སྒོམ་རིམ་དང་པོའི་འགྲེལ་པ་ཞི་ལྷག་གསལ་བར་བྱེད་པའི་རྒྱན།

༄༅། །སྒོམ་རིམ་དང་པོའི་འགྲེལ་པ་ཞི་ལྷག་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་བཞུགས་སོ།།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྒོམ་རིམ་དང་པོ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་མ་རྟོགས་པ་དང་ལོག་རྟོག་གི་མུན་པ་སེལ་བར་བྱེད་པ། ཟབ་མོའི་དོན་རྣམ་པར་འགྲེལ་པ། ཞི་གནས་དང་ལྷག་མཐོང་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ། མཁྱེན་པའི་དཀྱིལ་འཁོར་རབ་གསལ་ཉི་མའི་འོད། །ཐུགས་རྗེའི་བསིལ་ཟེར་ཟླ་བའི་འོད་དང་ལྡན། །ངག་གི་སྤོབས་པ་མི་ཟད་ལྷག་པའི་ལྷ། །བློ་གཏེར་གངས་རིའི་མདོག་ཅན་ལ་ཕྱག་འཚལ། །སྟོན་དུས་སྤྲིན་བྲལ་མཁའ་ལ་ཉི་མ་བཞིན། །མ་ལུས་ཤེས་བྱའི་ཚོགས་རྣམས་མངོན་སུམ་དུ། །མཁྱེན་པར་གྱུར་ཅིང་མཐའ་ཡས་འགྲོ་བ་ལ། །ཕན་བདེ་སྒྲུབ་མཛད་ཐུབ་དབང་ལ་ཕྱག་འཚལ། །ཆར་སྤྲིན་སྟུག་པོས་ཁེབས་པའི་མཚོ་བཞིན་དུ། །སྨྲ་བའི་ཆུ་མཚོ་ལེགས་བཤད་སྤྲིན་སྔོན་ལྡན། །འཛམ་གླིང་མཁས་པ་ཀུན་གྱིས་མཆོག་ཏུ་བསྔགས། །པདྨའི་ངང་ཚུལ་མཆོག་དེ་རྣམ་པར་རྒྱལ། །ལེགས་བཤད་མེ་ཏོག་ཕྲེང་བ་མགྲིན་པར་འཛིན། །གསུང་རབ་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །མཁས་མང་ཀླུ་དབང་གཙུག་གི་ནོར་བུ་མཆོག །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བླ་མེད་བྱང་ཆུབ་མཆོག་ཏུ་བགྲོད་པའི་ལམ། །ཟབ་དོན་གེ་སར་སྙིང་པོ་རྣམ་འབྱེད་པ། །པདྨའི་ངང་ཚུལ་གསུང་རབ་དྲི་མེད་ཀྱི། །ཚིག་དོན་ཇི་བཞིན་གསལ་བའི་རྣམ་བཤད་བྱ། །མཁས་པའི་དབང་པོ་ཞི་བ་འཚོས། འཕགས་པའི་ཡུལ་གྱི་མཁས་པ་མཆོག་ཏུ་རབ་ཏུ་བསྔགས་ཤིང༌། གསུང་རབ་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ། ཁྱད་པར་རིགས་པའི་ཚུལ་ལ་ཤིན་ཏུ་མཁས་པའི་སློབ་དཔོན་ཀ་མ་ལ་ཤཱི་ལས། སློབ་དཔོན་ཧྭ་ཤང་མཧཱ་ཡ་ན་ལ་སོགས་པའི་ལྟ་བ་ངན་པ་རྣམས་བཟློག་ཅིང༌། ཡང་དག་པའི་ལམ་གྱི་རིམ་པ་མ་ནོར་བར་སྟོན་པའི་བསྟན་བཅོས་མཛད་པར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་སྔ་ནས་ཡོངས་སུ་བསྐུལ་བས། དང་པོ་ཞི་གནས་ཤས་ཆེ་བ་དང༌། བར་དུ་ཟུང་དུ་འཇུག་པ་དང༌། ཐ་མ་ལྷག་མཐོང་ཤས་ཆེ་བ་སྟོན་པའམ། ཡང་ན་དང་པོ་རང་གི་བཞེད་གཞུང་རྒྱས་པར་སྟོན་པ་དང༌། བར་པ་ལམ་ཉམས་སུ་ལེན་པའི་ཚུལ་གསལ་བར་མཛད་པ་དང༌། ཐ་མ་གཞན་ཕྱོགས་སུན་དབྱུང་བ་གཙོ་བོར་བྱས་པའི་སྒོམ་པའི་རིམ་པ་གསུམ་གསུངས་པ་ལས། སྒོམ་པའི་རིམ་པ་དང་པོ་བསྟན་པ་ལ་གཉིས་ཏེ། མཚན་བསྒྱུར་ཅིང་བཤད་པ་དང༌། བཤད་བྱའི་དོན་དངོས་སོ། །དང་པོ་ནི། བྷ་བ་ན་ཞེས་པ་བོད་སྐད་དུ། སྒོམ་པའོ། །ཀྲ་མ་ཞེས་པ་ནི་རིམ་པའོ། །ཡང་དང་ཡང་དུ་ཡིད་ལ་འདྲིས་པར་བྱ་བ་ཡིན་པས་སྒོམ་པའོ། །སྒོམ་ཚུལ་གྱི་རིམ་པ་སྟོན་པས་ན་རིམ་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་པ་ནི། ལོ་ཙཱ་བས་རང་དད་པའི་ལྷ་ལ་ཕྱག་འཚལ་བའི་དོན་དུ་གསུངས་སོ། །གཉིས་པ་བཤད་བྱའི་དོན་དངོས་ལ་དོན་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། སྒོམ་པའི་རིམ་པ་དངོས་དང༌། བཤད་པའི་བསོད་ནམས་བསྔོ་བའོ། །དང་པོ་ནི། བརྗོད་པར་བྱའོ། །གང་ན། ཐེག་པ་ཆེན་པོའི་ལམ་སྒོམ་པའི་རིམ་པའོ། །ཇི་ལྟར་ན། གསལ་བའི་རབ་དབྱེ་མཐའ་ཡས་པ་ཡོད་ཀྱང་མདོར་བསྡུས་ཙམ་མོ། གང་གི་ཆེད་དུ་ཞེ་ན། རང་གི་བློ་གྲོས་ཀྱི་སྟོབས་ཀྱིས་མདོ་ལ་བལྟས་པས། བྱང་ཆུབ་ཀྱི་ལམ་གྱི་རིམ་པ་རྟོགས་མི་ནུས་པའི་ལས་དང་པོ་པ་དེའི་ཉམས་སུ་བླང་བྱ་ལས་བརྩམས་ཏེ་དེའི་དབང་དུ་བྱས་སོ། །ཇི་ལྟ་བུའི་ལས་དང་པོ་པ་ཞེ་ན། ཐེག་པ་ཆེན་པོའི་མདོ་སྡེའི་དོན་བྱང་ཆུབ་ཀྱི་ཚུལ་ལམ་ཐབས་སྤྱོད་པར་འདོད་པའོ། ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་ཡིན་ལ། དེའི་ཐེག་པ་ཡིན་པས་ཐེག་པ་ཆེན་པོའོ། །ཆོས་རྣམས་ཀྱི་ཚིག་དང་དོན་སྟོན་པར་བྱེད་པས་མདོ་སྡེའོ། །གཉིས་པ་སྒོམ་པའི་རིམ་པ་དངོས་བཤད་པ་ལ་གཉིས་ཏེ། བསྒོམ་བྱའི་གནས་མདོར་བསྡུ་བ་དང༌། སོ་སོར་རྣམ་པར་དབྱེ་བའོ། །དང་པོ་ནི། ཉན་ཐོས་ཀྱི་ལམ་ཡང་བརྒྱུད་ནས་རྣམ་མཁྱེན་ཐོབ་པའི་རྒྱུར་འགྱུར་མོད། འོན་ཀྱང༌། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་ཐོབ་པར་འདོད་པས་འབད་པར་བྱའོ་ཞེས་སྦྲེལ་ལོ། །གང་ན། བསླབ་པར་བྱ་བའི་གནས་འདི་གསུམ་ལའོ། །གསུམ་གང་ཞེ་ན། རྣམ་མཁྱེན་ཐོབ་པའི་རྒྱུའི་རབ་ཏུ་དབྱེ་བ་མཐའ་ཡས་པ་ཡོད་ཀྱང་མདོར་བསྡུ་ན། ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་དང༌། སྙིང་རྗེས་འཕངས་པའི་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་གཉིས་དང༌། སེམས་བསྐྱེད་ཀྱི་དམིགས་པའི་དོན་མཐར་ཕྱིན་པའི་དོན་དུ་བསྒྲུབ་པར་བྱ་བའོ། །འདི་དག་རྒྱུད་ལ་བསྐྱེད་པའི་རིམ་པ་ནི། སེམས་ཅན་སྡུག་བསྔལ་བ་མཐོང་བ་ན་གཞན་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་སྐྱེ་ལ། དེ་ནས་གཞན་གྱི་སྡུག་བསྔལ་སེལ་བའི་ཐབས་ལ་རྟོག་པར་མཛད་དོ། །སྡུག་བསྔལ་སེལ་བའི་ཐབས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ལ། རྣམ་མཁྱེན་མ་ཐོབ་པར་བསྐོར་བར་མི་ནུས་པར་མཐོང་ནས། གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་སེམས་སྐྱེའོ། །བྱང་ཆུབ་ཀྱང་ཐོབ་པར་འདོད་པ་ཙམ་གྱིས་མི་འབྱུང་བས་དེའི་ཐབས་སྒྲུབ་པ་ལ་འཇུག་པ་ནི་གནས་གསུམ་པོའི་གོ་རིམ་མོ། །གཉིས་པ་སོ་སོར་རྣམ་པར་དབྱེ་བ་ལ། མདོར་བསྟན་ལྟར་དོན་གསུམ་ལས། ཐོག་མར་སྙིང་རྗེ་སྟོན་པ་ལ་དོན་གཉིས་ཏེ། ཐོག་མར་སྙིང་རྗེ་གཙོ་བོར་བྱ་བར་བསྟན་པ་དང༌། སྙིང་རྗེ་སྒོམ་པའི་ཐབས་སོ། །དང་པོ་ལ་གསུམ་སྟེ། སྙིང་རྗེ་རང་དོན་གྱི་རྩ་བར་བསྟན་པ་དང༌། གཞན་དོན་གྱི་རྩ་བར་བསྟན་པ་དང༌། མི་གནས་པའི་མྱང་འདས་ཀྱི་རྒྱུར་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། ལུང་གིས་བསྒྲུབ་པའོ། །དང་པོ་ནི། རྒྱུའི་རྩ་བ་གསུམ་དུ་བསྟན་པ་དེ་ལ། ཐེག་ཆེན་གྱི་ལམ་ལ་འཇུག་པའི་ཐོག་མར་སྙིང་རྗེ་དེ་ཉིད་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། སངས་རྒྱས་ཀྱི་ཆོས་བྲལ་བའི་ཡོན་ཏན་དང༌། རྣམ་སྨིན་གྱི་ཡོན་ཏན་མ་ལུས་པའི་རྒྱུའི་རྩ་བ་སྙིང་རྗེ་ཁོ་ན་ཡིན་པར་ཤེས་པར་བྱས་ལ་བསྒོམ་མོ། །གཉིས་པ་ལུང་གིས་བསྒྲུབ་པ་ནི། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྩ་བ་ཡིན་པར་ཤེས་པར་བྱས་ལ་ཞེས་གསུངས་ན། གང་ལ་ཤེས་པར་བྱ་ཞེ་ན། ལུང་ལས་ཤེས་པར་བྱའོ་ཞེས་སྟོན་པ་ནི། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྩ་བ་ཡིན་པ་དེ་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་ཏེ། དྲིས་ལན་དུ་མ་ཡོད་པ་ལས། སྔ་མ་རྣམས་གསུངས་པའི་རྗེས་ཐོགས་དེ་ནས་བཅོམ་ལྡན་འདས་ལ་འོག་ནས་འབྱུང་བ་འདི་སྐད་ཅེས་གསོལ་ཏེ། གང་གིས་ཞེ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སོ། །མདོ་ནི་འདི་ལྟ་སྟེ། བཅོམ་ལྡན་འདས་དཔང་པོར་བཞག་ནས་རང་གི་རྟོགས་པ་བརྗོད་པ་ནི། བྱང་ཆུབ་སེམས་དཔས་ཐོག་མར་ཆོས་རབ་ཏུ་མང་པོ་ལ་སློབ་པར་མི་བགྱིའོ་ཞེས་པ་སྟེ། ཐམས་ཅད་རྒྱུའི་གཙོ་བོ་ཡིན་ནམ་སྙམ་ན། སྙིང་རྗེ་གཙོ་བོ་ཡིན་ནོ་ཞེས་སྟོན་ཏོ། །འོ་ན་ཐོག་མར་གང་ལ་བསླབ་པར་བྱ་སྙམ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་ཐོག་མར་ཐོས་པས་རབ་ཏུ་བཟུང་ཞིང༌། བསམ་པ་དང་སྒོམ་བྱུང་གིས་རབ་ཏུ་རྟོག་པར་བགྱི་ན། སངས་རྒྱས་རྒྱུའི་ཆོས་དང༌། འབྲས་བུའི་ཆོས་ཐམས་ཅད་གང་ཟག་དེའི་ལག་མཐིལ་ན་མཆིས་པ་ལགས་སོ་ཞེས་པ་སྟེ་ཐོབ་པར་སླ་བའི་དོན་ནོ། །གོང་དུ་ཆོས་གཅིག་རབ་ཏུ་བཟུང་ན་ཞེས་གསུངས་ན། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །སྙིང་རྗེ་ཙམ་པོ་ནི་ཉན་ཐོས་སོགས་ལའང་ཡོད་ལ། དེ་ལས་ལྷག་པས་ཆེན་པའོ། །ངོ་བོ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །བཅོམ་ལྡན་འདས་སེམས་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་བསྒོམས་པས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྙིང་རྗེ་ཆེན་པོ་བསྒོམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདེ་བླག་ཏུ་ཐོབ་པས་ན། དེ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་དང་འདྲ་བ་ལགས་སོ། །སྙིང་རྗེ་ཆེན་པོ་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་ན་མཆིས་པ་དང་འདྲ་བའི་དཔེ་བསྟན་པ་ནི། བཅོམ་ལྡན་འདས་རང་གི་རྟོགས་པ་བརྗོད་པའི་ཡུལ་དུ་བྱས་ནས་སྨྲས་པ། ཇི་སྐད་བརྗོད་པའི་དཔེ་གསལ་བར་བགྱི་ན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེའི་མཐུས་རྒྱལ་སྲིད་ལ་དབང་བསྒྱུར་བས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཞེས་བརྗོད་པའི་འཁོར་ལོ་རིན་པོ་ཆེ་སྟེ་གནས་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཀྱི་ཡན་ལག་བཞི་པོ་ཐམས་ཅད་མཆིའོ། །ཡན་ལག་བཞི་ནི། ཤིང་རྟ་ལ་བརྟེན་པའི་དམག་གི་ཚོགས་དང༌། གླང་པོ་ཆེའི་དམག་གི་ཚོགས་དང༌། རྟ་པའི་དམག་གི་ཚོགས་དང༌། དཔུང་བུ་ཆུང་གི་ཚོགས་སོ། །འཁོར་ལོ་རིན་པོ་ཆེ་ཞེས་བརྗོད་པ་ནི། རྒྱལ་པོས་བསམས་པའི་དོན་དེ་ལས་འབྱུང་བའོ། །དཔེ་བརྗོད་ནས་དོན་བསྟན་པ་ནི། བཅོམ་ལྡན་འདས་དཔེ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་དེ་གང་ཟག་གང་གི་རྒྱུད་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་བདེ་བླག་ཏུ་གྲུབ་པར་མཆིས་སོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་རྩ་བར་དཔེས་བསྟན་པ་ནི། བཅོམ་ལྡན་འདས་སྙིང་རྗེ་གཙོ་བོར་གྲུབ་པའི་དཔེ་བརྗོད་པར་བགྱི་ན། གང་ཟག་གང་གི་སྲོག་གི་དབང་པོ་མཆིས་ན། གང་ཟག་དེ་ལ་མིག་གི་དབང་པོ་ལ་སོགས་པའི་དབང་པོ་གཞན་རྣམས་ཀྱང་འབྱུང་ཞིང་གནས་པར་འགྱུར་རོ། །དཔེ་བཀོད་ནས་དོན་བསྟན་པ་ནི། བཅོམ་ལྡན་འདས་དཔེ་དེ་བཞིན་དུ། གང་གི་རྒྱུད་ལ་སྙིང་རྗེ་ཆེན་པོ་མཆིས་པ་ལ། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ་ཞེས་འབྱུང་ངོ༌། །ཐེག་པ་ཆེན་པོའི་ཡོན་ཏན་རྣམས་ཀྱི་སྔོན་དུ་འགྲོ་བར་བསྟན་པ་ནི། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་གསུངས་ཏེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཞེས་བོས་ནས། མི་ཟད་པ་བརྒྱད་ཅུ་ལས་སྙིང་རྗེ་མི་ཟད་པ་བསྟན་པ་ནི། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་མི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་ཡོན་ཏན་གཞན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་རོ། །མི་ཟད་ཅེས་པ་ནི། ཉན་ཐོས་ཀྱི་སྤངས་རྟོགས་ལྷག་མེད་དུ་ཟད་པར་འདོད་པ་ལྟར་མ་ཡིན་པར། འཁོར་བ་ཇི་སྲིད་པར་འཇུག་པས་མི་ཟད་པ་ཞེས་བྱའོ། །ཡོན་ཏན་གཞན་རྣམས་ཀྱི་སྔོན་དུ་འགྲོ་ཚུལ་གྱི་དཔེ་བསྟན་པ་ནི། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་རྣམས་ཀྱི་དབུག་ཕྱིར་རྒྱུ་བ་དང་ནང་དུ་རྒྱུ་བ་ནི། མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་བྱ་སྟེ། འདིས་མི་རྣམས་ཀྱི་སྲོག་གི་རྟེན་རླུང་དུ་བསྟན་པས་ན། ནང་གི་རླུང་དང་སྲོག་དོན་གཅིག་པ་གསལ་བ་ཡིན་ནོ། །ཇི་སྐད་བསྟན་པའི་དཔེ་དེ་བཞིན་དུ། འཁོར་བའི་གཡུལ་ངོ་བཟློག་པའི་དཔའ་བོ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི། རྒྱུའི་ཐེག་ཆེན་དང་འབྲས་བུའི་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་དོ། །འདིས་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོའི་ཆོས་རྣམས་ཀྱི་མྱུ་གུའི་ས་བོན་དང་འདྲ་བར་བསྟན་ནོ། །སྙིང་རྗེ་ཆེན་པོ་བྱང་སེམས་རྣམས་ཕར་ཕྱིན་དྲུག་གི་སྤྱོད་པ་ལ་འཇུག་པའི་རྒྱུར་བསྟན་པ་ནི། རི་བོ་ག་ཡ་གོ་རིའི་རྩེ་མོ་ལ་བཞུགས་ནས་བཤད་པས། འཕགས་པ་ག་ཡ་གོ་རིའི་མདོ་ཞེས་བྱ་བ་ལས་ཀྱང་གསུངས་ཏེ། ཀྱང་ཞེས་པའི་སྒྲས་ནི། མདོ་སྔ་མ་གཉིས་སྡུད་པའོ། །ལྷའི་བུ་སྣང་བ་དྲི་མ་མེད་པས་འཇམ་དཔལ་ལ་དྲི་བ་ནི། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པའི་དང་པོའི་རྩོམ་པ་ནི་ཅི། ཞེས་པ་ནི་ངོ་བོ་དྲི་བའོ། །གནས་ནི་གང་ཞེས་པས་ནི། དམིགས་པ་དྲི་བའོ། །འཇམ་དཔལ་གྱིས་ལྷའི་བུའི་ལན་སྨྲས་པ། ལྷའི་བུ་ཞེས་བོས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའི་དང་པོའི་རྩོམ་པ་ནི། སྙིང་རྗེ་ཆེན་པོའོ་ཞེས་གསུངས་ཏེ། སྙིང་རྗེ་ཆེན་པོ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ལ་འཇུག་པའི་ཕྱིར། གནས་ནི་སེམས་ཅན་ནོ་ཞེས་གསུངས་ཏེ། སེམས་ཅན་ལ་དམིགས་ནས་སྐྱེ་བའི་ཕྱིར། རྒྱུ་ལ་གནས་ཞེས་བསྟན་ཏོ། །དེ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་ཞེས་གསུངས་པ་ནི། འདིར་བཀོད་པའི་ཉུང་ངུ་ཙམ་ཞིག་གསུངས་སམ་སྙམ་པའི་དོགས་པ་བཟློག་པའོ། །མང་དུ་གསུངས་ཀྱང་འདིར་ཉུང་ངུ་ཙམ་ཞིག་བཀོད་པ་ནི་ཚིག་མང་དུ་དྭོགས་པ་ཡིན་ནོ། །གཉིས་པ་གཞན་དོན་གྱི་རྩ་བར་བསྟན་པ་ནི། གོང་དུ་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩ་བར་བསྟན་པ་དེ་ལྟར། གཞན་དོན་ལ་འཇུག་པའི་རྩ་བ་ཡང་ཡིན་ཏེ། སྙིང་རྗེ་ཆེན་པོས་སེམས་རྒྱུད་ཡོངས་སུ་བསྐྱོད་པས། བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ཀྱི་དོན་ལ་མི་ལྟ་བར་མཐའ་ཡས་པའི་སེམས་ཅན་གཞན་ལ་ཅུང་ཟད་ཙམ་མ་ཡིན་པར་ཤིན་ཏུ་ཕན་པ་དོན་དུ་གཉེར་བའི་བློས། རང་དོན་ཚོགས་གཉིས་ཡོངས་སུ་བསགས་པས་གཞན་དོན་དུ་ཤིན་ཏུ་བྱ་དཀའ་བ་ལུས་དང་སྲོག་ཀྱང་སྦྱིན་པར་གཏོང་ཞིང༌། དུས་ཤིན་ཏུ་ཡུན་རིང་བ་བསྐལ་པ་གྲངས་མེད་པ་ལ་གཞན་དོན་གྱི་དཀའ་སྤྱད་ཀྱིས་དུབ་པར་འགྱུར་བ་ལ་འཇུག་གོ །གཞན་ཉན་ཐོས་ལ་དུབ་པའི་རྒྱུར་འགྱུར་བས་དེ་སྐད་ཅེས་བརྗོད་ཀྱི། བྱང་ཆུབ་སེམས་དཔའ་དེ་ཉིད་དུབ་པར་འགྱུར་བར་བརྗོད་པ་ནི་མ་ཡིན་ནོ། །ཡང་ན་ཉན་ཐོས་ཀྱིས་སྤྱད་ན་དུབ་པར་འགྱུར་བའི་རྒྱུ། གཞན་དོན་གྱི་དཀའ་སྤྱད་ལ་འཇུག་གོ་ཞེས་པའི་དོན་ནོ། །དེ་ཉིད་ཡིད་ཆེས་པའི་ལུང་གིས་བསྟན་པ་ནི། གཞན་དད་པ་བསྐྱེད་པའི་དབང་དུ་བྱས་པའི་མདོ། འཕགས་པ་དད་པའི་སྟོབས་བསྐྱེད་པའི་མདོ་ཞེས་བྱ་བ་ལས་གསུངས་པ་སྟེ། མདོ་བཤད་པ་ནི། དེ་ལ་སྙིང་རྗེ་ཆེན་པོའི་རྒྱུ་ལས་ནི། གང་སེམས་ཅན་སྨིན་པར་བྱ་བའི་ཕྱིར་དུ། ལྷ་དང་མི་ལ་སོགས་པའི་སྡུག་བསྔལ་གྱི་སྐྱེ་བ་མི་ལེན་པ་ནི་ཅི་ཡང་མེད་དོ་ཞེས་པ་སྟེ། མངོན་རྟོགས་རྒྱན་ལས། གཞན་གྱི་དོན་དུ་དམྱལ་ཚོལ་དང༌། །ཞེས་པ་ལྟར་རོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་རང་ཉིད་ཀྱི་བདེ་བའི་སྐྱེ་བ་མི་འདོར་བ་ནི་ཅི་ཡང་མེད་དོ་ཞེས་གསུངས་སོ། །མདོ་ཚིག་འདི་གཉིས་ཀྱིས་ནི། བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ་བར་བསྟན་ནོ། །དེ་ལྟར་བྱས་པ་ལ་ཕན་ཡོན་ཅི་ཡོད་ཅེ་ན། གཞན་གྱི་སྡུག་བསྔལ་ལེན་པ་དང༌། རང་གི་བདེ་བ་འདོར་བ་ཤིན་ཏུ་བྱ་དཀའ་བ་ལ་ཞུགས་ན། གནས་སྐབས་ཀྱི་འབྲས་བུ་ཚོགས་ཡོངས་སུ་རྫོགས་ཏེ། མཐར་ཐུག་གི་འབྲས་བུ་གདོན་མི་ཟ་བར་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་རྒྱུད་ལ་ཐོབ་པར་འགྱུར་རོ། །ཚོགས་གཉིས་བསགས་པ་དང་མཐུན་པར་འབྲས་བུ་ཐོབ་པར་ངེས་པས་ན་གདོན་མི་ཟ་བ་ཞེས་བྱ་སྟེ། ལས་དང་འབྲས་བུའི་འབྲེལ་པ་ཆུད་མི་ཟ་བའི་དོན་ནོ། །སྙིང་རྗེ་ཡོད་ན་རྣམ་མཁྱེན་ཐོབ་པར་ངེས་པ་དེ་བས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་སྙིང་རྗེ་ཁོ་ནའོ་ཞེས་བྱ་བར་གྲུབ་བོ། །གསུམ་པ་མི་གནས་པའི་མྱང་འདས་ཀྱི་རྒྱུར་བསྟན་པ་ནི། མངོན་པར་རྫོགས་པར་སངས་རྒྱས་ཏེ། གཞན་དོན་བྱེད་པ་ཡང་སྙིང་རྗེ་ཆེན་པོའི་མཐུ་སྟེ། སྙིང་རྗེ་ཆེན་པོས་ཐུགས་རྒྱུད་ཡོངས་སུ་ཟིན་པར་བྱས་པ་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་ནས་སེམས་ཅན་ཉི་ཚེ་བ་ཙམ་གྱི་དོན་བྱེད་པ་མ་ཡིན་པར་འགྲོ་བ་མ་ལུས་པའི་དོན་མངོན་མཐོ་དང་ངེས་ལེགས་སྒྲུབ་པར་མཛད་ཅིང༌། སྔོན་གྱི་སྨོན་ལམ་གྱི་མཐུས་འཁོར་བ་ཇི་སྲིད་པར་བཞུགས་སོ། །སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཤིན་ཏུ་ཞི་བ་དེ་ལྟ་བུ་བརྙེས་ན་ཡང་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོ་སྐྱེ་བ་ཀུན་ཏུ་སྙིང་རྗེ་གོམས་པའི་མཐུས། སེམས་ཅན་མ་ཟད་ཀྱི་བར་དུ་མྱ་ངན་ལས་འདས་པ་ལ་མི་གནས་སོ། །དེས་ན་སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དང་པོར་མྱུ་གུ་སྐྱེ་བ་ལ་ས་བོན་ལྟ་བུ་དང༌། བར་དུ་མི་ཉམས་པ་ལ་ཆུ་ལྟ་བུ་དང༌། ཐ་མར་ལོ་ཐོག་སྨིན་ནས་གཞན་གྱི་ལོངས་སྤྱོད་དུ་གྱུར་པ་ལྟ་བུའོ། །སྙིང་རྗེ་གཙོ་བོར་བྱ་བར་བསྟན་ཟིན་ཏོ། །གཉིས་པ་སྒོམ་པའི་ཐབས་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སངས་རྒྱས་ཀྱི་ཆོས་རྣམས་སྙིང་རྗེ་ཆེན་པོ་ལས་སྐྱེ་ན། སྙིང་རྗེ་ཆེན་པོ་གང་ལས་སྐྱེ་ཞེ་ན། སྙིང་རྗེ་དེ་ཡང་རབ་ཏུ་སྡུག་བསྔལ་བའི་སེམས་ཅན་ལ་དམིགས་ཤིང༌། གཞན་གྱི་སྡུག་བསྔལ་ཡིད་ལ་བྱ་བ་མང་དུ་བྱས་པ་ལས་སྐྱེ་བར་འགྱུར་ཏེ། ཞེས་པས་སྙིང་རྗེ་གང་ལ་བསྒོམ་པར་བྱ་བའི་ཡུལ་བསྟན་ཏོ། །ཡུལ་དེ་ལ་དམིགས་ནས་ཇི་ལྟར་བསྒོམ་པར་བྱ་ཞེ་ན། སེམས་ཅན་གང་དག་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་འཇིག་རྟེན་གསུམ་ན་སྤྱོད་པ་ཐམས་ཅད། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དང་རྣམ་པ་གསུམ་གྱིས་ཇི་ལྟར་མཐུན་མཐུན་དུ་སྡུག་བསྔལ་ལོ་ཞེས་སྙིང་རྗེ་སྒོམ་པ་ན་དམིགས་རྣམ་དེ་ལྟར་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། །ངན་སོང་གསུམ་ལ་སྡུག་བསྔལ་གྱི་སྡུག་བསྔལ་དང༌། མི་དང་འདོད་པའི་ལྷ་ལ་འགྱུར་བའི་སྡུག་བསྔལ་གཙོ་ཆེ་བ་དང༌། ཁམས་གོང་མ་གཉིས་ན་འདུ་བྱེད་ཀྱི་སྡུག་བསྔལ་རབ་ཏུ་ཆེ་བས་ན། གང་ལ་གང་གཙོ་ཆེ་བར་ཡོད་པར་མཐུན་པར་བསྒོམ་པ་ནི། ཇི་ལྟར་མཐུན་མཐུན་དུ་སྒོམ་པའི་དོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྙིང་རྗེའི་དམིགས་པ་རྒྱས་པར་བཤད་པ་དང༌། སྙིང་རྗེ་སྒོམ་པའི་རིམ་པ་དང༌། སྙིང་རྗེ་གོམས་པའི་ཚད་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པར་བསྟན་པའོ། །དང་པོ་ལ་ལྔ་སྟེ། དམྱལ་བའི་སྡུག་བསྔལ་དང༌། ཡི་དྭགས་ཀྱི་སྡུག་བསྔལ་དང༌། དུད་འགྲོའི་སྡུག་བསྔལ་དང༌། མིའི་སྡུག་བསྔལ་ད་ང༌། ལྷ་ཡི་སྡུག་བསྔལ་ལོ། །དང་པོ་ནི། འགྲོ་བ་རིགས་ལྔ་ཡོད་པ་དེ་ལ་སེམས་ཅན་དམྱལ་བ་པ་དག་ནི། བདེ་བའི་བར་མཚམས་མེད་པས་ན་སྡུག་བསྔལ་རྒྱུན་མི་འཆད་ཅིང༌། ཚེ་རིང་བས་སྡུག་བསྔལ་ཡང་ཡུན་རིང་ལ། སྡུག་བསྔལ་གྱི་ངོ་བོ་ནི་ཚ་བ་དང་གྲང་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་སོ། །སྡུག་བསྔལ་ཆུ་བོ་དང་འདྲ་བ་ཉིད་ཀྱི་ནང་དུ་ཆུད་ཅིང་འཐོན་པར་དཀའ་བས་ན། སྡུག་བསྔལ་གྱི་ཆུ་བོར་བྱིང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །གཉིས་པ་ནི། དམྱལ་བ་རྣམས་སྡུག་བསྔལ་སྣ་ཚོགས་ཀྱིས་སྡུག་བསྔལ་བ་དེ་བཞིན་དུ། ཡི་དྭགས་རྣམས་ཀྱང་འཕེན་བྱེད་མི་དགེ་བས་འཕངས་པས་ངན་སོང་དུ་སྐྱེས་ཤིང༌། འོན་ཀྱང་རྫོགས་བྱེད་དགེ་བས་བྱས་པ་ཡང་ཡོད་པས་དེ་མ་གཏོགས་པ་ཕལ་ཆེར་བཟོད་པར་དཀའ་བས་ན་ཤིན་ཏུ་མི་བཟད་པའི་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱི་མེས་བསྐམས་པའི་ལུས་ཤིན་ཏུ་སྡུག་བསྔལ་མང་པོ་མྱོང་ངོ་ཞེས་གསུངས་པ་ལ། བཤེས་སྤྲིང་ལས། ཏ་ལའི་ཡང་ཐོག་བསྐམས་འདྲའི་ཡི་དྭགས་གཟུགས། །ཞེས་གསུངས་པ་ལྟར་རོ། །སྡུག་བསྔལ་མང་པོ་ཡོད་ཚུལ་བསྟན་པ་ནི། ཡིད་དྭགས་ལ་ལས་ལོ་བརྒྱར་ཡང་མཆིལ་མའི་ཐལ་བ་དང་མི་གཙང་བ་ཡང་བཟར་མི་རྙེད་ན། གཞན་ལྟ་ཅི་སྨོས་སོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དམྱལ་བ་དང་ཡི་དྭགས་རྣམས་ལ་སྙིང་རྗེ་བསྒོམ་པ་ཡང༌། སྙིང་རྗེ་སྒོམ་པ་པོའི་མིས་དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་དངོས་སུ་མི་མཐོང་བས། བཅོམ་ལྡན་འདས་ཀྱི་ལུང་ལས་གསུངས་པའི་རྗེས་སུ་འབྲངས་ནས་བསྒོམ་པར་བྱའོ་ཞེས་ཤེས་པའི་དོན་དུ་ལུང་ཁུངས་སུ་མཛད་པ་ཡིན་ནོ། །གསུམ་པ་ནི། དམྱལ་བ་དང་ཡི་དྭགས་སུ་མ་ཟད་དུད་འགྲོ་རྣམས་ཀྱང་རྒྱ་མཚོ་ཆེན་པོ་ལ་སོགས་ལ་གནས་པ་དངོས་སུ་མཐོང་མ་མཐོང་ཅི་རིགས་པ་རྣམས་ཕན་ཚུན་གཅིག་ལ་གཅིག་ཟ་བ་དང༌། ཕུན་ཚུན་ཁྲོ་བ་དང༌། རྣམ་པར་འཚེ་བ་དང༌། གསོད་པ་ལ་སོགས་པའི་སྡུག་བསྔལ་མང་པོ་མྱོང་བ་ཁོ་ནར་ཕལ་ཆེར་མངོན་སུམ་དུ་སྣང་བ་དེ་ཅུང་ཟད་བཤད་ན་འདི་ལྟར། མིས་ཡོངས་སུ་བཟུང་བ་ཁ་ཅིག་ནི། སྣ་དབུག་པ་དང༌། དབྱུག་པ་ལ་སོགས་པས་བརྡེག་པ་དང༌། ཐག་པ་ལ་སོགས་པས་བཅིང་བ་དང༌། ཤིང་སྡོང་ལ་བཏགས་པ་ལ་སོགས་པ་བྱེད་ཅིང༌། མི་ཀུན་གྱིས་རང་དབང་མེད་པར་བདའ་བ་ཡིན་ལ། མི་འདོད་བཞིན་དུ་ཁལ་ཆེན་པོ་ལྕི་ཞིང༌། ཐག་པས་བཅིངས་པས་དཀྱུར་དཀའ་བས་ཤིན་ཏུ་སྐྱོ་ཞིང་ངལ་ལོ། །མིས་བདག་ཏུ་བཟུང་བ་ལ་སྡུག་བསྔལ་ཡོད་པ་དེ་བཞིན་དུ། མིས་བདག་ཏུ་མ་བཟུང་བའི་རི་དྭགས་ལ་སོགས་པ་ལ་དགོན་པ་ན་ཉེ་བར་འཁོད་པ་ཡང་ཉེས་པ་མེད་པར་རྔོན་པ་ལ་སོགས་པ་ཁ་ཅིག་ཆེད་དུ་གཉེར་ནས་འཚོལ་ཞིང༌། རྙེད་ན་གསོད་དེ་སྡུག་བསྔལ་ལོ། །རྔོན་པས་མ་རྙེད་པ་རྣམས་ཀྱང་རྟག་ཏུ་འཇིགས་པས་ཡིད་འཁྲུགས་ཏེ། ཕན་ཚུན་བྲོས་ཤིང་འཁོད་པ་ཡང་གྲངས་ཚད་གཟུང་དུ་མེད་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་ཁོ་ནར་སྣང་ངོ༌། །དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་བཞིན་དུ་ལུང་ལ་ལྟོས་མི་དགོས་པར་ཕལ་ཆེར་མངོན་སུམ་དུ་མཐོང་བས་ལུང་གི་ཁུངས་མ་བཀོད་པར་སྣང་ངོ་ཞེས་པའི་སྒྲས་གསུངས་སོ། །བཞི་པ་ནི། ངན་སོང་གསུམ་དང་ཐུན་མོང་བ་ནི། ངན་སོང་གསུམ་ལ་སྡུག་བསྔལ་ཡོད་པ་དེ་བཞིན་དུ་མི་ལ་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་དང་ཡི་དྭགས་ཀྱི་སྡུག་བསྔལ་དང་འདྲ་བ་ལ་སོགས་པ་ཡོད་པ་ཁོ་ན་སྟེ། འདི་ལྟར་མི་ལ་གནས་འདི་ནའང་དམྱལ་བའི་སྡུག་བསྔལ་དང་ཆ་མཐུན་པ་རྐུན་པོ་ལ་སོགས་པ་གང་དག་ནོར་བདག་དང་རྒྱལ་པོའི་མིས་ཡན་ལག་བཏུབ་པ་དང༌། གསལ་ཤིང་གི་རྩེ་མོ་ལ་བསྐྱོན་པ་དང༌། ཤིང་སྡོང་ལ་སོགས་པ་ལ་བཅིངས་ཏེ། མགྲིན་པ་བགགས་པ་ལ་སོགས་པས་ཉོན་མོངས་པར་བྱེད་པ་དེ་དག་ནི་སེམས་དམྱལ་བའི་སྡུག་བསྔལ་དང་ཆ་མཐུན་པ་ཁོ་ན་ཡིན་ནོ། །ཡི་དྭགས་དང་ཆ་མཐུན་པའི་སྡུག་བསྔལ་ནི། མི་གང་དག་ཟས་ནོར་གྱིས་དབུལ་ཞིང་འཕོངས་པ་དེ་དག་ནི་ཡི་དྭགས་དང་འདྲ་བར་བཀྲེས་ཤིང་སྐོམ་པ་དང༌། དང་པོ་འཚོལ་བ་དང༌། ཕྱིས་བཙལ་ཀྱང་མི་རྙེད་པ་ལ་སོགས་པས་སྡུག་བསྔལ་ལོ། །དུད་འགྲོ་དང་ཆ་མཐུན་པའི་སྡུག་བསྔལ་ནི། བྲན་དང་གཡོག་ལ་སོགས་པ་གང་དག་རྒྱལ་པོ་དང་དཔོན་ལ་སོགས་པ་གཞན་གྱིས་རང་གི་ལུས་ལ་དབང་དུ་བྱས་པས་བྱ་དཀའ་བའི་ལས་ལ་སྦྱོར་བ་དང༌། མི་གང་དག་རྒྱལ་པོ་ལ་སོགས་པའི་མཐུས་མནན་ཏེ་གནོད་པ་བྱེད་པ་དེ་ནི། དུད་འགྲོ་དང་འདྲ་བར་དབྱུག་པས་བརྡེག་པ་དང༌། ཤིང་སྡོང་ལ་འདོགས་པ་ལ་སོགས་པས་སྡུག་བསྔལ་ལོ། །མི་ཉིད་ཀྱི་སྡུག་བསྔལ་ནི། ངན་སོང་གི་སྡུག་བསྔལ་དང་འདྲ་བར་ཡོད་པ་དེ་བཞིན་དུ། མི་དེ་དག་ལ་སྡུག་བསྔལ་གཞན་ཡང་དཔག་ཏུ་མེད་དོ། །དེ་ངོས་གཟུང་བ་ནི། འབད་པས་འདོད་པའི་དོན་བཙལ་བར་བྱས་པ་དང༌། དེའི་ཆེད་དུ་གཅིག་ལ་གཅིག་གནོད་པ་བྱེད་པ་དང༌། གནོད་པ་བྱེད་པར་སེམས་པ་ལ་སོགས་པ་དང༌། སྡུག་པའི་གཉེན་དང་བྲལ་བ་དང༌། མི་སྡུག་པའི་དགྲ་དང་ཕྲད་པ་ལ་སོགས་པའོ། །སྡུག་བསྔལ་གྱི་རྒྱུ་ལ་གནས་པ་ནི། གལ་ཏེ་མིའི་གནས་ན་ནོར་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། བདེ་བ་དང་སྟོབས་ཕུན་སུམ་ཚོགས་པ་དང༌། རང་དབང་དང་ལྡན་པ་ཡང་མཐོང་ངོ་ཞེ་ན། མི་གང་དག་ལས་ཁ་ཅིག་ནོར་ཕྱུག་ཅིང་སྐྱིད་པ་དང་འདྲ་བར་སྣང་བ་དེ་དག་ཀྱང༌། འབྱོར་པ་ཐམས་ཅད་ཀྱི་མཐའ་ནི་རྒུད་པ་ཡིན་པས། མཐར་སྡུག་བསྔལ་འདྲེན་པ་སྟེ། འབྱོར་པས་ང་རྒྱལ་བ་དང༌། བདག་ཏུ་འཛིན་པ་དང༌། རྟག་པར་འཛིན་པ་ལ་སོགས་པ་ལྟ་བ་ངན་པ་སྣ་ཚོགས་ཀྱིས་རྒྱུད་གཟིང་བར་བྱེད་ཅིང༌། གཟིང་བར་བྱེད་པའི་ནུས་པས། སྡུག་བསྔལ་གྱི་མཚོར་ནུབ་པར་བྱེད་ཅིང༌། སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བའི་རྒྱུ། ལས་དང་ཉོན་མོངས་པ་གནོད་སེམས་དང་ཆགས་སེམས་ཀྱིས་གཞན་གྱི་ནོར་འཕྲོག་པ་དང༌། གཞན་ལ་འཚེ་བ་ལ་སོགས་པ་མང་པོ་བསགས་པས་གད་ཁ་ན་འདུག་པ་དང་འདྲ་བར་ངན་སོང་གསུམ་དུ་ལྷུང་བས་སྡུག་བསྔལ་གྱི་རྒྱུར་གྱུར་པ་ལ་གནས་པ་ཡང༌། ཡང་དག་པར་ན་སྡུག་བསྔལ་བ་ཁོ་ན་ཡིན་པས། དེ་ལ་བདེ་བར་འཛིན་པ་ཕྱིན་ཅི་ལོག་ཡིན་ནོ། །མིའི་སྡུག་བསྔལ་བསྟན་ཟིན་ཏོ། །ལྔ་པ་ལྷའི་སྡུག་བསྔལ་སྟོན་པ་ནི། ལྷ་ལ་ཡང་འདོད་པའི་ལྷ་དང༌། ཁམས་གོང་མའི་ལྷ་གཉིས་ལས། གང་དག་འདོད་པའི་ཁམས་ན་སྤྱོད་པའི་རྒྱལ་ཆེན་རིགས་བཞི་དང༌། སུམ་ཅུ་རྩ་གསུམ་པ་ལ་སོགས་པ་འདོད་ལྷ་རིགས་དྲུག་པོ་དེ་དག་ནི། འདོད་པའི་འདོད་ཆགས་ཀྱི་མེས་ཡིད་རབ་ཏུ་འབར་ཞིང༌། འདོད་པའི་ཆང་གིས་རབ་ཏུ་མྱོས་པས། སེམས་རབ་ཏུ་འཁྲུག་པའི་མི་དང་འདྲ་བར་སེམས་གཤའ་མར་རྣལ་དུ་མི་འདུག་ལ། ཡང་དག་པའི་དོན་ལ་སྐད་ཅིག་ཀྱང་སེམས་མཉམ་པར་བཞག་པར་ནུས་པར་མི་འགྱུར་ཏེ། སེམས་རླུང་ལྟར་རབ་ཏུ་གཡོ་བའོ། །རབ་ཏུ་གཡོ་བའི་རྒྱུས་ལས་དང་ཉོན་མོངས་པ་རབ་ཏུ་ཞི་བའི་མྱ་ངན་ལས་འདས་པའི་བདེ་བའི་ནོར་གྱིས་དབུལ་བ་དེ་དག་ལ་བདེ་བ་ཅི་ཞིག་ཡོད་དེ་མེད་དོ། །འདོད་པའི་བདེ་བ་ཟག་བཅས་ཀྱིས་མཇུག་ཏུ་སྡུག་བསྔལ་འདྲེན་ཏེ། རྟག་ཏུ་འཆི་འཕོ་བ་དང༌། ཤི་ནས་ངན་སོང་དུ་ལྟུང་བ་ལ་སོགས་པའི་འཇིགས་པའི་མྱ་ངན་གྱིས་ནོན་པ་དག་སྟེ། དེ་བས་ན་དེ་དག་ཇི་ལྟར་བདེ་བར་འགྱུར། གང་དག་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་དེ་དག་ཀྱང་སྐད་ཅིག་སྟེ། གཏན་ཏུ་བ་མ་ཡིན་པར་གནས་སྐབས་སྡུག་བསྔལ་གྱིས་སྡུག་བསྔལ་བ་ལས་འདས་པ་ཡོད་མོད་ཀྱི། འོན་ཀྱང་ཁམས་གོང་མའི་ལྷ་དེ་དག་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བག་ལ་ཉལ་རྣམས་ཀྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་མེད་པས་དེ་དག་ཤིན་ཏུ་མ་སྤངས་པས། སླར་ཡང་ལས་བསགས་ནས་སེམས་ཅན་དམྱལ་བ་དང་ཡི་དྭགས་ལ་སོགས་པར་ལྟུང་བ་ཡོད་པས་འགྱུར་བའི་སྡུག་བསྔལ་ཡོད་པ་ཉིད་དོ། །འདུ་བྱེད་ཀྱི་སྡུག་བསྔལ་ལྷ་མི་གཉིས་ཀ་ལ་ཐུན་མོང་དུ་ཡོད་དེ། ལྷ་དང་མི་འདི་དག་ཐམས་ཅད་ནི། ཅི་རིགས་པར་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་དང༌། བདག་ཏུ་ལྟ་བའི་ཉོན་མོངས་པ་སོགས་པའི་རྒྱུ་གཞན་གྱི་དབང་དུ་གྱུར་པས་ན་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ། །འདུ་བྱེད་ཀྱི་སྡུག་བསྔལ་འཁོར་བ་ཐམས་ཅད་ན་ཡོད་ཀྱང༌། ལྷ་དང་མི་ལ་རྣམ་པ་གསལ་བས་བསྟན་ཏོ། །གཉིས་པ་སྙིང་རྗེ་སྒོམ་པའི་རིམ་པ་ལ་གསུམ་སྟེ། སྒོམ་ཚུལ་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་སྒོམ་ཚུལ་དང༌། ལུང་དང་སྦྱར་བའོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟར་འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་མེ་ལྕེའི་ཕྲེང་བས་ཤིན་ཏུ་གདུང་བ་ཡིན་པར་བལྟས་ལ་ཇི་ལྟར་རྣལ་འབྱོར་པ་བདག་གི་སྡུག་བསྔལ་མི་སྡུག་པས་འདོར་བར་བྱེད་པ་ལྟར། སེམས་ཅན་གཞན་གྱི་སྡུག་བསྔལ་ཡང་དེ་དང་འདྲ་བར་མི་སྡུག་པར་སེམས་ཤིང༌། དེའི་རྒྱུས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ། སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཁོ་ན་བསྒོམ་པར་བྱ་སྟེ། ཡང་དང་ཡང་དུ་འདྲིས་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་སྒོམ་པ་ལ་བཞི་སྟེ། རང་གི་བཤེས་ལ་སྒོམ་པ་དང༌། བར་མ་ལ་སྒོམ་པ་དང༌། དགྲ་ལ་སྒོམ་པ་དང༌། ཐམས་ཅད་ལ་སྒོམ་པའོ། །དང་པོ་ནི། ཐོག་མ་ཁོ་ནར་རང་གི་མཛའ་བཤེས་ཀྱི་ཕྱོགས་ལ་བསྒོམ་པར་བྱའོ། །ཇི་ལྟར་ན། གོང་དུ་སྨོས་པའི་སྡུག་བསྔལ་སྣ་ཚོགས་པ་ཉམས་སུ་མྱོང་བར་བལྟ་ཞིང༌། དེ་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པར་སྒོམ་མོ། །ཇེ་ཞེས་པ་ནི་བརྡ་རྙིང་སྟེ་དང་པོ་ཞེས་པའོ། །གཉིས་པ་བར་མ་ལ་སྒོམ་ཚུལ་ནི། མཛའ་བཤེས་ལ་བསྒོམས་པའི་རྗེས་དེ་ནས། སེམས་ཅན་གཞན་རྣམས་ཀྱང༌། ད་ལྟའི་མཛའ་བཤེས་དང་ཚེ་སྔ་མ་མཛའ་བཤེས་བྱས་པར་མཉམ་པས་བྱེ་བྲག་མེད་པར་བརྩེ་བའི་རྣམ་པས་བལྟ་བར་བྱ་སྟེ། རྒྱུ་མེད་ཀྱི་དངོས་པོ་མེད་པས། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་ལན་བརྒྱ་ཕྲག་དུ་མར་ཡང་བདག་གི་གཉེན་དུ་མ་གྱུར་པའི་སེམས་ཅན་གང་ཡང་མེད་དོ་སྙམ་དུ་སེམས་པས་ཀུན་ནས་བླངས་ཏེ་ཉེ་རིང་མེད་པའི་ཕལ་པ་གཞན་ལ་ཡང་བསྒོམ་པར་བྱའོ། །གསུམ་པ་དགྲ་ལ་སྒོམ་པའི་ཚུལ་ནི། གང་གི་ཚེ་མཛའ་བཤེས་ཀྱི་ཕྱོགས་ལ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་འཇུག་པ་དང་འདྲ་བར། ཉེ་རིང་མེད་པའི་ཕལ་པ་རྣམས་ལ་ཡང་གཉེན་དང་སྙིང་རྗེ་མཚུངས་པར་འཇུག་པ་དེའི་ཚེ། མཇུག་ཐོགས་སུ་དགྲའི་ཕྱོགས་ལ་ཡང་གཉེན་དང་ཕལ་པ་དེ་བཞིན་དུ་དྲིན་ཅན་གྱི་སེམས་ཅན་དུ་གཉེན་དང་མཉམ་པ་ཉིད་ལ་སོགས་པ་ཡིད་ལ་བྱེད་པས་སྙིང་རྗེ་བསྒོམ་པར་བྱའོ། །བཞི་པ་ཐམས་ཅད་ལ་སྒོམ་པའི་ཚུལ་ནི། གང་གི་ཚེ་མཛའ་བཤེས་ཀྱི་ཕྱོགས་ལ་སྙིང་རྗེ་འཇུག་པ་དང་འདྲ་བར་དགྲ་ལ་ཡང་གཉེན་དང་མཉམ་པར་འཇུག་པའི་ཚེ། རིམ་གྱིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་ཚད་མེད་པ་བསྒོམ་པར་བྱའོ། །གཉིས་པ་སྙིང་རྗེ་གོམས་པའི་ཚད་བསྟན་པ་ནི། ཇི་ཙམ་གྱིས་སྙིང་རྗེ་བསྒོམ་པ་ཡོངས་སུ་རྫོགས་པ་ཡིན་ཞེ་ན། གང་གི་ཚེ་ཡིད་དུ་འོང་བའི་བུ་ནད་དྲག་པོས་མི་བདེ་བ། དེ་མ་ཐག་ཏུ་ནད་དང་བྲལ་བར་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་སྡུག་བསྔལ་གསུམ་ཅི་རིགས་པར་གཏན་ནས་བྱང་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་ཆེད་དུ་འབད་པ་ལ་མི་ལྟོས་པར་རང་གི་ངང་གིས་འཇུག་པར་བདག་ཉིད་ཀྱིས་བདེ་སྡུག་སྤོང་ལེན་བྱེད་པ་དང་འདྲ་བར་མཚུངས་པར་འཇུག་པ་དེའི་ཚེ། སྙིང་རྗེ་བསྒོམ་པ་ཡོངས་སུ་རྫོགས་པ་ཡིན་པས། དེས་སྙིང་རྗེ་ཆེན་པོའི་མིང་ཐོབ་སྟེ། དེ་ནས་སྙིང་རྗེ་ཆེན་པོའི་གྲངས་སུ་འགྲོའོ། །ཕན་ཡོན་ནི། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་བསྔགས་པ་བཞིན་ནོ། །སྙིང་རྗེ་སྒོམ་པའི་རིམ་པ་བསྟན་ཟིན་ཏོ། །གསུམ་པ་ལུང་དང་སྦྱར་བ་ནི། འདི་ལྟར་སྙིང་རྗེ་སྒོམ་ཚུལ་གྱི་གོ་རིམ་འདི་ནི། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལས་བཀའ་སྩལ་ཏོ། །མདོ་འདི་བོད་དུ་མ་འགྱུར་བར་བཤད་དོ། །སྙིང་རྗེ་བསྟན་ཟིན་ནོ། །གཉིས་པ་བྱང་ཆུབ་ཀྱི་སེམས་བསྟན་པ་ལ་ལྔ་སྟེ། གང་ལ་བརྟེན་ནས་སྐྱེ་བའི་ཚུལ། ཕན་ཡོན་གྱི་ཁྱད་པར། རབ་ཏུ་དབྱེ་བ་བསྟན་པ། སོ་སོའི་མཚན་ཉིད། ཆོ་གའི་ཁྱད་པར་རོ། །དང་པོ་ནི། སྙིང་རྗེ་སྒོམ་ཚུལ་གོང་དུ་བསྟན་པ་དེ་ལྟར་ཡུན་རིང་དུ་བསྒོམས་ནས་གོམས་པའི་སྟོབས་ཀྱིས་སེམས་ཅན་གཞན་གྱི་སྡུག་བསྔལ་མི་བཟོད་པའི་བློ་སྐྱེས་ནས། སྲིད་པའི་མཚོ་ལས་འགྲོ་བ་འདྲེན་པར་ཤོག །ཅེས་པའི་ཚུལ་དུ་སེམས་ཅན་མ་ལུས་པ་སྲིད་པའི་རྒྱ་མཚོ་ལས་དྲང་བར་ཡིད་ཀྱིས་དམ་བཅས་ན། སེམས་ཅན་མཐའ་ཡས་སྒྲོལ་བའི་ཐབས་ཆོས་ཀྱི་འཁོར་ལོ་བསྐོར་བར་རྟོགས་ནས། གང་ལ་གང་འདུལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ། བླ་ན་མེད་པ་སྤངས་རྟོགས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཕྱིན་པར་འདོད་པ་སྨོན་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་སྒྲིམ་མི་དགོས་པར་འབད་མེད་དུ་སྐྱེས་ཏེ། རྒྱུ་ནུས་པ་ཐོགས་མེད་ཡོད་ན་འབྲས་བུ་སྐྱེ་བར་ངེས་པའི་ཕྱིར། འདི་ལུང་ལས་ཤེས་ཏེ། འཕགས་པ་ཆོས་བཅུ་པའི་མདོ་ལས། སེམས་ཅན་འཁོར་བའི་གནས་ནས་འདྲེན་པའི་མགོན་མེད་པ། ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་མེད་པ། སྲེད་པའི་རླན་དང་བྲལ་བའི་གནས་ཀྱི་གླིང་མེད་པ་དག་མཐོང་ནས། དེ་དག་འདྲེན་པའི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་གསུངས་པ་བཞིན་ནོ། །ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གཞན་གྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕན་ཡོན་བཤད་པའི་སྒོ་ནས་བསྐུལ་ཏེ་སེམས་བསྐྱེད་ཡང་དག་པར་འཛིན་དུ་བཅུག་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་དུ་མ་ཡོད་མོད་ཀྱི། འོན་ཀྱང་གཞན་གྱི་སྡུག་བསྔལ་མཐོང་བས་རྐྱེན་བྱས་ནས་སེམས་རྒྱུད་སྙིང་རྗེ་ཆེན་པོས་ནོན་ཏེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར་བདག་ཉིད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་གཞན་གྱིས་བསྐུལ་བའི་སེམས་བསྐྱེད་ལས་ཁྱད་པར་ཤིན་ཏུ་ཆེ་བར་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ཞེས་བྱ་བའི་མདོ་ལས་བཀའ་སྩལ་ཏོ། །གཉིས་པ་ཕན་ཡོན་གྱི་ཁྱད་པར་ལ་གསུམ་སྟེ། སྨོན་པའི་སེམས་ཀྱི་ཕན་ཡོན་དང༌། འཇུག་པའི་སེམས་ཀྱི་ཕན་ཡོན་དང༌། ཐུན་མོང་གི་ཕན་ཡོན་ནོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། ལུང་གིས་རྒྱས་པར་བཤད་པའོ། །དང་པོ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་ཏེ་གྲོགས་སྒྲུབ་པ་དང་མི་ལྡན་ཡང༌། འཁོར་བའི་ནང་ན་གནས་པ་ན་འབྲས་བུ་ཤིན་ཏུ་ཆེ་བ་བཅོམ་ལྡན་འདས་ཀྱིས་བྱམས་པའི་རྣམ་པར་ཐར་པ་ལས་དེ་སྐད་དུ་བཀའ་སྩལ་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ། ཉན་རང་གི་དགེ་བ་ཟིལ་གྱིས་གནོན་པའི་ཡོན་ཏན་ནི། རིགས་ཀྱི་བུ་ཞེས་ནོར་བཟང་ལ་བོས་ནས་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་གས་ནས་ཆག་ཀྱང་རིན་པོ་ཆེ་གཞན་ལས་བཟང་བས་གསེར་གྱི་རྒྱན་ཤིན་ཏུ་ཡིད་དུ་འོང་བ་ཁྱད་པར་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །ཆག་པར་གྱུར་ཀྱང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ཞིང་རིན་པོ་ཆེའི་མཐུས་དབུལ་བ་ཐམས་ཅད་ཀྱང་ལྡོག་གོ །རིགས་ཀྱི་བུ་ཞེས་ནོར་བཟང་ལ་བོས་ནས་དཔེ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བྱ་ཉིད་དུ་དམིགས་ནས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནི། སྦྱིན་སོགས་ལ་དངོས་སུ་ཞུགས་པའི་འཇུག་པའི་སྒྲུབ་པ་དང་མི་ལྡན་ཡང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བ་གསེར་གྱི་རྒྱན་དང་འདྲ་བ་ཁྱད་པར་དུ་འཕགས་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཏོ། །དེར་མ་ཟད་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ཞིང༌། འཁོར་བའི་དབུལ་བ་ཡོན་ཏན་གྱིས་ཕོངས་པ་ཡང་ཟློག་པར་བྱེད་དོ་ཞེས་འབྱུང་ངོ༌། །འབྲས་བུ་ཁྱད་པར་ཅན་འཐོབ་པའི་ཡོན་ཏན་ནི། གལ་ཏེ་སྒྲུབ་པའི་གྲོགས་ཀྱིས་མ་ཟིན་ན། བྱང་ཆུབ་ཏུ་སྨོན་པ་ཙམ་ལ་འབྲས་བུ་ཁྱད་པར་ཅན་མི་འབྱུང་ངོ་ཞེ་ན། གང་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རེ་ཞིག་རྣམ་པ་ཐམས་ཅད་དེ་ཡོངས་སུ་རྫོགས་པ་ཉིད་ཀྱི་སྤྱོད་པ་ལ་དུས་ཐམས་ཅད་དུ་སློབ་པར་མི་ནུས་པ་དེས་ཀྱང་འོག་ནས་འབྱུང་བ་ལྟར་རྗེས་སུ་ཡི་རང་དང༌། བསྔོ་བའི་ཐབས་ཀྱིས་ཡོངས་སུ་ཟིན་པར་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། འབྲས་བུ་ཤིན་ཏུ་ཆེ་བའི་ཕྱིར་རོ། །འབྲས་བུ་ཆེ་བའི་ལུང་གི་ཁུངས་འགོད་པ་ནི། འཕགས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཞེས་བོས་ནས་འདི་ལྟར་ཁྱོད། སེམས་ཀྱི་འདུ་འཕྲོའི་བྱ་བ་མང༌། སྦྱོར་བའི་བྱེད་པ་མང་སྟེ། དེའི་རྒྱུས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྤྱོད་པ་ཐམས་ཅད་ཀྱི་རྣམ་པས་ཏེ། བྱེ་བྲག་ཐམས་ཅད་ཀྱི་བསླབ་པ་ལ་དུས་དང་གནས་སྐབས་ཐམས་ཅད་དུ། ཐོག་མར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་རེ་ཞིག་སློབ་པར་མི་བཟོད་ན། འོག་ནས་འབྱུང་བ་འདི་ལྟར་བྱ་སྟེ། རྒྱལ་པོ་ཆེན་པོ་ཞེས་བོས་ནས། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་ཐོབ་པར་འདུན་པ་དང༌། བྱང་ཆུབ་ཀྱི་ཡོན་ཏན་ལ་དད་པ་དང༌། དད་པ་ལྟར་དོན་དུ་གཉེར་བ་དང༌། བྱང་ཆུབ་ཐོབ་པར་སྨོན་པ་འདི་ཡིད་ལ་བྱའོ། །ཡིད་ལ་བྱེད་ཚུལ་ཇི་ལྟ་བུ་ཞེ་ན། སྤྱོད་ལམ་གྱི་གནས་སྐབས་ལྔར་ཡིད་ལ་བྱའོ་ཞེས་པ་ནི། འགྲོ་ཡང་རུང༌། འགྲེང་ཡང་རུང༌། འདུག་ཀྱང་རུང༌། ཉལ་ཡང་རུང༌། སད་ཀྱང་རུང་ཡིད་ལ་བྱའོ་ཞེས་པའོ། །བྱ་བའི་གནས་སྐབས་སུ་ནི་ཟ་ཡང་རུང༌། འཐུང་ཡང་རུང༌། དུས་ནི་རྟག་ཏུ་རྒྱུན་མི་འཆད་པར་སྔ་མའི་གནས་སྐབས་ལྟར་དྲན་པར་གྱིས་ཤིག་ཅེས་པའོ། །ཡིད་ལ་གྱིས་ཤིག་ཅེས་པ་ནི་ཡི་དམ་དུའོ། །སྒོམས་ཤིག་ཅེས་པ་ནི་ཡང་དང་ཡང་དུའོ། །ཐབས་གཉིས་ཀྱང་ཟིན་པར་བྱ་སྟེ། རྗེས་སུ་ཡི་རང་བའི་ཐབས་ནི། རྗེས་སུ་ཡི་རང་བར་བྱ་བའི་ཡུལ་ཐེག་པ་ཆེན་པོའི་དགེ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་བའོ། །ཐེག་དམན་གྱི་དགེ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བའོ། །སོ་སོ་སྐྱེ་བོའི་དགེ་བ་ཐམས་ཅད་ནི་རྗེས་སུ་ཡི་རང་བའི་ཡུལ་གཞན་རྒྱུད་ཀྱིས་བསྡུས་པའོ། །རང་རྒྱུད་ཀྱིས་བསྡུས་པའི་རྗེས་སུ་ཡི་རང་བྱའི་ཡུལ་ནི། བདག་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་དོ། །དེ་ལ་ཚུལ་ཇི་ལྟར་རྗེས་སུ་ཡི་རང་བར་བྱེད་ཅེ་ན། དགེ་བ་ཐམས་ཅད་བློས་གཅིག་ཏུ་བསྡུས་ཏེ་རྗེས་སུ་ཡི་རང་བའི་མཆོག་བཅོས་མ་མ་ཡིན་པའི་བློས་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་པ་ནི་གདམས་པའི་ཚིག་གོ །དེས་སྤེལ་བའི་ཐབས་བསྟན་པ་ནི། རང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་ནས་ཀྱང་ཐེག་ཆེན་གྱི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཐེག་དམན་གྱི་གང་ཟག་རང་སངས་རྒྱས་དང་ཉན་ཐོས་རྣམས་ལ་མཆོད་པར་བྱ་བའི་ཕྱིར་དུ་འབུལ་ལོ། །འདི་ནི་མཉེས་པར་བྱ་བའི་ཕྱིར་དུ་ཡོངས་སུ་བསྔོའོ་ཞེས་པའི་དོན་ནོ། །དེ་དག་ལ་ཕུལ་བ་སྟེ་བསྔོས་ནས་ཀྱང༌། བསྔོས་པའི་དགེ་བའི་རྩ་བ་རང་ཁོ་ནའི་དོན་མ་ཡིན་པར་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག ཐུན་མོང་དུ་བྱེད་ཚུལ་ནི། དགེ་བ་འཕགས་པ་བཞི་ལ་ཕུལ་བའི་རྗེས་དེ་ནས། སེམས་ཅན་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱི་བར་དུ་དགེ་བའི་རྩ་བ་མི་ཟད་པ་ཐོབ་པར་བྱ་བའི་ཕྱིར་དང༌། སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར་དུ་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་རྣམ་པས་ཡོངས་སུ་བསྔོས་ཤིག་ཅེས་གདམས་སོ། །སྨོན་པ་བྱང་ཆུབ་ཀྱི་སེམས་ལས་འབྲས་བུ་གང་ཐོབ་པར་ངོས་བཟུང་བ་ནི། རྒྱལ་པོ་ཁྱོད་སྨོན་པ་བྱང་ཆུབ་ཀྱི་སེམས་ལ་གོང་དུ་བསྟན་པ་དེ་ལྟར་ཞུགས་ལ་རྒྱལ་པོ་གྱིས་ཤིག བྱང་ཆུབ་ཀྱི་སེམས་ལ་ཞུགས་པས་གནས་སྐབས་རྒྱལ་པོའི་སྲིད་ཀྱང་མི་ཉམས་སོ། །མཐར་ཐུག་གི་འབྲས་བུ་བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པའམ། འཁོར་བའི་བདེ་འབྲས་རྒྱལ་པོའི་སྲིད་ཀྱང་མི་ཉམས་ལ་མཐར་ཐུག་གི་བྱང་ཆུབ་ཐོབ་པའི་རྒྱུ། བྱང་ཆུབ་ཀྱི་རྒྱུའི་ཚོགས་བསོད་ནམས་དང་ཡེ་ཤེས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་དེ་ལ་སོགས་པ་ཕན་ཡོན་རྒྱས་པར་བཤད་ནས། རྣམ་སྨིན་གྱི་འབྲས་བུ་ཡང་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་སྔོན་གྱི་དུས་ནའང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ཀྱིས་དགེ་བའི་རྩ་བ་བསགས་པ་དེའི་རྣམ་པར་སྨིན་པས་ལན་དུ་མར་ལྷ་དང་མིར་སྐྱེས་པར་གྱུར་ཏོ། །འདིར་རྣམ་སྨིན་གྱི་རྒྱུ་ལ་འབྲས་བུ་རྣམ་སྨིན་གྱི་མིང་གིས་བཏགས་པ་ཡིན་ནོ། །ལྷ་དང་མིར་སྐྱེས་པ་དེའི་ཚེ། ལྷ་དང་མིར་སྐྱེས་པའི་གནས་སྐབས་ཐམས་ཅད་ནའང༌། དབང་པོ་སྟེ་གཙོ་བོར་གྱུར་ཏོ་ཞེས་བཀའ་སྩལ་ཏོ། །སྨོན་པའི་ཕན་ཡོན་བསྟན་ཟིན་ཏོ། །གཉིས་པ་འཇུག་པའི་ཕན་ཡོན་བསྟན་པ་ལ། སྒྲུབ་པ་སྙིང་པོར་བྱེད་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུ་གང་ཡིན་པ་དེ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་ལས་ཤིན་ཏུ་རྒྱ་ཆེ་བར་འགྲུབ་སྟེ། འཕགས་པ་དཔལ་བྱིན་གྱིས་ཞུས་པའི་མདོ་ལས། འཇུག་པ་བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས་གང་ཡིན་པ་དེ་ལ་ཡོངས་སུ་བརྟག་པ་བཟུང་སྟེ། གལ་ཏེ་བསོད་ནམས་དེ་ལ་གཟུགས་མཆིས་ན་ནམ་མཁའི་ཁམས་ཀུན་ཡོངས་སུ་གང་སྟེ། བསོད་ནམས་དེ་ནི་སྨོན་པའི་བསོད་ནམས་དེ་བས་ལྷག་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ཐུན་མོང་གི་ཕན་ཡོན་ནི། དེར་མ་ཟད་སྡོང་པོ་བཀོད་པའི་མདོ་ལས་ཀྱང༌། བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་གསུངས་ཏེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་མྱུ་གུའི་ས་བོན་ལྟར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་རྒྱས་པར་བཤད་དོ། །གསུམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་སྟོན་པ་ནི། བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་ཉིད་ཀྱི་དོན་ལ་དམིགས་པའི་སེམས་ཡིན་པས་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་རྣམ་པ་གཉིས་ཏེ། སྒྲུབ་པ་ལ་ཞུགས་པའི་སེམས་དང༌། དང་པོ་མ་ཞུགས་པའི་གནས་སྐབས་ཀྱི་སྨོན་པའི་སེམས་ཏེ་གཉིས་སོ། །དབྱེ་བ་འདི་གཉིས་ཀྱང་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་གསུངས་པ་སྟེ། རིགས་ཀྱི་བུ་གང་དག་སེམས་ཅན་གྱི་འཇིག་རྟེན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐོག་མར་སེམས་ཀྱིས་སྨོན་པའི་སེམས་དེ་དང་དེ་དག་ནི་དཀོན་པས་ན་ཤིན་ཏུ་རྙེད་པར་དཀའ་འོ་ཞེས་པས་ནི་སྨོན་པའི་སེམས་བསྟན་ནོ། །སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐོག་མར་སྨོན་པ་སྐྱེས་པ་ལྟར། སྒྲུབ་པ་ལ་ཡང་དག་པར་ཞུགས་པ་དེ་དག་ནི། སྨོན་པའི་སེམས་དེ་བས་ཀྱང་ཆེས་ཆེར་རྙེད་པར་དཀའ་འོ་ཞེས་འབྱུང་ངོ༌། །འདིས་ནི་འཇུག་པ་སེམས་བསྐྱེད་བསྟན་ཏོ། །བཞི་པ་སོ་སོའི་མཚན་ཉིད་ནི། སྨོན་སེམས་ཀྱི་ངོ་བོ་ཇི་ལྟ་བུ་ཞེ་ན། སེམས་བསྐྱེད་གཉིས་ཡོད་པ་དེ་ལ། ཆེད་དུ་བྱ་བ་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་དུ་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་གཞན་དོན་དུ་བྱང་ཆུབ་དོན་དུ་གཉེར་བའི་བློ་དེ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་ཞེས་བཤད་དེ། ཆོ་ག་ལ་མི་ལྟོས་པར་གསལ་ལོ། །འཇུག་པ་སེམས་བསྐྱེད་གང་ཞེ་ན། ཐོག་མར་བྱང་ཆུབ་ཐོབ་འདོད་སྐྱེས་པ་གང་ཕན་ཆད་ནས་བྱང་ཆུབ་སེམས་ཀྱི་སྡོམ་པ་བཟུང་སྟེ། བྱང་ཆུབ་ཀྱི་རྒྱུ་ཚོགས་རྣམས་སློབ་པ་ལ་ཞུགས་པའི་གྲོགས་ཀྱིས་ཟིན་པ་ནི། སྒྲུབ་པ་ལ་ཞུགས་པས་འཇུག་པའི་སེམས་སོ། །གང་དག་སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་མི་འགལ་བར་འདོད་པ་ནི། གཞུང་འདི་དང་འགལ་བས་སོ། །ལྔ་པ་ཆོ་གའི་ཁྱད་པར་ནི། གང་དག་སྡོམ་པ་བླངས་པ་ནས་བཟུང་སྟེ་ཞེས་བཤད་ན། སྡོམ་པ་ཡུལ་གང་ལ་ནོད་པར་བྱ་ཞེ་ན། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ཕ་རོལ་པོ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་མཁས་པར་གཞན་ལ་འབོག་པའི་མཐུ་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་སྙིང་རྗེ་དང་ལྡན་པ་ལས་ནོད་དོ། །གལ་ཏེ་མཐུན་པའི་རྐྱེན་དེ་དག་ཚང་བ་མེད་ན། ཤཱཀྱ་ཐུབ་པ་ལྟ་བུའི་སངས་རྒྱས་དང༌། འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁར་ཡིད་ཀྱིས་མངོན་སུམ་དུ་དམིགས་པའི་མོས་པ་བྱས་ལ། འཕགས་པ་འཇམ་དཔལ་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པ་ན། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པ་ལས་འབྱུང་བ་ལྟར། འཇམ་དཔལ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་བཞིན་དུ་སེམས་བསྐྱེད་པར་བྱའོ། །རྒྱུ་གཉིས་པ་བྱང་ཆུབ་ཀྱི་སེམས་བསྟན་ཟིན་ཏོ། །རྒྱུ་གསུམ་པ་བསྒྲུབ་པ་ལ་གསུམ་སྟེ། བསྒྲུབ་པ་ལ་འཇུག་དགོས་པར་བསྟན་པ་དང༌། འཇུག་བྱ་བསྒྲུབ་པ་གཏན་ལ་དབབ་པ། བསྒྲུབས་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། གཞན་དོན་དུ་བྱང་ཆུབ་ཐོབ་པར་བྱའོ་ཞེས་བསམས་པ་ཙམ་གྱིས་བྱང་ཆུབ་མི་ཐོབ་པས། བྱང་ཆུབ་སྒྲུབ་པའི་ཐབས་ལ་འཇུག་དགོས་པས་ན། སྔར་བསྟན་པ་དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཐོག་མར་བདག་མ་དུལ་ན། གདུལ་བྱ་གཞན་མི་ཐུལ་བར་ཤེས་ནས། ཐོག་