གནས་བདུན་ལ་མཁས་པའི་དགེ་སློང་དང་ཤིང་ལོ་མ་བདུན་པ་བཞིན་ནོ། །གནས་བདུན་ནི། གཟུགས་དང༌། དེ་ཀུན་འབྱུང་བ་དང༌། དེ་འགོག་པ་དང༌། དེ་འགོག་པར་འགྲོ་བའི་ལམ་དང༌། དེའི་རོ་མྱང་བ་དང༌། ཉེས་དམིགས་དང༌། ངེས་འབྱུང་རྣམ་པ་ཡང་དག་པར་ཤེས་པ་སྟེ། དེ་བཞིན་དུ་རྣམ་ཤེས་ཀྱི་བར་ལའོ། །འོ་ན་ལྟ་བ་ཕུན་སུམ་ཚོགས་པ་གང་སྲིད་པ་བརྒྱད་པ་འགྲུབ་ན་གནས་མ་ཡིན་པར་གསུངས་པ་ཇི་ལྟར་ཞེ་ན། འགྲོ་བ་གཅིག་ཏུ་མི་འགྲུབ་པ་ལ་དགོངས་སོ། །འོ་ན་འོག་མིན་དང་སྲིད་རྩེའི་བར་དུ་འཕོ་བ་ལྷ་ཉིད་དུ་སྲིད་པ་བརྒྱད་ལས་མང་བ་ལེན་པ་ཇི་ལྟར་ཞེ་ན། འདོད་ཁམས་སུ་མི་འགྲུབ་པ་ལ་དགོངས་པས་མི་འགལ་ལོ་ཞེས་སྨྲའོ། །སྐུ་མཆེད་གཉིས་ཀྱང་འདི་ལྟར་བཞེད་དེ། འོད་སྲུངས་པ་རྣམས་ལྷ་རྣམས་སུ་ལན་བདུན་མི་རྣམས་སུ་ལན་བདུན་ཞེས་སོ་སོར་ཡང་འདོན་པས་འདི་ལ་མངོན་པར་ཞེན་པར་མི་བྱའོ། །ཞེས་སློབ་དཔོན་གྱིས་བྱེ་བྲག་སྨྲ་བའི་གཞུང་བཙུགས་པ་དང༌། ཉན་སར་ལྷ་དང་མིར་ལན་བདུན་བདུན་དུ་མཚམས་སྦྱོར་ཞིང་ཞེས་པས་སོ། །འདི་རྣམས་ནི་མིའི་རྟེན་ལ་རྒྱུན་ཞུགས་ཐོབ་ན་མིའི་རྟེན་ལ་མྱ་ངན་ལས་འདའ་ཞིང༌། ལྷའི་རྟེན་ལ་ཐོབ་ན་ལྷའི་རྟེན་ལ་འདའ་བར་བཞེད་དོ། །ཅིའི་ཕྱིར་སྲིད་པ་བརྒྱད་པ་མི་འགྲུབ་ཅེ་ན། དུས་དེ་སྲིད་ཀྱིས་རྒྱུད་སྨིན་པར་ངེས་པའི་ཕྱིར་ཏེ། སྦྲུལ་གོམ་པ་བདུན་པ་དང་རིམས་ཉིན་བཞི་པ་བཞིན་ནོ། །བར་སྐབས་སུ་ཡང་འཕགས་པའི་ལམ་མངོན་དུ་བྱེད་ཅིང་མྱ་ངན་ལས་མི་འདའ་སྟེ། དེ་སྲིད་དུ་སྲིད་པ་མྱོང་བའི་ལས་ཀྱི་སྟོབས་སྐྱེད་པས་སོ། །དེས་ན་འདི་ནི་བདུན་ཚན་ལེན་ངེས་པ་སྟེ། ཐམས་ཅད་ཀྱི་ཐ་ཤལ་ཞེས་པ་ཡང་རྒྱུན་ཞུགས་ཐམས་ཅད་ཀྱི་ཐ་ཤལ་ལན་བདུན་པར་སྟོན་པ་ཡིན་གྱི། ལམ་བདུན་པའི་ཐ་ཤལ་ཞེས་པ་ནི་མ་ཡིན་ནོ། །དེས་ན་རྩ་ཚིག་སྔ་མས་ནི་ངེས་པའི་གང་ཟག་བསྟན་ལ། འགྲེལ་པར་མཆོག་ཏུ་ཐོགས་ན་ལན་བདུན་པ་གཞན་ཡང་ཡོད་མོད་ཀྱི་མ་ངེས་པས་མ་བརྗོད་དོ་ཞེས་འབྱུང་བ་ནི་སྲིད་པ་ཉི་ཤུ་རྩ་བརྒྱད་ལེན་ངེས་སུ་མ་བརྗོད་ཅེས་པའི་དོན་ནོ། །སྤྱིར་གང་ཟག་དེ་དང་དེའི་རིགས་ཅན་དུ་མ་ཡོད་པ། སྤངས་རྟོགས་དང་སྐྱེ་བ་ལེན་ཚུལ་སོགས་མཐའ་གཅིག་ཏུ་མ་ངེས་པས་ཚུལ་འདི་ལྟ་བུའོ་ཞེས་བཞག་པར་མི་ནུས་པའི་ཕྱིར། རྩ་བར་རགས་པ་ཙམ་ཞིག་སྨོས་སོ། །གཉིས་པ་རིགས་ནས་རིགས་སྐྱེ་ནི། རྒྱུན་ཞུགས་དེ་ཉིད་ཀྱི་སྒོམ་ལམ་ཟག་མེད་ཀྱིས་འདོད་པའི་སྒོམ་སྤང་གསུམ་མམ་བཞི་ལས་གྲོལ་ཞིང་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་གསུམ་མམ་བཞི་ཐོབ་ལ། འདོད་པའི་ཚེ་རིགས་མཐུན་གཉིས་སམ་གསུམ་ལེན་པར་བྱེད་ཅིང་བཞི་པ་མི་ལེན་པ་ནི་རིགས་ནས་རིགས་སྐྱེའོ། །དེ་ལ་ལྷའི་རིགས་ནས་རིགས་སྐྱེ་ནི་འདོད་ལྷའི་རྟེན་ལ་བདེན་པ་མཐོང་བས་འདོད་ལྷར་ལན་གཉིས་སམ་གསུམ་སྐྱེས་ནས་མྱ་ངན་ལས་འདའ་བའོ། །མིའི་རིགས་ནས་རིགས་སྐྱེ་ནི་མིའི་རྟེན་ལ་བདེན་པ་མཐོང་བ་མིར་ལན་གཉིས་སམ་གསུམ་སྐྱེས་ནས་མྱ་ངན་ལས་འདའ་བའོ། །ཚེ་འདི་ལ་ལྔ་སྤོང་པའམ་སྤངས་པ་ནི་རིགས་ནས་རིགས་སྐྱེ་མ་ཡིན་ཏེ། ལྔ་པ་སྤངས་ན་དྲུག་པའང་སྤོང་བར་ངེས་པས་ལན་ཅིག་ཕྱིར་འོང་དུ་འགྱུར་བས་སོ། །དེ་ནི་ཚེ་གཅིག་བར་ཆད་གཅིག་པ་ལྟར་འབྲས་བུ་ཐོབ་པ་ལ་ཉོན་མོངས་པའི་རྣམ་པ་གཅིག་གིས་གེགས་བྱ་བར་མི་ནུས་ཏེ། ཁམས་ལས་འདའ་མི་དགོས་པས་སོ། །ཁ་ཅིག་ཉོན་མོངས་པའི་རྣམ་པ་གཅིག་གམ་གཉིས་ལས་གྲོལ་བ་ནི་ཚེ་ལྔའམ་དྲུག་ལེན་ནོ་ཞེས་སྨྲ་བ་ནི་རྩ་བའི་དགོངས་པ་མིན་ཞིང༌། མ་ངེས་པའི་སྲིད་པ་ལན་བདུན་པ་དང་ཁྱད་པར་མེད་པ་ཉིད་དུ་འགྱུར་རོ། །འདི་དག་ནི་མྱ་ངན་ལས་འདས་པའི་ལམ་གྱི་རྒྱུན་ཞུགས་ཞེས་བྱ་སྟེ་སྤྱི་མིང་བྱེ་བྲག་ལ་བཏགས་པའོ། །གཉིས་པ་ཕྱིར་འོང་ལ་གཉིས་ཏེ། ཞུགས་པ་དང༌། འབྲས་གནས་སོ། །དང་པོ་ནི། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་འདོད་པའི་སྒོམ་སྤང་གཅིག་ནས་ལྔའི་བར་དུ་བཅོམ་པ་དང༌། དྲུག་པ་སྤང་བའི་སྦྱོར་བ་ལ་གནས་པ་ནི། འབྲས་བུ་གཉིས་པ་ལ་ཞུགས་པའོ། །གཉིས་པ་ལ་འབྲས་གནས་ཙམ་པོ་ནི། འདོད་པའི་སྒོམ་སྤང་དྲུག་པ་ཟད་པའི་རྣམ་གྲོལ་ལམ་ཐོབ་པ། བདུན་པ་སྤོང་བའི་སྦྱོར་བ་ལ་མི་བརྩོན་པ་དེ་ནི་འབྲས་བུ་ལ་གནས་པ་ཙམ་ཞེས་བྱའོ། །འདོད་པའི་ཁམས་སུ་ལན་ཅིག་ཕྱིར་འོང་བས་ལན་ཅིག་ཕྱིར་འོང་ཞེས་བྱ་སྟེ། སྐྱེ་བ་གཉིས་ལེན་ཡང་རིགས་འདྲ་གཉིས་མི་ལེན་པས་རིགས་ནས་རིགས་སྐྱེའི་དོན་མེད་དོ། །ཉན་སར་ཡང༌། ལྷའི་སྲིད་པ་ལན་ཅིག་དང་མིའི་སྲིད་པ་ལན་གཅིག་སྒྲུབ་པའི་ཚེ་ལན་ཅིག་ཕྱིར་འོང་གི་འབྲས་བུར་བཞག་གོ་ཞེས་འབྱུང་བས་སྐུ་མཆེད་དོན་མཐུན་ནོ། །ཕྱིར་འོང་འབྲས་གནས་དེ་ཉིད་འདོད་པའི་སྒོམ་སྤང་གི་ཉེས་ཆ་བདུན་ནམ་བརྒྱད་ཟད་པ་དང༌། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་བདུན་ནམ་བརྒྱད་ཐོབ་པ་ན་དགྲ་བཅོམ་ཐོབ་པ་ལ་ཚེ་གཅིག་དང་ཕྱིར་མི་འོང་ཐོབ་པ་ལ་སྐྱོན་གཅིག་གིས་བར་དུ་ཆོད་པ་བར་ཆད་གཅིག་པ་སྟེ། བདུན་ཟད་ནས་བར་ཆད་གཉིས་ལུས་ཀྱང་བར་ཆད་གཅིག་པ་ཞེས་བྱ་སྟེ། འདོད་པ་ལས་ཆགས་པ་དང་བྲལ་མ་བྲལ་གྱི་ཁྱད་པར་ནི་འདོད་ཉོན་དགུ་པ་སྤང་མ་སྤངས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར། སྒོམ་སྤང་དགུ་པའི་ཁྱད་པར་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །ཚེ་གཅིག་པོ་ནི་འདོད་ལྷར་ལེན་པར་ཉན་ས་ལས་བཤད་དོ། །གསུམ་པ་ཕྱིར་མི་འོང་ལ་གཉིས་ཏེ། ཞུགས་པ་དང༌། འབྲས་གནས་སོ། །དང་པོ་ནི། ཕྱིར་འོང་འབྲས་གནས་ཁྱད་པར་ཅན་འདོད་ཉོན་བདུན་པ་སྤོང་བ་ལ་བརྩོན་པ་ནས་དགུ་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་བར་ནི་འབྲས་བུ་གསུམ་པ་ལ་ཞུགས་པའོ། །གཉིས་པ་ལ་གཉིས་ཏེ། སྤྱིར་བཤད་པ། སོ་སོར་བཤད་པའོ། །དང་པོ་ནི། དེ་ཉིད་འདོད་ཉོན་དགུ་པ་ཟད་པའི་རྣམ་གྲོལ་ལམ་ཐོབ་པ། གོང་མའི་སྒོམ་སྤང་སྤོང་བ་ལ་མི་བརྩོན་པ་ནི་ཕྱིར་མི་འོང་འབྲས་གནས་ཙམ་པོ་ཡིན་ལ། བརྩོན་པས་ན་ཁྱད་པར་ཅན་ནོ། །གཉིས་པ་ལ་ལྔ་སྟེ། ཕྱིར་མི་འོང་ཚེ་དེ་ལ་གཟུགས་ཀྱི་ཉོན་མོངས་མ་སྤངས་པ་གཟུགས་སུ་ཉེར་འགྲོ་དང༌། དེ་སྤངས་ཀྱང་གཟུགས་མེད་ཀྱི་ཉོན་མོངས་མ་སྤངས་པ་གཟུགས་མེད་ཉེར་འགྲོ་དང༌། ཚེ་དེ་ལ་ཟག་པ་ཐམས་ཅད་ཟད་པ་བྱེད་པ་མཐོང་ཆོས་ཞི་དང༌། ཕྱིར་མི་འོང་གི་དབྱེ་བ་དུ་མ་བཤད་པ་དང༌། འགོག་པའི་སྙོམས་འཇུག་ཐོབ་པ་ལུས་མངོན་བྱེད་དོ། །དང་པོ་གཟུགས་སུ་ཉེར་འགྲོ་ལ་ལྔ་སྟེ། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ཤིང་མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པར་བར་དོར་འདའ་བ་སྟེ། མྱུར་བ་དང༌། མྱུར་བ་མིན་པ་དང༌། རིང་མོ་ཞིག་ནས་མྱ་ངན་ལས་འདའ་བ་སྟེ་གསུམ་མོ། །གཟུགས་ཀྱི་ཀུན་སྦྱོར་གཉིས་ཀ་མ་སྤངས་པ་གཟུགས་སུ་སྐྱེས་ནས་འདའ་བ་སྟེ། དེ་ཡང་ལམ་ངང་གིས་འབྱུང་བས་སྐྱེས་མ་ཐག་འདའ་བ་དང༌། ལམ་ལ་བརྩོན་ཡང་ལམ་ངང་གིས་མི་འབྱུང་བས་ཚེ་དཀྱིལ་ཙམ་ན་མྱང་འདས་ཐོབ་པ་འདུ་བྱེད་དང་བཅས་པར་འདའ་བ་དང༌། ལམ་ལ་ཆེད་ཆེར་མི་བརྩོན་ཡང་ལམ་ངང་གིས་འབྱུང་བས་ཚེའི་མཇུག་ཏུ་མྱང་འདས་ཐོབ་པ་འདུ་བྱེད་མེད་པར་མྱ་ངན་ལས་འདའ་བ་དང༌། གང་དུ་དང་པོར་སྐྱེས་པ་དེ་ཉིད་དུ་མི་འདའ་བར་གནས་གོང་མར་སོང་ནས་མྱང་འདས་ཐོབ་པ་གོང་དུ་འཕོ་བ་རྣམས་སོ། །སྐུ་མཆེད་གཉིས་ནི། འདུ་བྱེད་མེད་པར་འདའ་བ་སྔོན་དུ་བསྟན་ནས། འདུ་བྱེད་དང་བཅས་ཏེ་འདའ་བ་ཕྱིས་བསྟན་ཏེ། གོ་རིམ་བཟློག་ནས་འཆད་དོ། །གོང་ནི་འོག་མིན་དང་སྲིད་རྩེ་ཡིན་ལ། འཕོ་བ་ནི་དེར་འགྲོ་བ་སྟེ། གོང་འཕོ་དེ་ནི་ལྷག་མཐོང་ཤས་ཆེར་སྤྱོད་པ་འོག་མིན་འགྲོ་དང༌། ཞི་གནས་ཤས་ཆེར་སྤྱོད་པ་སྲིད་རྩེར་འགྲོ་གཉིས་སོ། །དང་པོ་ནི། རྒྱུ་བསམ་གཏན་སྤེལ་མ་བསྒོམས་ནས་འོག་མིན་དུ་འགྲོ་སྟེ། མིའི་རྟེན་ལ་བསམ་གཏན་བཅོ་ལྔ་སྤེལ་ནས་བསྒོམས་པ་ལས་བསམ་གཏན་གོང་མ་གསུམ་ལས་ཉམས་ནས་ཚངས་རིས་སུ་སྐྱེས་ཏེ། དེར་སྔོན་གོམས་པའི་དབང་གིས་བཅོ་ལྔ་སྤེལ་དུ་བསྒོམས་ཤིང༌། ཤི་ནས་བར་གྱི་གནས་གཞན་རྣམས་དོར་ཏེ་འོག་མིན་དུ་སྐྱེས་ནས་འདའ་བ་ནི་འཕར་བ་དང༌། ཚངས་རིས་ནས་གནས་གཙང་མ་དང་པོ་གསུམ་པོ་གང་རུང་དུ་སྐྱེས་ཏེ། དེ་ནས་མཐར་འོག་མིན་དུ་སྐྱེས་ནས་འདའ་ན་ཕྱེད་འཕར་བ་དང༌། ཚངས་རིས་ནས་བཟུང་སྟེ་གཟུགས་ཀྱི་གནས་གཞན་བཅུ་དྲུག་པོ་ཐམས་ཅད་དུ་ལན་རེ་རེ་སྐྱེས་ཏེ་མཐར་འོག་མིན་དུ་མྱང་འདས་ཐོབ་པ་ནི་གནས་ཐམས་ཅད་དུ་འཆི་འཕོ་བའོ། །ཚངས་ཆེན་དུ་མི་སྐྱེ་སྟེ། ལྟ་བ་ངན་པའི་གནས་ཡིན་པ་དང༌། གཙོ་བོ་གཅིག་ཏུ་ཟད་པས་སོ། །ཞེས་གསུངས་ཀྱང༌། སོ་སོ་སྐྱེ་བོའི་རྒྱལ་པོའི་འཁོར་དུ་དགྲ་བཅོམ་པ་དུ་མ་འབྱུང་བ་ཡང་གསུངས་པས་སྒྲུབ་བྱེད་འདི་ལ་སྙིང་པོ་མི་སྣང་ངོ༌། །རྒྱལ་སྲས་མར་ནི། ཚངས་རིས་ནས་བཟུང་སྟེ་གནས་གཞན་ཐམས་ཅད་དུ་རྒྱུན་མི་ཆད་པར་ལན་རེ་རེ་སྐྱེས་ནས་ཞེས་དེར་ཡང་སྐྱེ་བར་བཤད་པར་མངོན་ནོ། །གཉིས་པ་འོག་མིན་འགྲོ་ལས་གཞན་ནི། སྤེལ་མ་མ་བསྒོམས་པས་གནས་གཙང་མར་འཇུག་མ་ནུས་པར་ཚངས་ཆེན་བོར་བའི་འོག་མ་བཅུ་གཅིག་ཏུ་སྐྱེས་ཏེ། དེ་ནས་གཟུགས་མེད་བཞིར་སྐྱེས་ནས་སྲིད་རྩེར་མྱང་འདས་ཐོབ་པའོ། །འདི་ཕྱིས་གཟུགས་མེད་དུ་འགྲོ་ཡང་སྔོན་ལ་གཟུགས་སུ་འགྲོ་བས་གཟུགས་སུ་ཉེར་འགྲོར་བརྗོད་དོ། །འདིར་འགྲེལ་པ་ལས། འོག་མིན་དང་སྲིད་རྩེར་འགྲོ་ནི་ཕ་མཐའ་བཟུང་བ་ཙམ་ཡིན་གྱི་དེར་མ་ཕྱིན་པར་གྲོལ་བའི་གོང་འཕོ་ཡང་ཡོད་པར་བསྟན་པ་ནི། སྔར་བཤད་པ་ལྟར་སྤྱིར་དེའི་རིགས་ཅན་མ་ངེས་པའི་དབང་དུ་མཛད་དོ། །གཟུགས་སུ་ཉེར་འགྲོ་ལས་གཞན་དྲུག་པ་ནི་གཟུགས་མེད་དུ་ཉེ་བར་འགྲོ་བ་སྟེ། འདི་ནི་འདོད་པ་ནས་གཟུགས་མེད་དུ་སྐྱེས་ཏེ་མྱ་ངན་ལས་འདའོ། །འདིར་གཟུགས་མེད་ཀྱི་སེམས་ཐོབ་པ་ལ་མ་ཉམས་པར་གྲོངས་ཏེ། གཟུགས་མེད་བཞི་པོར་རིམ་པར་སྐྱེས་ཤིང༌། སྐྱེས་མ་ཐག་དང་འདུ་བྱེད་བཅས་པ་དང༌། འདུ་བྱེད་མེད་པ་དང༌། གོང་འཕོ་སྟེ། རྣམ་པ་བཞིའོ། །གསུམ་པ་ནི། ཕྱིར་མི་འོང་གཞན་བདུན་པ་ནི་འདོད་པར་ཕྱིར་མི་འོང་ཐོབ་པའི་ཚེ་འདི་ལ་མྱ་ངན་འཁོར་བའི་སྡུག་བསྔལ་ལས་འདའོ། །བཞི་པ་ཕྱིར་མི་འོང་གི་དབྱེ་བ་དུ་མ་བཤད་པ་ལ་བཞི་སྟེ། གཟུགས་སུ་ཉེར་འགྲོ་དགུར་དབྱེ་བ། སྐྱེས་བུ་དམ་པའི་འགྲོ་བ་བཤད་པ། ཚེ་ཡོངས་གྱུར་གྱི་འཕགས་པ་ངོས་བཟུང་བ། བསམ་གཏན་སྤེལ་མ་སྒོམ་ཚུལ་ལོ། །དང་པོ་ནི། བར་དོར་འདའ་བ་དང༌། སྐྱེས་ནས་འདའ་བ་དང༌། གོང་འཕོ་དང་གསུམ་ལ་ཡང་རྣམ་པ་གསུམ་གསུམ་དུ་ཕྱེ་ནས་གཟུགས་སུ་ཉེར་འགྲོ་དགུར་བཤད་དེ། དང་པོ་ལ་བར་དོ་གྲུབ་མ་ཐག་ཐར་པ་མྱུར་བ་པ་དང༌། ཅུང་ཟད་གནས་ཏེ་ཐར་པ་མྱུར་བ་མ་ཡིན་པ་དང༌། སྐྱེ་སྲིད་དུ་འགྲོ་བར་སེམས་པ་ན་ཐར་པ་ཡུན་རིང་མོ་ཞིག་ན་འདའ་བ་གསུམ་སྟེ། སྐྱེས་བུ་དམ་པའི་འགྲོ་བ་བདུན་གྱི་མདོར། སོགས་མའི་མེ་ཆུང་ངུ་སྦར་མ་ཐག་འཆི་བ་དང༌། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ནས་ཅུང་ཟད་ན་འཆི་བ་དང༌། ཡར་ནས་ས་ལ་མ་ལྷུང་ཙམ་ལ་འཆི་བའི་དཔེ་གསུམ་གྱིས་བཀའ་སྩལ་ཏོ། །སྐྱེས་འདའ་བ་ལ། སྐྱེས་ཙམ་དང༌། འདུ་བྱེད་དང༌། འདུ་བྱེད་མེད་པར་འདའ་བ་གསུམ་དང༌། གོང་འཕོ་ལ་འཕར་བ་སོགས་གསུམ་མོ། །ཕྱིར་མི་འོང་གསུམ་པོ་དེ་དག་གི་ཁྱད་པར་རྣམ་པ་ནི། མངོན་པར་འགྲུབ་པ་དང༌། སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང༌། དབང་པོ་རྣོ་འབྲིང་རྟུལ་གསུམ་དང༌། ཉོན་མོངས་པ་ཆེ་ཆུང་གི་བྱེ་བྲག་ལས་ཡིན་ནོ། །གཉིས་པ་སྐྱེས་བུ་དམ་པའི་འགྲོ་བ་ནི། མདོ་ལས། སྐྱེས་བུ་དམ་པའི་འགྲོ་བ་བདུན་བཤད་པ་ཇི་ལྟ་བུ་ཞེ་ན་དེ་དགུ་ལས་གོང་དུ་འཕོ་བ་མ་ཕྱེ་པར་གཅིག་ཏུ་བགྲངས་ནས་ལྷག་མ་དྲུག་དང༌། དམ་པའི་འགྲོ་བ་བདུན་དུ་འདོད་དོ། །ཅིའི་ཕྱིར་དེ་རྣམས་ཁོ་ན་སྐྱེས་བུ་དམ་པ་ཡིན་གྱི་སློབ་པ་གཞན་རྣམས་མ་ཡིན་ཞེ་ན། ལས་དམ་པ་དགེ་བ་དང་དམ་པ་མིན་པ་མི་དགེ་བ་ལ་འཇུག་པ་དང་མི་འཇུག་པས་དང༌། འགྲོ་བ་འདི་རྣམས་སུ་སོན་པ་ནི་གནས་དེའི་འོག་མ་དང་དེར་ཡང་ཕྱིར་མི་འོང་བའི་ཕྱིར་ན་སྐྱེས་བུ་དམ་པའོ། །གསུམ་པ་ཚེ་ཡོངས་འགྱུར་གྱི་འཕགས་པ་ངོས་བཟུང་བ་ནི། ཚེ་དང་པོ་ལ་རྒྱུན་ཞུགས་སམ་ཕྱིར་འོང་ཐོབ་སྟེ་ཚེ་གཉིས་པ་ལ་ཕྱིར་མི་འོང་ཐོབ་པས་འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཕྱིར་མི་འོང་བའོ། །འདི་ནི་འཁོར་བ་ལ་ཡིད་འབྱུང་ཤས་ཆེ་བས་ཚེ་དེ་ཉིད་ལ་ཞི་བ་ཐོབ་པའི་ཕྱིར་ཁམས་གཞན་དུ་འགྲོ་བ་མེད་དོ། །འདི་ནི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གི་དབང་དུ་བྱས་ཀྱི། གཟུགས་ཁམས་སུ་ཚེ་ཡོངས་སུ་གྱུར་པ་ནི་ཁམས་གོང་དུའང་འཇུག་སྲིད་དེ། གོང་དུ་འཕོ་བ་སྲིད་རྩེར་འགྲོ་བ་བཞིན་ནོ། །ཁམས་དེ་དང་དེའི་འཕགས་པ་ཚེ་ཡོངས་སུ་གྱུར་པ་ནི་ཁམས་དེའི་རྟེན་ལ་འཕགས་ཆོས་སྐྱེ་བ་གཉིས་ངེས་པར་བསྟེན་པ་སྟེ། སྔར་རྒྱུན་ཞུགས་ལན་བདུན་པར་གྱུར་པ་དང༌། རིགས་ནས་རིགས་སྐྱེ་བར་གྱུར་པ་ལའང་ཚེ་ཡོངས་སུ་གྱུར་པ་ཡོད་མོད་ཀྱི་དེ་དག་ནི་འདོད་ཁམས་ལས་འདོད་ཆགས་དང་མ་བྲལ་བར་གྲུབ་ཟིན་པས་ཁམས་གོང་དུ་འགྲོ་མི་འགྲོའི་དཔྱད་པ་མ་བྱས་སོ། །ཕྱིར་མི་འོང་ནི་འདོད་པ་ལས་གྲོལ་བའི་སློབ་པ་ཡིན་པས་གོང་དུ་འགྲོ་མི་འགྲོའི་དཔྱད་པ་བྱས་སོ། །འདོད་པར་ཚེ་ཡོངས་སུ་གྱུར་པ་དེ་དང་ཁམས་གོང་མར་སྐྱེས་པའི་འཕགས་པ་ནི་རྟེན་ཁྱད་པར་ཅན་ཐོབ་པས་ཡོངས་སུ་ཉམས་པ་མེད་ལ། ཚེ་རབས་གཞན་ནས་ལམ་འདྲིས་དབང་པོ་རྣམས་ཆེས་སྨིན་པའི་ཕྱིར་དབང་པོ་འཕོ་བ་མི་བརྟེན་ཏོ། །རྒྱུན་ཞུགས་དང་ཕྱིར་འོང་བར་དོ་མི་འདའ་བ་ཅི་ཞེ་ན། ལམ་ལ་མ་འདྲིས་ཤིང་ཕྲ་རྒྱས་ཆེ་བས་སོ། །བྱེ་བྲག་སྨྲ་བ་བར་དོར་འདོད་ཁམས་ལས་འདའ་དཀའ་བས་སོ། །ཞེས་སོ། །བཞི་པ་བསམ་གཏན་སྤེལ་མ་སྒོམ་ཚུལ་ནི། བསམ་གཏན་བཞི་པ་ནི་ལམ་སླ་བའི་མཆོག་ཡིན་པས་དང་པོར་བསམ་གཏན་བཞི་པ་སྤེལ་ལ་ཕྱིས་འོག་མ་གསུམ་ཡང་སྤེལ་ལོ། །རྟེན་ནི་དང་པོར་གླིང་གསུམ་དང་ཉམས་ནས་གཟུགས་ཁམས་སུ་སྤེལ་ལོ། །སྤེལ་ཚུལ་ལ་གཉིས་ཏེ། སྦྱོར་བ་དང༌། དངོས་གཞིའོ། །སྦྱོར་བ་ནི། དང་པོར་ཟག་མེད་དང༌། དེ་ནས་ཟག་བཅས་དང༌། ཡང་ཟག་མེད་དེ་གསུམ་རྒྱུན་ལྡན་དུ་སྤེལ་ནས་རིམ་གྱིས་རྒྱུན་ཕྲི་སྟེ་སྐད་ཅིག་རེ་རེ་སྤེལ་བའི་བར་ཡིན་ལོ། །ཟག་མེད་སྔ་ཕྱིའི་མཚམས་ནི་སྔ་མ་ལ་ལྡང་སེམས་དང་ཕྱི་མ་ལ་འཇུག་སེམས་ཀྱི་རྗེས་ཐོབ་ཀྱིས་བྱེད་དོ། །དངོས་གཞི་ནི་སྐད་ཅིག་མ་རེ་རེ་བ་གསུམ་བསྲེས་པས་སྤེལ་བ་གྲུབ་སྟེ། དེའི་སྐད་ཅིག་དང་པོ་གཉིས་བར་ཆད་མེད་ལམ་ལྟ་བུ་དང༌། གསུམ་པ་རྣམ་གྲོལ་ལམ་ལྟ་བུ་ཞེས་གྲག་གོ །སློབ་དཔོན་ནི་སངས་རྒྱས་མིན་པས་སྐད་ཅིག་སྤེལ་མི་ནུས་པས་ན། རྒྱུན་ཆགས་གསུམ་ལ་ཇི་སྲིད་འདོད་པར་སྙོམས་པར་འཇུག་པས་རྫོགས་པར་བཞེད་དོ། །ཅིའི་དོན་དུ་བསམ་གཏན་སྤེལ་ཞེ་ན། ཕྱིར་མི་འོང་དབང་རྣོན་གནས་གཙང་མར་སྐྱེ་བ་དང་མཐོང་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། དབང་རྟུལ་དེ་གཉིས་དང་ཉོན་མོངས་པས་འཇིག་པས་མི་ཉམས་པར་བྱ་བའི་ཕྱིར་ཡང་སྤེལ་ལ། དགྲ་བཅོམ་ནི་དབང་རྣོན་མཐོང་སྤང་ལ་བདེ་བར་གནས་པ་ཉིད་དང༌། དབང་རྟུལ་མི་ཉམས་པ་དང༌། གཉིས་ཀའི་ཆེད་དུ་སྤེལ་ལོ། །སྤེལ་བ་དེ་ནི་ཆུང་ངུ་གསུམ་སྤེལ་ཡིན་ལ། སྦྱོར་བ་གཅིག་གིས་གསུམ་སྤེལ་གཉིས་བྱེད་པ་འབྲིང་དྲུག་སྤེལ། དེ་བཞིན་དུ་ཆེན་པོ་དགུ་སྤེལ། ཤིན་ཏུ་ཆེ་བ་བཅུ་གཉིས་སྤེལ། ཆེས་ཤིན་ཏུ་ཆེ་བ་བཅོ་ལྔ་སྤེལ་ཏེ། རྣམ་པ་ལྔ་ཡོད་པའི་ཕྱིར་འབྲས་བུ་སྐྱེ་བ་ཡང་གནས་གཙང་མ་ལྔ་ཁོ་ནའོ། །ལྔ་པ་ལུས་མངོན་བྱེད་ནི། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་ནི་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལུས་ཀྱི་མངོན་སུམ་དུ་བྱེད་པའི་ཕྱིར་སེམས་མེད་པའི་ལུས་ཀྱིས་མངོན་དུ་བྱེད་པར་འདོད་དོ། །བཞི་པ་དགྲ་བཅོམ་བསྟན་པ་ལ་གསུམ་སྟེ། ཞུགས་པ་དང༌། འབྲས་གནས་དང༌། འབྲས་གནས་ཀྱི་དབྱེ་བའོ། །དང་པོ་ནི། བསམ་གཏན་དང་པོའི་སྐྱོན་གཅིག་སྤོང་བ་ནས་བཟུང་སྟེ་སྲིད་རྩེའི་བར་ཆ་བརྒྱད་ཀྱི་བར་ཟད་པའི་ཕྱིར་མི་འོང་དེ་ནི་དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན་ལ། དེར་མ་ཟད་དགུ་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པ་ཡང་དེའོ། །བར་ཆད་མེད་ལམ་དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་སྟེ། ལམ་ཐམས་ཅད་ཀྱི་མཆོག་ཡིན་པས། ཕྲ་རྒྱས་འཇོམས་པར་ནུས་ལ། ཚུར་གང་གིས་ཀྱང་གནོད་མི་ནུས་སོ། །གཉིས་པ་འབྲས་གནས་ལ་གཉིས་ཏེ། དངོས་དང༌། ཞར་ལ་བྱུང་བའོ། །དང་པོ་ནི། སྐྱོན་དགུ་པོ་དེ་ཟད་པའི་བྲལ་ཐོབ་དང་ལྷན་ཅིག་ཏུ་ཟད་པ་ཤེས་པ་རྣམ་གྲོལ་ལམ་སྐྱེ་ལ་དེའི་ཚེ་གང་ཟག་དེ་བསླབ་པར་བྱ་བ་མེད་པས་མི་སློབ་པ་དང༌། ཆགས་བཅས་ཐམས་ཅད་ཀྱིས་མཆོད་པར་འོས་པས་དགྲ་བཅོམ་པའོ། །གཉིས་པ་ལ་གཉིས་ཏེ། ཆགས་བྲལ་གྱི་ཚུལ་དཔྱད་པ་དང༌། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཤད་པའོ། །དང་པོ་ལ་བཞི་སྟེ། ཆགས་བྲལ་སྤྱིར་བསྟན། བྲལ་ཐོབ་སྐྱེ་ཚུལ། ས་གང་གིས་ཆགས་པ་སྤོང༌། ལམ་གྱི་དམིགས་རྣམ་དཔྱད་པའོ། །དང་པོ་ནི། སྒོམ་ལམ་གཉིས་སུ་བཤད་པ་ལ་སློབ་པ་འདི། ལམ་གང་གིས་ས་གང་ལ་འདོད་ཆགས་དང་བྲལ་ཞེ་ན། འཇིག་རྟེན་ལས་འདས་པའི་སྒོམ་ལམ་ཁོ་ནས་སྲིད་རྩེ་ལ་ཆགས་པ་དང་བྲལ་གྱི་འཇིག་རྟེན་པས་ནི་མིན་ཏེ། དེའི་གོང་ན་ཞི་བར་ལྟ་ས་མེད་ཅིང་རང་ས་དང་འོག་སས་ངེས་པར་འབྱུང་མི་ནུས་པས་སོ། །ས་གཞན་བརྒྱད་ལས་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པ་གོང་སའི་ཉེར་བསྡོགས་ཏེ་ལམ་གཉིས་ཀས་འདོད་ཆགས་དང་བྲལ་ལོ། །གཉིས་པ་ནི། རྒྱུན་ཞུགས་དང་ཞི་གནས་དཔྱད་པ་སོགས་འཇིག་རྟེན་པའི་ལམ་གྱིས་ཆགས་པ་དང་བྲལ་བའི་འཕགས་ལ་བྲལ་བའི་ཐོབ་པ་ཟག་བཅས་དང༌། ཟག་མེད་གཉིས་སྐྱེ་བས་སྤངས་པ་བརྟན་ལ། བྱིས་པ་ལ་ནི་ཟག་བཅས་ལས་མི་སྐྱེ་བས་མི་བརྟན་ནོ། །ཁ་ཅིག་གིས་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤངས་ཀྱང་བྲལ་ཐོབ་གཉིས་སྐྱེ་སྟེ། ལམ་ཟག་མེད་ཁོ་ནས་ཅི་ཡང་མེད་པ་ལས་གྲོལ་བ་ཞིག དབང་པོ་འཕོས་པ་ན་བརྟུལ་པོའི་ལམ་བཏང་ལ་གོང་སའི་ཉོན་མོངས་མི་ལྡན་པའི་ཕྱིར་ཏེ། གཞན་དུ་ན་གོང་སའི་བྲལ་བ་དེ་ཉིད་མི་ལྡན་པར་འགྱུར་ལ། གོང་སའི་ཉོན་མོངས་པའི་བྲལ་བ་དེ་བཏང་ན་གོང་སའི་ཉོན་མོངས་དང་ལྡན་པར་ཡང་འགྱུར་རོ། །ཞེའོ། །དེ་ནི་མ་ངེས་ཏེ། སྲིད་རྩེའི་ཕྱེད་ལས་གྲོལ་བ་ལ་བྲལ་ཐོབ་འཇིག་རྟེན་པ་ཡང་མེད་ལ་དབང་པོ་འཕོས་ན་ཟག་མེད་བཏང་ཡང་ཉོན་མོངས་དེ་དག་མི་ལྡན་པ་བཞིན་དང༌། སོ་སྐྱེ་གོང་ས་བསམ་གཏན་གཉིས་པ་སོགས་སུ་སྐྱེས་པ་ན་འདོད་ཉོན་གྱི་བྲལ་ཐོབ་འཕོས་པས་བཏང་ཡང་འདོད་ཉོན་མི་ལྡན་པ་བཞིན་དུ། གང་ཟག་དེ་ཡང་བྲལ་ཐོབ་འཇིག་རྟེན་པ་མེད་ཀྱང༌། ཉོན་མོངས་དང་མི་ལྡན་པས་ཤེས་བྱེད་མིན་ནོ། །གསུམ་པ་ནི། ས་གང་གིས་གང་ལས་འདོད་ཆགས་དང་བྲལ་བར་འགྱུར་ཞེ་ན། ཟག་མེད་མི་ལྕོགས་མེད་པ་ཡིས་ས་དགུ་པོ་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་ནུས་ཏེ། དེ་ནི་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤོང་མི་ནུས་པ་མེད་པས་མི་ལྕོགས་མེད་ཅེས་བྱའོ། །ཉེར་བསྡོགས་ཀྱིས་འོག་སའི་ཉོན་མོངས་སྤངས་པ་ན། དེའི་རྣམ་གྲོལ་ལམ་ཐམས་ཅད་ཉེར་བསྡོགས་ཀྱི་ངོ་བོར་སྐྱེའམ་ཞེ་ན། ས་འོག་མ་གསུམ་ལས་རྒྱལ་བ་ལ་ནི་ཉེར་བསྡོགས་དང་དངོས་གཞི་ཚོར་བ་ཐ་དད་པས་དབང་པོ་རྣོ་ན་དངོས་གཞི་ལ་འཇུག་ནུས་པས་བསམ་གཏན་གྱི་དངོས་གཞིའམ། བརྟུལ་ན་མི་ནུས་པས་མཐའི་རྣམ་གྲོལ་ལམ་ཉིད་ཉེར་བསྡོགས་ཀྱི་ངོ་བོར་སྐྱེ་ལ། དེའི་གོང་མ་ནི་རྣམ་གྲོལ་ལམ་ཐ་མར་དབང་པོ་བརྟུལ་ཡང་ཉེར་བསྡོགས་ལས་སྐྱེ་བ་མིན་ཏེ། ཉེར་བསྡོགས་དང་དངོས་གཞི་བཏང་སྙོམས་ཅན་འདྲ་ཞིང་དངོས་གཞི་ཁོ་ན་ལ་གུས་པས་དེ་ལས་སྐྱེས་པས་སོ། །འཕགས་པ་སྟེ་ཟག་མེད་ཀྱི་དངོས་གཞི་བདུན་དང༌། བསམ་གཏན་ཁྱད་པར་ཅན་དང་བརྒྱད་ཀྱིས་ནི་རང་ས་དང་གོང་ས་ལས་ཀྱང་རྒྱལ་བར་འགྱུར་ལ། འོག་ས་ལས་ནི་ཉེར་བསྡོགས་ཀྱིས་རྒྱལ་ཟིན་པས་མིན་ནོ། །བཞི་པ་ནི། ཟག་མེད་སྒོམ་ལམ་གྱི་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་ནི་བདེན་པའི་དམིགས་རྣམ་ཅན་དུ་གྲུབ་ལ། འཇིག་རྟེན་པའི་རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་དག་ནི་གོ་རིམ་བཞིན་ཞི་བ་སོགས་དང༌། རགས་པ་དང་སོགས་པས་ཐ་བ་ངན་པ་དང༌། རྩིགས་པ་སྟུག་པོ་ལྟ་བུའི་རྣམ་པ་ཅན་ཡིན་ཞིང༌། དམིགས་པའང་གོ་རིམ་བཞིན་གོང་ས་དང་ས་འོག་མའི་སྤྱོད་ཡུལ་ཅན་ཏེ། ས་དང་པོ་བདུན་ནོ། །ཟད་པར་ཤེས་པའི་མཇུག་ཐོགས་སུ་ཅི་ཞིག་སྐྱེ་ཞེ་ན། གལ་ཏེ་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཡིན་ན་ཟད་པ་ཤེས་པའི་རྗེས་ཐོགས་ལས་མི་སྐྱེ་བའི་བློ་གྲོས་འབྱུང་ལ། གལ་ཏེ་མི་གཡོ་བའི་ཆོས་ཅན་མིན་ན་ཟད་ཤེས་རང་གི་རིགས་འདྲ་ཟད་པ་ཤེས་པ་ཁོ་ནའམ། མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེ་བའི་ཉམས་སྲིད་པས་མི་སྐྱེ་བ་ཤེས་པ་ནི་མི་འབྱུང་ངོ༌། །མི་གཡོ་བའི་ཆོས་ཅན་ལ་ཡང་མི་སྐྱེ་བའི་ཤེས་པ་ལས་རེས་འགའ་རང་འདྲ་སྐྱེ་ལ། རེས་འགའ་མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེ་སྟེ། ལྟ་བ་དེ་ནི་དགྲ་བཅོམ་པ་ཐམས་ཅད་ལ་འབྱུང་ངོ༌། །གཉིས་པ་དགེ་སྦྱོང་ཚུལ་གྱི་འབྲས་བུ་བཤད་པ་ལ་གཉིས་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུའི་དབྱེ་བ། དགེ་སྦྱོང་གི་ཚུལ་ཉིད་བཤད་པའོ། །དང་པོ་ནི། ཉོན་མོངས་པ་གཏན་དུ་ཞི་བར་བྱེད་པའི་རྒྱུ་ནི་དགེ་སྦྱོང་སྟེ། དེའི་ཚུལ་ནི་དྲི་མེད་བར་ཆད་མེད་ལམ་རྣམས་ཡིན་ལ། ཚུལ་གྱི་འབྲས་བུ་འདུས་བྱས་ནི་རྣམ་གྲོལ་ལམ་དང༌། འདུས་མ་བྱས་ནི་སྤངས་པའོ། །འབྲས་བུ་དེ་རྣམས་རྒྱས་པར་ཕྱེ་ན་བརྒྱད་ཅུ་རྩ་དགུ་སྟེ། མཐོང་སྤང་སྤངས་པའི་འབྲས་བུ་བརྒྱད། སྒོམ་སྤང་སྤངས་པའི་འབྲས་བུ་བརྒྱད་ཅུ་རྩ་གཅིག་གོ །འདུས་བྱས་དང་འདུས་མ་བྱས་གང་འབྲས་བུར་བཟུང་ཞེ་ན། གྲོལ་ལམ་འདུས་བྱས་དང་ཟད་པ་འདུས་མ་བྱས་པ་དང་བཅས་པ་སོ་སོར་མ་ཕྱེ་བར་ཐུན་མོང་དུ་བཟུང་ངོ༌། །དེ་ལྟར་ན་འབྲས་བུ་དུ་མར་འགྱུར་བས་སངས་རྒྱས་ཀྱིས་གསུངས་པ་ལ་ཁ་བསྐང་དགོས་པར་འགྱུར་རོ། །ཞེ་ན། ཐུབ་པས་འབྲས་བུ་བཞིར་རྣམ་པར་བཞག་པ་ནི་འབྲས་བུར་འཇོག་པའི་རྒྱུ་མཚན་རྣམ་པ་ལྔ་དག་ནི་གནས་སྐབས་བཞི་ལ་ཚང་པར་སྲིད་པའི་ཕྱིར་འབྲས་བུ་བཞིའོ། །རྒྱུ་མཚན་གང་ཞེ་ན། འབྲས་བུ་བཞི་པོ་རེ་རེ་ལའང་སྔོན་ཞུགས་པའི་ལམ་བཏང་བ་དང༌། གཞན་འབྲས་བུའི་ལམ་ཐོབ་པ་དང༌། རྒྱུན་ཞུགས་ཀྱི་དུས་སུ་མཐོང་སྤང་སྤངས་པ་ཐམས་ཅད་ཀྱི་ཐོབ་པ་སྒོམ་ལམ་གྱིས་བསྡུས་པ་གཅིག་རྙེད་པ་དང༌། ཕྱིར་འོང་གི་དུས་སུ་མཐོང་སྤང་སྤངས་པ་དང༌། སྒོམ་སྤང་སྤངས་པ་དྲུག་པོ་ཐམས་ཅད་ཀྱིས་ཐོབ་པ་རྙེད་པ་སོགས་ཟད་པ་བསྡོམས་ཏེ། ཐམས་ཅད་ཀྱིས་ཐོབ་པ་གཅིག་རྙེད་པ་དང༌། ཆོས་ཤེས་དང་རྗེས་ཤེས་བཞི་བཞི་སྟེ་ཤེས་པ་བརྒྱད་ཚན་ཅིག་ཅར་ཐོབ་པ་དང༌། མི་རྟག་སོགས་རྣམ་པ་བཅུ་དྲུག་ཐོབ་པའོ། །གལ་ཏེ་ཟག་མེད་ཀྱི་ལམ་ཁོ་ན་དགེ་སྦྱོང་གི་ཚུལ་ཡིན་ན། འཇིག་རྟེན་པའི་ལམ་གྱིས་ཐོབ་པ་གཉིས་དགེ་སྦྱོང་གི་ཚུལ་གྱི་འབྲས་བུར་ཇི་ལྟར་རུང་ཞེ་ན། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་བར་པ་གཉིས་ནི་མཐོང་ལམ་གྱི་འབྲས་བུ། སྤངས་པ་ཡང་བསྲེས་ནས་བྲལ་ཐོབ་ཟག་མེད་གཅིག་རྙེད་པའི་ཕྱིར་དང༌། དེས་འཇིག་རྟེན་པས་སྤངས་པའང་འཛིན་པའི་ཕྱིར། དགེ་སྦྱོང་ཚུལ་གྱི་འབྲས་བུར་རུང་ངོ༌། །གཉིས་པ་ནི། དགེ་སྦྱོང་གི་ཚུལ་དེ་ཉིད་ཉོན་མོངས་པ་སྤོང་བས་ཚངས་པའི་ཚུལ་ཡིན་ལ། ཚངས་པའི་འཁོར་ལོ་ཡང་ཡིན་ཏེ། ཚངས་པ་བཅོམ་ལྡན་འདས་ཀྱིས་བསྐོར་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་སྟེ། ཇི་ལྟར་འཁོར་ལོ་རིན་པོ་ཆེ་གླིང་བཞིར་མྱུར་བར་འགྲོ་བ་དང༌། སོགས་པས་ཡུལ་གཞན་དོར་ནས་གཞན་དུ་འཇུག་པ་དང༌། རྒྱལ་ཕྲན་མ་རྒྱལ་བ་ལས་རྒྱལ་བར་བྱེད་ལ་རྒྱལ་བ་རྣལ་དུ་འགོད་པ་དང༌། ས་མཐོ་བར་འཕར་བ་དང༌། དམའ་བར་འབབས་པ་དེ་བཞིན་དུ་མཐོང་ལམ་གྱི་སྐད་ཅིག་མ་རྣམས་ཀྱང་མྱུར་བ་དང༌། བདེན་པ་གཞན་དོར་ཞིང་གཞན་ལ་འཇུག་པ་དང༌། བར་ཆད་མེད་པའི་ལམ་གྱིས་ཐོབ་པ་གཅོད་པས་མཐོང་སྤངས་མ་རྒྱལ་བ་ལས་རྒྱལ་བར་བྱེད་ལ་རྣམ་གྲོལ་གྱི་བྲལ་ཐོབ་འཛིན་པས་རྒྱལ་བ་རྣམ་གྲོལ་དུ་འགོད་པ་དང༌། གོང་མ་དང་འདོད་པའི་བདེན་པ་ལ་འཕར་བ་དང༌། འབབས་པའི་ཕྱིར་རོ། །བཙུན་པ་དབྱངས་སྒྲོག་ནི་འཕགས་ལམ་ཡན་ལག་བརྒྱད་ཀྱི་རྩིབས་སོགས་དང༌། ཆོས་མཐུན་པའི་ཕྱིར་འཁོར་ལོ་ཞེས་བྱ་སྟེ། ལྟ་བ་དང༌། རྟོག་པ་དང༌། རྩོལ་བ་དང༌། དྲན་པ་བཞི་ནི་ཤེས་རབ་ཀྱིས་བསྡུས་ཏེ་རྩིབས་ལྟ་བུ་དང༌། ངག་དང་ལས་དང་འཚོ་བ་གསུམ་ནི་ཚུལ་ཁྲིམས་ཏེ་གཞི་བྱེད་པས་ལྟེ་བ་ལྟ་བུའོ། །ཏིང་ངེ་འཛིན་ནི་གཞན་སྡུད་པས་མུ་ཁྱད་ལྟ་བུའོ། །ཞེས་ཟེར་རོ། །མཐོང་ལམ་ལ་ཆོས་ཀྱི་འཁོར་ལོ་འཇོག་པ་ནི། ཀུན་ཤེས་ཀོའུ་ཌཱི་ནྱ་ལ་མཐོང་ལམ་སྐྱེས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཞེས་སྒྲ་བསྒྲགས་པས་སོ། །ཁམས་གང་དུ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དུ་ཐོབ་ཅེ་ན། འདོད་པར་དང་པོ་གསུམ་ཐོབ་ལ་ཐ་མ་དགྲ་བཅོམ་པ་ནི་ཁམས་གསུམ་དུ་འཐོབ་བོ། །དང་པོ་གཉིས་འདོད་པ་ལས་མ་གྲོལ་བས་དེ་ལྟར་རིགས་ནའང༌། ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོ་ཁམས་གོང་དུ་མི་ཐོབ་པ་ཅི་ཞེ་ན། ཁམས་གོང་ན་མཐོང་ལམ་མེད་ཅིང་དེ་མེད་པར་ཡང་ཆགས་བྲལ་སྔོན་འགྲོའི་ཕྱིར་མི་འོང་མི་ཐོབ་པས་སོ། །ཅིའི་ཕྱིར་གོང་མའི་རྟེན་ལ་མཐོང་ལམ་མེད་ཅེ་ན། གཟུགས་མེད་ན་ཉན་པ་མེད་པ་དང༌། ཁམས་འོག་མ་ལ་མི་དམིགས་པའི་ཕྱིར་དང༌། གཟུགས་ཁམས་པ་སྙོམས་འཇུག་གི་བདེ་བ་ལ་ཆགས་ཤིང་ཚོར་བ་སྡུག་བསྔལ་མེད་པས་མི་སྐྱོ་བའི་ཕྱིར་དང༌། ཕྱིར་མི་འོང་བར་དོ་འདའ་བ་སོགས་ལྔ་འདིར་རྩོམ་ཞིང་དེར་མཐར་ཕྱིན་པར་འགྱུར་རོ། །ཞེས་འབྱུང་བའི་ཕྱིར་རོ། །ཐེག་ཆེན་དུ་ནི་གཟུགས་ཀྱི་ལྷ་དང་ཡི་དྭགས་དང་སྲིན་བུའི་རིགས་མང་པོ་ལ་མཐོང་ལམ་སྐྱེ་བར་བཤད་དོ། །གསུམ་པ་དགྲ་བཅོམ་འབྲས་གནས་ཀྱི་དབྱེ་བ་ལ་གཉིས་ཏེ། དྲུག་ཏུ་དབྱེ་བ་དང༌། དགུར་དབྱེ་བའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དངོས། དབང་པོ་འཕོ་ཚུལ་ལོ། །དང་པོ་ནི། འབྲས་གནས་དང་པོ་གསུམ་ལ་དབྱེ་བ་ཡོད་པ་ལྟར་དགྲ་བཅོམ་པ་ལའང་དབྱེ་བ་ཡོད་དམ་ཞེ་ན། ཡོད་དེ་མདོར་དགྲ་བཅོམ་དྲུག་ཏུ་གསུངས་པར་འདོད་དེ། ཡོངས་སུ་ཉམས་པའི་ཆོས་ཅན་དང༌། འཆི་བར་སེམས་པ་དང༌། རྗེས་སུ་བསྲུང་བའི་ཆོས་ཅན། གནས་པ་ལས་མི་སྐྱོད་པ། རྟོགས་པའི་སྐལ་པ་ཅན། མི་གཡོ་བའི་ཆོས་ཅན་ནོ། །དེ་དག་ལས་དང་པོ་ལྔ་ནི་དབང་པོ་རྟུལ་བས་དད་པས་མོས་པ་ལས་སྐྱེ་ལ། དེས་ན་དེ་རྣམས་ཀྱི་སེམས་རྣམ་པར་གྲོལ་བ་ནི། ཡོ་བྱད་དང་ནད་མེད་པ་དང་ཡུལ་གྱི་ཁྱད་པར་ལ་སོགས་པའི་མཚན་ཉིད་དུས་ལས་འབྱུང་བས་དུས་དང་སྦྱོར་བའོ། །མི་གཡོ་བའི་ཆོས་ཅན་གྱི་རྣམ་གྲོལ་ལམ་ནི་ཉམས་མི་སྲིད་པས་མི་གཡོ་བ་ཡིན་ལ། དེའི་ཕྱིར་འདོད་དགུར་ཏིང་ངེ་འཛིན་མངོན་དུ་འགྱུར་བས་དེ་ནི་དུས་དང་མི་སྦྱོར་བར་གྲོལ་བ་ཞེས་བྱ་ཞིང༌། མི་གཡོ་བའི་ཆོས་ཅན་དེ་ནི་མཐོང་བས་ཐོབ་བའི་རྒྱུ་ལས་བྱུང་བའོ། །ཅི་དགྲ་བཅོམ་དྲུག་པོ་དང་པོ་ནས་དེའི་རིགས་ཅན་ཡིན་ནམ། དུས་ཕྱིན་ཡིན་ཞེ་ན། ཁ་ཅིག་དང་པོ་ནས་དེའི་རིགས་ཅན་ཡིན་ལ། ཁ་ཅིག་ནི་སྔོན་ཉམས་པའི་ཆོས་ཅན་དབང་པོ་སྦྱངས་པ་ལས་འཆི་བར་སེམས་པར་གྱུར་པ་སོགས་སོ། །དགྲ་བཅོམ་དྲུག་པོ་དེ་དག་གང་འབྲས་བུ་དང༌། གང་རིགས་ལས་ཉམས་ཤེ་ན། བར་པ་བཞི་ནི་རིགས་ལས་ཉམས་ལ། ཉམས་པའི་ཆོས་ཅན་ནི་མིན་ཏེ། དེའི་འོག་ཏུ་རིགས་གཞན་མེད་པའི་ཕྱིར། དང་པོ་ལྔ་ནི་འབྲས་བུ་ལས་ཉམས་པར་འགྱུར་ཏེ། དབང་པོ་རྟུལ་བའི་ཕྱིར། འབྲས་བུ་དང་པོ་ལས་ནི་ཉམས་པ་མིན་ཏེ། ཆགས་བྲལ་སྔོན་སོང་གི་འབྲས་བུ་ལ་འདོད་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱི་བརྟན་པར་བྱས་པའི་ཕྱིར། རྒྱུན་ཞུགས་ཀྱི་འབྲས་བུ་ལ་འདོད་ན་མཐོང་སྤང་སྤངས་པས་རབ་ཏུ་ཕྱེ་ཞིང་མཐོང་སྤང་གཞི་མེད་ཡིན་པས་སྤངས་ན་སླར་མི་བཟློག་པའི་ཕྱིར། འབྲས་བུ་ཕྱི་མ་གསུམ་ནི་སྒོམ་སྤང་སྤངས་པས་རབ་ཏུ་ཕྱེ་ཞིང་སྒོམ་སྤང་ནི་གཞི་བཅས་ཡིན་པས་སྤངས་ཀྱང་རྐྱེན་གྱིས་སླར་བཟློག་སྲིད་པའི་ཕྱིར། ཞེས་འདོད་དོ། །མདོ་སྡེ་པ་ནི། དགྲ་བཅོམ་འབྲས་བུ་ལས་ཉམས་མི་སྲིད་དེ། ཉོན་མོངས་པའི་ས་བོན་མ་སྤངས་ན་དགྲ་བཅོམ་མི་ཐོབ་ལ། སྤངས་ན་ཉོན་མོངས་སྐྱེ་བའི་རྒྱུ་མེད་པའི་ཕྱིར། མདོ་ལས་ཀྱང༌། འཕགས་པའི་ཤེས་རབ་ཀྱིས་སྤངས་པ་ནི་ལེགས་པར་སྤངས་པའོ། །ཞེས་དང༌། སློབ་པ་ལ་བག་ཡོད་པར་བྱའོ་ཞེས་ང་སྨྲའོ་ཞེས་གསུངས་ཀྱི་དགྲ་བཅོམ་ལ་མ་གསུངས་སོ། །དེས་ན་རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་གཉིས་ནི་ཟག་མེད་ཀྱི་ལམ་ཁོ་ནས་ཐོབ་པས་སྤང་བྱའི་ས་བོན་རྩ་བ་ནས་སྤངས་པའི་ཕྱིར་ཉམས་མི་སྲིད་ལ། བར་མ་གཉིས་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་ནི་ས་བོན་དྲུངས་མ་ཕྱུང་བས་ཉམས་སྲིད་པའི་ཕྱིར་སློབ་པ་ལ་བག་ཡོད་པར་བྱའོ། །ཞེས་དང༌། འཕགས་པ་ལ་མི་དགེ་བའི་རྣམ་རྟོག་སྐྱེ་བར་གསུངས་སོ། །དགྲ་བཅོམ་པ་ཉམས་པར་གསུངས་པ་ནི་མཐོང་ཆོས་ལ་བདེར་གནས་ཀྱི། འཇིག་རྟེན་པའི་བསམ་གཏན་བཞི་པོ་གང་རུང་ལས་ཉམས་པ་ལ་དགོངས་སོ་ཞེའོ། །འདི་ཉིད་རིགས་ཏེ། གཞན་དུ་ན་ཐར་པ་ལ་ཡིད་བརྟན་མི་རུང་བར་འགྱུར་བས་སོ། །ཅི་དགྲ་བཅོམ་པ་ཁོ་ན་རིགས་དྲུག་དང་ལྡན་ནམ་གཞན་ཡང་ལྡན་ཞེ་ན། དགྲ་བཅོམ་དུ་མ་ཟད་འཕགས་པ་སློབ་པ་དང་འཕགས་མིན་སོ་སྐྱེ་རིགས་དྲུག་དང་ལྡན་ཏེ། དགྲ་བཅོམ་པའི་རིགས་རྣམས་ནི་དེ་དག་སྔོན་དུ་འགྲོ་བས་སོ། །མཐོང་བའི་ལམ་ལ་དབང་པོ་འཕོ་བའི་སྦྱོར་བ་མི་སྲིད་པས་དབང་པོ་འཕོ་བ་མེད་ལ། ལམ་གཞན་ལ་ཡོད་དོ། །མི་གཡོ་བའི་ཆོས་ཅན་ཉམས་མི་སྲིད་ན། མདོར་མཐོང་ཆོས་ལ་བདེ་གནས་ལས་ཉམས་པར་གསུངས་པ་དང་འགལ་ལོ་ཞེ་ན། སྤྱིར་ཉམས་པ་ལ་ཡོན་ཏན་ཐོབ་པ་ལས་ཉམས་པ་དང༌། ཡོན་ཏན་ཐོབ་རུང་དུ་ཡོད་པ་མ་ཐོབ་པ་ནི་མ་ཐོབ་པ་ལས་ཉམས་པ་དང༌། ཐོབ་ཀྱང་མངོན་དུ་མི་བྱེད་ན་ཉེར་སྤྱད་ལས་ཉམས་པ་སྟེ། ཡོངས་ཉམས་རྣམ་པ་གསུམ་དུ་ཤེས་པར་བྱ་ཞིང་དེ་གསུམ་ལས་སྟོན་པ་སངས་རྒྱས་ལ་གདུལ་བྱའི་དོན་ལ་བཞུགས་པས་མཐོང་ཆོས་ལ་བདེ་གནས་མངོན་དུ་མི་མཛད་པས་ཐ་མ་ཁོ་ན་མངའ་ལ། མི་གཡོ་བ་དེ་དང་བར་མའང་ཡོད་དེ། ཆོས་ཁྱད་པར་ཅན་ཁ་ཅིག་མ་ཐོབ་པའི་ཕྱིར། དགྲ་བཅོམ་པ་གཞན་ལ་ཉམས་པ་རྣམ་པ་གསུམ་ཀ་ཡོད་དོ། །དེས་ན་མི་གཡོ་བའི་ཆོས་ཅན་ཉེར་སྤྱད་ལས་ཉམས་པ་སྲིད་པས་མདོ་དང་མི་འགལ་ལོ། །མདོ་སྡེ་པས་ནི། དགྲ་བཅོམ་ཐམས་ཅད་རྣམ་གྲོལ་ལམ་ཟག་མེད་ནི་མི་གཡོ་བ་ཡིན་ལ། འོན་ཀྱང་དབང་བརྟུལ་ནི་རྙེད་བཀུར་གྱིས་གཡེང་གིས་མཐོང་ཆོས་ལ་བདེ་བར་གནས་ལས་ཉམས་ཤིང༌། དབང་རྣོན་ནི་དེས་མི་ཉམས་པའི་དེ་ཉིད་མི་གཡོ་བའི་ཆོས་ཅན་དུ་བཞག་གོ །མདོ་འདི་དབང་བརྟུལ་ལ་དགོངས་པས་དེ་ཀླན་ཀར་མི་རུང་བར་འཆད་དོ། །ཅི་དགྲ་བཅོམ་ལས་ཉམས་ནས་སྐྱེ་བ་ལེན་ནམ་ཞེ་ན། མི་ལེན་ཏེ། འབྲས་བུ་གང་ལས་ཉམས་ཀྱང་འབྲས་བུ་སོར་མ་ཆུད་པར་འཆི་བ་མེད་པའི་ཕྱིར་རོ། །ཉམས་ཀྱང་འབྲས་བུ་དེ་དང་འགལ་བའི་བྱ་བ་མ་ཡིན་པ་མི་བྱེད་དེ། རྩལ་པོ་ཆེ་འདྲེད་ཀྱང་རྡེག་མི་འཆའ་བ་བཞིན་ནོ། །གཉིས་པ་དབང་པོ་འཕོ་ཚུལ་ནི། དབང་པོ་རྣམས་འཕོ་བ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་དུ་སྐྱེ་ཞེ་ན། རྟོགས་པའི་སྐལ་པ་ཅན་ཞིག་མི་གཡོ་བར་དབང་པོ་འཕོ་ན་རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་དགུ་དགུས་དབང་པོ་འཕོ་སྟེ། དབང་པོ་བརྟུལ་པོའི་རིགས་དེ་སློབ་མི་སློབ་ཀྱི་ལམ་གྱིས་ཤིན་ཏུ་བརྟན་པར་བྱས་པས་འབད་པ་ཆུང་ངུས་བཟློག་མི་ནུས་པའི་ཕྱིར་རོ། །དད་མོས་ཤིག་མཐོང་བས་ཐོབ་པ་ལ་དབང་པོ་འཕོ་བར་བྱེད་ན་འཕོ་སླ་བས་བར་ཆད་མེད་པ་དང་རྣམ་གྲོལ་ལམ་རེ་རེའོ། །ལམ་དེ་ཐམས་ཅད་ནི་ཟག་མེད་ཉིད་དེ། ཟག་བཅས་ཀྱི་ལམ་གྱིས་འཕགས་པའི་དབང་པོ་མི་འཕོ་བས་སོ། །རྟེན་གང་དུ་འཕོ་ཞེ་ན། འདོད་ལྷ་དབང་རྣོན་དང༌། ཁམས་གོང་དུ་སྐྱེས་པ་ནི་མི་ཉམས་པས་དབང་པོ་མི་འཕོ་ལ། འདོད་ལྷ་དབང་རྟུལ་དང་ངན་འགྲོ་ལ་འཕགས་ལམ་མི་སྐྱེ་བས་མིའི་ནང་ཁོ་ནར་དབང་པོ་འཕེལ་ཞིང་འཕོའོ། །ས་གང་ལ་རྟེན་ནས་འཕོ་ཞེ་ན། མི་སློབ་པ་ནི་ཟག་མེད་ས་དགུ་གང་རུང་ལ་བརྟེན་ཅིང༌། སློབ་པ་ནི་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ཏེ་འཕོའོ། །ཕྱིར་མི་འོང་གཟུགས་མེད་ཐོབ་པའང་ཡོད་ན་གང་གི་ཕྱིར་གཟུགས་མེད་ལ་མི་བརྟེན་ཞེ་ན། ཕྱིར་མི་འོང་དབང་པོ་འཕོ་བས་འཕེལ་བ་ན་རྟུལ་པོའི་ལམ་གྱི་འབྲས་བུ་ཙམ་དང༌། ཁྱད་པར་ཅན་བསམ་གཏན་དང་པོ་སོགས་དང་བཅས་པ་བཏང་སྟེ། དབང་པོ་རྣོན་པོའི་ལམ་གྱིས་འབྲས་བུ་འདོད་པ་ལས་ཆགས་བྲལ་ཙམ་ཐོབ་པར་འགྱུར་བས་ཕྱིར་མི་འོང་གི་འབྲས་བུ་གཟུགས་མེད་ཀྱིས་བསྡུས་པ་མེད་པས་སོ། །གཉིས་པ་དགུར་དབྱེ་བ་ནི། དགྲ་བཅོམ་པ་ལ་དབང་པོའི་བྱེ་བྲག་གིས་དགུ་སྟེ། སངས་རྒྱས་ལ་རང་སངས་རྒྱས་དང་སྟོན་པ་རྫོགས་པའི་སངས་རྒྱས་གཉིས་དང༌། ཉན་ཐོས་ལ་ཉམས་པའི་ཆོས་ཅན་སོགས་ལྔ། མི་གཡོ་བ་ལ་སྦྱངས་པ་ལས་གྱུར་པ་དང༌། དང་པོ་ནས་དེའི་རིགས་ཅན་གཉིས་ཏེ་བདུན་ནོ། །དེ་དགུ་དབང་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པས་རྣམ་པ་དགུའི་བྱེ་བྲག་གིས་སོ། །སངས་རྒྱས་གཉིས་ནི་མི་གཡོ་བའི་ཆོས་ཅན་གྱི་བྱེ་བྲག་ཡིན་པས་དབང་པོ་རྣོན་པོ་ལ་གསུམ་དུ་ཕྱེ་བ་ན་དགུར་འགྱུར་རོ། །གཉིས་པ་རྣམ་གྲངས་བདུན་དུ་དབྱེ་བ་ནི། འཕགས་པའི་གང་ཟག་རྣམས་ནི་བདུན་པོར་ཡང་འདུས་ཏེ། འདི་ལྟར་སྦྱོར་བ་ལས་དད་པ་དང་ཆོས་ཀྱི་རྗེས་འབྲང་གཉིས་དང༌། དབང་པོ་ལས་དད་མོས་དང་མཐོང་ཐོབ་གཉིས་དང༌། སྙོམས་འཇུག་ལས་ལུས་མངོན་བྱེད་དང༌། རྣམ་གྲོལ་ལས་ཤེས་རབ་ཀྱིས་རྣམ་གྲོལ་དང༌། གཉིས་ཀའི་ཆ་ལས་རྣམ་གྲོལ་ལོ། །གསུམ་པ་རྫས་དྲུག་ཏུ་དབྱེ་བ་ནི། དེ་རྣམས་ཀྱང་རྫས་དྲུག་ཏུ་འདུས་ཏེ། རྒྱུ་མཚན་འདི་ལྟར་མཐོང་སྒོམ་མི་སློབ་པའི་ལམ་གསུམ་ལས་རིམ་པས་རྗེས་འབྲང་གཉིས་དང༌། དད་མོས་མཐོང་ཐོབ་གཉིས་དང༌། དུས་སྦྱོར་དུས་མི་སྦྱོར་གཉིས་གཉིས་སོ། །དགྲ་བཅོམ་རྣམ་གྲོལ་ལམ་གཉིས་པོ་གང་ཞེ་ན། མི་སློབ་པ་འགོག་སྙོམས་ཐོབ་པ་ནི་ཉོན་མོངས་པ་དང་རྣམ་ཐར་གྱི་སྒྲིབ་པ་གཉིས་ཀ་ལས་གྲོལ་བ་ཡིན་ལ། ཤེས་རབ་ཀྱིས་ཉོན་སྒྲིབ་ཙམ་ལས་གྲོལ་བ་ནི་གཅིག་ཤོས་ཤེས་རབ་ཀྱིས་རྣམ་པར་གྲོལ་བའོ། །སློབ་པ་དང་མི་སློབ་པ་གང་གིས་རྫོགས་ཤེ་ན། འགོག་པ་ཐོབ་པ་སྙོམས་འཇུག་གི་རྫོགས་པ་དང༌། མི་འཕྲོག་པའི་དབང་རྣོན་དབང་པོ་རྫོགས་པ་དང༌། ཐ་མའི་ཆ་མཐུན་སྤངས་པའི་ཕྱིར་མི་འོང་ཐོབ་པ་འབྲས་བུས་རྫོགས་པ་སྟེ། དེ་རྣམས་ཀྱིས་ཅི་རིགས་པ་སློབ་པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །དབང་པོ་དང་སྙོམས་འཇུག་གཉིས་ཀྱིས་མི་སློབ་པ་ཡོངས་སུ་རྫོགས་ཏེ། འབྲས་བུ་མ་རྫོགས་ན་མི་སློབ་པ་ཉིད་ཀྱང་མེད་པས་དེ་མ་བཞག་གོ །གསུམ་པ་ལམ་ཁྱད་པར་དུ་བཤད་པ་ལ་གསུམ་སྟེ། ལམ་གྱི་ཁྱད་པར་གྱི་ཡོན་ཏན། བྱང་ཆུབ་ཕྱོགས་མཐུན་གྱི་རྣམ་བཞག ལམ་གྱིས་ཐོབ་པའི་རྣམ་གྲོལ་ལོ། །དང་པོ་ནི། སྔར་ལམ་དུ་མ་ཞིག་བཤད་པ་དེ་རྣམས་མདོར་བསྡུ་ན་རྣམ་པ་བཞི་སྟེ། གང་གི་མཇུག་ཐོགས་སུ་བར་ཆད་མེད་ལམ་སྐྱེ་བ་སྦྱོར་ལམ་སྟེ། མཐོང་ལམ་གྱི་སྦྱོར་བའི་ལམ་ནི་འགྲེལ་བཤད་གཉིས་ཀས་འཇིག་རྟེན་ཆོས་མཆོག་ཏུ་བཤད། སྒྲིབ་པ་དངོས་སུ་སྤོང་བྱེད་བར་ཆད་མེད་ལམ་དང༌། སྒྲིབ་པ་ལས་གྲོལ་བ་དང་པོར་སྐྱེས་པ་རྣམ་གྲོལ་ལམ་དང༌། དེ་ཕྱིན་ཆད་ཀྱི་ལམ་ནི་ཁྱད་པར་གྱི་ལམ་ཞེས་བྱའོ། །ཅིའི་ཕྱིར་ལམ་ཞེས་བྱ་ཞེ་ན། སྔ་མ་གཉིས་མྱང་འདས་འཚོལ་བས་དང༌། ཕྱི་མ་གཉིས་གོང་ནས་གོང་དུ་ཕྱིན་པར་བྱེད་པས་སོ། །ལམ་གྱི་ཡོན་ཏན་གྱི་ཁྱད་པར་གྱིས་བཞི་སྟེ། མངོན་པར་ཤེས་པ་བུལ་ལ་དཀའ་བ་དང༌། མྱུར་ལ་དཀའ་བ་དང༌། མྱུར་ལ་སླ་བ་དང༌། བུལ་ལ་སླ་བའོ། །དེ་ལ་ལམ་ཉིད་མྱང་འདས་སྒྲུབ་པར་བྱེད་པས་སྒྲུབ་པ་ཞེས་བྱ་ལ། དེ་བསམ་གཏན་གྱི་དངོས་གཞི་རྣམས་ལ་བརྟེན་ནས། ཡན་ལག་གིས་ཟིན་པ་དང་ཞི་ལྷག་ཆ་མཉམ་པས་འབད་མི་དགོས་པར་རང་གིས་འབྱུང་བའི་ཕྱིར་སླ་ལ། ས་གཞན་དཀའ་བ་ཡིན་ཏེ། ཡན་ལག་གིས་མ་ཟིན་པ་དང༌། མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་ནི་ཞི་གནས་ཤས་ཆུང་ཞིང༌། གཟུགས་མེད་ནི་ལྷག་མཐོང་ཤས་ཆུང་བས་སོ། །དཀའ་སླ་གང་ཡིན་ཀྱང་བློ་སྟེ་དབང་བརྟུལ་ནི་མངོན་ཤེས་བུལ་བ་སྟེ། གཅིག་ཤོས་དབང་རྣོན་གྱི་ནི་མངོན་ཤེས་མྱུར་རོ། །གཉིས་པ་བྱང་ཆུབ་ཕྱོགས་མཐུན་བསྟན་པ་ལ་ལྔ་སྟེ། བྱང་ཆུབ་ཕྱོགས་མཐུན་གྱི་དབྱེ་བསྡུ། གནས་སྐབས་གང་དུ་སྒོམ་པ། ཟག་བཅས་ཟག་མེད་དཔྱད་པ། ས་གང་ན་ཡོད་པའི་ཚུལ། ཤེས་ནས་དད་པ་གང་དུ་ཐོབ་པའོ། །དང་པོ་ནི། ལམ་འདི་ཉིད་བྱང་ཆུབ་ཀྱི་ཕྱོགས་ཏེ། དེ་ལ་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་གང་ཟག་གི་བྱེ་བྲག་གིས་ཐེག་པ་གསུམ་གྱི་བྱང་ཆུབ་སྟེ། སྤངས་པ་དང་རྟོགས་པ་མཐར་ཐུག་པས་སོ། །བྱང་ཆུབ་དེ་དང་མཐུན་དེ་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་སུམ་ཅུ་རྩ་བདུན་ནི་བྱང་ཆུབ་དེ་ཕྱོགས་དང་མཐུན་པ་ཞེས་བྱའོ། །དེ་རྣམས་ནི་དྲན་པ་ཉེར་བཞག་བཞི་དང༌། ཡང་དག་སྤོང་བ་བཞི་དང༌། རྫུ་འཕྲུལ་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་ལམ་ཡན་ལག་བརྒྱད་དོ། །དྲན་པ་ཉེར་བཞག་བཤད་ཟིན་ལ། ཡང་དག་སྤོང་བ་ནི། མི་དགེ་བ་སྐྱེས་པ་སྤོང་བ་དང༌། མ་སྐྱེས་པ་མི་སྐྱེས་པ་དང༌། དགེ་བ་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་གནས་པ་སོགས་ཀྱི་ཆེད་དུ་འབད་ཅིང་འདུན་པ་སོགས་སོ། །རྫུ་འཕྲུལ་གྱི་རྐང་པ་ནི། འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པའི་ཏིང་ངེ་འཛིན་བཞིའོ། །དབང་པོ་ནི། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོའོ། །སྟོབས་ནི་དེ་ལྔ་པོ་མ་དད་པ་སོགས་མི་མཐུན་ཕྱོགས་ཀྱིས་མི་རྫི་བར་གྱུར་པས་སོ། །བྱང་ཆུབ་ཀྱི་ཡན་ལག་ནི། དྲན་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཕགས་ལམ་ཡན་ལག་ནི་ཡང་དག་པའི་ལྟ་བ་དང༌། རྟོགས་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ནོ། །དེ་ལྟར་སོ་བདུན་ནི་མིང་གི་སྒོ་ནས་བཞག་གི་རྫས་སུ་ནི་བཅུ་སྟེ། བཅུ་གང་ཞེ་ན། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཤེས་རབ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་དང༌། དགའ་བ་དང༌། རྟོགས་པ་དང༌། ཚུལ་ཁྲིམས་དང༌། ཤིན་ཏུ་སྦྱངས་པའོ། །ཇི་ལྟར་བྱས་པས་ཤེ་ན། དྲན་པ་ཉེར་བཞག་བཞི་ཤེས་རབ་དང༌། ཡང་དག་སྤོང་བ་བཞི་བརྩོན་འགྲུས་དང༌། རྫུ་འཕྲུལ་རྐང་པ་བཞི་ཏིང་ངེ་འཛིན་དང༌། དབང་པོ་ལྔ་དང་སྟོབས་ལྔ་ནི་དངོས་སུ་བཤད་ལ། འཕགས་ལམ་ཡན་ལག་གི་ཆོས་རབ་ཏུ་རྣམ་འབྱེད་ནི་ཤེས་རབ་སྟེ། གཞན་ནི་བཤད་ཟིན་ལ། བདུན་པའི་ལྟ་བ་ནི་ཤེས་རབ་དང༌། རྩོལ་བ་ནི་བརྩོན་འགྲུས་དང༌། ངག་སོགས་གསུམ་ནི་ཚུལ་ཁྲིམས་སོ། །བྱེ་བྲག་ཏུ་སྨྲ་བ་ནི་ལུས་ངག་གཉིས་རྫས་ཐ་དད་པས་ཚུལ་ཁྲིམས་ཀྱི་ཡན་ལག་རྫས་གཉིས་སུ་བྱས་ཏེ། བཅུ་གཅིག་ཏུ་འདོད། སྡེ་ཚན་དང་པོ་གསུམ་ཤེས་རབ། བརྩོན་འགྲུས་ཏིང་ངེ་འཛིན་དུ་བཞག་པ་ནི་གཙོ་བོར་སྨོས་པ་སྟེ། དེ་དག་ནི་སྦྱོར་བྱུང་གི་ཡོན་ཏན་ཐོས་བསམ་སྒོམ་གསུམ་ཟག་བཅས་ཟག་མེད་ཀུན་ཀྱང་ཡིན་ནོ། །གཉིས་པ་གནས་སྐབས་གང་དུ་བསྒོམ་པ་ནི། བྱེ་བྲག་སྨྲ་བ་སྡེ་ཚན་བདུན་པོ་གོ་རིམ་བཞིན་དུ་ལས་དང་པོ་པ་དང༌། ངེས་འབྱེད་ཆ་མཐུན་བཞི་རྣམས་དང༌། སྒོམ་ལམ་དང༌། མཐོང་ལམ་ལ་རབ་ཏུ་ཕྱེའོ། །སྡེ་ཚན་ཕྱི་མ་གཉིས་ཀྱི་གོ་རིམ་མདོར་བྱུང་བ་ནི་གྲངས་ཀྱི་རིམ་པ་དང་བསྟུན་པའོ། །ཞེས་སོ། །སློབ་དཔོན་ནི་ཕྱི་མ་གཉིས་ཀྱང་སྐྱེ་བའི་རིམ་པ་སྟེ། མཐོང་ལམ་ལ་བྱང་ཆུབ་ཡན་ལག་དང༌། མཐོང་སྒོམ་གཉིས་ཀ་ལ་ལམ་གྱི་ཡན་ལག་ཡོད་པར་བཞེད་དེ། མདོ་སྡེ་པའི་ལུགས་སོ། །ཐེག་ཆེན་པ་ནི་རིམ་པས་ཚོགས་ལམ་ཆེ་འབྲིང་གསུམ་དང༌། དྲོད་རྩེ་དང༌། བཟོད་མཆོག་དང༌། མཐོང་ལམ་དང་སྒོམ་ལམ་སྟེ་ལམ་གྱི་ཡན་ལག་བརྒྱད་མཐོང་ལམ་དུ་ཐོབ་ཀྱང་ངག་སོགས་མངོན་དུ་མི་བྱེད་པར་བཞེད་དོ། །གསུམ་པ་ཟག་བཅས་ཟག་མེད་དཔྱད་པ་ནི། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་ལམ་ཡན་ལག་གཉིས་ནི་ལམ་ཕྱི་མ་གསུམ་གྱིས་བསྡུས་པས་ཟག་མེད་ཉིད་དང༌། སྡེ་ཚན་གཞན་ལྔ་ནི་ཟག་བཅས་ཟག་མེད་རྣམ་པ་གཉིས་ཏེ། ལམ་ལྔ་ཆར་གྱི་མཉམ་རྗེས་ཅི་རིགས་ན་ཡོད་པས་སོ། །དེས་ན་ས་མཚམས་ནི་དང་པོར་ཐོབ་པའི་ས་མཚམས་ཡིན་ནོ། །འདིས་ཁྱད་པར་ཅན་མིན་པའི་དབང་དུ་བྱས་སོ། །བཞི་པ་ས་གང་ན་ཡོད་དཔྱད་པ་ནི། བསམ་གཏན་དང་པོའི་དངོས་གཞི་ཙམ་ན་སོ་བདུན་པོ་ཐམས་ཅད་སྲིད་ལ། མི་ལྕོགས་མེད་ན་དད་པའི་སྟོབས་ཀྱིས་དྲང་དགོས་པ་དང༌། ས་འོག་མའི་དོགས་པ་དང་བཅས་པས་དགའ་བ་མ་གཏོགས་པ་སོ་དྲུག་དང༌། བསམ་གཏན་གཉིས་པ་ན་རྟོག་པ་མ་གཏོགས་པ་སོ་དྲུག་དང༌། གསུམ་པ་དང་བཞི་པ་གཉིས་ན་དགའ་བ་དང་རྟོག་པ་དེ་གཉིས་མ་གཏོགས་པ་སོ་ལྔ་རེ་དང༌། བསམ་གཏན་བར་པ་སྟེ་ཁྱད་པར་ཅན་ནའང་དགའ་བ་དང་རྟོག་པ་མིན་པ་སོ་ལྔ་དང༌། གཟུགས་མེད་དང་པོ་གསུམ་ནའང་དགའ་རྟོག་དེ་གཉིས་དང་ཚུལ་ཁྲིམས་ཀྱི་ཡན་ལག་ངག་སོགས་གསུམ་མིན་པ་ལྷག་མ་སོ་གཉིས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལམ་གྱི་ཡན་ལག་བརྒྱད་མ་གཏོགས་པ་ཉེར་གཉིས་ནི་འདོད་ཁམས་དང་སྲིད་རྩེ་ན་སྟེ། དེ་གཉིས་ལ་ཟག་མེད་ཀྱི་ལམ་མེད་པས་སོ། །གཟུགས་མེད་ན་ལུས་དྲན་པ་ཉེར་བཞག་ཇི་ལྟར་ཡོད་ཅེ་ན། དེ་ནི་ཟག་མེད་ཀྱི་ཤེས་རབ་ཀྱི་གཟུགས་ཀྱི་ཟག་མེད་ཀྱི་སྡོམ་པ་ལ་དམིགས་པ་ན་ཡོད་དེ། སྡོམ་པ་དེ་འབྱུང་འགྱུར་ཡིན་པས་སོ། །ལྔ་པ་གནས་སྐབས་གང་དུ་ཤེས་ནས་དད་པ་ཐོབ་པ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཟག་པ་མེད་པའི་ཚུལ་ཁྲིམས་ཏེ་བཞི་པོ་ལ་མཐོང་ལམ་དུ་ཤེས་ནས་དད་པ་ཐོབ་བོ། །དེ་ལས་བདེན་པ་དང་པོ་གསུམ་མཐོང་བའི་དུས་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང༌། བདེན་པ་རྣམས་ཇི་ལྟ་བ་བཞིན་ཤེས་ཏེ་རྟོགས་ནས་ཡིད་ཆེས་པའི་དུས་སུ་ཆོས་ལ་ཤེས་ནས་དད་པ་ཐོབ་ལ། ལམ་གྱི་བདེན་པ་མངོན་པར་རྟོགས་པའི་དུས་ན་སངས་རྒྱས་དང་དགེ་འདུན་དག་ལའང་ཤེས་ནས་དད་པ་ཐོབ་སྟེ། ཡང་གི་སྒྲས་ནི་ཚུལ་ཁྲིམས་དང་ཆོས་ལ་དད་པ་ཐོབ་པའང་བསྡུ་བའོ། །འདིར་གང་ལ་ཆོས་སུ་དགོངས་པ་ཡིན་ཞེ་ན། ཆོས་ནི་བདེན་པ་དང་པོ་གསུམ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། །ཡང་རྫས་གཉིས་སུ་འདུས་ཏེ། དཀོན་མཆོག་གསུམ་ལ་ཡིད་ཆེས་པ་ནི་དད་པ་དང༌། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཡིན་པས་སོ། །ངོ་བོ་ནི་གཅིག་ཏུ་དྲི་མ་མེད་པ་ཡིན་ལ། རིམ་པ་ནི་ལངས་ནས་ཨེ་མ་བཅོམ་ལྡན་འདས་ནི་རྫོགས་པའི་སངས་རྒྱས་སོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པའོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པའོ། །ཞེས་མངོན་དུ་བྱེད་ཅིང་དེ་གསུམ་གྱིས་བྱས་པའི་ཚུལ་ཁྲིམས་ཀྱང་རབ་ཏུ་དང་བ་ཡིན་པས་ཐ་མར་བཞི་པ་ཚུལ་ཁྲིམས་བཤད་དེ། སྨན་པ་དང༌། སྨན་དང༌། ནད་གཡོག་པ་དང༌། ནད་པ་ལྟ་བུའོ། །གསུམ་པ་ལམ་གྱིས་ཐོབ་པའི་རྣམ་གྲོལ་བཤད་པ་ལ་གསུམ་སྟེ། ཡང་དག་པའི་རྣམ་གྲོལ། ཡང་དག་པའི་ཤེས་པ། རྣམ་གྲོལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མདོ་ལས་ཡང་དག་པའི་རྣམ་གྲོལ་ལམ་དང་ཤེས་པ་གཉིས་སློབ་པ་ལ་མ་བཤད་པ་ཅི་ཞེ་ན། ད་དུང་ཉོན་མོངས་པའི་འཆིང་བས་བཅིངས་པའི་ཕྱིར་སློབ་པའི་ལམ་གྱི་ཡན་ལག་ཏུ་རྣམ་གྲོལ་ལམ་མདོ་ལས་མ་བཤད་པ་བཞིན་ནོ། །རྣམ་གྲོལ་དེ་ནི་འདུས་བྱས་དང་འདུས་མ་བྱས་རྣམ་པ་གཉིས་ཏེ་ཉོན་མོངས་བཅོམ་པའི་འགོག་པ་ནི་རྣམ་གྲོལ་ལམ་འདུས་མ་བྱས་དང༌། མི་སློབ་པའི་མོས་པ་ནི་རྣམ་གྲོལ་ལམ་འདུས་བྱས་སོ། །མི་སློབ་པའི་ཡན་ལག་ནི་རྣམ་གྲོལ་འདུས་བྱས་དེ་ཡིན་ལ། རྣམ་གྲོལ་འདུས་བྱས་དེ་ཉིད་མདོ་ལས། སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བ་གཉིས་སུ་གསུངས་སོ། །གཉིས་པ་ནི། ཡང་དག་པའི་ལྟ་བའི་ཤེས་པ་ནི་གང་ཞེ་ན། བྱང་ཆུབ་ཅེས་སྔར་ཇི་སྐད་བཤད་པ་ཟད་མི་སྐྱེ་ཤེས་པ་ཉིད་འདིར་ཡང་དག་པའི་ཤེས་པའོ། །གསུམ་པ་ལ་བཞི་སྟེ། ལམ་གང་སྒྲིབ་པ་ལས་གྲོལ། ལམ་གང་གིས་སྒྲིབ་པ་སྤོང༌། རྣམ་གྲོལ་ལམ་ལ་སོགས་པའི་ཁྱད་པར། ཡིད་འབྱུང་བ་ལ་སོགས་པའི་མུ་བཞིའོ། །དང་པོ་ནི། ཅི་དུས་གསུམ་གྱི་སེམས་གང་གྲོལ་བར་འགྱུར་ཞེ་ན། མི་སློབ་པའི་སེམས་ནི་སྐྱེ་འགྱུར་མ་འོངས་པ་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །གཉིས་པ་ནི། གནས་སྐབས་གང་གི་ལམ་གྱིས་དེའི་སྒྲིབ་པ་སྤོང་ཞེ་ན། འགག་པར་འགྱུར་བ་ད་ལྟར་བའི་ལམ་གྱིས་མི་སློབ་པའི་ལམ་དེའི་སྒྲིབ་པ་སྟེ། དེ་སྐྱེ་བའི་གེགས་ཉོན་མོངས་པའི་ཐོབ་པ་རབ་ཏུ་སྤོང་ངོ༌། །ཇི་ལྟར་སྤོང་ཞེ་ན། གཉེན་པོ་ད་ལྟར་བས་སྤང་བྱའི་ཐོབ་པ་ད་ལྟར་བ་ལ་དངོས་སུ་གནོད་པ་བྱེད་ལ། ཐོབ་པ་དང་བྲལ་བ་ན་སྤང་བྱ་སྐྱེ་འཕྲོ་ཆད་པ་ལ་སྤངས་ཞེས་བརྗོད་དོ། །སྤང་བྱ་མངོན་གྱུར་གྱིས་ནི་དམིགས་རྣམ་འཛིན་པས་གཉེན་པོ་ད་ལྟ་བ་དང་ལྷན་ཅིག་མི་འཇུག་ལ། ཐོབ་པས་ནི་དམིགས་རྣམ་མི་འཛིན་པས་གཉེན་པོ་དང་ལྷན་ཅིག་མི་འགལ་ལོ། །སྤང་བྱ་དང་ལྷན་ཅིག་མི་གནས་པའི་འགལ་བ་ཞེས་བཤད་ཀྱི་ཐོབ་པ་དང་ལྷན་ཅིག་མི་གནས་པའི་འགལ་བར་མ་བཤད་དོ། །མངོན་པ་གོང་མ་ལྟར་ན། བར་ཆད་མེད་ལམ་ད་ལྟར་བས་སྤང་བྱའི་ས་བོན་དང་ད་ལྟར་བ་ལ་དངོས་སུ་གནོད་པ་བྱེད་ཅིང༌། ས་བོན་དང་བྲལ་བས་སྤང་བྱ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་ན་སྤངས་ཞེས་བརྗོད་དོ། །གསུམ་པ་ནི། རྣམ་གྲོལ་འདུས་མ་བྱས་དང༌། སྤངས་པའི་ཁམས་དང༌། འདོད་ཆགས་དང་བྲལ་བའི་ཁམས་དང༌། འགོག་པའི་ཁམས་ཞེས་འབྱུང་བས། དེ་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། འདུས་མ་བྱས་དེ་ཉིད་ཁམས་གསུམ་ཞེས་བྱ་ལ། དེ་གསུམ་གྱི་ཁྱད་པར་ནི། འདོད་ཆགས་ཀུན་ཟད་པ་ནི་འདོད་ཆགས་དང་བྲལ་བའི་ཁམས་དང༌། སྤངས་པའི་ཁམས་ནི་འདོད་ཆགས་ལས་གཞན་པའི་ཉོན་མོངས་རྣམས་ཟད་པ་དང༌། འགོག་པའི་ཁམས་ཞེས་པ་ཉོན་མོངས་པའི་གཞི་ཡང་དག་པར་ཟད་པ་སྟེ། དེ་ནི་ཉོན་མོངས་མིན་པའི་གཟུགས་སོགས་ཟག་བཅས་སོ། །གོང་མ་བ་ནི་དེ་གསུམ་མཐོང་སྤང་དང༌། སྒོམ་སྤང་དང༌། ཕུང་པོ་ཀུན་ཟད་པ་ལ་བཞེད་དོ། །བཞི་པ་ནི། ཡིད་འབྱུང་བའི་དངོས་པོ་དེས་འདོད་ཆགས་དང་བྲལ་བར་འགྱུར་རམ་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་ལ་བཟོད་ཤེས་རྣམས་ཀྱིས་ཡིད་འབྱུང་ལ། བཟོད་ཤེས་གང་གིས་སྤང་བྱ་སྤོང་བར་འགྱུར་བ་ཀུན་གྱིས་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་ལྟ་ན་ནི་མུ་བཞི་སྲིད་དེ། ཡིད་འབྱུང་ལ་འདོད་ཆགས་དང་མི་འབྲལ་བ་ནི་སྤོང་ལམ་མིན་པའི་སྡུག་ཀུན་གྱི་ཡུལ་ཅན་ནོ། །གཉིས་པ་ནི། འགོག་ལམ་གྱི་ཡུལ་ཅན་གྱི་སྤོང་ལམ་མོ། །གསུམ་པ་ནི། སྡུག་ཀུན་གྱི་ཡུལ་ཅན་གྱི་སྤོང་ལམ་མོ། །བཞི་པ་ནི། སྤོང་ལམ་མིན་པའི་འགོག་ལམ་གྱི་ཡུལ་ཅན་ནོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ཤེས་བྱ་རབ་གསལ་ལས། ལམ་དང་གང་ཟག་བསྟན་པ་ཞེས་བྱ་བ་གནས་དྲུག་པའི་འགྲེལ་པའོ།། ༈ །བདུན་པ་ཡེ་ཤེས་བསྟན་པ་ལ་བཞི་སྟེ། ཤེས་པ་དང༌། ལྡན་པ་དང༌། ཐོབ་པ་དང༌། ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། བཟོད་ཤེས་དང༌། ལྟ་བའི་ཁྱད་པར། ཤེས་པ་བཅུ་ངོས་བཟུང་བ། དེ་དག་གི་ཁྱད་པར་དཔྱད་པའོ། །དང་པོ་ནི། བཟོད་པ་དང༌། ཤེས་པ་དང༌། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་ཤེས་པ་ཞེས་འབྱུང་ན་བཟོད་པ་ཡིན་ན་ཤེས་པ་ཡིན་ནམ། ཡང་དག་པའི་ཤེས་པ་ཡིན་ན་ལྟ་བ་ཡིན་ནམ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། མཐོང་ལམ་གྱི་དྲི་མེད་དེ་ཟག་མེད་ཀྱི་བཟོད་པ་བརྒྱད་པོ་རྣམས་ནི་ཡུལ་ལ་ཡང་དག་པར་རྟོག་པར་བྱེད་པས་ལྟ་བ་ཡིན་ལ། བཟོད་པའི་དུས་སུ་སྤང་བྱའི་ཕྲ་རྒྱས་མ་སྤངས་པས་ཤེས་པ་ཞེས་འཇོག་པ་མིན་ནོ། །འདི་ནི་བཟོད་ཤེས་ཀྱི་ཟླར་དྲངས་པའི་ཤེས་པ་མིན་ཞེས་བརྗོད་པ་ཡིན་གྱི་སྤྱིར་ཤེས་པ་མིན་ཞེས་བརྗོད་པ་མིན་ནོ། །ཟད་པ་དང་མི་སྐྱེ་བ་ཤེས་པའི་བློ་ནི་རྟོག་ཅིང་ཚོལ་བའི་བསམ་པ་ཅན་མིན་པས་ལྟ་བ་མིན་ནོ། །བཟོད་པ་དང་ཤེས་པ་དེ་གཉིས་ལས་གཞན་པའི་འཕགས་པ་སྟེ་ཟག་མེད་ཀྱི་བློ་ནི་ཤེས་པ་དང་ལྟ་བ་གཉིས་ཀ་སྟེ། ཐེ་ཚོམ་དང་བྲལ་ཅིང་ཡང་དག་པར་རྟོགས་པས་སོ། །ཟག་མེད་ལས་གཞན་པའི་འཇིག་རྟེན་པའི་ཤེས་རབ་ཐམས་ཅད་ཀུན་རྫོབ་ཤེས་པ་སྟེ། ཤེས་པ་འདི་ལ་ཐེ་ཚོམ་སྤངས་པ་ངེས་པར་མི་དགོས་སོ། །འཇིག་ལྟ་སོགས་ལྔ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ་དྲུག་ནི། ལྟ་བ་ཡིན་གྱི། གཞན་ནི་ལྟ་བ་མིན་ལ། འང་གི་སྒྲས་དེ་དྲུག་ཤེས་པའང་ཡིན་པར་སྟོན་ནོ། །གཉིས་པ་ལ། དབྱེ་བ་དངོས་དང༌། སེམས་ཤེས་ཁྱད་པར་དུ་བཤད་པའོ། །དང་པོ་ནི། བསྡུ་ན་ཤེས་པ་གཉིས་ཏེ། ཟག་བཅས་དང༌། ཟག་མེད་དོ། །དང་པོ་ཟག་བཅས་ནི་རང་སྤྱིའི་མཚན་ཉིད་འཛིན་པའང་ཡོད་མོད་ཀྱི་ཕལ་ཆེར་བུམ་སྣམ་སོགས་ཀུན་རྫོབ་འཛིན་པས། ཀུན་རྫོབ་ཤེས་པ་ཞེས་བྱའོ། །ཟག་མེད་ནི་རྣམ་པ་གཉིས་ཏེ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའོ། །སྡུག་བསྔལ་ཤེས་པ་སོགས་ཀྱང་འདི་གཉིས་སུ་འདུས་པས། ཁོ་ན་ཞེས་སྨོས་སོ། །དེ་ལྟར་ཀུན་རྫོབ་དང༌། ཆོས་དང་རྗེས་སུ་ཤེས་པ་གསུམ་ཡིན་ལ། ཀུན་རྫོབ་ཤེས་པའི་ཡུལ་ནི་ཅི་རིགས་པར་ཆོས་ཐམས་ཅད་དོ། །ཆོས་ཤེས་པ་ཞེས་པའི་སྤྱོད་ཡུལ་ནི་འདོད་པའི་སྡུག་བསྔལ་སོགས་བདེན་པ་བཞི་དང༌། རྗེས་སུ་ཤེས་པའི་སྤྱོད་ཡུལ་ནི་གོང་མའི་སྡུག་བསྔལ་སོགས་བདེན་པ་བཞིའོ། །ཆོས་ཤེས་རྗེས་ཤེས་དེ་དག་ཉིད་དམིགས་པ་བདེན་བཞིའི་བྱེ་བྲག་གིས་སྡུག་བསྔལ་ཤེས་པ་སོགས་བཞིའོ། །ཆོས་ཤེས་རྗེས་ཤེས་རྣམ་པ་བཞི་པོ་དེ་དག་ཉིད་ལྟ་བའི་རང་བཞིན་མིན་པ་ནི་མི་སྐྱེ་བ་ཤེས་པ་དང༌། ཟད་པ་ཤེས་པ་དག་གོ་ཞེས་སྤྱིར་བསྟན་ནས། ཟད་མི་སྐྱེ་ཤེས་པ་དེ་གཉིས་དང་པོར་སྐྱེས་པ་ནི་སྡུག་བསྔལ་ལམ་རྒྱུ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ཏེ། སྲིད་རྩེའི་ཕུང་པོ་ལ་སྡུག་བསྔལ་ལམ་ཀུན་འབྱུང་གི་རྣམ་པར་དམིགས་པས་སོ། །ཆོས་ཤེས་རྗེས་ཤེས་ལམ་ཤེས་ཀུན་རྫོབ་ཤེས་པ་བཞི་ལས་ཕ་རོལ་གྱི་སེམས་རིག་པ་སྐྱེའོ། །གཉིས་པ་སེམས་ཤེས་ཁྱད་པར་དུ་བཤད་པ་ནི། སེམས་ཤེས་དེས་ནི་མཉམ་པ་དང་དམན་པའི་སེམས་ཤེས་ཀྱི། ས་འདས་པ་འོག་མས་གོང་མའི་སེམས་མི་ཤེས། དབང་པོ་འདས་པ་དད་མོས་ཀྱིས་མཐོང་ཐོབ་སོགས་ཀྱི་སེམས་མི་ཤེས། གང་ཟག་འདས་པ་ཕྱིར་མི་འོང་གིས་དགྲ་བཅོམ་གྱི་སེམས་མི་ཤེས་སོ། །ཤེས་པ་ནའང་ཞིག་པ་འདས་པ་དང་མ་སྐྱེས་པ་མི་རིག་གི་ད་ལྟར་བ་ཁོ་ན་ཤེས་སོ། །ཆོས་ཤེས་པའི་བློ་དང་རྗེས་ཤེས་ཀྱི་བློའི་ཕྱོགས་མཐུན་གྱི་སེམས་ཤེས་དག་གིས་ཕན་ཚུན་ཤེས་པ་མིན་ཏེ། རིམ་པ་བཞིན་དུ་འདོད་པ་དང་གོང་མའི་གཉེན་པོ་ལ་དམིགས་པའོ། །མཐོང་ལམ་ལ་སེམས་ཤེས་ཀྱི་སྦྱོར་བའི་སྐབས་མེད་པས་དེ་མེད་ཀྱང་གང་ཟག་གཞན་གྱི་སེམས་ཤེས་ཀྱིས་མཐོང་ལམ་ཤེས་ཚུལ་ནི། ཉན་ཐོས་ཀྱི་ཕ་རོལ་གྱི་སེམས་ཤེས་ཀྱིས་མཐོང་བའི་ལམ་གྱི་སྐད་ཅིག་དང་པོ་གཉིས་རིག་སྟེ། རྗེས་བཟོད་སོགས་དམིགས་པ་ལ་ནི་སྦྱོར་བ་སྤོང་དགོས་ཤིང༌། དེའི་བར་ལ་མཐོང་ལམ་རྫོགས་ཟིན་པས་མི་ཤེས་སོ། །རང་རྒྱལ་བསེ་རུ་ལྟ་བུ་དབང་པོ་རྣོ་བས་སྦྱོར་བ་གཉིས་འགྲུབ་པས་སྐད་ཅིག་དང་པོ་གཉིས་དང་བརྒྱད་པའམ། གཞན་དག་གིས་ནི་དང་པོ་གཉིས་དང་བཅོ་ལྔ་པ་རིག་ཅེས་འདོད་དེ། སྐད་ཅིག་མ་གསུམ་ཁོ་ན་ཤེས་ལ་སངས་རྒྱས་ཀྱིས་ནི་སྦྱོར་བ་ལ་ལྟོས་པ་མེད་པར་རིག་པས་སྐད་ཅིག་མ་ཀུན་མཁྱེན་ནོ། །ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཟད་པ་ཤེས་པ་ནི་བདེན་པ་བཞི་རྣམས་ལ་བདག་གི་སྡུག་བསྔལ་ཤེས་སོ་སོགས་པས་ཀུན་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་ངེས་པའོ། །བདག་གི་སྡུག་བསྔལ་ཤེས་ཏེ་ཡང་ཡོངས་སུ་ཤེས་པར་བྱར་མེད་ཅེས་དང༌། སོགས་པ་བདག་གིས་ཀུན་འབྱུང་སྤངས་ཏེ་ཡང་སྤངས་པར་བྱར་མེད་དོ། །བདག་གིས་འགོག་པ་མངོན་དུ་བྱས་ཏེ་ཡང་སྤང་བར་བྱར་མེད་དོ། །བདག་གིས་ལམ་བསྒོམས་ཏེ་ཡང་སྒོམ་པར་བྱར་མེད་དོ་ཞེས་པའི་བར་དུ་ཤེས་པ་ནི་མི་སྐྱེ་བའི་བློར་འདོད་དོ། །དེ་ཡང་ཁ་ཆེ་བས་ནི། དེ་གཉིས་ཀྱི་མཉམ་བཞག་འདྲ་ཡང་ཁྱད་པར་ནི་རྗེས་ཀྱི་ངེས་ཤེས་ཀྱིས་འབྱེད་པས་འདི་དག་རྗེས་ཐོག་ཏུ་འདོད་ལ། ཉི་འོག་པས་ནི། རྣམ་པ་བཅུ་དྲུག་མིན་པའི་ཟག་མེད་ཀྱི་རྣམ་པའང་ཡོད་པས་འདི་དག་མཉམ་བཞག་གི་རྣམ་པའི་ཁྱད་པར་དུ་འདོད་དོ། །མངོན་པ་གོང་མ་བས་ནི་ཀུན་འབྱུང་ཟད་པ་ལ་དམིགས་པ་ལ་ཟད་ཤེས་དང༌། སྡུག་བསྔལ་མི་སྐྱེ་བ་ལ་དམིགས་པ་ལ་མི་སྐྱེ་བ་ཤེས་པར་འདོད་དོ། །གསུམ་པ་དེ་དག་གི་ཁྱད་པར་དཔྱད་པ་ལ་བཞི་སྟེ། ཤེས་པ་བཅུའི་ཁྱད་པར། གཉེན་པོའི་ཁྱད་པར། རྣམ་པའི་ཁྱད་པར། ཁྱད་པར་གཞན་བཤད་པའོ། །དང་པོ་ནི། ཀུན་རྫོབ་ཤེས་པ་དང་ཆོས་ཤེས་རྗེས་ཤེས་གསུམ་ལ་ཤེས་པ་བཅུར་ཕྱེ་བ་ཅི་ཞེ་ན། ཡུལ་གྱི་རང་བཞིན་ཕལ་ཆེར་ཀུན་རྫོབ་ཡིན་པ་ལས་ཀུན་རྫོབ་ཤེས་པ་སྟེ་དོན་དམ་མི་ཤེས་པས་སོ། །ཟག་མེད་ལ་འདོད་པ་དང་གོང་མའི་གཉེན་པོའི་བྱེ་བྲག་ལས་ཆོས་ཤེས་དང་རྗེས་ཤེས་གཉིས་སུ་ཕྱེ་ལ། དམིགས་པ་གཅིག་ལ་རྣམ་པ་ཐ་དད་པས་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་གཉིས་དང༌། རྣམ་པ་དང་སྤྱོད་ཡུལ་གཉིས་ཀ་ཐ་དད་པ་ལས་ནི་འགོག་པ་ཤེས་པ་དང༌། ལམ་ཤེས་པ་གཉིས་དང༌། གཞན་གྱི་སེམས་བྱུང་ཡང་ཤེས་མོད་ཀྱི་ཤེས་པའི་ཕྱིར་དུ་སྦྱོར་བ་བྱས་པ་ལས་གྲུབ་པ་ཕ་རོལ་སེམས་ཤེས་དང༌། བྱ་བ་བྱས་པའི་རྒྱུ་ཉིད་ལས་དང་པོར་སྐྱེས་པས་ཟད་ཤེས་དང༌། ཟག་མེད་ཀྱི་ཤེས་པ་ཐམས་ཅད་ཀྱི་སྐལ་མཉམ་གྱི་རྒྱུ་རྒྱས་པ་ལས་སྐྱེས་པ་མི་སྐྱེ་བ་ཤེས་པ་སྟེ་དེ་ལྟར་ན་ཤེས་པ་བཅུ་ཡིན་ནོ། །གཉིས་པ་ནི། ཆོས་ཤེས་ཀྱིས་གོང་མའི་གཉེན་པོ་བྱེད་པའང་ཡོད་དེ། འདོད་པའི་རྟེན་ཅན་གཅིག་གིས་དང་པོར་འདོད་པ་ལ་རྒྱལ་བར་བྱས་ན། སྒོམ་པའི་ལམ་ལ་འགོག་པའམ་ལམ་ལ་ཆོས་ཤེས་པ་གང་ཡིན་པ་དེ་དག་གི་ལམ་གྱི་རྒྱུན་དེ་ཉིད་སྐྱེད་པས་གོང་མ་ལས་ཀྱང་རྒྱལ་བར་བྱེད་པ་སྲིད་པས་ཁམས་གསུམ་ཅར་གྱི་གཉེན་པོ་ཡིན་པ་སྲིད་དོ། །འདོད་ཁམས་ཀྱི་གཉེན་པོ་རྗེས་ཤེས་ཀྱིས་བྱེད་པ་ནི་སྲིད་པ་མ་ཡིན་ཏེ། དེ་སྐྱེས་པ་ན་ཆོས་ཤེས་ཀྱིས་རྒྱལ་བར་བྱས་ཟིན་པའི་ཕྱིར། དེ་ནི་ཆོས་ཤེས་ཀྱི་རྗེས་སུ་སྐྱེས་པས་སོ། །དེ་ཡང་འགོག་ལམ་ནི་ཁམས་གསུམ་དུ་མ་གཏོགས་པས་འགོག་པའང་དམན་པར་མི་བཞག་ལ། འོག་མའི་སྡུག་ཀུན་ནི་དམན་པས་དེ་དག་ལ་དམིགས་པའི་སྒོམ་ལམ་ལ་ཆོས་ཤེས་ཀྱིས། གོང་མའི་གཉེན་པོ་བྱེད་མི་སྲིད་པས་ན། འགོག་ལམ་ལ་ཆོས་ཤེས་ཞེས་སྨོས་ལ། གོང་མའི་མཐོང་སྤང་ནི་རྗེས་བཟོད་ཀྱི་གཞོམ་བྱ་ཡིན་པས། སྒོམ་ལམ་ཆོས་ཤེས་ཀྱིས་མི་སྤོང་བ་དང༌། མཐོང་ལམ་གྱི་འགོག་ལམ་ལ་ཆོས་ཤེས་ཀྱིས་ཀྱང་མི་སྤོང་བས་སྒོམ་ལམ་ལ་ཆོས་ཤེས་ཞེས་སྨོས་སོ། །གང་སྤེལ་ལས། ཆོས་ཤེས་ནི་གོང་མའི་སྒོམ་སྤང་འདོད་པའི་ཀུན་འགྲོའི་ཡུལ་ཡིན་པས་འཇོམས་ཏེ། དགྲ་ཕམ་པར་བྱས་ནས་ཡུལ་འཇིག་པ་བཞིན་ནོ། །རྗེས་ཤེས་ནི་འདོད་པ་ན་དེ་ལྟ་བུའི་བྱ་བ་མེད་དོ་ཞེས་སོ། །གསུམ་པ་རྣམ་པའི་ཁྱད་པར་ལ་གཉིས་ཏེ། ཤེས་པ་སོ་སོའི་རྣམ་པ་དང༌། རྣམ་པ་སོ་སོའི་ངོ་བོའོ། །དང་པོ་ནི། ཤེས་པ་དེ་བཅུ་ལས་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་གཉིས་ནི་མི་རྟག་སོགས་རྣམ་པ་བཅུ་དྲུག་ཅན་ནོ། །ཀུན་རྫོབ་ཤེས་པ་ནི་དེ་བཞིན་དུ་རྣམ་པ་བཅུ་དྲུག་ཅན་ཡང་ཡིན་ལ། ལ་ལ་དེ་ལས་གཞན་དུ་རང་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ཅན་དང༌། ཁ་ཅིག་ཟོ་ཞིག་འདུག་ཅིག་སོང་ཞིག་སོགས་ཏེ་གཉིས་མིན་པའི་རྣམ་པ་ཅན་ནོ། །བདེན་བཞི་ཤེས་པ་ནི་རང་རང་གི་བདེན་པའི་རྣམ་པ་འཇུག་པས་བཞི་བཞི་པ་ཡིན་ནོ། །ཕ་རོལ་ཡིད་ཤེས་དྲི་མེད་ཀྱང་དེ་བཞིན་དུ་བཞི་པ་སྟེ། ལམ་ཤེས་པ་ཡིན་པས་ལམ་བདེན་གྱི་རྣམ་པ་བཞི་ཅན་ནོ། །དྲི་མ་དང་བཅས་པའི་གཞན་སེམས་ཤེས་པ་ནི་ཤེས་བྱ་སེམས་དང་སེམས་བྱུང་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཏེ། དྲི་བཅས་དྲེ་མེད་གཉིས་ཀའང་རྫས་རེ་རེའི་སྤྱོད་ཡུལ་ཅན་ཡིན་པས་སེམས་འཛིན་པ་ན་སེམས་བྱུང་མི་འཛིན་ལ། ཚོར་བ་འཛིན་པ་ན་འདུ་ཤེས་མི་འཛིན་པ་སོགས་སོ། །ལྷག་མ་ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ནི་བདེན་པའི་རྣམ་པ་ལས་སྟོང་པ་དང་བདག་མེད་པ་མ་གཏོགས་པ་བཅུ་བཞི་ཅན་ཏེ། དེ་གཉིས་ཀྱི་སྟོབས་ཀྱིས་རྗེས་ཐོབ་ཏུ་བདག་གི་སྐྱེ་བ་ཟད་དོ་ཞེས་པ་དང༌། འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་བདག་གིས་ཐ་སྙད་འདོགས་ལ། སྟོང་པ་དང་བདག་མེད་བསྒོམས་སྟོབས་ཀྱིས་ཐ་སྙད་དེ་འདོགས་པར་མི་འཐད་པས་སོ། །གཉིས་པ་ནི། ཅི་ཟག་མེད་ལ་རང་མཚན་གྱི་རྣམ་པ་ཡོད་དམ་མེད་ཅེ་ན། ཁ་ཆེ་བས་ནི། དྲི་མེད་ལ་བཅུ་དྲུག་ལས་གཞན་པའི་རྣམ་པ་མེད་པར་འདོད་ལ། གཞན་ཉི་འོག་པས་ནི། རང་མཚན་གྱི་རྣམ་པའང་ཡོད་པར་འདོད་དེ། དགྲ་བཅོམ་པ་ལྷ་སྐྱེད་ཀྱིས་མཛད་པའི་རྣམ་ཤེས་ཀྱི་ཚོགས་ལས། འདི་ནི་གནས་ཡོད་དོ་འདི་ནི་གཞི་ཡོད་དོ་ཞེས་བྱ་བར་ཤེས་པར་འགྱུར་རོ་ཞེས་གསུངས་པའི་གནས་ནི་མཚན་ཉིད་དང་གཞི་ནི་རྒྱུ་ཡིན་པས་སོ། །ཞེས་སོ། །ཅི་རྣམ་པ་བཅུ་དྲུག་པོ་འདི་དག་མིང་གི་སྒོ་ནས་སམ་འོན་ཏེ་རྫས་སུ་ཡིན་ཞེ་ན། ཁ་ཅིག་རྫས་སུ་སྡུག་བསྔལ་གྱི་གཞི་དང༌། གཞན་གསུམ་ནི་རེ་རེ་སྟེ་བདུན་ཉིད་ཡིན་གྱི་གཞན་རྣམས་རྣམ་གྲངས་པའོ། །ཞེས་སོ། །བྱེ་བྲག་སྨྲ་བས་ནི། རྫས་སུ་གྲུབ་པ་ཉིད་རྣམ་པ་བཅུ་དྲུག་སྟེ། འདི་ལྟར་རྐྱེན་ལ་རག་ལས་པས་མི་རྟག་པ་དང༌། གནོད་པའི་བདག་ཉིད་ཡིན་པས་སྡུག་བསྔལ་བ་དང༌། བདག་གི་བ་དང་བདག་ཏུ་ལྟ་བའི་མི་མཐུན་ཕྱོགས་སྟོང་པ་དང༌། བདག་མེད་པ་དང༌། ས་བོན་གྱི་ཚུལ་གྱི་རྒྱུ་དང༌། འབྱུང་བའི་ཚུལ་གྱི་ཀུན་འབྱུང་སྟེ། སྔ་མ་རིང་རྒྱུ་དང༌། ཕྱི་མ་ཉེ་རྒྱུའོ། །རྒྱུན་འབྲེལ་བའི་ཚུལ་གྱིས་རབ་ཏུ་སྐྱེ་བ་དང༌། རྒྱུ་དུ་མས་མངོན་པར་སྒྲུབ་པའི་དོན་གྱིས་རྐྱེན་དང༌། ཕུང་པོ་ཞིག་པས་འགོག་པ་དང༌། མེ་གསུམ་ཞི་བས་ན་ཞི་བ་སྟེ། མེ་གསུམ་ནི་དུག་གསུམ་མོ། །འཚེ་བ་མེད་པས་གྱ་ནོམ་པ་དང༌། སྐྱོན་ཐམས་ཅད་དང་བྲལ་བས་ངེས་འབྱུང་སྟེ། སྔ་མ་སྡུག་བསྔལ་དང་བྲལ་བ་དང༌། འདི་དེའི་རྒྱུ་དང་བྲལ་བའོ། །མྱང་འདས་སུ་བགྲོད་པའི་དོན་གྱི་ལམ་དང༌། ཐར་པའི་ཐབས་དང་ལྡན་པས་རིགས་པ་དང༌། མྱང་འདས་བསྒྲུབས་པས་སྒྲུབ་པ་དང༌། གཏན་དུ་འབྱིན་པས་ངེས་པར་འབྱིན་པའོ། །རྣམ་པ་ཞེས་པ་ཅི་ཞེ་ན། བྱེ་བྲག་སྨྲ་བ་ཤེས་རབ་ཏུ་འདོད་དེ། དེ་ལྟར་ན་ཤེས་རབ་ཀྱི་རྫས་གཉིས་མཚུངས་པར་མི་ལྡན་པས་ཤེས་རབ་དེ་རྣམ་མེད་དུ་འགྱུར་རོ། །ཞེས་སྐྱོན་བརྗོད་པར་སྣང་ངོ༌། །མདོ་སྡེ་པས་ནི་ཤེས་པའི་འཛིན་སྟངས་སུ་འདོད་དེ། འདི་ཉིད་རིགས་སོ། །ཅི་ཤེས་རབ་ཁོ་ནས་དམིགས་པ་འཛིན་ནམ་ཞེ་ན། ཤེས་རབ་དེ་དང་བཅས་པའི་དམིགས་པ་དང་བཅས་པ་ཐམས་ཅད་ཀྱིས་འཛིན་པར་བྱེད་ལ། གང་ཅི་ཡོད་པ་ཐམས་ཅད་གཟུང་བྱ་ཡིན་ནོ། །བཞི་པ་ཤེས་པའི་ཁྱད་པར་གཞན་བསྟན་པ་ལ་བཞི་སྟེ། ངོ་བོ་ཉིད་ཀྱི་ཁྱད་པར་ངོས་བཟུང༌། རྟེན་གྱི་ཁྱད་པར་བཤད་པ། དྲན་པ་ཉེར་བཞག་གི་ཁྱད་པར། དམིགས་པའི་ཁྱད་པར་རོ། །དང་པོ་ནི། ཤེས་པ་བཅུ་ལས་དང་པོ་ཀུན་རྫོབ་ཤེས་པ་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་དང༌། གཞན་དགུ་དགེ་བ་ཁོ་ནའོ། །གཉིས་པ་ནི་ས་གང་ལ་བརྟེན་ཞེ་ན། དང་པོ་ས་རྣམས་ཐམས་ཅད་ན་ཡོད་ལ། ཆོས་ཤེས་བསམ་གཏན་ས་དྲུག་ན་ཡོད་ཀྱི་དེ་འདོད་པའི་གཉེན་པོས་ཕྱེ་བས་གཞན་ན་མེད་དོ། །ཟག་མེད་ས་དགུ་ན་རྗེས་སུ་ཤེས་པ་དང༌། དེ་བཞིན་དུ་བདེན་པ་བཞི་ཤེས་པ་དང༌། ཟད་པ་དང་མི་སྐྱེ་བ་ཤེས་པ་སྟེ་དྲུག་པོ་རྗེས་ཤེས་ཀྱིས་བསྡུས་པ་རྣམས་ས་དགུ་ན་སྟེ་ཆོས་ཤེས་ཀྱིས་བསྡུས་པ་ནི་ས་རྣམ་པ་དྲུག་ནའོ། །གཞན་ཡིད་ཤེས་པ་ནི་སྐྱེ་དཀའ་བས་ལམ་སླ་བ་བསམ་གཏན་གྱི་དངོས་གཞི་ཁོ་ན་ན་ཡོད་དོ། །ལུས་གང་ལ་བརྟེན་ཞེ་ན། སེམས་ཤེས་དེ་ནི་བསམ་གཏན་ཉིད་ལ་བརྟེན་པས་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཉིད་དུ་ངེས་ལ། ཆོས་ཤེས་ཞེས་བྱ་བ་ནི་གཙོ་བོར་འདོད་པའི་སུན་འབྱིན་པས་འདོད་པའི་རྟེན་ཅན་ཁོ་ན་སྟེ། གོང་མ་གཉིས་དེ་ལས་གྲོལ་ཟིན་པས་སུན་མི་འབྱིན་པས་སོ། །ཁམས་གསུམ་པའི་རྟེན་ཅན་དེ་གཉིས་ལས་གཞན་བརྒྱད་དོ། །གསུམ་པ་ནི། འགོག་བློ་ནི་འདུས་མ་བྱས་ཉིད་ལ་དམིགས་པས་ཆོས་དྲན་པ་ཉེར་བཞག་གཅིག་པུའོ། །ཕ་རོལ་གྱི་སེམས་ཤེས་པའི་བློ་ནི་མཚུངས་ལྡན་འཛིན་པས་སེམས་དང༌། ཚོར་བ་དང་ཆོས་དྲན་པ་ཉེར་བཞག་སྟེ་གསུམ་མོ། །དེ་གཉིས་ཀྱི་ལྷག་མ་བརྒྱད་ནི་དྲན་པ་ཉེར་བཞག་བཞི་ཆར་ཡོད་དོ། །བཞི་པ་དམིགས་པའི་ཁྱད་པར་ལ་གསུམ་སྟེ། ཤེས་པ་གང་གི་དམིགས་པ་ཤེས་པ་དུ་ཡིན་པ། ཆོས་ཤེས་དུ་མ་ཡུལ་ཅན་གང་གིས་དམིགས་པ། ཤེས་པ་གཅིག་གིས་ཇི་ཙམ་ཤེས་པའོ། །དང་པོ་ནི། ཤེས་པ་གང་གི་ཡུལ་དུ་ཤེས་པ་དུ་ཞིག་འགྱུར་ཞེ་ན། ཆོས་ཤེས་ཀྱི་བློའི་སྤྱོད་ཡུལ་དུ་རྗེས་ཤེས་མ་གཏོགས་པ་གཞན་དགུ་སྟེ། ལམ་ལ་ཆོས་ཤེས་ཀྱི་ཡུལ་དུ་ཟག་མེད་བརྒྱད་དང་སྡུག་ཀུན་ལ་ཆོས་ཤེས་ཀྱི་ཡུལ་དུ་ཀུན་རྫོབ་ཤེས་པ་འགྱུར་སྲིད་པས་སོ། །ལམ་ཤེས་ཀྱི་ཡུལ་དུ་ཀུན་རྫོབ་ཤེས་པ་མ་གཏོགས་པ་དགུ་དང༌། རྗེས་ཤེས་ཀྱི་བློའི་ཡུལ་དུ་ཆོས་ཤེས་མ་གཏོགས་པ་དགུ་ཡིན་ཏེ། ལམ་ཤེས་ཀྱིས་ལམ་བདེན་ལ་དམིགས་ཤིང༌། ཆོས་ཤེས་དང་རྗེས་ཤེས་ཀྱི་བློ་གཉིས་ཀྱིས་ཕན་ཚུན་མི་དམིགས་པས་སོ། །སྡུག་བསྔལ་ཤེས་པ་དང་ཀུན་འབྱུང་ཤེས་པའི་བློའི་ཡུལ་ནི་སྡུག་ཀུན་གྱིས་བསྡུས་པ་ཀུན་རྫོབ་ཤེས་པ་དང༌། གཞན་སེམས་ཤེས་པ་གཉིས་ཡིན་ནོ། །ཀུན་རྫོབ་ཤེས་པའི་ཡུལ་དུ་ཆོས་ཐམས་ཅད་དང༌། སེམས་ཤེས་དྲི་མེད་ཀྱི་ཡུལ་དུ་ཤེས་པ་དགུ་དང༌། དྲི་བཅས་ཀྱི་ཡུལ་དུ་ཀུན་རྫོབ་ཤེས་པ་དང༌། སེམས་ཤེས་དག་པ་བདུན་འབྱུང་སྲིད་ལ། ཟད་པ་དང་མི་སྐྱེ་བ་ཤེས་པ་ནི། སྡུག་ཀུན་ཤེས་པ་སོགས་ཀྱི་ངོ་བོ་ཡིན་པས་དེ་དག་གི་ཡུལ་ཤེས་པ་བཅུ་ཅར་ཡིན་པ་སྲིད་པས། ཤེས་པ་དེ་བཞིའི་ཡུལ་ནི་ཤེས་པ་བཅུ་ཅར་ཡིན་དུ་རུང་ངོ༌། །འགོག་པ་ཤེས་པ་གཅིག་གི་ཡུལ་ནི་ཤེས་པ་མིན་ཏེ། དེས་འདུས་བྱས་མི་ཤེས་པས་སོ། །གཉིས་པ་ནི། ཆོས་བཅུ་པོ་དག་ནི་ཤེས་པ་གང་གི་དམིགས་པ་དུ་ཡིན་ཞེས་སྦྱར་བར་བྱ་ལ། བཅུ་གང་ཞེ་ན། ཁམས་གསུམ་པ་དང་དྲི་མེད་ཀྱི་ཆོས་ཏེ་བཞི་ལ་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ་བརྒྱད་དང༌། འདུས་མ་བྱས་ལ་དགེ་བ་དང་ལུང་མ་བསྟན་ཏེ་རྣམ་པ་གཉིས་ཏེ་བཅུའོ། །དེ་ལ་ཀུན་རྫོབ་ཤེས་པའི་ཡུལ་ནི་བཅུ་ཅར་རོ། །ཆོས་ཤེས་ཀྱི་ཡུལ་ནི་ལྔ་སྟེ། འདོད་པ་དང་དྲི་མེད་ཀྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ་བཞི་དང༌། འདུས་མ་བྱས་དགེ་བའོ། །རྗེས་ཤེས་ཀྱི་ཡུལ་ནི་བདུན་ཏེ། གོང་མ་གཉིས་དང་དྲི་མེད་ཀྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ་དྲུག་དང་འདུས་མ་བྱས་དགེ་བའོ། །སྡུག་ཀུན་ཤེས་པའི་ཡུལ་དུ་དྲུག་སྟེ། ཁམས་གསུམ་གྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་སོ། །འགོག་ཤེས་ཀྱི་ཡུལ་དུ་འདུས་མ་བྱས་དགེ་བ་གཅིག་པུའོ། །ལམ་ཤེས་ཀྱི་ཡུལ་དུ་དྲི་མེད་མཚུངས་ལྡན་ཡིན་མིན་གཉིས་སོ། །སེམས་ཤེས་ཀྱི་ཡུལ་དུ་འདོད་གཟུགས་དང་དྲི་མེད་ཀྱི་མཚུངས་ལྡན་གསུམ་མོ། །ཟད་མི་སྐྱེ་ཤེས་པའི་ཡུལ་དུ་འདུས་མ་བྱས་ལུང་མ་བསྟན་མིན་པ་དགུ་སྟེ། དེ་དག་གིས་བདེན་པ་བཞི་ལ་དམིགས་ན་ནམ་མཁའ་དང༌། བརྟགས་མིན་གྱི་འགོག་པ་ནི་བདེན་བཞིར་མ་འདུས་པས་སོ། །གསུམ་པ་ནི། ཤེས་པ་གཅིག་གིས་ཆོས་བཅུ་ཆར་ཤེས་པ་ཡོད་དམ་མེད་ཅེ་ན། མེད་དེ། མདོ་ལས། དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་གང་རུང་གཅིག་ཅར་ཤེས་པའམ། ཐམས་ཅད་ཤེས་པའམ། མཐོང་བ་དེ་ནི་འགའ་ཡང་མེད་དོ། །ཞེས་གསུངས་སོ། །འོན་ཀྱང་ཐོས་བསམ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་གཅིག་པུས་རང་གི་ཚོགས་ཏེ། རང་ཉིད་ལྷན་ཅིག་འབྱུང་བའི་ཆོས་མཚུངས་ལྡན་ཡིན་མིན་ལས་གཞན་པའི་ཆོས་ཐམས་ཅད་ནི་བདག་མེད་པ་ཉིད་དོ། །ཞེས་རིག་པར་འགྱུར་རོ། །རང་དང་ཚོགས་པ་ནི་རིག་པ་མིན་ཏེ། རིམ་པས་རལ་གྲིས་རང་མི་གཅོད་པ་ལྟར་རང་ལ་བྱ་བྱེད་འགལ་བས་དང༌། མཚུངས་ལྡན་འཛིན་ན་དེ་དང་དམིགས་པ་གཅིག་པས་མཚུངས་པ་རྣམས་ཀྱིས་ཀྱང་རང་རང་ལ་དམིགས་དགོས་པ་ལས་རང་རིག་མེད་པས་ན་དེ་འདྲ་མི་སྲིད་པ་དང༌། མིག་གིས་མིག་སྨན་མི་མཐོང་བ་ལྟར་ཧ་ཅང་ཉེ་བས་མི་འཛིན་ནོ། །ཤེས་པ་བསྟན་ཟིན་ཏོ། །གཉིས་པ་ཤེས་པའི་ལྡན་ཚུལ་ནི། སོ་སྐྱེ་ཆགས་བཅས་ནི་ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན་ནོ། །འདོད་པ་ལ་ཆགས་པ་དང་བྲལ་བ་ནི་ཕ་རོལ་སེམས་ཤེས་པ་དང་ཡང་ལྡན་ནོ། །འཕགས་པ་ནི་ཟག་མེད་སྐད་ཅིག་དང་པོ་ལ། འདོད་པ་ལ་ཆགས་པ་དང་མ་བྲལ་བ་ཅན་རྒྱུན་ཞུགས་ཞུགས་པའམ་ཕྱིར་འོང་ཞུགས་པ་ཡིན་ན། ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན་ཏེ། བཟོད་པ་ནི་རྣམ་གྲོལ་གྱིས་ཤེས་པ་མིན་ལ། ཟག་མེད་ཀྱི་ཤེས་པ་གཞན་ཡང་མེད་པས་སོ། །དེ་དག་ཟག་མེད་སྐད་ཅིག་མ་གཉིས་པ་ལ་ནི་ཆོས་ཤེས་དང་སྡུག་བསྔལ་ཤེས་པ་གཉིས་བསྣན་ཏེ་གསུམ་དང༌། དེ་ཡན་ཆད་སྐད་ཅིག་མ་བཞི་ལ་ཤེས་པ་རེ་རེ་འཕེལ་བ་ལྡན་ཏེ། སྡུག་བསྔལ་རྗེས་ཤེས་ལ་རྗེས་ཤེས་འཕེལ་བས་བཞི་དང༌། ཀུན་འབྱུང་ཆོས་ཤེས་ལ་ཀུན་འབྱུང་ཤེས་པ་དང༌། འགོག་པ་ཆོས་ཤེས་ལ་འགོག་པ་ཤེས་པ་དང༌། ལམ་ཆོས་ཤེས་ལ་ལམ་ཤེས་པ་འཕེལ་བས་བདུན་ཏེ། ཆོས་ཤེས་སྔར་ནས་ལྡན་པ་ནི་མི་འཕེལ་ལོ། །སྒོམ་ལམ་ལའང་ཤེས་པ་བདུན་པོ་དེ་དག་སྟེ་ཕྱིར་མི་འོང་ཆགས་བྲལ་ཡིན་ན་ཐམས་ཅད་དུ་སེམས་ཤེས་པ་བསྣན་པས་སྐད་ཅིག་དང་པོ་ལ་གཉིས་ལྡན་པ་ནས་སྒོམ་ལམ་པ་ལ་བརྒྱད་ལྡན་པའི་བར་དུ་སྦྱར་རོ། །མི་སློབ་པ་ལ་ཟད་མི་སྐྱེ་ཤེས་ལྡན་པ་ནི། གོ་སླ་བས་མ་བཤད་དོ། །གསུམ་པ་ཤེས་པ་ཐོབ་ཚུལ་ལ་གསུམ་སྟེ། མཐོང་ལམ་གྱི་སྐབས་སུ་ཐོབ་པ། ལམ་གཞན་གྱི་སྐབས་སུ་ཐོབ་པ། ཐོབ་པའི་དབྱེ་བའོ། །དང་པོ་ནི། ཡང་གནས་སྐབས་གང་དུ་ཤེས་པ་དུ་ཐོབ་ཅེ་ན། མཐོང་བའི་ལམ་ལ་བཟོད་པ་བརྒྱད་དང༌། ཤེས་པ་བདུན་སྐྱེས་པའི་ཚེ། ཇི་ལྟར་སྐྱེས་པ་རྣམས་དང་འདྲ་བ་མ་འོངས་པ་དང༌། དེ་རྣམ་པ་བཞི་ཁོ་ན་རང་རང་གི་ཚེ་ཐོབ་བོ། །སྡུག་བསྔལ་ཆོས་བཟོད་སྐྱེས་པའི་ཚེ་དེ་དང་དམིགས་རྣམ་འདྲ་བའི་ཆོས་བཟོད་མ་འོངས་པ་དང༌། དེའི་རྣམ་པ་མི་རྟག་སོགས་བཞི་ཁོ་ན་ཐོབ་ལ་སྡུག་བསྔལ་ཆོས་ཤེས་སྐྱེས་པའི་ཚེ་དེ་ཉིད་མ་འོངས་པ་དང༌། དེའི་རྣམ་པ་བཞི་ཁོ་ན་ཐོབ་སྟེ་རྗེས་ཤེས་སོགས་ལའང་སྦྱར་རོ། །དེ་རྣམས་མངོན་དུ་ནི་མི་འགྱུར་ཏེ། མཐོང་ལམ་ལན་དུ་མར་མི་སྐྱེ་བས་སོ། །མཐོང་ལམ་དེ་ཉིད་ལ་བཟོད་ཤེས་རིགས་འདྲ་ཁོ་ན་ཐོབ་པ་མ་ཟད། རྗེས་ཤེས་དང་པོ་གསུམ་ལ་ནི་བདེན་པ་དེ་དང་དེར་ཟད་པར་མངོན་པར་རྟོགས་པ་ཀུན་རྫོབ་ཤེས་པ་ཁྱད་པར་ཅན་སྔོན་མེད་པ་དག་ཀྱང་ཐོབ་ལ། ཆོས་ཤེས་ལ་ནི་མི་ཐོབ་སྟེ། བདེན་པ་ཟད་པར་མ་རྟོགས་པས་སོ། །བདེན་པ་རེ་མངོན་པར་རྟོགས་པའི་རྗེས་ལ་ཐོབ་པ་དེའི་ཕྱིར་ཀུན་རྫོབ་ཤེས་པ་དེ་ནི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཞེས་བྱའོ། །ལམ་ལ་རྗེས་ལ་མི་ཐོབ་པ་ཅི་ཞེ་ན། ལམ་བདེན་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་ཡེ་མ་རྟོགས་ཤིང༌། ལམ་ལ་རྗེས་ཤེས་ཀྱི་ཚེ་ཡང་ཟད་པར་མ་རྟོགས་ལ། མཐོང་སྤང་གི་གཉེན་པོའི་ལམ་ཉིད་ལའང་ཉན་རང་དང་བྱང་སེམས་ཀྱི་བྱེ་བྲག་གིས་དུ་མ་ཡོད་པས། གང་ཟག་གཅིག་གིས་ཟད་པར་སྒོམ་མི་ནུས་པའི་ཕྱིར་མངོན་པར་རྟོགས་པའི་མཐའ་མེད་དོ། །ཀུན་རྫོབ་ཤེས་པ་དེ་རེས་འགའ་མངོན་དུ་བྱེད་དམ་ཞེ་ན། དེ་ནི་མཐོང་ལམ་གྱི་ཐོབ་བྱ་ཡིན་པས་སྒོམ་ལམ་དུ་ནི་མངོན་དུ་མི་འགྱུར་ལ། མཐོང་ལམ་དུ་ནི་སྐྱེ་བའི་སྐབས་མེད་པས་མི་སྐྱེ་བའི་ཆོས་ཅན་ཁོ་ན་ཡིན་ནོ་ཞེའོ། །གོང་མ་བས་ནི། མཐོང་ལམ་གྱི་མཐུས་དེའི་རྗེས་ཐོབ་ཏུ་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཏུ་ངེས་པའི་ངེས་ཤེས་བཅུ་དྲུག་སྟེ། དེ་རྣམས་མཐོང་ལམ་དུ་ཐོབ་ཀྱི། མངོན་དུ་མི་བྱེད་དེ། སྐད་ཅིག་བཅུ་དྲུག་རྒྱུན་མ་ཆད་པར་འབྱུང་བས་འཇིག་རྟེན་པའི་སེམས་ཀྱི་སྐབས་མེད་པས། དེས་ན་རྗེས་ཐོབ་སྒོམ་ལམ་དུ་མངོན་དུ་བྱེད་པར་བཞེད་དོ། །ས་དུ་ཞིག་གིས་ཀུན་རྫོབ་ཤེས་པ་ཐོབ་ཅེ་ན། མཐོང་ལམ་ས་གང་ལ་བརྟེན་པའི་རང་ས་དང་འོག་སའི་ཀུན་རྫོབ་ཤེས་པ་འཐོབ་སྟེ། མཐོང་ལམ་བསམ་གཏན་བཞི་པ་ལ་བརྟེན་ན་ས་བདུན་ཐོབ་པའི་ཕྱིར་རོ། །མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་སྟེ་དྲན་པ་ཉེར་བཞག་ཏུ་ཡིན་ཞེ་ན། འགོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ནི། ཆོས་དྲན་པ་ཉེར་བཞག་གཅིག་པུའོ། །བདེན་པ་གཞན་གཉིས་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ནི་དྲན་པ་ཉེར་བཞག་བཞི་ཆར་ཡིན་ནོ། །རྣམ་པ་ནི་བདེན་པ་གང་རྟོགས་པ་རང་རང་གི་བདེན་པའི་རྣམ་པ་ཅན་ཡིན་ནོ། །སྦྱོར་བ་འབད་པ་ལས་བྱུང་བས་སྐྱེ་བས་ཐོབ་པ་མིན་ནོ། །གཉིས་པ་ནི། སློབ་ལམ་དུ་ཐོབ་པ་ནི་འདོད་པའི་འཆིང་བ་ཀུན་ལྡན་ནམ། དགུ་པའི་བར་ལྡན་པའི་ཆགས་བཅས་ཀྱི་གང་ཟག་གཉིས་ཀྱིས་སྐད་ཅིག་བཅུ་དྲུག་པ་ལ་བདེན་པ་བཞི་ཤེས་དང༌། ཆོས་ཤེས་རྗེས་ཤེས་ཏེ་དྲུག་ཐོབ་ལ། སློབ་ལམ་ཡིན་པས་ཟད་པ་དང་མི་སྐྱེ་བ་ཤེས་པ་མི་ཐོབ་ཅིང༌། འདོད་པ་ལས་ཆགས་པ་དང་མ་བྲལ་བས་ཕ་རོལ་སེམས་ཤེས་ཀྱང་མི་ཐོབ། ཀུན་རྫོབ་ཤེས་པ་སྔར་རྙེད་ཟིན་པས་གསར་དུ་མི་ཐོབ་བོ། །འདོད་པ་ནས་ཅི་ཡང་མེད་ཀྱི་བར་ལ་ཆགས་པ་དང་བྲལ་བས་བཅུ་དྲུག་པའི་ཚེ་བདུན་ཐོབ་སྟེ། འདོད་པ་ལ་ཆགས་བྲལ་ཡིན་པས་ཕ་རོལ་སེམས་ཤེས་ལྷག་པས་སོ། །བཅུ་དྲུག་པ་དེའི་གོང་མ་འདོད་པའི་ཆགས་བཅས་ཀྱི་གཉེན་པོ་བར་ཆད་མེད་ལམ་དགུ་པ་མན་ཆད་ཀྱི་སྒོམ་པའི་ལམ་ཐམས་ཅད་ལ་སྔར་གྱི་དྲུག་དང་ཀུན་རྫོབ་ཤེས་པ་སྟེ་བདུན་ཐོབ་བོ། །ལྷག་མ་གཞན་གསུམ་མི་ཐོབ་པའི་རྒྱུ་མཚན་བསྟན་ཟིན་ཏོ། །བསམ་གཏན་བཞི་དང་གཟུགས་མེད་པ་དང་པོ་གསུམ་སྟེ་ས་བདུན་ལས་རྒྱལ་བར་བྱེད་པའི་བར་ཆད་མེད་ལམ་རྣམས་དང༌། སློབ་པའི་མངོན་ཤེས་དང་པོ་ལྔ་ཐོབ་པར་བྱེད་པའི་བར་ཆད་མེད་ལམ་ལ་བདུན་ཐོབ་སྟེ། ཕ་རོལ་སེམས་ཤེས་དང་ཤེས་པ་ཐམས་ཅད་དམ་གཉིས་མ་གཏོགས་པའོ། །ཕ་རོལ་སེམས་ཤེས་ནི་བར་ཆད་མེད་ལམ་ཐམས་ཅད་ལ་བཀག་གོ །རྟོགས་པའི་སྐལ་པ་ཅན་དབང་པོ་འཕོས་ཏེ་མི་གཡོ་བ་ཐོབ་པར་བྱེད་པའི་བར་ཆད་མེད་ལམ་ལའང་བདུན་ཐོབ་སྟེ། ཟག་མེད་དྲུག་ལ་ཟད་ཤེས་བསྣན་པས་སོ། །ཀུན་རྫོབ་ཤེས་པ་ནི་མི་ཐོབ་སྟེ། སྲིད་རྩེའི་གཉེན་པོ་མིན་པས་སོ། །མི་སྐྱེ་བ་ཤེས་པའང་མི་ཐོབ་སྟེ། དབང་པོ་འཕོ་བ་མ་རྫོགས་པས་སོ། །སློབ་པའི་བསམ་གཏན་སྤེལ་མ་སྒོམ་པའི་བར་ཆད་མེད་ལམ་དག་ལའང་བདུན་ཐོབ་སྟེ། ཟག་མེད་དྲུག་དང་ཀུན་རྫོབ་ཤེས་པའོ། །སློབ་པ་དང་བར་ཆད་མེད་ལམ་གྱི་གནས་སྐབས་ཡིན་པས་ལྷག་མ་གསུམ་མི་ཐོབ་བོ། །ས་བདུན་གྱི་གོང་མ་སྲིད་རྩེ་ལས་རྒྱལ་བར་བྱེད་པའི་རྣམ་པར་གྲོལ་བའི་ལམ་དང་པོ་བརྒྱད་ལའང་ཟག་མེད་དྲུག་དང་སེམས་ཤེས་ཏེ་བདུན་ཐོབ་སྟེ། རྣམ་གྲོལ་གྱི་ལམ་ལ་ཕ་རོལ་སེམས་ཤེས་མ་བཀག་པས་སོ། །སྲིད་རྩེའི་གཉེན་པོ་མིན་པས་ཀུན་རྫོབ་ཤེས་པ་དོར་ཞིང་སློབ་པའི་གནས་སྐབས་ཡིན་པས་ཐ་མ་གཉིས་ཀྱང་མེད་དོ། །སློབ་པ་དབང་པོ་སྦྱོང་བའི་རྣམ་པར་གྲོལ་བ་ལ་ཆགས་བཅས་ཡིན་ན་ཟག་མེད་དྲུག་དང་ཆགས་བྲལ་ཡིན་ན་སེམས་ཤེས་དང་བདུན་འཐོབ་བོ། །བམ་གྱི་སྒྲ་ནི་ཁ་ཅིག་འདིས་འབྲས་བུ་གསུམ་ཐོབ་པར་བྱེད་པས་མཐོང་ལམ་དང་འདྲ་བའི་ཕྱིར་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པའང་དེས་ཐོབ་ཟེར་རོ། །གཞན་དག་ནི་འདིས་བདེན་པ་རྟོགས་ཟིན་པ་དང་འབྲས་བུ་ཐོབ་ཟིན་པས། མཐོང་ལམ་དང་མི་འདྲའོ་ཟེར་བའི་ལུགས་ཐ་དད་སྟོན་པའོ། །སློབ་པ་དབང་པོ་སྦྱོང་བའི་བར་ཆད་མེད་ལམ་ལ་དྲུག་དང་དེ་བཞིན་དུ་སྲིད་རྩེ་ལས་རྣམ་པར་རྒྱལ་བར་བྱེད་པའི་བར་ཆད་མེད་ལམ་ལ་དྲུག་ཐོབ་བོ། །དེའི་རྣམ་གྲོལ་ལམ་དགུ་པ་ཟད་པ་ཤེས་པ་ལ་བརྟུལ་པོས་མི་སྐྱེ་བ་ཤེས་པ་མ་གཏོགས་པས་དགུ་དང༌། མི་གཡོ་བའི་ཆོས་ཅན་གྱིས་ནི་བཅུ་ཆར་ཐོབ་བོ། །མི་གཡོ་བ་དེར་དབང་པོ་འཕོ་བའི་རྣམ་གྲོལ་ལམ་ཐ་མ་ལ་ཡང་བཅུ་སྟེ། དེའི་ཚེ་མི་གཡོ་བར་གྱུར་པས་སོ། །བཤད་པའི་ལྷག་མ་ལ་སློབ་པས་ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་བརྒྱད་ཐོབ་སྟེ། ཆགས་བཅས་སྒོམ་ལམ་གྱི་རྣམ་གྲོལ་ལམ་དགུ་དང༌། ས་བདུན་ལས་རྒྱལ་བ་མངོན་ཤེས་སྤེལ་སྒོམ་གྱི་རྣམ་གྲོལ་ལམ་དང༌། མི་གཡོ་བ་རྟོགས་བྱེད་ཀྱི་རྣམ་གྲོལ་ལམ་དང་པོ་བརྒྱད་དང༌། ཕྱིར་མི་འོང་གི་སྦྱོར་བ་དང་ཁྱད་པར་གྱི་ལམ་རྣམས་ཏེ། དེ་གཉིས་ཀྱི་ཐོབ་པ་མ་གཏོགས་པས་ལྷག་མའོ། །མི་སློབ་པ་ནི་དབང་པོ་བརྟུལ་རྣོའི་བྱེ་བྲག་གིས་མངོན་ཤེས་དང་སྤེལ་སྒོམ་ལམ་གྱི་སྦྱོར་བ་དང༌། རྣམ་གྲོལ་ལམ་དང་ཁྱད་པར་གྱི་ལམ་ལ་དགུའམ་བཅུ་དང༌། བར་ཆད་མེད་ལམ་ལ་སེམས་ཤེས་དོར་བས་བརྒྱད་དམ་དགུ་ཐོབ་བོ། །སོ་སྐྱེ་ནི་ཀུན་རྫོབ་ཤེས་པ་དང་རེས་འགའ་སེམས་ཤེས་ཀྱང་ཐོབ་ལ། ངེས་འབྱེད་ཆ་མཐུན་ནི་མཐོང་ལམ་གྱི་འཁོར་ཡིན་པས་སེམས་ཤེས་མི་འཐོབ་བོ། །ཡང་ལམ་གང་ལ་ས་དུ་ཞིག་གི་ཤེས་པ་ཐོབ་ཅེ་ན། ཀུན་རྫོབ་ཤེས་པ་ནི་སྙོམས་འཇུག་བརྒྱད་ཀྱི་བར་ཆད་མེད་ལམ་དགུ་པ་མན་ཆད་དུ་ཉེར་བསྡོགས་ཉིད་དང༌། རྣམ་གྲོལ་ལམ་དགུ་པ་དང་དངོས་གཞི་དང་གཉིས་ཀའི་ས་པ་ཐོབ་བོ། །ཟག་མེད་ཀྱི་ཤེས་པ་ནི་བསམ་གཏན་གཉིས་པའི་ཟག་མེད་ཀྱི་ལམ་དང༌། བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་བར་ཆད་མེད་ལམ་དགུ་དང་རྣམ་གྲོལ་ལམ་དང་པོ་བརྒྱད་ལ་ནི། རང་ས་གང་གི་ཟག་མེད་ཀྱི་ཤེས་པ་ཐོབ་པར་མ་ཟད། ས་འོག་མའི་ཟག་པ་མེད་པའང་ཐོབ་ལ། རྣམ་གྲོལ་ལམ་དགུ་པའི་ཚེ་ན་གསུམ་པའི་ཟག་མེད་ཀྱང་ཐོབ་སྟེ། ས་དེའི་འོག་ས་རང་ས་གོང་ས་གསུམ་ཀའི་ཟག་མེད་ཐོབ་པས་སོ། །ཟད་པ་ཤེས་པ་ལ་ནི་ཟག་མེད་དུ་མ་ཟད་ཟག་བཅས་ཀྱི་ཡོན་ཏན་རྣམས་ཀྱང་ཐོབ་བོ། །དགྲ་བཅོམ་པ་ཐོབ་པའི་དུས་སུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཉོན་མོངས་པའི་ཐོབ་པ་བཅད་པས་མི་སྡུག་པ་དང༌། དབུགས་འབྱུང་རྔུབ་དང༌། དྲན་པ་ཉེར་བཞག་སོགས་མ་འོངས་པ་རྣམས་ཀྱང་ཐོབ་སྟེ། རྒྱལ་སྲིད་ཆེན་པོ་ཐོབ་པ་བཞིན་དུ་དགེ་བའི་ཆོས་ཐམས་ཅད་ཀྱིས་བསུ་བའི་ཕྱིར་རོ། །དེ་ཡང་འདོད་པའི་རྟེན་ཅན་གྱིས་ས་དགུ་པའི་བར་གྱི་ཡོན་ཏན་ཐོབ་ལ། སྲིད་རྩེའི་རྟེན་ཅན་གྱིས་ནི་རང་ས་ཉིད་ཐོབ་ཀྱི་འོག་མའི་མིན་ཏེ། འོག་མས་གོང་མའི་ཡོན་ཏན་གསར་དུ་ཐོབ་ཀྱི་གོང་མས་འོག་མའི་ཡོན་ཏན་གསར་དུ་མི་ཐོབ་སྟེ། དེ་རྣམས་ཀྱང་སྔོན་མ་རྙེད་པ་ཁོ་ན་ཐོབ་ཀྱི་རྙེད་ཟིན་པ་ནི་མི་འཐོབ་བོ། །གསུམ་པ་ཐོབ་པའི་དབྱེ་བ་ནི། ཅི་ཐོབ་པ་ཞེས་པ་རྙེད་པ་ཁོ་ན་ཡིན་ནམ་ཞེ་ན། ཐོབ་པ་བཞི་ལས་སྔར་མེད་གསར་རྙེད་ནི། རྙེད་པ་ཐོབ་པ་དང༌། ཡང་ཡང་མངོན་དུ་བྱེད་པ་ནི་བསྟེན་པ་ཐོབ་པ་ཞེས་པ་སྟེ། དེ་གཉིས་ནི་དགེ་བ་འདུས་བྱས་ཀྱི་དབང་དུ་བྱས་པའི་ཐོབ་པའོ། །ལམ་སྒོམ་པ་ནི་གཉེན་པོ་ཐོབ་པ་དང༌། ཉོན་མོངས་པའི་ཐོབ་པ་གཅོད་པ་ནི་ཐག་བསྲིང་བའི་ཐོབ་པ་སྟེ། ཐོབ་པ་ཐ་མ་འདི་གཉིས་ནི་ཟག་བཅས་སྤོང་བའི་དབང་དུ་བྱས་སོ། །དགེ་བ་ཟག་བཅས་ཀྱིས་ནི་ཐོབ་པ་བཞི་ཆར་བཞག་གོ །འདུས་བྱས་ཟག་མེད་ཀྱིས་ནི་ཐོབ་པ་དང་པོ་གཉིས་སོ། །ཉོན་མོངས་ཅན་དང་ལུང་མ་བསྟན་གྱིས་ནི་ཐོབ་པ་ཐ་མ་གཉིས་སོ། །བཞི་པ་ཤེས་པའི་ཡོན་ཏན་གཉིས་ཏེ། ཐུན་མོང་མིན་པའི་ཡོན་ཏན་དང༌། ཐུན་མོང་གི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། ཟད་པ་མཁྱེན་པའི་ཚེ་སངས་རྒྱས་ཁོ་ནས་རྙེད་པའི་ཆོས་གཞན་དང་མ་འདྲེས་པ་ནི་བཅོ་བརྒྱད་དེ། གང་ཞེ་ན། སྟོབས་བཅུ་དང་སོགས་པ་མི་འཇིགས་པ་བཞི་དང༌། དྲན་པ་ཉེར་བཞག་གསུམ་དང༌། ཐུགས་རྗེ་ཆེན་པོའོ། །འདི་ནི་གཞུང་གཞན་ནས་བཤད་པ་དང་མི་མཐུན་པར་སྣང་ངོ༌། །གཉིས་པ་ལ་བཞི་སྟེ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེར་བཞག་གསུམ་དང༌། ཐུགས་རྗེ་ཆེན་པོའོ། །དང་པོ་ནི། སྟོབས་བཅུ་ནི། གནས་དང་གནས་མིན་མཁྱེན་པ་དང༌། ལས་ཀྱི་རྣམ་སྨིན་མཁྱེན་པ་དང༌། བསམ་གཏན་དང་རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང་སྙོམས་འཇུག་མཁྱེན་པ་དང༌། དབང་པོ་མཆོག་དང་མཆོག་མིན་པ་མཁྱེན་པ་དང༌། མོས་པ་སྣ་ཚོགས་དང༌། ཁམས་སྣ་ཚོགས་མཁྱེན་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་དང༌། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །དེ་ལ་གནས་དང་གནས་མིན་མཁྱེན་པ་ནི་ཤེས་པ་བཅུ་སྟེ། བདེན་པ་བཞི་ཆར་ཤེས་པའི་ཕྱིར་གནས་དང་གནས་མིན་གྱི་རྒྱུ་དང་རྒྱུ་མིན་པའི་དོན་ནོ། །ལས་འབྲས་མཁྱེན་པ་ལ་ཤེས་པ་བརྒྱད་དེ། འདིའི་ཡུལ་སྡུག་ཀུན་གྱིས་བསྡུས་པས་འགོག་ལམ་ཤེས་པ་མེད་དོ། །བསམ་གཏན་དང་རྣམ་ཐར་སོགས་ཀྱི་ཀུན་ནས་ཉོན་མོངས་དང༌། རྣམ་པར་བྱང་བའི་ཆ་མཁྱེན་པ་དང༌། དབང་པོ་མཆོག་དམན་མཁྱེན་པ་དང༌། མོས་པ་དང་ཁམས་སྣ་ཚོགས་མཁྱེན་པ་ལ་ནི་ཤེས་པ་དགུ་སྟེ། འདིའི་ཡུལ་འདུས་བྱས་ཀྱིས་བསྡུས་པས་འགོག་ཤེས་བོར་བའོ། །བསམ་གཏན་སོགས་ནི་བསམ་གཏན་བཞི་དང༌། རྣམ་ཐར་བརྒྱད་དང༌། ཏིང་ངེ་འཛིན་གསུམ་དང༌། སྙོམས་འཇུག་དགུ་ལ་སོགས་པའོ། །དབང་པོ་ནི་དད་སོགས་ཀྱི་དབང་པོའོ། །མོས་པ་ནི་ཐེག་པ་གསུམ་ལ་མོས་པའོ། །ཁམས་ནི་སློབ་དཔོན་འདུས་པ་བཟང་པོས་སྔོན་གོམས་པའི་བག་ཆགས་ཀྱིས་གྲུབ་པའི་བསམ་པ་ལ་བཞེད་དོ། །ཐམས་ཅད་དུ་འགྲོ་བའི་ལམ་རྣམས་མཁྱེན་པ་ནི་འབྲས་བུ་དང་བཅས་པ་འཛིན་ན་ཤེས་པ་བཅུའམ། མིན་ན་འགོག་ཤེས་དོར་བ་དགུའོ། །ལམ་ནི་འཁོར་འདས་ཐམས་ཅད་དུ་འགྲོ་བའི་ལམ་མོ། །སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྷའི་མིག་རྣམ་པར་དག་པ་གཉིས་ནི་ཀུན་རྫོབ་ཤེས་པ་ཡིན་ཏེ། འདུས་བྱས་ཀྱི་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི། ཟག་ཟད་འགོག་པའི་ངོ་བོ་ལ་བཟུང་ན་ཆོས་ཤེས་དང༌། རྗེས་ཤེས་དང༌། འགོག་ཤེས་དང༌། ཟད་པ་དང༌། མི་སྐྱེ་བ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་སྟེ་དྲུག་གམ། ཟག་པ་ཟད་པའི་རྒྱུད་ཀྱི་མཁྱེན་པ་བཟུང་ན་ཤེས་པ་བཅུ་ཆར་ཡིན་ནོ། །ས་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་དང༌། འཆི་འཕོ་བ་སྐྱེ་བ་མཁྱེན་པའི་སྟོབས་གཉིས་ནི་བསམ་གཏན་གྱི་དངོས་གཞི་བཞི་ཁོ་ན་ན་ཡོད་ལ། སྟོབས་ལྷག་མ་བརྒྱད་ནི་འདོད་པ་དང་བསམ་གཏན་ས་དྲུག་དང༌། གཟུགས་མེད་བཞི་སྟེ་ས་བཅུ་གཅིག་ལ་ཟག་མེད་རྣམས་ཅི་རིགས་པ་བརྟེན་ནོ། །ཉེར་བསྡོགས་བདུན་ལ་ནི་མི་བརྟེན་ཏེ། ཉེར་བསྡོགས་ནི་སྤོང་ལམ་ཡིན་གྱི་ཡོན་ཏན་མངོན་པར་སྒྲུབ་པའི་རྟེན་མིན་པས་སོ། །ཀུན་རྫོབ་ཤེས་པ་ནི་ཀུན་ལ་ཡོད་དོ། །རྟེན་ནི་འཛམ་བུ་གླིང་གི་སྐྱེས་པ་ཁོ་ན་སྟེ། གླིང་གཞན་དང་རྟེན་གཞན་ལ་སངས་རྒྱས་མི་འབྱུང་བས་སོ། །ཤེས་པ་བཅུ་གཞན་ལ་ཡང་ཡོད་ན་ཅིའི་ཕྱིར་སངས་རྒྱས་ཁོ་ན་ལ་ཡོད་པ་ལ་སྟོབས་ཞེས་བྱ་ཞེ་ན། གང་གི་ཕྱིར་སངས་རྒྱས་འདིའི་མཁྱེན་པ་ཤེས་བྱ་ལ་ཐོགས་པ་མི་མངའ་བར་འཇུག་པ་དེའི་ཕྱིར་སྟོབས་ཏེ། གཞན་གྱི་ཤེས་པ་ནི་ཐོགས་པ་དང་བཅས་པས་སྟོབས་ཀྱི་མིང་མི་ཐོབ་བོ། །སངས་རྒྱས་ཀྱི་སྐུ་ལ་སྲེད་མེད་ཀྱི་བུའི་སྟོབས་མངའོ། །གཞན་དག་ནི་ཚིག་རེ་རེ་ལ་སྟོབས་དེ་མངའ་འོ་ཞེས་ཏེ། སངས་རྒྱས་དང་རང་སངས་རྒྱས་དང་འཁོར་ལོས་བསྒྱུར་བའི་ཚིགས་རྣམས་རིམ་པ་བཞིན་ཀླུའི་མདུད་པ་དང༌། ལུ་གུ་བརྒྱུད་དང༌། གཟེར་བུ་བཏབ་པ་ལྟ་བུའོ། །མདོ་སྡེ་པའི་བཙུན་པ་ནི། སྐུའི་སྟོབས་ཀྱང་ཐུགས་ཀྱི་སྟོབས་བཞིན་དུ་མཐའ་ཡས་ཏེ། དེ་ལྟར་མིན་ན་མཁྱེན་པའི་སྟོབས་མཐའ་ཡས་པ་བཟོད་པར་མི་འགྱུར་རོ། །ཞེས་ཏེ། སློབ་དཔོན་ཡང་དེ་ལྟར་བཞེད་དོ། །སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚད་ཇི་ཙམ་ཞེ་ན། གླང་ཆེན་ཕལ་པ་དང༌། སོགས་པ་སྤོས་ཀྱི་གླང་པོ་དང༌། ཚན་པོ་ཆེ་དང༌། རབ་རྣོན་དང༌། ཡན་ལག་མཆོག་དང༌། སྟོབས་མཆོག་དང༌། སྲེད་མེད་ཀྱི་བུ་སྟེ་བདུན་པོ་སྔ་མ་ལས་ཕྱི་མ་བཅུ་འགྱུར་གྱིས་གླགས་པ་སྟེ་ལྷག་པའི་སྟོབས་དང་ལྡན་ནོ། །གཞན་ནི་སྟོབས་མཆོག་བཅུའི་སྟོབས་ནི་སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཕྱེད་དུ་འདོད་དོ། །ལུས་ཀྱི་སྟོབས་དེ་ནི་རེག་བྱའི་སྐྱེ་མཆེད་དེ་དེའང་འབྱུང་བ་ཆེན་པོའི་ཁྱད་པར་རམ། གཞན་ནི་འཇམ་རྩུབ་ལ་སོགས་པ་བདུན་ལས་གཞན་པའི་འབྲས་བུའི་རེག་བྱར་འདོད་དོ། །གཉིས་པ་མི་འཇིགས་པ་ནི། མི་འཇིགས་པ་རྣམ་པ་བཞི་སྟེ། སྟོན་པས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་སོ། །བདག་ཉིད་ཟག་པ་ཀུན་ཟད་དོ་ཞེས་ཞལ་གྱིས་བཞེས་པ་དང༌། ཉོན་མོངས་པ་རྣམས་ལ་འདི་དག་ནི་ཐར་པ་ལ་བར་དུ་གཅོད་པའོ། །འདི་དག་ནི་འཁོར་བ་ལ་ངེས་པར་འབྱིན་པའི་ལམ་མོ། །ཞེས་བསྟན་པ་གཉིས་ཏེ། དམ་བཅའ་བཞི་པོ་ལ་དེ་ལྟ་མིན་ནོ་ཞེས་སུས་ཀྱང་ཆོས་མཐུན་དུ་རྒོལ་ནུས་པའི་རྒྱུ་མ་གཟིགས་པས། མི་འཇིགས་པ་ཐོབ་པས་སོ། །དམ་བཅའ་དང་པོ་ནི། ཤེས་བྱ་ཀུན་མཁྱེན་པ་ཡིན་པས་ཇི་ལྟར་སྟོབས་དང་པོ་བཞིན་ཤེས་པ་བཅུ་ཡིན་ནོ། །དམ་བཅའ་གཉིས་པ་ནི། བདག་ཉིད་ཀྱིས་ཟག་པ་ཟད་པ་མཁྱེན་པ་ཡིན་པས་སྟོབས་བཅུ་པ་བཞིན་ཤེས་པ་དྲུག་གམ་བཅུ་ཡིན་ལ། དམ་བཅའ་གསུམ་པ་ནི། བར་ཆད་ཀྱི་ཆོས་སྡུག་ཀུན་གྱིས་བསྡུས་པ་ཁོ་ན་ཡིན་པས། དེ་མཁྱེན་པ་ནི་སྟོབས་གཉིས་པ་བཞིན་འགོག་ལམ་ཤེས་པ་དོར་བ་བརྒྱད་ཡིན་ཞིང༌། དམ་བཅའ་བཞི་པ་ནི་སྟོབས་བདུན་པ་བཞིན་ལམ་འབྲས་བུ་དང་བཅས་པ་མཁྱེན་པ་ལ་བཟུང་ན་ཤེས་པ་བཅུའམ། ལམ་ཉིད་མཁྱེན་པ་ལ་བཟུང་ན་དགུའོ། །དེས་ན་བྱེ་བྲག་སྨྲ་བ་ཤེས་པ་ཉིད་མི་འཇིགས་པ་ཡིན་པར་འདོད་དོ། །སློབ་དཔོན་ནི་ཤེས་པ་དེས་བྱས་པའི་འབྲས་བུ་དམ་བཅའ་ལ་འདོད་དོ། །གསུམ་པ་དྲན་པ་ཉེར་བཞག་ནི། སྟོན་པ་འཁོར་ཀུན་གུས་པར་ཉན་པ་ལ་རྗེས་ཆགས་དང༌། འཁོར་ཀུན་མ་གུས་པར་ཉན་པ་ལ་ཁོང་ཁྲོ་དང༌། གུས་མ་གུས་འདྲེས་མ་ལ་དེ་གཉིས་ཀར་མི་འགྱུར་བར་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་པ་སྟེ། དེས་ན་དེའི་ངོ་བོ་ནི་དྲན་པ་དང་ཤེས་བཞིན་གྱི་བདག་ཉིད་ཡིན་ལ་འཁོར་གྱི་བྱེ་བྲག་གིས་གསུམ་དུ་གསུངས་སོ། །འོ་ན་དེ་ཉན་རང་ལ་ཡང་ཡོད་ན་ཅིས་མ་འདྲེས་པ་ཞེས་བྱ་ཞེ་ན། སངས་རྒྱས་ཀྱིས་བག་ཆགས་དང་བཅས་པ་སྤངས་པས་སོ། །བག་ཆགས་ནི་འགྲེལ་བཤད་གཉིས་སུ་སྔོན་ཉོན་མོངས་པ་སྤྱད་པའི་མཐུས་ལུས་ངག་གི་སྤོང་བའི་རྒྱུ་ནུས་པའི་ཁྱད་པར་སེམས་ལ་ཡོད་པ་ལ་བཤད་ལ། བཙུན་པ་གོ་ཆ་མཐའ་ཡས་ནི་སེམས་ཀྱི་ཁྱད་པར་ལུང་མ་བསྟན་ཏོ་ཞེས་ཟེར་རོ། །མངོན་པ་གོང་མ་བ་ནི། ཀུན་གཞིའི་སྟེང་གི་ཆོས་རྣམས་སྐྱེད་པའི་ནུས་པ་ལུང་མ་བསྟན་དུ་བཞེད་དོ། །བཞི་པ་ཐུགས་རྗེ་ཆེན་པོ་ནི། ཐུགས་རྗེ་ཆེན་པོའི་བློ་ནི་ཀུན་རྫོབ་ཤེས་པའི་བློ་སྟེ། བརྩེ་བས་ཉིན་མཚན་དུས་དྲུག་ཏུ་སུ་ནི་ཉམས། སུ་ནི་འཕེལ་ཞེས་འཇིག་རྟེན་ལ་གཟིགས་པའོ། །ཅིས་ཐུགས་རྗེ་ཆེན་པོ་ཞེས་བྱ་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་འགྲུབ་པས་དང༌། སྡུག་བསྔལ་གསུམ་ལ་རྟོགས་པའི་རྣམ་པ་ཆེ་བ་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པས་སྤྱོད་ཡུལ་ཆེ་བ་དང༌། སེམས་ཅན་ཀུན་ལ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྣམ་པར་མཉམ་པར་འཇུག་པའི་ཕྱིར་དང༌། ཤེས་རབ་ཀྱི་ངོ་བོ་ཡིན་པས་ཤིན་ཏུ་རྣོ་བས་ནི་ཆེས་ཆེ་བའི་ཕྱིར་རོ། །སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་གཉིས་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། རྣམ་པ་བརྒྱད་དེ། ངོ་བོ་ཞེ་སྡང་གཏི་མུག་མེད། །དམིགས་པ་ཁམས་གཅིག་ཁམས་གསུམ་དང༌། །རྣམ་པ་སྡུག་བསྔལ་གཅིག་དང་གསུམ། །ས་ནི་བསམ་གཏན་བཞི་བཞི་པ། །རྒྱུད་ནི་ཉན་ཐོས་སོགས་དང་རྒྱལ། །ཐོབ་པ་འདོད་དང་སྲིད་རྩེའི་བྲལ། །དོན་ནི་ཡོངས་སུ་སྐྱོབ་མི་སྐྱོབ། །ལས་ནི་མི་འདྲ་འདྲ་བར་མཛད། །ཅེས་པ་རྣམས་སོ། །གསུམ་པ་མཇུག་བསྡུ་བ་ནི། སངས་རྒྱས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་མཉམ་མམ་ཞེ་ན། རྒྱུ་ཕུན་སུམ་ཚོགས་པ་གཉིས་ཀྱིས་གྲུབ་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་ཆོས་སྐུ་ཟག་མེད་ཀྱི་ཆོས་ཀྱི་ཚོགས་སམ་གནས་གྱུར་པས་བརྙེས་པ་དང༌། ཕན་འདོགས་ཕུན་སུམ་ཚོགས་པ་འགྲོ་བ་མཐོ་རིས་དང་བྱང་གྲོལ་ལ་འགོད་པའི་དོན་མཛད་པས་སྤྱོད་པ་གསུམ་གྱིས་མཉམ་པ་ཉིད་དོ། །འོན་ཀྱང་སྐུ་ཚེ་རིང་ཐུང་དང་རྒྱལ་རིགས་དང་བྲམ་ཟེའི་རིགས་དང༌། སྐུའི་བོང་ཚོད་ཆེ་ཆུང་རྣམས་ཀྱིས་ནི་མཉམ་པ་མིན་ཏེ། སྐུ་ཚེ་སོགས་གསུམ་པོ་ནི་གདུལ་བྱ་དང་མཐུན་པར་སྣ་ཚོགས་སུ་སྟོན་པས་སོ། །གཉིས་པ་ཐུན་མོང་གི་ཡོན་ཏན་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་གཞན་དག་ནི། སློབ་མ་ཉན་ཐོས་ཏེ་དེས་རང་རྒྱལ་ཡང་མཚོན་པས་དེ་དག་དང་ཐུན་མོང་བ་ཡིན། ཁ་ཅིག་ནི་རང་རང་གི་ལས་ཀྱིས་སྐྱེ་བ་ཐ་དད་དུ་སྐྱེ་བས། སོ་སོ་སྐྱེ་བོ་སྟེ་དེ་དག་དང་ཐུན་མོང་བའོ། །ཉན་རང་དང་ཐུན་མོང་བ་གང་ཞེ་ན། ཉོན་མོངས་མེད་པ་དང༌། སྨོན་ནས་ཤེས་པ་དང༌། སོ་སོ་ཡང་དག་རིག་བཞིའི་ཡོན་ཏན་དང༌། སོགས་པས་ཟག་ཟད་མངོན་ཤེས་དང་འགོག་པའི་རྣམ་ཐར་སོགས་སོ། །སོ་སྐྱེ་དང་ཐུན་མོང་བ་ནི་མངོན་ཤེས་དང་པོ་ལྔ་དང༌། བསམ་གཏན་དང༌། གཟུགས་མེད་དང༌། ཚད་མེད་དང༌། རྣམ་ཐར་དང་པོ་བདུན་དང༌། ཟད་པ་དང༌། ཟིལ་གནོན་ལ་སོགས་པའོ། །དེ་ཡང་རིགས་ཐུན་མོང་བ་སྟེ་རྫས་ནི་ཁྱད་པར་ཆེའོ། །གཉིས་པ་ལ་གཉིས་ཏེ། འཕགས་པ་དང་ཐུན་མོང་བ་དང༌། སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བའོ། །དང་པོ་ནི། ཉོན་མོངས་མེད་པ་ནི་དགྲ་བཅོམ་པས་སེམས་ཅན་གྱི་སྡུག་བསྔལ་ནི་ཉོན་མོངས་པ་ལས་སྐྱེས་ཤིང་བདག་ཀྱང་ཡོན་གནས་སུ་རིག་ནས་མཉམ་པར་བཞག་སྟེ། བདག་ལ་དམིགས་ནས་གཞན་གྱི་ཉོན་མོངས་སྐྱེ་བར་མི་འགྱུར་བའི་ཤེས་པ་སྐྱེད་ནས་ལངས་ཀྱང་དེ་དང་རྗེས་སུ་མཐུན་པར་བྱེད་པས་ཀུན་རྫོབ་ཤེས་པའི་རང་བཞིན་ཏེ། འདི་གཞན་གྱི་སེམས་བསྲུང་བའི་ཐབས་ཀྱི་ཁྱད་པར་ཡིན་གྱི་ཏིང་ངེ་འཛིན་ཙམ་གྱིས་ཉོན་མོངས་མི་སྐྱེད་པ་ནི་མིན་ནོ་ཞེས་སོ། །ས་ནི་ལམ་སླ་བའི་མཆོག་བསམ་གཏན་གྱི་མཐའ་བཞི་པ་ན་ཡོད་ལ། གང་ཟག་ནི་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཁོ་ན་དང༌། རྟེན་ནི་བློ་གསལ་བས་གླིང་གསུམ་གྱི་མིའི་རྟེན་ལ་སྐྱེད་ཅིང༌། དམིགས་པ་ནི་མིའི་རྒྱུད་ཀྱི་ཉོན་མོངས་ཡིན་པས་འདོད་པར་གཏོགས་པ་དང༌། སྐྱེས་ཟིན་དང་གཞི་མེད་པར་མཐོང་སྤང་རྣམས་འགོག་མི་ནུས་པས་མ་སྐྱེས་པ་དང༌། གཞི་བཅས་སྒོམ་སྤང་གི་ཆགས་སོགས་སྤྱོད་ཡུལ་དུ་བྱས་ནས་མི་སྐྱེ་བར་གྱུར་ཅིག་སྙམ་པའི་རྣམ་པ་ཅན་ནོ། །སྨོན་ནས་ཤེས་པའང༌། ངོ་བོ་དང༌། ས་དང༌། གང་ཟག་དང༌། རྟེན་ཉོན་མོངས་པ་མེད་པ་དེ་བཞིན་དུ་ཡིན་ནོ། །དེའི་དམིགས་པ་ནི་ཆོས་ཐམས་ཅད་ཡིན་པས་སྔ་མའི་དམིགས་པ་དང་གཉིས་བྱེ་བྲག་དང༌། སྤྱིའི་ཁྱད་པར་ཡོད་དོ། །བྱེ་བྲག་སྨྲ་བ་ནི། སྨོན་གནས་ཤེས་པ་དེས། གཟུགས་མེད་པ་མངོན་དུ་མི་ཤེས་ཀྱི། རྒྱུ་འབྲས་ལས་གཟུགས་མེད་དུ་སྐྱེས་པའང་རྗེས་སུ་དཔོག་གོ་ཞེས་ཟེར་རོ། །གཞན་དག་ནི། སངས་རྒྱས་ཀྱིས་གཟུགས་མེད་པའང་མངོན་སུམ་དུ་ཤེས་པར་འདོད་དེ་འཐད་དོ། །སྔར་འདི་ཤེས་པར་བྱའོ་ཞེས་སྨོན་པ་སྔོན་དུ་བཏང་ནས་རབ་མཐའ་བཞི་པ་ལ་སྙོམས་པར་འཇུག་ཅིང༌། ཏིང་ངེ་འཛིན་དེའི་ཡུལ་དུ་ཇི་ཙམ་གྱུར་པ་དེ་ཙམ་དུ་ཤེས་པའོ། །སོ་སོ་ཡང་དག་པར་རིག་པ་ནི་གང་ཟག་དང་རྟེན་སྔ་མ་དེ་བཞིན་དུ་ཡིན་ལ། ཆོས་དང་དོན་དང་ངེས་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ་བཞིའོ། །འདི་དག་དམིགས་པ་དང་ངོ་བོའི་བྱེ་བྲག་གིས་ཐ་དད་དེ། དང་པོ་གསུམ་ནི་གོ་རིམ་བཞིན་དུ་བསྟན་པའི་ཆོས་ཀྱི་མིང་ཚིག་ཡི་གེའི་ཚོགས་དང༌། བརྗོད་བྱའི་དོན་ནམ། དོན་གྱི་མཆོག་མྱ་ངན་ལས་འདས་པ་དང༌། བཤད་པ་རྒྱུ་མཚན་ཅན་གྱི་ངག་ལ་ཐོགས་མེད་དུ་ཤེས་པ་ཡིན་པས་དམིགས་པའང་དེ་དང་དེ་ཡིན་ནོ། །བཞི་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་རིག་པ་དང་འགྲེལ་པའི་དོན་མངོན་པར་བརྗོད་པ་དང༌། གྲོལ་པ་སྟེ་ཐོགས་པ་མེད་པར་མངོན་པར་བརྗོད་པ་དང༌། ལམ་ཏིང་ངེ་འཛིན་ལ་དབང་བ་སྟེ་གསལ་བར་བྱ་ཞིང་མི་བརྗེད་བར་བྱ་བ་ལ་ཐོགས་པ་མེད་པར་ཤེས་པར་བྱ་བ་ཡིན་པས། དེའི་དམིགས་པ་ནི་ངག་དང་ལམ་ཡིན་ལ། ངོ་བོ་ནི་འགོག་ཤེས་དོར་བའི་ཤེས་པ་དགུའོ། །ས་ནི་འདོད་པ་ནས་སྲིད་རྩེའི་བར་ཐམས་ཅད་དོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་དོན་གྱི་ཆོས་ཐམས་ཅད་ཡིན་ན་ཤེས་པ་བཅུའམ། དོན་མྱང་འདས་ཡིན་ན་འགོག་པའི་ཡུལ་ཅན་གྱི་ཤེས་པ་དྲུག་ཡིན་ཞིང༌། དེ་ནི་སྔ་མ་བཞིན་དུ་ས་ཀུན་ན་ཡོད་དོ། །གཞན་ཆོས་དང་ངེས་ཚིག་རིག་པ་གཉིས་ངོ་བོ་ཀུན་རྫོབ་ཤེས་པ་སྟེ། ས་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ནི་གང་ན་མིང་ཚིག་ཡོད་པའི་ས་འདོད་པ་དང་བསམ་གཏན་བཞི་ན་ཡོད་ལ། ངག་སྟེ་ངེས་ཚིག་རིག་པ་ནི་རྟོག་དཔྱོད་དང་བཅས་པའི་ས་འདོད་པ་དང་བསམ་གཏན་དང་པོ་ཁོ་ན་ན་ཡོད་དོ། །གཅིག་ཡོད་ན་ངེས་པར་ཐམས་ཅད་ཐོབ་པས་བཞི་པོ་དེ་དག་ཐམས་ཅད་མ་ཚང་བར་ནི་རེ་རེ་གཅིག་པུ་བ་ཐོབ་པ་ནི་མེད་དོ། །ཉོན་མོངས་མེད་པ་སོགས་དྲུག་པོ་དེ་དག་རབ་མཐའི་སྟོབས་ཀྱིས་ཐོབ་ཀྱི་རབ་མཐའ་ཉིད་ནི་མིན་ཏེ། རྟོགས་དཔྱོད་ཀྱིས་ཀུན་སློང་བས་སོ། །རབ་མཐའ་པ་ཞེས་པ་འདི་ཅི་ཞེ་ན། བསམ་གཏན་མཐའ་སྟེ་བཞི་པའོ། །རབ་མཐའ་དེ་ནི་འདོད་པ་ནས་སྲིད་རྩེའི་བར་དུ་ལུགས་མཐུན་དང༌། སྲིད་རྩེ་ནས་འདོད་པའི་བར་དུ་ལུགས་མི་མཐུན་དུ་འོངས་ནས། ཡང་འདོད་པ་ནས་བསམ་གཏན་བཞི་པའི་བར་དུ་ཞུགས་ཏེ། ས་ཀུན་གྱིས་མཐུན་པར་བྱས་པའི་རྒྱུ་ལས་ཆུང་ངུ་ལས་འབྲིང་དང༌། དེ་ལས་ཆེན་པོར་འཕེལ་བའི་རབ་ཀྱི་མཐར་ཕྱིན་པས་སོ། །ཡོན་ཏན་དྲུག་པོ་དེ་དག་ཀྱང་སངས་རྒྱས་ལས་གཞན་པ་ལ་སྦྱོར་བ་ལས་སྐྱེས་པ་ཡིན་གྱི་གང་ལ་ཆགས་པ་དང་བྲལ་ཙམ་གྱིས་ཐོབ་པ་མིན་ནོ། །སངས་རྒྱས་ཀྱིས་ནི་སྦྱོར་བ་ལས་བྱུང་བ་ཅུང་ཟད་ཀྱང་མེད་ཀྱི། ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་བར་བཞེད་པ་ཙམ་ལ་རག་ལས་ཏེ། ཡོན་ཏན་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པས་སོ། །གཉིས་པ་སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བ་ལ་གཉིས་ཏེ། ཡོན་ཏན་གྱི་ཁྱད་པར་དང༌། ཁྱད་པར་གཏན་ལ་དབབ་པའོ། །དང་པོ་ལ། དབྱེ་བ་ནི། རྫུ་འཕྲུལ་གྱི་ཡུལ་དང༌། ལྷའི་རྣ་བ་དང༌། ཕ་རོལ་གྱི་ཡིད་དང་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པ་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། ཟག་པ་ཟད་པ་སྟེ་ཡུལ་དྲུག་ཤེས་པའི་དབྱེ་བས་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་དྲུག་གོ །ངོ་བོ་ནི་རྣམ་གྲོལ་ལམ་གྱི་བློ་སྟེ་ཤེས་རབ་བོ། །གོང་མ་བས་ནི། ཏིང་ངེ་འཛིན་དང་ཤེས་རབ་ཏུ་བཞེད་དོ། །འདི་དག་ཤེས་པ་གང་གི་ངོ་བོ་ཡིན་ཞེ་ན། ཕ་རོལ་སེམས་ཤེས་དང་ཟག་ཟད་མངོན་ཤེས་མ་གཏོགས་པ་བཞི་ནི་ཀུན་རྫོབ་ཤེས་པ་སྟེ་སེམས་ཀྱི་རྣམ་གྲངས་ཤེས་པ་ལ་ཤེས་པ་ལྔའི་ཆ་ཡོད་པ་ཡིན་ནོ། །གང་ཞེ་ན། ཆོས་ཤེས་དང༌། རྗེས་ཤེས་དང༌། ལམ་ཤེས་དང༌། ཀུན་རྫོབ་ཤེས་པ་དང༌། ཕ་རོལ་སེམས་ཤེས་རྣམས་སོ། །ཟག་པ་ཟད་པ་ཤེས་པའི་མངོན་ཤེས་ནི་ཟག་ཟད་མཁྱེན་པའི་སྟོབས་བཞིན་དུ་ཤེས་པ་དྲུག་གམ་བཅུ་ཡིན་ནོ། །ས་ནི་མངོན་ཤེས་དང་པོ་ལྔ་ལམ་སླ་བ་བསམ་གཏན་གྱི་དངོས་གཞི་དག་ན་ཡོད་དོ། །ཟག་བཅས་མངོན་ཤེས་ནི་ས་ཐམས་ཅད་པའོ་ཞེས་བཤད། མིག་དང་རྣ་བའི་མངོན་ཤེས་དང་པོའི་ས་པ་ཡིན་ཡང་གོང་མ་གསུམ་གྱི་ས་པར་བཞག་པ་ནི། རྟེན་ནམ་ཐོབ་བྱེད་བར་ཆད་མེད་ལམ་གྱི་དབང་གིས་དེར་བཏགས་པ་ཡིན་ལ། གཟུགས་མེད་ན་མེད་པ་ནི། སེམས་ཤེས་ལུས་འདི་འདྲ་བ་ལས་སེམས་འདི་འདྲའོ་ཞེས་གཟུགས་ལ་ལོག་རྟོགས་བྱས་ནས་སྒྲུབ་པ་དང༌། སྔོན་གནས་རྗེས་དྲན་ཡང་མཐར་གྱི་སྔོན་གྱི་གནས་དྲན་པས་འགྲུབ་ལ། གཟུགས་མེད་ན་སྔོན་གནས་རྗེས་དྲན་མེད་དེ། སྔོན་གྱི་གནས་མི་འཛིན་པས་སོ། །མངོན་ཤེས་དང་པོ་ལྔའི་སྤྱོད་ཡུལ་ནི་རང་ས་དང་འོག་སའི་ཡུལ་ཅན་ཡིན་གྱི། གོང་སའི་ཡུལ་ཅན་ནི་མིན་ཏེ། གོང་སར་འགྲོ་བར་མི་བྱེད་ཅིང༌། གོང་སའི་སྒྲ་མི་ཐོས་པ་སོགས་སོ། །སེམས་ཤེས་དང་སྔོན་གནས་རྗེས་སུ་དྲན་པས་ཀྱང༌། གཟུགས་མེད་ཀྱི་སེམས་མི་འཛིན་ནོ། །མངོན་ཤེས་འདི་རྣམས་ཇི་ལྟར་ཐོབ་ཅེ་ན། སྔོན་མ་འདྲིས་པ་རྣམས་སྦྱོར་བས་ཐོབ་པར་བྱ་དགོས་ལ། ཚེ་རབས་གཞན་དུ་འདྲིས་པ་ནི་འདོད་ཆགས་བྲལ་བས་ཐོབ་ཅིང༌། གཉིས་ཀའང་མངོན་དུ་གྱུར་པ་སྦྱོར་བ་ལ་ལྟོས་སོ། །སྦྱོར་བ་ནི་མངོན་ཤེས་དྲུག་ལ་རིམ་པ་ལྟར་ལུས་ཡང་བ་དང༌། སྒྲ་དང་སྣང་བ་ཡིད་ལ་བྱེད་པ་དང༌། ལུས་དང་སེམས་ཀྱི་མཚན་མ་དང༌། རང་གི་འདས་མ་ཐག་པའི་ཡིད་ནས་ཉིང་མཚམས་སྦྱོར་བའི་སེམས་ཀྱིས་བར་ལ་གཏོད་ཅིང༌། བར་སྲིད་དྲན་ན་གྲུབ་པ་སྟེ། གཟུགས་མེད་ནས་འདིར་སྐྱེས་པ་ནི་གཞན་གྱི་རྒྱུད་ལ་བརྟེན་ནས་སྐྱེད་ལ་གཞན་ནི་རང་གི་རྒྱུད་ལ་བརྟེན་ནས་སོ། །གང་སྤེལ་ལས། ཟག་ཟད་ཀྱི་སྦྱོར་བ་ནི་ཚུལ་གནས་དང་ཐོས་པ་ལ་སོགས་པ་ཡིན་པར་བཤད་ཅིང༌། ཉན་སར་དྲུག་ཀ་ལ་ཡིད་ལ་བྱེད་པ་བཅུ་གཉིས་བཅུ་གཉིས་བཤད་དོ། །གཉིས་པ་ལ་གཉིས་ཏེ། ཐུན་མོང་དུ་གཏན་ལ་དབབ་པ་དང༌། བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་བཞི་སྟེ། དྲན་པ་ཉེར་བཞག་དང་སྦྱར་བ། དགེ་སོགས་གསུམ་དང་སྦྱར་བ། རིག་པ་གསུམ་དང་སྦྱར་བ། ཆོ་འཕྲུལ་གསུམ་དང་སྦྱར་བའོ། །དང་པོ་ལ་མངོན་ཤེས་གསུམ་པ་ཕ་རོལ་སེམས་ཤེས་ནི་ཚོར་བ་དང༌། སེམས་དང༌། ཆོས་དྲན་པ་ཉེར་བཞག་གསུམ་གྱི་རང་བཞིན་ནོ། །རྫུ་འཕྲུལ་དང་ལྷའི་རྣ་བ་དང་མིག་གི་མངོན་ཤེས་གསུམ་ནི་གཟུགས་ལ་དམིགས་པས་ལུས་དྲན་པ་ཉེར་བཞག་གོ །འོ་ན་མིག་གི་མངོན་ཤེས་ཀྱིས་གཟུགས་ཀྱི་སྐྱེ་མཆེད་ལ་དམིགས་ན་ལས་དགེ་སྡིག་ཤེས་པར་བཤད་པ་ཅི་ཞེ་ན། ལས་འབྲས་དེ་ནི་དེས་མི་ཤེས་ཀྱི་འཕགས་པ་ལ་མངོན་ཤེས་ཀྱི་འཁོར་དུ་ཡིད་ཤེས་སྐྱེ་བས་དེས་ཤེས་སོ། །གཉིས་པ་ནི། ལྷའི་མིག་དང་རྣ་བའི་མངོན་ཤེས་ནི་ལུང་མ་བསྟན་ཏེ། དེ་དག་གི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་བོ། །ལྷག་མ་བཞི་པོ་རྣམས་ནི་དགེ་བའོ། །བསྟན་བཅོས་རབ་ཏུ་བྱེད་པ་ལས་མངོན་པར་ཤེས་པ་གང་ཞེ་ན་ཤེས་རབ་དགེ་བའོ། །ཞེས་བཤད་པ་ནི་གཙོ་བོའམ་ཕལ་ཆེར་བ་བསྟན་པའོ། །བསམ་གཏན་བཞི་པའི་ས་པར་བཤད་པ་དང་རྣམ་གྲོལ་ལམ་གྱི་བློར་བཤད་པ་ནི། ཐོབ་བྱེད་བར་ཆད་མེད་ལམ་གྱི་དབང་གིས་ཡིན་པས་མི་འགལ་ལོ། །གསུམ་པ་ནི། མངོན་ཤེས་ཕྱི་མ་གསུམ་ནི་མི་སློབ་པའི་རིག་པ་གསུམ་སྟེ། སྔོན་གནས་དྲན་པས་སྔོན་གྱི་མཐའ་དང༌། སོགས་པས་འཆི་འཕོ་དང་སྐྱེ་བ་ཤེས་པས་ཕྱི་མཐའ་དང༌། ཟག་ཟད་ཤེས་པ་ད་ལྟ་བ་སྟེ་དུས་གསུམ་ལ་རྨོངས་པའི་མ་རིག་པ་བཟློག་པའི་ཕྱིར་རོ། །སྐལ་ལྡན་ཁྱད་པར་ལ་སོགས་པ་ནི། དུས་གསུམ་གྱི་རིམ་པ་དང་སྦྱར་ནས་སྔོན་དང་དབུས་དང་ཕྱི་མཐའ་ལ་རྨོངས་པ་བཟློག་ཅེས་འཆད་དོ། །དགྲ་བཅོམ་པའི་རྒྱུད་ཀྱི་ཐ་མ་ཟག་ཟད་མངོན་ཤེས་ནི་མི་སློབ་པ་ཡང་ཡིན་རིག་པ་ཡང་ཡིན་པས་མི་སློབ་པའི་རིག་པའོ། །སྔོན་གནས་རྗེས་དྲན་དང་འཆི་འཕོ་དང་སྐྱེ་བ་ཤེས་པ་གཉིས་ནི་ཀུན་རྫོབ་ཤེས་པ་ཡིན་པས་མི་སློབ་པའི་ངོ་བོ་མིན་ཀྱང་དེའི་རྒྱུད་ལ་སྐྱེས་པའི་ཕྱིར་མི་སློབ་པའི་རིག་པ་ཞེས་བྱའོ། །དང་པོ་གཉིས་སློབ་པ་ཆགས་བྲལ་ལ་ཡོད་པར་འདོད་མོད་ཀྱི། མདོ་ལས་དེའི་རིགས་པར་མ་བཤད་དེ། ཅིའི་ཕྱིར་ཞེ་ན། མ་རིག་པ་དང་བཅས་པའི་རྒྱུད་ལ་གནས་པའི་ཕྱིར། སློབ་པ་ལ་རྣམ་གྲོལ་ལམ་མ་བཤད་པ་བཞིན་ནོ། །བཞི་པ་ནི། ཆོ་འཕྲུལ་གསུམ་ནི། མངོན་ཤེས་དང་པོ་རྫུ་འཕྲུལ་དང༌། གསུམ་པ་སེམས་ཀྱི་རྣམ་གྲངས་དང༌། དྲུག་པ་ཟག་ཟད་མངོན་ཤེས་རྣམས་ནི་གོ་རིམ་བཞིན་དུ་རྫུ་འཕྲུལ་དང༌། ཀུན་བརྗོད་པ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམས་ཡིན་ནོ། །བྱེད་ལས་ནི། རྫུ་འཕྲུལ་གྱིས་གཞན་གྱི་ཡིད་འཕྲོག་པར་བྱེད་ལ། སེམས་ཤེས་ཀྱིས་ནི་གཞན་གྱི་སེམས་ཀྱི་འཇུག་ཚུལ་ཤེས་ཤིང༌། ཟག་ཟད་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་དོ། །གསུམ་པོ་རྣམས་ཀྱི་ནང་ནས་རྗེས་སུ་བསྟན་པའི་ཆོ་འཕྲུལ་མཆོག་ཡིན་ཏེ། ཟག་པ་ཟད་པའི་རྒྱུད་ལ་མི་འཁྲུལ་བའི་ཕྱིར་དང༌། ཟག་པ་ཟད་པའི་ཐབས་བསྟན་ནས་ཕན་པ་དང་ཡིད་དུ་འོང་བའི་འབྲས་བུ་ལ་སྦྱོར་བའི་ཕྱིར། གཞན་གཉིས་ནི་རིགས་སྔགས་ཀྱིས་ཀྱང་བྱེད་པས་དེ་ལྟ་མིན་ནོ། །གཉིས་པ་བྱེ་བྲག་ཏུ་གཏན་ལ་དབབ་པ་ལ་གསུམ་སྟེ། རྫུ་འཕྲུལ་གྱི་མངོན་ཤེས། མིག་རྣའི་མངོན་ཤེས། སྐྱེས་ཐོབ་སོགས་ཀྱི་རང་བཞིན་ནོ། །དང་པོ་ལ་ལྔ་སྟེ་རྫུ་འཕྲུལ་གྱི་ཁྱད་པར། སྤྲུལ་སེམས་ངོས་བཟུང་བ། དེས་ཇི་ལྟར་སྤྲུལ་པ། སྤྲུལ་སེམས་ཀྱི་ངོ་བོ། རྫུ་འཕྲུལ་གྱི་དབྱེ་བའོ། །དང་པོ་ནི། རྫུ་འཕྲུལ་ཞེས་པ་འདི་ཅི་ཞེ་ན། གཞན་དག་སྤྲུལ་འགྲོ་ལ་བཞེད་ཀྱང༌། བྱེ་བྲག་སྨྲ་བ་ནི། རྫུ་འཕྲུལ་ནི་འདིས་འབྱོར་བར་བྱེད་པས་ཏིང་ངེ་འཛིན་ཏེ། དེས་ཅི་འབྱོར་བར་འགྱུར་ཞེ་ན། དེ་ལས་ནི་སྤྲུལ་པ་དང་འགྲོ་བའོ། །འགྲོ་བ་ལ་གསུམ་སྟེ། བྱ་ལྟར་ཕྱིན་བྱེད་ཀྱི་འགྲོ་བ། ཉེ་བར་མོས་པའི་འགྲོ་བ། ཡིད་ལྟར་མགྱོགས་པའི་འགྲོ་བའོ། །སྟོན་པ་ལ་ཡིད་མགྱོགས་ཀྱི་འགྲོ་བ་མངའ་བས་གཞན་གཉིས་སྨོས་ཅི་དགོས། ཡིད་མགྱོགས་ཀྱི་འགྲོ་བའི་དོན། བགྲོད་པའི་གནས་ཡིད་ལ་བྱས་པ་ཙམ་གྱིས་ཕྱིན་པའོ། །གཞན་ཉན་རང་སོགས་དག་ལའང་ལུས་ཕྱིན་བྱེད་དང༌། མོས་པ་ལས་བྱུང་བ་གཉིས་ཡོད་ཀྱི། ཡིད་མགྱོགས་མེད་དོ། །འདི་གཉིས་ནི་བྱ་ལྟར་ལུས་སེམས་རིམ་གྱིས་ཕྱིན་པ་དང༌། ཐག་རིང་བ་ཉེ་བར་མོས་པས་ཕྱིན་པའོ། །སྤྲུལ་པ་ལ་གཉིས་ཏེ། འདོད་པ་དང་གཟུགས་ན་སྤྱོད་པའོ། །འདོད་པར་གཏོགས་པའི་སྤྲུལ་པ་ནི། གཟུགས་དྲི་རོ་རེག་བྱའི་རང་བཞིན་ཡིན་པས་ཕྱིའི་སྐྱེ་མཆེད་རྣམ་པ་བཞི་ཡིན་ལ། དེ་ཡང་གཞན་དང་རང་གི་ལུས་དང་འབྲེལ་བ་རྣམ་པ་གཉིས་གཉིས་སོ། །གཟུགས་ན་དྲི་རོ་མེད་པས་དེར་གཏོགས་པའི་སྤྲུལ་པ་ནི་གཟུགས་དང་རེག་བྱ་ཡིན་ལ། དེའང་རང་དང་གཞན་གྱི་ལུས་དང་འབྲེལ་བ་གཉིས་སོ། །དེ་ལྟར་སྤྲུལ་པ་ནི་འདོད་པའི་རྟེན་ཅན་གྱིས་འདོད་གཟུགས་སུ་རང་གཞན་གྱི་ལུས་དང་འབྲེལ་བ་གཉིས་གཉིས་ཏེ་བཞི་དང༌། གཟུགས་ཀྱི་རྟེན་ཅན་གྱིས་ཀྱང་དེ་ལྟར་བཞི་སྟེ་བརྒྱད་དོ། །སྒྲ་ལ་རྒྱུན་མེད་པས་མི་སྤྲུལ་ལོ། །གཉིས་པ་ནི། ཅི་མངོན་ཤེས་ཁོ་ན་ལས་སྤྲུལ་ལམ་ཞེ་ན། མིན་གྱི་མངོན་ཤེས་ཀྱི་འབྲས་བུ་སྤྲུལ་སེམས་དག་གིས་ཀྱང་སྤྲུལ་པར་བྱེད་དོ། །སྤྲུལ་སེམས་དེ་དག་ཀྱང་བཅུ་བཞི་སྟེ། བསམ་གཏན་དང་པོའི་འབྲས་བུ་སྤྲུལ་སེམས་ནི་འདོད་པ་དང་བསམ་གཏན་དང་པོའི་ས་པ་གཉིས་སོ། །གཉིས་པོ་ནས་བཟུང་ནས་བསམ་གཏན་གཉིས་པའི་གསུམ་དང༌། བསམ་གཏན་གསུམ་པའི་བཞི་དང༌། བསམ་གཏན་བཞི་པའི་འོག་མ་བཞི་དང་རང་ས་ཏེ་ལྔའི་བར་རིམ་པ་བཞིན་ཡིན་གྱི། ས་འོག་མའི་འབྲས་བུ་སྤྲུལ་སེམས་ནི་གོང་མ་ལས་སྐྱེས་པ་མིན་པས། གོང་དུ་སྤྲུལ་པ་བྱེད་མི་ནུས་སོ། །སྤྲུལ་སེམས་དེ་རྙེད་པ་ནི་བསམ་གཏན་གྱི་དངོས་གཞི་དག་པ་གཞན་དུ་ཆགས་བྲལ་གྱིས་རྙེད་དོ། །སྤྲུལ་སེམས་དེ་ནི་ཐོག་མར་འཇུག་པའི་ཚེ་བསམ་གཏན་དག་པ་བ་དང་རྒྱུན་གྱི་ཚེ་རང་ལས་རང་སྐྱེ་ལ། དེ་ལས་མ་ལངས་བར་དུ་རང་གི་རྒྱུན་དང༌། ལངས་པ་ན་བསམ་གཏན་དག་པ་གཉིས་ཁོ་ན་སྐྱེ་སྟེ། ཏིང་ངེ་འཛིན་གྱི་འབྲས་བུ་ལ་གནས་པ་ནི་ཡང་ཏིང་ངེ་འཛིན་དེ་ལ་མ་ཞུགས་པར་ཏིང་ངེ་འཛིན་དེ་ལས་ལྡང་བ་མེད་དོ། །གསུམ་པ་ནི། སྤྲུལ་པ་ཐམས་ཅད་རང་གི་སའི་ཁམས་ཁོ་ནས་སྤྲུལ་པར་བྱེད་ཀྱི་ས་གཞན་གྱི་སྤྲུལ་སེམས་ཀྱིས་ས་གཞན་གྱི་སྤྲུལ་པ་མི་བྱེད་དོ། །སྤྲུལ་པའི་ངག་སྨྲར་འཇུག་པའི་སྨྲ་སེམས་ནི་འདོད་པ་དང་བསམ་གཏན་དང་པོའི་ས་པའི་སྤྲུལ་པ་ནི། རང་སའི་སེམས་ཁོ་ནས་སྨྲར་འཇུག་ལ། དེ་ཡན་ཆད་ཀྱི་རང་ས་ལ་རྟོག་དཔྱོད་མེད་པས་འོག་མ་བསམ་གཏན་དང་པོའི་རྟོག་དཔྱོད་མངོན་དུ་བྱས་ནས་སྨྲར་འཇུག་གོ །སྟོན་པ་མིན་པའི་སྤྲུལ་པ་ནི་སྤྲུལ་པ་པོ་དང་བཅས་ཏེ་སྨྲ་ལ། སྤྲུལ་པ་མང་པོ་ཞིག་ཡོད་ན་སྨྲ་བ་ན་ཅིག་ཅར་སྨྲ་སྟེ། ལུང་དུ། གཅིག་གིས་སྨྲ་བར་བྱེད་པ་ན། །སྤྲུལ་པ་ཐམས་ཅད་སྨྲ་བར་བྱེད། །གཅིག་མི་སྨྲ་བར་གྱུར་པ་ན། དེ་དག་ཐམས་ཅད་སྨྲ་མི་འགྱུར། །ཞེས་སོ། །སྟོན་པ་ནི་རང་ཉིད་མི་སྨྲ་བར་སྤྲུལ་པ་སྨྲ་བར་འཇུག་པ་སོགས་ཇི་ལྟར་བཞེད་པ་བཞིན་དུ་འཇུག་གོ །སྨྲ་སེམས་སྔོན་དུ་བྱ་བའི་ཚེ་སྤྲུལ་སེམས་མེད་ཅིང་དེ་མེད་ན་སྤྲུལ་པ་མེད་པས་ཇི་ལྟར་སྤྲུལ་པ་སྨྲར་འཇུག་ཅེ་ན། སྤྲུལ་པ་བྱིན་གྱིས་བརླབས་ནས་སྨྲར་འཇུག་གོ་ཞེས་སྔར་བསྟན་ཟིན་ཅིང༌། དེ་ནས་གནས་པར་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་ཏེ་འདི་སྲིད་གཅིག་གནས་པར་གྱུར་ཅིག་ཅེས། བྱིན་གྱིས་བརླབས་ནས་ཡིད་ལ་གཞན་སྨྲ་སེམས་ཀྱིས་སྨྲར་འཇུག་པའི་ཕྱིར། བྱིན་གྱིས་རློབས་སེམས་ནི་དག་པ་བར་འཆད་དོ། །ཅི་གསོན་པོ་ཁོ་ན་ལ་བྱིན་རླབས་ཡོད་དམ་ཞེ་ན། དེར་མ་ཟད་ཤི་བ་ལ་ཡང་བྱིན་རླབས་ཡོད་དེ། འོད་སྲུངས་ཆེན་པོའི་བྱིན་རླབས་ཀྱིས་དེའི་གདུང་རུས་གནས་པ་ལྟ་བུའོ། །དེའང་མི་བརྟན་པ་ལ་བྱིན་རླབས་མེད་དེ། འོད་སྲུངས་ཀྱི་ཤ་སོགས་ལྟ་བུའོ། །གཞན་དག་ནི་ཤི་བ་ལ་བྱིན་རླབས་ཡོད་པ་མིན་གྱི། འོད་སྲུངས་ཀྱི་གདུང་རུས་གནས་པ་ནི་ལྷའི་མཐུ་ཡིན་ནོ། །ཞེས་ཟེར་རོ། །སེམས་གཅིག་གིས་སྤྲུལ་པ་གཅིག་ཁོ་ན་སྤྲུལ་ལམ་ཞེ་ན། དང་པོར་ནི་སྤྲུལ་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་པར་བྱེད་པ་ཡིན་ཏེ། མངོན་ཤེས་བྱང་བར་གྱུར་ནས་གོང་གི་དེ་ལས་བཟློག་པ་སྤྲུལ་སེམས་གཅིག་གིས་སྤྲུལ་པ་སོ་སོ་ཅི་འདོད་པ་བཞིན་དུ་མ་སྤྲུལ་ལོ། །བཞི་པ་ནི། སྤྲུལ་སེམས་ཐམས་ཅད་ལུང་མ་བསྟན་ཡིན་ནམ་ཞེ་ན། བསམ་གཏན་བསྒོམས་པ་ལས་སྐྱེས་པ་མངོན་ཤེས་ཀྱི་འབྲས་བུ་ནི་ལུང་མ་བསྟན་ཁོ་ན་ཡིན་ལ། སྐྱེ་བས་ཐོབ་པ་ལྷ་ཀླུ་ཤ་ཟ་སོགས་ཀྱིས་སྤྲུལ་སེམས་ནི་གཞན་ལ་ཕན་གནོད་སེམས་བྱེད་འདོད་པའི་དབང་གིས་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཀ་སྲིད་དོ། །ལྔ་པ་ནི། ཅི་རྫུ་འཕྲུལ་ནི་སྐྱེས་ཐོབ་དང་སྒོམ་བྱུང་གཉིས་ཁོ་ནར་ཟད་དམ་ཞེ་ན། རྫུ་འཕྲུལ་ནི་བསྡུ་ན་སྒོམ་བྱུང་མངོན་ཤེས་སུ་བགྲང་བ་དང༌། ཡི་དྭགས་ཁ་ཅིག་གི་ལྟ་བུ་སྐྱེས་ཐོབ་དང༌། གྷན་དྷ་རི་ཞེས་པའི་གསང་སྔགས་ཀྱིས་མཁའ་ལ་འགྲོ་བ་ལྟ་བུ་སྔགས་ལས་སྐྱེས་པ་དང༌། སྨན་དང་ནོར་བུ་ལས་སྐྱེས་པ་དང༌། རྒྱལ་པོ་ང་ལས་ནུ་དང༌། འདོད་ལྷ་རྣམས་དང༌། བར་དོའི་ལྟ་བུ་ལས་ལས་སྐྱེས་པ་རྣམས་ཏེ་རྣམ་པ་ལྔའོ། །གཉིས་པ་མིག་རྣའི་མངོན་ཤེས་ནི། ལྷའི་མིག་དང་རྣ་བ་དག་ལྷའི་ཁོ་ནའོ། །བྱང་སེམས་དང་འཁོར་ལོ་སྒྱུར་བ་དང་ཁྱིམ་བདག་རིན་ཆེན་གྱི་ལྟར་ལྷ་དང་འདྲ་བས་ཡིན་ཞེ་ན། སྔ་མ་ལྟར་ཡིན་ཏེ། དེ་གཉིས་བསམ་གཏན་གྱི་མཐུས་མིག་དང་རྣ་བའི་ཚོགས་པར་བསམ་གཏན་གྱི་ས་པའི་འབྱུང་འགྱུར་གྱི་གཟུགས་དང་བ་འགྲུབ་པས་སོ། །ལྷའི་མིག་རྣ་དེ་གཉིས་ནི་རྟག་ཏུ་རྣམ་ཤེས་དང་ལྡན་པ་ཁོ་ན་ལ་ཡོད་པས་རྟེན་བཅས་ཁོ་ན་དང༌། ཞར་བ་དང་འོན་པ་ལ་མེད་པས་དབང་པོ་མ་ཚང་བ་ལ་མེད་པ་དང༌། ཡུལ་ཡང་གཟུགས་སྒྲ་ཐག་རིང་པོ་དང༌། ཆ་ཕྲ་བ་དང༌། སོགས་པས་བསྒྲིབས་པ་དང༌། རྒྱབ་མདུན་ཐམས་ཅད་མཐོང་བས་དེ་རྣམས་ཀྱི་སྤྱོད་ཡུལ་ཅན་ཏེ། གང་ཕྱིར་ཤའི་མིག་གིས་གཟུགས། །ཐག་རིང་གནས་དང་བསྒྲིབས་པ་དང༌། །ཕྲ་དང་ཐམས་ཅད་མི་མཐོང་ལྟར། །ལྷའི་མིག་གིས་མཐོང་བར་འདོད། །ཅེས་སོ། །ཤེར་ཕྱིན་དུ་ཤའི་མིག་གིས་དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་བར་མཐོང་བར་གསུངས་པ་ནི། ཤེར་ཕྱིན་གྱི་རྣལ་འབྱོར་གྱིས་སྦྱངས་པའི་བྱང་སེམས་ཀྱི་དབང་དུ་བྱས་ལ། སངས་རྒྱས་ཀྱི་ཤའི་སྤྱན་གྱིས་ཆོས་ཐམས་ཅད་གཟིགས་མོད་ཀྱི་འདི་ནི་རྣམ་བཞག་གཞན་ཡིན་ནོ། །ལྷའི་མིག་གིས་ཐག་ཇི་ཙམ་ཞིག་མཐོང་ཞེ་ན། ཉན་ཐོས་དགྲ་བཅོམ་དང༌། རང་རྒྱལ་བསེ་རུ་ལྟ་བུ་དང༌། ལྷ་མིའི་སྟོན་པ་རྣམས་ཀྱི་ལྷའི་མིག་གིས་མངོན་པར་འདུ་མཛད་ན། རིམ་པ་བཞིན་དུ་སྟོང་གཉིས་པ་དང༌། སྟོང་གསུམ་པ་དང༌། ཇི་ཙམ་བཞེད་པའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་མཐོང་ལ། འདུ་མ་མཛད་ན་ནི་ཉན་ཐོས་ཀྱི་སྟོང་དང་པོ་དང༌། རང་རྒྱལ་གྱི་སྟོང་གཉིས་པ་དང༌། སྟོན་པས་སྟོང་གསུམ་གྱི་འཇིག་རྟེན་མཐོང་ངོ༌། །གསུམ་པ་སྐྱེས་ཐོབ་སོགས་ཀྱི་རང་བཞིན་ནི། ཅི་རྫུ་འཕྲུལ་ཁོ་ན་ལ་སྐྱེས་ཐོབ་ཡོད་དམ་མེད་ཅེ་ན། རྫུ་འཕྲུལ་དུ་མ་ཟད་ལྷའི་མིག་དང་རྣ་བ་དང༌། སྔོན་གནས་རྗེས་དྲན་དང༌། ཕ་རོལ་སེམས་ཤེས་ཏེ་བཞི་ལ་ཡང་སྐྱེས་ཐོབ་ཡོད་ལ། སྐྱེས་ཐོབ་ཀྱིས་ནི་མངོན་ཤེས་ཀྱི་མིང་མི་ཐོབ་བོ། །སྐྱེས་ཐོབ་ཀྱི་ལྷའི་མིག་དེས་ནི། སྲིད་པ་བར་མ་མི་མཐོང་ལ། སྲིད་པ་བར་མ་མཐོང་བ་ནི་སྦྱོར་བྱུང་ཁོ་ནའོ། །སྐྱེས་ཐོབ་ཀྱི་སེམས་ཤེས་ནི་བསམ་པའི་དབང་གིས་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་སྲིད་ལ། གང་ཡང་མཚན་མ་ལས་ཕ་རོལ་གྱི་སེམས་ཤེས་པ་རྟོག་གེ་བ་དང༌། རྟོག་བྱེད་ཅེས་པའི་རིགས་སྔགས་ཀྱིས་བྱས་པའི་སེམས་ཤེས་དེའང་དགེ་མི་དགེ་ལུང་མ་བསྟན་གསུམ་སྲིད་དོ། །སེམས་ཤེས་དང་སྔོན་གནས་རྗེས་དྲན་སྐྱེས་ཐོབ་དམྱལ་བ་ན་ཡོད་པས་ནི་དང་པོ་སྡུག་བསྔལ་གྱི་ཚོར་བས་མ་ཉེན་པའི་བར་དུ་ཤེས་ལ། འགྲོ་བ་གཞན་ན་ཡོད་པས་ནི་རྟག་ཏུ་ཤེས་སོ། །རྟེན་གྱི་ཁྱད་པར་མི་ལ་རྫུ་འཕྲུལ་སོགས་ལྔ་ཆར་སྐྱེ་བས་ཐོབ་པ་མེད་ཅིང༌། མི་རང་བཞིན་གྱིས་ཚེ་རབ་དྲན་པ་ནི་ལས་ལས་སྐྱེས་པ་ཡིན་ལ། དེས་ན་སྔོན་གནས་རྗེས་དྲན་ནི་སྒོམ་པ་ལས་བྱུང་བ་དང༌། ལྷ་ལ་སོགས་པའི་ལྟ་བུ་སྐྱེས་ཐོབ་དང༌། བྱང་ཆུབ་སེམས་དཔའ་ངེས་གནས་ཀྱིས་ལྟ་བུ་ལས་ལས་བྱུང་བ་དང་གསུམ་མོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ཤེས་བྱ་རབ་གསལ་ལས། ཡེ་ཤེས་བསྟན་པ་ཞེས་བྱ་བ་གནས་བདུན་པའི་འགྲེལ་པའོ།། ༈ །བརྒྱད་པ་སྙོམས་འཇུག་བསྟན་པ་ལ་བཞི་སྟེ། བསམ་གཏན་གྱི་དབྱེ་བ། སྙོམས་འཇུག་དངོས་བསྟན་པ། ཏིང་ངེ་འཛིན་གྱི་དབྱེ་བ། སྙོམས་འཇུག་ལ་བརྟེན་པའི་ཡོན་ཏན་ནོ། །དང་པོ། ཤེས་པའི་རང་བཞིན་གྱི་ཡོན་ཏན་བཤད་ནས་སྙོམས་འཇུག་ལ་སོགས་སྟོན་པ་ལ། ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པས་དང་པོར་བསམ་གཏན་སྟོན་ནོ། །དེ་ལ་བསམ་གཏན་དག་ནི་འབྲས་བུ་སྐྱེ་བ་དང༌། རྒྱུ་སྙོམས་འཇུག་རྣམ་པ་གཉིས་ཡིན་ལ། གཉིས་པོ་རེ་རེ་ལ་ཡང་བསམ་གཏན་དང་པོ་སོགས་བཞི་བཞིའོ། །དེ་ལ་བསམ་གཏན་དེར་སྐྱེ་བ་དག་སྔར་འཇིག་རྟེན་བསྟན་པར་བཤད་ཟིན་པས། ཡང་མི་བརྗོད་དོ། །གཉིས་པ་སྙོམས་འཇུག་ལ་གཉིས་ཏེ། སོ་སོར་བཤད་པ་དང༌། ཐུན་མོང་དུ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བསམ་གཏན་བཤད་པ། གཟུགས་མེད་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་མཚན་ཉིད། སོ་སོའི་ངོ་བོའོ། །དང་པོ་ནི། རྒྱུ་སྙོམས་འཇུག་གི་བསམ་གཏན་ནི་དགེ་བའི་སེམས་རྩེ་གཅིག་པ་སྟེ། དམིགས་པ་གཅིག་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པས་སོ། །རྗེས་འབྲང་འཁོར་དང་བཅས་ན་གཟུགས་སོགས་ཕུང་པོ་ལྔའོ། །བྱེ་བྲག་སྨྲ་བས་ནི་སེམས་ཉིད་རྩེ་གཅིག་པ་ཏིང་ངེ་འཛིན་མིན་གྱི། གང་གིས་སེམས་རྩེ་གཅིག་པར་བྱེད་པའི་ཆོས་དེ་ཏིང་ངེ་འཛིན་ཡིན་པས། འདིའི་གཙོ་བོ་ནི་ཏིང་ངེ་འཛིན་ཏེ་སེམས་ལས་རྫས་གཞན་པར་འདོད་ལ། སྔ་མ་ནི་མདོ་སྡེ་པའི་ལུགས་ཏེ། བསམ་གཏན་ལ་སེམས་གཙོ་བོར་བཞེད་དོ། །ངེས་ཚིག་ནི་འདིས་སེམས་པར་བྱེད་པས་བསམ་གཏན་ཏེ། དམིགས་པ་གཅིག་ལ་བསམ་པ་བརྟན་པོ་བྱས་ཏེ་བསྒོམས་པས་བསམ་གཏན་ཞེས་བཀའ་བཅད་དུ་བཤད་དོ། །ཉོན་མོངས་ཅན་ཇི་ལྟར་བསམ་གཏན་ཡིན་ཞེ་ན། དེ་དང་རིགས་མཐུན་པས་ཏེ་ས་བོན་རུལ་པ་བཞིན་ནོ། །ཡང་ན་བཅོམ་ལྡན་འདས་ཀྱིས་བསམ་གཏན་མི་དགེ་བ་དག་ཀྱང་གསུངས་པས་ཉེས་པ་མེད་དོ་ཞེས་ཏེ། ཏིང་ངེ་འཛིན་ཙམ་ནི་སྤྱིར་སེམས་ཀྱི་ས་མང་པོ་བ་ཡིན་པས་དགེ་སོགས་གསུམ་ཀ་སྲིད་ལ། རྒྱུ་སྙོམས་འཇུག་གི་ཏིང་ངེ་འཛིན་ནི་ཁམས་གོང་དུ་འཕེན་དགོས་པས་དགེ་བ་ཟག་བཅས་ཁོ་ནས་ངེས་སོ། །གཉིས་པ་ནི། བསམ་གཏན་དང་པོ་ནས་བཞི་པའི་བར་གྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོ་ནི་དཔྱོད་པ་དང༌། དགའ་བ་དང་བདེ་བ་དང་ལྡན་པའི་དགེ་བ་རྩེ་གཅིག་པ་སྟེ། དེ་ན་རྟོག་པའང་ཡོད་པ་ནི་དགའ་བདེ་དང་ལྡན་པའི་སྤྱོད་པས་མཚོན་ནུས་སོ། །ལྷག་མ་གསུམ་ནི་ཡན་ལག་དེ་གསུམ་གྱི་སྔ་མ་སྔ་མ་སྤངས་པ་སྟེ། བསམ་གཏན་གཉིས་པ་ནི་དཔྱོད་པ་སྤངས་ཤིང་དགའ་བདེ་དང་ལྡན་པའི་དགེ་བ་རྩེ་གཅིག་པ་དང༌། བསམ་གཏན་གསུམ་པ་ནི་དཔྱོད་པ་དང་དགའ་བ་ཡང་སྤངས་ཤིང་བདེ་བ་དང་ལྡན་པའི་དགེ་བ་རྩེ་གཅིག་པ་དང༌། བསམ་གཏན་བཞི་པ་ནི་དཔྱོད་པ་དང་དགའ་བདེ་གསུམ་སྤངས་པའི་གཟུགས་ཀྱི་དགེ་བ་རྩེ་གཅིག་པའོ། །གཉིས་པ་གཟུགས་མེད་ལ། སྤྱིའི་མཚན་ཉིད་ནི། བསམ་གཏན་དེ་བཞིན་དུ་གཟུགས་མེད་དག་ནི་རྣམ་པ་བཞི་སྟེ། དེར་སྐྱེ་བ་དག་རབ་ཏུ་བཤད། །སྙོམས་འཇུག་དགེ་བ་རྩེ་གཅིག་པ། །རྗེས་འབྲང་བཅས་ན་ཕུང་པོ་བཞི། །ཞེས་པ་སྟེ། རྗེས་སུ་འབྲང་བའི་གཟུགས་མེད་པས་སོ། །སོ་སོའི་ངོ་བོ་ནི། འོག་མའི་ས་ལས་དབེན་པ་ལས་སྐྱེས་པ་སྟེ། བསམ་གཏན་བཞི་པ་ལས་དབེན་པ་ལས་སྐྱེས་པ་ནི་ནམ་མཁའ་དང༌། དེ་ལས་དབེན་པ་རྣམ་ཤེས་སོགས་སོ། །དབེན་པ་ནི་འོག་ས་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་སྟེ་ཉེར་བསྡོགས་ཡིན་ལ། དེ་ལས་སྐྱེས་པའོ། །གཟུགས་མེད་དངོས་གཞི་བཞི་པོ་ཉེར་བསྡོགས་གོང་མ་གསུམ་དང་བཅས་པར་ནི་གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ་བའོ། །ནམ་མཁའི་ཉེར་བསྡོགས་ནི་བསམ་གཏན་བཞི་པ་ལ་དམིགས་པའི་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བས་སོ། །གཟུགས་མེད་པ་ན་གཟུགས་གཏན་ནས་མེད་དོ། །ཕལ་ཆེན་པ་སོགས་གཟུགས་མེད་དུ་བརྗོད་པ་ནི་དམན་པ་ལ་དགག་པའི་སྒྲ་སྦྱར་བ་ཡིན་ཞེས་འདོད་པ་ནི་མི་རིགས་ཏེ། གཟུགས་ཀྱི་རྣམ་པ་ཕྲ་བས་གཟུགས་མེད་དུ་འཇོག་ན་ཆུའི་སྲོག་ཆགས་ཕྲ་མོ་ཡང་དེར་འགྱུར་ལ། རང་བཞིན་ཕྲ་བས་ཡིན་ན་གཟུགས་ཁམས་དེར་འགྱུར་རོ། །ཆེས་ཕྲ་ཞིང་དྭངས་པ་ལ་འདོད་ན་བར་སྲིད་ཀྱང་གཟུགས་མེད་དུ་ཐལ་བར་འགྱུར་རོ། །རྒྱས་པར་འགྲེལ་པར་བལྟའོ། །འོ་ན་གཟུགས་མེད་ནས་ཁམས་འོག་མར་སྐྱེ་བའི་གཟུགས་རྒྱུ་ཅི་ལས་སྐྱེ་ཞེ་ན། གཟུགས་མེད་ནས་ཁམས་འོག་མར་སྐྱེ་བའི་གཟུགས་དེ་ནི་གཟུགས་ཀྱི་རྣམ་སྨིན་གྱི་རྒྱུས་བསྒོམས་པའི་སེམས་ཀྱི་འཇུག་པ་རྙེད་པ་ལས་སྐྱེ་བར་འགྱུར་ཏེ། འདི་ནི་མདོ་སྡེ་པའི་ལུགས་སོ། །བྱེ་བྲག་སྨྲ་བ་ནི། སྔར་གྱི་འདས་པའི་གཟུགས་ལས་སྐྱེ་བར་འདོད་དོ། །ཅི་ནམ་མཁའ་མཐའ་ཡས་དང་རྣམ་ཤེས་མཐའ་ཡས་སོགས་བཞི་པོ་ནམ་མཁའ་དང་རྣམ་ཤེས་སོགས་ལ་དམིགས་པས་མིང་དེ་སྐད་ཅེས་བྱའམ་ཞེ་ན། མིན་ཏེ། གཟུགས་མེད་དང་པོ་གསུམ་ནི་སྦྱོར་བའི་སྐབས་སུ་ནམ་མཁའ་མཐའ་ཡས་སོ། །རྣམ་ཤེས་མཐའ་ཡས་སོ། །དམིགས་པ་ཅི་ཡང་མེད་དོ་ཞེས་དེ་ལྟར་ཡིད་ལ་བྱེད་ཅིང་རབ་ཏུ་སྦྱོར་བའི་ཕྱིར་ན་སྦྱོར་བའི་མིང་གིས་བཏགས་སོ། །དངོས་གཞིའི་གནས་སྐབས་སུ་ནི་ཆོས་གཞན་ལ་ཡང་དམིགས་པ་ཡིན་ནོ། །སྲིད་རྩེ་ནི་འདུ་ཤེས་དམན་པའི་ཕྱིར་མིང་དེ་སྐད་ཅེས་བརྗོད་དེ། འདུ་ཤེས་གསལ་བའང་མེད་ལ། འདུ་ཤེས་མེད་པ་ཁོ་ནའང་མིན་པས་སོ། །གསུམ་པ་གཉིས་ཀའི་མཇུག་བསྡུ་བ་ནི། ཚུལ་དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས་བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་རྣམ་པ་བརྒྱད་དོ། །གཉིས་པ་ཐུན་མོང་དུ་གཏན་ལ་དབབ་པ་ལ་དྲུག་སྟེ། ངོ་བོ་རྣམ་པར་དཔྱད་པ། བསམ་གཏན་གྱི་ཡན་ལག་ངོས་བཟུང་བ། སྙོམས་འཇུག་གི་ཐོབ་ཚུལ། རྟེན་གང་གིས་མངོན་དུ་བྱེད་པ། སྤྱོད་ཡུལ་གང་ལ་དམིགས་པ། ཉོན་མོངས་སྤང་བྱེད་ངོས་བཟུང་བའོ། །དང་པོ་ནི། སྲིད་རྩེ་མིན་པ་བདུན་ནི་རྣམ་པ་གསུམ་སྟེ། རོ་མྱང་དང་མཚུངས་ལྡན་དང༌། དག་པ་བ་དང་ཟག་མེད་དོ། །བརྒྱད་པ་སྲིད་རྩེ་ནི་ཟག་མེད་མེད་པས་རྣམ་པ་གཉིས་སོ། །དེ་ལ་རོ་མྱང་མཚུངས་ལྡན་གྱི་སྲེད་པ་དང་བཅས་པ་སྟེ། གོང་མ་བ་ནི། ཉོན་མོངས་ཅན་གྱི་སྙོམས་འཇུག་ལ་སྲེད་པ་དང༌། ལྟ་བ་དང་ང་རྒྱལ་དང་ཐེ་ཚོམ་ཤས་ཆེ་བ་བཞིར་བཞེད་དོ། །འཇིག་རྟེན་པའི་དགེ་བ་ནི་མ་ཆགས་པ་སོགས་ཆོས་དཀར་པོ་དང་ལྡན་པས་ན་དག་པ་བ་སྟེ། དག་པ་བ་དེ་ནི་རོ་མྱང་བར་དེས་མྱང་བར་བྱ་བའོ། །ཟག་མེད་ཀྱི་བསམ་གཏན་ནི་འཇིག་རྟེན་ལས་འདས་པའོ། །གཉིས་པ་ལ་གསུམ་སྟེ། ཡན་ལག་སོ་སོར་སྦྱར་བ། ཡན་ལག་གསུམ་ཁྱད་པར་དུ་བསྟན་པ། སྙོམས་འཇུག་རྣམས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནི། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་དཔྱོད་པ་དང༌། དགའ་བ་དང་བདེ་བ་དང༌། ཏིང་ངེ་འཛིན་རྣམས་སོ། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་དང༌། དགའ་བ་དང་སོགས་པས་བདེ་བ་དང༌། སེམས་རྩེ་གཅིག་པའོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། འདུ་བྱེད་བཏང་སྙོམས་དང༌། དྲན་པ་དང་ཤེས་བཞིན་དང་བདེ་བ་དང༌། གནས་པའི་ཏིང་ངེ་འཛིན་ནོ། །མཐའ་སྟེ་བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། དྲན་པ་དང༌། འདུ་བྱེད་བཏང་སྙོམས་གཉིས་བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བས་དག་པ་བ་དང༌། བདེ་བའང་མིན་སྡུག་བསྔལ་ཡང་མིན་པའི་ཚོར་བ་བཏང་སྙོམས་དང༌། ཏིང་ངེ་འཛིན་ཡོངས་སུ་དག་པའོ། །ཡན་ལག་གི་དོན་ནི་བྱེ་བྲག་སྨྲ་བས། ཏིང་ངེ་འཛིན་ནི་བསམ་གཏན་དང་ཡན་ལག་གཉིས་ཀ་དང༌། གཞན་རྣམས་ཡན་ལག་ཁོ་ན་ཡིན་གྱི་བསམ་གཏན་དང་མི་འདོད་ལ། སློབ་དཔོན་ནི་ཡན་ལག་བཞི་པའི་དམག་ལྟར་ཡན་ལག་ཅན་དང༌། ཡན་ལག་དོན་གཞན་མིན་གྱི། སྤྱི་དང་བྱེ་བྲག་ལྟ་བུར་བཞེད་དོ། །དེ་ལྟར་མིང་གི་སྒོ་ནས་བཅོ་བརྒྱད་ཡོད་ཀྱང་རྫས་སུ་ནི་བཅུ་གཅིག་སྟེ། བསམ་གཏན་དང་པོའི་ཡན་ལག་ལྔ་དང༌། བསམ་གཏན་གཉིས་པའི་ནང་རབ་ཏུ་དྭངས་པ་དང༌། བསམ་གཏན་གསུམ་པའི་ཡན་ལག་དང་པོ་བཞི་དང༌། བསམ་གཏན་བཞི་པའི་ཚོར་བའོ། །བསྡུ་བར་ནི་བསམ་གཏན་དང་པོ་ལ་ཡང༌། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་གསུམ་ཡོད་ཀྱང༌། རྟོག་དཔྱོད་ཀྱིས་རྙོག་པས་དངོས་སུ་མ་སྨོས་ཤིང༌། བསམ་གཏན་གཉིས་པ་ལ་རྟོག་དཔྱོད་ཀྱི་རྙོག་པ་དང་བྲལ་བས། ནང་རབ་ཏུ་དྭངས་པའི་མིང་གིས་སྨོས་ལ། བསམ་གཏན་གསུམ་པ་ན་རང་མིང་གིས་དངོས་སུ་སྨོས་པར་བཤད་པས་རྫས་བདུན་དུའང་གསུངས་སོ། །གཉིས་པ་ཡན་ལག་གསུམ་ཁྱད་པར་དུ་བཤད་པ་ནི། ཅིའི་ཕྱིར་བསམ་གཏན་གསུམ་པའི་བདེ་བ་བསམ་གཏན་དང་པོ་གཉིས་ཀྱི་ཡིད་བདེ་ལས་རྫས་གཞན་དུ་བརྗོད་ཅེ་ན། བསམ་གཏན་དང་པོ་དང་གཉིས་པ་དག་ན་ཡོད་པ་ནི་ཤིན་ཏུ་སྦྱངས་པའི་བདེ་བ་ཡིན་གྱི། ཚོར་བ་བདེ་བ་མིན་ཏེ། ཚོར་བ་བདེ་བ་ནི་ལུས་ཚོར་ཡིན་ལ། དེ་ནི་ཁ་ཕྱིར་བལྟས་པ་ན་སེམས་རྣམ་པར་གཡེང་བར་བྱེད་པས་ཡན་ལག་ཏུ་མི་རུང་བའི་ཕྱིར་རོ། །དགའ་བ་ནི་སེམས་ཚོར་ཡིད་བདེ་ཡིན་པས། དེ་དང་གཅིག་པ་མི་རུང་ངོ་ཞེའོ། །མདོ་སྡེ་པ་ནི། བསམ་གཏན་དང་པོ་གསུམ་ཅར་ན་ལུས་ཚོར་བདེ་བ་ཡན་ལག་ཏུ་འདོད་ལ། ཏིང་ངེ་འཛིན་གྱིས་ཟིན་པས་སེམས་རྣམ་པར་གཡེང་བར་བྱེད་པར་མི་འགྱུར་རོ། །ཞེས་འདོད་དོ། །བསམ་གཏན་གཉིས་པའི་ཡན་ལག་ནང་རབ་ཏུ་དྭངས་པ་ནི། མཉམ་བཞག་གི་ས་ལས་ངེས་པར་འབྱུང་བའི་ཡིད་ཆེས་པའི་དད་པ་ཡིན་ནོ། །ཞེས་སོ། །མངོན་པ་གོང་མ་བས་ནི་ངོ་བོ་དྲན་ཤེས་བཞིན་ཏེ། རྟོག་དཔྱོད་བྲལ་བས་རབ་ཏུ་དྭངས་པ་ཞེས་པ་མིང་གིས་བསྟན་ཏོ། །བསམ་གཏན་དང་པོ་གཉིས་ཀྱི་ཡན་ལག་ཏུ་སྨོས་པའི་དགའ་བ་ནི་ཡིད་བདེ་ཡིན་ཏེ། དེར་ལུང་རྣམ་པ་གཉིས་ཀྱིས་ངེས་པའི་ཕྱིར་ཏེ། རྣམ་པར་བསྒྱུར་བའི་མདོ་ལས། བསམ་གཏན་གསུམ་པ་གསུངས་ནས། འདིར་ཡིད་བདེ་བའི་དབང་པོ་མ་ལུས་པ་འགག་པར་འགྱུར་རོ། །བསམ་གཏན་བཞི་པ་ལ་ནི་བདེ་བའི་དབང་པོ་འགག་པར་འགྱུར་རོ་ཞེས་དང༌། བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་ཞེས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་སྤྱོད་པ་བས་ནི། ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་གཅིག་ཉིད་ལ་དབང་ཤེས་ལ་ཕན་འདོགས་པའི་ཆ་ནས་བདེ་བ་དང༌། ཡིད་ཤེས་ལ་ཕན་འདོགས་པའི་ཆ་ནས་དགའ་བ་ཞེས་སྟོན་ནོ་ཞེས་གསུངས་སོ། །བསམ་གཏན་བཞི་པོ་ལ་ཁྱད་པར་ཅི་ཡོད་ཅེ་ན། དང་པོ་དང་གཉིས་པ་ལ་གཉེན་པོའི་ཡན་ལག་རྫོགས་པ་དང་མ་རྫོགས་པའི་ཁྱད་པར་ཡོད་དེ། རྟོག་དཔྱོད་ཀྱི་རྙོག་པ་དང་བྲལ་མ་བྲལ་གྱི་ཁྱད་པར་ཡོད་པའི་ཕྱིར། གཉིས་པ་དང་གསུམ་པ་ལ་ཕན་ཡོན་གྱི་ཡན་ལག་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་དེ། གཉིས་པའི་དུས་སུ་དགའ་བ་ཉོན་མོངས་ཅན་དང་མ་བྲལ་ལ། བསམ་གཏན་གསུམ་པ་ན་དགའ་བ་ཉོན་མོངས་ཅན་དང་བྲལ་བའི་ཕྱིར། གསུམ་པ་དང་བཞི་པ་ལ་ཡོངས་སུ་དག་མ་དག་གི་ཁྱད་པར་ཡོད་དེ། གསུམ་པ་ན་བསམ་གཏན་གྱི་སྐྱོན་བརྒྱད་ལས་མ་གྲོལ་ལ། བཞི་པ་ན་གྲོལ་བའི་ཕྱིར་རོ། །གཟུགས་མེད་ན་བསམ་གཏན་ལྟར་ཡན་ལག་མི་འདྲ་བ་བཞག་ཏུ་མེད་དེ། ཞི་གནས་སུ་རོ་གཅིག་པའི་ཕྱིར་རོ། །ཇི་ལྟར་ན་བསམ་གཏན་དང་གཟུགས་མེད་པ་གཉིས་སུ་བཞག་ཅེ་ན། རྩོད་པའི་རྩ་བ་ཚོར་འདུ་གཉིས་ཡིན་ལ། ཚོར་བ་ལས་ངེས་པར་འབྱུང་བས་བསམ་གཏན་དང༌། འདུ་ཤེས་ལ་ངེས་པར་འབྱུང་བ་གཟུགས་མེད་ཡིན་པའི་ཕྱིར་རོ། །གསུམ་པ་སྙོམས་འཇུག་རྣམས་ཀྱི་ཁྱད་པར་བསྟན་པ་ནི། ཉོན་མོངས་ཅན་གྱི་བསམ་གཏན་ལ་ཡང་ཡན་ལག་དེ་དག་ཡོད་དམ་ཞེ་ན་མེད་དེ། ཉོན་མོངས་ཅན་གྱི་བསམ་གཏན་དང་པོ་ལ་དབེན་པ་ལས་སྐྱེས་པའི་དགའ་བདེ་གཉིས་དང་བསམ་གཏན་གཉིས་པ་ལ་རབ་ཏུ་དང་བ་དང༌། བསམ་གཏན་གསུམ་པ་ལ་དྲན་པ་དང་ཤེས་བཞིན་དང༌། བསམ་གཏན་བཞི་པ་ལ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་མེད་ཅེས་ཁ་ཅིག་ཟེར་རོ། །ཁ་ཅིག་ནི་བསམ་གཏན་དང་པོ་གཉིས་ལ་ཤིན་ཏུ་སྦྱངས་པ་དང་ཕྱི་མ་གཉིས་ལ་བཏང་སྙོམས་མེད་དེ། དེ་གཉིས་ནི་དགེ་བའི་ས་མང་ཡིན་པས་སོ་ཞེས་ཟེར་རོ། །སྟོན་པས་བསམ་གཏན་དང་པོ་གསུམ་ནི་སྐྱོན་དང་བཅས་པས་གཡོ་བ་དང་བཅས་པར་གསུངས། སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར་བསམ་གཏན་བཞི་པ་གཡོ་བ་མེད་པ་ཡིན་ཏེ། སྐྱོན་བརྒྱད་གང་ཞེ་ན། རྟོག་པ་དང༌། དཔྱོད་པ་དང༌། དབུགས་འབྱུང་བ་དང༌། རྔུབ་པ་དག་དང༌། བདེ་བ་དང་སོགས་པས་སྡུག་བསྔལ་དང༌། ཡིད་བདེ་བ་དང་ཡིད་མི་བདེ་བ་སྟེ། བཞི་ཡིན་ནོ། །ཅི་འབྲས་བུ་སྐྱེ་བའི་བསམ་གཏན་རྣམས་ན་ཡང༌། རྒྱུ་སྙོམས་འཇུག་གི་བསམ་གཏན་ན་ཡོད་པའི་ཚོར་བ་དེ་རྣམས་ཡོད་དམ་ཞེ་ན་མིན་ཏེ། ཚོར་བ་དེ་རྣམས་ནི་བསམ་གཏན་དང་པོ་ན་ཡིད་ཀྱི་ས་པའི་ཡིད་བདེ་དང༌། རྣམ་ཤེས་ཚོགས་གསུམ་པའི་བདེ་བ་དང༌། རྣམ་ཤེས་ཚོགས་བཞི་པའི་བཏང་སྙོམས་དང༌། བསམ་གཏན་གཉིས་པ་ནི་ཡིད་ཀྱི་ས་པའི་བཏང་སྙོམས་དང༌། ཡིད་བདེ་དང༌། བསམ་གཏན་གསུམ་པ་ན་བདེ་བ་དང་བཏང་སྙོམས་གཉིས་དང༌། བསམ་གཏན་བཞི་པ་ན་བཏང་སྙོམས་གཅིག་པུའི་ཚོར་བ་ཡོད་དོ། །གལ་ཏེ་བསམ་གཏན་གཉིས་པ་སོགས་ན་རྣམ་ཤེས་ཚོགས་གསུམ་དང༌། རྟོག་དཔྱོད་མེད་ན་གཟུགས་མཐོང་བ་ནས་རེག་བྱ་ལ་རེག་པའི་བར་དང༌། ངག་སྨྲ་བར་ཇི་ལྟར་འགྱུར་ཞེ་ན། བསམ་གཏན་གཉིས་པ་སོགས་སུ་སྐྱེས་པ་ལ་དེ་དག་རང་སས་བསྡུས་པ་མེད་ཀྱང༌། སྤྲུལ་སེམས་བཞིན་དུ་བསམ་གཏན་དང་པོའི་ས་པའི་ལུས་དང་མིག་དང་རྣ་བའི་རྣམ་ཤེས་དང༌། ངག་ཀུན་སློང་གི་རྣམ་རིག་མངོན་དུ་བྱེད་ལ། དགོས་པའི་དབང་གིས་མངོན་དུ་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་དང་པོའི་ས་པར་གཏོགས་ཤིང༌། མངོན་དུ་བྱས་པའི་རྣམ་ཤེས་དེ་མ་སྒྲིབས་ལུང་མ་བསྟན་ཡིན་གྱི། འདོད་ཆགས་དང་བྲལ་བས་ཉོན་མོངས་ཅན་མིན་ལ། དམན་པས་དགེ་བའང་མིན་ནོ། །གསུམ་པ་སྙོམས་འཇུག་ཐོབ་ཚུལ་ལ་གསུམ་སྟེ། ཇི་ལྟར་ཐོབ་པའི་ཚུལ་དངོས། གང་གི་མཇུག་ཏུ་གང་སྐྱེ་བ། ཐོད་རྒལ་གྱི་སྙོམས་འཇུག་སྐྱེ་ཚུལ་ལོ། །དང་པོ་ནི། དག་པ་བ་སོགས་ཀྱི་བསམ་གཏན་དང༌། གཟུགས་མེད་ཇི་ལྟར་ཐོབ་ཅེ་ན། དངོས་གཞི་དེ་རྣམས་དང་སྔར་མི་ལྡན་ན་འོག་ས་ལས་འདོད་ཆགས་དང་བྲལ་བ་དང༌། གོང་ནས་འོག་ཏུ་སྐྱེ་བ་དང་གཉིས་པོ་ལས་དག་པ་བ་རྣམས་འཐོབ་བོ། །སྲིད་རྩེ་ནི་ས་དེར་སྐྱེ་བས་མི་འཐོབ་བོ། །གོང་ས་མེད་ཅིང་རང་ས་དང་འོག་ས་ནས་དེར་སྐྱེ་བ་ལ་ནི་སྔར་ནས་ལྡན་པས་སོ། །རིགས་ཙམ་སྔར་ནས་ལྡན་པ་ནི་ངེས་འབྱེད་ཆ་མཐུན་དག་པ་བ་དང༌། གནས་པ་ཆ་མཐུན་ནས་ཉམས་པས་ཉམས་པ་ཆ་མཐུན་དག་པ་བ་འཐོབ་བོ། །ཟག་མེད་ཀྱི་དངོས་གཞི་རྣམས་སྔར་མི་ལྡན་ན་འོག་ས་ལས་འདོད་ཆགས་དང་བྲལ་བ་ཡིས་ཐོབ་ཀྱི་སྐྱེ་བ་དང་ཉམས་པས་མི་འཐོབ་བོ། །སྔར་ལྡན་པ་ལ་ནི་ཟད་པ་ཤེས་པ་ལས་ནི་མི་སློབ་པ་ཐོབ་ལ། དད་མོས་མཐོང་ཐོབ་ཏུ་འགྱུར་ན་སློབ་པ་ཐོབ་ཅིང༌། དུས་སྦྱོར་མི་གཡོ་བ་རྟོགས་ན་མི་སློབ་པ་འཐོབ་བོ། །ཉོན་མོངས་པ་ཅན་ནི་གོང་ས་ལས་ཉམས་པ་དང༌། སྲིད་རྩེ་ལས་གཞན་འོག་ཏུ་སྐྱེ་བ་ཡིས་སྔར་མི་ལྡན་པ་ལས་འཐོབ་བོ། །གཉིས་པ་ནི། སྙོམས་འཇུག་གི་མཇུག་ཏུ་གང་སྐྱེ་ཞེ་ན། ཟག་པ་མེད་པའི་སྙོམས་འཇུག་གི་ཐ་མ་མཇུག་ཐོགས་སུ་རྒྱུན་གྱི་ཚེ་རང་རིག་དང༌། ལྡང་བའི་ཚེ་དག་པ་བ་འབྱུང་ལ་རང་ས་ནས་བཟུང་བའི་ལྟག་གསུམ་པ་དང༌། འོག་གསུམ་པའི་བར་གྱི་དགེ་བ་དག་པ་བ་དང༌། ཟག་མེད་ཀྱང་སྐྱེ་སྟེ། ཐོད་རྒལ་ལ་འཇུག་ཚུལ་གྱིས་ཤེས་སོ། །བསམ་གཏན་དང་པོའི་མཇུག་ཏུ་ནི་དྲུག་སྐྱེ་སྟེ། རང་ས་དང་བསམ་གཏན་གཉིས་པ་དང༌། གསུམ་པའི་དག་པ་བ་དང༌། ཟག་མེད་གཉིས་གཉིས་སོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལས་བདུན་ཏེ། རང་ས་དང་རྣམ་ཤེས་དང་ནམ་མཁའ་མཐའ་ཡས་གསུམ་གྱི་དག་པ་བ་དང༌། ཟག་མེད་གཉིས་གཉིས་དང༌། སྲིད་རྩེའི་དག་པ་བའོ། །བསམ་གཏན་གཉིས་པ་ལས་བརྒྱད། རྣམ་ཤེས་ལས་དགུ། བསམ་གཏན་གསུམ་པ་དང་བཞི་པ་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་གསུམ་ལས་བཅུ་བཅུ་རེ་སྐྱེའོ། །བསམ་གཏན་དག་པ་བ་ལས་ནི་ཟག་མེད་དེ་བཞིན་དུ་སྐྱེ་ལ། ཁྱད་པར་དུ་རང་སའི་ཉོན་མོངས་ཀྱང་སྐྱེ་བས་གྲངས་རེ་རེས་ལྷག་པར་སྦྱར་རོ། །བསམ་གཏན་ཉོན་མོངས་ཅན་ལས་ནི་རང་སའི་དག་པ་བ་དང༌། རྒྱུན་གྱི་ཚེ་ཉོན་མོངས་པ་ཅན་ཉིད་དང༌། ཉོན་མོངས་ཀྱིས་གཟིར་བའི་ཚེ་འོག་མའི་དག་པ་བ་གཅིག་ཀྱང་སྐྱེའོ། །ཤི་འཕོ་བའི་ཚེ་ནི་དག་པ་བ་སྐྱེས་ཐོབ་ལས་ས་དགུ་པོ་ཀུན་གྱི་ཉོན་མོངས་པ་ཀུན་འབྱུང་ངོ༌། །ས་གོང་འོག་ཀུན་ཏུ་སྐྱེ་རུང་བས་སོ། །འཆི་འཕོ་བ་ན་ཉོན་མོངས་ཅན་གྱི་སྙོམས་འཇུག་ལས་རང་ས་དང་འོག་སའི་ཉོན་མོངས་པ་སྐྱེ་ཡི། གོང་སའི་ཉོན་མོངས་པ་མི་སྐྱེ་སྟེ། འོག་སའི་ཉོན་མོངས་ཅན་ལས་གོང་སར་སྐྱེ་མི་སྲིད་པའི་ཕྱིར། བསམ་གཏན་དག་པ་བ་ནི་རྣམ་པ་བཞི་སྟེ། ཉམས་པ་ཆ་མཐུན་དང་སོགས་པས་གནས་པ་ཆ་མཐུན་དང༌། ཁྱད་པར་ཆ་མཐུན་དང༌། ངེས་འབྱེད་ཆ་མཐུན་ནོ། །སྲིད་རྩེ་ལ་གོང་ས་མེད་པས་ཁྱད་པར་ཆ་མཐུན་མེད་ཅིང༌། ས་གཞན་རྣམས་ལ་བཞི་ཆར་ཡོད་དེ། དག་པ་བ་བཞི་པོ་དེ་ནི་གོ་རིམ་བཞིན་དུ་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པ་དང༌། རང་ས་སྐྱེ་བ་དང་རྗེས་སུ་མཐུན་པ་དང༌། གོང་ས་སྐྱེ་བ་དང་རྗེས་སུ་མཐུན་པ་དང༌། ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའོ། །བཞི་པོ་གང་གི་མཇུག་ཏུ་གང་སྐྱེ་ཞེ་ན། ཉམས་པ་ཆ་མཐུན་གྱི་མཇུག་ཐོགས་སུ་ནི་རང་ཉིད་དང༌། ཉམས་པ་ཆ་མཐུན་གྱི་མཇུག་ཏུ་གནས་པ་ཆ་མཐུན་དང་ཉམས་པ་ཆ་མཐུན་གཉིས་དང༌། གནས་པ་ཆ་མཐུན་གཉིས་དང་སོགས་པས་གནས་པ་ཆ་མཐུན་གྱི་མཇུག་ཏུ་ངེས་འབྱེད་ཆ་མཐུན་མ་གཏོགས་པ་གཞན་གསུམ་དང༌། ཁྱད་པར་ཆ་མཐུན་གྱི་མཇུག་ཏུ་ཉམས་པ་ཆ་མཐུན་མ་གཏོགས་པ་གཞན་གསུམ་དང༌། ངེས་འབྱེད་ཆ་མཐུན་གྱི་མཇུག་ཏུ་དེ་ཉིད་གཅིག་པུ་སྐྱེའོ། །གསུམ་པ་ཐོད་རྒལ་གྱི་སྐྱེ་ཚུལ་ནི། ཐོད་རྒལ་གྱི་སྙོམས་འཇུག་ཇི་ལྟར་སྐྱེ་ཞེ་ན། འདི་ལ་སྦྱོར་བ་དང༌། དངོས་གཞི་གཉིས་ལས། སྦྱོར་བ་ལ་རིང་སྦྱོར་ནི། གང་ལ་ཐོད་རྒལ་དུ་བྱ་བའི་གཞི་ས་རྣམ་པ་བརྒྱད་ལ་ཟག་བཅས་དང་ཟག་མེད་རྣམ་པ་གཉིས་འབྲེལ་བ་སྟེ། གོ་རིམ་བཞིན་དུ་འཇུག་སྟེ། ཟག་བཅས་བརྒྱད་ལ་ལུགས་མཐུན་མི་མཐུན་གཉིས་དང༌། ཟག་མེད་བདུན་ལ་ལུགས་མཐུན་མི་མཐུན་གཉིས་སུ་འབྲེལ་བར་འཇུག་པའོ། །ཉེ་སྦྱོར་ནི་ཟག་བཅས་ལ་གཅིག་སྟེ་བར་དུ་རེ་རེ་རྒལ་ནས་ལུགས་མཐུན་དུ་སོང་ཞིང་ལུགས་མི་མཐུན་དུ་འོངས་པའོ། །དེ་བཞིན་དུ་ཟག་མེད་བདུན་ལའང་བར་དུ་རེ་རེ་རྒལ་ནས་ལུགས་མཐུན་དང་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའོ། །ནས་ཞེས་པའི་སྒྲ་ནི་སྦྱོར་བ་དང༌། དངོས་གཞི་རིམ་པར་སྟོན་པའི་ཚིག་གོ །དང་པོ་ནི། ཟག་བཅས་ཀྱི་བསམ་གཏན་དང་པོར་འཇུག བསམ་གཏན་གཉིས་པ་བོར་ནས་རིགས་མི་མཐུན་ཟག་མེད་ཀྱི་བསམ་གཏན་གསུམ་པར་འགྲོ། ཟག་བཅས་ཀྱི་བསམ་གཏན་བཞི་པ་བོར་ནས་ཟག་བཅས་དང༌། རིགས་མི་མཐུན་ཟག་མེད་ཀྱིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་འགྲོ་བའོ། །དེ་ནས་རྣམ་ཤེས་བོར་ནས་ཟག་བཅས་ཀྱི་ཅི་ཡང་མེད་ལ་འགྲོ་བའི་ཚུལ་གྱིས་བར་དུ་ས་རེ་རེ་རྒལ་ཏེ། ཟག་བཅས་ཟག་མེད་རིགས་མི་མཐུན་པའི་ས་གསུམ་པར་འགྲོ་བའི་སྒོ་ནས་ལུགས་མཐུན་དང་ལུགས་མི་མཐུན་དུ་ཞུགས་པ་ན། ཐོད་རྒལ་གྱི་སྙོམས་འཇུག་དངོས་གཞི་གྲུབ་པ་ཡིན་ནོ། །ཤིན་ཏུ་རིང་བས་བཞི་པ་ལ་མི་འཇུག་ཅིང༌། བློ་གསལ་བས་གླིང་གསུམ་གྱི་མིའི་རྟེན་ཅན་དང༌། ཉོན་མོངས་པ་མེད་ཅིང་ཏིང་ངེ་འཛིན་ལ་དབང་ཐོབ་པས་མི་གཡོ་བའི་ཆོས་ཅན་ཁོ་ནས་སྐྱེད་དོ། །བཞི་པ་རྟེན་གང་གིས་གང་མངོན་དུ་བྱེད་པ་ནི། རྟེན་གང་ལ་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་མངོན་དུ་བྱེད་ཅེ་ན། འདི་དག་རང་ས་དང་འོག་སའི་རྟེན་ཅན་ཡིན་གྱི། རྟེན་གོང་མ་བས་འོག་མའི་སྙོམས་འཇུག་མངོན་དུ་མི་བྱེད་དེ། དགོས་པ་མེད་པས་སོ། །འོན་ཀྱང་སྲིད་རྩེར་སྐྱེ་བའི་འཕགས་པ་ཕྱིར་མི་འོང་ནི། རང་ས་ནས་ཟག་མེད་ཅི་ཡང་མེད་པ་དང་ཉེ་བས་དེའི་ཟག་མེད་མངོན་དུ་བྱས་ནས་སྲིད་རྩེའི་ཟག་པ་ཟད་པར་བྱེད་དོ། །དེ་ནི་དམིགས་བསལ་ལོ། །ལྔ་པ་སྤྱོད་ཡུལ་གང་ལ་དམིགས་པ་ནི། བསམ་གཏན་དང་གཟུགས་མེད་པ་འདི་རྣམས་ཀྱི་དམིགས་པ་ཅི་ཞེ་ན། སྲེད་པ་དང་བཅས་པ་སྟེ་ཉོན་མོངས་ཅན་གྱི་བསམ་གཏན་ནི་རང་གི་སྲིད་པ་སྟེ། རང་སའི་ཟག་བཅས་ཀྱི་དངོས་པོ་ལ་དམིགས་ལ། ཆགས་པ་དང་བྲལ་བས་འོག་ས་དང༌། སྲེད་པས་རིས་སུ་བཅད་པས་གོང་ས་དང༌། དགེ་བའི་ཆོས་ལ་འདུན་པར་ཐལ་བས་ཟག་མེད་ལ་མི་དམིགས་པས་སོ། །བསམ་གཏན་དགེ་བ་དག་པ་བ་དང་ཟག་མེད་ཀྱི་ཡུལ་ནི་ཆོས་གང་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ཡིན་ཅིང༌། ཟག་མེད་ཀྱི་དངོས་གཞིའི་དགེ་བ་རྣམས་ཀྱི་སྤྱོད་ཡུལ་ནི་ཟག་བཅས་འོག་མ་མིན་གྱི་རང་ས་དང་གོང་སའི་ཟག་བཅས་དང་ཟག་མེད་ཅི་རིགས་པ་དང་འོག་སའི་ཡང་ཟག་མེད་རྗེས་ཤེས་ཕྱོགས་མཐུན་ནོ། །དེ་དག་གི་གཉེན་པོ་བར་ཆད་མེད་ལམ་རྣམས་ཀྱི་དམིགས་པ་ནི་འོག་སའི་ཟག་བཅས་སོ། །དྲུག་པ་ཉོན་མོངས་སྤོང་བ་ལ་གཉིས་ཏེ། གང་གིས་གང་སྤོང་བ། སྤོང་བྱེད་གཉེན་པོའི་ཁྱད་པར་རོ། །དང་པོ་ལ་དངོས་གཞིའི་ཟག་པ་མེད་པས་ནི་རང་ས་དང་གོང་སའི་ཉོ་མོངས་པ་རྣམས་སྤོང་ལ། ཉེར་བསྡོགས་དག་པ་བས་ཀྱང་རང་རང་གི་འོག་སའི་ཉོན་མོངས་རྣམས་སྤོང་ཞིང༌། ཀྱང་གི་སྒྲས་ཟག་མེད་མི་ལྕོགས་མེད་པ་བསྡུ་པ་ཡིན་ཏེ། དེས་ནི་ས་གོང་འོག་ཐམས་ཅད་ཀྱི་ཉོན་མོངས་སྤོང་ནུས་པའི་ཕྱིར་རོ། །དངོས་གཞི་ཟག་བཅས་ཀྱིས་ནི་ཉོན་མོངས་པ་གཏན་ནས་མི་སྤོང་སྟེ། འོག་སའི་ནི་ཉེར་བསྡོགས་ཀྱིས་སྤངས་ཟིན་པའི་ཕྱིར་དང༌། རང་སའི་ཉོན་མོངས་ཀྱང་མི་སྤོང་སྟེ། སྲིད་པས་སྲིད་པ་ལས་ངེས་པར་འབྱུང་མི་ནུས་པའི་ཕྱིར་རོ། །གོང་སའི་མི་སྤོང་སྟེ། དམན་པས་ཁྱད་པར་ཅན་ལས་ངེས་པར་མི་འབྱུང་བས་སོ། །གཉིས་པ་གཉེན་པོའི་ཁྱད་པར་ལ་གསུམ་སྟེ། ཉེར་བསྡོགས་ཀྱི་ཁྱད་པར། དངོས་གཞིའི་ཁྱད་པར། བསམ་གཏན་ཁྱད་པར་ཅན་ངོས་བཟུང་བའོ། །དང་པོ་ནི་ཉེར་བསྡོགས་དུ་ཡོད་ཅེ་ན། སྙོམས་འཇུག་བརྒྱད་པོ་དེ་དག་ལ་འཇུག་པའི་ཉེར་བསྡོགས་ཀྱང་བརྒྱད་དེ། འདིར་འཇུག་ཚུལ་ཞིབ་ཏུ་བཤད་ལ། མངོན་པ་གོང་མར་ཡིད་ལ་བྱེད་པ་བདུན་བདུན་གྱིས་འཇུག་པར་བཤད་དེ། མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་ནི། ས་གོང་མ་ལ་ཞི་བ་དང༌། འོག་མ་ལ་རགས་པར་ལྟ་བ་ཐོས་བསམ་འདྲེས་པའི་ཡིད་བྱེད་དོ། །མོས་པ་ལས་བྱུང་བའི་ཡིད་བྱེད་ནི། དམིགས་རྣམ་དེ་ཉིད་སྒོམ་བྱུང་ཁོ་ནས་རྩེ་གཅིག་པར་སྒོམ་པའོ། །རབ་ཏུ་དབེན་པ་ལས་བྱུང་བའི་ཡིད་བྱེད་ནི། འོག་སའི་ཉོན་མོངས་ཆེན་པོ་གསུམ་སྤོང་བའོ། །དགའ་བ་སྡུད་པའི་ཡིད་བྱེད་ནི། ཤིན་ཏུ་སྦྱངས་པའི་དགའ་བ་དང་ལྡན་ཞིང་འདོད་པའི་ཉོན་མོངས་འབྲིང་པོ་གསུམ་སྤོང་བའོ། །དཔྱོད་པའི་ཡིད་བྱེད་ནི། རྒྱུད་ལ་ཉོན་མོངས་པའི་ལྷག་མ་ཡོད་མེད་རྟོག་པར་བྱེད་པའོ། །སྦྱོར་བ་མཐའི་ཡིད་བྱེད་ནི། ཉོན་མོངས་པ་ཡོད་མེད་བརྟགས་པས་ཅུང་ཟད་ཡོད་པར་རིག་ནས་གཉེན་པོ་བསྒོམས་ཏེ་ཆུང་ངུ་གསུམ་སྤོང་བའོ། །སྦྱོར་བ་མཐའི་འབྲས་བུ་ཡིད་བྱེད་ནི། གོང་མའི་དངོས་གཞིར་གྱུར་པའི་ཡིད་བྱེད་དོ། །ཅི་ཉེར་བསྡོགས་རྣམས་ཀྱང་དངོས་གཞི་ལྟར་ཉོན་མོངས་ཅན་ལ་སོགས་པའི་དབྱེ་བ་གསུམ་ཡོད་ཅིང༌། ཚོར་བ་ཚོགས་པའང་དངོས་གཞི་དང་འདྲའམ་ཞེ་ན། འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་པས། ཉོན་མོངས་ཅན་མེད་ཀྱི། དག་པ་བ་ཁོ་ན་དང་འོག་སའི་ཡིད་འབྱུང་དང་མ་བྲལ་ཞིང་འབད་དེ་དྲངས་དགོས་པས་བདེ་བའང་མིན་ལ། སྡུག་བསྔལ་ཡང་མིན་པས་བཏང་སྙོམས་ཀྱི་ཚོར་བ་ཁོ་ན་དང་ལྡན་ནོ། །ཉེར་བསྡོགས་དང་པོ་མི་ལྕོགས་མེད་འདི་ལ་འཕགས་པ་སྟེ་ཟག་པ་མེད་པའང་ཡོད་དེ། སེམས་ཤིན་ཏུ་གསལ་བས་སམ། གོང་སའི་གཉེན་པོ་ཡིན་པས་སོ། །ཞེས་སོ། །བསྡུ་བ་ལས་ནི་དེ་མཉམ་བཞག་གི་དངོས་གཞི་ཡིན་པས་སོ། །ཞེས་སོ། །ཁ་ཅིག་ནི་ཉོན་མོངས་ཅན་དང་གསུམ་དུ་འདོད་དེ། དངོས་གཞི་ལ་འགྲན་སྙགས་པས་སོ་ཞེས་སོ། །བསམ་གཏན་ཁྱད་པར་ཅན་ཞེས་བཤད་པ་དེའི་དོན་ཅི་ཞེ་ན། བསམ་གཏན་དང་པོའི་ནང་ཚན་རྟོག་པ་མེད་ཅིང་དཔྱོད་པ་དང་ལྡན་པའི་ཁྱད་པར་ལ་བསམ་གཏན་ཁྱད་པར་ཅན་ཞེས་བསྟན་ཏེ། དངོས་གཞི་ཙམ་པོ་ལས་ཁྱད་པར་དུ་འཕགས་པས་སོ། །དངོས་གཞིའི་ཡན་ལག་ལ་ཡན་ལག་རགས་པ་ལས་འདོད་ཆགས་དང་བྲལ་ཞིང་ཕྲ་བ་ལ་འདོད་ཆགས་དང་མ་བྲལ་བའི་བྱེ་བྲག་གིས། ཙམ་ཁྱད་གཉིས་སུ་བསྟན་ཏོ། །བསམ་གཏན་ཕྱི་མ་རྣམས་ཀྱི་ཡན་ལག་ལ་འདི་ལྟ་བུ་དབྱེ་བ་མེད་པས། ཙམ་པོ་དང་ཁྱད་པར་ཅན་གཉིས་མེད་དོ། །འདི་ལའང་ཉོན་མོངས་ཅན་དང་དག་པ་བ་སོགས་རྣམ་པ་གསུམ་ཡོད་ཅིང༌། འབད་པས་དྲང་དགོས་པས་ཚོར་བ། བདེ་བའང་མིན་སྡུག་བསྔལ་ཡང་མིན་པས་བཏང་སྙོམས་སོ། །དེའི་དག་པ་བ་སྒོམ་པ་དེ་ནི་ཚངས་ཆེན་དུ་སྐྱེ་བས་ཚངས་ཆེན་གྱི་འབྲས་བུ་ཅན་ནོ། །ཞེས་བསྟན་ཏོ། །གསུམ་པ་ཏིང་ངེ་འཛིན་གྱི་དབྱེ་བ་ལ་གཉིས་ཏེ། གསུམ་དུ་དབྱེ་བ། བཞིར་དབྱེ་བའོ། །དང་པོ་ནི། སའི་སྒོ་ནས་གསུམ་དུ་དབྱེ་ན། མདོ་ལས་རྟོག་དཔྱོད་གཉིས་ཀ་དང་ལྡན་པ་དང༌། རྟོག་པ་མེད་ལ་དཔྱོད་པ་དང་ལྡན་པ་དང༌། རྟོག་དཔྱོད་གཉིས་ཀ་མེད་པའི་ཏིང་ངེ་འཛིན་གསུམ་གསུངས་པ་གང་ཞེ་ན། ཁྱད་པར་ཅན་མན་ཆད་དངོས་གཞིའི་ཙམ་པོ་དང༌། མི་ལྕོགས་མེད་པའི་ཏིང་ངེ་འཛིན་ནི། རྟོག་དཔྱོད་གཉིས་ཀ་དང་བཅས་པའི་ཏིང་ངེ་འཛིན་དང༌། ཁྱད་པར་ཅན་ནི་རྟོག་མེད་དཔྱོད་ཙམ་དང༌། བསམ་གཏན་ཁྱད་པར་ཅན་ཡན་ཆད་བསམ་གཏན་གཉིས་པའི་ཉེར་བསྡོགས་ནས་སྲིད་རྩེའི་བར་ནི་རྟོག་དཔྱོད་གཉིས་ཀ་མེད་པའི་ཏིང་ངེ་འཛིན་ནོ། །ལམ་གྱི་སྒོ་ནས་གསུམ་དུ་དབྱེ་ན། མདོ་ལས། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་གསུངས་པ་གང་ཞེ་ན། མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མཚན་མ་ཞི་བའི་འགོག་བདེན་གྱི་རྣམ་པ་བཞི་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནོ། །མཚན་མ་ནི་བཅུ་སྟེ། ཡུལ་ལྔ་དང༌། འདུས་བྱས་ཀྱི་མཚན་ཉིད་བཞི་དང༌། ཕོ་མོའི་མཚན་མའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་བདག་མེད་དང་སྟོང་པ་ཉིད་ཀྱི་མཚན་ཉིད་གཉིས་དང་མཚུངས་པར་ལྡན་པས་འཇུག་པའི་ཏིང་ངེ་འཛིན་ནོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་རྣམ་པ་དྲུག་པོ་དེ་ལས་གཞན་པའི་བདེན་པའི་རྣམ་པ་ལྷག་མ་བཅུ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནོ། །མི་རྟག་པ་དང་སྡུག་བསྔལ་བ་དང་ཀུན་འབྱུང་གི་རྣམ་པ་བཞིས་ཡིད་འབྱུང་ལ། ལམ་ཡང་གཟིངས་ལྟར་དོར་བྱ་ཡིན་པས་སྨོན་པ་མེད་པའོ། །འགོག་བདེན་གྱི་རྣམ་པ་བཞི་དང་སྟོང་བདག་མེད་གཉིས་ཀྱིས་ནི་ཡིད་མི་འབྱུང་སྟེ། སྟོང་བདག་མེད་ཀྱང་མྱ་འདས་དང་འདྲ་བས་སོ། །ཞེས་སོ། །གཞན་དག་ནི་ལམ་ཡང་མཚན་མེད་དེ། མཚན་མའི་རྟོག་པ་སེལ་བའི་ཐབས་ཡིན་པས་སོ། །ཞེས་སོ། །འདི་བདེན་པའི་རྣམ་པ་ཅན་ཡིན་པས་ས་ལྷག་མ་བདུན་གྱི་ཉེར་བསྡོགས་ལ་མེད་ཅིང༌། ཉོན་མོངས་ཅན་ཡང་མེད་པས་ས་བཅུ་གཅིག་གི་དག་པ་བ་དང༌། དྲི་མ་མེད་པ་ནི་ཟག་མེད་ས་དགུ་ལ་བརྟེན་ནོ། །ཏིང་ངེ་འཛིན་གསུམ་པོ་དེ་དག་ལས་དྲི་མ་མེད་པ་ནི། རྣམ་པར་ཐར་པ་ལྷག་བཅས་དང་ལྷག་མེད་ཀྱི་གྲོང་དུ་འཇུག་པའི་སྒོ་སྟེ། སྟོང་པ་ཉིད་ལ་སོགས་པ་གསུམ་མོ། །གཏན་ལ་དབབ་པ་བསྡུ་བ་ལས་ནི། སྟོང་པ་ཉིད་ཅེས་སོགས་རྐྱང་པའི་སྒྲ་འབྱུང་བ་ལ་ནི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྤྱི་འཛིན་པ་ཡིན་ལ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་སོགས་འབྱུང་བ་ལ་ནི་སྒོམ་བྱུང་ཁོ་ན་འཛིན་ཏོ། །སྒོམ་བྱུང་ནི་འཇིག་རྟེན་ལས་འདས་མ་འདས་སྤྱི་ལ་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཅེས་སོགས་འབྱུང་བ་ལ་ནི། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་ཁོ་ན་བཟུང་བར་བཤད་དོ། །ཡང་ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་ཏིང་ངེ་འཛིན་གསུམ་དུ་ཕྱེ་ན། ཏིང་ངེ་འཛིན་རྣམ་པ་གསུམ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་པ་དང༌། སོགས་པ་སྨོན་པ་མེད་པ་སྨོན་པ་མེད་པ་དང༌། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ནོ། །གསུམ་པོ་འདི་དག་ལས་ཏིང་ངེ་འཛིན་དང་པོ་གཉིས་ནི་རིམ་བཞིན་མི་སློབ་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་ནས། འདི་ནི་བདག་གི་མིན་ནོ་ཞེས་སྟོང་པའི་རྣམ་པར་ལྟ་བ་དང༌། མི་སློབ་པའི་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་དམིགས་ནས་མི་རྟག་པ་ཉིད་ཀྱི་རྣམ་པར་བལྟའོ། །རྣམ་པ་གཞན་དུ་མི་ལྟ་སྟེ། ཡུལ་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་ལྟ་བས་སོ། །ཏིང་ངེ་འཛིན་གསུམ་པ་ནི་མི་སློབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལས་ལངས་པའི་རྗེས་སུ་མི་སློབ་པའི་མཚན་མེད་ཀྱི་ཏིང་ངེ་འཛིན་ཉིད་ཀྱིས། སོ་སོར་བརྟགས་མིན་འགོག་པ་ལ་དམིགས་ཏེ། མ་བརྟགས་པ་ཟད་པ་ཞེས་པ་ནི་ཏིང་ངེ་འཛིན་དེ་ཉིད་ཀྱི་བརྟགས་མིན་འགོག་པ་ལ་བྱའོ། །རྣམ་པ་ནི་ཞི་བའི་རྣམ་པ་ཁོ་ནའོ། །དཔེར་ན་དགྲ་གསོད་བྱེད་ཀྱི་མི་ལ་དགའ་ན་དགྲ་ལ་མི་དགའ་བར་གྲུབ་པ་ལྟར། འགོག་བྱེད་ལ་ཡོན་ཏན་དུ་ལྟ་བས་དགག་བྱ་སུན་ཕྱུང་བར་འགྱུར་རོ། །རྣམ་པ་ལྷག་མ་འགོག་པ་ལ་སོགས་པར་ནི་མི་ལྟ་སྟེ། གང་སྤེལ་ལས། འཇུག་པ་ཆད་པའི་ཕྱིར་ཞི་བའི་རྣམ་པ་ཁོ་ནའོ། །ཞེས་སོ། །ཏིང་ངེ་འཛིན་དང་པོ་གཉིས་ཀྱིས་ནི་རྣམ་ཐར་གྱི་སྒོ་དང་པོ་གཉིས་ལ་དམིགས་ཤིང༌། ཏིང་ངེ་འཛིན་གསུམ་པས་ནི་རྣམ་ཐར་གྱི་སྒོ་གསུམ་པ་བཀག་པ་ལ་དམིགས་ནས་སུན་འབྱིན་པས་རྣམ་ཐར་སུན་འབྱིན་པ་ཞེས་ཀྱང་བྱའོ། །ཏིང་ངེ་འཛིན་དང་པོས་སྟོང་པའི་རྣམ་པ་དང༌། གཉིས་པས་མི་རྟག་པའི་རྣམ་པ་དང༌། གསུམ་པས་ཞི་བའི་རྣམ་པ་འཕགས་ལམ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར། ངོ་བོ་ཟག་བཅས་ཉིད་དོ། །རྟེན་ནི་མིའི་ནང་དུ་སྐྱེ་སྟེ། བློ་གསལ་བས་སོ། །གང་ཟག་ནི་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཁོ་ན་ལ་ལྡན་ཏེ། གཞན་གྱིས་ནི་རྣམ་ཐར་གྱི་སྒོ་ལ་རྒྱབ་ཀྱིས་ཕྱོགས་མི་ནུས་པའི་ཕྱིར་ཏེ། རྣམ་ཐར་གྱི་སྒོ་ནི་མཐོང་ཆོས་ལ་བདེ་བར་གནས་པར་འགྱུར་བས་ཆགས་པའི་གནས་སུ་གྱུར་པས་སོ། །ས་ནི་བདེན་པའི་རྣམ་པ་ཅན་མིན་པའི་ཉེར་བསྡོགས་གོང་མ་བདུན་མ་གཏོགས་པ་ས་བཅུ་གཅིག་ན་ཡོད་དོ། །གཉིས་པ་ཏིང་ངེ་འཛིན་བཞིར་དབྱེ་བ་ནི། མཐོང་ཆོས་ལ་བདེ་བར་གནས་པའི་ཏིང་ངེ་འཛིན། ཤེས་པ་མཐོང་བར་འགྱུར་བའི་ཏིང་ངེ་འཛིན། ཤེས་པ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན། ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན། ཅེས་གསུངས་པ་དེ་གང་ཞེ་ན། དགེ་བའི་བསམ་གཏན་དང་པོའི་དངོས་གཞི་དག་པ་བ་དང་ཟག་མེད་ནི། དབེན་པ་ལས་སྐྱེས་པའི་དགའ་བདེས་མཐོང་ཆོས་ལ་བདེ་བར་གནས་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་སྟེ། འདོད་པའི་ཉེས་དམིགས་ལས་འདས་པའི་ཐོག་མར་ཐོབ་པས་ཡིད་ཚིམ་པའི་ཕྱིར་ཏེ། དཔེར་ན་འབྲོག་དགོན་པར་སྐོམས་པས་གདུང་བ་ཆུ་རྙོག་མ་ཅན་གྱིས་ཚིམ་པ་བཞིན་ནོ། །འདིས་ཕྱི་མར་བདེ་བར་འགྱུར་བར་མ་ངེས་པས་མཐོང་ཆོས་ལ་ཞེས་སྨོས་སོ། །འདིས་མཚོན་ནས་བསམ་གཏན་བཞི་ཆར་བཟུང་ངོ༌། །ལྷའི་མིག་གི་མངོན་ཤེས་ཀྱིས་དྲངས་པའི་རྗེས་ཀྱི་ངེས་ཤེས་ཀྱི་ལས་དགེ་སྡིག་སོགས་ཤེས་པ་དང༌། མིག་གིས་བར་དོའི་གཟུགས་མཐོང་བས་ན་ཤེས་པ་དང༌། མཐོང་བར་འགྱུར་བ་ཞེས་བཤད་དོ། །ཏིང་ངེ་འཛིན་ཞེས་སྨོས་པ་ནི། འབྲས་བུ་མངོན་ཤེས་ལ་རྒྱུ་ཏིང་ངེ་འཛིན་གྱི་མིང་བཏགས་པས་སོ། །སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཁམས་གསུམ་པ་མི་སྡུག་པ་དང༌། ཟག་མེད་ཀྱི་ལམ་ནི་བློའི་ཁྱད་པར་གོང་ནས་གོང་དུ་འབྱེད་ཅིང་སྐྱེད་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཡིན་ཏེ། འདིར་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་ལ་དེར་བཏགས་པའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་པའི་རབ་མཐའ་བཞི་པས་བསྡུས་པ་གང་ཡིན་པ་དེ་ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པའོ། །ཏིང་ངེ་འཛིན་བཞི་པོ་འདི་ནི་སྟོན་པས་མངོན་སུམ་དུ་མཛད་པ་ལྟར་བསྟན་པ་སྟེ། ཤིང་འཛམ་བུའི་དྲུང་དུ་བསམ་གཏན་དང་པོ་སྐྱེད་ལ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐུན་དང་པོ་ལ་ལྷའི་བུའི་བདུད་བཅོམ་ནས་ལྷའི་སྤྱན་བསྐྱེད་དེ་སེམས་ཅན་གྱི་འཆི་འཕོ་དང༌། སྐྱེ་བ་ཉམ་ང་བ་ལ་གཟིགས་ནས་དེ་དག་སྐྱབས་པའི་ཕྱིར་དུ། གུང་ཐུན་ལ་རྣམ་ཐར་སོགས་སྦྱོར་བ་ལས་བྱུང་བའི་ཡོན་ཏན་མངོན་དུ་མཛད་དེ། ཐུན་གསུམ་པ་ལ་བསམ་གཏན་བཞི་པ་ལ་བརྟེན་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཀུན་སྦྱོར་ཐམས་ཅད་སྤངས་པའི་བར་དུ་མཛད་དོ་ཞེས་བྱེ་བྲག་སྨྲ་བ་ཟེར་རོ། །བཞི་པ་སྙོམས་འཇུག་ལ་བརྟེན་པའི་ཡོན་ཏན་ལ་གཉིས་ཏེ། ཚད་མེད་བསྟན་པ་དང༌། ཡོན་ཏན་གཞན་བསྟན་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དང༌། ཁྱད་པར་གྱི་ཆོས་སོ། །དང་པོ་ནི། ཚད་མེད་པའི་དབྱེ་བ་ནི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཏེ་བཞི་ཡིན་ནོ། །སེམས་ཅན་ཚད་མེད་པ་ལ་དམིགས་པས་ཚད་མེད་ཅེས་བསྟན་ཏོ། །ཅིའི་ཕྱིར་བཞིར་ངེས་ཤེ་ན། གནོད་སེམས་དང༌། སོགས་པས་རྣམ་འཚེ་དང་མི་དགའ་བ་དང༌། འདོད་པའི་འདོད་ཆགས་ཏེ་བཞིའི་གཉེན་པོ་ཡིན་པའི་ཕྱིར་རོ། །ངོ་བོ་ནི་ཞེ་སྡང་མེད་པའི་དགེ་བའི་རང་བཞིན་བྱམས་པ་སྟེ། སྙིང་རྗེ་ཡང་དེ་དང་འདྲའོ། །གཞན་བདེ་བས་ཡིད་བདེ་བའི་རང་བཞིན་ནི་དགའ་བ་ཡིན་ལ། བཏང་སྙོམས་ནི་མ་ཆགས་པའི་རང་བཞིན་ཡིན་ནོ། །སློབ་དཔོན་གྱིས་ནི། ཆགས་སྡང་གཉིས་ཀ་སྙོམས་པའི་རང་བཞིན་དུ་བཞེད་པས་ཆགས་སྡང་གཉིས་ཀའི་གཉེན་པོ་ཡིན་ལ། ཆགས་པའང་ཉེ་དུ་ལ་ཆགས་པ་ལ་མཛད་དོ། །འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་ལ་བཞེད་དོ། །བྱམས་པ་སོགས་བཞིའི་རྣམ་པ་ནི་ཀྱེ་མ་སེམས་ཅན་རྣམས་བདེ་བར་འགྱུར་ཅིག་སྙམ་པ་དང༌། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པ་དང༌། དགའ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པ་དང༌། སེམས་ཅན་རྣམས་ལ་ཆགས་སྡང་མེད་པར་མཉམ་སྙོམས་པའོ། །སྤྱོད་ཡུལ་ནི་འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཏེ། དེ་ལ་དམིགས་པའི་གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པས་སོ། །ས་ནི་དགའ་བ་ཡིད་བདེ་ཡིན་པས་བསམ་གཏན་དང་པོ་གཉིས་ཁོ་ན་ན་ཡོད་ལ། གཞན་གསུམ་ནི་བསམ་གཏན་ས་དྲུག་ན་ཡོད་དོ། །ཁ་ཅིག་དངོས་གཞི་ལྔ་པོ་ཉིད་ན་ཡོད་པར་འདོད་ལ། གཞན་དག་ནི་འདོད་པ་དང༌། ཉེར་བསྡོགས་ཕྱི་མ་གསུམ་ཡང་བསྣན་པས་ས་བཅུ་ན་ཡོད་ཟེར་རོ། །ཅི་ཚད་མེད་ཀྱིས་ཉོན་མོངས་སྤོང་ངམ་ཞེ་ན། དེ་བཞི་ཡིས་དངོས་སུ་མི་སྤོང་སྟེ། དངོས་གཞི་དག་པ་བ་ཡིན་པའི་ཕྱིར་དང༌། སེམས་ཅན་ལ་དམིགས་པའི་མོས་པ་ཡིད་བྱེད་ཡིན་པའི་ཕྱིར། སྔར་གཉེན་པོར་བཤད་པ་ནི་ཚད་མེད་བཞི་པོའི་སྦྱོར་བས་རྣམ་པར་གནོན་པ་དང༌། བར་ཆད་མེད་ལམ་གྱིས་སྤངས་པ་ཐག་བསྲིང་བར་བྱེད་པས་སོ། །རྟེན་ནི་དང་པོ་མི་དག་གི་ནང་དུ་སྐྱེད་ལ། ལྡན་ཚུལ་ནི་དགའ་བ་ཚད་མེད་མ་གཏོགས་པ་གཞན་གསུམ་ནི་ངེས་པར་གསུམ་ལྡན་ཡིན་ཅིང༌། དགའ་བ་ནི་བསམ་གཏན་གོང་མ་གཉིས་སུ་སྐྱེས་པ་ལ་མེད་དོ། །མངོན་པ་གོང་མ་བས་ནི། ཡོན་ཏན་འདི་རྣམས་ཕལ་ཆེར་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དུ་བཞེད་ཅིང༌། ས་ནི་བསམ་གཏན་བཞི་ལ་བརྟེན་ནོ། །གང་ཟག་ནི་ཕྱི་རོལ་པ་དང་ཐུན་མོང་བ་ཡིན་ནོ། །གཉིས་པ་ཡོན་ཏན་གཞན་བསྟན་པ་ལ་བཞི་སྟེ། ཐོབ་བྱ་ཡོན་ཏན་གྱི་ངོ་བོ། དེ་དག་གི་ཐོབ་ཚུལ། རྟེན་གྱི་ཁྱད་པར། ཏིང་ངེ་འཛིན་གྱི་སྐྱེ་ཚུལ་ལོ། །དང་པོ་ལ་གསུམ་སྟེ། རྣམ་ཐར། ཟིལ་གནོན། ཟད་པར་རོ། །དང་པོ་ནི། དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པས་རྣམ་ཐར་ཏེ། དེའང་གཟུགས་ཅན་གཟུགས་ལ་ལྟ་བ་དང༌། གཟུགས་མེད་གཟུགས་ལ་ལྟ་བ་དང༌། སྡུག་པའི་རྣམ་ཐར་དང༌། གཟུགས་མེད་བཞིའི་རྣམ་ཐར་བཞི་དང༌། འགོག་པའི་རྣམ་ཐར་ཏེ་བརྒྱད་དོ། །རྣམ་ཐར་དང་པོ་གཉིས་ནི་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་ཅན་ཡིན་པས་མི་སྡུག་པའི་རང་བཞིན་ཡིན་ནོ། །ས་ནི་འདོད་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ཡིན་པས་རིམ་བཞིན་བསམ་གཏན་དང་པོ་གཉིས་ན་ཡོད་ལ། བསམ་གཏན་གསུམ་པ་ལ་ནི་རྣམ་ཐར་མ་བཞག་ཅིང༌། བསམ་གཏན་གཉིས་པ་ཡན་ཆད་ན་སས་བསྡུས་ཀྱི་མིག་ཤེས་མེད་པ་དང༌། བདེ་བའི་སྙིང་པོས་བསྐྱོད་པས་སོ། །རྣམ་ཐར་གསུམ་པ་སྡུག་པའི་རྣམ་ཐར་ནི་བསམ་གཏན་བཞི་པའི་ཡར་མཐའ་བཞི་པ་ན་ཡོད་ཅིང་དེ་ནི་ངོ་བོ་མ་ཆགས་པ་ཡིན་ལ་འཁོར་དང་བཅས་ན་ཕུང་པོ་ལྔའོ། །དགོས་པ་ནི་དང་པོ་གཉིས་ཀྱིས་ཞུམ་པར་གྱུར་པ་ན་གཟིངས་བསྟོད་པའམ། དེ་གཉིས་གྲུབ་མ་གྲུབ་བརྟག་པའི་དོན་དུ་སྟེ། སྡུག་པར་ཡིད་ལ་བྱས་ཀྱང༌། ཉོན་མོངས་མི་སྐྱེ་ན་དེ་གཉིས་གྲུབ་པའོ། །མངོན་པ་གོང་མ་བས་ནི། དང་པོ་གཉིས་ནི་སྡུག་མི་སྡུག་སྤྲུལ་པ་ལ་ཆགས་པའམ། ལེ་ལོ་སོགས་ཀྱི་གཉེན་པོར་ཕན་ཚུན་ལྟོས་པའི་འདུ་ཤེས་རྗེས་སུ་འབྲེལ་བའི་འདུ་ཤེས་དང་རོ་གཅིག་པའི་འདུ་ཤེས་གསུམ་གྱིས་སྒོམ་པར་བཞེད་དོ། །གཟུགས་མེད་ཀྱི་རྣམ་ཐར་བཞི་ནི་མཉམ་བཞག་དགེ་བ་དག་པ་བ་དང་ཟག་མེད་རྣམས་ཡིན་གྱི་ཉོན་མོངས་ཅན་དང་མཉམ་པར་མ་བཞག་པ་འཆི་སེམས་ལྟ་བུ་ནི་མིན་ལ། ཉེར་བསྡོགས་ཀྱི་བར་ཆད་མེད་ལམ་པ་ཡང་མ་གཏོགས་ཏེ། འོག་ས་ལ་དམིགས་པས། དམིགས་པ་ལ་རྒྱབ་ཀྱི་ཕྱོགས་པ་མེད་པས་སོ། །འགོག་པའི་རྣམ་ཐར་ནི་འགོག་པའི་སྙོམས་པར་འཇུག་པ་སྟེ། ཚོར་བ་དང་འདུ་ཤེས་ལ་རྒྱབ་ཀྱི་ཕྱོགས་པས་སོ། །གཞན་དག་ནི། སྙོམས་འཇུག་གི་སྒྲིབ་པ་ལས་ཐར་པས་སོ། །ཞེས་སོ། །སྙོམས་འཇུག་གི་སྒྲིབ་པ་ཡོད་ན་ལུས་སེམས་ལས་སུ་མི་རུང་བས་ཁམས་གསུམ་པའི་ཆགས་བྲལ་གྱིས་ཀྱང་བསམ་གཏན་དང་པོའི་དངོས་གཞི་སྐྱེད་མི་ནུས་སོ། །སྙོམས་འཇུག་གི་སྒྲིབ་པ་ནི་ཤེས་སྒྲིབ་ཏུ་འདུས་ཏེ། དབུས་མཐའི་འགྲེལ་བཤད་ལས། མཐར་གནས་ཀྱི་སྙོམས་འཇུག་དགུའི་མི་མཐུན་ཕྱོགས་ཉོན་མོངས་ཅན་མིན་པའི་མི་ཤེས་པར་བཤད་པས་སོ། །འཇུག་སེམས་ནི་རང་བཞིན་གྱི་ཕྲ་བ་སྲིད་རྩེའི་སེམས་ཡིན་ལ་དེ་བས་ཀྱང་ཕྲ་བར་བྱས་ནས་འཇུག་ཅིང་རང་གིས་སྲིད་རྩེའི་དག་པ་བ་དང༌། འོག་མ་ཅི་ཡང་མེད་པའི་འཕགས་པའི་སེམས་ཀྱིས་དེ་ལས་ལྡང་སྟེ། འཇུག་སེམས་ཟག་བཅས་ཁོ་ན་ཡིན་ལ། ལྡང་སེམས་ནི་ཟག་བཅས་དང་ཟག་མེད་གཉིས་ཀའོ། །རྣམ་ཐར་དང་པོ་གསུམ་གྱི་ཡུལ་ནི་འདོད་པར་གཏོགས་པའི་གཟུགས་ཀྱི་སྐྱེ་མཆེད་དེ། རྣམ་ཐར་དང་པོ་གཉིས་གཟུགས་ཡིད་དུ་མི་འོང་བ་དང༌། སྡུག་པའི་རྣམ་ཐར་ནི་གཟུགས་ཡིད་དུ་འོང་ཕྱིར། སྣང་བའི་ཡུལ་ཅན་ཡིན་ནོ། །རྣམ་ཐར་གང་དག་གཟུགས་ཅན་མིན་པ་བཞི་པོ་དེ་དག་གི་སྤྱོད་ཡུལ་ནི་གོང་མ་དང་རང་གི་སའི་སྡུག་བསྔལ་དང༌། སོགས་པ་དེའི་རྒྱུད་དང་འགོག་པ་དང༌། རྗེས་ཤེས་ཕྱོགས་མཐུན་དང་བཅས་པའི་ལམ་གོང་འོག་དང་རང་ས་ཐམས་ཅད་དང༌། མཚན་མ་མེད་པ་མཚན་མེད་ཡིན་སྲིད་པས་བཏགས་མིན་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ནི་ནམ་མཁའ་ཡང་ཡིན་ནོ། །ཅིའི་ཕྱིར་མདོ་ལས། སྡུག་པའི་རྣམ་ཐར་དང་འགོག་པའི་རྣམ་ཐར་གཉིས་པོ་ཁོ་ན་ལ་ལུས་ཀྱི་མངོན་སུམ་དུ་བྱས་པ་ཞེས་སྨོས་ཤེ་ན། སྡུག་པའི་རྣམ་ཐར་ནི་གཟུགས་ཀྱི་རྣམ་ཐར་གྱི་སྒྲིབ་པ་སྤངས་པ་དང༌། འགོག་པའི་རྣམ་ཐར་གྱིས་གཟུགས་མེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་སྤངས་པས་འདི་གཉིས་གཙོ་བོ་ཡིན་པ་དང༌། གཟུགས་དང་གཟུགས་མེད་པའི་ཁམས་དང་སའི་མཐའ་ན་གནས་པས་སོ། །ས་སྡེ་ལས་ནི། འཕགས་པ་རྣམས་འདི་དག་ལ་ལན་མང་དུ་གནས་པ་དང་ཤས་ཆེར་གནས་པ་ཡིན་པར་བཤད་དོ། །གཉིས་པ་ལ་གཉིས་ཏེ། དབྱེ་བ་དང༌། མཚན་ཉིད་བཤད་པའོ། །དང་པོ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་དབྱིབས་ཟིལ་གནོན་གྱི་སྐྱེ་མཆེད་བཞི། ཁ་དོག་ཟིལ་གནོན་གྱི་སྐྱེ་མཆེད་བཞི་སྟེ་བརྒྱད་དོ། །དེ་ལ་དབྱིབས་ཟིལ་གནོན་གྱི་སྐྱེ་མཆེད་ནི། ནང་གཟུགས་སུ་འདུ་ཤེས་པས་ཕྱིའི་གཟུགས་ཆུང་ངུ་ཁ་དོག་བཟང་བ་དང་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །དེ་བཞིན་དུ་སྦྱར་ཏེ་ཆེན་པོ་ལ་ལྟ་བ་དང༌། ནང་གཟུགས་མེད་པར་འདུ་ཤེས་པས་ཆུང་ངུ་དང་ཆེན་པོ་ལ་ལྟ་བ་དང་གཉིས་སོ། །ཁ་དོག་ཟིལ་གནོན་གྱི་སྐྱེ་མཆེད་བཞི་ནི། ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་ཕྱིའི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་ཝཱ་ར་ན་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ཕྱིའི་གཟུགས་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལྟ་ཞིང་གཟུགས་དེ་དག་ཅེས་སོགས་དང༌། དེ་བཞིན་དུ་སེར་པོ་ལ་དོང་ཁའི་མེ་ཏོག་དང་རས་སྦྱར་བ་དང༌། དམར་པོ་ལ་བན་དུ་ཛི་བ་ཀ་དང་རས་དཀར་པོ་ལ་སྐར་མ་པ་བ་སངས་དང་རས་སྦྱར་ཏེ། ཟིལ་གྱིས་མནོན་པའི་སྐྱེ་མཆེད་བརྒྱད་པའོ་ཞེས་པའི་བར་དུ་འདོན་པའོ། །ནང་གཟུགས་སུ་འདུ་ཤེས་པས་གཟུགས་ཆུང་ངུ་གཉིས་ལ་ལྟ་བའི་ཟིལ་གནོན་དང་པོ་གཉིས་ནི་རྣམ་ཐར་དང་པོ་བཞིན་དུ་ནང་གཟུགས་སུ་འདུ་ཤེས་པས་ཕྱིའི་གཟུགས་ལ་ལྟ་བ་སོགས་ངོ་བོ་དང༌། ས་དང་གཉེན་པོ་དང༌། ཡུལ་ལ་སོགས་པ་ཤེས་པར་བྱས་ལ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་ཆེ་ཆུང་གཉིས་ལ་ལྟ་བའི་ཟིལ་གནོན་གཉིས་ནི་རྣམ་ཐར་གཉིས་པ་བཞིན་དུ་ངོ་བོ་དང༌། ས་དང་གཉེན་པོ་དང༌། ཡུལ་སོགས་ཤེས་པར་བྱའོ། །གལ་ཏེ་གཟུགས་མེད་ཀྱི་སེམས་མ་ཐོབ་ན་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་པར་འགལ་ལ། ཐོབ་ན་གཟུགས་ལ་ལྟ་བར་འགལ་ལོ་ཞེ་ན། གལ་ཏེ་གཟུགས་མེད་ཀྱི་སེམས་མ་ཐོབ་ན་རང་ལ་གཟུགས་མེད་པའི་འདུ་ཤེས་བཞག་པ་ཙམ་བྱེད་ཀྱི། ཐོབ་ན་ནི་ཐོག་མར་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་ཅིང༌། དེ་ནས་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལས་ལངས་ནས་གཟུགས་ཀྱི་འདུ་ཤེས་མངོན་དུ་བྱ་སྟེ། དེས་གཟུགས་ལ་ལྟ་བས་ན་མི་འགལ་ལོ། །མངོན་པ་ཀུན་ལས་བཏུས་ལས། གཟུགས་ཀྱི་འདུ་ཤེས་བཤིག་པའམ། གཟུགས་མེད་ཀྱི་འདུ་ཤེས་བཞག་པས་ཀྱང་རུང་སྟེ། ཞེས་གསུངས་སོ། །འདིར་གཟུགས་ཆུང་ངུ་ནི་སེམས་ཅན་གྱི་གཟུགས་དང༌། ཆེན་པོ་ནི་སྣོད་ཀྱི་གཟུགས་སོ། །བཅུད་ཀྱི་གཟུགས་བཟང་ངན་གཉིས་ནི་ལྷ་མིའི་གཟུགས་སོ། །སྣོད་ཀྱི་ནི་མཛེས་མི་མཛེས་སོ། །ཟིལ་གྱིས་གནོན་པ་ནི་དབང་བསྒྱུར་བའོ། །ཤེས་མཐོང་གཉིས་ནི་ཞི་གནས་དང་ལྷག་མཐོང་ངོ༌། །ཁ་དོག་ཟིལ་གྱིས་གནོན་པ་བཞི་ནི། ས་ལ་སོགས་པ་རྣམས་སྡུག་པའི་རྣམ་པར་ཐར་པ་བཞིན་ནོ། །སྔོན་པོ་ནི་མདོར་བསྟན་ཏོ། །ཁ་དོག་སྔོན་པོ་ནི་ལྷན་སྐྱེས་སོ། །སྔོན་པོ་ལྟ་བུར་སྟོན་པ་ནི་སྦྱོར་བ་ལས་བྱུང་བའོ། །འོད་སྔོན་པོ་འབྱུང་བ་ནི་གཉིས་ཀ་ལ་སྔོན་པོའི་མདངས་ཡོད་པའོ། །ཟར་མའི་མེ་ཏོག་ནི་སྔོན་པོ་ལྷན་སྐྱེས་ཀྱི་དཔེའོ། །རས་ནི་སྦྱར་བ་ལས་བྱུང་བའི་དཔེའོ། །ཝཱ་ར་ན་སཱིའི་རས་དཔེར་མཛད་པ་ནི། ཁ་དོག་གཞན་ལས་ཆེས་གསལ་བའོ། །སེར་པོ་ལ་སོགས་པའང་དེ་བཞིན་དུ་སྦྱར་ཏེ། དོང་ཁའི་མེ་ཏོག་ནི་སེར་པོའི་དཔེའོ། །བན་དུ་ཛི་བ་ཀ་ནི་དམར་པོའི་དཔེའོ། །སྐར་མ་པ་བ་སངས་ནི་དཀར་པོའི་དཔེའོ། །རྣམ་ཐར་ནི་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ལ། འདིས་ནི་དམིགས་པ་ཟིལ་གྱིས་གནོན་ཏེ་ཇི་ལྟར་འདོད་པ་ལྟར་མོས་ཤིང་ཉོན་མོངས་མི་སྐྱེའོ། །གཟུགས་མེད་ལ་ཟིལ་གནོན་མ་བཤད་པ་ནི། གཟུགས་ཟིལ་གྱིས་གནོན་པ་ལ་ཟིལ་གནོན་དུ་བཤད་པས་སོ། །གསུམ་པ་ཟད་པར་བཤད་པ་ལ། བར་ཆད་མེད་པར་རྒྱས་ཤིང་ཁྱབ་པར་བྱེས་པས་ན་ཟད་པར་ཏེ། ཟད་པར་བཅུའོ། །ས་དང་ཆུ་དང་མེ་དང་རླུང་དང༌། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང༌། ནམ་མཁའ་དང་རྣམ་པར་ཤེས་པ་ལ་དམིགས་པའོ། །དང་པོ་བརྒྱད་ངོ་བོ་མ་ཆགས་པའི་དགེ་བ་དང༌། ས་བསམ་གཏན་བཞི་པ་ན་ཡོད་དོ། །སྤྱོད་ཡུལ་འདོད་པའི་གཟུགས་ཀྱི་སྐྱེ་མཆེད། ས་ལ་སོགས་པ་ནི་འཇིག་རྟེན་པ་དང་མཐུན་ནོ། །ཁ་ཅིག་ཟད་པར་རླུང་གི་དམིགས་པ་ནི་རེག་བྱའོ་ཞེས་ཟེར་རོ། །སྐྱེ་མཆེད་གཟུགས་ཅན་གཞན་བརྒྱད་ལ་ཟད་པ་མ་བཞག་པ་ནི། དབང་པོ་ལྔས་སྣོད་ལ་མ་ཁྱབ་པ་དང༌། དྲི་རོས་གཟུགས་ཁམས་ལ་མ་ཁྱབ་ཅིང་སྒྲ་ལ་རྒྱུན་མེད་པས་སོ། །ཞེས་བཤད་ལ། ས་སོགས་འབྱུང་བཞི་ལ་ཟད་པར་བཞག་པ་ནི་དེ་མེད་ན་འབྲས་བུའི་གཟུགས་རྐྱང་པས་ཁྱབ་པར་བྱེད་མི་ནུས་པས་སོ། །ཞེས་བཤད་དོ། །རྒྱས་པར་ཉི་ཁྲི་སྣང་བར་ལྟའོ། །ཟད་པར་ཐ་མ་གཉིས་ནི་གཟུགས་མེད་དང་པོ་གཉིས་ཀྱི་དག་པ་བའི་རང་བཞིན་ཏེ། སྤྱོད་ཡུལ་རང་གི་ས་པའི་ཕུང་པོ་བཞིའོ། །གཟུགས་མེད་གོང་མ་གཉིས་ལ་མ་བཞག་པ་ནི་དམིགས་ཡུལ་ཁྱབ་པར་སྤྲོ་བྱེད་མིན་པས་སོ། །རྣམ་ཐར་སོགས་དེ་གསུམ་ནི་རིམ་བཞིན་རྒྱབ་ཀྱིས་ཕྱོགས་ཏེ། ཟིལ་གྱིས་མནན་ནས་ཁྱབ་པར་སྤྲོ་བས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བའི་ཕྱིར། ཕྱི་མ་ཕྱི་མ་མཆོག་གོ །གཉིས་པ་ཐོབ་ཚུལ་ནི། ཅི་རྣམ་ཐར་སོགས་འདི་རྣམས་སྦྱོར་བྱུང་ངམ། ཆགས་བྲལ་གྱིས་ཐོབ་ཅེ་ན། འགོག་པའི་རྣལ་འབྱོར་གྱི་ཐོབ་ཚུལ་ནི་སྔར་བཤད་ཟིན་ལ། ལྷག་མ་རྣམ་ཐར་སོགས་ནི་འདྲིས་པ་འདོད་ཆགས་དང་བྲལ་བ་དང༌། མ་འདྲིས་པ་སྦྱོར་བས་ཐོབ་པས་སོ། །གསུམ་པ་རྟེན་གྱི་ཁྱད་པར་ནི། གཟུགས་མེད་ཀྱི་རྣམ་ཐར་དང༌། ཟད་པར་ནི་ཁམས་གསུམ་ཅར་གྱི་རྟེན་ཅན་ཡིན་ལ། ལྷག་མ་བཅུ་དགུ་ནི་ལུང་གིས་མཐུས་སྐྱེད་པས་མིའི་རྟེན་ཁོ་ན་ལ་སྐྱེ་སྟེ། ལྷ་ལ་སོགས་པ་གཞན་ལ་ལུང་མེད་པས་སོ། །འོ་ན་ཁམས་གོང་མ་གཉིས་པོ་དག་ཏུ་བསྒོམ་པར་བྱ་བའི་སྙོམས་འཇུག་འོག་མའི་རྟེན་ལ་ཇི་ལྟར་སྐྱེ་ཞེ་ན། རྒྱུ་དང༌། ལས་དང༌། ཆོས་ཉིད་གསུམ་གྱིས་སྙོམས་འཇུག་རྣམས་སྐྱེད་པ་ལ། དེར་གཟུགས་མེད་པའི་སྙོམས་འཇུག་ནི་རྒྱུའི་སྟོབས་དང༌། ལས་ཀྱི་སྟོབས་གང་རུང་གིས་སྐྱེ་སྟེ། དང་པོ་ནི་མིའི་རྟེན་ལ་སྲིད་རྩེའི་ཏིང་ངེ་འཛིན་ཐོབ་པ་ལས་ཉམས་ཏེ་དེ་མན་ཆད་ཀྱི་གཟུགས་དང་གཟུགས་མེད་གང་རུང་དུ་སྐྱེས་པ་ན་སྔོན་གོམས་པའི་སྐལ་མཉམ་གྱི་རྒྱུས་སྲིད་རྩེའི་ཏིང་ངེ་འཛིན་ཐོབ་པ་ལྟ་བུའོ། །གཉིས་པ་ནི། མིའི་རྟེན་ལ་ཡང་ཕྱི་མ་སྲིད་རྩེར་སྐྱེ་ངེས་ཀྱི་ལས་བྱས་ཏེ། སྔར་བཞིན་འོག་ས་གང་རུང་དུ་སྐྱེས་པ་ན་སྲིད་རྩེའི་སེམས་ཐོབ་ནས་དེར་སྐྱེ་ངེས་པ་ལྟ་བུའོ། །གཟུགས་ཀྱི་ཁམས་ཀྱི་འོག་ས་རྣམས་སུ་གོང་སའི་བསམ་གཏན་རྣམས་རྒྱུ་དང༌། ལས་དེ་དག་དང༌། དེར་མ་ཟད་ཆོས་ཉིད་ཀྱིས་ཀྱང་སྐྱེ་སྟེ། དེ་ནི་འཇིག་རྟེན་འཇིག་པའི་ཚེ་སེམས་ཅན་རྣམས་དགེ་བའི་འཇུག་པ་ཤས་ཆེ་བས། རྒྱུད་བསམ་གཏན་སྐྱེ་བ་དང་མཐུན་པའི་ཕྱིར། ལུང་ནོད་པ་མེད་པར་གོང་སའི་བསམ་གཏན་སྐྱེ་བའོ། །དེ་ལ་ཆོས་ཉིད་དེ་ནི། མདོ་སྡེ་པ་སྔོན་བསམ་གཏན་གོམས་པའི་བག་ཆགས་སུ་འདོད་ལ། བྱེ་བྲག་སྨྲ་བ་སྔོན་སྐལ་མཉམ་གྱི་རྒྱུ་ལ་འདོད་དོ། །དེ་གསུམ་ཆར་ལ་རྒྱུའི་ཆ་ཡོད་པར་འདྲ་ཡང་གཉིས་པ་ལས་གཙོ་ཆེ་ཞིང༌། གསུམ་པ་ངང་གིས་སྐྱེ་བ་གཙོ་ཆེ་བས་དེ་ལྟར་བཤད་དོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ཤེས་བྱ་རབ་གསལ་ཞེས་བྱ་བ་ལས། སྙོམས་འཇུག་བསྟན་པ་ཞེས་བྱ་བ་གནས་བརྒྱད་པའི་འགྲེལ་པའོ།། ༈ །གསུམ་པ་བསྟན་བཅོས་མཐར་ཕྱིན་པའི་དོན་ལ་ལྔ་སྟེ། བསྟན་པ་དམ་ཆོས་ཀྱི་དབྱེ་བ། བསྟན་པ་འཛིན་པའི་གང་ཟག བསྟན་བཅོས་ཇི་ལྟར་བརྩམས་པ། ཉེས་པ་བཟོད་པར་གསོལ་བ། བག་ཡོད་བྱ་བར་གདམས་པའོ། །དང་པོ་ནི་ཆོས་ཀྱི་རྣམ་པ་དུ་ཡོད། ཡུན་ཇི་སྲིད་དུ་གནས་ཤེ་ན། མཐོ་རིས་དང་ཐར་པའི་ལམ་སྟོན་པ་སངས་རྒྱས་ཀྱི་བསྟན་པ་ནི་དམ་པའི་ཆོས་ཡིན་ལ། དེ་ཡང་རྣམ་པ་གཉིས་ཏེ། ལུང་གི་ཆོས་སྡེ་སྣོད་གསུམ་དང༌། རྟོགས་པའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་བདག་ཉིད་དོ། །གཉིས་པ་ནི། ཆོས་དེ་འཛིན་པར་བྱེད་པ་ནི་གཉིས་ཏེ། རིམ་བཞིན་སྨྲ་བར་བྱེད་པ་དང༌། སྒྲུབ་པར་བྱེད་པ་ཡིན་ལ། དེ་གཉིས་གནས་པ་དེ་སྲིད་དུ་དམ་པའི་ཆོས་གནས་སོ། །གསུམ་པ་ནི། བསྟན་བཅོས་འདིར་བཤད་པའི་ཆོས་མངོན་པ་དེ་སྟོན་པས་བཤད་དམ་ཞེ་ན། སློབ་དཔོན་དབྱིག་གཉེན་བདག་གིས་མངོན་པའི་ཆོས་འདི་གནས་ལུགས་ཀྱི་གྲུབ་པའི་མཐའ་ཡང་བསྟན་ལ། ཕལ་ཆེར་ཁ་ཆེའི་ཡུལ་ན་གནས་པའི་བྱེ་བྲག་ཏུ་སྨྲ་བའི་ཚུལ་ལུགས་གྲུབ་པར་བཤད་དོ། །བཞི་པ་ནི། འདི་ལ་ཉེས་པར་ཟིན་པའི་ཆ་གང་དེ་འདིར་རྩོམ་པ་པོ་བདག་གིས་ཉེས་ཏེ། ཅིའི་ཕྱིར་ཞེ་ན། ལུང་རྟོགས་ཀྱི་དམ་པའི་ཆོས་ཀྱི་ཚུལ་དེ་བརྗོད་པ་ལ་ཚད་མ་ཐུབ་པ་དང༌། དེའི་སྲས་ཤཱ་རིའི་བུ་ལ་སོགས་པ་རྣམས་ཡིན་ནོ། །ལྔ་པ་ནི། སྟོན་པ་འཇིག་རྟེན་གྱི་མིག་ཏུ་གྱུར་པས་ལམ་དང་ལམ་མིན་པ་ཡང་དག་པར་སྟོན་པ་ནི་ཟུམ་སྟེ་མྱ་ངན་ལས་འདས་པས་འཇིག་རྟེན་ལོང་བར་གྱུར་ཅིང༌། དཔང་གྱུར་ནི་མངོན་སུམ་དུ་མཐོང་བ་སྟེ། བཅོམ་ལྡན་འདས་ནི་ལམ་དང་ལམ་མ་ཡིན་པ་སྟོན་པའོ་ཞེས་དེ་ཁོ་ན་ཉིད་ཀྱི་རྟོགས་པའི་གྲོགས་སུ་གྱུར་པའི་སྐྱེ་བོ་ཕལ་ཆེར་ཟད་པ་ནའོ། །མ་རིག་པའི་མུན་པས་དེ་ཁོ་ན་ཉིད་མ་མཐོང་བ་རང་དགར་གྱུར་པ་བཅོས་སུ་མི་བཏུབ་པའི་རྟོག་གེ་ངན་པ་རྣམས་ཀྱིས་ཐུབ་པའི་བསྟན་པ་ཚིག་དང་དོན་གྱི་སྒོ་ནས་དཀྲུགས་པས་སོ། །རང་བྱུང་དང་རང་བྱུང་གི་བསྟན་པ་གཅེས་པར་འཛིན་པ་སངས་རྒྱས་ཀྱི་སྲས་རྣམས་མཆོག་ཏུ་ཞི་བ་མྱང་འདས་སུ་གཤེགས་ཏེ་འདས་ནས་འགྲོ་བ་མགོན་མེད་པ་ན། གདམས་ངག་འདོམས་པ་མེད་པར་ཡོན་ཏན་འཇོམས་པར་བྱེད་པའི་ལྟ་བ་ངན་པ་སོགས་ཀྱི་དྲི་མ་དགའ་མགུར་ཏེ་རང་དགར་དེང་སང་འཇིག་རྟེན་འདི་ན་སྤྱོད་དོ། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི་ལྐོག་མར་སྲོག་ཕྱིན་པ་དང་འདྲ་བར་རིག་པ་དང༌། དྲི་མ་རྣམས་སྟོབས་དང་ལྡན་པའི་དུས་སུ་རིག་པར་བྱས་ནས་ཐར་པ་ཐོབ་པར་འདོད་པ་རྣམས་ཀྱིས་བག་ཡོད་པར་གྱིས་ལ། ཤེས་རབ་དང་བརྩོན་འགྲུས་ཕུན་སུམ་ཚོགས་པར་བྱས་ཏེ། ཐུབ་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱས་ཏེ་གོང་ནས་གོང་དུ་འཕེལ་བར་བྱའོ། །གཞུང་ལུགས་འབུམ་ཕྲག་དགུ་བཅུ་གོ་དགུའི་ཚིག་དོན་མ་ལུས་པ་འཛིན་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ། །བཀའ་དྲིན་དྲན་པའི་ཆེད་དུ་འགྱུར་བྱང་སྨོས་པ་ནི་རྒྱ་གར་ཞེས་སོགས་སོ། །སྟོབས་བཅུ་ལྡན་པའི་གསུང་རབ་གངས་ཆེན་མཚོ། །ལེགས་བཤད་ཡན་ལག་བརྒྱད་ལྡན་ཟབ་མོའི་ཆོས། །མཁས་པ་ཀླུ་དབང་རྣམ་པར་རོལ་པའི་གནས། །གཞུང་ལུགས་བྱེ་བའི་ཟླ་རིས་རྣམ་པར་གཡོ། །ཆོས་མངོན་ཤེས་བྱའི་རྒྱུ་སྐར་ཕྲེང་གཟུགས་ལྡན། སྐྱོན་བྲལ་དོན་གྱི་འདབ་སྟོང་རྣམ་པར་རྒྱས། །ལེགས་བཤད་པད་མཚོ་ཀུན་ཏུ་ཆེར་ཡངས་པ། །སྤྲིན་བྲལ་ཉི་མའི་ཟེར་གྱིས་པད་མོ་བཞིན། །དགོངས་དོན་གེ་སར་སྙིང་པོ་རྣམ་པར་འབྱེད། །ལུང་རིགས་དྲི་མེད་ཚ་ཟེར་སྟོང་འཕྲོ་བ། །རྣམ་བཤད་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཅན། །རྣམ་སྤྱོད་ཆུ་གཏེར་ཡོངས་སུ་བསྲུབས་པ་ལས། མཁས་མང་གླིང་བཞི་དག་གི་རྒྱན་གྱུར་པ། །ཡོངས་སུ་གྲུབ་པའི་དགེ་བ་ཟླ་འོད་ལྟར། །རབ་ཏུ་དཀར་ཞིང་མཁའ་ལྟར་ཡངས་པ་ཡིས། །སྡུག་བསྔལ་རྦ་རླབས་གཡོ་བའི་སྲིད་མཚོ་ལས། འགྲོ་རྣམས་ཐར་པའི་གླིང་དུ་འགོད་མཛད་པའི། ཚད་མེད་ཕྲིན་ལས་ཡོངས་སུ་ཐོབ་གྱུར་ཅིག །མཁས་པ་ཉིན་བྱེད་གཟི་བརྗིད་ཕུང་པོ་ལ། །འགྲན་འདོད་སྲིན་བུ་མེ་ཁྱེར་ཚོགས་རྣམས་ཀུན། །ཕྲག་དོག་ཡིད་ཀྱི་མུན་པ་རྣམ་སྤངས་ནས། །རང་གི་གནས་ཚུལ་སེམས་པར་བྱེད་ན་ལེགས། །གཞུང་ལུགས་བྱེ་བ་ཕྲག་བརྒྱ་བདུད་རྩིའི་རོ། །མགྲིན་པའི་ཆུ་འཛིན་དབུས་སུ་ལེགས་བཟུང་ཞིང༌། །རྣམ་དཔྱོད་སྤོབས་པའི་གློག་ཕྲེང་རབ་གསལ་བས། །མཁས་པའི་གསུང་རབ་པད་མོས་རྫིང་ཡངས་ཤིང༌། །ལེགས་བཤད་ཆུ་ཀླུང་དྲི་མེད་རྒྱུན་འབབ་པ། ནོར་གྱི་རྩ་ལག་གསུང་གི་བདུད་རྩིའི་འོད། །རྣམ་པར་འབྱེད་པའི་རྣམ་བཤད་རྨད་དུ་བྱུང༌། །ཟབ་མོའི་རྒྱ་མཚོར་འཇུག་པའི་གྲུ་བོ་ཆེ། །ཚུལ་འདི་གཞུང་ལུགས་བྱེ་བ་ཕྲག་བརྒྱ་པ། །ཀུན་མཁྱེན་གཉིས་པའི་ངག་གིས་གསལ་བར་བྱས། །དགེ་བ་ནམ་མཁའི་ཁམས་ལྟར་ཡངས་པ་དང༌། །དྲི་མེད་སྟོན་ཀའི་ཟླ་ལྟར་དཀར་བ་དང༌། །རྒྱ་མཚོའི་རྡུལ་སྙེད་རྣམ་མང་ཐོབ་པ་ཡིས། །མ་ལུས་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །ཚུལ་འདི་ནི་གསུང་རབ་ཀུན་གྱི་གླེགས་བམ་གཅིག་ཏུ་གྱུར་པ་མཁས་མཆོག་བུདྡྷ་ཤྲཱི་དང༌། འདུལ་བ་དང་མངོན་པའི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང༌། མཐའ་བྲལ་དབུ་མའི་དོན་ལ་མི་འཇིགས་ཁོང་དུ་ཆུད་པའི་བློ་གྲོས་ཅན། དམར་སྟོན་དབུ་མ་པ་ལ་སོགས་པའི་མཁས་པ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་པ། སྒྲ་དང་ཚད་མ་དང༌། སྡེབ་སྦྱོར་དང༌། མིང་གི་མངོན་བརྗོད་ལ་སོགས་པ་ཐ་སྙད་ཀྱི་གཙུག་ལག་ཁང་རྣམས་ལེགས་པར་ཁོང་དུ་ཆུད་ཅིང༌། གཞུང་ལུགས་བྱེ་བའི་ཚིག་དོན་མ་ལུས་པ་བློའི་རྒྱ་མཚོའི་ཡོངས་སུ་རྫོགས་པའི་བློ་ཅན། འཛམ་བུ་གླིང་ན་འགྲན་ཟླ་མེད་པའི་གོ་འཕང་བརྙེས་པ། ཟབ་མོའི་དོན་ལ་ཡིད་ཆེས་ཐོབ་ཅིང༌། སྙན་གྲགས་ཀྱིས་རྒྱ་མཚོའི་མཐའ་མ་ལུས་པ་ཀླས་པ། གཞུང་ལུགས་འབུམ་ཕྲག་དུ་མ་འཛིན་པའི་སློབ་མའི་དཔུང་ཚོགས་རབ་ཏུ་རྒྱས་པ། ཀུན་མཁྱེན་གཉིས་པ་རོང་སྟོན་ཆེན་པོས་མཁས་སློབ་དུ་མས་ཡོངས་སུ་བསྐུལ་བའི་ངོར། རྒྱལ་པོ་ཁྲི་རལ་པ་ཅན་གྱི་གཙུག་ལག་ཁང་གི་བྱང་ཕྱོགས་མཁས་གྲུབ་དུ་མའི་འབྱུང་གནས། སྙེ་ཕུ་ཙན་དན་གྱི་ནགས་ཁྲོད་དུ་སྦྱར་བའོ།། །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག། །།དགེའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།