོ་ལོ་ཀ་གཅིག་གིས་བསྟོད་པས་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་ཤིང༌། བསྐལ་པ་དགུ་ཡང་འདུམས་ཏེ། བྱང་ཆུབ་སེམས་དཔའི་ངེས་གནས་སུ་གྱུར་ཏོ། །མངོན་པར་བྱང་ཆུབ་པའི་སྔ་རོལ། དེ་མ་ཐག་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་བསམ་གཏན་དང་བློ་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་སོ། །གཉིས་པ་བསོད་ནམས་བྱ་བའི་གཞི་གསུམ་ལ་གསུམ་སྟེ། ཐུན་མོང་གི་ངེས་ཚིག དབྱེ་བ་སོ་སོའི་རང་བཞིན། ཆོས་སྦྱིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་མདོ་ལས། སྦྱིན་པ་དང་ཚུལ་ཁྲིམས་དང༌། སྒོམ་པ་ལས་བྱུང་བའི་གཞི་གསུམ་གསུངས་པ་དེ་ཇི་ལྟར་བསོད་ནམས་བྱ་བའི་གཞི་ཡིན་ཞེ་ན། སྦྱིན་པ་ལས་བྱུང་བ་སོགས་གསུམ་པོ་ཇི་ལྟར་རིགས་པར་རྣམ་སྨིན་ཡིད་དུ་འོང་བས་བསོད་ནམས་ཀྱང་ཡིན་ལ། ལས་ཀྱི་རང་བཞིན་ཡིན་པས་བྱ་བ་ཡང་ཡིན་ཞིང༌། དེ་དག་གི་སེམས་འཇུག་པའི་གཞི་ཡང་ཡིན་པས་དེ་སྐད་བརྗོད་དེ། དཔེར་ན་ལས་ཀྱང་ཡིན་ལ་ལམ་ཡང་ཡིན་པས་ལས་ལམ་དང༌། ལས་ཀྱི་ལམ་ཁོ་ན་ཡིན་པས་ལས་ལམ་དུ་བཤད་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། སྦྱིན་པ་ལས་བྱུང་བ་བཤད། གཞན་གཉིས་བཤད་པའོ། །དང་པོ་ལ་གསུམ་སྟེ། སྦྱིན་པའི་ངོ་བོ། དབྱེ་བ། ཁྱད་པར་རོ། །དང་པོ་ནི། སྦྱིན་པ་གང་ཞེ་ན་སྦྱིན་བྱ་ལ་སྦྱིན་པར་གྲགས་པའང་ཡོད་མོད་ཀྱི། འདིར་ནི་གང་གིས་སྦྱིན་པར་བྱེད་པ་དེ་སྦྱིན་པའོ། །འཇིགས་པ་དང་ལན་ལ་རེ་བ་སོགས་ཀྱི་སྦྱིན་པ་མ་ཡིན་ལ་འདིར་ནི་གོང་མ་མཆོད་པ་དང༌། དམན་པ་ལ་ཕན་གདགས་པར་འདོད་པའི་སྦྱིན་པའོ། །སྦྱིན་པར་བྱེད་པ་དེ་གང་ཞེ་ན། ལག་པ་སྐྱོང་བ་སོགས་ལུས་དང༌། སྙན་པར་སྨྲ་བ་སོགས་ངག་གི་ལས་ཀུན་སློང་དང་བཅས་པའོ། །སྦྱིན་པ་དེའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་འབྱུང་བ་ཅན་ཞེས་སྨོས་སོ། །གཉིས་པ་ནི། འཕགས་པ་ཆགས་བྲལ་མིན་པས་མཆོད་རྟེན་ལ་ཕུལ་བ་ནི་བདག་ཁོ་ནའི་དོན་དུ་སྦྱིན་པ་དང༌། འཕགས་པ་ཆགས་བྲལ་གྱིས་སེམས་ཅན་གཞན་ལ་སྦྱིན་པ་ནི། གཞན་ཁོ་ནའི་དོན་གྱི་ཕྱིར་སྦྱིན་པ་དང༌། འཕགས་པ་ཆགས་བཅས་ཀྱིས་སེམས་ཅན་གཞན་ལ་སྦྱིན་པ་ནི། བདག་གཞན་གཉིས་ཀའི་དོན་གྱི་ཕྱིར་སྦྱིན་པ་དང༌། འཕགས་པ་ཆགས་བྲལ་གྱིས་མཆོད་རྟེན་ལ་ཕུལ་བ་ནི། གཉིས་ཀའི་དོན་དུ་མིན་པའི་ཕྱིར་སྦྱིན་པ་སྟེ་རྣམ་པ་བཞིའོ། །གསུམ་པ་ལ་གཉིས་ལས། མདོར་བསྟན་ནི། དེ་འབྲས་ལོངས་སྤྱོད་ཆེན་པོ་ཅན་ཞེས་བཤད་པའི་ཁྱད་པར་ནི་སྦྱིན་བདག་དང༌། དངོས་དང༌། ཞིང་གི་ཁྱད་པར་དང་གསུམ་ལས་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། དངོས་དང༌། འཕྲོས་པའི་དོན་ནོ། །དང་པོ་ནི། སྦྱིན་བདག་གི་ཁྱད་པར་ནི་དད་པ་དང་ཚུལ་ཁྲིམས་དང༌། ཐོས་པ་སོགས་དང་ལྡན་པ་ཉིད་ཀྱི་སྦྱིན་པ་ནི། འབྲས་བུ་ཁྱད་པར་དུ་འཕགས་པར་འགྱུར་ཏེ། སྦྱིན་པར་བྱ་བའི་ཡུལ་ལ་གུས་པ་དང༌། སོགས་པས་རང་གི་ལག་པ་ནས་སྟེར་བ་དང༌། དུས་སུ་སྦྱིན་པ་དང༌། གཞན་ལ་མི་གནོད་པར་སྦྱིན་པར་བྱེད་པས་སོ། །དེའི་ཕྱིར་འབྲས་བུའང་རིམ་པ་བཞིན་དུ་རང་ལ་བཀུར་སྟི་དང༌། ལོངས་སྤྱོད་རྒྱ་ཆེན་པོ་དང༌། དགོས་པའི་དུས་ལས་མི་ཡོལ་བ་དང༌། བར་ཆད་མེད་པར་རྙེད་པར་འགྱུར་རོ། །དངོས་པོའི་ཁྱད་པར་ནི་ཁ་དོག་དང་སོགས་པས་དྲི་དང་རོ་དང་རེག་བྱ་ཕུན་སུམ་ཚོགས་པ་ནི་སྦྱིན་བྱའི་དངོས་པོ་ཁྱད་པར་དུ་འཕགས་པ་སྟེ། དེ་ལས་འབྲས་བུའང་རིམ་པས་གཟུགས་བཟང་བ་དང༌། སྙན་གྲགས་དང་ལྡན་པ་དང༌། ཡིད་དགེ་བ་དང༌། ཤིན་ཏུ་གཞོན་ཤ་ཅན་དང༌། དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་རོ། །ཞིང་གི་ཁྱད་པར་ནི་དུད་འགྲོ་ལ་སྦྱིན་ན་རྣམ་སྨིན་བརྒྱ་འགྱུར་དང༌། ཚུལ་ཁྲིམས་འཆལ་བའི་མི་ལ་སྟོང་འགྱུར་ལྟ་བུར་འགྲོ་བའི་ཁྱད་པར་དང༌། ནད་པ་སོགས་སྡུག་བསྔལ་བའི་ཞིང་དང༌། ཕ་མ་སོགས་ཕན་འདོགས་པའི་ཞིང་དང༌། ཚུལ་ཁྲིམས་དང་ལྡན་པ་ལ་འབུམ་འགྱུར་དང༌། འཕགས་པ་ལ་ཚད་མེད་པར་གསུངས་པ་སོགས་ནི། ཡོན་ཏན་གྱི་ཁྱད་པར་རྣམས་ཀྱིས་ཞིང་ཁྱད་པར་དུ་འཕགས་པའོ། །སྦྱིན་པ་རྣམས་ཀྱི་མཆོག་གང་ཞེ་ན། སྦྱིན་པའི་མཆོག་ནི་གྲོལ་བ་དགྲ་བཅོམ་པས་གྲོལ་བ་ནང་ལ་བྱིན་པའམ། བྱང་ཆུབ་སེམས་དཔའ་ཡིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བྱིན་པ་ནི་གྲོལ་བས་མ་གྲོལ་བ་ལ་བྱིན་ཡང་མཆོག་གོ །དེ་ལ་གཏོང་བའི་སྦྱིན་པ་བརྒྱད་གསུངས་པའི་ནང་ནས་བརྒྱད་པ་སེམས་ཀྱི་རྒྱན་སོགས་མཆོག་གོ །བརྒྱད་ནི་ཉེ་བ་ལ་དང༌། འཇིགས་པས་དང༌། བདག་ལ་སྦྱིན་པ་དང༌། བདག་ལ་སྦྱིན་པར་འགྱུར་བས་དང༌། སྔོན་བདག་གི་ཕ་མེས་ལ་བྱིན་པས་དང༌། མཐོ་རིས་ཀྱི་དོན་དང༌། གྲགས་པའི་དོན་དུ་དང༌། སེམས་ཀྱི་རྒྱན། སེམས་ཀྱི་ཡོ་བྱད། རྣལ་འབྱོར་གྱི་ཚོགས། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པའོ། །འཕགས་པ་ལ་བྱིན་ན་གཞལ་དུ་མེད་པར་གསུངས་མོད། འཕགས་པ་མིན་ཡང་ཕ་མ་དང་ནད་པ་དང་ཆོས་སྨྲ་བ་དང༌། རྒྱལ་བུ་དོན་གྲུབ་ལྟ་བུ་སྐྱེས་མཐའི་བྱང་ཆུབ་སེམས་དཔའ་སྟེ་ལྔ་ལ་ཕུལ་བ་ནི་འབྲས་བུའི་སྒོ་ནས་ཡོན་ནི་གཞལ་དུ་མེད་པ་ཡིན་ནོ། །གཉིས་པ་འཕྲོས་པའི་དོན་ནི། བྱས་པའི་རྗེས་ལ་བྱེད་པའི་མཇུག་དང་མི་ལྡན་ན་ཆུང་ཞིང༌། ལྡན་ན་ཆེ་བ་དང༌། ཕན་གནོད་བྱེད་པའི་ཞིང་ཕལ་པ་དང་ཁྱད་པར་ཅན་ཡུལ་དུ་བྱས་པ་དང༌། གཞི་ལས་ལམ་གྱི་དབང་གིས་ཕ་མའི་སྲོག་གཅོད་པ་བས་དེའི་ནོར་རྐུ་བ་ལས་ལམ་ཆུང་བ་དང༌། སྦྱིན་པ་བས་ཚུལ་ཁྲིམས་ཆེ་བ་སོགས་སོ། །ལས་དེའི་དོན་དུ་ལུས་ངག་གི་སྦྱོར་བ་ཞན་པ་དང་ཆེད་ཆེར་བྱེད་པ་དང༌། མཐར་ཕྱིན་པར་བྱེད་པའི་སེམས་དང༌། ཀུན་སློང་གི་བསམ་པ་དྲག་ཞན་དང༌། ཆེ་ཆུང་གི་བྱེ་བྲག་ལས་ལས་ལམ་ཡང་ཆེ་བ་དང་ཆུང་བར་འགྱུར་རོ། །ལས་བྱས་པ་དང་བསགས་པ་ཞེས་པའི་བསགས་པ་གང་ཞེ་ན། བློ་སྔོན་དུ་མ་བཏང་བ་མིན་པར་བསམ་བཞིན་དུ་བྱས་པ་དང༌། ཇི་ཙམ་གྱིས་ངན་འགྲོའམ་བདེ་འགྲོར་སྐྱེ་བའི་ལས་དེ་རྫོགས་པར་བྱས་པ་དང༌། ཕྱིས་མི་འགྱོད་པ་དང༌། དེ་དང་འགལ་བའི་གཉེན་པོ་མེད་པ་དང༌། བྱས་ནས་རྗེས་སུ་ཡི་རང་བའི་འཁོར་དང་རྣམ་པར་སྨིན་པ་འབྱིན་ངེས་པ་སྟེ། དྲུག་ལ་བསགས་པའི་ལས་ཞེས་བྱ་བ་ཡིན་གྱི་གཞན་དུ་ན་བྱས་ཀྱང་མ་བསགས་པའོ། །མཆོད་རྟེན་ལ་ཕུལ་བ་ལ་ལོངས་སྤྱོད་བྱེད་པ་མེད་པས། ཇི་ལྟར་བསོད་ནམས་འཐོབ་པར་འགྱུར་ཞེ་ན། མཆོད་རྟེན་ལ་ཕུལ་བ་ལ་ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་མེད་ཀྱང༌། བསམ་པ་བཟང་པོས་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་འབྱུང་སྟེ། དཔེར་ན་ལེན་པ་མེད་ཅིང་གཞན་ལ་དངོས་སུ་ཕན་པ་མེད་ཀྱང་བྱམས་སོགས་ཚད་མེད་དང་ཡང་དག་པའི་ལྟ་བ་བསྒོམས་པ་ལ་རང་གི་སེམས་ཀྱི་མཐུས་བསོད་ནམས་འབྱུང་བ་བཞིན་ནོ། །གལ་ཏེ་ཞིང་བཟང་པོ་ལ་སྦྱིན་པའི་འབྲས་བུ་ཡིད་དུ་འོང་བ་ཡིན་ན། ཞིང་ངན་པ་ལ་བྱིན་ན་འབྲས་བུ་ཡིད་དུ་མི་འོང་བར་འགྱུར་རོ་ཞེ་ན། ཞིང་གི་ཁྱད་པར་ལས་འབྲས་བུ་ཡིད་དུ་འོང་བར་འགྱུར་རོ་ཞེས་མི་སྨྲ་ཡི། ཞིང་ངན་པ་ལ་ཡང་རྒུན་འབྲུམ་གྱི་ས་བོན་ལས་རྒུན་འབྲུམ་གྱི་འབྲས་བུ་མངར་བ་ཁོ་ན་སྐྱེ་བ་ཡིན་གྱི་རོ་ཁ་བ་མི་སྐྱེ་བ་བཞིན་དུ། རྒྱུ་ལས་འབྲས་བུ་མི་འཁྲུལ་བ་མཐོང་བའི་ཕྱིར་ན་དགེ་བའི་ས་བོན་ལས་ཀྱང་འབྲས་བུ་ཡིད་དུ་འོང་བ་འབྱུང་བས་འབྲས་བུ་རྒྱུ་ལ་མི་འཁྲུལ་བས། ངན་པའི་ཞིང་ལའང་ཕན་པའི་བསམ་པས་བྱིན་པ་ནི་དགེ་བ་ཡིན་པས་འབྲས་བུ་འབྱུང་ན་ཡིད་འོང་ཁོ་ན་འབྱུང་ངོ༌། །ཞིང་གི་སྐྱོན་གྱིས་ནི་ས་བོན་དེའི་འབྲས་བུ་ཆུང་བའམ་མེད་པར་འགྱུར་གྱི་འཁྲུལ་བར་མི་འགྱུར་རོ། །གཉིས་པ་གཞན་གཉིས་བསྟན་པ་ལ་གསུམ་སྟེ། སོ་སོའི་རང་བཞིན། གཉིས་ཀའི་འབྲས་བུ། ཚངས་པའི་བསོད་ནམས་སོ། །དང་པོ་ནི། སྤང་བྱའི་གཙོ་བོ་འཆལ་བའི་ཚུལ་ཁྲིམས་ནི་རང་བཞིན་གྱི་མི་དགེ་བའི་གཟུགས་ཏེ་དེ་སྤོང་བ་ནི་ཚུལ་ཁྲིམས་སོ། །སྤོང་བ་དེ་ཡང་རིག་བྱེད་དང་རིག་བྱེད་མ་ཡིན་པའི་དབྱེ་བས་རྣམ་གཉིས་སོ། །དེར་མ་ཟད་སངས་རྒྱས་ཀྱིས་བཅད་པ་དུས་མིན་པའི་ཟས་ཟ་བ་སོགས་སྤོང་བའི་རིག་བྱེད་དང་རིག་བྱེད་མིན་པ་ཡང་སྔ་མ་སྔ་མའི་ཡན་ལག་ཏུ་འགྱུར་བའི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་རྣམ་དག་ནི་ཡོན་ཏན་བཞི་ལྡན་ནོ། །བཞི་གང་ཞེ་ན། འཆལ་བའི་ཚུལ་ཁྲིམས་དངོས་ཀྱིས་འཕེན་མ་ཕྱུང་བ་དང༌། དེ་རྒྱུ་ཉོན་མོངས་ཀྱིས་འཕེན་མ་ཕྱུང་བ་དང༌། དེ་དག་གི་གཉེན་པོ་དྲན་པ་ཉེར་བཞག་ལ་བརྟེན་པ་དང༌། མྱང་འདས་སུ་བསྔོས་པས་ཞི་བ་ལ་བརྟེན་པའོ། །མཉམ་པར་བཞག་པའི་དགེ་བ་ཏིང་ངེ་འཛིན་འཁོར་བཅས་ནི་སྒོམ་པ་ཞེས་བྱ་སྟེ། ཡོན་ཏན་རྣམས་སེམས་ལ་དེའི་བདག་ཉིད་དུ་བྱེད་པས་བསྒོ་བའི་ཕྱིར་རོ། །གཉིས་པ་ནི། སྦྱིན་པས་ལོངས་སྤྱོད་ཆེན་པོ་འགྱུར་ན། ཚུལ་ཁྲིམས་དང་སྒོམ་པས་ཅིར་འགྱུར་ཞེ་ན། སྦྱིན་པའང་མཐོ་རིས་ཀྱི་དོན་དུ་འགྱུར་མོད། ཚུལ་ཁྲིམས་གཙོ་ཆེ་བ་དང༌། ཚུལ་ཁྲིམས་ཀྱང་ཉོན་མོངས་དང་འབྲལ་བའི་དོན་དུ་འགྱུར་མོད་བྲལ་བ་ལ་སྒོམ་པ་གཙོ་བོ་ཡིན་པའི་ཕྱིར་ན་ཚུལ་ཁྲིམས་ལས་མཐོ་རིས་དང་སྒོམ་པ་ལས་ཆགས་བྲལ་ཐོབ་པར་འགྱུར་རོ། །གསུམ་པ་ནི། མདོ་ལས། གང་ཟག་བཞི་ནི་ཚངས་པའི་བསོད་ནམས་བསྐྱེད་དོ། །ཞེས་པའི་ཚངས་པའི་བསོད་ནམས་གང་ཞེ་ན། བྱེ་བྲག་སྨྲ་བ་ནི། མཚན་རྣམ་པར་སྨིན་པའི་བསོད་ནམས་རེ་རེའི་ཚད་མཉམ་པ་ལ་འདོད་ལ། སྔོན་གྱི་སློབ་དཔོན་ནི། སྔར་མ་བྱས་པའི་ས་ཕྱོགས་སུ་ཐུབ་པའི་སྐུ་གདུང་གི་མཆོད་རྟེན་བྱེད་པ་དང༌། ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་ཞིང་དེར་གཙུག་ལག་ཁང་བརྩིག་པ་དང༌། ཐུབ་པའི་ཉན་ཐོས་བྱེ་བ་བསྡུམ་པ་དང༌། བྱམས་པ་ཚད་མེད་སྒོམ་པ་དང་བཞིས་བར་བསྐལ་བཞི་བཅུའི་བར་དུ་སྐྱེ་བ་རྒྱུད་མར་མཐོ་རིས་སུ་དགའ་བར་གནས་པའི་ཕྱིར་ཚངས་པ་འདུན་ན་འདོན་གྱི་བསོད་ནམས་དང་འདྲ་བས་ན་དེ་བཞིའི་བསོད་ནམས་ལ་ཚངས་པའི་བསོད་ནམས་ཞེས་བཤད་དོ། །གསུམ་པ་ཆོས་སྦྱིན་བྱེ་བྲག་ཏུ་བཤད་པ་ནི། ཆོས་ཀྱི་སྦྱིན་པ་ནི་ཀུན་སློང་ཉོན་མོངས་ཅན་མིན་པས་བསྟན་བྱ་མདོ་སྡེ་སོགས་གསུང་རབ་ཡན་ལག་བཅུ་གཉིས་ཚུལ་ཡང་དག་པར་ཇི་ལྟ་བ་བཞིན་སྟོན་པའོ། །ལོག་པར་རམ། རྙེད་བཀུར་སོགས་ཀྱི་ཆེད་དུ་འཆད་པ་ནི་རང་གི་བསོད་ནམས་ཉམས་བྱེད་དོ། །གསུམ་པ་ཆ་མཐུན་དགེ་བ་གསུམ་བཤད་པ་ནི། བསོད་ནམས་ཆ་མཐུན་རྣམ་སྨིན་ཡིད་དུ་འོང་བ་དང༌། ཐར་པ་ཆ་མཐུན་ཆོས་གང་སྐྱེས་ནས་ངེས་པར་མྱང་འདས་ཐོབ་པ་སྟེ། དེ་ཡོད་པའི་རྟགས་སུ་འཁོར་འདས་ཀྱི་སྐྱོན་ཡོན་ཐོས་ན་དད་པས་སྤུ་ཟིང་བྱེད་པ་སོགས་དང༌། ངེས་འབྱེད་ཆ་མཐུན་འོག་ཏུ་འཆད་པའི་དྲོད་སོགས་བཞི་སྟེ། དགེ་བ་རྣམ་པ་གསུམ་མོ། །སྤྱིའི་གསུམ་པ་ཆོས་ཀྱི་རྣམ་གྲངས་བསྟན་པས་མཇུག་བསྡུ་བ་ནི། རིགས་པས་ཏེ་ཐབས་ཀྱི་བྱེ་བྲག་གིས་རབ་ཏུ་བཅུག་པའི་ལུས་ངག་ཡིད་གསུམ་གྱི་ལས་རྣམ་པ་གསུམ་ཀུན་སློང་དང་བཅས་པ་ནི་འཇིག་རྟེན་ན་ཡིག་འབྲུ་དང་རྒྱ་དང་བགྲང་བ་དང་བཅས་པའི་སྙན་ངག་དང༌། ཡིད་ཀྱི་ཆོས་རྣམས་སྡོམ་ཅིང་བགྲང་བའི་གྲངས་ཏེ་གོ་རིམ་བཞིན་ནོ། །བསྟན་བཅོས་ལས་ཡིག་འབྲུ་འབྲི་ཞིང་རྒྱ་ཀོ་བར་བྱེད་པ་ནི་དེ་དག་ཏུ་བཞེད་དོ། །ཉོན་མོངས་པས་བཀབ་པས་སྒྲིབ་པ་དང༌། འཕགས་པས་བོར་བས་ངན་པ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་ཞེས་པ་རྣམས། ཉོན་མོངས་ཅན་གྱི་ཆོས་ཀྱི་རྣམ་གྲངས་སོ། །དྲི་མ་མེད་པའི་དགེ་བའི་རྣམ་གྲངས་ནི་དག་པ་རབ་ཀྱི་མཐར་ཕྱིན་པས་གྱ་ནོམ་པ་ཞེས་པའོ། །ངན་པ་དང་གྱ་ནོམ་ལས་གཞན་ནི་བར་མར་གྲུབ་བོ། །འདུས་བྱས་ཀྱི་དགེ་བ་རྒྱུད་ལ་བསྐྱེད་ནས་བསྟེན་བྱ་སྟེ། གཞན་ནི་བསྟེན་བྱ་མིན་ནོ། །ཆོས་གཞན་ཐམས་ཅད་གོང་མ་དང་བཅས་པ་སྟེ་ཐར་པ་མྱང་འདས་ནི་བླ་ན་མེད་པ་ཡིན་ནོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ཤེས་བྱ་རབ་གསལ་ལས་ལས་བསྟན་པ་ཞེས་བྱ་བ་གནས་བཞི་པའི་དོན་བཤད་པའོ།། ༈ །ལྔ་པ་ཕྲ་རྒྱས་བསྟན་པ་ལ་གསུམ་སྟེ། ཕྲ་རྒྱས་ཀྱི་རང་བཞིན། གང་གིས་སྤོང་བ། སྤངས་པའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། སྲིད་པའི་རྩ་བ་ཕྲ་རྒྱས་སུ་བསྟན་པ། དེ་གཏན་ལ་དབབ་པའོ། །དང་པོ་ནི། འཇིག་རྟེན་སྣ་ཚོགས་ལས་ལས་བྱུང་ཞིང་ལས་ཀྱང་ཕྲ་རྒྱས་ཀྱི་དབང་གིས་གསོག་པས་སྲིད་པའི་རྩ་བ་ཕྲ་རྒྱས་སོ། །གཉིས་པ་ལ་གསུམ་སྟེ། དབྱེ་བ། སྐྱེ་ཚུལ། རྣམ་གྲངས་སོ། །དང་པོ་ལ་གསུམ་སྟེ། ངོ་བོའི་དབྱེ་བ། རྣམ་པའི་དབྱེ་བ། ཕྲ་རྒྱས་དང་བཅས་པའི་དབྱེ་བའོ། །དང་པོ་ལ་གཉིས་ཏེ། སྤྱིར་དབྱེ་བ་དང༌། ལྟ་བ་དང་ང་རྒྱལ་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། ཕྲ་རྒྱས་དེ་ཡང་དབྱེ་ན་དྲུག་སྟེ། ཉེར་ལེན་གྱི་ཕུང་པོ་ལ་ཞེན་པའི་འདོད་ཆགས་དང༌། དེ་ལ་ཀུན་ནས་མནར་སེམས་པའི་ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལོག་པར་ངེས་པར་རྟོག་པ་ལྟ་བ་དང༌། རྩེ་གཉིས་སུ་འཇུག་པའི་ཐེ་ཚོམ་རྣམས་ཏེ། དེ་བཞིན་ཞེས་པ་འདོད་ཆགས་ཀྱི་དབང་གིས་གཞན་ལྔ་པོ་དག་དམིགས་པ་ལས་སུ་རྒྱས་པར་འགྱུར་བ་ཤེས་པར་བྱ་བའི་དོན་ནོ། །ཕྲ་རྒྱས་དེ་དྲུག་ཀྱང་འདོད་ཆགས་ལ་འདོད་པའི་དང༌། སྲིད་པའི་འདོད་ཆགས་གཉིས་སུ་དབྱེ་བས་བདུན་དུ་མདོ་ལས་བཤད་དོ། །དེ་ལ་ཁམས་གོང་མ་གཉིས་ལས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་སོ། །ཅིའི་ཕྱིར་དེ་སྐད་བཤད་ཅེ་ན། དེ་དག་ཕལ་ཆེར་སྙོམས་འཇུག་ལ་ཆགས་ཤིང་ཁ་ནང་དུ་བལྟས་པའི་ཕྱིར་རམ། ཁ་ཅིག་ཁམས་གོང་མ་དེ་ཐར་པ་ཡིན་སྙམ་པའི་འདུ་ཤེས་འབྱུང་སྲིད་པས་དེ་ཟློག་པའི་ཕྱིར་དེ་སྐད་ཅེས་བཤད་དོ། །སློབ་དཔོན་ནི་སྙོམས་འཇུག་གི་རྟེན་ལུས་དང་བཅས་པ་ལ་རོ་མྱང་བ་ན་སྲིད་པ་ལུས་ཁོ་ན་རོ་མྱང་བས་དེ་སྐད་བཤད་ཅེས་སོ། །ཡང་ཕྲ་རྒྱས་དྲུག་ལས་བཅུར་དབྱེ་སྟེ། ལྟ་བ་མིན་པའི་ཕྲ་རྒྱས་ལྔ་དང་ལྟ་བ་ལྔ་སྟེ་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་འཛིན་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ལོག་ལྟ་སྔོན་དུ་བཤད་པ་ནི་ཚིགས་བཅད་སྡེབ་པའི་ངོར་རོ། །བཅུ་པོ་དེ་རྣམས་སྡུག་བསྔལ་ལ་བཅུ་དང༌། ཀུན་འབྱུང་དང༌། འགོག་པ་ལ་ལྟ་བ་དང་པོ་དང༌། གཉིས་པ་དང༌། ལྔ་པ་མ་གཏོགས་པ་བདུན་བདུན་དང༌། ལམ་ལ་ལྟ་བ་དང་པོ་གཉིས་མ་གཏོགས་པ་བརྒྱད་དེ། སོ་གཉིས་ནི་འདོད་ཁམས་ན་ཡོད་དོ། །དེ་ཡང་སྡུག་བསྔལ་སོགས་བདེན་བཞི་མངོན་སུམ་དུ་མཐོང་བ་ཙམ་གྱིས་རིམ་པ་བཞིན་སྤོང་བར་བྱེད་དོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་སྟེ་བཞིའི་རིགས་འགའ་ནི་བདེན་པ་མཐོང་ཟིན་པའི་དོན་སྒོམ་པས་སྤང་བྱ་ཡིན་པས་འདོད་པ་ན་མཐོང་སྒོམ་གྱི་སྤང་བྱའི་ཕྲ་རྒྱས་སོ་དྲུག་གོ །ཁོང་ཁྲོ་ལྔ་མ་གཏོགས་པ་གཟུགས་ཁམས་ན་དེ་དག་ཉིད་ལས་དགུ་དང་དྲུག་དང་བདུན་གསུམ་ནི་སྒོམ་པས་སྤང་བྱ་ཡིན་པས་སུམ་ཅུ་སོ་གཅིག་གོ །གཟུགས་མེད་ནའང་གཟུགས་ཁམས་དེ་དང་འདྲ་བར་སུམ་ཅུ་སོ་གཅིག་གོ །དེ་ལྟར་ཁམས་གསུམ་བསྡོམས་པས་ཆོས་མངོན་པ་ལས་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་བཤད་པར་འདོད་དོ། །མངོན་པ་གོང་མར་ནི། ལྟ་བ་ལ་ཕྲི་བསྣན་མ་བྱས་པར་ཁམས་གསུམ་ན་མཐོང་སྤང་བརྒྱ་རྩ་བཅུ་གཉིས་དང༌། སྒོང་སྤང་འཇིག་མཐར་ལྷན་སྐྱེས་གཉིས་དང་བཅས་ཏེ་བཅུ་དྲུག་ཏུ་བཤད་དོ། །བསྡུ་བ་ལས་མཐོང་སྤང་གོ་བཞིར་བཤད་པ་ནི་རག་པའི་རྣམ་བཞག་ཙམ་བཤད་པ་ཡིན་གྱི་དོན་ལ་ཀུན་ལས་བཏུས་བཞིན་བཞེད་དོ། །ཅི་མཐོང་སྤང་དུ་བཤད་པ་དེ་རྣམས་བདེན་པ་མཐོང་ཙམ་གྱིས་སྤོང་བར་ངེས་སམ་ཞེ་ན་མ་ངེས་ཏེ། སྲིད་རྩེ་ལས་སྐྱེས་པ་རྗེས་བཟོད་ཀྱི་གཞོམ་བྱ་ནི་མཐོང་བས་སྤང་བྱ་ཉིད་དུ་ངེས་སོ། །ས་ལྷག་མ་བརྒྱད་ལས་སྐྱེས་པ་བཟོད་པས་གཞོམ་བྱ་རྣམས་ནི་མཐོང་ལམ་དང་སྒོམ་ལམ་གཉིས་ཀྱིས་ཅི་རིགས་པར་སྤོང་སྟེ། འཕགས་པས་མཐོང་ལམ་དང༌། བྱིས་པས་གོང་སའི་ཉེར་བསྡོགས་ཀྱི་སྒོམ་ལམ་གྱིས་འོག་སའི་སྤང་བྱ་རིགས་ལྔ་ཆར་ཆེ་འབྲིང་སོགས་དགུར་བྱས་ཏེ་དྲིལ་ནས་སྤོང་ངོ༌། །ས་ཐམས་ཅད་ན་བཟོད་པས་གཞོམ་བྱ་མིན་པའི་སྒོམ་སྤང་རྣམས་ནི་སྒོམ་ལམ་ཁོ་ན་སྤོང་བར་ངེས་ལ། དེ་ཡང་སྲིད་རྩེའི་གཉེན་པོ་ཟག་མེད་ཉིད་ཡིན་ཅིང༌། གཞན་གྱི་ནི་སྐྱེ་འཕགས་གཉིས་ཀའི་ཟག་བཅས་དང་ཟག་མེད་གང་རུང་ངོ༌། །གོང་མ་བ་ནི་སྒོམ་ལམ་གྱིས་མཐོང་སྤང་སྤོང་མི་སྲིད་པར་བཞེད་དོ། །གཉིས་པ་ལ་གཉིས་ཏེ། ལྟ་བའི་དབྱེ་བ་དང༌། ང་རྒྱལ་གྱི་དབྱེ་བའོ། །དང་པོ་ནི། སྔར་མིང་ཙམ་བསྟན་པའི་ལྟ་བ་ལྔའི་ངོ་བོ་ཅི་ཞེ་ན། ཉེར་ལེན་གྱི་ཕུང་པོ་ལ་བདག་དང་བདག་གིར་ལྟ་བ་དང༌། བདག་ཏུ་འདོད་པའི་དངོས་པོ་དེ་ཉིད་ལ་རྟག་པའམ། ཆད་པའི་མཐར་ལྟ་བ་དང༌། བདེན་པ་བཞི་ལ་མེད་ཅེས་སྐུར་བ་འདེབས་པའི་ལྟ་བ་དང༌། ལྟ་བ་སོགས་དམན་པའི་ཟག་བཅས་ལ་མཆོག་ཏུ་ལྟ་བ་དང༌། དབང་ཕྱུག་སོགས་འཇིག་རྟེན་གྱི་རྒྱུ་མིན་པ་དང༌། མེ་དང་ཆུར་འཇུག་པ་སོགས་མཐོ་རིས་ཀྱི་རྒྱུ་མིན་པར་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་སོགས་ཐར་པའི་ལམ་མིན་པ་ལ་རྒྱུ་དང་ལམ་དེར་ལྟ་བ་སྟེ། མཆོག་འཛིན་གཉིས་ནི་བར་གྱི་སོགས་སྒྲ་ཕྱིས་པའོ། །ཞེས་འགྲེལ་པར་བཤད་པ་དང༌། ལྟ་བ་ལ་སོགས་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་གསུངས་སོ། །དེ་ལྔ་པོ་དག་ནི་རིམ་པས་ལྟ་བ་ལྔ་ཡིན་ནོ། །གལ་ཏེ་རྒྱུ་མིན་ལ་རྒྱུར་ལྟ་བ་བརྟུལ་ཞུགས་མཆོག་འཛིན་ཡིན་ན། ཇི་ལྟར་དེ་ཀུན་འབྱུང་མཐོང་སྤང་མིན་ཞེ་ན། དབང་ཕྱུག་སོགས་རྒྱུ་མིན་པ་ལ་རྒྱུར་མངོན་པར་ཞེན་པ་དེ་ནི་རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་པ་ཡིས་རབ་ཏུ་འཇུག་པ་དེའི་ཕྱིར་དེ་སྡུག་བསྔལ་མཐོང་སྤང་ཉིད་ཡིན་ཏེ། སྡུག་བསྔལ་མཐོང་བ་ན་མི་རྟག་པ་དང་བདག་མེད་དུ་ཤེས་པས་རྟག་པ་དང་བདག་ཏུ་འཛིན་པ་ལོག་པས་རྒྱུར་འཛིན་པ་ཡང་ལྡོག་པས་སོ། །ལྟ་བ་དང་པོ་གཉིས་བདེན་པ་ཕྱི་མ་གསུམ་ལ་མི་འཇུག་པ་ཡང་དེས་གྲུབ་སྟེ། འཇིག་ལྟ་ནི་བདག་ཏུ་ལྟ་ཞིང་མཐར་ལྟའང་དེ་བསླངས་པ་དང་རྟག་པར་འཛིན་པ་སོགས་ཀྱི་སྡུག་བསྔལ་མཐོང་སྤང་ལོག་པ་ན་དེ་དག་ཀྱང་ལོག་ཟིན་པས་སོ། །ཅི་ཕྱིན་ཅི་ལོག་གཉིས་སུ་ཟད་དམ་ཞེ་ན། མ་ཟད་དེ། ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞི་ཚན་རྣམ་པར་བཞག་པས་སོ། །དེ་ཡང་མཐར་འཛིན་གྱི་ལྟ་བའི་ཕྱོགས་གཅིག་རྟག་ལྟ་ལས་རྟག་པར་ཕྱིན་ཅི་ལོག་དང༌། ལྟ་བ་མཆོག་འཛིན་ལས་བདེ་བ་དང་གཙང་བར་འཛིན་པ་དང༌། འཇིག་ལྟ་ལས་བདག་ཏུ་ཕྱིན་ཅི་ལོག་བཞག་གོ །འོ་ན་ཉོན་མོངས་པ་འདི་གསུམ་ཁོ་ན་ཕྱིན་ཅི་ལོག་ཏུ་བཞག་པ་ཅི་ཞེ་ན། རྒྱུ་གསུམ་གྱིས་དེ་དམིགས་པ་ལ་གཅིག་ཏུ་ཕྱིན་ཅི་ལོག་པའི་ཕྱིར་དང༌། ངེས་པར་རྟོག་པའི་ཕྱིར་དང༌། སྒྲོ་འདོགས་པའི་ཕྱིར། ཉོན་མོངས་པ་གཞན་ལ་རྒྱུ་གསུམ་པོ་མ་ཚང་བས། དེར་མ་བཞག་གོ །འོ་ན་མདོ་ལས། སེམས་ཕྱིན་ཅི་ལོག་དང༌། ལྟ་བ་ཕྱིན་ཅི་ལོག་དང༌། འདུ་ཤེས་ཕྱིན་ཅི་ལོག་ཅེས་གསུངས་པ་ཅི་ཞེ་ན། སེམས་དང་འདུ་ཤེས་གཉིས་ནི་ལྟ་བ་ཕྱིན་ཅི་ལོག་དེ་དང་མཚུངས་པར་ལྟ་བའི་དབང་གིས་དེར་བཞག་གོ །ཚོར་བ་སོགས་ནི་འཇིག་རྟེན་ན་ཕྱིན་ཅི་ལོག་ཏུ་མ་གྲགས་པས་མ་བཞག་ཅེས་སོ། །གཉིས་པ་ནི། ང་རྒྱལ་ལ་ཡང་དབྱེ་ན་བདུན་ཏེ། ཁེངས་པའི་ང་རྒྱལ་དང༌། ལྷག་པའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ངའོ་མཉམ་པའི་ང་རྒྱལ་དང༌། ཅུང་ཟད་མཉམ་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་ལོ། །འོ་ན་ཡེ་ཤེས་ལ་འཇུག་པ་ལས། བདག་གཞན་དང་འདྲའོ། །བདག་མཆོག་གོ་བདག་དམན་ནོ་སྙམ་པ་གསུམ་དང༌། བདག་དང་མཉམ་པ་ཡོད་དོ། །བདག་པས་དམན་པ་ཡོད་དོ། །བདག་ལས་མཆོག་ཡོད་དོ་སྙམ་པ་གསུམ་དང༌། བདག་ལས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་པས་དམན་པ་མེད་དོ་སྙམ་པ་གསུམ་སྟེ་དགུ་བཤད་པ་ཅི་ཞེ་ན། ང་རྒྱལ་རྣམ་པ་དགུ་བཤད་པ་དེ་ནི། སྡེ་ཚན་རེ་རེ་བཞིན་རིམ་པས་ང་རྒྱལ་དང་ལྷག་པའི་ང་རྒྱལ་དང་ཅུང་ཟད་མཉམ་པའི་ང་རྒྱལ་དང་གསུམ་པོ་དག་ལས་འབྱུང་བས་འདིར་བཤད་པའི་བདུན་དུ་འདུས་སོ། །ང་རྒྱལ་བདུན་པོ་གང་གིས་སྤོང་ཞེ་ན། མཐོང་ལམ་དང་སྒོམ་ལམ་གཉིས་ཀས་ཟད་པར་བྱ་བའོ། །ཅི་འཕགས་པ་རྣམས་སྒོམ་སྤང་སྔར་མ་སྤངས་པ་དེ་ཀུན་ཏུ་སྤྱོད་དམ་ཞེ་ན། ངེས་པ་མེད་དེ། འོག་གི་འཕགས་པ་ལ་ཞེས་པ་ཡར་བསླངས་ཏེ། གསོད་པ་དང་སོགས་པ་རྫུན་གྱི་བར་བྱེད་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པ་རྣམས་ནི་སྒོམ་པས་སྤང་བྱ་ཁོ་ན་ཡིན་ཡང༌། དེ་རྣམས་སླར་འཕགས་པ་ལ་མི་འབྱུང་སྟེ། དེ་རྣམས་ལོག་ལྟས་རྒྱས་པར་འགྱུར་བ་ལས་དེ་སྤངས་པས་སོ། །དེ་བཞིན་དུ་སྐྱེ་སྲིད་བདག་ས་བསྲུངས་ཀྱི་བུར་གྱུར་ཀྱང་ཅི་མ་རུང་སྙམ་པ་སོགས་དང༌། འཇིག་སྲེད་བདག་མེད་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་སོགས་སྒོམ་སྤང་ཡིན་ལ་དེ་དག་མི་འབྱུང་སྟེ། དེ་དག་རྟག་ཆད་ཀྱི་མཐར་ལྟ་བས་རྒྱས་པར་འགྱུར་བ་ལས་དེ་སྤངས་པས་སོ། །ང་རྒྱལ་གྱི་རྣམ་པ་དགུ་དང་ངའོ་སྙམ་པའི་ང་རྒྱལ་སྒོམ་སྤང་གིས་བསྡུས་པའང་མི་འབྱུང་སྟེ། དེ་རྣམས་འཇིག་ལྟས་རྒྱས་པར་འགྱུར་ཞིང་འཇིག་ལྟ་ཡང་སྤངས་པའི་ཕྱིར་རོ། །དེ་རྣམས་སུ་མ་ཟད་ཐེ་ཚོམ་གྱིས་བསླངས་པའི་མི་དགེ་བའི་འགྱོད་པ་སྒོམ་སྤང་གིས་བསྡུས་པའང་འབྱུང་བ་མ་ཡིན་ནོ། །དེ་དག་ཐམས་ཅད་སྒོམ་སྤང་མ་སྤངས་ཀྱང་མངོན་གྱུར་མི་འབྱུང་བར་སྟོན་པའོ། །གཞུང་གཞན་ལས་ནི་འཇིག་ལྟ་དང་མཐར་ལྟ་ལྷན་སྐྱེས་ཀྱིས་བསྡུས་པའི་ངའོ་སྙམ་པའི་ང་རྒྱལ་ལ་སོགས་མངོན་གྱུར་འབྱུང་བར་བཤད་དོ། །གཉིས་པ་རྣམ་པའི་དབྱེ་བ་ལ་ལྔ་སྟེ། ཀུན་འགྲོ་ཡིན་མིན་གྱི་དབྱེ་བ། ཟག་མེད་ལ་དམིགས་པ་དང་མ་དམིགས་པའི་བྱེ་བྲག དམིགས་པ་དང་མཚུངས་ལྡན་གྱི་རྒྱས་འགྱུར། མི་དགེ་བ་དང་ལུང་མ་བསྟན་གྱི་དབྱེ་བ། དུས་གསུམ་ལ་ཕྲ་རྒྱས་གང་ལྡན་པའོ། །དང་པོ་ནི། ཕྲ་རྒྱས་གོ་བརྒྱད་ལས་ཀུན་འགྲོ་དང་ཀུན་འགྲོ་མ་ཡིན་པ་དུ་ཞེ་ན། སྡུག་བསྔལ་མཐོང་སྤང་དང་རྒྱུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་བདུན་པོ་དང༌། དེ་བཞིན་དུ་སྤང་བྱ་དེ་གཉིས་ཀྱི་ཐེ་ཚོམ་གཉིས་པོ་དང༌། ལྟ་བ་དང་ཐེ་ཚོམ་དང་ལྷན་ཅིག་པ་དང༌། མ་འདྲེས་པའི་མ་རིག་པ་གཉིས་གཅིག་ཏུ་བྱས་པའི་བཅུ་གཅིག་ནི་རང་སའི་སྤང་བྱ་རིགས་ལྔ་ཆར་ལ་ཅིག་ཆར་དམིགས་པས་སྐལ་པ་མཉམ་པའི་ཀུན་ཏུ་འགྲོ་བ་སྟེ། ལྷག་མ་རྣམས་ནི་ཀུན་འགྲོ་མིན་པའོ། །བཅུ་གཅིག་པོ་དེ་དག་ལས་དགུ་ནི་ཁམས་དང་ས་གོང་མ་དག་ཏུའང་དམིགས་པས་སྐལ་པ་མི་མཉམ་པའི་ཀུན་འགྲོའང་ཡིན་ཏེ། དགུ་གང་ཞེ་ན་ལྟ་བ་དང་པོ་གཉིས་མ་གཏོགས་པའི་ལྷག་མ་རྣམས་སོ། །མངོན་པ་གོང་མ་བ་ནི། གོང་སའི་ཟག་བཅས་རྟག་ཆད་དུ་ལྟ་བའང་མཐར་འཛིན་ལྟ་བར་བཞེད་པ་ཡོད་དོ། །ཅི་ཕྲ་རྒྱས་ཁོ་ན་ཀུན་འགྲོ་མིན་མན་ཞེ་ན་མིན་ཏེ། ཕྲ་རྒྱས་ཀུན་འགྲོ་དེ་དག་དང་ལྷན་ཅིག་འབྱུང་བའི་ཆོས་གང་མཚུངས་ལྡན་ཡིན་མིན་དེའང་ཀུན་འགྲོའོ། །འོན་ཀྱང་ཐོབ་པ་ནི་མ་གཏོགས་ཏེ། ཆོས་དང་རྒྱུན་ཐ་དད་པས་སྐྱེས་བུ་དང་རྒྱུ་མཐུན་སོགས་ཀྱི་འབྲས་བུ་མི་གཅིག་པའི་ཕྱིར། ལྷན་ཅིག་འབྱུང་བའི་རྒྱུ་མིན་པས་སོ། །གཉིས་པ་ནི། ཕྲ་རྒྱས་དགུ་བཅུ་གོ་བརྒྱད་ལས་ཟག་བཅས་དང་ཟག་མེད་ལ་དམིགས་པ་དུ་ཞེ་ན། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལོག་ལྟ་གཉིས་དང་ཐེ་ཚོམ་གཉིས་དང་དེ་དག་ཉིད་དང་མཚུངས་ལྡན་དང་འབའ་ཞིག་པས་ཏེ་མ་འདྲེས་པའི་མ་རིག་པ་དག་གཅིག་ཏུ་བྱས་པའི་རིགས་གཉིས་ཏེ། དྲུག་ནི་ཟག་མེད་ཀྱི་སྤྱོད་ཡུལ་ཅན་ཏེ། ལྷག་མ་རྣམས་ནི་ཟག་བཅས་ལ་དམིགས་པ་ཁོ་ནའོ། །གོང་མ་བ་ནི་འགོག་པའི་ལམ་མཉམ་རྗེས་ཀྱི་ཡེ་ཤེས་ཀྱི་རིག་བྱ་ཡིན་པས་ཉོན་མོངས་པས་བརྟགས་ན་དམིགས་པར་ཟད་ཀྱི་དངོས་སུ་མི་དམིགས་པར་བཞེད་དོ། །འགོག་པ་ལ་དམིགས་པ་ལོག་ལྟ་སོགས་གསུམ་གྱི་ཡུལ་ནི་འདོད་པའི་འགོག་པ་ལ་དམིགས་པའི་ཕྲ་རྒྱས་ཀྱི་ཡུལ་འདོད་པའི་གཉེན་པོར་གྱུར་པའི་འགོག་པ་ཁོ་ན་ཡིན་པ་སོགས་ས་དགུ་པོ་རང་རང་གི་ས་པའི་འགོག་པ་དང༌། ཁོ་ན་ལ་དམིགས་པ་དང་ལམ་ལ་ནི་བསམ་གཏན་ས་དྲུག་གི་ཆོས་ཤེས་ཕྱོགས་མཐུན་གྱི་ལམ་ཐམས་ཅད་ནི་འདོད་པའི་ལོག་ལྟ་སོགས་ལམ་གྱི་སྤྱོད་ཡུལ་ཅན་གྱི་ཡུལ་དང་ཟག་མེད་ས་དགུའི་རྗེས་ཤེས་ཀྱི་ཕྱོགས་མཐུན་གྱི་ལམ་ཐམས་ཅད་ནི་གོང་ས་བརྒྱད་ཀྱི་ལོག་ལྟ་སོགས་ལམ་དེའི་སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ཏེ། ལམ་ནི་ས་ཐ་དད་པའང༌། ཕན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་པས་སོ། །ཆགས་སྡང་གཉིས་དང་ང་རྒྱལ་དང༌། མཆོག་འཛིན་གཉིས་རྣམས་ཅིའི་ཕྱིར་ཟག་མེད་ལ་དམིགས་པར་མི་འདོད་ཅེ་ན། འདོད་ཆགས་ནི་ཟག་མེད་ལ་དམིགས་པ་མིན་ཏེ། ཟག་མེད་འདོད་པ་སྤང་བྱ་མིན་ལ། འདོད་ཆགས་ནི་སྤང་བྱ་ཡིན་པའི་ཕྱིར། ཞེ་སྡང་ནི་འགོག་ལམ་ལ་དམིགས་པ་མིན་དེ། ཞེ་སྡང་ནི་གནོད་པ་བྱེད་པའི་ཡུལ་ལས་སྐྱེས་ལ། འགོག་ལམ་གྱིས་གནོད་པ་མི་བྱེད་པའི་ཕྱིར་རོ། །ང་རྒྱལ་གྱིས་ཀྱང་དེ་ལ་དམིགས་པ་མིན་ཏེ། ང་རྒྱལ་ནི་ཁེངས་པ་ཡིན་ལ། འགོག་ལམ་ནི་ཞི་བ་ཡིན་པས་དེས་ཁེངས་པར་མི་འོས་པས་སོ། །བརྟུལ་ཞུགས་མཆོག་འཛིན་ཡང་དེ་ལ་དམིགས་པ་མ་ཡིན་ཏེ། དེ་ནི་དག་པ་མིན་པ་ལ་དེར་འཛིན་ལ་འགོག་ལམ་ནི་དག་པ་ཡིན་པས་སོ། །ལྟ་བ་མཆོག་འཛིན་ནི་དེ་ལ་དམིགས་པ་མིན་ཏེ། དེ་དམན་པ་ལ་མཆོག་ཏུ་འཛིན་པ་ཡིན་ལ། འགོག་ལམ་ནི་མཆོག་ཏུ་གྱུར་པའི་ཕྱིར་དེ་ལྟར་ན། ལོག་ལྟ་སོགས་དངོས་སུ་ལོག་ཞུགས་དང༌། ཆགས་སོགས་བརྒྱུད་པས་ལོག་ཞུགས་ཏེ། བདེན་བཞི་ལ་ཕྲ་རྒྱས་རྣམས་དངོས་དང་བརྒྱུད་པས་ལོག་པར་ཞུགས་ཚུལ་དེ་ལྟར་དུ་ཤེས་པར་བྱའོ། །གསུམ་པ་ནི། ཕྲ་རྒྱས་གོ་བརྒྱད་ལས་དམིགས་པ་དང་མཚུངས་ལྡན་གྱིས་རྒྱས་པ་དུ་ཞེ་ན། ཕྲ་རྒྱས་ཀུན་ཏུ་འགྲོ་བ་རྣམས་ནི་དམིགས་པའི་སྒོ་ནས་རང་གི་སའི་སྤང་བྱ་རིགས་ལྔ་པོ་ཐམས་ཅད་ལས་རྒྱས་པར་འགྱུར་རོ། །ཀུན་འགྲོ་མ་ཡིན་པ་རྣམས་དམིགས་པའི་སྒོ་ནས་རང་གི་རིས་ཁོ་ན་ལས་རྒྱས་ཏེ། སྡུག་བསྔལ་མཐོང་སྤང་ནི་སྡུག་བསྔལ་མཐོང་སྤང་གི་རིས་ཁོ་ན་ལས་རྒྱས་པ་སོགས་སོ། །ཀུན་འགྲོ་མིན་པ་ཟག་མེད་ཀྱི་ཡུལ་ཅན་དང་ཀུན་འགྲོ་ས་གོང་མའི་ཡུལ་ཅན་ནི་དམིགས་པའི་སྒོ་ནས་རྒྱས་འགྱུར་མིན་ཏེ། གང་བདག་ལྟ་དང་སྲེད་པས་བདག་གིར་བྱས་པས་དེ་ལས་རྒྱས་པ་ལས་དེ་དག་གིས་དེ་བདག་གིར་མ་བྱས་པ་དང༌། ཟག་མེད་ནི་དེ་ལ་དམིགས་པའི་ཕྲ་རྒྱས་ཀྱི་གཉེན་པོ་དང༌། ས་གོང་མའང་འོག་མའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཕྲ་རྒྱས་གང་ཞིག་ཆོས་གང་དང་མཚུངས་པར་ལྡན་པ་མ་སྤངས་པ་དེ་ནི་དེ་ཉིད་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །དེས་ན་ཟག་མེད་དང་ས་གོང་མའི་ཡུལ་ཅན་རྣམས་མཚུངས་ལྡན་ཁོ་ནས་རྒྱས་ལ་ལྷག་མ་རྣམས་དམིགས་པ་དང་མཚུངས་ལྡན་གཉིས་ཀས་རྒྱས་པར་འགྱུར་བ་ཡིན་ནོ། །བཞི་པ་ལ་གཉིས་ཏེ། དབྱེ་བ་དངོས་དང༌། དེ་ལས་འཕྲོས་པའོ། །དང་པོ་ནི། ཕྲ་རྒྱས་གོ་བརྒྱད་ལས་མི་དགེ་བ་དང་སྒྲིབ་པ་ལ་ལུང་མ་བསྟན་དུ་ཞེ་ན། ཁམས་གོང་མ་གཉིས་ཀྱི་ཕྲ་རྒྱས་ཐམས་ཅད་ཕ་རོལ་ལ་གནོད་པའི་རྒྱུ་མེད་པས་སྡུག་བསྔལ་མེད་པའི་ཕྱིར་ལུང་མ་བསྟན་ཁོ་ན་ཡིན་ལ། འདོད་ཁམས་ན་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་གྱི་ལྟ་བ་དང༌། དེ་གཉིས་དང་ལྷན་ཅིག་པའི་མ་རིག་པ་དག་སྦྱིན་སོགས་དང་མི་འགལ་བས་ལུང་མ་བསྟན་ཏོ། །ཕྲ་རྒྱས་ལྷག་མ་རྣམས་ནི་འདོད་ཁམས་འདིར་མི་དགེ་བ་ཡིན་ནོ། །གོང་མ་བ་ནི། ཁམས་གོང་གི་ཉོན་མོངས་ཐམས་ཅད་ཏིང་ངེ་འཛིན་གྱིས་རྩེ་བཅིལ་བ་དང༌། དཀར་པོའི་ཆོས་མང་པོས་ཟིན་པས་ཉེ་བར་ཞི་བའི་ལུང་མ་བསྟན་ཞེས་བཞེད་དོ། །མི་དགེ་བའི་རྩ་བ་དང་རྩ་བ་མ་ཡིན་པ་དུ་ཞེ་ན། འདོད་ཁམས་ན་འདོད་ཆགས་དང་ཁོང་ཁྲོ་ཐམས་ཅད་དང༌། ལྟ་བ་དང་པོ་གཉིས་དང་ལྷན་ཅིག་པ་མིན་པའི་རྨོངས་པ་རྣམས