མར་བདག་ཉིད་སྨོན་པའི་དོན་དུ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་དུ་ཕྱིན་པའི་བསྒྲུབ་པ་ལ་རབ་ཏུ་སྦྱོར་རོ། །དེ་ཅིས་ཏེ་ཞེ་ན། རྒྱུ་ཕུན་སུམ་ཚོགས་པ་སྒྲུབ་པ་མེད་པར་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་མི་འཐོབ་བོ། །དེ་ཡང་ལུང་གིས་བསྟན་པ་འདི་ལྟ་སྟེ། འཕགས་པ་ག་ཡ་གོ་རིའི་མདོ་ལས་གསུངས་པ་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ནི། སྦྱིན་པ་ལ་སོགས་པའི་སྒྲུབ་པ་ལ་སྙིང་པོར་བྱེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐོབ་བྱ་ཡིན་ཏེ། སྦྱིན་སོགས་ཀྱི་སྒྲུབ་པ་ལ་ནན་ཏན་བྱེད་པ་ཁོ་ནས་ཐོབ་ཀྱི། གཞན་གྱིས་ནི་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་གཞན་གྱིས་མ་ཡིན་ཞེ་ན། སྦྱིན་སོགས་ཀྱི་སྒྲུབ་པ་ལས་ལོག་པར་སྒྲུབ་པ་ལ་སྙིང་པོར་བྱེད་པ་རྣམས་ཀྱི་ནི་ཐོབ་བྱ་མ་ཡིན་ནོ་ཞེས་གསུངས་སོ། །སྒྲུབ་པ་སྙིང་པོར་བྱ་དགོས་པ་མདོ་སྔ་མས་བསྟན་དགོས་པར་མ་ཟད། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་གསུངས་ཏེ། བྱང་ཆུབ་དང་སྒྲུབ་པ་གཉིས་རྗེས་སུ་འགྲོ་ལྡོག་ངེས་པ་དེ་བས་ན། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པས་སྒྲུབ་པ་སྙིང་པོར་བྱའོ། །ཟླ་འོད་གཞོན་ནུ་ཁྱོད་ཀྱིས་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཟླ་འོད་གཞོན་ནུ་ཞེས་བོས་ནས་བྱང་ཆུབ་ཀྱི་སྒྲུབ་པ་སྙིང་པོར་བྱེད་པ་ལ་སེམས་བསྐྱེད་ཀྱི་དུས་སུ་ཐོབ་འདོད་ཞུགས་པའི་འབྲས་བུ་འདིའི་གོང་ན་ཐོབ་བྱ་གཞན་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་པའི་ཕྱིར་ཞེའོ། །གཉིས་པ་འཇུག་བྱ་བསྒྲུབ་པ་གཏན་ལ་དབབ་པ་ལ་དོན་གསུམ་སྟེ། བསླབ་བྱ་སྤྱིར་བསྟན་པ་དང༌། སོ་སོར་ཕྱེ་སྟེ་བསྟན་པ་ལ། ཟུང་འཇུག་ལ་བསླབ་པར་གདམས་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སྒྲུབ་པའི་བསླབ་བྱ། དེ་ཡང་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བྱམས་སོགས་ཚད་མེད་པ་བཞི་དང༌། ཟིང་ཟིང་གིས་བསྡུད་པ་དང༌། ཆོས་སྟོན་པའི་སྙན་པར་སྨྲ་བ་དང༌། ཆོས་ཀྱི་དོན་ལ་སློབ་པར་བྱེད་པ་དང༌། རང་ཡང་དེ་དང་མཐུན་པར་སྤྱོད་པ་སྟེ། བསྡུ་བའི་དངོས་པོ་བཞི་ལ་སོགས་པའི་བྱེ་བྲག་ལ་བསླབ་དགོས་པ་ཡིན་པར་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་དང༌། ལག་བཟང་གིས་ཞུས་པ། དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་བསླབ་བྱ་རྒྱས་པར་བཤད་པ་ལས་རྟོགས་པར་བྱ་བ་ཡིན་ནོ། །རིག་པའི་གནས་ལྔ་ལ་བསླབ་དགོས་པ་ཡང་འདི་ལྟར། གཞན་ལ་ཕན་འདོགས་པའི་ཡན་ལག་འཇིག་རྟེན་གྱི་བཟོ་དང༌། སོགས་པ་སྨན་དཔྱད་དང༌། གཞན་བསྟན་པ་ལ་འཇུག་པའི་ཡན་ལག་སྒྲ་དང་ཚད་མ་དང༌། རང་ལུགས་སྒྲུབ་པའི་ཡན་ལག་སྡེ་སྣོད་གསུམ་ལ་མཁས་པར་བྱ་བ་སྟེ། རིག་པའི་གནས་ཀྱི་ཡན་ལག་བཟོ་ལ་སོགས་པའི་བར་དག་ལ་ཡང་བྱང་ཆུབ་སེམས་དཔས་བསླབ་པར་བྱ་བ་ཡིན་ན། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སོགས་པ་ནང་རིག་པ་ལ་སློབ་དགོས་པ་ལྟ་ཅི་སྨོས། གལ་ཏེ་མ་བསླབས་པ་ལ་ཉེས་པ་མེད་དམ་ཞེ་ན། རིག་པའི་གནས་ལྔ་ལ་བསླབ་པ་དེ་ལྟ་མ་ཡིན་ན། སེམས་ཅན་གྱི་དོན་གྱི་རྣམ་པ་སྟེ་བྱེ་བྲག ཚར་བཅད་རྗེས་འཛིན་ལ་སོགས་པ་ཐམས་ཅད་ཇི་ལྟར་བྱ་སྟེ། བྱར་མེད་པ་དེ་བས་ན་ཐམས་ཅད་ལ་སློབ་དགོས་སོ། །གཉིས་པ་བྱེ་བྲག་ཏུ་བསླབ་པར་བྱ་བ་ལ་གཉིས་ཏེ། ཐབས་ཤེས་ཡ་བྲལ་དགག་པ་དང༌། ཐབས་ཤེས་ངོས་བཟུང་བ་དང༌། ཟུང་འཇུག་དགོས་པར་བསྟན་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སྒྲུབ་པ་དེ་ཡང༌། མདོར་ན་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཡིན་ནོ། །ཧྭ་ཤང་ལྟར་ཤེས་རབ་འབའ་ཞིག་ཀྱང་བྱང་ཆུབ་ཐོབ་བྱེད་ཀྱི་སྒྲུབ་པ་མ་ཡིན་ལ། ཤེས་རབ་མེད་ན་འཁོར་བའི་འཆིང་བ་ལས་མི་གྲོལ་བས་ཐབས་འབའ་ཞིག་ཀྱང་མ་ཡིན་ནོ། །ཐབས་ཤེས་ཡ་བྲལ་བྱང་ཆུབ་ཐོབ་བྱེད་ཀྱི་ལམ་མ་ཡིན་པ་དེ་ཡང༌། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང༌། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བའི་སྦྱིན་སོགས་ཀྱི་ཐབས་འབའ་ཞིག་གིས་འཁོར་བར་འཆིང་བ་དང༌། ཐབས་དང་བྲལ་བའི་ཤེས་རབ་འབའ་ཞིག་གིས་ནི་བྱང་ཆུབ་སེམས་དཔའ་དམན་པའི་མྱང་འདས་སུ་འཆིང་བར་བྱེད་པའོ་ཞེས་གསུངས་སོ། །འོ་ན་གང་གིས་འཆིང་བ་ལས་གྲོལ་ཞེ་ན། སྦྱིན་སོགས་ཀྱི་ཐབས་དང་བཅས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། སྦྱིན་སོགས་དང་བཅས་པའི་ཐབས་ནི། སྲིད་ཞི་གཉིས་ཀྱི་འཆིང་བ་ལས་ཐར་པའོ་ཞེས་བསྔགས་སོ། །གཉིས་པ་ནི། འཕགས་པ་ག་ཡ་གོ་རིའི་མདོ་ལས་ཀྱང་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫོགས་པའི་བྱང་ཆུབ་ཐོབ་པའི་ལམ་ནི་མདོར་བསྡུས་ན་འདི་གཉིས་ཏེ། བྱང་ཆུབ་སེམས་དཔའ་དག་ལ་ཐབས་ཤེས་ཟུང་འཇུག་གི་ལམ་འདི་གཉིས་དང་ལྡན་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །འདི་གཉིས་ཞེས་གསུངས་ན། གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང་ཤེས་རབ་བོ་ཞེའོ། །ཐབས་དང་ཤེས་རབ་གཉིས་གང་ཞེ་ན། གཉིས་ཡོད་པ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་པོ་དང༌། གདུལ་བྱ་ཡོངས་སུ་བསྡུ་བའི་ཐབས་ཀྱི་དངོས་པོ་ལ་སོགས་པ་སྣོད་བཅུད་ཀྱི་ཞིང་ཡོངས་སུ་དག་པའི་རྒྱུ་དང༌། གནས་སྐབས་ལོངས་སྤྱོད་ཆེན་པོ་འབྱུང་བའི་རྒྱུ་དང༌། གནས་སྐབས་སུ་གཡོག་འཁོར་ཕུན་སུམ་ཚོགས་པའི་རྒྱུ་ནམ་མཁའ་མཛོད་ལ་སོགས་པ་ལ་དབང་བྱེད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དགེ་བའི་རྩ་བ་དང༌། སྤྲུལ་པ་དང་བསྒྱུར་བ་ལ་སོགས་པ་མངོན་པར་མཐོ་བའི་ཆོས་སྡུད་པར་བྱེད་པའི་དགེ་བའི་རྩ་བ་ཐམས་ཅད་ནི་ཐབས་ཞེས་བྱའོ། །ཤེས་རབ་ནི། སྦྱིན་སོགས་ཐབས་དེའི་ངོ་བོ་ཉིད་འཁོར་གསུམ་དུ་མི་དམིགས་པས་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྒྱུ་ཡིན་ཏེ། ཤེས་རབ་དེས་ཡང་དག་པར་སྦྱིན་སོགས་དང་ཚུལ་ཁྲིམས་ལ་སོགས་པ་རྣམས་ཀྱི་ཉམས་སུ་ལེན་ཚུལ་གྱི་བྱེ་བྲག་ཕྱེད་ནས། ཉམས་སུ་ལེན་ཚུལ་ལ་རྨོངས་པའི་ཕྱིན་ཅི་ལོག་མེད་པས་སྦྱིན་སོགས་ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུར་རྟོགས་ནས་བདག་དང་གཞན་གྱི་དོན། མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཇི་ལྟ་བ་བཞིན་དུ་བསྒྲུབས་པས་འདོད་ཡོན་ལ་སྤྱོད་ཀྱང༌། སྔགས་ཀྱིས་བཏབ་པའི་དུག་ཟ་བ་དང་འདྲ་སྟེ། དེས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །ཚུལ་དེ་སྐད་དུ་མདོ་སྡེ་དེ་ཉིད་ལས་བཀའ་བསྩལ་ཏེ། སྦྱིན་སོགས་ཐབས་ནི་གདུལ་བྱ་བསྡུ་བ་ཤེས་པའོ། །ཤེས་རབ་ནི་དངོས་པོའི་གནས་ཚུལ་ཡོངས་སུ་དཔྱོད་པ་ཤེས་པའོ། །ཞེའོ། །འཕགས་པ་དད་པའི་སྟོབས་བསྐྱེད་པའི་མདོ་ལས་ཀྱང༌། ཐབས་ཤེས་གཉིས་གསུངས་ཏེ། ཐབས་ལ་མཁས་པ་ནི། སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་ཐམས་ཅད་རང་རྒྱུད་ལ་ཡང་དག་པར་སྡུད་པ་གང་ཡིན་པའོ་ཞེས་པ་དང༌། ཤེས་རབ་གང་ཞེ་ན། བློ་གང་ཆོས་ཐམས་ཅད་སོ་སོར་མ་འདྲེས་པར་རྣམ་པར་འབྱེད་པ་ལ་མཁས་པའོ་ཞེས་པའི་དོན་ནོ། །གསུམ་པ་ཟུང་འཇུག་དགོས་པར་བསྟན་པ་ནི། ཇི་སྐད་བརྗོད་པའི་ཐབས་དང་ཤེས་རབ་འདི་གཉིས་ལ་ནི། ལས་དང་པོ་པས་བསླབ་དགོས་པར་མ་ཟད། རབ་ཏུ་དགའ་བ་དང༌། དྲི་མ་མེད་པ་ལ་སོགས་པའི་སར་ཆུད་པ་རྣམས་ཀྱིས་ཀྱང༌། རེས་འགའ་ཙམ་མ་ཡིན་པར་དུས་ཐམས་ཅད་དུ་རྒྱུད་ལ་བརྟེན་པར་བྱ་སྟེ། ས་བཅུའི་བར་དུ་བརྟེན་དགོས་པས་སོ། །སློབ་དཔོན་ཧྭ་ཤང་ལྟར། ཤེས་རབ་འབའ་ཞིག་བསྟེན་པས་ནི་བྱང་ཆུབ་ཐོབ་པ་མ་ཡིན་ནོ། །ས་བཅུའི་བར་དུ་ཤེས་རབ་འབའ་ཞིག་ལ་བརྟེན་པ་མ་ཡིན་པ་འདི་ལྟར། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་སོགས་པ་ལ་ས་བཅུ་པོ་ཐམས་ཅད་ལའང༌། བྱེ་བྲག་མེད་པར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ས་རེ་རེ་ལ་ཡང་ཀུན་ཏུ་སྤྱོད་དགོས་ཏེ། ས་བཅུ་པ་ལུང་དུ་བཀོད་ནས་གསུངས་ཏེ། རེ་རེ་ལ་གཙོ་བོར་སྤྱོད་མི་སྤྱོད་ཀྱི་བྱེ་བྲག་ཡོད་ཀྱང་ལྷག་མ་རྣམས་ཀྱང་ཀུན་ཏུ་མི་སྤྱོད་པ་ནི་མ་ཡིན་ནོ། །ཞེས་ས་བཅུ་པའི་མདོ་ལས་ཀྱང་འབྱུང་ངོ༌། །ཐབས་ཤེས་རབ་ཟུང་དུ་འཇུག་པ་ལ་བསླབ་དགོས་པ་བསྟན་ཟིན་ནོ། །གསུམ་པ་ཐབས་སྤོང་བ་ལུང་གིས་དགག་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ས་བཅུ་པའི་ལུང་དང་འགལ་བ་དང༌། མདོ་གཞན་དང་ཡང་འགལ་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། འགལ་བ་འགོད་པ་དང༌། གང་དང་འགལ་བའི་ལུང་དྲང་བའོ། །དང་པོ་ནི། ཐབས་མི་དགོས་པར་ཤེས་རབ་འབའ་ཞིག་གིས་བྱང་ཆུབ་ཐོབ་པར་སྨྲ་ན། ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་འབད་རྩོལ་གྱི་མཚན་མ་མེད་པར་སྤྲོས་པ་ཞི་བར་གནས་པའི་འགོག་པའི་སྙོམས་པར་འཇུག་པ་ལ་གནས་པ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འགོག་པ་ལ་བསླང་དགོས་པར་བཤད་པ་དང་ཡང་མི་འགལ་ཏེ་ཞེས་བྱའོ། །གཉིས་པ་ནི། འདི་ལྟར་ས་བཅུ་པ་དེ་ལས་གསུངས་པ་ནི། ཀྱེ་རྒྱལ་བའི་སྲས། དེ་ལྟར་བྱང་ཆུབ་སེམས་དཔས་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་སོགས་ནས་རྒྱ་ཆེར་འབྱུང་ངོ་ཞེས་པའི་བར་ཏེ། ལུང་གི་དོན་ཅུང་ཟད་བཤད་ན། ཀྱེ་ཞེས་པ་ནི་བོད་པའོ། །སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐེག་ཆེན་གྱི་དོན་ཉམས་སུ་བླངས་པས་སངས་རྒྱས་ཀྱི་རྒྱལ་ཚབ་བྱེད་ནུས་པར་སྐྱེས་པས་ན་རྒྱལ་བའི་སྲས་སོ། དེ་ལྟར་བྱང་ཆུབ་སེམས་དཔའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བའི་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ས་བདུན་པ་མན་ཆད་ཀྱི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཏེ་སེམས་བསྐྱེད་ཀྱི་ནུས་པ་དང༌། སྙིང་རྗེས་སེམས་ཅན་གྱི་དོན་ལ་བསྐུལ་བའི་སྟོབས་བསྐྱེད་པ་དང༌། ཡེ་ཤེས་ཀྱི་ཚོགས་ལ་བསླབ་པ་ཡོངས་སུ་སྨིན་པའི་ཆོས་ཀྱི་སྐུའི་རྒྱུན། ས་བརྒྱད་པ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱོན་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པའི་དོན་དུ་ཐབས་མང་པོ་སྒྲུབ་པར་མཛད་དགོས་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །ཞེས་པ་ནི་འོག་ནས་འབྱུང་བའི་མདོ་འདི་དག་གོ་ཞེས་པའི་དོན་ནོ། །རིགས་ཀྱི་བུ་ཞེས་བོས་ནས། ལེགས་སོ་ལེགས་སོ་ཞེས་གཉིས་སྨོས་པ་ནི། སླར་ཡང་ས་བདུན་པ་མན་ཆད་དུ་ཐབས་བསྟེན་པ་དང༌། འགོག་པ་ལས་བསླངས་ནས་ཐབས་བསྟེན་པ་གཉིས་ཀྱི་དབང་དུ་བྱས་སོ། །ཁྱོད་ཀྱིས་ཤེར་ཕྱིན་ལ་སློབ་པ་འདི་ནི་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་ཐམས་ཅད་རྗེས་སུ་རྟོགས་པར་བྱ་བ་ལས་ཏེ། དེའི་ཆེད་ཀྱི་དོན་དམ་པའི་བཟོད་པ་སྟེ། དོན་དམ་པ་ཁོངས་སུ་ཆུད་པའང་ཡིན་ན། འོན་ཀྱང་གང་ངེད་ཀྱི་སྟོབས་བཅུ་དང༌། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ད་དུང་ཁྱོད་ལ་མེད་ཀྱིས་ཏེ། མེད་པས་ན་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར་དུ། ད་དུང་བརྩོན་འགྲུས་ཆེན་པོ་རྩོམས་ཤིག སྟོང་ཉིད་རྟོགས་པའི་བཟོད་པའི་སྒོ་འདི་ཉིད་ཀྱང་མཐར་མ་ཐུག་པས་མཐར་ཐུག་པ་ཐོབ་པའི་དོན་དུ་དེའི་རྒྱུན་སྒོམ་པའང་མ་དོར་ཅིག་ཅེས་གདམས་པར་མཛད་དོ། །དེ་འབའ་ཞིག་ལྷུར་ལེན་པར་བྱ་བ་མ་ཡིན་ཞེས་སྟོན་པ་ནི། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་སྤྲོས་པ་ཞི་བར་གནས་པའི་ཡང་དག་པའི་མཐའ་ལ་སྙོམས་པར་ཞུགས་པ་ཐོབ་ཀྱང༌། གཞན་གྱི་དོན་མ་བྱས་ན་བསོད་ནམས་ཀྱི་ཚོགས་མི་རྫོགས་པས། གཟུགས་ཀྱི་སྐུ་མི་འཐོབ་པའི་ཕྱིར་སེམས་ཅན་གཞན་གྱི་དོན་ལ་འཇུག་པར་བྱ་སྟེ། འདི་ལྟར་ཡང་དག་པའི་དོན་མ་མཐོང་བས་ན་བྱིས་པ། ལས་ཀྱི་དབང་གིས་སྐྱེ་གནས་སོ་སོར་སྐྱེ་བ་ལེན་པས་ན་སོ་སོའི་སྐྱེ་བོ་སྟེ། སེམས་རྒྱུད་མ་ཞི་བ་དང༌། འཆིང་བྱེད་ཀྱི་ཉོན་མོངས་པ་སྣ་ཚོགས་པ་རྒྱུད་ལ་ཀུན་ཏུ་འབྱུང་བར་འགྱུར་བ་དང༌། ལྟ་བའི་རྣམ་པ་སྣ་ཚོགས་ཀྱིས་བྱང་ཆུབ་དང་གཉིས་པོའི་བར་དུ་གཡེན་སྦྱོར་བ་འདི་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའི་སྒོ་ནས་སོམས་ཤིག ཡང་རིགས་ཀྱི་བུ་ཁྱོད་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བར་གྱུར་ཅིག་ཅེས་པའི་སྔོན་གྱི་སྨོན་ལམ་དང༌། སེམས་ཅན་གྱི་དོན་ལ་སྦྱོར་བས་ཞུགས་པ་ཐོབ་པར་བྱ་བ་དང་ཞེས་པའོ། །འོ་ན་རྗེས་ཐོབ་ཏུ་སེམས་ཅན་གྱི་དོན་འབའ་ཞིག་བྱའི་རང་དོན་སྟོང་ཉིད་རྟོགས་པའི་ཤེས་རབ་མི་བསྒོམ་མམ་སྙམ་ན། ཡེ་ཤེས་ཀྱི་སྒོ་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པ་སྟོང་པ་ཉིད་ཀྱི་དོན་སྔར་རྟོགས་པ་རྣམས་ཀྱང་མི་བརྗེད་པར་དྲན་པར་གྱིས་ཤིག་ཅེས་བསྒོའོ། །བསམ་གྱིས་མི་ཁྱབ་པའི་གསུངས་པ་ནི། ཡང་རིགས་ཀྱི་བུ་བསམ་གྱིས་མི་ཁྱབ་པའི་དོན་འདི་ནི། ཆོས་རྣམས་ཀྱི་ཆོས་ཉིད་དོ། །དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང༌། འཇིག་རྟེན་དུ་མ་བྱུང་ཡང་རུང༌། ཆོས་ཀྱི་དབྱིངས་འདི་ནི་དེ་བཞིན་གཤེགས་པ་བྱུང་མ་བྱུང་གི་བྱེ་བྲག་གིས་འཕེལ་འགྲིབ་བྱེད་པ་མ་ཡིན་གྱི། དང་པོ་ནས་འཕེལ་འགྲིབ་མེད་པར་གནས་པ་ཉིད་དོ། །འདི་ལྟར་གཟུགས་སོགས་ཕུང་པོའི་ཆོས་ཐམས་ཅད་གདོད་མ་ནས་གང་ཟག་གི་བདག་གི་སྟོང་པ་ཉིད་དང༌། ཕྱི་ནང་གི་ཆོས་ཐམས་ཅད་གདོད་མ་ནས་བདེན་པར་དམིགས་སུ་མེད་པའོ། །གང་ཟག་གི་བདག་མེད་སྒོམ་པའི་མི་རྟོག་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྟོགས་པ་ཉི་ཚེ་རབ་ཏུ་དབྱེ་བར་བྱ་བ་མ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་གང་དུ་བདག་ཏུ་རྣམ་པར་མི་རྟོག་པའི་ཆོས་ཉིད་འདི་རྟོགས་པས་འཐོབ་བོ། །བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ནི་ཡང་རིགས་ཀྱི་བུ་ངེད་ཀྱི་ལུས་གཟུགས་ཀྱི་སྐུ་ཚད་མེད་པ་ལ་ལྟོས་ཏེ་བསྐྱེད་ཅིག་ཅེས་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་འབྲས་བུ་ཡེ་ཤེས་ཚད་མེད་པ་དང༌། ཚོགས་གཉིས་ཀའི་འབྲས་བུ་སངས་རྒྱས་ཀྱི་སྣོད་བཅུད་ཀྱི་ཞིང་ཚད་མེད་པ་ཡང་ལྟོས་ནས་བསྐྱེད་ཅིག་ཅེས་པ་དང༌། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་རྒྱུ་ཚད་མེད་པ་བསྐྱེད་ཅིག་ཅེས་པ་དང༌། གཟུགས་སྐུའི་ཡོན་ཏན་འོད་ཀྱི་དཀྱིལ་འཁོར་ཚད་མེད་པ་ལ་ལྟོས་ནས་བསྐྱེད་ཅིག གསུང་གི་ཡོན་ཏན་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་དྲུག་ཅུ་ཚད་མེད་པ་ལ་ལྟོས་ཏེ། ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་ཀྱང་སངས་རྒྱས་འདི་བཞིན་དུ་ཡོན་ཏན་འདི་དག་མངོན་པར་སྒྲུབ་པའི་ཐབས་བསྐྱེད་ཅིག རིགས་ཀྱི་བུ་གང་ཁྱོད་ཀྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཡོད་མེད་ལ་སོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་འདི་ནི། བདག་མེད་ཀྱི་དོན་སྣང་བའི་ཡེ་ཤེས་ཀྱི་དོན་གཅིག་པུར་ཟད་དོ། །ཡོན་ཏན་དུ་མ་ཡོད་པའི་ནང་ནས་སྣ་གཅིག་ཁོ་ན་ཡིན་ནོ་ཞེས་པའི་དོན་ནོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ལ་ནི་ཇི་ལྟ་ཇི་སྙེད་ཀྱི་དོན་མཐའ་དག་སྣང་བའི་ཡེ་ཤེས་ཀྱི་སྣང་བ་འདི་འདྲ་བ་གྲངས་དང་ཚད་ཀྱིས་བཟུང་དུ་མེད་པས་མཐའ་ཡས་པར་གྱུར་ཏེ། གཞན་དོན་གྱི་མཛད་པ་ཡང་མཐའ་དང་དབུས་མེད་པས་མཐའ་བཟུང་དུ་མེད་པས་མཐའ་ཡས་ཤིང༌། རང་དོན་རྟོགས་པ་དང༌། གཞན་དོན་ཕྲིན་ལས་དང་འབྲེལ་བའི་ཡོན་ཏན་ཡང་མཐའ་ཡས་གྱུར་ཏེ། ཡེ་ཤེས་དང་མཛད་པ་དེ་ལ་བརྟེན་པའི་ཡོན་ཏན་གང་དག ངག་གི་བགྲང་བ་དང་ཡིད་ཀྱི་བགྲང་བ་དང་ཚད་དང་དཔེ་དང་ཟླ་ཡང་མེད་པ་དེ་དག་ཐོབ་པར་བྱ་བའི་ཕྱིར་ཐབས་དང་ཤེས་རབ་ཟུང་འཇུག་གི་མངོན་པར་སྒྲུབ་པ་བསྐྱེད་ཅིག རིགས་ཀྱི་བུ་རེ་ཞིག་དག་པར་བྱ་བའི་ཕྱོགས་བཅུའི་ཞིང་ཚད་མེད་པ་དང༌། བཅུད་ཀྱི་སེམས་ཅན་ཚད་མེད་པ་དང༌། སེམས་ཅན་རྣམས་གདུལ་བའི་ཐབས་ཀྱི་ཆོས་རྣམ་པར་ཕྱེ་བ་ཚད་མེད་པ་ལ་ལྟོས་ཏེ་ཇི་ལྟ་བ་བཞིན་དུ་འཐོབ་བྱ་ནི་འདི་ཡིན་ནོ། །གདུལ་བྱ་འདུལ་བའི་ཐབས་ནི་འདི་ཡིན་ནོ་ཞེས་ཡིད་ཀྱིས་བསམ་པར་གྱིས་ཤིག་ཅེས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་རྒྱལ་བའི་སྲས་དག་སྔར་བསྟན་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཐོབ་པ་དེ་ལྟ་བུ་ལ། འོད་དཔག་མེད་པ་ལ་སོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་ཚད་མེད་པ་ཉེ་བར་སྒྲུབ་པར་མཛད་དོ་ཞེས་སྦྱར་རོ། །ཡང་སངས་རྒྱས་འོད་དཔག་མེད་དེ་དག་ལ་སོགས་པ་སངས་རྒྱས་གང་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡེ་ཤེས་ཀྱིས་རྣམ་པར་ཕྱེ་བ་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་མངོན་པར་སྒྲུབ་པའི་ལས་ཕ་རོལ་ཏུ་ཕྱིན་པ་བཅུ་ཆར་མངོན་པར་སྒྲུབ་པ་དག་ལ་བསྐུལ་ནས་ཉེ་བར་སྒྲུབ་པར་མཛད་དོ། །ཀྱེ་རྒྱལ་བའི་སྲས་ཁྱོད་སངས་རྒྱས་ཀྱི་ཡོན་ཏན་ལ་མོས་པར་བྱའོ། །སངས་རྒྱས་ཀྱི་ཡོན་ཏན་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་སངས་རྒྱས་ཀྱི་ཡོན་ཏན་ཐོབ་པའི་དོན་དུ་གཞན་དོན་གྱི་བྱ་བ་ལ་བསྐུལ་བར་མ་མཛད་ན་ཉེས་པ་ཅི་ཡོད་ཅེ་ན། གལ་ཏེ་འོད་དཔག་མེད་ལ་སོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཐབས་གཞན་དོན་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་དག་ལ་བཞུགས་པ་མ་མཛད་དུ་ཟིན་ཀྱང༌། དེ་ལྟར་ན་བྱང་སེམས་དེ་ནི་གནས་སྐབས་དེ་ཉིད་དུ་གཞན་དོན་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། སེམས་ཅན་གྱི་དོན་བྱ་བ་ཡང་རྒྱུན་ཆད་པར་འགྱུར་རོ་ཞེས་རྒྱ་ཆེར་འབྱུང་ངོ༌། །གཉིས་པ་མདོ་གཞན་དང་འགལ་བར་བསྟན་པ་ནི། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་དང༌། འཕགས་པ་ག་ཡ་གོ་རིའི་མདོ་ལས་གསུངས་པ་གོང་དུ་སྨོས་པ་ཡང་ས་ཐོབ་མ་ཐོབ་ཐམས་ཅད་ཀྱིས་ཐབས་ཤེས་ཟུང་འབྲེལ་དུ་སློབ་དགོས་པར་བཤད་པ་ཡིན་པས་དེ་དང་ཡང་ཁྱོད་ཐབས་མི་འདོད་པ་འགལ་ལོ། །འཕགས་པ་ཆོས་ཐམས་ཅད་ཤིན་ཏུ་རྒྱས་པར་བསྡུ་བ་ལས་བཀའ་སྩལ་བ་དེ་དང་ཡང་ཁྱོད་ཐབས་མི་དགོས་པར་འདོད་པར་འགལ་ལོ། །མདོ་དེར་ནི་འོག་ནས་འབྱུང་བ་འདི་སྐད་བཀའ་སྩལ་ཏེ། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་རྒྱུད་ལ་བྱུང་བ་རྟོགས་པར་དཀའ་བས་ཕྲའོ་ཞེས་པ་སྟེ། ཤེར་ཕྱིན་མ་རྟོགས་པ་གཞན་པའི་ཕ་རོལ་དུ་ཕྱིན་པ་གཞན་ལྔ་པོ་ཡང་དམ་པའི་ཆོས་ཡིན་པས་དེ་སྤོང་ན་ཡང་དམ་པའི་ཆོས་སྤོང་བའི་ལས་སུ་འགྱུར་རོ་ཞེས་པའི་དོན་ནོ། །འཇམ་དཔལ་གང་ཟག་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་དོན་དམ་པར་སྟོན་པ་ནི་བཟང་བར་འདུ་ཤེས། ཀུན་རྫོབ་སྟོན་པའི་མདོ་ལ་ལ་ནི་ངན་པར་འདུ་ཤེས་པ་དེ་ནི་དམ་པའི་ཆོས་སྤོང་བའོ། །དམ་པའི་ཆོས་སྤོང་བ་ལ་ཉེས་པ་ཅི་ཡོད་ཅེ་ན། གང་དམ་པའི་ཆོས་སྤོང་བའི་གང་ཟག་དེས། དམ་པའི་ཆོས་སྤངས་པས་ན་དེ་བཞིན་གཤེགས་པས་གསུངས་པ་ལ་མི་བདེན་ཞེས་བསྐུར་བ་བཏབ་པ་ཡིན་ནོ་ཞེས་རྒྱས་པར་བཀའ་སྩལ་ཏོ། །ཤེས་རབ་ལ་བརྟེན་དགོས་པར་མ་ཟད། ཐབས་ལ་ཡང་གདོན་མི་ཟ་བར་བརྟེན་དགོས་པ་མདོ་དེ་ལས་ཀྱང་བཀའ་སྩལ་བ་ནི་བདུད་བཞི་ལ་སོགས་པ་ཕམ་པར་མཛད་ཅིང་ཚུར་ལ་རྫི་བར་མི་ནུས་པས་ན། མ་ཕམ་པ་ཞེས་བྱམས་པ་ལ་བོས་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཕྱིན་ཅི་མ་ལོག་པར་སྒྲུབ་པ་འདི་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་སྒྲུབ་པ་ཡིན་ན། ཕ་རོལ་དུ་ཕྱིན་པ་དྲུག་སྒྲུབ་པ་དེ་ལ་ཡང་མི་བླུན་པོ་དེ་དག་རྒོལ་བའི་ཚིག་འདི་སྐད་དུ། བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའོ་ཞེས་ཟེར་ཞིང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་ལྷག་མ་གཞན་རྣམས་སྦྱོར་བ་ལ་སུན་འབྱིན་ཏོ། །འཕགས་པ་མ་ཕམ་པ་འདི་ཇི་སྙམ་དུ་སེམས། ཀོ་ཤི་ཀའི་རྒྱལ་པོ་པདྨར་གྱུར་པ་གང་ཡིན་པས་འདི་ལྟར་བི་ཤྭ་ཀརྨ་ཕུག་རོན་དུ་གྱུར་པ་བསྐྱབ་པ་ཉིད་ཀྱི་ཕྱིར་དུ་བརྒྱ་བྱིན་བདག་གི་ཤ་ཁྲ་ལ་བྱིན་པ་དེ་ཤེས་རབ་འཆལ་པ་ཅན་ཡིན་ནམ། བཅོམ་ལྡན་འདས་ལ་འཕགས་པ་བྱམས་པས་གསོལ་པ། བཅོམ་ལྡན་འདས་ཚུལ་དེ་ལྟར་བྱེད་པ་དེ་ནི། སྦྱིན་པའི་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པ་ཡིན་པས་ཤེས་རབ་འཆལ་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕྱིན་དྲུག་ལ་སྤྱོད་པ་ན། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་དག་བསགས་པའི་དགེ་བའི་རྩ་བ་དེ་དག་གིས་བྱང་ཆུབ་ཐོབ་པ་ལ་གནོད་པར་གྱུར་ཏམ། བྱམས་པས་བཅོམ་ལྡན་འདས་ལ་གསོལ་བ་དེ་ནི་བྱང་ཆུབ་ཀྱི་མཐུན་པའི་རྐྱེན་ཡིན་པས་གནོད་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་བཞིས་མ་ཕམ་པ་བྱམས་པ་ཁྱོད་ཀྱིས་ཀྱང་བར་བསྐལ་བརྒྱད་བཅུ་ལ་བསྐལ་ཆེན་གཅིག་ཏུ་བགྲངས་པའི་བསྐལ་པ་ཆེན་པོ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། བསྐལ་པ་ཆེན་པོ་དྲུག་ཅུར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས་པ་དང༌། དང་གི་སྒྲས་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་གསུམ་སྡུད་དོ། །བསྐལ་པ་ཆེན་པོ་དྲུག་ཅུར་སྦྱིན་པ་ནས་བཟུང་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་གུས་པར་སྦྱོར་བ་དང༌། རྟག་པར་སྦྱོར་བའི་བརྩོན་འགྲུས་གཉིས་ཀྱིས་ཡང་དག་པར་བསྒྲུབས་ན། སྦྱིན་སོགས་བསྒྲུབས་པ་དེ་ལ་མི་བླུན་པོ་དེ་དག་འོག་ནས་འབྱུང་བ་འདི་སྐད་དུ། ཚུལ་གཅིག་ཁོ་ནས་བླ་ན་མེད་པའི་བྱང་ཆུབ་འཐོབ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྟོགས་པ་ཉིད་ཀྱིས་སོ་ཞེས་ཟེར་རོ་ཞེས་རྒྱས་པར་འབྱུང་ངོ༌། །འདི་ནི་ཐབས་སྤོང་བ་ལ་ལུང་འདི་དག་དང་ཡང་འགལ་ལོ་ཞེས་པའི་དོན་ནོ། །གཉིས་པ་དོན་བསྡུ་བ་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་ཐབས་ཤེས་རབ་གཉིས་ཀ་དགོས་པ་དེ་ལྟ་བས་ན་གཉིས་པ་ཐོབ་མ་ཐོབ་ཀྱི་དུས་ཐམས་ཅད་དུ་ཡང་བྱང་ཆུབ་སེམས་དཔས་བསྟེན་པར་བྱ་བ་ཁོ་ན་ཡིན་ནོ། །གསུམ་པ་ཐབས་ལ་ལྟོས་པར་བསྟན་པ་ལ་དོན་གསུམ་སྟེ། རང་གི་བཞེད་པ་ལུང་གིས་བསྟན་པ། གཞན་གྱི་གནོད་པ་སྤོང་བ། སྐབས་གྱི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། མི་གནས་པའི་མྱང་འདས་སྒྲུབ་བྱེད། མཐའ་གཉིས་སྤངས་པ་དབུ་མའི་ལམ་དུ་བསྟན་པ། སྐུ་གཉིས་སྒྲུབ་བྱེད་ཀྱི་ཐབས་སུ་བསྟན་པའོ། །དང་པོ་ནི། ཐབས་ཤེས་རབ་གཉིས་ལ་སློབ་པ་ལ་དགོས་པ་ཅི་ཡོད་ཅེ་ན། གོང་དུ་བསྟན་པ་དེ་ལྟར་ཐབས་ཤེས་རབ་གཉིས་ལ་བསླབས་ན་དེ་བཞིན་གཤེགས་པའི་ས་མི་གནས་པའི་མྱ་ངན་ལས་འདས་པ་ཡང་གྲུབ་བོ། །གྲུབ་པའི་ཚུལ་འདི་ལྟར། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཐབས་ཀྱིས་ནི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་གཉིས་དང༌། སངས་རྒྱས་ཀྱི་སྣོད་བཅུད་ཀྱི་ཞིང་ཡོངས་སུ་དག་པ་དང༌། གཡོག་འཁོར་ཕུན་སུམ་ཚོགས་པ་དང༌། ཚེ་རིང་བ་ལ་སོགས་པ་དང༌། ལོངས་སྤྱོད་ཆེན་པོ་ལ་སོགས་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་མཐའ་ལ་ཡང་མི་གནས་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ཀྱིས་ནི། བདག་ཏུ་རྨོངས་པ་ལ་སོགས་པའི་ཕྱིན་ཅི་ལོག་མཐའ་དག་སྤངས་པས་འཁོར་བའི་མཐའ་ལ་ཡང་མི་གནས་ཏེ། འཁོར་བའི་རྩ་བ་ནི་ཕྱིན་ཅི་ལོག་བདག་འཛིན་ཡིན་པའི་ཕྱིར་རོ། །གཉིས་པ་མཐའ་གཉིས་སྤངས་པ་དབུ་མའི་ལམ་དུ་བསྟན་པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང༌། སྦྱིན་སོགས་ཐབས་ཀྱི་རང་བཞིན་གྱི་ཟུང་འཇུག་གི་ལམ་འདིས་སྒྲོ་འདོགས་པ་དང༌། བསྐུར་བའི་མཐའ་གཉིས་རྣམ་པར་སྤངས་ནས་དབུ་མའི་ལམ་བསྟན་ཏོ། །འདི་གཉིས་ཀྱིས་ཇི་ལྟར་མཐའ་གཉིས་སྤོང་ཞེ་ན། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་བདེན་པར་སྒྲོ་འདོགས་པའི་མཐའ་སྤོང་ལ། ཐབས་བསོད་ནམས་ཀྱི་ཆ་ཡོངས་སུ་བསྟན་པ་ཉིད་ཀྱིས་ནི་རྒྱུ་འབྲས་ལ་སྐུར་བ་འདེབས་པའི་མཐའ་སྤོང་བ་ཡིན་པའི་ཕྱིར་རོ། །ཤེས་རབ་ཏུ་མ་ཟད་བསོད་ནམས་ཀྱི་ཚོགས་ཀྱང་དགོས་པ་དེ་བས་ན་འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་ཐབས་དགོས་པར་བཀའ་སྩལ་ཏོ། །མཚན་དང་དཔེ་བྱད་བཟང་པོའི་གཟུགས་ཀྱི་སྐུ་ཡོངས་སུ་སྒྲུབ་པ་ལ། རྒྱུ་བསོད་ནམས་ཀྱི་ཚོགས་ལ་མངོན་པར་དགའ་བ་ཡིན་གྱི། ཆོས་ཀྱི་སྐུ་མངོན་པར་རྟོགས་པའི་རྒྱུ་ཤེས་རབ་ཙམ་ལ་མངོན་པར་དགའ་བ་ནི་མ་ཡིན་ནོ་ཞེའོ་ཞེས་པའི་དོན་ནོ། །ཐབས་དང་ཤེས་རབ་གཉིས་ཀ་དགོས་པ་ཡང་བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་ཉིད་ཀྱི་སྤྱོད་པར་བྱ་བ་སྟེ་ཞེས་གསུངས་སོ། །ཐབས་ཤེས་རབ་གཉིས་ཀྱིས་བསྐྱེད་པའི་ཡོན་ཏན་བསྟན་པ་ནི། རྒྱུ་གཞན་གྱི་དྲིང་ལ་རག་མ་ལུས་པར་བླ་ན་མེད་པའི་བྱང་སེམས་ཀྱི་རྟོགས་པ་སྐྱེ་བར་ཤེས་པར་བྱའོ་ཞེའོ། །ཐབས་གཙོ་བོ་ཐོག་མཐའ་བར་གསུམ་དུ་བརྟེན་དགོས་པར་བསྟན་པ་ནི། རྣམ་པར་སྣང་མཛད་བྱང་ཆུབ་པའི་རྒྱུད་ལས་ཀྱང༌། འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། ཡལ་འདབ་རྒྱས་པའི་སྡོང་པོའི་རྩ་བ་ལྟར། སྙིང་རྗེ་ཆེན་པོའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། མཐའ་མར་ཡང་ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ་ཞེས་གསུངས་སོ་ཞེས་པའི་དོན་ནོ། །གཉིས་པ་གཞན་གྱི་གནོད་པ་སྤོང་བ་ནི། གལ་ཏེ་ཐབས་ཀུན་རྫོབ་ཀྱི་ཆ་ཡང་གདོན་མི་ཟ་བར་བསྟེན་དགོས་ན། མདོ་ལས་གང་ཆོས་ཆུ་བརྒལ་ཟིན་པའི་གཟིངས་དང་འདྲ་བར་ཤེས་པའི་འཕགས་པ་རྣམས་ཀྱིས་ཆོས་དགེ་བ་ཉིད་ཀྱང་སྤང་བར་བྱ་ན། ཆོས་མ་ཡིན་པ་མི་དགེ་བ་སྤོང་བ་ལྟ་ཅི་སྨོས་ཏེ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ལུང་དེ་ཡང་དགེ་བ་ལ་ཕྱིན་ཅི་ལོག་ཏུ་བདེན་པར་མངོན་པར་ཞེན་པ་སྤོང་བའི་ཕྱིར་དགེ་བ་ལ་བདེན་འཛིན་སྤོང་བ་དེ་ལ་དགོངས་ཏེ། སྤང་ངོ་ཞེས་བཀའ་སྩལ་གྱི། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དགོས་པ་སྒྲུབ་པའི་ཕྱིར་དུ་མཁས་པ་དག་གིས་མི་བསྟེན་པ་ཡང་མ་ཡིན་ནོ། །གལ་ཏེ་ཡང་མདོ་དེ་ཉིད་ལས་འདི་སྐད་དུ་གསུངས་ཏེ། ཆོས་ཡོངས་སུ་བཟུང་མོད་ཀྱི། ལོག་པར་མི་བཟུང་ངོ་ཞེས་འབྱུང་བའི་དོན་སྟོང་པ་ཉིད་དུ་བཟུང་གི་ཀུན་རྫོབ་ཐབས་ཀྱི་ཆ་མི་བཟུང་ངོ་ཞེས་བྱ་བ་ཡིན་པས། ཀུན་རྫོབ་ཐབས་ཀྱི་ཆ་སྤང་བར་བྱའོ་ཞེ་ན། ལོག་པར་མི་བཟུང་ངོ་ཞེས་པའི་དོན་ནི། སངས་རྒྱས་ཀྱིས་གསུངས་པའི་ལམ་ལོག་པར་བཟུང་བར་མི་བྱ་བའི་དོན་ནོ། །ཐབས་ཀྱི་ཆ་མི་བཟུང་བའི་དོན་ནི་མ་ཡིན་ནོ། །འོ་ན་སྦྱིན་པ་དང་ཚུལ་ཁྲིམས་སོགས་འཁོར་བའི་བདེ་འབྲས་ཀྱི་རྒྱུར་བཤད་པ་མ་ཡིན་ནམ་ཞེ་ན། མདོ་ཁ་ཅིག་ལས། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཐབས་ཀྱི་ཆ་རྣམས་ཀྱི་འབྲས་བུ་འཁོར་བའི་འབྲས་བུར་བརྗོད་པ་གང་ཡིན་པ་དེ་ནི། སྟོང་ཉིད་རྟོག་པའི་ཤེས་རབ་དང་བྲལ་བའི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དེ་ཙམ་གྱི་དགེ་བའི་རྩ་བས་ཆོག་པར་འཛིན་པའི་གང་ཟག་རྣམས་ཀྱི་བསམ་པ་ལ་དགོངས་པའི་དབང་དུ་མཛད་ནས་གསུངས་ཏེ། སྟོང་ཉིད་མ་རྟོགས་པར་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཐབས་ཀྱི་ཆ་རྣམས་ཀྱི་འབྲས་བུ། འཁོར་བའི་འབྲས་བུར་བརྗོད་པ་གང་ཡིན་པ་དེ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བའི་སྦྱིན་པ་དང་ཚུལ་ཁྲིམས་ཙམ་གྱིས་འཁོར་བའི་བདེ་འབྲས་ཙམ་ཐོབ་ཀྱི། ཐར་པ་མི་ཐོབ་པས། ཐར་པ་ཐོབ་པ་ལ་སྦྱིན་པ་ལ་སོགས་པ་དགེ་བ་སྔ་མ་རྣམས་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་བསྣན་པའི་ཚུལ་གྱིས་ཉམས་སུ་བླང་བར་བྱའོ་ཞེས་གོང་ནས་གོང་དུ་དགེ་བའི་རྩ་བ་ལ་སྤྲོ་བར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །སྔ་མ་རྣམས་འཁོར་བར་བསྟན་པ་ནི་མ་ཡིན་ནོ། །ཐབས་ཤེས་རབ་ཟུང་འབྲེལ་དགོས་པ་དེ་ལྟ་མ་ཡིན་དུ་ཟིན་ན། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལ་སོགས་པ་གཟུགས་སྐུ་འགྲུབ་པའི་རྒྱུ་བསོད་ནམས་ཀྱི་ཚོགས་དང༌། ཐབས་ཀྱི་ཆ་དགོས་པར་སྟོན་པའི་ལུང་སྔར་སྨོས་པ་ཐམས་ཅད་དང་ཡང་འགལ་བ་ཁོ་ནར་འགྱུར་རོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཐབས་ཤེས་རབ་ཟུང་འཇུག་དགོས་པ་དེ་ལྟ་བས་ན། ཐབས་དང་ཤེས་རབ་གཉིས་ཀ་ས་ཐོབ་མ་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ་བསྟེན་དགོས་པ་ཁོ་ནར་གསུང་རབ་ཐམས་ཅད་ཀྱི་དགོངས་པར་གནས་སོ། །ཐབས་ཤེས་རབ་གཉིས་ཀྱི་སྒྲུབ་པ་བསྟན་ཟིན་ཏོ། །གཉིས་པ་ཤེས་རབ་སྒྲུབ་པ་ལ་གཉིས་ཏེ། མཚམས་སྦྱར་བ་དང༌། དངོས་ཀྱི་དོན་བསྟན་པའོ། །དང་པོ་ནི། གོང་དུ་ཐབས་ཀྱི་བསྔགས་པ་གཙོ་བོར་བསྟན་པ་ན། ཐབས་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི་ཤེས་རབ་མི་དགོས་སྙམ་ན། ཤེས་རབ་གདོན་མི་ཟ་བར་དགོས་ཏེ། ཐབས་ཤེས་རབ་གཉིས་ཡོད་པ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ཡོངས་སུ་ཟིན་པའི་བྱེད་པས་སྦྱིན་པ་ལ་སོགས་པ་དང་པོ་ལྔས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་སྟེ། ཤེར་ཕྱིན་གྱིས་ཟིན་པ་ལས་གཞན་དུ་ན་ཕ་རོལ་དུ་ཕྱིན་པའི་མིང་ཐོབ་པ་མ་ཡིན་ནོ། །ཤེས་རབ་ཀྱིས་མ་ཟིན་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་པ་དེ་བས་ན། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ལྔ་པོ་ཡོངས་སུ་དག་པར་བྱ་བའི་ཕྱིར་དང༌། མཉམ་པར་བཞག་པ་ཞི་གནས་ལ་གནས་ནས་ལྷག་མཐོང་གི་རྟོགས་པ་ཐོབ་པར་བྱ་བའི་ཕྱིར་དུ། ཞེས་ཏེ་དང་པོར་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་འབད་པར་བྱའོ། །གཉིས་པ་དངོས་ཀྱི་དོན་བསྟན་པ་ལ་གསུམ་སྟེ། ཤེས་རབ་གསུམ་གྱི་འཇུག་པ་སྤྱིར་བརྗོད་པ་དང༌། བྱེ་བྲག་ཏུ་བསམ་བྱུང་བསྐྱེད་པའི་རིམ་པ་དང༌། སྒོམ་བྱུང་བསྐྱེད་པའི་རིམ་པའོ། །དང་པོ་ནི། ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བའི་ཤེས་རབ་གསུམ་ཡོད་པ་དེ་ལ། ཐོག་མར་རེ་ཞིག་ཡིད་ཆེས་པའི་ལུང་ཐོས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པར་བྱ་སྟེ། ཐོས་བྱུང་གི་ཤེས་རབ་ཀྱིས་མ་བཟུང་བར། བསམ་བྱུང་གི་ཤེས་རབ་ཀྱིས་དོན་ལ་སྒྲོ་འདོགས་གཅོད་མི་ནུས་པའི་ཕྱིར་རོ། །བྱེ་བྲག་སྨྲ་བས་ལུང་གི་ཚིག་འཛིན་པའི་ཤེས་རབ་ལ་ཐོས་བྱུང་གི་ཤེས་རབ་དང༌། རེས་འགའ་ཚིག་འཛིན་རེས་འགའ་དོན་འཛིན་པ་ལ་བསམ་བྱུང་གི་ཤེས་རབ་དང༌། དོན་འབའ་ཞིག་ལ་དམིགས་པ་སྒོམ་བྱུང་གི་ཤེས་རབ་ཏུ་བཞེད་དོ། །མཛོད་ལས། ཐོས་སོགས་ལས་བྱུང་ཤེས་རབ་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་སོ། །སློབ་དཔོན་དབྱིག་གཉེན་གྱིས། འོ་ན་ཚིག་ལ་དམིགས་པའི་ཚེ་ཐོས་བྱུང་དང༌། དོན་ལ་དམིགས་པའི་ཚེ་སྒོམ་བྱུང་དུ་འགྱུར་བས། བར་དུ་བསམ་བྱུང་མི་རྙེད་པར་ཐལ་བར་འགྱུར་རོ། །ཞེས་སུན་འབྱིན་པར་མཛད་དོ། །སློབ་དཔོན་གཞན་རྣམས་ཀྱིས་ནི། ཡིད་ཆེས་པའི་ལུང་ཐོས་པ་ལ་བརྟེན་ནས་དང་པོར་ལུང་གི་དོན་ཙམ་འཛིན་པ་ལ་ཐོས་པའི་ཤེས་རབ་བོ། །ལུང་གི་དོན་རིགས་པས་བསམས་པ་ལས་བྱུང་བ་བསམ་བྱུང་གི་ཤེས་རབ་དང༌། རིགས་པས་གཏན་ལ་ཕབ་པའི་དོན་རྟོགས་པའི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་བ་ལས་བྱུང་བ་སྒོམ་བྱུང་གི་ཤེས་རབ་བོ་ཞེས་འཆད་དོ། །ཐོས་བྱུང་གི་ཤེས་རབ་བསྐྱེད་པར་བྱེད་པ་དེས། རེ་ཞིག་ལུང་ཐོས་པ་ལས་ལུང་གི་བརྗོད་བྱའི་དོན་ཀུན་ཏུ་འཛིན་པར་བྱེད་དོ། །ལུང་གི་དོན་ཡོངས་སུ་བཟུང་བའི་རྗེས་ཐོགས་དེ་ནས། ལུང་གི་དོན་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངེས་པའི་དོན་སྟོང་པ་ཉིད་དང༌། དྲང་བའི་དོན་ཆོས་ཅན་སོ་སོ་བ་རྣམས་རྣམ་པར་འབྱེད་དོ། །རྣམ་པར་འབྱེད་པའི་རྗེས་དེ་ནས་བསམ་བྱུང་གི་ཤེས་རབ་དེས་ཆོས་ཅན་དང༌། ཆོས་ཉིད་བྱེ་བྲག་སོ་སོར་ཕྱེད་པའི་དོན་རྟོགས་པ་ལ་བརྟེན་ནས། ཆོས་ཅན་སྣང་བཞིན་པའི་གནས་ཚུལ་ཡང་དག་པ་སྟོང་པ་ཉིད་ཁོ་ནའི་དོན་བསྒོམ་པར་བྱའོ། །ཡང་དག་པ་མ་ཡིན་པ་ཆོས་ཅན་ཀུན་རྫོབ་པའི་ཆ་དེ་ནི། སྟོང་ཉིད་རྟོགས་པའི་བློའི་འཛིན་སྟངས་ཀྱི་བསྒོམ་བྱ་མ་ཡིན་ནོ། །སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཅན་སོ་སོ་བའི་དོན་ལ་རིགས་པས་བརྟག་ནས་ཐེ་ཚོམ་ཆོད་པའི་སྟོང་ཉིད་ཀྱི་དོན་སྒོམ་པ་དེ་ལྟ་མ་ཡིན་དུ་ཟིན་ན། གནས་ཚུལ་ལས་ཕྱིན་ཅི་ལོག་ཏུ་ཐ་མའི་བློས་མཚན་མར་བཟུང་བའི་དོན་བསྒོམས་ཤིང༌། གནས་ཚུལ་མ་རྟོགས་པས་ན་གནས་ཚུལ་གྱི་དོན་ལ་ཐེ་ཚོམ་ཡང་མ་བསལ་བས། ཡང་དག་པའི་དོན་ཆུ་ཟླ་ལྟར་སྣང་ཙམ་དུ་ཡོད་ཀྱང་གནས་ཚུལ་ལ་ཟླ་བའི་རང་གི་ངོ་བོས་སྟོང་པ་ལྟར། ཆོས་ཅན་སྣང་ཚོད་པ་རྣམས་སྣང་བཞིན་པའི་དུས་ན་སྣང་བ་ལྟར་གནས་ཚུལ་ལ་གྲུབ་པའི་དོན་གྱིས་སྟོང་པ་ཡང་དག་པའི་དོན་རིགས་པས་རྙེད་ནས། ཡང་དང་ཡང་དུ་གོམས་པར་བྱས་པའི་མཐུ་ལས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་འབྱུང་བར་མི་འགྱུར་རོ། །མི་འབྱུང་བ་དེའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་མཐོང་བའི་དོན་དུ་སྒོམ་པ་དོན་མེད་པར་འགྱུར་བས། མུ་སྟེགས་ཅན་གྱིས་བསྒོམ་པ་དང་འདྲའོ། །བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་རིགས་པས་སོ་སོར་བརྟགས་ནས་ཐེ་ཚོམ་ཆོད་པའི་དོན་བསྒོམ་པར་བཀའ་སྩལ་ཏེ། གལ་ཏེ་ཞེས་སོགས་ཤླཽ་ཀ་གཅིག་ཁུངས་སུ་སྨོས་སོ། །དེའི་དོན་ནི། གལ་ཏེ་གཟུགས་སོགས་ཀྱི་ཆོས་རྣམས་ལ། བདག་སྟེ་སྣང་ཙམ་ཉིད་ནས་ངོ་བོ་ཉིད་ཀྱིས་མེད་པར་ཆོས་ཅན་སོ་སོ་ལ་སོ་སོར་རེ་རེ་ནས་དགར་ནས་སྟོང་པ་ཉིད་དུ་རྟོགས་གོ །ཆོས་ཅན་སོ་སོ་ལ་སོ་སོར་དེ་དག་གི་ངོ་བོ་བརྟགས་ནས་བདག་མེད་པའི་དོན་རྟོགས་པ་གལ་ཏེ་ཏིང་ངེ་འཛིན་གྱིས་སྒོམ་པར་བྱེད་ན་ནི་ཡང་དག་པའི་དོན་སྒོམ་པ་དེ་ཉིད་མྱ་ངན་ལས་འདས་པ་སྤྲོས་པ་ཉེ་བར་ཞི་བ་ཐོབ་པའི་འབྲས་བུའི་རྒྱུའོ། །མྱ་ངན་གྱི་རྟེན་བྱེད་པས་ན་མྱ་ངན་ཏེ་ཉོན་མོངས་པའོ། །དེ་ལས་འདས་པས་ན་མྱ་ངན་ལས་འདས་པའོ། །ཡང་ན་མྱ་ངན་ནི། རྟེན་ལ་བརྟེན་པའི་མིང་བཏགས་ནས་མྱ་ངན་གྱི་རྟེན་སྡུག་བསྔལ་གྱི་ཕུང་པོའོ། །བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདེན་འཛིན་བཅད་པས་ཉོན་མོངས་པ་བཟློག་ལ། ཉོན་མོངས་པ་བཟློག་པས་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་སྤངས་པས་ན་མྱ་ངན་གྱི་རྟེན་སྡུག་བསྔལ་ལས་འདས་པས་མྱང་འདས་ཞེས་བརྗོད་དོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཅན་སོ་སོ་སོ་སོར་བརྟགས་ནས། ངོ་བོ་ཉིད་ཀྱིས་མེད་པའམ། བདག་མེད་པའི་དོན་རྟོགས་པ་ལས་གཞན་དོན་གང་ཡང་ཡིད་ལ་མི་བྱེད་པ་དེས་ནི་ཉོན་མོངས་པ་མི་བཟློག་པས། སྤྲོས་པ་ཉེ་བར་ཞི་བའི་མྱང་འདས་ཐོབ་པར་མི་འགྱུར་རོ་ཞེའོ། །བདག་མེད་པའི་དོན་ལ་སོ་སོར་བརྟགས་ནས་ཚད་མས་རྙེད་པ་བསྒོམ་དགོས་པ་དེ་ལྟ་བས་ན། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཡང་དག་པའི་རིགས་པ་དང༌། ཡིད་ཆེས་པའི་ལུང་དག་གི་སྒོ་ནས་བརྟགས་ལ། ཡང་དག་པ་ཁོ་ནའི་ངོ་བོ་བསྒོམ་པར་བྱའོ། །གང་གི་ངོ་བོ་ཞེ་ན། ཕྱི་ནང་གི་དངོས་པོའི་རང་གི་ངོ་བོའོ། །དེ་ཉིད་ངོས་བཟུང་བ་ནི། གཉིས་པ་བྱེ་བྲག་བསམ་བྱུང་བསྐྱེད་པའི་ཚུལ་ལ་དོན་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཡང་དག་པའི་དངོས་པོའི་ངོ་བོ་གང་ཞེ་ན། ཡང་དག་པའི་དངོས་པོའི་རང་གི་ངོ་བོ་སྟེ་གནས་ཚུལ་ནི། དོན་དམ་པར་ཏེ་རིགས་པས་དཔྱད་ན་སྐྱེ་བའི་རང་བཞིན་མེད་པ་ཁོ་ན་སྟེ། སྐྱེ་བ་མེད་པའི་དོན་འདི་རྟོགས་པར་འདོད་པ་དག་གིས་ཡང་དག་པའི་དོན་རིགས་པ་དང་ལུང་གིས་གཏན་ལ་དབབ་བོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཡང་དག་པའི་དོན་ལུང་གིས་གཏན་ལ་དབབ་པ་དང༌། རིགས་པས་གཏན་ལ་དབབ་པའོ། །དང་པོ་ནི། ལུང་དང་རིགས་པ་གཉིས་ཡོད་པ་དེ་ལ་ལུང་ནི། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ལུང་དེ་བཤད་པ་ནི། ཕུང་པོ་ལ་སོགས་པ་རང་བཞིན་གྱིས་སྐྱེ་བ་མེད་པ་ནི། རིགས་པས་མི་བསླུ་བར་གྲུབ་པས་ན་བདེན་ནོ། །ཡང་ན་རང་བཞིན་གྱིས་སྐྱེ་བ་མེད་པ་ནི་གཟུགས་སོགས་ཀྱི་གནས་ཚུལ་ཡིན་པས་ན་བདེན་ཞེས་བརྗོད་དོ། །སྐྱེ་བ་དང་འགག་པ་ལ་སོགས་པའི་ཆོས་གཞན་ནི་བློ་ལ་སྣང་བ་ལྟར་གནས་ཚུལ་ལ་མེད་པས་ན་མི་བདེན་ནོ་ཞེས་པའོ། །རང་བཞིན་གྱིས་སྐྱེ་བ་མེད་པ་དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་དམ་པ་དང་སྐྱེ་བའི་སྤྲོས་པ་མེད་པར་མཐུན་པའི་ཕྱིར་སྐྱེ་བ་མེད་པ་བདེན་ནོ་ཞེས་གསུངས་ཀྱི། དོན་དམ་པར་ཏེ་རིགས་པས་དཔྱད་ན་ནི་སྐྱེ་བ་ཡང་བདེན་པ་མ་ཡིན། མི་སྐྱེ་བ་བདེན་པ་ཡང་ཡོད་པ་མ་ཡིན་ཏེ། རིགས་པས་དཔྱད་ན་ཁྱད་གཞི་མེད་པས་སྐྱེ་མི་སྐྱེ་དེའི་ཐ་སྙད་ཐམས་ཅད་ལས་འདས་པའི་ཕྱིར་རོ། །ཡང་སྔ་མའི་མདོ་དེ་ཉིད་ལས་བཀའ་སྩལ་པ་ཞེས་པ་ནས་སྐྱེ་བ་མེད་དོ་ཞེས་པའི་བར་གྱི་མདོས་གསུངས་ཏེ། མདོ་དེའི་དོན་བཤད་པ་ནི། རིགས་ཀྱི་བུ་ཞེས་བོས་ནས་འཇིག་རྟེན་འདི་ན་བར་དུ་གནས་པ་དང༌། ཐ་མར་འཇིག་པ་དང༌། དང་པོར་འབྱུང་བ་ལ་མངོན་པར་ཞེན་ཏེ། ཐོག་མཐའ་དབུས་གསུམ་ལ་ཞེན་པ་དེའི་ཕྱིར། དེ་བཞིན་གཤེགས་པ་མཐའ་ཡས་པའི་སེམས་ཅན་སྡུག་བསྔལ་གསུམ་ལས་སྐྱོབ་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས། འཇིག་རྟེན་གྱི་དངངས་བས་ཏེ་སྐྲག་པའི་གནས་བསལ་བའི་ཕྱིར། ངག་གི་ཐ་སྙད་ཀྱི་ཡུལ་རྟོག་པའི་བློ་ལ་སྣང་ཙམ་གྱི་དབང་གིས་སྐྱེ་བ་འགག་གོ་ཞེ་གསུངས་ཀྱང༌། གནས་ཚུལ་འདི་ལ་ནི་ཆོས་གང་ཡང་སྐྱེ་བ་མེད་དོ་ཞེས་བཤད་དེ། གནས་ཚུལ་ལ་སྐྱེ་བ་མེད་པའི་དོན་ལ་ཡང་དག་པའི་དོན་ཡིན་པའང་འཕགས་པ་སངས་རྒྱས་ཡང་དག་པར་སྡུད་པ་ལས་ཀྱང་བཀའ་སྩལ་ཏེ། ལུང་གི་དོན་ནི། ཚུལ་བཞིན་འདྲི་བ་ནི་གང་ལགས། ཚུལ་བཞིན་ནི་གང་ལགས། ཞེས་དྲིས་པའི་ལན་བཀའ་སྩལ་པ། རང་བཞིན་གྱིས་སྐྱེ་བ་མེད་པ་ནི་ཚུལ་བཞིན་ནོ། །སྐྱེ་མེད་ཀྱི་དོན་དེ་འདྲི་བ་ནི། ཚུལ་བཞིན་ཏེ་དངོས་པོའི་གནས་ཚུལ་འདྲི་བའོ། །ཡང་མདོ་དེ་ཉིད་ལས་ཡང་དག་པའི་དོན་བཀའ་སྩལ་པའི་ལུང་གི་དོན་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་གནས་ཚུལ་ནི། ནམ་མཁའ་ལྟར་མཐའ་ཡས་པས་ན་ཚད་བཟུང་དུ་མེད་པས་ན་ཚད་མེད་པའི་སྒོ་སྟེ། འདིའི་དོན་རྟོགས་པ་ན། འཆི་འཕོ་བ་དང་བྲལ་བའོ། །གང་རྟོགས་ན་ཞེ་ན། རང་བཞིན་གྱིས་སྐྱེ་བ་དང་བྲལ་བ་དག་གོ །ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པར་རྟོགས་པའི་སྒོ་སྟེ། གདོད་མ་ནས་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་འབྱུང་ངོ་ཞེས་པའི་དོན་ནོ། །བསམ་བྱུང་གི་ཤེས་རབ་ཀྱིས་བསམ་པར་བྱ་བའི་ཡང་དག་པའི་དོན། འཕགས་པ་བདེན་པ་གཉིས་རྣམ་པར་འབྱེད་པའི་མདོ་ལས་ཀྱང་གསུངས་ཏེ། གཟུགས་སོགས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཉམ་པ་ཉིད་དོ་ཞེས་བརྗོད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ་ལས་ཀྱང་གསུངས་ཏེ། རབ་འབྱོར་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་པ་ནས། རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བཀའ་སྩལ་ཏོ། །དེའི་དོན་ནི། གཟུགས་སོགས་སུ་བློ་ལ་སྣང་བ་ཉིད་གནས་ཚུལ་ལ་གཟུགས་སོགས་སུ་གནས་པ་ནི། གཟུགས་སོགས་ཀྱི་ངོ་བོ་ཉིད་དོ། །གཟུགས་སོགས་སུ་སྣང་བ་ཉིད་གནས་ཚུལ་ལ་གཟུགས་སོགས་སུ་མེད་པས་ན། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་པའི་དོན་ནོ། །དེ་ཅིའི་ཕྱིར་ཞེ་ན། གནས་ཚུལ་ལ་གཟུགས་ཀྱི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་པའོ། །འཕགས་པ་གླང་པོ་རྩལ་གྱི་མདོ་ལས་ཀྱང༌། བསམ་བྱུང་གི་ཤེས་རབ་ཀྱིས་རྟོགས་པར་བྱ་བའི་ཡང་དག་པའི་དོན་གསུངས་སོ། །ཇི་ལྟར་གསུངས་ཤེ་ན། དོན་དམ་པ་གང་ལ་སྐྱེ་བ་སྲིད་པའི་དངོས་པོ་ཡུལ་དུས་གང་ནའང་མི་དམིགས་ཏེ། གདོད་མ་ནས་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རྒྱུ་ལས་འབྲས་བུ་འབྱུང་བ་མཐོང་བ་མ་ཡིན་ནམ་ཞེ་ན། གནས་ཚུལ་ལ་མེད་པས་གནས་ཚུལ་ལ་འབྱུང་བ་མེད་པའི་དངོས་པོ་རྣམས་ལ་གནས་ཚུལ་མི་ཤེས་པའི་བྱིས་པ་དག་ནི། གནས་ཚུལ་ལ་རྒྱུ་ལས་འབྲས་བུ་འབྱུང་བར་འདོད་དོ་ཞེས་གསུངས་སོ་ཞེས་པའི་དོན་ནོ། །ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང༌། ཡང་དག་པའི་དོན་བཀའ་སྩལ་ཏེ། ཆོས་འདི་དག་ཅེས་སྨོས་སོ། འདིའི་དོན་ནི། ཕྱི་ནང་གི་ཆོས་འདི་དག་ཐམས་ཅད་ནི། དུས་གསུམ་དུ་རང་བཞིན་མེད་པར་མཉམ་པ་ཉིད་ཀྱིས་མཉམ་པ་དག་སྟེ། ཅི་ཞེ་ན། འདས་པའི་དུས་ནའང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ནས་བཟུང་སྟེ། ད་ལྟར་བྱུང་བའི་དུས་ཀྱི་བར་དུའང་ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་ལོ་ཞེས་གསུངས་པའི་དོན་ནོ། །དེ་ལྟར་ན་ཇི་སྐད་བཤད་པ་འདི་ནི་རེ་ཞིག་ལུང་གི་སྒོ་ནས་ཡང་དག་པའི་དོན་བསམ་བྱུང་གི་ཤེས་རབ་ཀྱིས་བརྟག་པར་བྱའོ་ཞེས་བཤད་དོ། །གཉིས་པ་ཡང་དག་པའི་དོན་རིགས་པས་གཏན་ལ་དབབ་པ་ལ། རིགས་པའི་བྱེད་པ་བསྟན་པས་མཚམས་སྦྱར། རིགས་པའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ལུང་གི་དོན་ཡང་དག་པའི་རིགས་པས་བསྟན་པར་བྱས་ན། ལུང་གི་དོན་གནས་ཚུལ་ལ་གུད་དུ་བཀྲི་མི་ནུས་ཏེ། དེ་བས་ན་རིགས་པས་ཡང་དག་པ་སྐྱེ་མེད་ཀྱི་དོན་སོ་སོར་བརྟག་པར་བྱའོ། །དེ་ལ་རིགས་པ་དུ་མ་ཡོད་པ་ལས། མདོར་བརྗོད་པར་བྱ་སྟེ་ཞེས་པས་མཚམས་སྦྱར་རོ། །གཉིས་པ་རིགས་པའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། རྒྱུ་ལ་སྤྱོད་པ་རྡོ་རྗེ་གཟེགས་མ་དང༌། རང་བཞིན་ལ་སྤྱོད་པ་གཅིག་དང་དུ་བྲལ་ལོ། །དང་པོ་ལ་བཞི་སྟེ། གཏན་ཚིག་སྒྲུབ་པ་དང༌། རྟགས་བསྒྲུབ་བྱ་ལ་སྦྱར་བ་དང༌། དེའི་ཡིད་ཆེས་པའི་ལུང་འགོད་པ་དང༌། གཏན་ཚིག་སྟོན་པའི་ལུང་ངོ༌། །དང་པོ་ལ་གཉིས་ཏེ། རྣམ་པར་བརྟག་པས་མདོར་བསྟན་པ་དང༌། སོ་སོར་ཕྱེ་སྟེ་བསྟན་པའོ། །དང་པོ་ནི། དངོས་པོ་རྣམས་སྐྱེ་བ་ན། རྒྱུ་མེད་པ་ལས་བྱུང་བ་ཞིག་གམ། འོན་ཏེ་རྒྱུ་ཡོད་པ་ལས་བྱུང་བ་ཞིག་ཏུ་འགྱུར་དྲང་ན་ཞེས་གཉིས་སུ་བརྟག་གོ །གལ་ཏེ་མུ་སྟེགས་རྒྱང་འཕེན་པ་དང༌། སྤྱོད་པ་བ་དག དངོས་པོ་རྣམས་རྒྱུ་ལ་མ་ལྟོས་པར་འབྱུང་ངོ་ཞེ་ན། རྒྱུ་མེད་པ་ལས་འབྱུང་བ་མ་ཡིན་ཏེ། རྒྱུ་ཚང་ནས་སྐྱེ་བ་མ་ཚང་ན་མི་སྐྱེ་བའི་རེས་འགའ་བ་ཡིན་པར་ཚད་མ་ལ་སྣང་བའི་ཕྱིར་རོ། །ནས་ཀྱི་མྱུ་གུ་དང་ས་ལུའི་མྱུ་གུ་རྣམས་སྐྱེ་བའི་དུས་དབྱར་བཞིན་དུ། རྟག་ཏུ་སྟེ་དགུན་གྱི་དུས་སུ་ཡང་ཞིང་བཞིན་དུ་ཡུལ་ཐམས་ཅད་དུ་ཡང་ཅིའི་ཕྱིར་མི་འབྱུང་སྟེ། དུས་ཐམས་ཅད་དུ་རྒྱུ་ལ་མི་ལྟོས་པར་བྱེ་བྲག་མེད་པའི་ཕྱིར། གལ་ཏེ་དགུན་གྱི་དུས་སུ་འབྱུང་བར་མི་འདོད་དོ་ཞེ་ན། འོ་ན་སྐྱེ་བའི་དུས་དབྱར་གྱི་དུས་ན་ཡང་འབྱུང་བར་མི་རིགས་པར་ཐལ། མྱུ་གུ་དངོས་པོ་མེད་པའི་དགུན་གྱི་དུས་དང༌། རྒྱུ་མེད་པར་བྱེ་བྲག་མེད་པས་སོ། །གལ་ཏེ་རྒྱུ་མེད་ན་དུས་རྟག་ཏུ་འབྱུང་བའམ། ཡང་ན་ནམ་ཡང་མི་འབྱུང་བར་ཐལ་བའི་རིགས་པས་གནོད་པ་དེ་ལྟར་ན་རེ་ཞིག རྒྱུ་མེད་པ་ལས་འབྱུང་དུ་མི་རུང་ངོ་ཞེས་བསྟན་ཏོ། །གཉིས་པ་ལྟར་ན། རྒྱུ་ངོ་བོ་ཉིད་ཀྱིས་ཡོད་པ་ལས་འབྱུང་བ་མ་ཡིན་ཏེ། གལ་ཏེ་དེ་ལས་བྱུང་ན། རྒྱུ་རྟག་པ་ལས་འབྱུང་ངམ། མི་རྟག་པ་ལས་འབྱུང་ཞེས་བརྟག་གོ །གལ་ཏེ་རྒྱུ་རྟག་པ་ལས་འབྱུང་ངོ་ཞེ་ན། འདི་དགག་པ་ལ་གཉིས་ཏེ། རྟག་པ་འབྲས་བུ་སྐྱེད་བྱེད་དུ་མི་རུང་བ་དང༌། རྒྱུ་རྟག་པ་ཉིད་དགག་པའོ། །དང་པོ་ནི། མུ་སྟེགས་རྟག་པར་སྨྲ་བ་དག