་མི་དགེ་བའི་རྩ་བ་ཡིན་ལ། ཕྲ་རྒྱས་ལྷག་མ་རྣམས་ནི་མི་དགེ་བའི་རྩ་བ་མིན་ནོ། །ལུང་མ་བསྟན་པའི་རྩ་བ་དང་རྩ་བ་མ་ཡིན་པ་དུ་ཞེ་ན། ཁ་ཆེ་བ་ནི་ལུང་དུ་མ་བསྟན་པའི་རྩ་བ་གསུམ་སྟེ། གོང་མ་གཉིས་ཀྱི་སྲེད་པ་ཐམས་ཅད་དང༌། ཁམས་གསུམ་ཀའི་མ་རིག་པ་སྒྲིབ་པ་རྣམས་དང༌། བློ་སྟེ་ཤེས་རབ་ལུང་མ་བསྟན་ཐམས་ཅད་རྩ་བའོ། །དེ་རྣམས་ལས་གཞན་ནི་རྩ་བར་འོས་པ་མིན་ཏེ། ཐེ་ཚོམ་ནི་རྣམ་པ་གཉིས་སུ་འཇུག་པས་མི་བརྟན་ལ། ང་རྒྱལ་ནི་ཁེངས་པས་མཐོན་པོར་འཇུག་པའི་ཕྱིར། རྩ་བ་དང་ཆོས་མི་མཐུན་པ་སྟེ། འཇིག་རྟེན་ན་རྩ་བ་ནི་བརྟན་པ་དང་འོག་ན་གནས་པར་མཐོང་ངོ༌། །ལུང་མ་བསྟན་པའི་རྩ་བ་བཞིའོ་ཞེས་ཉི་འོག་པ་འདོད་དེ། ལུང་དུ་མ་བསྟན་པའི་སྲེད་པ་དང་ལྟ་བ་དང༌། ང་རྒྱལ་དང་རྨོངས་པ་དེ་དག་ནི་ལུང་མ་བསྟན་གྱི་རྩ་བའོ། །ཅི་དེ་རྣམས་ཁོ་ན་ལུང་མ་བསྟན་གྱི་རྩ་བར་བཤད་ཅེ་ན། སྲེད་པ་དང་ལྟ་བ་དང་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་གསུམ་ཡོད་ལ། དེ་གསུམ་ཡང་མ་རིག་པ་ལས་འབྱུང་བས་སོ། །གཉིས་པ་ནི། ཅི་མདོ་ལས། ལུང་མ་བསྟན་གྱི་དངོས་པོ་བཅུ་བཞི་གསུངས་པ་དེ་ལུང་མ་བསྟན་ཡིན་ནམ་ཞེ་ན་མིན་ཏེ། དེ་ནི་དྲི་བའི་ལན་ལུང་དུ་བསྟན་པའི་ལུང་མ་བསྟན་དུ་བཤད་པའོ། །དྲི་བ་ནི་བཞི་སྟེ། མགོ་གཅིག་ཏུ་ལུང་བསྟན་པ་དང༌། རྣམ་པར་ཕྱེ་སྟེ་དང༌། དྲིས་ཏེ་དང༌། བཞག་པར་ལུང་བསྟན་པའོ། །དང་པོ་ནི་སེམས་ཅན་ཐམས་ཅད་འཆིའམ་ཞེས་འདྲི་ན་འཆི་ཞེས་པ་ལྟ་བུ་དང༌། གཉིས་པ་ནི་ཤི་བ་ཐམས་ཅད་སྐྱེའམ་ཞེས་འདྲི་ན། ཉོན་མོངས་མ་ཟད་ན་སྐྱེ་ཞིང་ཟད་ན་མི་སྐྱེ་ཞེས་པ་ལྟ་བུ་དང༌། གསུམ་པ་ནི་མི་འདི་ཁྱད་པར་དུ་འཕགས་པའམ་དམན་པ་ཡིན་ཞེས་འདྲི་ན་གང་ལ་ལྟོས་ཏེ་དེ་སྐད་འདྲི་ཞེས་དྲིས་ནས། ལྷ་ལ་ལྟོས་ན་དམན་ལ། ངན་འགྲོ་ལ་ལྟོས་ན་ཁྱད་པར་འཕགས་ཞེས་པ་ལྟ་བུ་དང༌། བཞི་པ་ནི། བདག་ཕུང་པོ་ལས་གཞན་ཡིན་ནམ་མིན་ཞེས་འདྲི་ན། ཁྱད་གཞི་མེད་པའི་ཁྱད་ཆོས་འདྲི་བ་ཡིན་པས་གཞག་བྱ་ཡིན་པ་ལྟ་བུ་སྟེ། ལུང་མ་བསྟན་བཅུ་བཞི་ཡང་འདི་དང་འདྲའོ། །ལྔ་པ་དུས་གསུམ་ལ་ཕྲ་རྒྱས་གང་ལྡན་པ་ལ་བཞི་སྟེ། དངོས་པོ་གང་དང་ལྡན་པ། དུས་གསུམ་དཔྱད་པ། སྤངས་ཀྱང་ལྡན་པ། ཆོས་གང་སེམས་གང་གི་ཡུལ་ཡིན་པའོ། །དང་པོ་ནི། གང་ཟག་གང་གིས་ཕྲ་རྒྱས་གང་ཞིག་དམིགས་པ། གང་ལ་རྒྱས་པར་འགྱུར་བའི་གང་ཟག་དེ་ནི་ཕྲ་རྒྱས་དེས་དམིགས་པ་དེ་དང་ལྡན་པ་ཡིན་ལ། འདོད་ཆགས་དང་ཁོང་ཁྲོ་ང་རྒྱལ་གསུམ་ནི་ཡུལ་སྡུག་མི་སྡུག་གང་རུང་རེ་ལ་དམིགས་པས་ཉོན་མོངས་པ་རང་གི་མཚན་ཉིད་པ་དང༌། ལྟ་བ་ཐེ་ཚོམ་མ་རིག་པ་གསུམ་ནི་སྡུག་མི་སྡུག་སོགས་ཀུན་ལ་དམིགས་པས་ཉོན་མོངས་པ་སྤྱི་པ་ཞེས་བྱའོ། །དེ་ལ་འདས་པ་དང་ཉེར་གནས་ད་ལྟར་བའི་འདོད་ཆགས་ཁོང་ཁྲོ་ང་རྒྱལ་དག་གིས་ནི་ཡུལ་གྱི་དངོས་པོ་གང་ལ་དེ་གསུམ་སྐྱེས་ལ་མ་སྤངས་པའི་ཆགས་སོགས་གསུམ་པོ་དེ་རྣམས་ཀྱིས་དངོས་པོ་དེ་ལ་གང་ཟག་དེ་ལྡན་པར་བྱེད་པ་ཡིན་ཏེ། ཐག་པས་གླང་ཕུར་པ་ལ་བརྟགས་པ་བཞིན་ནོ། །ཡིད་ཀྱི་ས་པའི་ཆགས་སོགས་གསུམ་པོ་དེ་དག་མ་འོངས་པ་མ་སྤངས་པས་ཡུལ་དུས་གསུམ་ཀུན་དང་ལྡན་པར་བྱེད་དེ། ཡིད་ཀྱི་ཡུལ་ནི་དུས་གསུམ་ཡིན་པས་སོ། །གཞན་སྒོ་ལྔའི་འདོད་ཆགས་དང་ཁོང་ཁྲོ་སྐྱེ་འགྱུར་གྱི་རང་དང་དུས་མཉམ་པའི་ཡུལ་ཁོ་ན་ལྡན་པར་བྱེད་ཅིང༌། དེ་དག་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱི་ཡུལ་དུས་གསུམ་ཐམས་ཅད་དང་ལྡན་པར་བྱེད་དོ། །དེ་དག་གི་དམིགས་པ་ནི་འཕོ་བས་ཁ་ཅིག་དམིགས་པ་ནི་འདས་པའོ། །ཁ་ཅིག་ད་ལྟར་རོ། །ཁ་ཅིག་གི་མ་འོངས་པའོ། །ལྟ་བ་ཐེ་ཚོམ་མ་རིག་པ་ནི་དུས་གསུམ་པ་ཀུན་གྱིས་མ་སྤངས་བར་དུ། དུས་གསུམ་པའི་ཡུལ་ཀུན་དང་ལྡན་པར་བྱེད་དེ། ཉོན་མོངས་པ་སྤྱི་པ་ཡིན་པས་སོ། །གཉིས་པ་ནི། གལ་ཏེ་འདས་མ་འོངས་རྫས་སུ་ཡོད་ན་འདུས་བྱས་རྟག་པར་འགྱུར་ལ་མེད་ན་ཇི་ལྟར་དེ་དང་ལྡན་པ་ཡིན་ཞེ་ན། དུས་རྣམས་ཀུན་ཏུ་རྫས་སུ་ཡོད་ལ་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པས་སྐྱོན་གཉིས་ཀ་མེད་དོ། །ཡོད་པའི་སྒྲུབ་བྱེད་ཀྱི་ལུང་ནི། གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར་ཞེས་སོགས་དང༌། གང་གི་ཕྱིར་མ་འོངས་པའི་གཟུགས་ཡོད་པ་དེའི་ཕྱིར་ཞེས་སོགས་རྒྱས་པར་གསུངས་པ་དེའི་ཕྱིར་དང༌། རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེའོ་ཞེས་གསུངས་ཏེ། གཉིས་ནི་མིག་དང་གཟུགས་ནས་ཡིད་དང་ཆོས་རྣམས་ཀྱི་བར་ཡིན་པས་དུས་གསུམ་མེད་ན་དེ་ལ་དམིགས་པའི་ཡིད་ཤེས་གཉིས་ལ་བརྟེན་པར་མི་འགྱུར་རོ། །རིགས་པ་ནི། ཡུལ་ཡོད་ན་ཤེས་པ་སྐྱེ་ལ་མེད་ན་མི་སྐྱེ་ཞིང་དུས་གཉིས་ལ་དམིགས་པའི་ཤེས་པ་སྐྱེ་བའི་ཕྱིར་དང༌། འདས་པའི་ལས་ཀྱི་ཕྱི་མར་རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་ཕྱིར་འདས་པ་ཡོད་དོ། །དེ་ལྟར་དུས་གསུམ་པོ་དེ་རྫས་སུ་ཡོད་པར་སྨྲ་བའི་ཕྱིར་གཞི་ཐམས་ཅད་ཡོད་པར་སྨྲ་བར་འདོད་ཀྱི། ད་ལྟར་བ་དང་འབྲས་བུ་སྐྱེད་མ་ཟིན་པའི་འདས་པ་ཡོད་པའི་ཕྱིར་དང༌། མ་འོངས་པ་དང་འབྲས་བུ་སྐྱེད་ཟིན་པའི་འདས་པ་མེད་ཅེས་ཕྱེ་སྟེ་སྨྲ་བ་ནི་རྣམ་པར་ཕྱེ་སྟེ་སྨྲ་བའོ། །ཐམས་ཅད་ཡོད་སྨྲ་དེ་རྣམ་པ་བཞི་སྟེ། བཙུན་པ་ཆོས་སྐྱོབ་ཆོས་དུས་གསུམ་དུ་འཇུག་པ་ན། དངོས་པོ་མ་འོངས་པ་དོར་ནས་ད་ལྟར་དང༌། དེ་དོར་ནས་འདས་པ་ཐོབ་པས་དངོས་པོ་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་ཏེ། འོ་མ་ཞོ་དང་དེ་མར་དུ་འགྱུར་བ་ན་རོ་ནུས་སོགས་འགྱུར་གྱི་ཁ་དོག་མི་འགྱུར་བ་བཞིན་ཞེས་སྨྲ་སྟེ། འདིས་དངོས་པོ་དང་རྫས་མི་གཅིག་པར་འདོད་དོ། །བཙུན་པ་དབྱངས་སྒྲོག་དུས་རེ་རེའང་དུས་གསུམ་ཆར་གྱི་མཚན་ཉིད་དང་ལྡན་ཡང༌། མ་འོངས་པ་སོགས་གང་གི་མཚན་ཉིད་ཤས་ཆེ་བ་དེ་མ་འོངས་པ་སོགས་སུ་འཇོག་པས་མཚན་ཉིད་བཞིན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་ཏེ། སྐྱེས་པ་ཞིག་བུད་མེད་གཞན་ལའང་ཆགས་པ་མེད་པ་མིན་ཡང་གཅིག་ལ་ལྷག་པར་ཆགས་ན་དེ་ལ་ཆགས་པར་བརྗོད་པ་བཞིན་ཞེས་སྨྲ་སྟེ། འདིས་ཀྱང་རྫས་མི་འགྱུར་བར་སྨྲའོ། །བཙུན་པ་དབྱིག་བཤེས་ནི་མ་འོངས་པའི་གནས་སྐབས་དོར་ནས་ད་ལྟར་བའི་གནས་སྐབས་སུ་ཕྱིན་པ་དང༌། དེ་དོར་ནས་འདས་པའི་གནས་སྐབས་སུ་ཕྱིན་པས་གནས་སྐབས་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་ཏེ་རིལ་བུ་གཅིག་ཉིད་གཅིག་གི་ཤོད་མིག་ཏུ་བཞག་ན་གཅིག་དང༌། དེ་བཞིན་དུ་བརྒྱ་དང་སྟོང་གི་ཤོད་མིག་ཏུ་བཞག་ན་བརྒྱ་དང་སྟོང་དུ་བརྗོད་པ་བཞིན་ཞེས་འདོད་དོ། །འདིས་གནས་སྐབས་དང་གནས་སྐབས་ཅན་རྫས་གཅིག་ཏུ་འདོད་དོ། །བཙུན་པ་སངས་རྒྱས་ལྷ་ད་ལྟར་ལ་ལྟོས་ཏེ་རང་ལས་སྔ་མ་འདས་པ་དང༌། འཕྱི་བ་མ་འོངས་པ་དང༌། དེ་གཉིས་ཀྱི་བར་ད་ལྟར་བ་ཞེས་སྔ་ཕྱི་ལ་ལྟོས་ནས་གཞན་དང་གཞན་དུ་འགྱུར་གྱི། རྫས་མི་འགྱུར་ཏེ། དཔེར་ན་བུད་མེད་གཅིག་ཉིད་ལྟོས་ས་ཐ་དད་པ་ལ་ལྟོས་ནས་མ་དང་བུ་མོ་གཉིས་ཀ་ཡིན་པ་བཞིན་ཞེས་འདོད་དོ། །སྔ་མ་གསུམ་གྱིས་དུས་གསུམ་རྫས་གཅིག་ཏུ་འདོད་ལ། ཕྱི་མས་ནི་དུས་གསུམ་རྫས་ཀྱང་གསུམ་དུ་འདོད་དོ། །འདོད་ཚུལ་བཞི་ལས། དང་པོ་ནི་གྲངས་ཅན་པས་རང་བཞིན་རྟག་ལ་གནས་སྐབས་མི་རྟག་ཅེས་འདོད་པ་དང་མཚུངས་སོ། །འདོད་ཚུལ་གཉིས་པ་ནི་དུས་འཆོལ་བར་འགྱུར་བ་དང༌། འདོད་ཚུལ་བཞི་པ་ལ་ལྟོས་ས་ཐ་དད་ལ་ལྟོས་ནས་དུས་རེ་རེའང་དུས་གསུམ་ཆར་དུ་འགྱུར་བའི་སྐྱོན་ཡོད་དོ། །བྱེ་བྲག་སྨྲ་བ་རྣམས་ན་རེ། འདོད་ཚུལ་གསུམ་པ་བཟང་སྟེ་བྱ་བ་མི་བྱེད་པ་ན་མ་འོངས་པ་དང༌། བྱེད་པའི་ཚེ་ད་ལྟར་བ་དང༌། བྱ་བ་བྱས་ནས་འགགས་པ་འདས་པ་སྟེ་བྱ་བ་ཡིས་དུས་རྣམས་རྣམ་པར་བཞག་པས་སོ། །ཞེའོ། །འོ་ན་འདས་མ་འོངས་གཉིས་ཀྱང་བྱ་བ་བྱེད་པར་འགྱུར་ཏེ་དུས་རྟག་ཏུ་རྫས་སུ་ཡོད་པས་རྟག་ཏུ་བྱ་བ་བྱེད་པ་ལ་གེགས་བྱེད་པ་སུ་ཡང་མེད་པས་སོ། །བྱ་བ་དུས་གསུམ་པ་དེ་ཡང་ཇི་ལྟར་དེ་དུས་ལས་གཞན་ཡིན་ནམ་མ་ཡིན། ཡིན་ན་བྱ་བའང་བྱ་བ་གཞན་དང་བཅས་དགོས་པས་ཐུག་མེད་དུ་ཐལ་བའམ། བྱ་བ་ལ་བྱ་བ་མེད་ན་འདུས་མ་བྱས་ཡིན་པས་བྱ་བ་རྟག་པར་ཐལ་ལོ། །གལ་ཏེ་བྱ་བ་དང་དུས་གཞན་མིན་པས་སྐྱོན་དེ་དག་མེད་དོ་ཞེ་ན། འོ་ན་འདས་མ་འོངས་གཉིས་དུས་སུ་མི་རུང་བར་ཐལ། བྱ་བ་དང་དུས་གཅིག་པས་དུས་ཡོད་བཞིན་དུ་བྱ་བ་མི་བྱེད་པ་དང༌། བྱ་བ་འགགས་པ་མི་རུང་བའི་ཕྱིར། དེས་ན་དུས་གསུམ་གྱི་རྣམ་བཞག་མི་འགྲུབ་བོ། །གལ་ཏེ་ཆོས་གང་མ་སྐྱེས་པ་ལ་མ་འོངས་པ་དང༌། སྐྱེས་ལ་མ་ཞིག་པ་ད་ལྟར་བ་དང༌། ཞིག་པ་འདས་པ་ཡིན་པས་སྐྱོན་མེད་དོ་ཞེ་ན། འདས་མ་འོངས་ནི་ཅིའི་ཕྱིར་མ་སྐྱེས་པ་དང་ཞིག་པ་ཡིན་ཏེ་མ་ཡིན་པར་ཐལ། ད་ལྟར་བ་དེ་བཞིན་དུ་རྫས་སུ་ཡོད་པའི་ཕྱིར། འདུས་བྱས་ཀྱི་མཚན་ཉིད་དང་མི་ལྡན་པས་མི་རྟག་ཅེས་པ་ཚིག་ཙམ་སྟེ་དུས་ཐམས་ཅད་དུ་ཡོད་པ་སྐྱེ་འཇིག་མི་རུང་བས་སོ། །མདོའི་དོན་ནི་དགོངས་གཞི་བྱུང་ཟིན་དང༌། རྐྱེན་ཡོད་ན་འབྱུང་རུང་ལ་དགོངས་ལ། དགོངས་པ་དང་པོར་བྱུང་བའི་རྒྱུ་དང་ཕྱིས་འབྱུང་བའི་འབྲས་བུ་ལ་སྐུར་བ་འདེབས་པ་དགག་པའི་ཕྱིར་ཡིན་ལ། རྫས་སུ་ཡོད་པར་སྟོན་པ་ནི་མིན་ནོ། །གཉིས་ཕྱིར་ཞེས་པའང་བསྐལ་པ་སྟོང་ན་འབྱུང་བའི་མ་འོངས་པ་སོགས་ད་ལྟར་གྱི་ཤེས་པ་སྐྱེད་པའི་དམིགས་རྐྱེན་དུ་མི་འཐད་ལ། དམིགས་པ་ཙམ་ཡིན་པས་ནི་རྫས་སུ་མི་འགྱུར་རོ། །དེས་ཡུལ་ཡོད་པའི་ཕྱིར་ཞེས་པའི་ལན་ཡང་གྲུབ་བོ། །འབྲས་ཕྱིར་ཞེས་པ་ནི་ལས་འདས་པས་འབྲས་བུ་བསྐྱེད་པ་མ་ཡིན་གྱི་ལས་དེ་མངོན་དུ་འགྱུར་བའི་སེམས་རྒྱུད་འགྱུར་པའི་ཁྱད་པར་ལས་སྐྱེ་བའོ། །དེས་ན་སྔོན་བྱུང་བ་ནི་འདས་པ་དང༌། མ་ཞིག་པ་ནི་ད་ལྟར་བ་དང༌། རྐྱེན་ཡོད་ན་འབྱུང་དུ་རུང་བ་ནི་མ་འོངས་པར་རིགས་སོ། །བྱེ་བྲག་སྨྲ་བས་ལན་བརྗོད་པ་ནི། ཆོས་རྣམས་ཀྱི་ཆོས་ཉིད་ངོ་བོ་ཉིད་ནི་ངེས་པར་ཟབ་པ་ཡིན་པས་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་བརྒལ་ཞིང་བརྟགས་པས་མི་གནོད་ཅེས་སོ། །གསུམ་པ་ནི། སྤངས་ཀྱང་མ་བྲལ་བ་ཡོད་པར་སྟོན་པ་སྟེ། སྡུག་བསྔལ་ཤེས་པ་སྐྱེས་ལ་ཀུན་འབྱུང་ཤེས་པ་མ་སྐྱེས་པའི་ཚེ་སྡུག་བསྔལ་མཐོང་སྤང་སྤངས་ཀྱང་ཀུན་འགྲོ་ལྷག་མ་ཀུན་འབྱུང་མཐོང་སྤང་རྣམས་ཀྱི་དེ་ལ་དམིགས་པས་ལྡན་ལ། སྒོམ་སྤང་དང་པོའི་རྣམ་པ་སྤངས་ཀྱང་དང་པོ་དེའི་ཡུལ་ཅན་དྲི་མ་ལྷག་མ་མ་སྤངས་པ་རྣམས་ཀྱིས་དམིགས་ནས་ལྡན་ཏེ། ཡུལ་ཅན་མ་སྤངས་པའི་ཡུལ་ནི་ལྡན་པར་བཤད་པས་སོ། །བཞི་པ་ལ་གཉིས་ཏེ། ཁམས་གསུམ་གྱི་ཆོས་ལྔ་ལ་སེམས་གང་གིས་དམིགས་པ་དང༌། ཟག་མེད་ལ་སེམས་གང་གིས་དམིགས་པའོ། །དང་པོ་ནི། འདིར་དངོས་པོ་གང་ལ་ཕྲ་རྒྱས་དུ་ཞིག་དམིགས་ཤེ་ན། ཚིག་ཉུང་ངུས་སྟོན་པ་སྟེ། དེ་ལ་ཡུལ་ཆོས་ཐམས་ཅད་བསྡུ་ན་ཁམས་གསུམ་ན་སྤང་བྱ་རིགས་ལྔ་ལྔ་དང༌། ཟག་མེད་བཅུ་དྲུག་དང་ཡུལ་ཅན་སེམས་ཀྱང་དེ་ལྟར་བཅུ་དྲུག་གོ །དེ་དག་ལས་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་མཐོང་སྤང་དང༌། སྒོམ་པ་ཡིས་སྤང་བྱ་སྟེ་ཆོས་གསུམ་པོ་འདོད་ཁམས་ལས་སྐྱེས་པ་ནི། འདོད་པ་རང་སའི་སེམས་གསུམ་པོ་དེ་དང༌། གཟུགས་ཀྱི་སྒོམ་སྤང་དུ་གཏོགས་པ་དགེ་བའི་སེམས་གཅིག་དང༌། དྲི་མེད་ཆོས་ཤེས་ཕྱོགས་མཐུན་གྱི་རྣམ་ཤེས་ཏེ་ལྔའི་སྤྱོད་ཡུལ་ལོ། །འདོད་པའི་སྤང་བྱ་རིགས་གསུམ་པོ་དེ་ལ། འདོད་པའི་འགོག་ལམ་མཐོང་སྤང་གི་སེམས་ཀྱིས་མི་དམིགས་པ་ནི་དེ་དག་ཟག་མེད་ལ་དམིགས་ན་འགོག་ལམ་ལ་དམིགས་ལ། ཟག་བཅས་ལ་དམིགས་ནའང་འགོག་ལམ་མཐོང་སྤང་ཙམ་ལ་དམིགས་པས་སོ། །གོང་མའི་ཉོན་མོངས་ཀྱིའང་ཡུལ་ཡིན་ཏེ། གོང་མ་ཡི་ཉོན་མོངས་ཀྱིས་འོག་མ་ལ་མི་དམིགས་པས་སོ། །གཟུགས་མེད་ཀྱི་དགེ་བའི་ཡུལ་མིན་ཏེ། རིང་བ་བཞིས་རིང་བས་སོ། །སྤང་བྱ་རིགས་གསུམ་པོ་དེ་དག་གིས་ཆོས་གཟུགས་ཁམས་ལས་སྐྱེས་པ་ནི་ཡུལ་ཅན་གཟུགས་ཁམས་རང་གི་སེམས་རིགས་གསུམ་དང༌། འོག་འདོད་པའི་སྐལ་པ་མཉམ་པའི་ཀུན་འགྲོའི་རིས་གཉིས་དང༌། སྒོམ་སྤང་དུ་གཏོགས་པའི་དགེ་བ་སྟེ་གསུམ་དང༌། གོང་གཟུགས་མེད་ཀྱི་སྒོམ་སྤང་ནམ་མཁའི་ཉེར་བསྡོགས་ཀྱི་སེམས་གཅིག་དང༌། དྲི་མེད་རྗེས་ཤེས་ཕྱོགས་མཐུན་གྱི་སེམས་ཏེ་བརྒྱད་ཀྱི་ཡུལ་ལོ། །ཆོས་དེ་གསུམ་གཟུགས་མེད་ལས་སྐྱེས་པ་ནི་ཁམས་གསུམ་དུ་གཏོགས་པའི་སེམས་གསུམ་གསུམ་དེ་རྣམས་དང༌། ཟག་མེད་རྗེས་ཤེས་ཕྱོགས་མཐུན་གྱི་སེམས་ཏེ་བཅུའི་སྤྱོད་ཡུལ་ལོ། །འགོག་པ་དང་ལམ་མཐོང་བས་སྤང་བྱའི་ཆོས་ཁམས་གསུམ་པ་ཀུན་གྱི་ཡུལ་ཅན་སྔར་གྱི་སེམས་དེ་རྣམས་ཀྱི་སྟེང་དུ་རང་རང་གི་རིས་ཀྱི་སེམས་རེ་རེས་གླགས་པ་སྟེ་ལྷག་པའི་སྤྱོད་ཡུལ་ལོ། །གཉིས་པ་ནི། ཟག་མེད་ཀྱི་ཆོས་ནི་ཡུལ་ཅན་ཁམས་གསུམ་གྱི་སེམས་ལྔ་ལྔའི་མཐའ་མ་འགོག་ལམ་མཐོང་སྤང་གཉིས་དང་སྒོམ་སྤང་བསྣན་པས་གསུམ་གསུམ་དང་ཟག་མེད་ཀྱི་སེམས་ཏེ་བཅུའི་སྤྱོད་ཡུལ་ལོ། །གསུམ་པ་སེམས་ཕྲ་རྒྱས་དང་བཅས་པའི་དབྱེ་བ་ནི། སེམས་ཉོན་མོངས་ཅན་ཕྲ་རྒྱས་དང་བཅས་པ་ནི་རྣམ་པ་གཉིས་ཀྱིས་ཏེ། མཚུངས་ལྡན་དང་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་དང༌། དེ་དང་མཚུངས་ལྡན་གང་ཞིག་སྤངས་པ་རྒྱས་པར་མི་འགྱུར་ཡང་ལྷན་ཅིག་པ་ཙམ་གྱིས་བཅས་པར་འཇོག་གོ །སེམས་ཉོན་མོངས་ཅན་མིན་པ་ནི་དེ་ལ་དམིགས་པ་མ་སྤངས་པའི་རྒྱས་འགྱུར་ཁོ་ནས་ཕྲ་རྒྱས་དང་བཅས་པའོ། །གཉིས་པ་སྐྱེ་ཚུལ་ལ་གཉིས་ཏེ། སྐྱེ་བའི་རིམ་པ་དང༌། སྐྱེ་བའི་རྒྱུའོ། །དང་པོ་ནི། ཕྲ་རྒྱས་བཅུ་པོ་འདི་རྣམས་ཇི་ལྟར་འཇུག་ཅེ་ན། བདེན་པ་ལ་རྨོངས་པ་ལས་བདེན་པ་ལ་ཐེ་ཚོམ་སྐྱེ་ལ། ཐེ་ཚོམ་དེ་ལས་ལོག་པའི་ཐོས་བསམ་ལས་སྡུག་བསྔལ་མེད་ཅེས་སོགས་ལོག་ལྟ་སྐྱེ་ཞིང་དེ་ལས་འཇིག་ཚོགས་ལ་ལྟ་བ་འབྱུང་སྟེ་སྡུག་བསྔལ་སོགས་ཕུང་པོ་ལ་བདག་ཏུ་ཞེན་པས་སོ། །དེ་ལས་བདག་རྟག་པའམ་ཆད་པའི་མཐར་འཛིན་པ་དང༌། དེ་ལས་གང་མཐར་བཟུང་བ་དེས་འདག་པར་ཡིད་ཆེས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང༌། དེ་ལས་ལྟ་བ་མཆོག་འཛིན་དང༌། དེ་ལས་རང་གི་ལྟ་བས་ཁེངས་པའི་ང་རྒྱལ་དང༌། དེ་ནས་རང་གི་དགྲ་བོ་གཞན་གྱི་ལྟ་བ་ལ་ཞེ་སྡང་པས་འཇུག་སྟེ། དེ་ལྟར་ཕྲ་རྒྱས་བཅུ་སྐྱེ་བའི་རིམ་པའོ། །གཉིས་པ་ནི། ཕྲ་རྒྱས་སྐྱེ་བ་ན་རྒྱུ་གསུམ་སྟེ། ཕྲ་རྒྱས་སྤངས་པ་མ་ཡིན་པ་རྒྱུའི་སྟོབས་དང༌། ཕྲ་རྒྱས་སྐྱེ་བ་དང་མཐུན་པའི་ཡུལ་ཉེ་བར་གནས་པ་ཡུལ་གྱི་སྟོབས་དང༌། ཡུལ་དེ་ལའང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྦྱོར་བའི་སྟོབས་ལས་ཉོན་མོངས་སྐྱེ་སྟེ་དེ་དག་ནི་ཕྲ་རྒྱས་ཀྱི་རྒྱུ་ཚང་བ་ཡིན་པས་སོ། །རེས་འགའ་རྒྱུའི་སྟོབས་མེད་ཀྱང་སྐྱེ་སྟེ། དགྲ་བཅོམ་ཉམས་པའི་ཆོས་ཅན་བཞིན་ནོ། །མངོན་པ་གོང་མ་བ་ནི། རྒྱུ་གསུམ་ཀ་ཚང་བ་ལས་སྐྱེ་བར་བཞེད་དོ། །གསུམ་པ་ཕྲ་རྒྱས་ཀྱི་རྣམ་གྲངས་ལ་གསུམ་སྟེ། ངོ་བོ་དངོས་དང༌། གང་དང་མཚུངས་པར་ལྡན་པ་དང༌། སྒྲིབ་པ་ལྔ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོ་ལས་འབྱུང་བའི་དོན་དང༌། བསྟན་བཅོས་ལས་འབྱུང་བ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། ངེས་ཚིག་གོ །དང་པོ་ནི། ཕྲ་རྒྱས་ཉིད་ཟག་པ་གསུམ་དུ་གསུངས་པ་ལ། འདོད་པ་སྤྱོད་པའི་གཏི་མུག་རིགས་ལྔ་མ་གཏོགས་པའི་ཉོན་མོངས་པ་སུམ་ཅུ་རྩ་གཅིག་ཀུན་ནས་དཀྲིས་པ་བཅུ་དང་བཅས་པ་འདོད་པའི་ཟག་པའོ། །གཟུགས་དང་གཟུགས་མེད་ན་སྤྱོད་པའི་མ་རིག་པ་ལྔ་ལྔ་དོར་བའི་ཕྲ་རྒྱས་ཉེར་དྲུག་རེ་རེ་སྟེ། ལྔ་བཅུ་ང་གཉིས་ཁོ་ན་སྲིད་པའི་ཟག་པའོ། །ཀུན་ནས་དཀྲིས་པ་གཞན་འགའ་ཞིག་ཡོད་ཀྱང་རང་དབང་ཅན་མིན་པས་མ་སྨྲོས་སོ། །གོང་མའི་ཕྲ་རྒྱས་རྣམས་ཟག་པ་གཅིག་ཏུ་བསྡུས་པ་ཅི་ཞེ་ན། གོང་མ་གཉིས་ཀའི་ཕྲ་རྒྱས་རྣམས་ལུང་མ་བསྟན་དང༌། ཁ་ནང་དུ་བལྟས་ཏེ་འཇུག་པ་དང༌། མཉམ་བཞག་གི་ས་པ་ཡིན་པའི་ཕྱིར་ཟག་པ་གཅིག་ཏུ་བྱས་ཏེ་སྲིད་པའི་འདོད་ཆགས་བཞིན་ནོ། །ཁམས་གསུམ་གྱི་མ་རིག་པ་རྫས་བཅོ་ལྔ་ནི། མ་རིག་པའི་ཟག་པ་སྟེ། ཟག་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་པས་ན་ལོགས་ཤིག་ཏུ་ཟག་པར་བསྟན་ཏོ། །ཡང་མདོ་ལས། ཆུ་བོ་བཞི་དང་སྦྱོར་བ་བཞི་གསུངས་པའང་ཟག་པར་བཤད་པ་དེ་བཞིན་དུ་རིག་པར་བྱའོ། །ཁྱད་པར་ན་ཁམས་གསུམ་གྱི་ལྟ་བ་རྣམས་ཤེས་རབ་ཡིན་པས་གསལ་བའི་ཕྱིར། ཆུ་བོ་དང་སྦྱོར་བ་ལ་ལོགས་ཤིག་ཏུ་བསྟན་ཞེས་ཏེ། གདུལ་བྱའི་དབང་གིས་བསྟན་པར་ཟད་དོ། །ཟག་པ་བསྟན་པའི་སྐབས་སུ་ལྟ་བ་ལོགས་ཤིག་ཏུ་མ་བསྟན་པ་ཅི་ཞེ་ན། ཟག་པའི་སྐབས་སུ་ལྟ་བ་ལོགས་ཤིག་ཏུ་བྱ་བ་མ་ཡིན་ཏེ་གྲོགས་མེད་པའི་ལྟ་བ་འབའ་ཞིག་པ་རྣམས་ནི་ཟག་པའི་ངེས་ཚིག་འཇོག་པའི་རྗེས་སུ་མི་མཐུན་པའི་ཕྱིར་རོ། །དེས་ན་ལྟ་བ་མིན་པའི་འདོད་པའི་ཟག་པ་ཉེར་དགུ་ནི་འདོད་པའི་ཆུ་བོ་དང༌། སྦྱོར་བ་དང༌། ཉེར་བརྒྱད་ནི་སྲེད་པའི་ཆུ་སྦྱོར་དང༌། ཁམས་གསུམ་ན་མཐོང་སྤང་རིས་བཞིའི་ལྟ་བ་བཅུ་བཞི་རེ་སྟེ་སོ་དྲུག་ནི་ལྟ་བའི་ཆུ་བོ་དང་སྦྱོར་བ་དང༌། ཁམས་གསུམ་གྱི་མ་རིག་པ་བཅོ་ལྔ་ནི་མ་རིག་པའི་ཆུ་བོ་དང་སྦྱོར་བའོ། །ལོ་ནི་མ་རངས་པའོ། །མདོ་ལས་ཉེར་ལེན་བཞི་གསུངས་ལ། ཇི་སྐད་བཤད་པའི་སྦྱོར་བ་ཉིད་མ་རིག་པ་དང་བཅས་པ་སོ་བཞི་ནི་འདོད་པས་ཉེ་བར་ལེན་པ་དང༌། སྲིད་པའི་སྦྱོར་བ་མ་རིག་པ་དང་བཅས་པ་སོ་བརྒྱད་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང་ཁམས་གསུམ་གྱི་ལྟ་བ་དང་པོ་བཞི་དྲིལ་བས་སུམ་ཅུ་ནི་ལྟ་བ་ཉེ་བར་ལེན་པ་དང༌། ཁམས་གསུམ་གྱི་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་གྱི་ལྟ་བ་དྲུག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཉེ་བར་ལེན་པ་སྟེ། ལྟ་བ་ཐ་མ་འདི་ལོགས་སུ་བྱས་པ་ནི་ལམ་གྱི་དགྲར་གྱུར་པས་ཁྱིམ་པ་དང་རབ་ཏུ་བྱུང་བ་གཉིས་ཀ་བསླབས་སོ། །དེ་ལྟར་ཉེར་ལེན་བཞི་རྣམས་སོ། །མ་རིག་པ་ཉེར་ལེན་དུ་བསྲེས་ཏེ་བཤད་པ་ཅི་ཞེ་ན། མ་རིག་པ་ནི་མི་གསལ་བ་སྟེ་རྐྱང་པ་འཛིན་པར་བྱེད་པ་མ་ཡིན་པ་གཞན་དང་འདྲེས་པ་ན་འཛིན་པའི་ཕྱིར་བསྲེས་སོ། །སྐུ་མཆེད་ནི་འདོད་པ་སོགས་བཞི་ལ་འདུན་ཅིང་ཆགས་པ་ཉེར་ལེན་བཞིར་བཞེད་དོ། །ངེས་ཚིག་ལ་གཉིས་ཏེ། ཕྲ་རྒྱས་ཀྱི་ངེས་ཚིག་དང༌། ཟག་པ་སོགས་ཀྱི་ངེས་ཚིག་གོ །དང་པོ་ནི། ལྟ་བ་ལ་ཉེར་ལེན་གཉིས་སུ་ཕྱེ་བ་ཕྲ་རྒྱས་ནས་ཉེར་ལེན་གྱི་བར་གྱི་སྒྲའི་དོན་གང་ཞེ་ན། གང་གི་ཕྱིར་ཉོན་མོངས་པ་དེ་རྣམས་རྒྱུད་ལ་རྒྱུ་བ་རྟོགས་དཀའ་བས་རྒྱུ་བ་ཕྲ་བ་དང༌། ཐོབ་པ་དང་རྗེས་སུ་འབྲེལ་བ་དང༌། དམིགས་པ་དང་མཚུངས་ལྡན་གཉིས་ཀས་རྒྱས་པར་འགྱུར་བ་དང༌། བཟློག་ཀྱང་ཡང་ཡང་རྗེས་སུ་འབྲང་ཞིང་མངོན་དུ་གྱུར་པ་དེའི་ཕྱིར་ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ནོ། །འདི་དག་བྱེ་བྲག་སྨྲ་བ་མངོན་གྱུར་ལ་འདོད་ལ། མདོ་སྡེ་པ་དང་གོང་མ་བ་ནི་དེའི་སྒྲ་ལ་ཨ་ནུ་ཤ་ཡང་ཞེས་པའི་ངེས་ཚིག་ནི་ཉོན་མོངས་མངོན་དུ་མ་གྱུར་པ་སྟེ། བག་ཆགས་ཀྱི་ཚུལ་དུ་ཉལ་བས་བག་ལ་ཉལ་ཞེས་འཆད་ལ། གནས་མ་བུ་པ་ཐོབ་པ་ལ་འདོད་དོ། །གཉིས་པ་ནི། འཁོར་བར་འཇོག་པར་བྱེད་པ་དང༌། སྐྱེ་མཆེད་དྲུག་གི་རྨ་ནས་ཟགས་ཤིང་འབོ་བར་བྱེད་པ་དང༌། འགྲོ་བའམ་ཡུལ་གཞན་དུ་ཁྱེར་བར་བྱེད་པ་དང༌། དེ་དག་ཏུ་འབྱར་བར་བྱེད་པ་དང༌། ཡང་སྲིད་དམ་འདོད་པ་ལ་སོགས་པ་བཞི་པོ་ཉེ་བར་ལེན་པའི་ཕྱིར་རིམ་པས་ཟག་པ་དང་སོགས་པས་ཆུ་བོ་དང༌། སྦྱོར་བ་དང༌། ཉེར་ལེན་དུ་བཞག་པ་ནི་ཕྲ་རྒྱས་དེ་དག་གི་ངེས་ཚིག་ཡིན་ནོ། །གཉིས་པ་བསྟན་བཅོས་ལས་འབྱུང་བ་བསྟན་པ་ལ་བསྟན་བཤད་གཉིས་ཡོད་པ་ལས། དང་པོ་ནི། ཕྲ་རྒྱས་དེ་དག་ཉིད་ཀུན་ཏུ་སྦྱོར་བ་དང༌། སོགས་པས་འཆི་བ་དང༌། ཕྲ་རྒྱས་དང༌། ཉེ་ཉོན་དང༌། ཀུན་དཀྲིས་ཀྱི་དབྱེ་བས་ཡང་རྣམ་པ་ལྔར་བཤད་དོ། །གཉིས་པ་ལ་བཞི་སྟེ། ཀུན་སྦྱོར་དང༌། འཆིང་བ་དང༌། ཉེ་ཉོན་དང༌། ཀུན་དཀྲིས་སོ། །དང་པོ་ནི། ཀུན་སྦྱོར་དགུ་སྟེ། རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་དང༌། ཕྲག་དོག་དང༌། སེར་སྣའི་ཀུན་སྦྱོར་རོ། །ཅི་ལྟ་བ་གསུམ་དང་མཆོག་འཛིན་གཉིས་ཀུན་སྦྱོར་ཐ་དད་དུ་བཤད་ཅེ་ན། དེ་དག་ཁམས་གསུམ་ན་རྫས་བཅོ་བརྒྱད་རེ་རེར་འདྲ་བའི་ཕྱིར་དང༌། ཕྱི་མ་གཉིས་མཆོག་ཏུ་འཛིན་པར་འདྲ་བའི་ཕྱིར། ཡང་ལྟ་བ་ཕྱི་མ་གཉིས་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ཞེས་གཞན་དུ་བཤད་དོ། །དབུས་མཐར་རིམ་པས་འགོག་ལམ་གཉིས་ཤེས་པ་ལ་སྒྲིབ་པས་ཐ་དད་དུ་བཤད་དོ། །འོ་ན་ཀུན་དཀྲིས་རྣམས་ལས་ཕྲག་དོག་དང་སེར་སྣ་གཉིས་ཁོ་ན་ཀུན་སྦྱོར་དུ་བཤད་པ་ཅི་ཞེ་ན། གང་གི་ཕྱིར་ན་གཉིས་ཀ་མཐའ་གཅིག་ཏུ་མི་དགེ་བ་དང༌། རང་དབང་ཅན་ཡིན་པ་དེའི་ཕྱིར་ཕྲག་དོག་དང་སེར་སྣ་གཉིས་ཀུན་དཀྲིས་དེ་དག་ལས་ལོགས་ཤིག་ཏུ་ཀུན་སྦྱོར་དུ་བཤད་ལ། ངོ་ཚ་མེད་པ་སོགས་ནི་ཆགས་སོགས་དང་ལྡན་པས་རང་དབང་ཅན་མིན་ཞིང༌། འགྱོན་པ་ནི་མ་རིག་པ་ཙམ་དང་ལྡན་པས་རང་དབང་ཅན་ཡིན་ཡང་གཅིག་ཏུ་མི་དགེ་བ་མིན་ཏེ། མདོ་ལས་ཡང༌། ཐ་མའི་ཆ་འདོད་ཁམས་དང་མཐུན་པའི་ཀུན་སྦྱོར་རྣམ་པ་ལྔ་གསུངས་ཏེ། འཇིག་ལྟ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང༌། ཐེ་ཚོམ་དང་འདོད་པ་ལ་འདུན་པ་དང༌། གནོད་སེམས་སོ། །ཇི་ལྟར་མཐུན་ཞེ་ན། ཕྱི་མ་གཉིས་ཀྱིས་འདོད་ཁམས་ལས་མི་འདའ་ལ། སྔ་མ་གསུམ་པོ་ཡིས་ནི་འདས་ཀྱང་ཕྱིར་བཟློག་པར་བྱེད་པའོ། །སེམས་ཙམ་པ་ནི་སྔ་མ་གསུམ་གྱིས་སེམས་ཅན་གྱི་ཐ་མ་སོ་སྐྱེ་དང༌། ཕྱི་མ་གཉིས་ནི་ཁམས་ཐ་མ་འདོད་ཁམས་ལས་མི་འདའ་བས་སོ་ཞེའོ། །རྒྱུན་ཞུགས་ཀྱིས་མཐར་ལྟ་སོགས་ཀྱང་སྤངས་ན་ཀུན་སྦྱོར་སྔ་མ་གསུམ་ཁོ་ན་སྤང་བས་རྒྱུན་ཞུགས་སུ་གསུངས་པ་ཅི་ཞེ་ན། མཐར་འཛིན་གྱི་སྒོ་ནི་འཇིག་ལྟ་དང༌། ལྟ་བ་མཆོག་འཛིན་གཉིས་ཀྱི་སྒོ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང༌། ལོག་ལྟའི་སྒོ་ནི་ཐེ་ཚོམ་ཡིན་པས། གསུམ་པོ་སྤངས་ན་མཐར་ལྟ་སོགས་གསུམ་ཡང་སྤངས་པར་གོ་བའི་ཕྱིར་ཏེ། དེ་གསུམ་པོ་སྤངས་པའི་སྒོ་ནས་བསྟན་ལོ། །སློབ་དཔོན་ནི་འཇིག་ལྟས་ཐར་པ་ལ་སྐྲག་སྟེ། འགྲོ་མི་འདོད་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ལམ་གཞན་ལ་བརྟེན་པས་ནོར་བ་དང༌། ཐེ་ཚོམ་གྱིས་ལམ་ལ་ཐེ་ཚོམ་ཟ་བས་གསུམ་པོ་སྟེ་དེ་སྙེད་ཅིག་ཐར་པར་བགྲོད་པ་ལ་གེགས་བྱེད་པ་དེའི་ཕྱིར་ན་རྒྱུན་ཞུགས་ཀྱིས་གསུམ་སྤངས་པར་བསྟན་ཏོ། །ཞེས་གསུངས་སོ། །ཡང་ཐུབ་པས་གོང་མའི་ཆ་དང་མཐུན་པའི་ཀུན་སྦྱོར་ལྔ་ཉིད་གསུངས་ཏེ། ཇི་ལྟར་ཞེ་ན། གཟུགས་དང་གཟུགས་མེད་ལས་སྐྱེས་པའི་འདོད་ཆགས་གཉིས་དང་རྒོད་པ་དང༌། ང་རྒྱལ་དང་རྨོངས་པའོ། །དེ་རྣམས་མ་སྤངས་པར་ཁམས་གོང་མ་ལས་མི་འདའ་བས་སོ། །ཡང་གོང་མའི་འདོད་ཆགས་གཉིས་ཀྱིས་ཁམས་གོང་མ་ཉེ་བར་ལེན་ཅིང༌། ཕྱི་མ་གསུམ་གྱིས་ལུས་བླངས་པ་མི་གཏོང་བས་གོང་མའི་ཆ་མཐུན་ཞེས་ཐོགས་མེད་བཞེད་དོ། །གཉིས་པ་འཆིང་བ་ནི། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གྱི་དབང་གིས་འཆིང་བ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་མོ། །གསུམ་པ་ཉེ་ཉོན་ནི། ཉོན་མོངས་རྣམས་ནི་སེམས་ཉེ་བར་ཉོན་མོངས་པར་བྱེད་པས་ཉེ་ཉོན་ཀྱང་ཡིན་ལ། ཉོན་མོངས་ལས་གཞན་པའི་ཆོས་ཉོན་མོངས་ཅན་སེམས་བྱུང་འདུ་བྱེད་ཀྱི་ཕུང་པོ་ཞེས་པས་བསྡུས་པ་གང་དེའང་ཉེ་བའི་ཉོན་མོངས་པ་སྟེ་དེ་དག་ཉེ་ཉོན་ཁོ་ན་ཡིན་གྱི། ཉོན་མོངས་པ་ཞེས་ནི་མི་བྱའོ། །དེ་ཡང་གཞི་ཕྲན་ཚེགས་ལས། འབྱུང་བ་མི་དགའ་བ་དང༌། གླལ་བ་སོགས་པ་དང༌། འདིར་འཆད་པའི་ཀུན་དཀྲིས་བཅུ་དང༌། དྲི་མ་དྲུག་ལ་སོགས་པའོ། །བཞི་པ་ཀུན་དཀྲིས་ལ་གསུམ་སྟེ། དངོས་ཀྱི་དོན། ཞར་ལ་དྲི་མ་བཤད། དེ་དག་གི་ཁྱད་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་ངོས་བཟུང་བ་དང༌། གང་གི་རྒྱུ་མཐུན་ཡིན་པའོ། །དང་པོ་ནི་མདོ་ལས། ཉོན་མོངས་ཀྱང་ཀུན་དཀྲིས་སུ་བཤད་ལ། བསྟན་བཅོས་རབ་ཏུ་བྱེད་པ་ལས་ནི་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང༌། གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུག་པའི་ཕྲག་དོག་དང༌། ཆོས་དང་ཟང་ཟིང་དང་བཟོ་སྦྱིན་པ་དང་འགལ་བ་ཅན་སེམས་ཀྱིས་འཛིན་པ་སེར་སྣ་དང༌། སེམས་རྣམ་པར་མ་ཞི་བ་རྒོད་པ་དང་འགྱོད་པ་དང་རྨུགས་པ་དང༌། ལུས་ཡང་དག་པར་འཛིན་མི་ནུས་པས་སེམས་མངོན་པར་སྡུད་པའི་གཉིད་དང༌། ཀུན་ནས་དཀྲིས་པ་བརྒྱད་འབྱུང་ངོ༌། །བྱེ་བྲག་སྨྲ་བ་ནི། གནོད་སེམས་དང་རྣམ་འཚེ་མིན་པའི་ཀུན་ནས་མནར་སེམས་པ་ཁྲོ་བ་དང་ཁ་ན་མ་ཐོ་བ་འཁྱུད་པ་འཆབ་པ་གཉིས་བསྣན་པས་ཀུན་དཀྲིས་བཅུར་འདོད་དོ། །འགྱོད་གཉིད་ནི་དགེ་བ་དང་མ་སྒྲིབ་པའི་ཆ་དོར་བའི་ལྷག་མའོ། །གཉིས་པ་ནི། འདོད་ཆགས་ཀྱིས་ངོ་ཚ་མེད་པ་དང༌། རྒོད་པ་དང་སེར་སྣ་དང་གསུམ་བསླངས་ཤིང༌། འཆབ་པ་ལ་ནི་མི་མཐུན་པའི་རྩོད་པ་ཡོད་དེ། ཁ་ཅིག་སྲེད་པའི་རྒྱུ་མཐུན་ཡིན་ཞེས་དང༌། ཁ་ཅིག་མ་རིག་པའི་རྒྱུ་མཐུན་དང༌། ལ་ལ་གཉིས་ཀའི་རྒྱུ་མཐུན་ནོ། །ཞེས་ཟེར་རོ། །མ་རིག་པ་ལས་བྱུང་བའི་རྒྱུ་མཐུན་ནི་རྨུགས་པ་དང་གཉིད་དང་ཁྲེལ་མེད་དོ། །ཐེ་ཚོམ་ལས་ཉོན་མོངས་ཅན་གྱི་འགྱོད་པའོ། །ཁྲོ་བ་དང་ཕྲག་དོག་གཉིས་ཁོང་ཁྲོའི་རྒྱུ་ལས་བྱུང་ངོ༌། །གཉིས་པ་ནི། གཞན་ཡང་ལུས་ལས་དྲི་མ་འབྱུང་བ་བཞིན་དུ་ཉོན་མོངས་པ་ལས་གཡོ་སྒྱུ་ལ་སོགས་པའི་དྲི་མ་དྲུག་འབྱུང་སྟེ། འདི་ལྟར་སྒྱུ་ན་གཞན་འདྲིད་པ་དང༌། གཡོ་ནི་སེམས་གྱ་གྱུ་བ་སྟེ། གང་གིས་ཡང་དག་པར་མི་སྨྲ་བར་གཏམ་རླུང་ལ་བསྐུར་བའམ་མི་གསལ་བར་བྱེད་པ་དང༌། རྒྱགས་པ་དང༌། དེ་བཞིན་དུ་ཁ་ན་མ་ཐོ་བ་དམ་དུ་འཛིན་ཅིང༌། ཡང་དག་པའི་གདམས་པ་མི་ལེན་པ་འཚིག་པ་དང༌། ཀུན་ནས་མནར་སེམས་པས་གནོད་ལན་མང་དུ་བྱེད་པ་འཁོན་འཛིན་དང༌། རྣམ་པར་མཐོ་འཚམས་པ་རྣམ་འཚེའོ། །དེ་ལ་སྒྱུ་དང་རྒྱགས་པ་དག་ནི་འདོད་ཆགས་ལས་སྐྱེ་ལ། འཁོན་འཛིན་དང་རྣམ་འཚེ་ནི་ཁོང་ཁྲོ་ལས་སྐྱེས་ལ། འཚིག་པ་ནི་ལྟ་བ་མཆོག་འཛིན་ལས་སྐྱེ་ཤིང༌། གཡོ་ནི་ལྟ་བས་ཀུན་ནས་བསླངས་ཏེ་གྱ་གྱུ་ཅི་ཡིན་སྡིག་ཅན་ལྟ་ཞེས་པའོ། །གསུམ་པ་དེ་དག་གི་ཁྱད་པར་བཤད་པ་ལ་གསུམ་སྟེ། མཐོང་སྤང་དང་སྒོམ་སྤང་གི་ཁྱད་པར། མི་དགེ་བ་དང་ལུང་མ་བསྟན་གྱི་ཁྱད་པར། ཁམས་དང་སའི་ཁྱད་པར་རོ། །དང་པོ་ནི། འདི་དག་ལམ་གང་གི་སྤང་བྱ་ཡིན་ཞེ་ན། ཀུན་དཀྲིས་བཅུ་པོ་དེ་ལས་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་རྨུགས་པ་དང་གཉིད་དང་རྒོད་པ་རྣམས་ནི་མཐོང་སྤང་དང་སྒོམ་སྤང་རྣམ་པ་གཉིས་ཡིན་ལ། དེ་ལས་གཞན་ཕྲག་དོག་དང་སེར་སྣ་དང༌། འགྱོད་པ་དང་ཁྲོ་བ་དང་འཆབ་པ་ལྔ་ནི་སྒོམ་པས་སྤང་བྱ་ཁོ་ན་དང༌། མ་རིག་པ་ཙམ་དང་མཚུངས་པར་ལྡན་པས་རང་དབང་ཅན་ཡང་ཡིན་ནོ། །དེ་བཞིན་དུ་དྲི་མ་དྲུག་རྣམས་ཀྱང་སྒོམ་སྤང་ཁོ་ན་དང༌། ཆགས་སོགས་གཞན་གྱི་དབང་དུ་མི་འགྱུར་བས་རང་དབང་ཅན་ནོ། །གཉིས་པ་ནི། ཉེ་ཉོན་རྣམས་འདོད་ཁམས་ན་ཡོད་པ་ནི་མི་དགེ་བ་ཡིན་ལ། རྨུགས་རྒོད་གཉིད་གསུམ་ལ་མི་དགེ་བ་དང་ལུང་མ་བསྟན་རྣམ་པ་གཉིས་སོ། །དེ་ཡན་ཆད་ཁམས་གོང་མ་གཉིས་ན་ཇི་སྙེད་ཡོད་པ་ནི་ལུང་མ་བསྟན་ཁོ་ནའོ། །གསུམ་པ་ནི། གཡོ་སྒྱུ་གཉིས་འདོད་ཁམས་དང་བསམ་གཏན་དང་པོ་ཁོ་ན་ན་ཡོད་དོ། །བསམ་གཏན་དང་པོ་ན་སྒྱུ་ཇི་ལྟར་ཡོད་ཅེ་ན། འཕགས་པ་རྟ་ཐུལ་གྱིས་ཚངས་པ་ཆེན་པོ་ལ་འབྱུང་བ་བཞི་པོ་གང་དུ་འགག་དྲིས་པ་ན། ཚངས་པས་མི་ཤེས་བཞིན་དུ་ཁོ་བོ་ནི་ཚངས་པའོ། །ཞེས་སོགས་ཀྱི་གཏམ་རླུང་ལ་བསྐུར་ཏེ། རྟ་ཐུལ་འདྲིད་པ་ལ་ཞུགས་པའི་ཕྱིར་རོ། །རྨུགས་པ་དང་རྒོད་པ་དང་རྒྱགས་པ་གསུམ་ནི། ཁམས་གསུམ་ཆར་ན་ཡོད་ཅིང་གཞན་ཉེ་ཉོན་བཅུ་གཅིག་པོ་རྣམས་ནི་འདོད་ཁམས་ལས་སྐྱེས་པ་ཁོ་ནའོ། །གཉིས་པ་དེ་རྣམས་གང་དང་མཚུངས་པར་ལྡན་པ་ལ་གཉིས་ཏེ། སེམས་གང་དང་མཚུངས་ལྡན་དང༌། ཚོར་བ་གང་དང་མཚུངས་ལྡན་ནོ། །དང་པོ་ནི། དེ་དག་ལས་ཡིད་ཀྱི་ས་པ་དང་རྣམ་ཤེས་དྲུག་གི་ས་པ་དུ་ཞེ་ན། མཐོང་སྤང་ཐམས་ཅད་དང་སྒོམ་སྤང་ལས་གཉིད་དང་ང་རྒྱལ་དང་བཅས་པ་ཐམས་ཅད་ནི། ཡིད་ཀྱི་རྣམ་ཤེས་ཀྱི་ས་པ་ཡིན་ལ་དེར་མ་ཟད་ཉེ་བའི་ཉོན་མོངས་པ་རང་དབང་ཅན་བཅུ་གཅིག་ཀྱང་ཡིད་ཀྱི་ས་པའོ། །གཞན་མཐོང་སྤང་གིས་བསྡུས་པ་དུག་གསུམ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་རྨུགས་པ་དང་རྒོད་པ་དང༌། ལེ་ལོ་དང་བག་མེད་པ་ནི་རྣམ་ཤེས་དྲུག་ཆར་གྱི་རྟེན་ཅན་ནོ། །གཉིས་པ་ནི། རྩ་ཉོན་ཚོར་བ་གང་དང་མཚུངས་པར་ལྡན་ཞེ་ན། འདོད་ཆགས་ནི་ཚོར་བ་བདེ་བ་དང་ཡིད་བདེ་དག་དང་མཚུངས་པར་ལྡན་ཞིང༌། ཞེ་སྡང་ནི་བཟློག་སྟེ། སྡུག་བསྔལ་དང་ཡིད་མི་བདེ་བ་དང་མཚུངས་ལྡན་ནོ། །མ་རིག་པ་ནི། ཚོར་བ་ལྔ་པོ་ཐམས་ཅད་དང་མཚུངས་པར་ལྡན་ནོ། །མེད་ལྟ་ནི་དགེ་སྡིག་གི་འབྲས་བུ་མེད་པར་མཐོང་ན་ཡིད་བདེ་དང༌། རེས་འགའ་ནི་སྔར་བསོད་ནམས་ལ་འབད་པ་དོན་མེད་དུ་མཐོང་བས་སྡུག་བསྔལ་ཏེ། ཡིད་མི་བདེ་དང་ལྡན་ཞིང༌། ངེས་པ་དོན་གཉེར་ཐེ་ཚོམ་ཟ་བ་ནི་ཡིད་མི་བདེ་དང་ལྡན་ནོ། །གཞན་ལྟ་བ་བཞི་དང་ང་རྒྱལ་ནི་ཡིད་བདེ་དང་ལྡན་ཏེ། དགའ་བའི་རྣམ་པས་འཇུག་པས་སོ། །དེ་དག་ནི་འདོད་ཁམས་ལས་སྐྱེས་པའི་ཕྲ་རྒྱས་ཀྱི་མཚུངས་ལྡན་ནོ། །བཏང་སྙོམས་ནི་ཕྲ་རྒྱས་ཀུན་དང་མཚུངས་པར་ལྡན་ཏེ། འགག་ཁར་རྣམ་པ་མི་གསལ་བར་འཇུག་པས་སོ། །ས་གོང་མའི་ཕྲ་རྒྱས་རྣམས་ནི་ས་གང་ན་ཚོར་བ་གང་ཡོད་པ་ཇི་ལྟ་བ་བཞིན་དུ་རང་རང་གི་ཚོར་བ་དང་མཚུངས་ལྡན་ནོ། །ཉེ་ཉོན་རྣམས་ཚོར་བ་གང་དང་མཚུངས་པར་ལྡན་ཞེ་ན། འགྱོད་པ་ནས་འཚིག་པའི་བར་དྲུག་ནི་ཡིད་མི་བདེ་དང་ལྡན་ཏེ། སྐྱོ་བའི་རྣམ་པས་འཇུག་པ་དང་ཡིད་ཀྱི་ས་པ་ཡིན་པས་སོ། །སེར་སྣ་ཉིད་ནི་དེ་ལས་བཟློག་པ་ཡིད་བདེ་དང་ལྡན་ཏེ། ཆགས་པས་བསླངས་པའི་དགའ་བའི་རྣམ་པར་འཇུག་པས་སོ། །གཡོ་དང་སྒྱུ་དང་འཆབ་པ་དང་གཉིད་བཞི་པོ་ནི་ཡིད་བདེ་བ་དང་མི་བདེ་བ་གཉིས་ཀ་དང་ལྡན་ལ་རྒྱགས་པ་ནི་བསམ་གཏན་གསུམ་པ་ན་བདེ་བ་དང༌། དེ་མན་ཆད་ན་ཡིད་བདེ་དག་དང་ལྡན་ནོ། །བཏང་སྙོམས་ནི་ཉེ་ཉོན་ཀུན་དང་མཚུངས་ལྡན་དུ་འགྲོའོ། །གཞན་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་རྨུགས་རྒོད་གཉིས་ཏེ་བཞི་པོ་ནི་ཚོར་བ་ལྔ་ཆར་རྣམས་དང་མཚུངས་པར་ལྡན་ནོ། །གསུམ་པ་སྒྲིབ་པ་ལྔ་བསྟན་པ་ནི། མདོ་ལས། འདོད་པ་ལ་འདུན་པ་སོགས་སྒྲིབ་པ་ལྔ་གསུངས་པ་ལ། རྨུགས་པ་དང༌། འགྱོད་པ་དང༌། ཐེ་ཚོམ་གསུམ་ཁམས་གསུམ་ཀ་ན་ཡོད་པ་བཟུང་ངམ། འདོད་ཁམས་ན་ཡོད་པ་ཁོ་ན་བཟུང་ཞེ་ན། གཅིག་ཏུ་མི་དགེ་བར་གསུངས་པའི་ཕྱིར་འདོད་ཁམས་ན་ཡོད་པའི་སྒྲིབ་པ་ལྔ་པོ་རྣམས་བཟུང་བར་བྱ་བ་ཡིན་གྱི་ཁམས་གཞན་ན་ཡོད་པ་ནི་མིན་ནོ། །སྒྲིབ་པ་བདུན་ཡོད་པ་མིན་ནམ། ཅིའི་ཕྱིར་ལྔར་བཤད་ཅེ་ན། རྨུགས་གཉིད་གཉིས་སྒྲིབ་པ་གཅིག་ཏུ་བཤད་དེ། ཞི་གནས་ཀྱི་མི་མཐུན་ཕྱོགས་སུ་གཅིག་པའི་ཕྱིར་དང༌། རྒྱུ་ཟས་རྨྱེ་བ་ལ་སོགས་པ་ལས་བྱུང་བ་དང༌། བྱ་བ་སེམས་ཞུམ་པར་བྱེད་པ་གཅིག་པའི་ཕྱིར་རོ། །རྒོད་འགྱོད་གཉིས་གཅིག་ཏུ་བྱས་ཏེ། ལྷག་མཐོང་གི་མི་མཐུན་ཕྱོགས་སུ་གཅིག་པའི་ཕྱིར་དང༌། རྒྱུ་སྣང་བའི་འདུ་ཤེས་དང༌། བྱ་བ་སེམས་མ་ཞི་བར་བྱེད་པ་གཅིག་པའི་ཕྱིར། ཉོན་མོངས་པ་ཀུན་གྱི་སྒྲིབ་པ་ཡིན་ན་འདི་ལྔ་ཁོ་ན་སྒྲིབ་པར་གསུངས་པ་ཅི་ཞེ་ན། དང་པོ་གཉིས་ཀྱིས་ཚུལ་ཁྲིམས་དང༌། རྨུགས་གཉིད་གཉིས་ཀྱི་ཤེས་རབ་དང༌། རྒོད་འགྱོད་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གནོད་པར་བྱེད་པ་དང༌། ཏིང་ངེ་འཛིན་དང་ཤེས་རབ་མེད་ན་བདེན་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ན་ལྔ་ཉིད་དུ་བཤད་དོ། །སྐུ་མཆེད་ནི་རྨུགས་གཉིད་ཀྱིས་ཏིང་ངེ་འཛིན་དང༌། །རྒོད་འགྱོད་ཀྱིས་ཤེས་རབ་ལ་གནོད་པར་བཞེད་པས་སྔོན་གྱི་སློབ་དཔོན་དག་རིམ་པས་ཏིང་ངེ་འཛིན་གྱི་སྦྱོར་བ་དང༌། དངོས་གཞི་ཞི་ལྷག་དང༌། རྗེས་ལ་སྟེ་ཆོས་ལ་ངེས་པར་རྟོག་པའི་ཚེ་བར་ཆད་བྱེད་པར་བཞེད་དོ། །གཉིས་པ་གང་གིས་སྤོང་བ་ལ་ལྔ་སྟེ། ཇི་ལྟར་སྤོང་ཚུལ། སྤོང་བྱེད་གཉེན་པོའི་དབྱེ་བ། གང་ལས་ཕྱེ་ནས་སྤོང་ཚུལ། སྤང་པ་གང་གིས་ཐག་བསྲིང་བ་དང༌། སྤངས་པའི་ཐོབ་པ་ཡང་དང་ཡང་དུ་བསྟན་པའོ། །དང་པོ་ནི། མཐོང་སྤང་ནི་རིས་དང་པོ་གཉིས་རང་ས་ལ་དམིགས་པ་དང༌། འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་རྣམས་དམིགས་པ་བདེན་བཞིའི་རང་མཚན་ཤེས་པ་ཉིད་ཀྱིས་སྤོང་སྟེ། ཐོ་ཡོར་དུ་ཤེས་པ་ཉིད་ཀྱིས་མིར་འཛིན་པ་བཟློག་པ་བཞིན་ནོ། །འདོད་པའི་ཀུན་འགྲོ་གོང་དུ་དམིགས་པ་དགུ་ནི། གོང་མའི་བདེན་པ་མ་ཤེས་ཀྱང་དེ་རྣམས་ལ་དམིགས་པའི་རང་སའི་སྐལ་པ་མཉམ་པའི་ཀུན་འགྲོ་རྣམས། ཡང་དག་པར་ཟད་པས་སྤོང་བ་དང༌། འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་རྣམས་རང་གི་དམིགས་པ་ཟག་མེད་ཀྱི་ཡུལ་ཅན་གྱི་ཕྲ་རྒྱས་རྣམས་སྤངས་པས་སྤོང་སྟེ། ཡུལ་མེད་པ་ན་དེ་རྣམས་ཀྱང་མི་འབྱུང་བས་སོ། །སྤོང་ཚུལ་དེ་གསུམ་ཡང་སྔ་ཕྱིའི་རིམ་པས་མ་ཡིན་གྱི། དུས་གཅིག་ལ་ལྡོག་པ་ཐ་དད་པས་ཕྱེ་བའོ། །སྒོམ་སྤང་གི་གཉེན་པོ་ཆུང་འབྲིང་དགུར་རིམ་གྱིས་སྐྱེས་པས་སྒོམ་སྤང་ཆེ་འབྲིང་དགུ་རིམ་གྱིས་ཟད་པར་འགྱུར་རོ། །གཉིས་པ་ནི། གཉེན་པོ་དུ་ཡོད་ཅེ་ན། གཉེན་པོ་དབྱེ་ན་རྣམ་པ་བཞི་སྟེ། སྤོང་བའི་གཉེན་པོ་བར་ཆད་མེད་ལམ་དང་གཞིའི་གཉེན་པོ་དེ་ཡན་ཆད་ཀྱི་ལམ་བྲལ་ཐོབ་ཀུན་ཏུ་འཛིན་པ་དང༌། ཐག་བསྲིང་བའི་གཉེན་པོ་རྣམ་གྲོལ་ལམ་ཡན་ཆད་དོ། །རྣམ་པར་སུན་འབྱིན་པའི་གཉེན་པོ་ཁམས་དེ་ལ་སྐྱོན་དུ་མཐོང་ནས་སུན་འབྱིན་པའོ། །དེས་ན་སྡུག་ཀུན་ལ་དམིགས་པའི་སྤང་བའི་གཉེན་པོའང་སུན་འབྱིན་པའི་གཉེན་པོ་ཡིན་ནོ། །སློབ་དཔོན་ནི་སྡུག་ཀུན་ལ་དམིགས་པའི་སྦྱོར་ལམ་སུན་འབྱིན་པའི་གཉེན་པོ་དང༌། གཞན་གསུམ་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་དང༌། ཁྱད་པར་གྱི་ལམ་དུ་བཞེད་ལ། གོང་མ་བ་ནི་ཟག་བཅས་ལ་ཉེས་དམིགས་སུ་ལྟ་བ་སུན་འབྱིན་དང༌། སྦྱོར་ལམ་དང་བར་ཆད་མེད་ལམ་སྤོང་གཉེན་ཏེ་གཉིས་སློབ་དཔོན་བཞིན་བཞེད་དོ། །གསུམ་པ་ནི། ཉོན་མོངས་སྤོང་བ་ན་གང་ལས་སྤོང་ཞེ་ན། མཚུངས་ལྡན་ལས་དབྱེ་མི་ནུས་པས་དམིགས་པ་ལས་ཕྱེ་ནས་ཉོན་མོངས་པ་སྤང་བར་བྱ་བར་འདོད་ལ། དེ་ཡང་རང་རྒྱུད་ཀྱི་ཐོབ་པ་ཆད་པས་དང༌། གཞན་རྒྱུད་ཀྱིས་ནི་དེའི་ཡུལ་ཅན་རང་རྒྱུད་ལ་ཡོད་པ་སྤང་བས་སྤོང་ངོ༌། །བཞི་པ་ནི། ཐག་བསྲིང་བ་ཞེས་སྔར་བཤད་པ་དེའི་ངོ་བོ་གང་ཞེ་ན། དེ་ཡང་བཞི་སྟེ། ཚོགས་པ་གཅིག་ཀྱང་མཚན་ཉིད་མི་མཐུན་པས་དང༌། མི་མཐུན་ཕྱོགས་དང་གཉེན་པོས་དང༌། ཡུལ་རྣམ་བར་ཆད་པས་དང༌། དུས་ཀྱི་རིང་བ་སྟེ་རིམ་པ་བཞིན་འབྱུང་བཞི་དང༌། ཚུལ་ཁྲིམས་དང་འཆལ་ཚུལ་དང༌། ཕྱོགས་ཤར་ནུབ་ཀྱི་རྒྱ་མཚོ་དང༌། དུས་འདས་མ་འོངས་གཉིས་རིང་བ་ལྟ་བུའོ། །ལྔ་པ་ནི། ལམ་ཇི་ལྟར་གོང་མ་གོང་དུ་ཁྱད་པར་དུ་འགྱུར་བ་ལྟར་སྤངས་པ་ཡང་ཁྱད་པར་དུ་འགྱུར་རམ་ཞེ་ན་ཡང་མ་ཡིན་ཏེ། ཉོན་མོངས་པ་ཐམས་ཅད་ནི་རང་གི་སྤོང་ལམ་ཁོ་ནས་ལན་ཅིག་ཏུ་སྤངས་ཏེ་ཟད་པར་བྱེད་ལ། དེ་རྣམས་ཀྱི་བྲལ་བའི་ཐོབ་པ་ནི་ཡང་དང་ཡང་དུ་ཁྱད་པར་དུ་འགྱུར་རོ། །གནས་སྐབས་དུ་ཞིག་ཁྱད་པར་དུ་འགྱུར་ཞེ་ན། སྤང་བྱ་རང་རང་གི་གཉེན་པོ་རྣམ་གྲོལ་ལམ་སྐྱེས་པ་དང༌། རྒྱུན་ཞུགས་སོགས་འབྲས་བུ་བཞི་ཐོབ་པ་སྟེ་གནས་སྐབས་ལྔ་དང༌། དབང་པོ་རྟུལ་པོ་དབང་པོ་སྦྱངས་པས་རྣོན་པོར་འཕེལ་བ་སྟེ་གནས་སྐབས་དྲུག་རྣམས་སུ་ཅི་རིགས་པར་འཐོབ་བོ། །གསུམ་པ་སྤངས་པའི་འབྲས་བུ་ལ་བཞི་སྟེ། འབྲས་བུའི་དབྱེ་བ། གང་གི་འབྲས་བུ་གང་ཡིན་པ། གང་ཟག་གང་ལ་ལྡན་པའི་ཚུལ། གཏོང་ཐོབ་བོ། །དང་པོ་ནི། མཐོང་སྤང་སྤངས་པའི་འབྲས་བུ་ནི་ཡོངས་ཤེས་གཉིས་ཏེ། ཡེ་ཤེས་ཀྱི་ཡོངས་ཤེས་ཟག་མེད་ཀྱི་ཤེས་པ་དང༌། སྤངས་པའི་ཡོངས་ཤེས་ནི་སྤངས་པ་ཉིད་དེ། ཐོབ་བྱེད་ཀྱི་རྒྱུའི་དབང་གིས་ཡོངས་ཤེས་ཞེས་བཏགས་སོ། །ཅི་སྤངས་པ་ཐམས་ཅད་ཡོངས་ཤེས་གཅིག་ཁོ་ན་ཡིན་ནམ་ཞེ་ན། ཡོངས་སུ་ཤེས་པ་དགུར་ཕྱེ་སྟེ། འདོད་པ་ན་མཐོང་སྤང་དང་པོ་གཉིས་ཟད་པའི་ཡོངས་ཤེས་གཅིག་དང༌། ས་དེར་འགོག་ལམ་མཐོང་སྤང་གཉིས་ཟད་པ་ནི་ཡོངས་ཤེས་དེ་རྣམ་པ་གཉིས་སུ་དབྱེའོ། །འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡིན་པ་དེ་བཞིན་དུ། ཁམས་གོང་མ་གཉིས་བསྡོམས་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་དེ་ཡང་གསུམ་ཉིད་ཡིན་ཏེ། གོང་མའི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་གཅིག་དང༌། འགོག་ལམ་མཐོང་སྤང་སྤངས་པ་གཉིས་རེ་རེར་ཕྱེ་བས་སོ། །སྒོམ་སྤང་སྤངས་པའི་ཡོངས་ཤེས་གང་ཞེ་ན། མཐོང་སྤང་སྤངས་པའི་ཡོངས་སུ་ཤེས་པ་དེ་ལས་གཞན་གསུམ་ནི་སྒོམ་སྤང་སྤངས་པའི་ཡོངས་ཤེས་ཏེ། ཐ་མའི་ཆ་དང་མཐུན་པ་སྤངས་པ་འདོད་པའི་སྒོམ་སྤང་ཟད་པ་དང༌། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས་དང༌། ཟག་པ་ཀུན་ཟད་པ་སྟེ། གཟུགས་མེད་ཀྱི་སྒོམ་སྤང་ཟད་པའི་ཡོངས་ཤེས་དང་གསུམ་མོ། །འདིར་གོང་མ་གཉིས་ཀྱི་སྒོམ་སྤང་ཟད་པའི་ཡོངས་ཤེས་གཉིས་སུ་བྱེད་པ་ན་སྒོམ་སྤང་གི་གཉེན་པོ་མི་འདྲ་བས་ཡིན་ལ། གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་བསྡོམས་པ་ནི། གཉེན་པོ་རྗེས་བཟོད་སོགས་སུ་འདྲ་བས་གཅིག་ཏུ་བྱས་པའོ། །གཉིས་པ་ནི། སྔ་མ་དྲུག་བཟོད་པའི་འབྲས་བུ་སྟེ། བཟོད་པ་ནི་ཤེས་པའི་འཁོར་ཡིན་པས་ཤེས་པའི་འབྲས་བུའི་མིང་གིས་བཏགས་སོ། །ལྷག་མ་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་ནི་ཤེས་པའི་འབྲས་བུའོ། །ས་གང་གི་འབྲས་བུ་ཡོངས་ཤེས་གང་ཡིན་ཞེ་ན། མི་ལྕོགས་པ་མེད་པའི་འབྲས་བུ་ཡོངས་ཤེས་ཐམས་ཅད་དོ། །བྱེ་བྲག་སྨྲ་བ་ལྟར་ན། བསམ་གཏན་དངོས་གཞི་རྣམས་ཀྱི་འབྲས་བུ་ཡོངས་ཤེས་ལྔ་སྟེ། བསམ་གཏན་དངོས་གཞི་ལ་བརྟེན་ནས་ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོས་མཐོང་ལམ་བསྐྱེད་པ་ན་ཁམས་གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པ་གསུམ་དང༌། སྒོམ་ལམ་བསྐྱེད་པ་ན་གཟུགས་ཀྱི་འདོད་ཆགས་ཟད་པ་དང༌། ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་ཏེ་ལྔ་འཐོབ་བོ། །འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེང་གསུམ་དང༌། སྒོམ་སྤང་སྤངས་པའི་ཡོངས་ཤེས་ནི་དངོས་གཞིའི་འབྲས་བུ་མིན་ཏེ། མི་ལྕོགས་མེད་ཀྱི་འབྲས་བུ་ཡིན་པས་སོ། །བཙུན་པ་དབྱངས་སྒྲོགས་ནི་དངོས་གཞིའི་འབྲས་བུ་བརྒྱད་དུ་འདོད་དེ། དེའི་ཚེ་སྔོན་འཇིག་རྟེན་པའི་ལམ་གྱིས་མཐོང་སྤང་སྤངས་པ་གསུམ་གྱི་བྲལ་ཐོབ་ཟག་མེད་ཀྱང་རྙེད་པས་སོ། །ཐ་མའི་ཆ་མཐུན་སྤངས་པ་ནི་དངོས་སུ་མི་ལྕོགས་མེད་ཀྱི་འབྲས་བུ་སྟེ། དེའི་ཚེ་བྲལ་ཐོབ་རྙེད་ཀྱང་གོང་མའི་མཐོང་སྤང་སྤངས་པ་དང་བསྡོམས་ནས་ཡོངས་ཤེས་གཅིག་ཏུ་བཞག་ཅེས་སོ། །ནམ་མཁའི་ཉེར་བསྡོགས་ཀྱི་འབྲས་བུ་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་ཤེས་གཅིག་པུ་ཡིན་ཞིང༌། གཟུགས་མེད་དངོས་གཞི་དང་པོ་གསུམ་གྱི་ཡང་འབྲས་བུ་ཟག་པ་ཀུན་ཟད་གཅིག་པུའོ། །ཡོངས་ཤེས་དགུ་པོ་ཐམས་ཅད་འཕགས་པའི་ལམ་ཟག་མེད་ཀྱི་འབྲས་བུ་ཡིན་ལ། འཇིག་རྟེན་པའི་ལམ་གྱི་འབྲས་བུ་ནི་ཐ་མའི་ཆ་མཐུན་ཟད་པ་དང༌། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་ཤེས་གཉིས་སོ། །སྒོམ་ལམ་རྗེས་ཤེས་ཀྱི་འབྲས་བུ་ཡང་ཡོངས་ཤེས་ཐ་མ་གཉིས་དང༌། སྒོམ་ལམ་ཆོས་ཤེས་པའི་འབྲས་བུ་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡིན་ཏེ། སྒོམ་ལམ་གྱི་འགོག་ལམ་ལ་ཆོས་ཤེས་དེ་ཁམས་གསུམ་གྱི་གཉེན་པོ་ཡིན་པས་སོ། །ཤེས་པ་དེ་དག་གི་ཕྱོགས་ཀྱི་འབྲས་བུ་དྲུག་དང་ལྔ་སྟེ། ཆོས་བཟོད་དང་ཆོས་ཤེས་དང་བཅས་པའི་འབྲས་བུ་ནི་ཡོངས་ཤེས་དགུ་ལས་གོང་མའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་མིན་པའི་ལྷག་མ་རྣམས་སོ། །རྗེས་བཟོད་རྗེས་ཤེས་དང་བཅས་པའི་འབྲས་བུ་ནི། ཁམས་གོང་མའི་ཡོངས་ཤེས་ལྔའོ། །གལ་ཏེ་སྡུག་བསྔལ་མཐོང་སྤང་སྤངས་པ་ནས་སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུའི་བར་དུ་སྤངས་པ་རེ་རེ་ཡང༌། ཅིའི་ཕྱིར་ཡོངས་ཤེས་སུ་མ་བཞག་ཅེ་ན། བཟོད་པའི་འབྲས་བུ་བྲལ་བ་ཡོངས་ཤེས་ནི་བྲལ་ཐོབ་ཟག་མེད་རྙེད་པ་དང༌། སྲིད་རྩེའི་ཕྱོགས་གཅིག་ཉམས་པར་བྱས་པ་དང༌། ཀུན་འགྲོའི་རྒྱུ་རིས་དང་པོ་གཉིས་ཀུན་ཏུ་བཅོམ་པ་སྟེ་རྒྱུ་མཚན་གསུམ་ཚང་བའི་ཕྱིར། ཡོངས་ཤེས་སུ་འཇོག་པས་ན་སྡུག་ཀུན་མཐོང་སྤང་གཉིས་མ་སྤངས་བར་དུ་རྒྱུ་མཚན་གསུམ་མ་ཚང་བའི་ཕྱིར། སྡུག་ཀུན་མཐོང་སྤང་སྤངས་པ་གཉིས་བསྡོམས་ཤིང༌། འགོག་ལམ་མཐོང་སྤང་སྤངས་པ་ལ་ནི་རེ་རེ་ལའང་རྒྱུ་མཚན་གསུམ་ཚང་བས་སོ་སོར་བྱས་སོ། །སྒོམ་སྤང་སྤངས་པ་ལ་ནི་ཁམས་རེ་རེའི་སྤངས་བྱ་མཐའ་དག་ལས་འདས་པ་ལས་ཡོངས་ཤེས་སུ་འཇོག་པ་སྤངས་པ་རེ་རེ་ཡོངས་ཤེས་སུ་མ་བཞག་གོ །གསུམ་པ་ནི། གང་ཟག་གང་ཡོངས་ཤེས་དུ་དང་ལྡན་ཞེ་ན། སོ་སོ་སྐྱེ་བོ་ནི་མཐའ་གཅིག་ཏུ་ཡོངས་ཤེས་དང་ལྡན་པ་མིན་ཏེ། བྲལ་ཐོབ་ཟག་མེད་དང་སྲིད་རྩེའི་ཕྱོགས་གཅིག་ཉམས་པ་མེད་པས་སོ། །མཐོང་ལམ་ལ་གནས་པ་ནི་སྐད་ཅིག་མ་གསུམ་པའི་ཚེ། བྲལ་ཐོབ་ཡོད་ཀྱང་སྲིད་རྩེའི་ཕྱོགས་གཅིག་ཉམས་པར་བྱས་པ་མེད་ལ། སྐད་ཅིག་མ་ལྔ་པའི་ཚེ་བྲལ་ཐོབ་དང་སྲིད་རྩེའི་ཕྱོགས་གཅིག་ཉམས་པར་བྱས་པ་ཡོད་ཀྱང་རྒྱུ་གཉིས་ཀུན་ཏུ་བཅོམ་པ་མེད་པས་ཡོངས་ཤེས་མི་ལྡན་ཞིང༌། ཀུན་འབྱུང་ཆོས་ཤེས་ལ་གནས་པས་ཡོངས་ཤེས་གཅིག་དང༌། རྗེས་ཤེས་ལ་གནས་པས་ཡོངས་ཤེས་གཉིས་དང༌། འགོག་པ་ཆོས་ཤེས་ལ་གནས་པ་གསུམ་དང༌། རྗེས་ཤེས་ལ་གནས་པ་བཞི་དང༌། ལམ་ལ་ཆོས་ཤེས་ལ་གནས་པ་ལྔ་དང་ལྡན་པས་གཅིག་ནས་ལྔའི་བར་དང༌། ཡང་དག་ལྡན་ཞེས་བྱའོ། །སྒོམ་ལམ་ལ་གནས་པ་ནི་ཆགས་བཅས་ཡིན་ན་དང་པོ་དྲུག་གམ་ཕྱིར་མི་འོང་གཟུགས་ཀྱི་ཆགས་བཅས་ནི་ཐ་མའི་ཆ་མཐུན་སྤངས་པ་གཅིག་གམ། ཡང་དེ་གཟུགས་ཀྱི་ཆགས་བྲལ་ནི་དེ་དང་གཟུགས་ཀྱི་འདོད་ཆགས་ཟད་པ་གཉིས་དང་ལྡན་ལ། དགྲ་བཅོམ་པ་ནི་ཐ་མ་ཟག་པ་ཀུན་ཟད་པ་གཅིག་པུ་དང་ལྡན་ནོ། །གལ་ཏེ་གཟུགས་ཀྱི་ཕྱིར་མི་འོང་ཆགས་བཅས་དང༌། དགྲ་བཅོམ་པའི་ཡོངས་ཤེས་རེ་རེར་བཞག་པ་ཅི་ཞེ་ན། ཁམས་ལས་འདོད་ཆགས་དང་བྲལ་བ་དང༌། འབྲས་བུ་ཐོབ་པ་སྟེ་རྒྱུ་གཉིས་པོ་ལྷན་ཅིག་ཏུ་བསྡོམ་པ་ན་སྤངས་པ་རྣམས་ཀྱི་བྲལ་ཐོབ་སོ་སོ་བ་བཏང་ནས་ཐུན་མོང་དུ་གཅིག་རྙེད་པའི་ཕྱིར། སྤངས་པ་དེ་རྣམས་བསྡོམས་ཏེ་ཡོངས་ཤེས་གཅིག་ཏུ་འཇོག་ལ། རྒྱུ་མཚན་དེ་གཉིས་ཀ་ཡང་གང་ཟག་དེ་གཉིས་ལ་སྲིད་པས་སོ། །བཞི་པ་གཏོང་ཐོབ་ནི། གང་ཟག་གང་གིས་ཡོངས་ཤེས་དུ་ཞིག་འཐོབ་ཅིང་གཏོང་ཞེ་ན། ཕྱིར་མི་འོང་གཟུགས་ཀྱི་ཆགས་བཅས་སམ། དགྲ་བཅོམ་ལས་ཉམས་པ་ནི་གཅིག་གཏོང་སྟེ། སྤངས་པ་བསྡོམས་པ་གཅིག་ལྡན་པ་ཉིད་གཏོང་བས་སོ། །ཕྱིར་མི་འོང་གཟུགས་ཀྱི་ཆགས་བྲལ་ལས་ཉམས་ན་གཟུགས་ཀྱི་འདོད་ཆགས་དང་ཟད་པའི་ཡོངས་ཤེས་གཏོང་ལ། འདོད་པའི་ཆགས་བྲལ་ཙམ་ལས་ཉམས་ན་ཐ་མའི་ཆ་མཐུན་སྤངས་པ་གཅིག་པུ་གཏོང་ངོ༌། །གཟུགས་ལ་ཆགས་བྲལ་བྱས་པའི་ཕྱིར་མི་འོང་གི་འབྲས་བུ་ལ་འདོད་པའི་མི་དགེ་བས་ཉམས་པར་བྱས་པའི་ཚེ་ན་གཉིས་གཏོང་སྟེ། གཟུགས་ཀྱི་སྒོམ་སྤང་དང༌། མཐའ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་གཉིས་གཏོང་བས་སོ། །ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོ་ལམ་ལ་རྗེས་ཤེས་ལ་གནས་པ་ནི་ཡོངས་ཤེས་དང་པོ་ལྔ་གཏོང་ལ། མཐར་གྱིས་བས་ཕྱིར་མི་འོང་ཐོབ་པ་ན་དང་པོ་དྲུག་གཏོང་ངོ༌། །ཐོབ་པ་ན་ལྔ་མིན་ཞེས་གསུངས་ཏེ། ཕྱིར་མི་འོང་གཟུགས་ལས་ཉམས་ན་གཅིག་དང༌། གཟུགས་མེད་ལས་ཉམས་ན་གཉིས་དང༌། འདོད་པའི་ཆགས་བྲལ་ལས་ཉམས་ན་དང་པོ་དྲུག་ཐོབ་བོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ཤེས་བྱ་རབ་གསལ་ལས་ཕྲ་རྒྱས་བསྟན་པ་ཞེས་བྱ་བ་སྟེ་གནས་ལྔ་པའི་དོན་བཤད་པའོ།། ༈ །གནས་དྲུག་པ་ལམ་དང་གང་ཟག་བསྟན་པ་ལ་གསུམ་སྟེ། ལམ་བཤད་པ། གང་ཟག་བཤད་པ། ལམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་སྤངས་པ་ནི། ཡོངས་ཤེས་ཞེས་བཤད་པ་དེ་ལ་བདེན་པ་མཐོང་བ་བསྒོམས་པ་ལས་ཉོན་མོངས་པ་སྤངས་པ་ཞེས་སྔར་བཤད་པའོ། །དེ་ལ་བདེན་པ་མཐོང་བ་ནི། མཐོང་བའི་ལམ་དང༌། སྒོམ་པའི་ལམ་ཡིན་པས་དེ་དག་བསྟན་པའི་དོན་དུ་ལམ་བཤད་པ་ལ་གསུམ་སྟེ། ལམ་གྱི་ངོ་བོ། ལམ་གྱི་དམིགས་པ། ལམ་སྐྱེ་བའི་ཚུལ་ལོ། །དང་པོ་ནི། མཐོང་སྒོམ་གྱི་ལམ་དེ་དག་ཟག་བཅས་ཟག་མེད་གང་ཞིག་ཡིན་ཞེ་ན། སྒོམ་པའི་ལམ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་གིས་ཟག་བཅས་ཟག་མེད་གཉིས་ཡིན་ལ། མཐོང་ལམ་ནི་སྲིད་རྩེའི་གཉེན་པོ་བྱེད་པ་དང༌། མཐོང་སྤང་དགུ་ཆར་སྤོང་བས་ཟག་མེད་ཁོ་ནའོ། །སྒོམ་སྤང་ནི་གཞི་དང་བཅས་པས་བརྟན་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་ཅིག་ཅར་སྤོང་མི་ནུས་པས་རིམ་གྱིས་སྤོང་ངོ༌། །མངོན་པ་གོང་མ་བས་ནི་རྒྱུན་ཞུགས་ཅིག་ཅར་པས་ཁམས་གསུམ་གྱི་སྒོམ་སྤང་རྣམས་ཆེ་འབྲིང་དགུར་དྲིལ་ཏེ་ཆེན་པོ་སོགས་ཅིག་ཅར་སྤོང་བར་བཞེད་དོ། །གཉིས་པ་ལམ་གྱི་དམིགས་པ་ནི། བདེན་པ་མཐོང་བ་ཞེས་བཤད་ན་བདེན་པ་གང་ཞེ་ན། བདེན་པ་རྣམས་ནི་བཞི་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པའོ། །དེ་ལ་འབྲས་བུར་གྱུར་པ་ཉེར་ལེན་གྱི་ཕུང་པོ་ནི་སྡུག་བསྔལ་ལོ། །རྒྱུར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་ནི་ཀུན་འབྱུང་དང༌། བྲལ་འབྲས་འདུས་མ་བྱས་ནི་འགོག་པ་དང༌། ཟག་མེད་འདུས་བྱས་ནི་ལམ་བདེན་ཏེ། སོ་སོའི་ངོ་བོ་སྔར་བཤད་པ་དེ་བཞིན་ནོ། །དེ་ལྟར་ན་བཞི་པོ་དེ་རྣམས་འདིར་ཇི་ལྟར་སྔ་ཕྱིར་མངོན་པར་རྟོགས་པའི་རིམ་པ་བཞིན་བསྟན་ཏོ། །དཔེར་ན་ཐོག་མར་ནད་མཐོང་ནས་དེའི་རྒྱུ་ལ་རྟོག་པ་དེ་ནས་ནད་ཟད་པ་དོན་དུ་གཉེར་ཞིང༌། དེའི་ཐབས་སུ་སྨན་ཚོལ་བ་བཞིན་དུ་ཚོགས་སྦྱོར་གྱི་དུས་སུ་སྡུག་བསྔལ་མཐོང་ནས་དེའི་རྒྱུ་ཀུན་འབྱུང་ལ་རྟོག་ལ། འགོག་པ་དོན་དུ་གཉེར་ཞིང༌། དེ་ཐོབ་པའི་ཐབས་ཚོལ་བའི་རིམ་པས་རྟོགས་པར་བྱས་པས་མཐོང་ལམ་དུ་སྡུག་བསྔལ་སོགས་རིམ་པས་མཐོང་ངོ༌། །ཅིའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱ་ཞེ་ན། འཕགས་པ་རྣམས་ཀྱིས་ཇི་ལྟར་གཟིགས་པ་བཞིན་བདེན་པས། འཕགས་པའི་བདེན་པའོ། །གལ་ཏེ་སྡུག་བསྔལ་གྱི་ཚོར་བ་ནི་ཟག་བཅས་ཀྱི་ཕྱོགས་གཅིག་མ་ཡིན་ནམ། ཇི་ལྟར་ན་འདུ་བྱེད་ཟག་བཅས་ཐམས་ཅད་སྡུག་བསྔལ་དུ་བརྗོད་ཅེ་ན། འདུ་བྱེད་ཟག་བཅས་མ་ལུས་པ་ཆོས་ཅན། སྡུག་བསྔལ་ཡིན་ཏེ། ཟག་བཅས་ཀྱི་ཚོར་བ་ཡིད་དུ་འོང་བ་དང་མི་འོང་བ་དང་དེ་གཉིས་ལས་གཞན་པ་བཏང་སྙོམས་ཀྱི་ཚོར་བ་རྣམས་ཀྱི་སྒོ་ནས་ཇི་ལྟར་རིགས་པར་འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་གསུམ་དང་ལྡན་པའི་ཕྱིར། འོ་ན་ཟག་བཅས་ཀྱི་ཚོར་བ་བདེ་བ་ཡང་སྡུག་བསྔལ་དུ་འགྱུར་བས། འཇིག་རྟེན་ན་བདེ་བ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། སོ་སྐྱེའི་བློ་ལ་ལྟོས་ནས་བདེ་བའི་ཐ་སྙད་བྱས་ལ། འཕགས་པ་རྣམས་ཀྱི་གཟིགས་པ་ལ་ལྟོས་ནས་སྡུག་བསྔལ་ལོ། །སློབ་དཔོན་ཨརྻ་དྭེ་ཝས་ནི། ཉེར་ལེན་གྱི་ཕུང་པོ་རྟག་པར་འཛིན་པ་དང༌། ཟག་བཅས་ཀྱི་ཚོར་བ་བདེ་བར་འཛིན་པ་རྣམས་ཕྱིན་ཅི་ལོག་ཏུ་མགོ་མཉམ་དུ་བཤད་དོ། །ཐུབ་པས་བདེན་གཉིས་ཀྱང་གསུངས་ན་དེ་གཉིས་ཀྱི་མཚན་ཉིད་ཅི་ཞེ་ན། གང་ལ་ཐོ་བ་སོགས་ཀྱིས་བཅོམ་པས་དེའི་བློ་མི་འཇུག་པ་བུམ་པ་ལྟ་བུ་དང༌། བཅོམ་པས་མི་གནོད་ཀྱང་བློ་ཡིས་གཟུགས་ལ་སོགས་པའི་ཆོས་གཞན་དང་གཞན་དུ་བསལ་ན་དེའི་བློ་མི་འཇུག་པ་ཆུ་བཞིན་དུ་ཡོད་པ་ནི་ཀུན་རྫོབ་ཙམ་དུ་ཡོད་པ་སྟེ། དོན་དམ་པར་ཡོད་པ་ནི་དེ་གཉིས་ལས་གཞན་པ་གཟུགས་སོགས་ལྟ་བུའོ། །གསུམ་པ་ལམ་གྱི་སྐྱེ་ཚུལ་ལ་གཉིས་ཏེ། འཇུག་ཚུལ་མདོར་བསྟན། སྒོམ་ཚུལ་རྒྱས་བཤད་དོ། །དང་པོ་ནི། བདེན་པ་རྣམས་ཇི་ལྟར་མཐོང་བར་འགྱུར་ཞེ་ན། དང་པོར་ཚུལ་ཁྲིམས་ལ་གནས་ཏེ་བདེན་པ་མཐོང་བ་དང་མཐུན་པའི་ཐོས་པ་དང༌། ཐོས་པའི་དོན་ཕྱིན་ཅི་མ་ལོག་པར་བསམ་པ་དང་ལྡན་པས་སྒོམ་པ་ལ་རབ་ཏུ་སྦྱོར་བའི་སྒོ་ནས་ཤེས་རབ་གསུམ་སྐྱེས་པར་བྱེད་དོ། །ཤེས་རབ་གསུམ་གང་ཞེ་ན། ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་བློ་སྟེ། ཤེས་རབ་གསུམ་པོ་རྣམས་ནི་རིམ་པ་བཞིན་དུ། མིང་དང་མིང་དོན་གཉིས་ཀ་དང༌། དོན་གྱི་ཡུལ་ཅན་ནོ་ཞེའོ། །འོ་ན་བསམ་བྱུང་གི་ཤེས་རབ་མིང་ལ་དམིགས་པའི་ཆ་ནས་ཐོས་བྱུང་དང༌། དོན་ལ་དམིགས་པའི་ཆ་ནས་སྒོམ་བྱུང་དུ་ཐལ་བས་བསམ་བྱུང་མི་རྙེད་པར་འགྱུར་ཞེས་སྐྱོན་བརྗོད་ནས། སློབ་དཔོན་གྱིས་ནི། ཡིད་ཆེས་པའི་གསུང་རབ་ལས་སྐྱེས་པ་དང༌། རིགས་པས་ངེས་པར་བསམ་པ་ལས་སྐྱེས་པ་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་རབ་ལ་བཞེད་དོ། །གཉིས་པ་ལ་གཉིས་ཏེ། རྟེན་སྒོམ་པ་པོའི་ཁྱད་པར། བསྒོམ་བྱ་ལམ་གྱི་རིམ་པའོ། །དང་པོ་ནི། སྒོམ་པ་པོ་གང་གིས་སྒོམ་པ་ཇི་ལྟར་རྫོགས་པར་འགྱུར་ཞེ་ན། ལུས་འདུ་འཛི་དང༌། སེམས་མི་དགེ་བའི་རྣམ་རྟོག་ལས་བསྲིངས་པ་གཉིས་དང་ལྡན་ན་རྫོགས་པར་འགྱུར་རོ། །ཆོག་མི་ཤེས་པ་དང༌། འདོད་ཆེན་ཅན་ལ་ནི་ལམ་སྐྱེ་བར་སླ་བ་མིན་ཅིང་བཟློག་པ་སླ་བའོ། །གཉིས་པོའི་ཁྱད་པར་ཅི་ཞེ་ན། ཆོས་མངོན་པ་བས་ནི། ཆོས་གོས་སོགས་གྱ་ནོམ་པ་རྙེད་པ་ལ་ཡང་ཡང་སྲེད་ཅིང་འདོད་པ་ནི་ཆོག་མི་ཤེས་པ་དང༌། ཆོས་གོས་སོགས་མ་རྙེད་པ་ལ་རྙེད་པར་འདོད་ཆེན་ཅན་ནོ་ཞེའོ། །སློབ་དཔོན་ནི་ངན་པ་དང་ཉུང་བ་རྙེད་པས་ཡིད་མི་བདེ་བ་ནི་ཆོག་མི་ཤེས་པ་དང༌། བཟང་བ་དང་མང་བ་རྙེད་པར་འདོད་པ་ནི་འདོད་ཆེན་ཅན་དུ་བཞེད་དོ། །ཆོག་མི་ཤེས་པ་དང་འདོད་ཆེན་ཅན་གཉིས་ལས། བཟློག་པ་ནི་དེ་དག་གི་གཉེན་པོ་ཆོག་ཤེས་དང༌། འདོད་ཆུང་ཡིན་ལ། གཉེན་པོ་དེ་གཉིས་ནི་ཁམས་གསུམ་དུ་གཏོགས་པ་གསུམ་དང༌། དྲི་མེད་ཀྱང་སྟེ་བཞིའོ། །ངོ་བོ་ནི་མ་ཆགས་པའི་རང་བཞིན་ནོ། །ལམ་དེ་དག་སྐྱེ་བའི་རྒྱུ་གང་ཞེ་ན། འཕགས་པ་སྟེ་ཟག་མེད་ཀྱི་ལམ་སྐྱེ་བའི་རིགས་བཞི་པོ་སྟེ་འདི་དག་ཀྱང་མ་ཆགས་པའི་རང་བཞིན་ནོ། །བཞི་གང་ཞེ་ན། ཆོས་གོས་དང༌། བསོད་སྙོམས་དང༌། མལ་སྟན་ཅུང་ཟད་ཙམ་གྱིས་ཆོག་ཤེས་པ་དང༌། སྤོང་བ་དང༌། སྒོམ་པ་ལ་དགའ་བའོ། །བཞི་པོ་དེ་རྣམས་ཀྱི་དང་པོ་གསུམ་ནི་ཆོག་ཤེས་པའི་བདག་ཉིད་ཡིན་ལ། ཐ་མ་ནི་ལམ་སྒོམ་པ་དང༌། འགོག་པ་ཐོབ་པ་ལ་མངོན་པར་དགའ་བའོ། །སྲིད་པ་དང་འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པས་འདི་དག་ལ་མ་ཆགས་པ་ཞེས་བྱའོ། །རིགས་བཞི་པོ་དེས་དོན་གང་བསྟན་ཞེ་ན། དང་པོ་གསུམ་གྱིས་ཚུལ་བསྟན་ལ། ཐ་མས་ལས་བསྟན་ཏེ། ཚུལ་འདི་ལ་གནས་ཤིང་ལས་འདི་བྱེད་ན་ཐར་པ་ཐོབ་པར་འགྱུར་རོ། །ཞེས་པའི་དོན་ནོ། །ཅིའི་ཕྱིར་ཚུལ་དང་ལས་འདི་ལྟ་བུ་བཅས་ཤེ་ན། རྟེན་གྱི་གང་ཟག་གི་རྒྱུད་ལ་སྐྱེ་བའི་གོས་སོགས་ལ་སྲེད་པ་བཞིའི་གཉེན་པོའི་ཕྱིར་དུ་སྟེ། བདག་གིར་འཛིན་པའི་དངོས་པོ་ཆོས་གོས་སོགས་གསུམ་འདོད་པ་དང༌། ལུས་ཀྱི་དངོས་པོ་ལ་བདག་ཏུ་འཛིན་པའི་འདོད་པ་སྟེ་ཕྱི་ནང་གི་དངོས་པོ་ལ་སྲེད་པ་གཉིས་ཡོད་པ་ལས། ཚུལ་གྱིས་ནི་བདག་གིར་འཛིན་པ་དེའི་དུས་ཏེ་རེ་ཞིག་ཞི་བར་བྱེད་པ་དང༌། ལས་ཀྱིས་ནི་གཉིས་ཀ་གཏན་དུ་ཞི་བར་བྱེད་པའི་ཕྱིར་རོ། །གཉིས་པ་སྒོམ་བྱ་ལམ་གྱི་རིམ་པ་ལ་གཉིས་ཏེ། ཞི་གནས་སྒོམ་ཚུལ་དང༌། ལྷག་མཐོང་སྒོམ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཇི་ལྟར་འཇུག་པའི་རིམ་པ་དང༌། ཏིང་ངེ་འཛིན་ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་བསྟན་པའི་སྣོད་དུ་གྱུར་པ་དེ་སྒོམ་པ་ལ་ཇི་ལྟར་འཇུག་ཅེ་ན། དང་པོར་ཞི་གནས་བསྒྲུབས་ཏེ། དེ་ནས་ལྷག་མཐོང་སྒོམ་དགོས་པས་སྒོམ་པ་དེ་ལ་འཇུག་པའི་ཚུལ་ནི། མི་སྡུག་པ་སྒོམ་པས་འཇུག་པ་དང༌། ཡང་ན་དབུགས་རྔུབ་པ་དང༌། འབྱུང་བ་དྲན་པ་ཡིས་འཇུག་གོ །གང་ཟག་གང་གིས་འཇུག་ཅེ་ན། འདོད་ཆགས་ལྷག་པ་མི་སྡུག་པ་སྒོམ་པ་དང༌། རྣམ་རྟོག་ལྷག་པ་དབུགས་འབྱུང་རྔུབ་དྲན་པ་སྟེ། འདིས་རྣམ་རྟོག་གཅོད་པ་ནི་ཁ་ཅིག་ཡུལ་སྣ་ཚོགས་ལ་མི་དམིགས་པའི་ཕྱིར། ཞེས་དང༌། གཞན་དག་ཁ་ཕྱིར་མ་ལྟས་པས་སོ་ཞེའོ། །འདི་དག་ཀྱང་ཞེ་སྡང་ཤས་ཆེ་བས་བྱམས་པ་དང༌། གཏི་མུག་ཤས་ཆེ་བས་རྟེན་འབྲེལ་དང༌། ང་རྒྱལ་ཤས་ཆེ་བས་ཁམས་ཀྱི་རབ་ཏུ་དབྱེ་བ་བསྒོམས་ཏེ། ཉོན་མོངས་པ་ཆ་མཉམ་ནས་གདོད་ཞི་གནས་སྐྱེད་ལ། ཆ་མཉམ་པའམ་ཤས་ཆུང་བས་ནི་དང་པོ་ཉིད་ནས་ཞི་གནས་སྐྱེད་པས་ཆོག་པར་བཤད་ཅིང༌། ཤས་ཆེ་བའང་དེ་ལྟར་ངེས་པར་མངོན་ཏེ། ཀུན་བཏུས་སུ་ཤས་ཆེ་བའི་དབྱེ་བ་སྟོན་པ་ན་དེ་ལྔ་ལས་མ་བགྲངས་པས་སོ། །གཉིས་པ་ལ་གཉིས་ཏེ། མི་སྡུག་པ་ལ་དམིགས་པའི་སྒོམ་ཚུལ། རླུང་ལ་དམིགས་པའི་སྒོམ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། འདོད་ཆགས་བཞི་ལས་ཁ་དོག་ལ་ཆགས་པའི་གཉེན་པོ་རྣམ་པར་སྔོས་པ། རྣགས་པ། བམ་པ། དམར་བ། ཚིག་པ་སྟེ་ལྔ་དང༌། དབྱིབས་ལ་ཆགས་པ་ལ། ཟོས་པ། འཐོར་བ་དང༌། རེག་བྱ་ལ་ཆགས་པ་ལ་འབུས་གཞིག་པ་དང༌། རྒྱུས་པས་སྦྲེལ་བའི་ཀེང་རུས་དང༌། བསྙེན་བཀུར་ལ་ཆགས་པ་ལ་ཤི་རོ་གཡོ་བ་མེད་པ་ལ་དམིགས་ནས་སྒོམ་ལ། ཀེང་རུས་སྒོམ་པ་ནི་ཆགས་ཅན་ཐམས་ཅད་ལ་ཤེས་ཏེ། དེ་ལ་ཆགས་པ་བཞི་ཀའི་གནས་མེད་པས་སོ། །གཉིས་པ་ནི། མི་སྡུག་པ་སྒོམ་པའི་རྣལ་འབྱོར་པ་གསུམ་ལས། དང་པོར་རང་གི་རྐང་བའི་མཐེ་བོའམ། དཔྲལ་བའི་དབྱི་བ་སོགས་གང་མོས་སུ་ཤ་མྱགས་ཤིང་ཟགས་པས་རུས་པར་འགྱུར་པ་རིམ་གྱིས་རང་ལུས་ཀུན་དང༌། རྒྱ་མཚོ་བར་གྱི་ས་གཞི་ཀེང་རུས་ཀྱིས་གང་བར་མོས་པས་སྤྲོ་ཞིང་སྡུད་པ་ན་རང་གི་ལུས་ཙམ་ཀེང་རུས་སུ་སྒོམ་པ་ལས་དང་པོ་བའི་རྣལ་འབྱོར་པ་དང༌། གཞན་དེ་དང་འདྲ་བ་ལ་བསྡུས་པ་ན་ཀེང་རུས་བོར་ནས་ལྷག་མ་རུས་པར་མོས་པ་སོགས་ཐོད་པ་ཕྱེད་ཀྱི་བར་རིམ་གྱིས་བོར་ནས་ཐོད་པ་ཕྱེད་ཀྱི་བར་ཡིད་ལ་བྱེད་པ་ནི་སྦྱང་བ་བྱས་པའི་རྣལ་འབྱོར་པར་བཤད་ལ། དེ་ཐོད་ཕྱེད་ཀྱང་བོར་ནས་སྨིན་མ་གཉིས་ཀྱི་བར་དུ་སེམས་འཛིན་པ་ནི་ཡིད་ལ་བྱེད་པ་རྫོགས་པའི་རྣལ་འབྱོར་པ་ཡིན་ཞེས་གྲག་གོ །མི་སྡུག་པ་འདིའི་ངོ་བོ་ཅི་ཡིན། ས་ནི་དུ། དམིགས་པ་ནི་གང༌། རྟེན་གང་དུ་སྐྱེད་ཅེ་ན། ངོ་བོ་མ་ཆགས་པའི་དགེ་བ་སྟེ། ས་ནི་བསམ་གཏན་བཞི་དང་དེའི་ཉེར་བསྡོགས་བཞི་དང༌། ཁྱད་པར་ཅན་དང༌། འདོད་ཁམས་ཏེ་བཅུ་ནའོ། །དམིགས་པ་ནི་འདོད་པའི་སྣང་བ་ཁ་དོག་དང་དབྱིབས་དང༌། རྟེན་ནི་གླིང་གསུམ་པའི་མི་ཁོ་ནས་སྐྱེད་དོ། །གཉིས་པ་རླུང་ལ་དམིགས་པའི་སྒོམ་ཚུལ་ལ་གཉིས་ཏེ། ཐུན་མོང་དུ་བསྟན་པ་དང༌། ཁྱད་པར་དུ་བཤད་པའོ། །དང་པོ་ནི། དབུགས་རྔུབ་པ་ནང་དུ་འཇུག་པ་དང༌། འབྱུང་བ་ཕྱིར་འབྱིན་པ་དྲན་པའོ། །ངོ་བོ་ཤེས་རབ་བོ། །འོན་ཀྱང་དྲན་པའི་སྟོབས་ཀྱིས་སྐྱེད་དགོས་པས་དྲན་པ་ཞེས་སྨོས་སོ། །ས་ནི་ཉེར་བསྡོགས་དང་པོ་གསུམ་དང༌། ཁྱད་པར་ཅན་དང༌། འདོད་པ་དང་ལྔ་ན་ཡོད་དོ། །ཚོར་བ་བཏང་སྙོམས་དང་ལྡན་པ་ཡིན་གྱི་རྣམ་པར་གཡེང་བའི་རྣམ་རྟོག་དང་མི་མཐུན་པས་བདེ་སྡུག་དང་མི་ལྡན་ནོ། །བསམ་གཏན་བཞི་པའི་ཉེར་བསྡོགས་ལ་མི་བརྟེན་ཏེ། དབུགས་ཀྱི་ས་མ་ཡིན་པས་སོ། །གང་ལ་དམིགས་པའི་སྤྱོད་ཡུལ་ནི་རླུང་ངོ༌། །རྟེན་ནི་འདོད་པའི་ལྷ་མིའི་རྟེན་ཅན་དང༌། དེ་ཡང་ཆོས་འདི་པ་ཁོ་ན་ལ་ཡོད་ཀྱི་ཕྱི་པའི་རྟེན་ཅན་མ་ཡིན་ཏེ། ཕྱི་པ་ལ་ལུང་མེད་ཅིང་བདག་ཉིད་ཀྱིས་ཆོས་ཟབ་མོ་མི་རྟོགས་པས་སོ། །གཉིས་པ་ལ་གསུམ་སྟེ། སྒོམ་ཚུལ་གྱི་དབྱེ་བ། ཡུལ་གྱི་ངོ་བོ། ཡུལ་ཅན་གྱི་ཁྱད་པར་རོ། །དང་པོ་ནི། བགྲང་བ་ལ་སོགས་པ་རྣམ་པ་དྲུག་གོ །ཇི་སྐད་དུ། བགྲང་དང་རྗེས་འགྲོ་འཇོག་པ་དང༌། །རྟོག་པ་དང་ནི་བསྒྱུར་བ་དང༌། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་པ་ལྟར་རོ། །དང་པོ་ནི། མང་ན་གཡེངས་ཤིང་ཉུང་ན་ཞུམ་པར་འགྱུར་བས་འབྱུང་རྔུབ་དག་གཅིག་ནས་བཅུའི་བར་བགྲང་ལ། དེ་ལའང་གཉིས་ལ་གཅིག་ཏུ་འཛིན་ན་མ་ཚང་བ་དང༌། གཅིག་ལ་གཉིས་སུ་འཛིན་ན་ལྷག་པ་དང༌། རྔུབ་པ་ལ་འབྱུང་བའམ། འབྱུང་བ་ལ་རྔུབ་པར་འཛིན་ན་འཆོལ་པར་བགྲངས་པ་སྟེ། སྐྱོན་དེ་གསུམ་སྤངས་ཤིང༌། བར་དུ་ཡེངས་ན་གཞི་ནས་བླངས་ཏེ། ཏིང་ངེ་འཛིན་ཐོབ་ཀྱི་བར་དུ་བྱའོ། །ཉན་སར་ནི། རེ་རེ་ནས་ཟུང་དུ་དང༌། རྗེས་སུ་མཐུན་པ་དང་མི་མཐུན་པར་གོང་ནས་གོང་དུ་སྐྱེད་དེ་བགྲངས་པ་སོགས་དུ་མ་བཤད་དོ། །རྗེས་འགྲོ་ནི་རླུང་འདི་རྣམས་ཐག་ཇི་སྲིད་དུ་འབྱུང་འཇུག་ལུས་ཀུན་ལ་ཁྱབ་པའམ། འགའ་ཞིག་ཏུ་རྒྱུ་ཞེས་དང༌། འཇུག་པ་ན་མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། བརླ་དང༌། བྱིན་པ་དང༌། རྐང་པ་གཉིས་ཀྱི་བར་དུ་རྗེས་སུ་འགྲོ་ལ། འབྱུང་བ་ན་མཐོ་གང་དང་འདོམ་གང་གི་བར་དུའོ་ཞེས་རྟོག་པའོ། །འཇོག་པ་ནི་རླུང་ནོར་བུའི་ཐག་པ་ལྟར་སྣ་རྩེ་ནས་རྐང་པའི་བར་དུ་གནས་པར་ལྟ་ཞིང༌། ཅི་འདི་རྣམས་ཕན་པ་བྱེད་པའམ་གནོད་པ་བྱེད་པའམ་གྲང་ངམ་དྲོ་ཞེས་རྟོག་པའོ། །ཁྱད་པར་བཞི་པ་རྟོག་པ་ནི་འདི་རྣམས་རླུང་འབའ་ཞིག་མ་ཡིན་གྱི་འབྱུང་བ་དང་འབྱུང་འགྱུར་གྱི་གཟུགས་དང༌། དེ་དག་ལ་བརྟེན་པའི་སེམས་དང་སེམས་བྱུང་ཡང་ཡོད་དོ་ཞེས་ཕུང་པོ་ལྔ་ལ་རྟོག་པའོ། །ལྔ་པ་བསྒྱུར་བ་ནི་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ་ཆོས་མཆོག་གི་བར་དུ་གོང་ནས་གོང་དུ་དགེ་བ་སྤྱད་པའོ། །དྲུག་པ་ཡོངས་སུ་དག་པ་ནི་མཐོང་སྒོམ་ལ་འཇུག་པའོ། །གཉིས་པ་ཡུལ་གྱི་ཁྱད་པར་ནི། དབུགས་རྔུབ་པ་དང་འབྱུང་བ་ཡིན་ལ་འདི་ནི་ལུས་ཀྱི་ཕྱོགས་གཅིག་ཡིན་པས་ས་གང་ལས་ལུས་འབྱུང་བ་དེའི་ས་པའོ། །འགྲོ་བའི་རྒྱུད་ཀྱིས་བསྡུས་པས་སེམས་ཅན་དུ་སྟོན་པ་དང༌། དབང་པོ་དང་ཚོགས་པ་ཐ་དད་པས་མ་ཟིན་པ་དང༌། རྒྱུ་མཐུན་ལས་བྱུང་གི། རྒྱས་པ་དང་རྣམ་སྨིན་ལས་མ་བྱུང་སྟེ། ལུས་རྒྱས་པ་ན་འགྲིབ་ཅིང་ཆད་ནས་མཚམས་སྦྱར་བས་སོ། །གསུམ་པ་ནི། རང་ས་དང་གོང་སའི་སེམས་ཀྱིས་རྟོགས་ཀྱི་འོག་མའི་ཡིད་སྤྱོད་ལམ་པའམ་སྤྲུལ་སེམས་ཀྱིས་གོང་མའི་འབྱུང་འཇུག་དེ་གཉིས་མི་རྟོགས་སོ། །ཞི་གནས་སྒོམ་ཚུལ་བསྟན་ཟིན་ཏོ། །གཉིས་པ་ལྷག་མཐོང་སྒོམ་ཚུལ་ལ་གསུམ་སྟེ། ཚོགས་ལམ་སྒོམ་ཚུལ། སྦྱོར་ལམ་དང༌། བདེན་པ་མངོན་པར་རྟོགས་པའི་ལམ་མོ། །དང་པོ་ལ་མདོར་བསྟན་དང་རྒྱས་བཤད་གཉིས་སོ། །དང་པོ་ནི། ཇི་སྐད་བསྟན་པའི་འཇུག་སྒོ་རྣམ་པ་གཉིས་ཀྱིས། ཞི་གནས་གྲུབ་པར་གྱུར་པའི་ཕྱིར་ལྷག་མཐོང་གི་ལམ་དྲན་པ་ཉེར་བཞག་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། གཟུགས་ཀྱི་ཕུང་པོ་ལུས་དང༌། ཚོར་བའི་ཕུང་པོ་དང༌། སེམས་རྣམ་ཤེས་ཀྱི་ཕུང་པོ་དང༌། ཆོས་ནི་ཕུང་པོ་གསུམ་དེ་དག་ལས་གཞན་པའི་ཆོས་རྣམས་ཡིན་པས། དེ་རྣམས་ལ་དམིགས་ནས་འབྱུང་བ་དང་འབྱུང་འགྱུར་དང༌། ཚོར་བ་དང་སེམས་དང་ཆོས་རྣམས་ཀྱི་རང་རང་གི་མཚན་ཉིད་དང༌། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་སྟོང་པ་དང་བདག་མེད་པའི་རྣམ་པ་སྟེ། རང་དང་སྤྱིའི་མཚན་ཉིད་གཉིས་སུ་ཡོངས་སུ་བརྟགས་པ་བསྒོམ་པར་བྱའོ། །གཉིས་པ་རྒྱས་བཤད་པ་ལ་གཉིས་ཏེ། དྲན་པ་ཉེར་བཞག་ཐུན་མོང་གི་ཆོས། བྱེ་བྲག་ཆོས་དྲན་པ་ཉེར་བཞག་གི་སྒོམ་ཚུལ་ལོ། །དང་པོ་ནི་མདོ་ལས། ལུས་ལ་ལུས་ཀྱིས་རྗེས་སུ་ལྟ་བ་ཞེས་གསུངས་པས། ངོ་བོ་ཤེས་རབ། དེ་ཡང་ཐོས་པ་དང་སོགས་པས་བསམ་པ་དང༌། བསྒོམས་པ་ལས་བྱུང་བ་ཡིན་གྱི་སྐྱེས་ཐོབ་ནི་མ་ཡིན་ལ། དྲན་པ་ཞེས་སྨོས་པ་ནི། དམིགས་ཡུལ་ལ་དྲན་པའི་སྟོབས་ཉེ་བར་འཇོག་པར་བྱེད་པས་དྲན་པ་ཉེར་བཞག་ཅེས་སོ། །གཞན་དེ་དང་ལྷན་ཅིག་འབྱུང་བའི་ཚོར་བ་སོགས་ནི་འབྲེལ་པ་དང༌། དེ་དག་གི་ཡུལ་ནི་དམིགས་པ་ལས་དྲན་པ་ཉེར་བཞག་གི་ཐ་སྙད་བྱས་སོ། །གོ་རིམ་ནི་ཇི་ལྟར་སྐྱེ་བའི་རིམ་པ་བཞིན་ཏེ། ཡུལ་སྔ་མ་སྔ་མ་རགས་པས་རགས་པ་དང་ཕྲ་བ་རིམ་པ་བཞིན་དུ་མཐོང་བའི་རིམ་པས་སོ། །ཅིའི་ཕྱིར་དྲན་པ་ཉེར་བཞག་བཞིར་ངེས་ཤེ་ན། ལུས་གཙང་བ་དང༌། ཚོར་བ་བདེ་བ་དང༌། སེམས་རྟག་པ་དང༌། ཆོས་ལ་བདག་ཏུ་རྟོག་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོར་དྲན་པ་ཉེར་བཞག་བཞི་གོ་རིམ་བཞིན་དུ་བསྟན་པས། མི་མཐུན་ཕྱོགས་ཀྱི་དབྱེ་བས་བཞིར་ངེས་སོ། །དྲན་པ་ཉེར་བཞག་དང་པོ་གསུམ་ནི་མ་འདྲེས་པ་ལ་དམིགས་པ་ཡིན་ལ། ཆོས་དྲན་པ་ཉེར་བཞག་ནི་ཆོས་ཁམས་ཁོ་ན་ལ་ལྟ་ན་མ་འདྲེས་པ་ལ་དམིགས་པ་དང༌། ལུས་དང་ཚོར་བ་སོགས་གཉིས་སམ་གསུམ་མམ་བཞི་ཀ་ལ་ལྟ་ན་འདྲེས་པ་ལ་དམིགས་པ་ཞེས་བྱའོ། །གཉིས་པ་ནི། ལུས་སོགས་སོ་སོ་ལ་དམིགས་པའི་དྲན་པ་ཉེར་བར་བཞག་སྔ་མ་གསུམ་གོམས་པར་བྱས་ནས། དེའི་རྗེས་སུ་གང་ཟག་དེ་ནི་ཆོས་དྲན་པ་ཉེར་བཞག་པ་ལུས་དང་ཚོར་བ་སོགས་དམིགས་པ་ཀུན་ནས་འདྲེས་པ་ལ་དམིགས་པ་ལ་གནས་ཏེ། དམིགས་པ་དེ་རྣམས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་བཞིར་ལྟའོ། །གཉིས་པ་སྦྱོར་ལམ་བཞི་སྟེ། སྐྱེ་བའི་ཚུལ། ངོ་བོ། ཁྱད་པར་ཅན་གྱི་ཆོས། སྔོན་འགྲོའོ། །དང་པོ་ནི། ཆོས་དྲན་པ་ཉེར་བཞག་དེ་ལྟར་གོམས་པ་དེ་ལས་རིམ་གྱིས་དྲོ་བར་གྱུར་པ་འབྱུང་སྟེ། ཉོན་མོངས་པའི་བུད་ཤིང་སྲེག་བྱེད་ཟག་མེད་ཀྱི་མེའི་སྔ་ལྟས་ཡིན་པས་དེ་སྐད་དོ། །དྲོ་བ་དེ་ནི་རྒྱུན་ཆགས་པས་བདེན་བཞིའི་སྤྱོད་ཡུལ་ཅན་ཏེ། རྣམ་པ་མི་རྟག་སོགས་བཅུ་དྲུག་ཏུ་ལྟའོ། །དྲོ་བ་ཆུང་འབྲིང་ཆེན་པོ་རིམ་གྱིས་འཕེལ་བ་ལས། རྩེ་མོ་སྐྱེ་སྟེ། དགེ་བའི་རྩ་བ་གཡོ་བའམ་ཉམས་སྲིད་པའི་རྩེ་མོ་ཡིན་པས་དེ་སྐད་དོ། །རྩེ་མོ་དེ་ཡང་དམིགས་རྣམ་དྲོད་དང་འདྲ་ལ། ཁྱད་པར་ནི་ཆེས་མཆོག་ཏུ་གྱུར་པས་མིང་གཞན་དུ་བཏགས་སོ། །དྲོད་རྩེ་གཉིས་ཀ་ཆོས་དྲན་པ་ཉེར་བཞག་གིས་དང་པོར་བདེན་པའི་རྣམ་པར་གཏོད་དེ། འགོད་ཅིང་འཇུག་པར་བྱེད་ལ། ལུས་དྲན་པ་ཉེར་བཞག་སོགས་གཞན་གསུམ་གྱིས་འཕེལ་བར་ཏེ་གོམས་པས་བྱང་བར་བྱེད་དོ། །རྩེ་མོ་དེ་ཆུང་འབྲིང་ཆེན་པོ་རིམ་གྱིས་འཕེལ་བ་ལས་བཟོད་པ་སྐྱེ་སྟེ། ཡོངས་སུ་མི་ཉམས་པའི་སྒོ་ནས་བདེན་པ་ལ་ཆེར་བཟོད་པས་དེ་སྐད་དོ། །དྲོད་རྩེ་ནི་ཆུང་འབྲིང་གཉིས་ཉམས་སྲིད་པས་སོ། །དེ་ལ་གསུམ་ལས་ཆུང་འབྲིང་རྣམ་པ་གཉིས་ནི་དམིགས་རྣམ་དང༌། རྣམ་པ་གཏོད་ཚུལ་རྩེ་མོ་དེ་བཞིན་ལ། ཁྱད་པར་ནི་བཟོད་པ་གསུམ་ཆར་ཆོས་དྲན་པ་ཉེར་བཞག་གིས་འཕེལ་བར་བྱེད་ཀྱི་གཞན་གྱིས་མིན་ཏེ། ཆོས་མཆོག་དང་ཉེ་བས་སོ། །བཟོད་པ་ཆེན་པོ་ནི་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་ཡུལ་ཅན་ཡིན་ལ་དྲོད་སོགས་ནི་ཁམས་གསུམ་པའི་སྡུག་བསྔལ་སོགས་ལ་དམིགས་སོ། །བཟོད་ཆེན་དེ་ནི་རྒྱུན་མེད་ཀྱི་སྐད་ཅིག་གཅིག་ཁོ་ནའོ། །བཟོད་ཆེན་དེ་བཞིན་དུ་ཆོས་མཆོག་ཀྱང་འདོད་པའི་སྡུག་བསྔལ་ལ་དམིགས་པ་དང༌། སྐད་ཅིག་གཅིག་སྟེ། འཇིག་རྟེན་པའི་ཆོས་ཀུན་གྱི་མཆོག་ཡིན་པས་འཇིག་རྟེན་ཆོས་མཆོག་སྟེ། སྐལ་མཉམ་གྱི་རྒྱུ་མེད་པར་ནུས་པའི་རྩལ་གྱིས་འཕགས་ལམ་འདྲེན་པས་སོ། །དྲོད་སོགས་རྣམས་དྲན་པ་ཉེར་བཞག་གི་རང་བཞིན་ཡིན་པས་གཙོ་བོ་ཤེས་རབ་སྟེ། བསམ་གཏན་གྱི་སྡོམ་པ་སོགས་གཟུགས་ཕུང་ཡང་ཡོད་པས་འཁོར་དང་བཅས་ན་ཕུང་པོ་ལྔའོ། །འོན་ཀྱང་ཐོབ་པ་ནི་དྲོད་སོགས་སུ་མ་གཏོགས་ཏེ། ས་མ་བོར་བར་དུ་འཕགས་པ་ལ་དེ་མངོན་དུ་འགྱུར་བས་དྲོད་སོགས་ཀྱང་མངོན་དུ་འགྱུར་བར་ཐལ་བས་སོ། །དེ་ལ་ངེས་འབྱེད་ནི་མཐོང་ལམ་སྟེ། དེས་མཐོང་སྤང་སྤང་ཞིང་བདེན་བཞི་གཏན་ལ་ཕབ་ནས་རྣམ་པར་འབྱེད་པས་སོ། །དེའི་ཆ་ནི་ཕྱོགས་གཅིག་སྟེ་མཐུན་པ་ནི་དེ་ལ་ཕན་པའོ། །ཡང་མཐའ་གཅིག་ཏུ་ངེས་པས། ངེས་འབྱེད་ཅེས་སྦྱོར་ལམ་དུ་བཤད་པའང་ཡོད་དོ། །གཉིས་པ་ངོ་བོ་ནི། སྦྱོར་ལམ་བཞི་ཆར་གྱི་མཉམ་བཞག་གི་ངོ་བོ་ནི་སྒོམ་བྱུང་སྟེ། ཐོས་བསམ་ལས་བྱུང་བ་ནི་མ་ཡིན་ནོ། །འདི་ནི་བདེན་པའི་ཡུལ་ཅན་གྱི་མཉམ་བཞག་ཉིད་ཀྱི་དབང་དུ་བྱས་ཀྱི་སྤྱིར་སྦྱོར་ལམ་ན་ཐོས་བསམ་སོགས་སྒོམ་བྱུང་མིན་པའི་དགེ་བ་དུ་མ་ཡོད་པའང་སྦྱོར་ལམ་ལས་མི་འདའ་སྟེ། ཐར་ལམ་ཡིན་ལ་ལམ་གཞན་མ་ཡིན་པས་སོ། །གསུམ་པ་ཁྱད་པར་ལ། ས་ནི་མི་ལྕོགས་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་གྱི་དངོས་གཞི་དང༌། ས་དྲུག་པ་ཁོ་ན་སྟེ་འདོད་པར་མཉམ་པར་མ་བཞག་གི་ཉེར་བསྡོགས་གོང་མ་གསུམ་བདེན་པའི་རྣམ་པ་ཅན་དུ་མི་སྲིད་ལ། གཟུགས་མེད་འདོད་པ་ལ་མི་དམིགས་པས་སོ། །བཙུན་པ་དབྱངས་སྒྲོག་ལྟར་ན། དྲོད་རྩེ་གཉིས་འོག་འདོད་པ་ན་ཡང་ཡོད་པས་ས་བདུན་པའོ། །རྟེན་ནི་བཞི་ཆར་ཡང་འདོད་པའི་རྟེན་ཅན་ཉིད་དེ། དང་པོ་གསུམ་གསར་དུ་གླིང་གསུམ་གྱི་མི་ཁོ་ནས་བསྐྱེད་ཅིང་སྐྱེས་ཟིན་ལྷར་ཡང་མངོན་དུ་བྱེད་ལ། བཞི་པ་ནི་འདོད་ལྷར་ཡང་གསར་དུ་བསྐྱེད་དོ། །ངེས་འབྱེད་ཆ་མཐུན་དང་པོ་གསུམ་ནི་སྐྱེས་པ་དང་བུད་མེད་གཉིས་ཀའི་རྟེན་ཅན་འཐོབ་སྟེ། ཕན་ཚུན་ཚེ་འདིར་མཚན་གྱུར་པའམ། ཚེ་གཞན་དུ་ལུས་བླངས་པའོ། །ཆོས་མཆོག་ནི་བུད་མེད་ཀྱིས་སྐྱེད་ན་སྐྱེས་པ་དང་གཉིས་ཀའི་རྟེན་ཅན་དང༌། སྐྱེས་པས་བསྐྱེད་ན་སྐྱེས་པ་ཁོ་ནའི་རྟེན་ཅན་གྱི་ཐོབ་པ་འབྱུང་བར་འགྱུར་ཏེ། དེ་ཐོབ་ནས་བུད་མེད་ནི་སྐྱེས་པར་འགྱུར་སྲིད་ཅིང་སྐྱེས་པ་བུད་མེད་དུ་འགྱུར་བ་མི་སྲིད་དེ། དེ་མ་ཐག་མཐོང་ལམ་སྐྱེ་ལ། འཕགས་པ་བུད་མེད་དུ་མི་སྐྱེ་བ་ནི་གྲུབ་པའི་མཐའ་ཡིན་པས་སོ། །དེ་བཞི་ཇི་ལྟར་གཏོང་ཞེ་ན། འཕགས་པས་དེ་བཞི་དག་གང་དུ་སྐྱེད་པའི་ས་དེ་བོར་ཏེ་འཕོས་པས་གཏོང་གི་གཞན་དུ་མིན་ལ། འཕགས་མིན་སྐྱེ་བོ་ནི་ས་འཕོ་རུང་མི་འཕོ་རུང་འཆི་བས་ཏེ། རིས་མཐུན་བཏང་བ་ཉིད་ཀྱིས་གཏོང་ངོ༌། །དེར་མ་ཟད་སོ་སྐྱེས་དྲོད་རྩེ་གཉིས་ནི་ཡོངས་སུ་ཉམས་པས་ཀྱང་གཏོང་ལ། བཟོད་མཆོག་ལས་ནི་སོ་སྐྱེའང་ཡོངས་སུ་ཉམས་པ་མེད་དོ། །བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་དྲོད་སོགས་བསྐྱེད་པས་ནི་ཚེ་དེ་ཉིད་ལ་བདེན་པ་ངེས་པར་མཐོང་སྟེ། འཁོར་བ་ལས་ཡིད་འབྱུང་ཤས་ཆེ་བས་སོ། །རྣམ་པར་ཉམས་པས་ཐོབ་ན་སོ་སོ་ཐར་པ་བཞིན་སྔོན་མེད་པ་ཁོ་ན་འཐོབ་ཀྱི་སྔོན་བཏང་བ་ནི་མི་ཐོབ་སྟེ། མ་འདྲེས་པ་དང་འབད་མེད་སྒྲུབ་དགོས་པས་སོ། །རྣམ་ཉམས་དང་ཡོངས་ཉམས་འདི་དག་གི་ངོ་བོ་གང་ཞེ་ན། ཉམས་པ་དེ་གཉིས་ཀྱི་ངོ་བོ་ནི་མི་ལྡན་པ་སྟེ། ཐོབ་པ་བཏང་ནས་མ་ཐོབ་པ་བསྐྱེད་པའོ། །དེ་ལ་ཡོངས་ཉམས་ནི་ཉེས་པ་བྱས་པ་ཁོ་ན་ཡིན་ལ། རྣམ་ཉམས་ནི་ཐོབ་པ་བཏང་བ་ཐམས་ཅད་དོ། །དེ་ཡང་མཐོང་ལམ་ཐོབ་ནས་སོ་སྐྱེ་ཉམས་པ་ལྟ་བུ་ཡོན་ཏན་གྱིས་བྱས་པ་དང༌། ལོག་ལྟས་དགེ་རྩ་རྣམ་པར་ཉམས་པ་ལྟ་བུ་ཉེས་པས་བྱས་པ་གཉིས་སོ། །རྩེ་མོ་ཐོབ་པ་ནི་མཚམས་མེད་བྱེད་པ་སྲིད་ཀྱང་དགེ་བའི་རྩ་བ་ཀུན་ཏུ་མི་ཆད་ལ། བཟོད་པ་ཐོབ་པ་ནི་རྣམ་པར་ཉམས་ཀྱང་ངན་སོང་དུ་མི་འགྲོ་སྟེ། དེར་འགྲོ་བའི་ལས་ཉོན་ཐག་བསྲིངས་པས་སོ། །གཞན་ཡང་ཉེས་པ་དུ་མ་ལས་གྲོལ་བར་བཤད་དོ། །ཉན་ཐོས་སོགས་ཀྱི་རིགས་ཐ་དད་པས་སྦྱོར་ལམ་རྣམས་རིགས་གསུམ་ཡིན་ཏེ། དྲོད་རྩེ་གཉིས་སློབ་མ་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་སངས་རྒྱས་སུ་འགྱུར་སྲིད་ལ། བཟོད་པ་ཐོབ་ནས་ནི་མིན་ཏེ། དེ་ངན་འགྲོར་མི་འགྲོ་ལ་བྱང་སེམས་ནི་བསམ་བཞིན་དུ་འགྲོ་བས་སོ། །སངས་རྒྱས་ལས་གཞན་རང་རྒྱལ་དུ་ནི་བཟོད་པ་དང་གསུམ་ཀ་ཐོབ་པ་ཡང་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་འཇུག་གོ །སྟོན་པ་སངས་རྒྱས་དང་བསེ་རུ་ལྟ་བུ་ནི་སྦྱོར་ལམ་ཐོབ་ནས་མི་བཟློག་སྟེ། མི་སྡུག་པའམ། དྲོད་ནས་བྱང་ཆུབ་ཀྱི་བར་ཏིང་ངེ་འཛིན་མི་གཡོ་བ་དང་གསལ་བས། བསམ་གཏན་གྱི་མཐའ་བཞི་པ་ཁོ་ན་ལ་བརྟེན་ནས་སྟན་ཐོག་གཅིག་ལ་ཀུན་སྐྱེད་པར་བྱེད་པས་སོ། །རང་རྒྱལ་ཚོགས་སྤྱོད་ནི་དྲོད་རྩེ་ཐོབ་ནས་ཀྱང་རང་ལམ་ལས་བཟློག་ཅེས་དམིགས་ཀྱི་བཀར་བས་བཟོད་པ་ཐོབ་ནས་མི་བཟློག་གོ །དེས་ན་འདི་ནི་ཉན་རང་བྱང་སེམས་གསུམ་ངེས་འབྱེད་ཆ་བཞི་གང་ནས་རིགས་ངེས་པའི་ས་མཚམས་བཟུང་བ་ཡིན་ནོ། །མངོན་པའི་སེམས་ཙམ་པ་ནི་མ་ངེས་པའི་རིགས་ཅན་གྱི་ཉན་རང་གཉིས་ཀ་ལྷག་མེད་དུ་མ་ཞུགས་བར་དུ་སངས་རྒྱས་སུ་འགྱུར་ལ། ངེས་པའི་རིགས་ཅན་ནི་གདོད་ནས་རང་རང་གི་བྱང་ཆུབ་ངེས་པ་ནི་ཡང་མི་འགྱུར་བ་བཞེད་ཅིང༌། དབུ་མ་པ་ནི་ལྷག་མེད་ནས་ཀྱང་སངས་རྒྱས་སུ་འགྱུར་བས་ཉན་རང་ལ་གནས་སྐབས་ཙམ་མ་ཡིན་པ་མཐར་ཐུག་གི་རིགས་ངེས་པ་མི་བཞེད་དོ། །བཞི་པ་སྔོན་འགྲོའི་ཆོས་ནི། ཅི་ཚེ་དང་པོ་ཁོ་ན་ལ་སྦྱོར་བ་བྱས་ཏེ། སྦྱོར་ལམ་བསྐྱེད་དམ་ཞེ་ན་དེ་ལྟ་མོད་ཀྱི་སྦྱོར་ལམ་དེའི་སྔོན་དུ་ཐར་པ་ཆ་མཐུན་བསྐྱེད་དགོས་སོ། །ཐམས་ཅད་ལས་ཤིན་ཏུ་མྱུར་བ་ནི་སྲིད་པ་གསུམ་གྱིས་ཐར་ཏེ། ས་བོན་འདེབས་པ་དང་མྱུ་གུ་སྐྱེ་བ་དང༌། འབྲས་བུ་སྨིན་པ་ལྟར་ཚེ་དང་པོ་ལ་ཚོགས་ལམ་དང༌། གཉིས་པ་ལ་སྦྱོར་ལམ་དང༌། གསུམ་པ་ལ་འཕགས་ལམ་བསྐྱེད་དོ། །རྒྱལ་བའི་སྲས་སུ། ཚེ་སྔ་མ་ལ་ཚོགས་བསགས་པ་ནི། ཚེ་གཉིས་པ་ལ་སྦྱོར་ལམ་དང་འཕགས་ལམ་གཉིས་ཀ་བསྐྱེད་པར་བཤད་དོ། །ཁྱིམ་བདག་དཔལ་སྐྱེས་སོགས་དུ་མ་ལུང་དུ་གསུངས་པ་ལྟ་བུའོ། །ཚེ་དེ་དག་བར་མ་ཆད་དུ་འབྱུང་བར་མ་ངེས་ཏེ། དེའི་ཐར་པའི་ས་བོན་བསྐལ་པ་དུ་མས་ཆོད་པ་སྲིད་པས་སོ། །དེ་ཡང་ཐོས་བསམ་ལས་བྱུང་བ་ཡིན་གྱི་སྒོམ་བྱུང་ནི་མ་ཡིན་ནོ། །ཞི་གནས་གྲུབ་ནས་ལྷག་མཐོང་དྲན་པ་ཉེར་བཞག་སྒོམ་པར་བཤད་པས། སྒོམ་བྱུང་ཡང་ཡོད་ལ་ཐོས་བསམ་དུ་བཤད་པ་ནི་ཤས་ཆེ་བ་ལ་དགོངས་པ་ཡིན་ནམ་སྙམ་མོ། །ངོ་བོ་ལུས་ངག་ཡིད་གསུམ་གྱི་ལས་གསུམ་མོ། །ཐར་པའི་ཆ་ནི་ཕྱོགས་གཅིག་ཡིན་ལ་མཐུན་པ་ནི་ཕན་པས་ཏེ། ཐར་པའི་རྒྱུར་གྱུར་པའི་དགེ་བའོ། །སྦྱོར་ལམ་སོགས་དེ་ཡིན་ཀྱང་ཐར་པའི་རྒྱུར་མ་གྱུར་པའི་བསོད་ནམས་ཆ་མཐུན་གྱི་སྦྱིན་སོགས་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྤྱི་མིང་སྒོས་ལ་བཏགས་པའོ། །དེ་ཡང་ཤེས་རབ་གསལ་བ་དང༌། འཁོར་བ་ལས་ཡིད་འབྱུང་བ་ཤས་ཆེ་བ་གཉིས་ཀ་ཡོད་པས་གླིང་གསུམ་གྱི་མིའི་ནང་ནས་འཕེན་གྱི་གཞན་ནས་ནི་མིན་ཏེ། དེ་གཉིས་ཅི་རིགས་སུ་མེད་པས་སོ། །ཐེག་ཆེན་དུ་ནི་ལྷ་དང་ཀླུ་དང་དམྱལ་བ་སོགས་ཀྱི་སེམས་བསྐྱེད་པར་བཤད་པས་གཞན་ནས་འཕེན་ནོ། །གསུམ་པ་བདེན་པ་མངོན་པར་རྟོགས་པའི་ལམ་ལ་བཞི་སྟེ། སེམས་ཀྱི་སྐད་ཅིག་བཅུ་དྲུག་སྐྱེ་ཚུལ། མངོན་རྟོགས་གསུམ་དུ་བསྟན་པ། ས་གང་ལ་བརྟེན་པ། སེམས་བཅུ་དྲུག་ཏུ་དབྱེ་བའོ། །དང་པོ་ནི། འཇིག་རྟེན་པའི་ཆོས་མཆོག་ལས་ཆོས་བཟོད་ཟག་པ་མེད་པ་སྐྱེད་ལ། དེ་ནི་འདོད་པའི་སྡུག་བསྔལ་ལ་དམིགས་ཤིང་དེ་སྐྱེས་ནས་འཕགས་པ་ཞེས་བྱའོ། །དེ་ལས་ནི་དམིགས་པ་དེ་ཉིད་ལ་ཐེ་ཚོམ་དང་བྲལ་བའི་ཆོས་ཤེས་སྐྱེའོ། །འདོད་པའི་སྡུག་བསྔལ་ལ་དམིགས་ནས་བཟོད་ཤེས་སྐྱེ་བ་དེ་བཞིན་དུ་སྡུག་བསྔལ་ལྷག་མ་ཁམས་གོང་མ་གཉིས་ཀྱི་སྡུག་བདེན་ལ་རྗེས་བཟོད། དེ་ལས་རྗེས་ཤེས་སྐྱེའོ། །བདེན་པ་གཞན་གསུམ་ལའང་དེ་བཞིན་དུ་བཟོད་ཤེས་བཞི་བཞི་རིམ་གྱིས་སྐྱེ་བས་དེ་ལྟར་ན་བདེན་པ་མངོན་རྟོགས་འདི་སེམས་ཀྱི་སྐད་ཅིག་བཅུ་དྲུག་གོ །ཆོས་བསྲུངས་པའི་སྡེ་པ་ལ་སོགས་སྐད་ཅིག་གཅིག་དང༌། མང་པོས་བཀུར་པ་རྗེས་ཤེས་བཞི་བོར་བ་བཅུ་གཉིས་སུ་སྨྲའོ། །གཉིས་པ་ནི། མངོན་པར་རྟོགས་པ་ནི་རྣམ་པ་གསུམ་སྟེ། དགེ་སློང་དག་ཟག་པ་མེད་པའི་ཤེས་རབ་ཀྱིས་མཐོང་བ་གང་ཡིན་པ་དེ་ནི་མཐོང་བའོ། །ཞེས་འབྱུང་བས། ཟག་མེད་ཀྱི་ཤེས་རབ་ཀྱི་བདེན་པ་མངོན་པར་རྟོགས་པ་ནི་མཐོང་བ་མངོན་རྟོགས་དང༌། བདེན་པ་ལ་དམིགས་པའི་ཤེས་པ་རྣམས་ནི་དམིགས་པ་མངོན་རྟོགས་དང༌། སྡུག་བསྔལ་ཤེས། ཀུན་འབྱུང་སྤོང༌། འགོག་པ་མངོན་དུ་བྱེད། ལམ་སྒོམ་པ་སྟེ་བདེན་བཞི་རྟོགས་པའི་བྱ་བ་བྱེད་པ་ནི་བྱ་བ་མངོན་རྟོགས་ཞེས་བྱའོ། །དེ་ལ་དང་པོ་ནི་གཙོ་བོ་ཤེས་རབ་གསུམ་ཀ་ཡིན་ལ། གཉིས་པ་ནི་དེ་དང་མཚུངས་ལྡན་གྱི་ཤེས་རབ་རྣམས་ཡིན་ནོ། །ཐ་མ་ནི་མཚུངས་ལྡན་མ་ཡིན་པ་ཚུལ་ཁྲིམས་དང་མཚན་ཉིད་སྐྱེ་སོགས་ཀྱང་ཡིན་ནོ། །དེས་ན་སྔ་མ་ནི་མངོན་རྟོགས་གསུམ་ཀ་ཡིན་ལ། གཉིས་པ་ནི་ཐ་མ་གཉིས་ཀྱི་བདག་ཉིད་དོ། །ཐ་མ་ནི་བྱ་བ་མངོན་རྟོགས་ཁོ་ནའོ། །རྟོགས་ཚུལ་ནི་མདོ་གསུམ་ལས་དཔེའི་སྒོ་ནས་བདེན་བཞི་རིམ་གྱིས་རྟོགས་པར་གསུངས་ཏེ། མགོན་མེད་ཟས་སྦྱིན་གྱིས་ཞུས་པར། ཁང་པ་རྩིགས་པའི་རྨང་དང་རྩིག་པ་དང༌། ཕྱམ་ལ་སོགས་པའི་དཔེ་དང༌། དགེ་སློང་གིས་ཞུས་པར། བང་རིམ་བཞི་པའི་ཐེམ་སྐས་དང༌། ཀུན་དགའ་བོས་ཞུས་པར། སྐས་གདང་བཞི་ལ་རིམ་གྱིས་འཛེག་དགོས་པའི་དཔེས་བསྟན་ཏོ། །གསུམ་པ་ས་གང་ལ་བརྟེན་པ་ནི། བདེན་པ་མངོན་རྟོགས་དེ་ནི་ཆོས་མཆོག་དང་ས་གཅིག་སྟེ། བསྡུ་བ་ལས་བསམ་གཏན་ས་དྲུག་ལ་བརྟེན་པར་བཤད་པ་ལྟར་རོ། །ཡང་རྒྱུན་ཞུགས་དང་ཕྱིར་མི་འོང་གཉིས་ཀྱི་མངོན་རྟོགས་ནི་མི་ལྕོགས་མེད་པ་དང༌། ཆགས་བྲལ་སྔོན་འགྲོའི་བདེན་པ་མངོན་རྟོགས་ནི་ཉེར་བསྡོགས་མིན་པས་ལྷག་མ་ལྔ་དང༌། བསེ་རུ་ལྟ་བུའི་ལམ་ནི་བསམ་གཏན་བཞི་པ་ལ་བརྟེན་པར་བཤད་ཟིན་ཏོ། །བཞི་པ་ནི། ཅིའི་ཕྱིར་བདེན་པ་རེ་རེའི་ཡུལ་ཅན་ལ་བཟོད་པ་དང་ཤེས་པ་གཉིས་གཉིས་འཇོག་པ་ཡིན་ཞེ་ན། བཟོད་པ་དང་ཤེས་པ་དག་གོ་རིམ་བཞིན་དུ་ཉོན་མོངས་པའི་ཐོབ་པ་གཅོད་པ་བར་ཆད་མེད་ལམ་དང༌། བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེ་བ་རྣམ་གྲོལ་ལམ་སྟེ། རྐུན་པོ་འབྱིན་པ་དང་སྒོ་འཕར་གཅོད་པ་བཞིན་ནོ། །དེ་ཡང་བདེན་པ་རེ་རེ་ལ་འདོད་པའི་མཐོང་སྤང་དང༌། གོང་མའི་མཐོང་སྤང་རེ་རེ་ཡོད་པ་ཡོངས་སུ་སྤྱོད་པ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་གྱི་ལམ་གཉིས་གཉིས་སུ་ཡོད་པའི་དབྱེ་བས་བཅུ་དྲུག་ཏུ་བསྟན་ཏོ། །ཅི་སེམས་བཅུ་དྲུག་པོ་ཐམས་ཅད་མཐོང་ལམ་ཡིན་ནམ་ཞེ་ན། བཅུ་དྲུག་པོ་དེ་ལས་སྐད་ཅིག་མ་དང་པོ་བཅོ་ལྔ་ནི་བདེན་པ་སྔར་མ་མཐོང་བ་མཐོང་བས་མཐོང་ལམ་ཡིན་ལ། བཅུ་དྲུག་པ་ནི་མཐོང་བ་གོམས་པར་བྱེད་པས་སྒོམ་ལམ་ཡིན་ནོ། །བཅུ་དྲུག་པ་དེས་ལམ་ལ་རྗེས་བཟོད་མ་མཐོང་བ་མཐོང་བྱར་ཡོད་དོ། །ཞེ་ན། སྐད་ཅིག་མ་གཅིག་མ་མཐོང་བས་བདེན་པ་མ་མཐོང་བར་མི་འཇུག་སྟེ། ཉག་མ་གཅིག་མ་རྔས་པས་ཞིང་མ་རྔས་པར་མི་འཇོག་པ་བཞིན་ནོ། །འོ་ན་ཤེས་པ་གཞན་བདུན་ཡང་མཐོང་ལམ་མིན་པར་འགྱུར་རོ་ཞེ་ན། ལམ་ལ་རྗེས་བཟོད་མ་སྐྱེས་པ་དེ་སྲིད་དུ་བདེན་པ་ཀུན་མཐོང་བ་མ་རྫོགས་པས་མཐོང་ལམ་དུ་འཐད་དོ། །ཆོས་བཟོད་བཞི་ཁོ་ནས་མཐོང་བ་མིན་ནམ་ཞེ་ན། རྗེས་ཤེས་མ་སྐྱེས་པར་དེ་ཙམ་གྱིས་མཐོང་བ་མི་རྫོགས་ཤིང༌། དེ་སྐྱེས་པ་ན་བདེན་པ་རྣམས་ལ་ཤེས་པ་ཇི་སྙེད་པ་རྫོགས་ཏེ། དེ་ཕན་ཆད་བདེན་པ་རྣམས་ལ་མ་ཤེས་པ་ཤེས་པར་བྱ་བ་ཅུང་ཟད་ཀྱང་མེད་དོ། །ཞེས་བཞེད་དོ། །སྐད་ཅིག་གི་ཚད་ནི་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་གྱི་དུས་མཐའི་སྐད་ཅིག་ལ་ནི་བྱ་བྱེད་དང་བྲལ་ལོ། །གཉིས་པ་གང་ཟག་བཤད་པ་ལ་གསུམ་སྟེ། གང་ཟག་ཟུང་བཞི་བཤད། རྣམ་གྲངས་བདུན་དུ་དབྱེ། རྫས་དྲུག་ཏུ་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་དང༌། དང་པོ་ལ་གཉིས་ཏེ། གང་ལ་གནས་པའི་འབྲས་བུ་དང༌། གང་གནས་པ་གང་ཟག་གི་རྣམ་བཞག་གོ །དང་པོ་ལ་འབྲས་བུ་ནི། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ལ། དགེ་སྦྱོང་གི་ཚུལ་ནི་ཟག་མེད་བར་ཆད་མེད་ལམ་སྟེ། དོན་དམ་པའི་དགེ་སྦྱོང་དུ་བྱེད་པའི་ཆོས་ཡིན་པའི་ཕྱིར། འབྲས་བུ་ནི་གཉིས་ཏེ། འདུས་བྱས་རྣམ་གྲོལ་ལམ་དང༌། འདུས་མ་བྱས་སོ་སོར་བརྟགས་འགོག་གོ །ཕྱེ་ན་རྒྱུན་ཞུགས་ནས་དགྲ་བཅོམ་པའི་འབྲས་བུའི་བར་བཞིའོ། །རྒྱས་པར་ཕྱེ་ན་མཐོང་སྤང་སྤངས་པའི་འབྲས་བུ་བརྒྱད། སྒོམ་སྤང་སྤངས་པའི་འབྲས་བུ་བརྒྱད་ཅུ་གྱ་གཅིག་སྟེ། བརྒྱད་ཅུ་རྩ་དགུའོ། །ཁམས་གང་ལ་འབྲས་བུ་དུ་ཐོབ་ཅེ་ན། འབྲས་བུ་དང་པོ་གསུམ་ནི་འདོད་པའི་རྟེན་ལ་འཐོབ་སྟེ། སྔ་མ་གཉིས་འདོད་པ་ལས་མ་གྲོལ་བས་འཐོབ་པའི་ཕྱིར་དང༌། མཐར་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་ནི་འདོད་ཉོན་དགུ་པ་སྤོང་བའི་བར་ཆད་མེད་ལམ་གྱིས་ཐོབ་ལ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་ནི་མཐོང་ལམ་གྱིས་ཐོབ་པའི་ཕྱིར། ཐ་མ་དགྲ་བཅོམ་པའི་འབྲས་བུ་ནི་ཁམས་གསུམ་ཆར་གྱི་རྟེན་ལ་ཐོབ་བོ། །ཇི་སྐད་དུ། འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུའོ་གོང་ན་མཐོང་ལམ་མེད། །ཅེས་སོ། །ས་གང་ལ་བརྟེན་ནས་ཐོབ་ཅེ་ན། འབྲས་བུ་དང་པོ་གཉིས་ནི་མི་ལྕོགས་མེད་པ་ལ་བརྟེན་ཏེ། འདོད་པ་ལ་ཆགས་པ་དང་མ་བྲལ་བའི་སེམས་ལ་བརྟེན་པའི་ཕྱིར། འབྲས་བུ་མཐར་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་ཡང་མི་ལྕོགས་མེད་ལ་བརྟེན་ཏེ། འདོད་ཉོན་དགུ་པ་སྤོང་བའི་བར་ཆད་མེད་ལམ་གྱིས་ཐོབ་དགོས་པའི་ཕྱིར། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་ནི་དང་པོའི་ཉེར་བསྡོགས་མ་གཏོགས་པས་ལྷག་མ་ལྔ་གང་རུང་གཅིག་ལ་བརྟེན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གང་གིས་ཐོབ་ཅེ་ན། རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་ནི། འཇིག་རྟེན་ལས་འདས་པའི་ལམ་ཁོ་ནས་ཐོབ་དགོས་ཏེ། སྲིད་རྩེའི་མཐོང་སྤང་དང་སྒོམ་སྤང་གཉིས་ནི་གཉེན་པོས་ཐོབ་དགོས་པའི་ཕྱིར། འབྲས་བུ་བར་པ་གཉིས་ནི་ཞི་གནས་ཤས་ཆེར་སྤྱད་པས་འཇིག་རྟེན་པའི་ལམ་གྱིས་ཐོབ་ལ། ལྷག་མཐོང་ཤས་ཆེར་སྤྱད་པས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པས་གཉིས་ཀས་ཐོབ་ཅེས་བྱའོ། །གལ་ཏེ་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་མ་ཡིན་པར་ཐལ། ཟག་མེད་བར་ཆད་མེད་ལམ་གྱིས་ཐོབ་པ་མ་ཡིན་པའི་ཕྱིར་ཞེ་ན། སྔོན་གྱི་མཐོང་ལམ་གྱི་བྲལ་ཐོབ་དང་ལྷན་ཅིག་བསྲེས་ནས་དགེ་སྦྱོང་གི་ཚུལ་གྱི་འབྲས་བུར་འཇོག་པས་སྐྱོན་མེད་དོ། །ཇི་སྐད་དུ། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། །བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །ཅེས་སོ། །གཉིས་པ་གང་གནས་པ་གང་ཟག་གི་རྣམ་བཞག་ནི། གཞུང་གིས་བསྟན་པ་དེ་ཉིད་དོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། རྒྱུན་ཞུགས་ཞུགས་པ་བཤད། ཆགས་བྲལ་སྔོན་སོང་བཤད། འབྲས་བུ་མཐར་གྱིས་པ་བཤད་པའོ། །དང་པོ་ནི། དབང་པོ་རྟུལ་པོ་དང་རྣོན་པོ་དག་མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་དེ་དག་ཏུ་རིམ་པས་དད་པའི་རྗེས་འབྲང་དང༌། ཆོས་ཀྱི་རྗེས་འབྲང་བ་ཞེས་བྱ་སྟེ། སྔོན་གཞན་གྱིས་དྲིན་གྱིས་དོན་གྱི་རྗེས་སུ་འབྲང་བ་དང༌། སྔོན་བདག་ཉིད་ཁོ་ནས་མདོ་སོགས་དོན་གྱི་རྗེས་སུ་འབྲངས་པས། དེ་གཉིས་སྔོན་འཇིག་རྟེན་པའི་ལམ་གྱིས་སྒོམ་སྤང་ཡེ་མ་སྤངས་ན་འབྲས་བུ་བཞིའི་དང་པོ་རྒྱུན་ཞུགས་ལ་ཞུགས་པ་དེར་མ་ཟད་མཐོང་ལམ་གྱི་སྔོན་དུ་འདོད་ཉོན་དང་པོ་ནས་ལྔའི་བར་ཅི་རིགས་སུ་བཅོམ་པ་ཡན་ཆད་ཀྱང་དེ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཞུགས་པ་དང༌། འབྲས་གནས་སོ། །དང་པོ་ནི། སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གནས་པའི་གང་ཟག་དེ་ཉིད་ཀྱིས་སྔོན་འདོད་པའི་སྒོམ་སྤང་དྲུག་པ་ནས་དགུ་པ་ཚུན་ཆད་བརྒྱད་པའི་བར་ཟད་པ་ཡིན་ན་ནི་དེ་གཉིས་འབྲས་བུ་གཉིས་པ་ཕྱིར་འོང་ལ་ཞུགས་པ་ཡིན་ནོ། །དེ་གཉིས་སྔོན་འདོད་ཉོན་དགུ་པ་སྤངས་པས་འདོད་པའམ་ཡང་ན་གོང་མ་ཅི་ཡང་མེད་པའི་བར་ལ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་གསུམ་པ་ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །གོང་མ་བ་ནི་ཞུགས་པ་དེ་གསུམ་སྦྱོར་ལམ་སྟན་གཅིག་པ་ནས་འཛིན་པར་མངོན་ཏེ། རིམ་གྱིས་པའི་རྒྱུན་ཞུགས་ཞུགས་པ་དེ་ནས་བཟུང་བའི་རིགས་པས་སོ། །གཉིས་པ་ནི། གང་ཟག་དེ་དག་གང་ཞིག་སྐད་ཅིག་བཅོ་ལྔའི་ཚེ་འབྲས་བུ་དང་པོ་གསུམ་པོ་གང་ལ་ཞུགས་པ་ཡིན་པ་དེ་ནི་སེམས་བཅུ་དྲུག་པ་ལ་དེའི་འབྲས་བུ་ལ་གནས་པ་སྟེ། རྒྱུན་ཞུགས་འབྲས་གནས་དང་ཕལ་ཆེར་ལ་ཆགས་པ་དང་བྲལ་བ་ཕྱིར་མི་འོང་འབྲས་གནས་དང༌། འདོད་པ་ལ་ཆགས་བྲལ་གྱི་ཕྱིར་མི་འོང་འབྲས་གནས་ཞེས་པར་འགྱུར་རོ། །དགྲ་བཅོམ་ནི་བཅུ་དྲུག་པའི་ཚེ་མི་ཐོབ་སྟེ། དེའི་ངོ་སྐལ་གྱི་སྤང་བྱ་སྲིད་རྩེའི་སྒོམ་སྤང་ནི། མཐོང་ལམ་གྱིས་མི་སྤོང་ལ། སྔོན་དུ་འཇིག་རྟེན་པའི་ལམ་གྱིས་ཀྱང་སྤང་མི་ནུས་པས་སོ། །འབྲས་བུ་ཐོབ་པ་དེའི་ཚེ་དབང་པོ་རྟུལ་པོ་རྣོན་པོ་དག་དད་པས་མོས་པ་དང༌། མཐོང་བས་ཐོབ་པ་ཞེས་བྱ་སྟེ། དད་པ་ལྷག་པས་མོས་པ་དང༌། ཤེས་རབ་ལྷག་པས་མཐོང་བས་ཕྱེ་བའོ། །གསུམ་པ་འབྲས་བུ་མཐར་གྱིས་པ་བཤད་པ་ལ་བཞི་སྟེ། རྒྱུན་ཞུགས་ཞུགས་གནས་དང༌། ཕྱིར་འོང་ཞུགས་གནས་དང༌། ཕྱིར་མི་འོང་ཞུགས་གནས་དང༌། དགྲ་བཅོམ་ཞུགས་གནས་སོ། །དང་པོ་ཞུགས་པ་བཤད་ཟིན་ལ། འབྲས་གནས་ལ་གཉིས་ཏེ། སྤྱིར་བསྟན། སོ་སོར་བཤད་པའོ། །དང་པོ་ནི། གལ་ཏེ་རྣམ་པ་ལྔ་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་གནས་པ་ཕྱིར་འོང་ཞུགས་པར་མི་འགྱུར་བ་ཅི་ཞེ་ན། དེས་དེའི་ཚེ་རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་ཐོབ་ཀྱི་འབྲས་བུའི་ཁྱད་པར་གྱི་ལམ་ཐོབ་པ་མེད་པ་དེའི་ཕྱིར། འབྲས་གནས་ཁྱད་པར་གཞན་དུ་བྱ་བའི་ཕྱིར་དུ་འབྲས་བུ་གཞན་ཐོབ་པར་བྱ་བ་ལ་མི་བརྩོན་པ་དེ་ནི་དེ་ལ་ཞུགས་པ་མ་ཡིན་ལ། ཤུགས་ཀྱིས་ནི། འབྲས་བུ་ཕྱི་མ་ཐོབ་དོན་དུ་སྤང་བྱ་སྤོང་བ་ལ་བརྩོན་པ་ན་ཕྱི་མ་ལ་ཞུགས་པའོ། །དེ་བཞིན་དུ་འབྲས་བུ་གཞན་གཉིས་ལའང་སྦྱར་རོ། །དེས་ནི་འབྲས་བུ་ཕྱི་མ་གསུམ་ལ་གནས་པ་ལའང་ཙམ་པོ་དང་ཁྱད་པར་ཅན་གཉིས་གཉིས་ཡོད་པར་བསྟན་ཏོ། །ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོའི་མིང་དོན་གཉིས་ཀ་ཡོད་ཀྱི་གཞན་ལ་ནི་མེད་དོ། །ས་དང་པོ་འདོད་པ་ནས་སྲིད་རྩེའི་བར་ན་སྤང་བྱ་ཉེས་པ་རྣམ་པ་དགུ་རེ་ཡོད་ཅིང་དེ་བཞིན་དུ་གཉེན་པོ་ཡོན་ཏན་རྣམས་ཀྱང་དགུ་རེ་ཡོད་དེ། ཇི་ལྟར་ཞེ་ན། རྩ་བའི་དབྱེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཀྱི་རེ་རེ་ལའང་ཆུང་ངུའི་ཆུང་ངུ་སོགས་གསུམ་གསུམ་ཐ་དད་པར་ཡོད་པའི་ཕྱིར། དེ་ལ་ལམ་ཆུང་རིམ་གྱིས་སྤང་བྱ་ཆེ་རིམ་ནས་སྤོང་སྟེ། དང་པོར་ལམ་ཆེན་པོ་མི་སྲིད་པས་དང༌། ཕྱིས་ལམ་ཆེན་པོ་སྐྱེས་པ་ལ་སྤང་བྱ་ཆེན་པོ་མི་སྲིད་པའི་ཕྱིར། སྣང་བས་མུན་པ་སེལ་བ་བཞིན་ནོ། །དེས་ན་འཕགས་ལམ་ཆུང་ངུས་ཀྱང་ཉོན་མོངས་ཆེན་པོ་རྩད་ནས་འབྱིན་པས། ཆོས་དཀར་པོ་རྣམས་སྟོབས་དང་ལྡན་གྱི་ནག་པོ་རྣམས་ནི་མིན་ཏེ། དུས་རིང་པོར་བསགས་པའི་ནད་སྨན་ཐུན་གཅིག་གིས་འབྱིན་པ་བཞིན་ནོ། །གཉིས་པ་ནི། རྒྱུན་ཞུགས་ཀྱི་དབྱེ་བ་ལ་དུ་ཡོད་ཅེ་ན། སྐྱེ་བ་ལེན་ཚུལ་ལ་གཉིས་ཏེ། སྲིད་པ་ལན་བདུན་པ་དང༌། རིགས་ནས་རིགས་སྐྱེའོ། །དང་པོ་ལའང་གཉིས་ཏེ། སྲིད་པ་ལན་བདུན་པར་ངེས་པ་དང༌། སྲིད་པ་ལན་བདུན་པའི་རིགས་ཅན་ནོ། །དང་པོ་ནི། སྔོན་སྲིད་པ་ལན་བདུན་མྱོང་ངེས་ཀྱི་ལས་བསགས་པ་འབྲས་བུ་ལ་གནས་པ་སྒོམ་པས་སྤང་བར་བྱ་བ་ཅུང་ཟད་ཀྱང་མ་ཟད་པའི་སྲིད་པ་ལན་བདུན་པའོ། །གཉིས་པ་ནི། རྒྱུན་ཞུགས་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའོ། །དེ་ཕན་ཆད་མི་ལེན་པས་དེ་ལྟར་ཐོགས་ན་ཞེས་རྒྱལ་པོ་སྲས་སོ། །འདི་ལ་མདོ་སྡེ་པས་ནི་སྒྲ་ཇི་བཞིན་དུ་བདུན་ཉིད་ལེན་ཅིང་དེ་ཡང་མིའི་རྟེན་ལ་བདེན་པ་མཐོང་བ་ནི་ལྷར་ལན་གསུམ་མིར་ལན་གསུམ་འཁོར་ནས་ལྷའི་རྟེན་ལ་མྱ་ངན་ལས་འདའ་ལ། ལྷའི་རྟེན་ལ་བདེན་པ་མཐོང་བ་ཡང་མིར་ལན་གསུམ་དང་ལྷར་ལན་གསུམ་འཁོར་ནས་མིའི་རྟེན་ལ་མྱ་ངན་ལས་འདའ་བར་འདོད་དོ། །བྱེ་བྲག་སྨྲ་བ་མི་དང་ལྷ་དང་དེ་དག་གི་བར་དོ་བདུན་བདུན་ཏེ་ཉེར་བརྒྱད་ལེན་པ་ཡང་བདུན་ཚན་དུ་འདྲ་བས་དེ་སྐད་བརྗོད་དེ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།