དབང་ཕྱུག་དང་གཙོ་བོ་ལ་སོགས་པ་རྒྱུ་རྟག་པ་ལས་འབྲས་བུ་སྐྱེ་འོ་ཞེ་ན། རྟག་པ་ལས་འབྲས་བུ་སྐྱེ་བ་མི་འཐད་པའི་ཚུལ་འདི་ལྟར། རྟག་སྨྲའི་མུ་སྟེགས་ཅན་རྣམས་ཀྱིས། དབང་ཕྱུག་དང་གཙོ་བོ་ལ་སོགས་པ་རྟག་པ་འབྲས་བུ་སྐྱེད་བྱེད་ཀྱི་རྒྱུར་བཏགས་པ་དེ་ལས་ཀྱང༌། འབྲས་བུའི་དངོས་པོ་རྣམས་མི་སྐྱེ་སྟེ། འབྲས་བུ་རྣམས་རིམ་གྱིས་འབྱུང་བར་ཚད་མ་ལ་སྣང་བའི་ཕྱིར་རོ། །གལ་ཏེ་རིམ་གྱིས་འབྱུང་ཡང་རྟག་པ་ལས་སྐྱེ་བར་མི་འགལ་ལོ་ཞེ་ན། རྟག་པ་ལས་སྐྱེ་ན་རྒྱུ་མ་ཚང་བའི་དུས་མེད་ལ། རྒྱུ་མ་ཚང་བ་མེད་པ་ནུས་པ་ཐོགས་པ་མེད་པའི་འབྲས་བུ་ནི་རིམ་གྱིས་འབྱུང་བ་མི་རིགས་ཏེ། འབྲས་བུ་བསྐྱེད་པའི་ནུས་པ་དང་རྐྱེན་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །ཇི་ལྟར་གཞན་ལ་ལྟོས་པ་མེད་ཅེ་ན། དབང་ཕྱུག་དང་གཙོ་བོ་ལ་སོགས་པ་བདག་ཉིད་གཅིག་པུ་ལ་འབྲས་བུ་ཐམས་ཅད་བྱེད་པའི་མཐུ་ཡོད་པ་ནི་འབྲས་བུ་བསྐྱེད་པ་རྐྱེན་གཞན་ལ་ལྟོས་པ་མེད་དེ། དབང་ཕྱུག་སོགས་ཀྱིས་འབྲས་བུ་བསྐྱེད་པ་དེ་ལ་རྐྱེན་གཞན་དག་གིས་ཕན་གདགས་མི་དགོས་པའི་ཕྱིར་ཏེ། རྟག་པ་ཡིན་པས་སོ། །མ་ངེས་པ་མ་ཡིན་ཏེ། རྟག་པ་ལ་ནི་འབྲས་བུ་བསྐྱེད་པའི་ནུས་པ་རྐྱེན་གྱིས་ཕན་གདགས་པ་ལ་ལྟོས་པར་མི་རུང་བའི་ཕྱིར་རོ། །གཉིས་པ་ལ་དོན་བཞི་སྟེ། རྟགས་འགོད་པ་དང༌། ཚུལ་སྒྲུབ་པ་དང༌། ཚད་མས་གྲུབ་པའི་དོན་དང༌། ལུང་དང་སྦྱར་བའོ། །དང་པོ་ནི། རྟག་པས་འབྲས་བུ་བསྐྱེད་པ་མི་འཐད་པ་དེ་བས་ན། དབང་ཕྱུག་ལ་སོགས་པ་ཆོས་ཅན། དངོས་པོའི་ངོ་བོ་ཉིད་དུ་མེད་པ་ཁོ་ན་ཡིན་ཏེ། འབྲས་བུ་བསྐྱེད་པའི་ནུས་པ་ཐམས་ཅད་ཀྱི་སྟོང་པའི་ཕྱིར་རོ། །དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུའོ། །གཉིས་པ་ནི། དངོས་པོ་ནི་དོན་བྱེད་ནུས་པའི་མཚན་ཉིད་ཅན་ཡིན་ན། རྟག་པ་དེ་དག་ནི་ཡུལ་དུས་གང་དུའང་འབྲས་བུ་ཅིག་ཆར་མི་བསྐྱེད་པར་མ་ཟད། རིམ་གྱིས་ཀྱང་བསྐྱེད་མི་ནུས་ཏེ། རྟག་པས་འབྲས་བུ་བསྐྱེད་པ་གོང་དུ་རིག་པས་བརྟགས་ཟིན་པའི་ཕྱིར་རོ། །ཇི་ལྟར་ཅིག་ཆར་མི་བསྐྱེད་ཅེ་ན། རྟག་པས་འབྲས་བུ་ཅིག་ཆར་ཡང་མི་བསྐྱེད་དེ། འདི་ལྟར་དང་པོའི་དུས་ཁོ་ནར་འབྲས་བུ་ཐམས་ཅད་ཅིག་ཆར་དུ་བསྐྱེད་པར་འདོད་ནས་ཕྱིན་ཆད་ཀྱང་གལ་ཏེ་སྔ་མའི་ནུས་པ་དེ་ཁོ་ན་བཞིན་དུ། སྔ་མའི་ནུས་པ་དེ་ཉིད་འབྲས་བུ་ཕྱི་མ་བསྐྱེད་ནུས་སུ་གནས་ན་ནི། དུས་ཕྱི་མ་དེའི་ཚེ་སྔ་མའི་ནུས་པའི་རང་བཞིན་ཕྱི་མའི་དུས་སུ་རྗེས་སུ་འཇུག་པས་སྔ་མའི་ནུས་པས་འབྲས་བུ་བསྐྱེད་པ་བཞིན་དུ། ཕྱི་མའི་དུས་སུ་ཡང་སྔ་མ་དེ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་རོ། །དེ་ལྟར་ན་ནི། སྔ་མའི་དུས་སུ་འབྲས་བུ་མ་རྫོགས་པས་སྔ་མས་འབྲས་བུ་ཅིག་ཆར་དུ་བསྐྱེད་པ་འགལ་ལོ། །གལ་ཏེ་སྔ་མའི་ནུས་པ་ཕྱི་མའི་དུས་སུ་མི་འཇུག་ན་ནི། ཕྱི་མའི་དུས་སུ་སྔ་མའི་ངོ་བོ་ཉིད་བོར་བས་མི་རྟག་པར་ཐལ་བར་འགྱུར་རོ། །གསུམ་པ་ནི། རྒྱུ་རྟག་པ་འདོད་པ་ལ་རིགས་པས་གནོད་པ་དེ་ལྟ་བས་ན། རྒྱུ་རྟག་པ་ཞེས་བྱ་བའི་དངོས་པོ་གང་ཡང་མེད་དོ། །བཞི་པ་ནི། རྟག་པའི་དངོས་པོ་མེད་པ་དེ་ཉིད་ཀྱི་ཕྱིར། ལང་ཀར་གཤེགས་པའི་མདོ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་ནི། བློ་གྲོས་ཆེན་པོ་ཞེས་བོས་ནས་འདི་ལྟ་སྟེ། འདུས་མ་བྱས་ཀྱི་ནམ་མཁའ་རྫས་སུ་སྒྲོ་འདོགས་པ་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་དང༌། མྱ་ངན་ལས་འདས་པ་སོ་སོར་བརྟགས་འགོག་ལ་སོགས་པ་འདུས་མ་བྱས་པའི་དངོས་པོར་ཞེན་ཅིང་སྒྲོ་འདོགས་པ་ནི། རྫས་སུ་མེད་པ་ལ་རྫས་སུ་སྒྲོ་འདོགས་པ་ཡིན་ནོ་ཞེའོ་ཞེས་པ་ནི་གསུང་ངོ་ཞེས་པའི་དོན་ནོ། །རྒྱུ་རྟག་པ་ལུང་རིགས་ཀྱིས་མི་འཐད་པ་དེ་ལྟར་ན། རེ་ཞིག་འབྲས་བུ་དེ་དག་ནི་རྒྱུ་རྟག་པ་ལས་སྐྱེ་བར་མི་རུང་ངོ༌། གལ་ཏེ་རང་གི་སྡེ་པ་དག་རྒྱུ་མི་རྟག་པ་ལས་འབྲས་བུ་སྐྱེའོ་ཞེ་ན། འདི་དགག་པ་ལ་གསུམ་སྟེ། གཞན་ལས་མི་སྐྱེ་བ་དང༌། བདག་ལས་མི་སྐྱེ་བ་དང༌། གཉིས་ཀ་ལས་མི་སྐྱེ་བའོ། །དང་པོ་ལ་གཉིས་ཏེ། འདས་མ་འོངས་ལས་མི་སྐྱེ་བ་དང༌། ད་ལྟར་བ་ལས་མི་སྐྱེ་བའོ། །དང་པོ་ནི། དུས་གསུམ་ཡོད་པ་དེ་ལ་འདས་པ་འགགས་པ་དང༌། མ་འོངས་པ་ནི་མ་སྐྱེས་པས་གཉིས་ཀ་ཡང་དངོས་པོ་མེད་པས་ན། དངོས་པོ་མེད་པ་དེ་ལ་འབྲས་བུ་སྐྱེ་ཞེས་བྱ་བ་མི་རུང་སྟེ། གལ་ཏེ་དངོས་མེད་ལས་སྐྱེ་ན། རྒྱུ་མེད་པ་ལས་འབྲས་བུ་སྐྱེ་བར་ཐལ་བའི་ཕྱིར་རོ། །གཉིས་པ་ད་ལྟར་བ་ལས་མི་སྐྱེ་བ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ན་ད་ལྟར་གྱི་དངོས་པོ་ལས་ཀྱང་འབྲས་བུ་མི་སྐྱེ་སྟེ། རིགས་པས་བརྟགས་ན་འབྲས་བུ་དང་དུས་མཉམ་པའི་རྒྱུ་དང༌། མི་མཉམ་པའི་རྒྱུ་དེ་དག་ལས་འབྲས་བུ་མི་སྐྱེ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དུས་མཉམ་པ་ལས་མི་སྐྱེ། དུས་མི་མཉམ་པ་ལས་མི་སྐྱེ་བའོ། །དང་པོ་ནི། རེ་ཤིག་འབྲས་བུ་དང་དུས་མཉམ་པའི་རྒྱུ་ལས་མི་སྐྱེ་བའི་ཚུལ་ནི་འདི་ལྟར། འབྲས་བུ་རྒྱུའི་དུས་ན་ཡོད་པ་སྐྱེ་བ་མི་འཐད་དེ། རྒྱུའི་ངོ་བོ་ཉིད་དང་འདྲ་བར་འབྲས་བུ་ཡང་གྲུབ་ཟིན་པའི་ཕྱིར་རོ། །ཅི་སྟེ་ཞེ་ན། རྒྱུ་དེ་དང་དུས་གཅིག་ཏུ་བྱུང་བའི་ཕྱིར། གཉིས་པ་ནི། དུས་མི་མཉམ་པའི་རྒྱུ་ལས་སྐྱེའོ་ཞེ་ན། འབྲས་བུ་དང་དུས་ཐ་དད་པ་དུས་མི་མཉམ་པ་སྔ་ཕྱིར་གྲུབ་པ་ལས་མི་སྐྱེ་སྟེ། གལ་ཏེ་རྒྱུ་དེ་དུས་གཞན་གྱིས་ཆོད་དེ། དེ་ལས་སྐྱེ་བར་འདོད་ན་ནི་མི་འཐད་དེ། འདས་པ་དང་ལ་སོགས་པ་མ་འོངས་པ་ལས་ཀྱང་སྐྱེ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རྒྱུ་དང་དུས་ཀྱིས་བར་དུ་མ་ཆོད་པར་སྐྱེ་ན་ནི། གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་བར་དུ་མ་ཆོད་པར་འདོད་ན་ནི། སྐད་ཅིག་གཅིག་ཉིད་དུ་སྐད་ཅིག་ཐམས་ཅད་དུས་གཅིག་ཏུ་ཆུད་པས། བསྐལ་པའང་སྐད་ཅིག་གཅིག་དུ་འགྱུར་རོ། །དེ་ལྟ་ན་རྒྱུན་མི་སྲིད་པ་དང༌། དུས་ཡུན་རིང་ཐུང་གི་བྱེ་བྲག་མེད་པར་འགྱུར་རོ། །སྐད་ཅིག་ནི་སེ་གོལ་གཅིག་གཏོགས་པའི་ཡུན་ལ་དུས་ཀྱི་ཆ་ཤས་བརྒྱ་ཉི་ཤུ་འགག་པའི་ཆ་ཤས་རེ་རེའི་ཡུན་ཙམ་མོ། །སྐད་ཅིག་མ་ནི། ཆ་ཤས་དེ་དང་ལྡན་པའི་ཆ་ཤས་ཅན་གྱི་དུས་སོ། །ཇི་སྐད་བརྗོད་པའི་དོན། དཔེར་ན་རྡུལ་ཕྲ་རབ་རྣམས་བདག་ཉིད་ཐམས་ཅད་ཀྱིས་འདྲེས་ན། གོང་བུ་ཆེན་པོའང་རྡུལ་ཕྲ་མོའི་ཚད་ཙམ་ཉིད་དུ་འགྱུར་བ་བཞིན་ནོ། །ཅི་སྟེ་འབྲས་བུའི་སྐད་ཅིག་མ་རྒྱུ་དང་ཕྱོགས་གཅིག་གིས་ཕྲད་ན་ནི། དུས་དེའི་ཚེ། འབྲས་བུའི་སྐད་ཅིག་ལ་ཆ་ཤས་ཡོད་པར་འགྱུར་རོ། །གཞན་ལས་སྐྱེ་བ་བཀག་ཟིན་ཏོ། །གཉིས་པ་བདག་ལས་སྐྱེ་བ་དགག་པ་ནི། འབྲས་བུ་རྣམས་རང་གི་བདག་ཉིད་ལས་ཀྱང་མི་སྐྱེ་སྟེ། རང་གི་བདག་ཉིད་ལས་སྐྱེ་བར་འདོད་པའི་ཕྱོགས་འདི་ནི། རྒྱུ་མེད་པ་ལས་བྱུང་བ་ཁོ་ནའི་ཕྱོགས་ཀྱི་ནང་དུ་འདུས་པའི་ཕྱིར་ཏེ། བདག་ཉིད་ཀྱིས་བདག་ཉིད་ཀྱི་རྒྱུ་མི་བྱེད་པའི་ཕྱིར་རོ། །ཅི་སྟེ་ཞེ་ན། བདག་ཉིད་ལ་བདག་ཉིད་ཀྱིས་བསྐྱེད་པར་བྱེད་པའི་ནུས་པ་འཇུག་པ་འགལ་བའི་ཕྱིར་རོ། །གསུམ་པ་གཉིས་ཀ་ལས་མི་སྐྱེ་བ་ནི། འབྲས་བུ་ནི་བདག་དང་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། གལ་ཏེ་སྐྱེ་ན་བདག་དང་གཞན་ལས་སྐྱེ་བའི་ཕྱོགས་གཉིས་ཀའི་སྐྱོན་གཞི་གཅིག་ལ་འདུ་བར་འགྱུར་བའི་ཕྱིར་རོ། །གཏན་ཚིགས་སྒྲུབ་པ་བསྟན་ཟིན་ཏོ། །གཉིས་པ་བསྒྲུབ་བྱ་ལ་སྦྱར་བ་ནི། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་མི་འཐད་པ་དེ་ལྟ་བས་ན། དོན་དམ་པར་ཏེ་རིགས་པས་དཔྱད་ན་ཕྱི་ནང་གི་དངོས་པོ་འདི་དག་ཐམས་ཅད་ནི་རིགས་ངོར་མ་སྐྱེས་པ་ཁོ་ནར་གྲུབ་པ་ཡིན་ལ། འོན་ཀྱང་ཀུན་རྫོབ་དུ་ནི་སྐྱེ་བ་ཡོད་པས་ན། བཅོམ་ལྡན་འདས་ཀྱིས་རྟེན་འབྲེལ་གྱི་སྐྱེ་བ་བཤད་པའི་ལུང་ལ་སོགས་པ་དང་ཡང་མི་འགལ་ལོ། །སོགས་པས་རིགས་པ་དང་མི་འགལ་བ་སྡུད་དོ། །གསུམ་པ་བསྒྲུབ་བྱ་ལ་སྦྱར་བའི་ལུང་ནི། དོན་དམ་པར་སྐྱེ་བ་མེད་ཅིང༌། ཀུན་རྫོབ་ཏུ་ཡོད་པ་དེ་སྐད་དུ། དངོས་པོ་ཞེས་པ་ནས་ཅེས་པའོ་ཞེས་པའི་བར་གྱི་ལུང་ངོ༌། །འདིའི་དོན་ནི། དངོས་པོ་རྣམས་སྐྱེ་བ་ནི། ཀུན་རྫོབ་ཏུ་སྟེ་འཁྲུལ་ངོར་རོ། །དམ་པའི་དོན་དུ་སྟེ། རིགས་པས་རྣམ་པར་དཔྱད་ན་རང་བཞིན་མེད་དོ། །རིག་པས་རང་བཞིན་མེད་པར་གྲུབ་པ་ཡིན་ལ། འོན་ཀྱང་འཁྲུལ་བའི་ངོར་སྐྱེ་བར་སྣང་བ་གང་ཡིན་པ་དེ་ནི་ཡང་དག་ཀུན་རྫོབ་ཏུ་འདོད་དོ་ཞེས་པའོ། །བཞི་པ་གཏན་ཚིགས་ཀྱི་ལུང་ནི། རྡོ་རྗེ་གཟེགས་མའི་རིགས་པ་འདི་ནི། རྟོག་གེས་བཏགས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་དགོངས་ཏེ། སཱ་ལུ་ལྗང་པ་ལ་སོགས་པའི་མདོ་ལས། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་དགག་པའི་རིགས་པ་གསུངས་པའི་ཕྱིར་རོ། །རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་བསྟན་ཟིན་ཏོ། །གཉིས་པ་རང་བཞིན་ལ་དཔྱོད་པ་གཅིག་དང་དུ་བྲལ་ལ་བཞི་སྟེ། དཔྱད་པ་སྤྱིར་བརྗོད་པ། གཏན་ཚིགས་སྒྲུབ་པ་དང༌། ཚད་མས་གྲུབ་པའི་དོན་དང༌། ལུང་དང་སྦྱར་བའོ། །དང་པོ་ནི། དངོས་པོའི་གནས་ཚུལ་ལ་རྣམ་པར་དཔྱོད་པའི་རིགས་པའི་རྣམ་པ་གཅིག་ཏུ་ན་འདི་ལྟར། གཅིག་དང་དུ་མ་དང་བྲལ་བའི་རིགས་པའོ། །རིགས་པ་འདིས་ཤེས་བྱའི་ཚུལ་ལ་རྣམ་པར་དཔྱད་པར་བྱ་སྟེ་ཞེས་པས་མཚམས་སྦྱར་རོ། །དཔྱད་པར་བྱ་བའི་དངོས་པོ་རྣམས་ནི་དོན་རྣམ་པ་གཉིས་ཏེ། གཞིག་ཅིང་གཞོམ་དུ་རུང་བ་གཟུགས་ཅན་གྱི་དངོས་པོ་དང༌། གཟུགས་ཅན་མ་ཡིན་པ་ཤེས་པའི་དངོས་པོའོ། །གཉིས་པ་གཏན་ཚིགས་བསྒྲུབ་པ་ལ་གཉིས་ཏེ། ཕྱི་རོལ་གྱི་དོན་ལ་བསྒྲུབ་པ་དང༌། ནང་ཤེས་པ་ལ་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། ཕྲ་རགས་གཉིས་ལ་གཏན་ཚིགས་སྦྱར་བ་དང༌། སྦྱོར་བའི་དོན་འགོད་པ་དང༌། ལུང་དང་སྦྱར་བའོ། །དང་པོ་ནི། བདེན་པའི་གཅིག་དང་བྲལ་བ་བསྒྲུབ་པ་ན། དུ་མ་དང་བྲལ་བ་བདེ་བླག་ཏུ་གྲུབ་པས་ན། ཐོག་མར་གཅིག་དང་བྲལ་བར་བསྒྲུབ་པ་ལ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གཉིས་ཡོད་པ་དེ་ལ་རེ་ཞིག་གཟུགས་ཅན་རགས་པ་གཅིག་དང་བྲལ་བར་བསྒྲུབ་པ་ནི། བུམ་པ་ལ་སོགས་པ་གཟུགས་ཅན་རགས་པ་དེ་དག་ནི་ཆོས་ཅན། རང་བཞིན་ཆ་མེད་གཅིག་ཏུ་བདེན་པ་མ་ཡིན་ཏེ། རྡུལ་ཕྲ་མོ་ཐ་དད་པའི་ངོ་བོ་ཉིད་དུ་མ་འདུས་པ་ཡིན་པས་ནའོ། །འདིར་ཆ་བཅས་སུ་གྲུབ་པ་ན། ཡན་ལག་ཅན་དུ་གྲུབ་ཅིང༌། ཡན་ལག་ཅན་ནི་ཡན་ལག་དང་རྫས་ཐ་དད་དུ་སྣང་རུང་མ་དམིགས་པའི་ཕྱིར་དང༌། ཡན་ལག་སོ་སོ་བ་དང་གཅིག་ན། ཡན་ལག་སོ་སོ་དང་འབྲེལ་བའི་ཆ་དུ་མར་ཁས་ལེན་དགོས་པས་ཆ་མེད་གཅིག་བདེན་པར་འགལ་ལོ། །རྡུལ་ཕྲ་མོ་གཅིག་དང་བྲལ་བར་བསྒྲུབ་པ་ནི། རྡུལ་ཕྲ་མོ་ཤར་ནུབ་ན་གནས་པ་རྣམས་ཀྱང་ཆ་མེད་གཅིག་ཏུ་བདེན་པར་མི་འགྲུབ་སྟེ། ཡིན་ཏེ། ཤར་དང་ནུབ་ལ་སོགས་པའི་ཕྱོགས་ཆ་དང་ལྡན་པའི་དབྱེ་བས་ཆ་དྲུག་ཏུ་རྣམ་པར་ཕྱེ་ན། ཆ་མེད་གཅིག་ཏུ་མི་འགྲུབ་པའི་ཕྱིར། ཉི་ཤུ་པ་ལས། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ། །ཕྱོགས་དྲུག་གི་རྡུལ་ཕྲ་མོ་རྣམས་ནི། ཆ་མེད་གཅིག་ཏུ་བདེན་པ་མ་ཡིན་ཏེ། རྡུལ་དུ་མ་བསགས་པའི་བདག་ཉིད་ཡིན་པས་སོ། །རགས་པ་དང་ཕྲ་བ་གཉིས་ཀ་ལ་བདེན་པའི་གཅིག་མེད་པས་ན། ཕྱི་རོལ་གྱི་དོན་ནི་དུ་མའི་རང་བཞིན་དུའང་ཡོད་པ་མ་ཡིན་ནོ། །གཉིས་པ་སྦྱོར་བའི་དོན་འགོད་པ་ནི། གཟུགས་ཅན་འདི་དག་ནི་ཆོས་ཅན། དོན་དམ་པར་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ཏེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། དཔེར་ན། རྨི་ལམ་ལ་སོགས་པ་ན་དམིགས་པའི་གཟུགས་ལ་སོགས་པར་སྣང་བ་བཞིན་ནོ། །ལྡོག་པ་ངེས་ཏེ། བདེན་པའི་གཅིག་དང་དུ་མའི་ངོ་བོ་ཉིད་ལས་མ་གཏོགས་པའི་དངོས་པོ་བདེན་པར་གྲུབ་པའི་ངོ་བོ་གཞན་མེད་པས་སོ། །གསུམ་པ་ལུང་དང་སྦྱར་བ་ནི། གཟུགས་ཅན་ངོ་བོ་ཉིད་མེད་པ་དེའང༌། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། བློ་གྲོས་ཆེན་པོ་ཞེས་སོགས་སོ། །འདིའི་དོན་ནི། བློ་གྲོས་ཆེན་པོ་ཞེས་བོས་ནས། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གླང་གི་རྭ་ཡང་ཞིབ་མོར་དཔྱད་ནས་རྡུལ་ཕྲ་མོར་བཤིག་ན་རྭའི་ངོ་བོ་མི་འདུག་གོ །འོ་ན་རྭ་རྩོམ་བྱེད་རྡུལ་ཕྲ་མོ་རྣམས་བདེན་པར་ཡོད་དོ་ཞེ་ན། རྩོམ་བྱེད་ཀྱི་རྡུལ་ཕྲ་མོ་རྣམས་ཀྱང་རྣམ་དཔྱོད་ཀྱི་བློས་སོ་སོར་བཤིག་ན། རྡུལ་ཕྲ་མོའི་རང་གི་མཚན་ཉིད་གྲུབ་པ་ལ་མི་གནས་སོ་ཞེའོ། །གལ་ཏེ་གཟུགས་ཅན་གྱི་དངོས་པོ་མེད་ན། སྔོན་པོ་ལ་སོགས་པ་དོན་དུ་སྣང་བ་འདི་ཅི་ཞེ་ན། འདི་ལྟར། སྔོན་པོ་ལ་སོགས་ཕྱི་རོལ་གྱི་དོན་མེད་པར་རིགས་པའི་སྟོབས་ཀྱིས་གྲུབ་པས་ན། སྔོ་སོགས་སུ་སྣང་བ་འདི་ཕྱི་རོལ་གྱི་དོན་དུ་བདེན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཕུང་པོ་གཟུགས་ཅན་མ་ཡིན་པ་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་ཉིད་སྔོན་པོ་ལ་སོགས་པའི་དངོས་པོར་སྣང་བར་ཁས་བླང་དགོས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལང་ཀར་གཤེགས་པའི་མདོ་ལས། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ། །རང་གི་སེམས་ནི་ཕྱི་རོལ་སྣང༌། །ཞེས་བཀའ་སྩལ་ཏོ། །ཕྱི་རོལ་གྱི་དོན་ལ་གཏན་ཚིགས་སྒྲུབ་པ་བསྟན་ཟིན་ཏོ། །གཉིས་པ་ནང་ཤེས་པ་ལ་གཏན་ཚིགས་སྒྲུབ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གང་དག་གཟུགས་ཅན་དེ་བཞིན་དུ། གཟུགས་སུ་མེད་པ་སེམས་སེམས་བྱུང་དེ་དག་ཀྱང་རིགས་པས་བརྟགས་ན་ངོ་བོ་ཉིད་མེད་པ་ཁོ་ན་སྟེ། སྔ་མའི་རིགས་པ་མཚུངས་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྣམ་བཅས་ལ་གཅིག་དང་བྲལ་བ་སྒྲུབ་པ་དང༌། དུ་མ་དང་བྲལ་བ་སྒྲུབ་པ་དང༌། རྣམ་པ་རྫུན་པར་འདོད་པ་སུན་དབྱུང་བའོ། །དང་པོ་ནི། སྔོ་སོགས་སུ་སྣང་བ་འདི་དག་ཕྱི་རོལ་གྱི་དོན་དུ་མ་གྲུབ་པས་ཤེས་པར་ཁས་ལེན་དགོས་པ་དེ་བས་ན། ཤེས་པ་གཅིག་གི་ངོ་བོར་བདེན་ནམ། ཤེས་པ་དུ་མའི་ངོ་བོར་བདེན། དང་པོ་ལྟར་ན། སེར་པོ་ལ་སོགས་པ་དོན་དུ་སྣང་བ་སྣ་ཚོགས་པ་ཆོས་ཅན། ཤེས་པ་ཆ་མེད་གཅིག་གི་ངོ་བོ་ཉིད་དུ་མི་རུང་བར་ཐལ། དོན་སྣ་ཚོགས་ཀྱི་རྣམ་པར་སྣང་བའི་ཕྱིར་དང༌། གཟུང་བ་དང་འཛིན་པ་ཐ་དད་པའི་རྣམ་པར་སྣང་བའི་ཕྱིར། གལ་ཏེ་གཅིག་ཏུ་བདེན་པར་གྲུབ་ཀྱང་དུ་མ་ཡིན་པ་ཅི་འགལ་ཞེ་ན། ཆ་མེད་གཅིག་ཡིན་ན་ནི། དུ་མའི་ངོ་བོ་ཁོ་ནར་མི་རུང་སྟེ། གཅིག་དང་དུ་མ་མི་མཐུན་པར་གནས་པའི་ཕྱིར། གཉིས་པ་དུ་མ་དང་བྲལ་བར་སྒྲུབ་པ་ནི། རྣམ་པར་ཤེས་པ་དུ་མའི་ངོ་བོར་བདེན་པར་ཡང་མི་རུང་སྟེ། རྣམ་པར་ཤེས་པ་གང་གི་ངོ་བོ་ཉིད་གཅིག་ཏུ་བདེན་པ་ཅུང་ཟད་ཀྱང་མ་གྲུབ་པའི་ཕྱིར། མ་ངེས་པ་མ་ཡིན་ཏེ། དུ་མ་ཉིད་ནི། གཅིག་གཅིག་ཏུ་མ་འདུས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གསུམ་པ་རྣམ་པ་རྫུན་པར་འདོད་པ་སུན་དབྱུང་བ་ནི། ཅི་སྟེ། ཇི་སྐད་བསྟན་པའི་གཟུགས་ཅན་བདེན་པ་འགོག་པའི་རིགས་པས་གཟུགས་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་འདི་དག་སྣང་ལ་མི་བདེན་པས། རྫུན་པ་ཉིད་དུ་སྐྲ་ཤད་ལྟར་སྣང་བར་ཁས་ལེན་ནོ་ཞེ་ན། འོ་ན་སྔོ་སེར་སོགས་སྣ་ཚོགས་སུ་སྣང་བའི་རྣམ་པ་དང་ཡུལ་ཅན་རྣམ་ཤེས་གཉིས་གཅིག་གམ་ཐ་དད། དང་པོ་ལྟར་ན། ཡུལ་ཅན་རྣམ་པར་ཤེས་པའང་ཡུལ་གྱི་རྣམ་པ་ལྟར་མི་བདེན་པར་འགྱུར་ཏེ། ཡུལ་ཅན་རྣམ་པར་ཤེས་པའི་ངོ་བོ་དང༌། རྣམ་པ་རྫུན་པ་གཉིས་ཐ་དད་པ་མ་ཡིན་པ་གཅིག་ཏུ་གྲུབ་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཐ་དད་དོ་ཞེ་ན། མི་འཐད་དེ། རྣམ་པར་རྫུན་པའི་བདག་ཉིད་རྟོགས་པའི་ངོ་བོ་ཉིད་ལས་གུད་ནས་ཏེ་ལོགས་སུ་རྣམ་པར་ཤེས་པའི་ངོ་བོ་མེད་པའི་ཕྱིར། གལ་ཏེ་ཡུལ་གཟུགས་ལ་སོགས་པའང་བདག་ཉིད་ཀྱིས་ཡུལ་ཅན་ལ་རྣམ་པ་སྣང་བར་བྱེད་པ་སྟེ་གཏོད་པར་བྱེད་དོ་ཞེ་ན། འོ་ན་ཡུལ་ཅན་རྣམ་པར་ཤེས་པའི་ངོ་བོར་གྱུར་པ་རྣམས་ཡུལ་གཟུགས་སོགས་རྫུན་པ་ཉིད་ཀྱི་རྗེས་སུ་འཇུག་པ་ཡིན་པས། རྣམ་པར་ཤེས་པ་ཐམས་ཅད་ཀྱང་རྫུན་པ་ཉིད་ཡིན་པར་རྣམ་རྫུན་དུ་སྨྲ་བ་རང་གིས་ཁས་བླངས་པར་གྱུར་ཏོ། །འདི་ནི་གཟུང་བ་མེད་ན་འཛིན་པའང་མི་རིགས་པའི་དོན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་པར་ཤེས་པ་ནི་སྒྱུ་མ་དང་འདྲ་བའོ་ཞེས་བཀའ་སྩལ་ཏོ། །གསུམ་པ་ཚད་མས་གྲུབ་པའི་དོན་ནི། ཕྱི་རོལ་གྱི་དོན་དང་ནང་ཤེས་པ་གཉིས་ཀ་ལ་བདེན་པའི་གཅིག་དང་དུ་མ་མེད་པ་དེ་ལྟ་བས་ན། ཕྱི་ནང་གི་དངོས་པོ་འདི་དག་ཆོས་ཅན། དོན་དམ་པར་བདེན་པ་མ་ཡིན་ཏེ། བདེན་པའི་གཅིག་དང་དུ་མའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། ཞེས་བྱ་བའི་གཏན་ཚིགས་ཀྱིས་དངོས་པོ་དེ་དག་བདེན་པ་མེད་པར་ངེས་སོ། །བཞི་པ་ལུང་དང་སྦྱར་བ་ནི། དངོས་པོ་བདེན་པ་མེད་པའི་དོན་བཅོམ་ལྡན་འདས་ཀྱིས་ཀྱང༌། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་བཀའ་སྩལ་ཏེ། ཇི་ལྟར་གཟུགས་རྣམས་མེ་ལོང་ལ། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གསུངས་སོ། །ལུང་གི་དོན་ནི། ཇི་ལྟར་མེ་ལོང་གི་ངོས་ལ་གཟུགས་རྣམས་སྣང་ཡང༌། བདེན་པའི་གཅིག་དང་གཞན་དུ་མ་ཡང་རྣམ་པར་སྤངས་པར་གྲུབ་པས་མེ་ལོང་གི་ངོས་ན་རང་གི་ངོ་བོ་ཡོད་པ་མ་ཡིན་པ་དེ་བཞིན་དུ། དངོས་པོ་རྣམས་སྣང་ཡང་ངོ་བོ་ཉིད་མེད་ཅེས་པས་ཏེ། བདེན་པའི་གཅིག་པ་ཉིད་དང༌། བདེན་པའི་དུ་མ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ལང་ཀར་གཤེགས་པའི་མདོ་ལས་བཀའ་སྩལ་བའི་དོན་བཤད་ན། རིགས་པ་ལ་བརྟེན་པའི་བློ་ཡིས་ཕྱི་ནང་གི་དངོས་པོ་འདི་དག་རྣམ་པར་གཞིགས་ན་གོ །ངོ་བོ་ཉིད་ནི་ཅུང་ཟད་ཀྱང་ཚད་མས་གཟུང་དུ་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ངོ་བོ་ཉིད་བཟུང་དུ་མེད་པ་དེའི་ཕྱིར། ཕྱི་ནང་གི་དངོས་པོ་དེ་དག་ལ་རིགས་པས་དཔྱད་ན་བློའི་ཡུལ་དུ་མེད་པས། ཡོད་ཅེས་ངག་གིས་དོན་མཐུན་དུ་བརྗོད་དུ་མེད་ཅིང༌། ངག་གིས་ངོ་བོ་ཉིད་ཡོད་པར་བརྗོད་དུ་མེད་པ་ལྟར། གནས་ཚུལ་ལ་ངོ་བོ་ཉིད་ཀྱང་མེད་པར་བཤད་དོ་ཞེས་པའོ། །གཉིས་པ་བསམ་བྱུང་བསྐྱེད་པའི་རིམ་པ་བསྟན་ཟིན་ཏོ། །གསུམ་པ་སྒོམ་བྱུང་བསྐྱེད་པའི་རིམ་པ་ལ་བཞི་སྟེ། དགོས་པའི་ཁྱད་པར་དང༌། ཇི་ལྟར་སྒོམ་པའི་ཚུལ་དང༌། དེ་ལས་ལྡང་བའི་བྱ་བ་དང༌། མཉམ་རྗེས་གཉིས་ཀའི་ཐུན་མོང་གི་བྱ་བས་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང༌། ལུང་རིགས་ཀྱི་རྒྱས་པར་བསྟན་པ་དང༌། དོན་བསྡུ་བའོ། །དང་པོ་ནི། གོང་དུ་ལུང་རིགས་ཀྱིས་རྒྱས་པར་བཤད་པ་དེ་ལྟར་དུ། བསམ་པའི་ཤེས་རབ་ཀྱིས་ཏིང་ངེ་འཛིན་གྱིས་བསྒོམ་པར་བྱ་བའི་ཡང་དག་པའི་དོན་གྱི་བྱེ་བྲག་བློས་ཕྱེད་པར་བྱས་ལ། བློས་ཕྱེད་པར་བྱས་པའི་དོན་དེ་མངོན་སུམ་དུ་རྟོགས་པར་བྱ་བའི་དོན་དུ། སྒོམ་པ་ལས་བྱུང་བའི་ཤེས་རབ་བསྐྱེད་དོ། །གལ་ཏེ་ཐོས་པ་དང་བསམ་པ་ཙམ་གྱིས་ཆོག་པ་མ་ཡིན་ནམ་ཞེ་ན། ཐོས་པ་དང་ལ་སོགས་པ་སྟེ་བསམ་བྱུང་ཙམ་གྱིས་དོན་དམ་པ་མངོན་སུམ་དུ་རྟོགས་པར་མི་འགྱུར་ལ། དོན་དམ་པ་མངོན་སུམ་དུ་མ་རྟོགས་པར་ཡང་སྒྲིབ་པ་མི་སྤོང་བས་སྒོམ་བྱུང་དགོས་སོ་ཞེས་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་བསྟན་པ་ཡིན་ནོ། །གཉིས་པ་རིགས་པ་དང་ལུང་གིས་རྒྱས་པར་བསྟན་པ་ནི། སྒྲུབ་པ་པོ་རྣམས་ལ་ཡང་ཐོས་བསམ་ཙམ་གྱིས་མ་ཡིན་པར། དོན་དེ་གསལ་བར་རྟོགས་པ་ལ་སྒོམ་བྱུང་དགོས་པའི་ཉམས་ཡོད་དེ། ཐོས་བསམ་གྱི་བློ་ལས་སྒོམ་བྱུང་གི་ཡུལ་ཤིན་ཏུ་གསལ་བར་མྱོང་བས་གྲུབ་པའི་ཕྱིར་རོ། །ཡང་དག་པའི་དོན་སྒོམ་པའི་ཤེས་པའི་སྣང་བ་རྣམས་ཤིན་ཏུ་གསལ་བའི་ཡེ་ཤེས་བྱུང་བ་མེད་པར་ཡང་དག་པར་གྲུབ་པ་སྟོང་པ་ཉིད་ཀྱི་དོན་མཐོང་བ་ལ་སྒྲིབ་པའི་མུན་པ་མི་སྤོང་ངོ༌། །གལ་ཏེ་ཡང་དག་པའི་དོན་སྒོམ་པ་ལ་གསལ་སྣང་འབྱུང་གི ཡང་དག་པ་མ་ཡིན་པའི་དོན་སྒོམ་པ་ལ་གསལ་སྣང་འབྱུང་བ་མི་འཐད་དོ་ཞེ་ན། སྔར་རྟོགས་པའི་དོན་སྒོམ་པ་ལན་མང་དུ་བྱས་ན། ཡུལ་ཡང་དག་པ་མ་ཡིན་པའི་དོན་ལ་ཡང༌། སྒོམ་སྟོབས་ཀྱིས་ཤེས་པ་ཡུལ་ཤིན་ཏུ་གསལ་བ་འབྱུང་སྟེ། དཔེར་ན་མི་སྡུག་པའི་ཏིང་ངེ་འཛིན་དང༌། ཟད་པར་ས་དང༌། ཆུ་ལ་སོགས་པ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་ཤེས་པ་ཡུལ་ཤིན་ཏུ་གསལ་བ་འབྱུང་བ་ལྟ་བུ་ཡིན་ན། ཡང་དག་པའི་དོན་སྒོམ་པའི་ཏིང་ངེ་འཛིན་ལ་གསལ་སྣང་འབྱུང་བ་ལྟ་ཡང་ཅི་སྨོས། དེ་ལྟར་ན་སྟོང་ཉིད་བསྒོམས་པའི་འབྲས་བུ་ནི། ཡང་དག་པའི་དོན་ཡོངས་སུ་གསལ་བའི་ཤེས་པ་ཡིན་པས་ན་ཡང་དག་པའི་དོན་སྒོམ་པའི་ཏིང་ངེ་འཛིན་ནི་འབྲས་བུ་སྒྲིབ་གཉིས་ཀྱི་མུན་པ་སྤོང་བ་དང༌། ཡང་དག་པའི་དོན་མངོན་སུམ་དུ་མཐོང་བའི་ཡེ་ཤེས་དང་བཅས་པའི་དོན་ཡིན་པར་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བཀའ་སྩལ་ཏེ། ཞེས་སྨོས་ཏེ། མདོ་དེའི་དོན་ནི། ཡང་དག་པའི་དོན་སྒོམ་པར་འདོད་པ་ཁྱོད་ཀྱིས་བསྒོམ་བྱའི་དོན་ཐོག་མར་ལུང་རིགས་ཀྱིས་ཁོང་དུ་ཆུད་པར་བྱ། དེ་ནས་ཏིང་ངེ་འཛིན་གྱིས་མོས་པར་བྱ། གདུལ་བྱའི་གཙོ་བོའི་དབང་དུ་བྱས་ནས་མིའི་རྟེན་ཅན་ཁྱོད་ཀྱིས་ཇི་ལྟ་ཇི་ལྟར་ལན་མང་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ན་ཡུལ་དེ་ལ་གནས་ཤིང་བཟུང་བའི་རྣམ་པར་རྟོག་པ་དེ་ཡུལ་དེ་ལ་ཡང་དང་ཡང་དུ་རྟོག་པ་དེ་ལྟ་དེ་ལྟར་ཡུལ་དེ་ལ་སེམས་རང་གི་ངང་གིས་གཞོལ་བར་འགྱུར་རོ་ཞེས་དེ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །གསུམ་པ་དོན་བསྡུ་བ་ནི། སྒྲིབ་པ་སྤོང་བ་དང༌། ཡང་དག་པའི་དོན་མངོན་སུམ་དུ་མཐོང་བ་ལ་སྒོམ་བྱུང་དགོས་པ་དེ་ལྟ་བས་ན། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་བྱ་བའི་ཕྱིར་དུ་སྒོམ་པ་ལ་རབ་ཏུ་འཇུག་གོ་ཞེས་གདམས་སོ། །གཉིས་པ་ཇི་ལྟར་སྒོམ་པའི་ཚུལ་ལ་གསུམ་སྟེ། ཞི་གནས་སྒོམ་པའི་ཚུལ་དང༌། ལྷག་མཐོང་སྒོམ་པའི་ཚུལ་དང༌། ཟུང་དུ་འབྲེལ་བའི་ལམ་སྒོམ་ཚུལ་ལོ། །དང་པོ་ལ་ལྔ་སྟེ། ཞི་གནས་ཀྱི་དགོས་པ། ཞི་གནས་ཀྱི་རྒྱུ་ཚོགས། སྒོམ་ཚུལ་གྱི་རིམ་པ། ཉེས་པ་སྤོང་བའི་ཡན་ལག ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་རྣམ་པའོ། །དང་པོ་ནི། ཏིང་ངེ་འཛིན་སྒོམ་པ་ལ་འཇུག་པ་དེ་ལ་རྣལ་འབྱོར་པས་སྟོང་པ་ཉིད་ཀྱི་དོན་ལ་སེམས་གནས་པ་ཐོབ་པར་བྱ་བའི་ཕྱིར་དུ། ཐོག་མ་ཁོ་ནར་རེ་ཞིག་ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་ལ་སེམས་གནས་པའི་ཞི་གནས་བསྒྲུབ་པར་བྱའོ། །ཅིའི་ཕྱིར་ཐོག་མར་ཞི་གནས་བསྒྲུབ་དགོས་ཤེ་ན། ཡིད་ཀྱིས་སེམས་ནི་ཆུ་གཡོ་བ་བཞིན་དུ་ཡུལ་ལ་རང་གི་ངང་གིས་གཡོ་བའི་ཕྱིར་ན། གཟིངས་ལྟ་བུའི་ཞི་གནས་ཀྱི་གཞི་མེད་པར་སེམས་འཕྲོ་བ་མེད་པར་གནས་པ་མེད་དོ། འདོད་ཁམས་ཀྱི་མཉམ་པར་མ་བཞག་པའི་སེམས་ཀྱིས་ནི་ཡུལ་ཐོས་བསམ་གྱིས་གཏན་ལ་ཕབ་ཀྱང་སྤྱིའི་ཚུལ་གྱིས་ཤེས་པ་ཙམ་ཡིན་གྱི། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང༌། ཞི་གནས་ཀྱི་རླན་མེད་པར་ལྷག་མཐོང་གི་མྱུ་གུ་མི་སྐྱེ་བ་ལ་དགོངས་ནས་སེམས་མཉམ་པར་བཞག་པས་ཡང་དག་པ་གནས་ཚུལ་གྱི་དོན་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བཀའ་སྩལ་ཏོ། །གཉིས་པ་ཞི་གནས་ཀྱི་རྒྱུ་ཚོགས་ནི། ཞི་གནས་སྐྱེ་བའི་རྒྱུ་ཚོགས་ངོས་བཟུང་བ་ནི་འདི་ལྟ་སྟེ། བསམ་པའི་ཁྱད་པར་རྙེད་པ་དང༌། བཀུར་སྟི་ལ་སོགས་པའི་འདོད་པ་ལ་མི་ལྟ་ཞིང༌། སྦྱོར་བ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་ལེགས་པར་གནས་ལ། ལུས་གདུལ་བར་བྱས་ཤིང་ཏིང་ངེ་འཛིན་སྒོམ་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་ལ་སོགས་པ་དང་དུ་ལེན་པའི་ངང་ཚུལ་ཅན་དུ་གྱུར་ལ། གུས་པར་སྦྱོར་བའི་བརྩོན་འགྲུས་དང༌། རྟག་པར་སྦྱོར་བའི་བརྩོན་འགྲུས་བརྩམ་ན་ཞི་གནས་ཤིན་ཏུ་སྟེ་ངེས་པར་འགྲུབ་བོ། །དེ་ཡང་ཡུན་རིང་མོ་ཞིག་ནས་མ་ཡིན་གྱི་མྱུར་དུ་འགྲུབ་བོ། །ཞི་གནས་ཀྱི་རྒྱུ་ཚོགས་ལས་ཞི་གནས་འགྲུབ་ལ། དེ་ལས་ལྷག་མཐོང་འགྲུབ་པ་དེ་བས་ན། འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་ཀྱང༌། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་སྔ་མ་བཞི་གོང་མ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་རྒྱུ་དང༌། དེའི་ཡང་གོང་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུར་བསྟན་ཏོ། །གསུམ་པ་སྒོམ་ཚུལ་གྱི་རིམ་པ་ལ་གཉིས་ཏེ། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟར་ཚུལ་ཁྲིམས་དང༌། བརྩོན་འགྲུས་རྩོམ་པ་ལ་སོགས་ཞི་གནས་ཀྱི་རྒྱུ་ཚོགས་རྣམས་ལ་གནས་ཏེ། ཏིང་ངེ་འཛིན་འཕེལ་བའི་ཡན་ལག་དབེན་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ་གནས་བཅས་ནས་ཏིང་ངེ་འཛིན་སྒོམ་པའི་སྣོད་དུ་རུང་བའི་དོན་དུ་སྤངས་རྟོགས་མཐར་ཐུག་པའི་སངས་རྒྱས་དང༌། རིག་གྲོལ་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་དང་མཆོད་པ་ལ་སོགས་པ་བྱ་ཞིང༌། ཏིང་ངེ་འཛིན་སྐྱེ་བའི་གེགས་བསལ་བའི་དོན་དུ་སྡིག་པ་བཤགས་པ་དང༌། ཏིང་འཛིན་མྱུར་དུ་སྐྱེ་བའི་དོན་དུ་གཞན་གྱི་བསོད་ནམས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བའང་བྱས་ནས། དགེ་བའི་ཚོགས་ཐེག་པ་ཆེན་པོའི་ལམ་དུ་བསྒྱུར་བའི་དོན་དུ་མཐའ་ཡས་པའི་སེམས་ཅན་སྡུག་བསྔལ་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་ཞི་གནས་སྒོམ་པའི་ཐོག་མ་ཁོ་ནར་མངོན་སུམ་བྱས་ནས་རྗེས་ཐོགས་སུ་འགྲོ་བ་མཐའ་དག་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པའི་བསམ་པ་ཅན་དུ་གྱུར་པར་བྱས་ནས་ཞི་གནས་བསྒོམ་པ་ལ་འཇུག་གོ །དེ་ལ་ལུས་དྲང་པོར་བསྲང་ན་རྩ་དྲང་པོར་གནས་ཤིང༌། རྩ་དྲང་པོར་གནས་ན་རླུང་དུལ་བར་གནས་ཤིང༌། རླུང་དུལ་བར་གནས་ན་དེ་ལ་བརྟེན་པའི་སེམས་ཀྱང་དུལ་བར་གནས་པས་ན་ཐོག་མར་ལུས་དྲང་པོར་བསྲང་ལ་སྟན་བདེ་བའི་སྟེང་དུ་འདུག་སྟེ། སྐྱིལ་མོ་ཀྲུང་བཅས་ལ། དེ་ནས་སེམས་པའི་ཏིང་ངེ་འཛིན་མངོན་པར་བསྒྲུབ་བོ། །ཞི་གནས་བསྒོམ་པའི་སྦྱོར་བ་བསྟན་ཟིན་ཏོ། །གཉིས་པ་དངོས་གཞིའི་སྒོམ་ཚུལ་ལ་བཞི་སྟེ། སེམས་གནས་པའི་ཐབས་སྤྱིར་བསྟན་པ་དང༌། ཞི་གནས་གྲུབ་པའི་རྣམ་པ་དང༌། སེམས་གནས་སྤྱིའི་མཚན་ཉིད་དང༌། ཐབས་ཀྱི་ཡན་ལག་སོ་སོར་ཕྱེ་བའོ། །དང་པོ་ལ་བཞི་སྟེ། སེམས་སྒྲིམ་པ་ལ་འཇུག་པ་དང༌། རྟོག་པས་བར་དུ་ཆོད་པ་ལ་འཇུག་པ་དང༌། བར་དུ་མ་ཆོད་པར་འཇུག་པ་དང༌། ལྷུན་གྱིས་གྲུབ་པར་འཇུག་པའོ། །དང་པོ་ལ་གཉིས་ཏེ། ཐོག་མར་སེམས་ཉེ་བར་གཏོད་པ་དང༌། སེམས་མི་འཆོར་བར་འཛིན་པའོ། །དང་པོ་ནི། ཏིང་ངེ་འཛིན་སྒྲུབ་པ་ལ་འཇུག་པ་དེ་ལ་ཐོག་མར་རེ་ཞིག་ཞི་གནས་ཀྱི་དམིགས་པ་མདོར་བསྡུ་ན། གཟུགས་དང་ཚོར་བ་དང་འདུ་ཤེས་སོགས་ཀྱི་རྣམ་པ་ཇི་སྙེད་ཀྱི་སེམས་ཐོགས་བཅས་ཐོགས་མེད་དང༌། རྒྱུའི་གཟུགས་དང་འབྲས་བུའི་གཟུགས་སོགས་ཀྱི་རྣམ་པ་ཇི་སྙེད་ཀྱིས་རྣམ་པར་དཔྱད་པར་བྱ་བ་གཟུགས་དང་ཚོར་བ་སོགས་ཀྱི་དངོས་པོ་མཐའ་དག་འདུ་བར་བྱ་བའི་རྟེན་གྱི་དངོས་པོ་ཕུང་པོ་ཙམ་གང་ཡིན་པ་དང༌། ཐོགས་བཅས་ཐོགས་མེད་སོགས་ཀྱི་དངོས་པོ་མཐའ་དག་འདུ་བར་བྱ་བའི་རྟེན་གྱི་དངོས་པོ་གཟུགས་ཙམ་གང་ཡིན་པ་དེ་ལ་སེམས་བཞག་པར་བྱའོ། །གཟུགས་དང་ཚོར་བ་སོགས་ཀྱི་དངོས་པོ་དུ་མ་འདུས་པའི་ཕུང་པོ་ནི། རྣམ་པ་གཉིས་ཏེ། ཐོགས་བཅས་སོགས་གཟུགས་ཅན་དང༌། ཚོར་བ་སོགས་གཟུགས་ཅན་མ་ཡིན་པའི་བྱེ་བྲག་གིས་སོ། །འདིས་ནི་གང་ལ་དམིགས་པའི་ཞི་གནས་ཀྱི་ཡུལ་བསྟན་ནོ། །རེ་ཞིག་དངོས་པོ་དུ་མ་འདུས་པའི་རྟེན་ཆོས་ཅན་དེ་ལ་དམིགས་པར་རིགས་སོ། །དེ་དགོས་པ་ཅིའི་ཕྱིར་ཞེ་ན། ཞི་གནས་ལ་སློབ་པའི་ལས་དང་པོ་པའི་སེམས་རྣམ་པར་གཡེང་བའི་ཉེས་པ་བསལ་བའི་ཕྱིར་དུའོ། །གང་གི་ཚེ་ཆོས་དུ་མ་འདུས་པའི་རྟེན་ཆོས་ཅན་གཅིག་ལ་སེམས་ཡང་དང་ཡང་དུ་གཏད་པས་གོམས་པའི་སྟོབས་ཀྱིས་ཡིད་ལ་བྱེད་པ་ཁུགས་པར་གྱུར་པ་དེའི་ཚེ་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་ལ་སོགས་པའི་བྱེ་བྲག་ལ་སེམས་དམིགས་པ་སྤོ་ལེན་བྱེད་པའི་བྱེ་བྲག་གིས་གཞན་དང་གཞན་ལ་ཡང་སེམས་དམིགས་པས་ན་རྒྱས་པར་དམིགས་པར་བྱེད་པ་ཁོ་ན་སྟེ། ཆོས་ཅན་རྒྱས་པ་ལ་དམིགས་པའི་ཚུལ་ཡང་དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པ་ལས་ཀྱང་གསུངས་ཏེ། རྣལ་འབྱོར་པ་ཏིང་ངེ་འཛིན་སྒོམ་པ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་རྣམ་པ་མང་དུ་བཀའ་སྩལ་ཏོ། །ཇི་ལྟར་ན་དམིགས་པ་དུ་མ་ཡོད་ཅེ་ན། སྟོང་པ་ཉིད་རྣམ་པ་བཅོ་བརྒྱད་ལ་དམིགས་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་མང་དུ་ཡོད་དོ། ཞི་གནས་དང་ལྷག་མཐོང་གི་དམིགས་པ་རྣམ་པ་དུ་མ་ཡོད་པ་དེ་བས་ན། ཆོས་མངོན་པ་ལ་སོགས་པ་ལས་སྒྲོ་འདོགས་དཔྱད་པར་བྱ་བའི་དངོས་པོའི་རབ་ཏུ་དབྱེ་བ་མང་དུ་བསྟན་ཏོ། །ཇི་ལྟར་ན་སྒྲོ་འདོགས་དཔྱད་པར་བྱ་བའི་དངོས་པོ་དུ་མར་རྣམ་པར་ཕྱེ་ཞེ་ན། ཞི་གནས་དང་ལྷག་མཐོང་གི་དམིགས་ཡུལ་གྱི་དངོས་པོ་མིག་སོགས་གཟུགས་ཅན་དང་ཚོར་བ་སོགས་གཟུགས་ཅན་མ་ཡིན་པ་ལ་སོགས་པའི་བྱེ་བྲག་གིས་མདོར་བསྡུས་པ་ཕུང་པོ་ལྔ་དང༌། བར་མ་སྐྱེ་མཆེད་བཅུ་གཉིས་དང༌། རྒྱས་པ་ཁམས་བཅོ་བརྒྱད་དག་ཏུ་ཕྱེ་བ་དག་གིས་སོ། །དགོས་པ་ཅིའི་ཕྱིར་དེ་ལྟར་རྣམ་པར་དབྱེ་བར་མཛད་ཅེ་ན། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་ཇི་སྙེད་པ་ལ་མཁས་པའི་བློ་བསྐྱེད་པས་ཕན་གདགས་པར་བྱ་བའི་ཕྱིར་དུའོ། །མཛོད་ལས། རྨོངས་དབང་འདོད་པ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །ཞེས་སོ། །དམིགས་པ་ཇི་སྙེད་ཡོད་པ་དེ་ཡང་མ་ཡེངས་པར་བློ་གཏད་ནས་གྲངས་མ་འཆོལ་བར་ཡིད་ཀྱིས་བགྲང་ངོ༌། །དཔེར་ན་རླུང་ལ་དམིགས་པའི་ཏིང་ངེ་འཛིན་གྱིས་དབུགས་འབྱུང་རྔུབ་གྲངས་མ་འཆོལ་བར་ཡིད་ཀྱིས་བགྲངས་ནས་ཞི་གནས་སྦྱོང་བ་བཞིན་ནོ། །གང་གི་སྒོ་ནས་ཞེ་ན། ཆོས་ཅན་སོ་སོ་བ་རྣམས་ཕུང་པོར་བསྡུ་བ་དང༌། ཁམས་ལ་སོགས་པར་བསྡུ་བའི་སྒོ་ནས་སོ། །དགོས་པ་ཅིའི་ཕྱིར་ཞེ་ན། དངོས་པོ་ལ་གྲངས་མང་ཉུང་དང༌། དབྱེ་བསྡུ་ལ་སྒྲོ་འདོགས་པ་དང༌། སྐུར་བ་འདེབས་པ་སྤོང་བའི་ཕྱིར་རོ། །གཉིས་པ་སེམས་མི་འཆོར་བར་བསྟན་པ་ནི། དམིགས་པ་ལ་སེམས་གཏད་པའི་རྗེས་དེ་ནས་གཟུགས་སོགས་ཀྱི་དངོས་པོ་སོ་སོ་བ་ཐམས་ཅད་གཅིག་ཏུ་བསྡུས་པའི་བྱེ་བྲག་ཕྱེ་ནས་གཅིག་ཏུ་བསྡུས་པའི་རྟེན་ཆོས་ཅན་དེ་ཉིད་ལ་སེམས་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་རྒྱུན་དུ་འཇོག་པ་སྟེ་བཞག་པར་བྱའོ། །གཉིས་པ་རྟོགས་པས་བར་ཆོད་པར་འཇུག་པ་ལ་ལྔ་སྟེ། འཕྲོས་ན་སེམས་སླར་གནོན་པ་དང༌། གནས་པ་བརྟན་པར་བྱེད་པ་དང༌། བརྟན་པ་མཐུ་བསྐྱེད་པ་དང༌། གཡེང་བ་བཟློག་པ་དང༌། ཏིང་ངེ་འཛིན་དང་འབྲེལ་བའི་ཉེས་པ་བཟློག་པའོ། །དང་པོ་ནི། དམིགས་པ་ལ་སེམས་ཡང་དང་ཡང་དུ་གཏོད་པ་གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་ཕྱི་རོལ་དུ་གཡེང་བར་བྱེད་པ་དེའི་ཚེ་དྲན་ཤེས་བཞིན་གྱིས་སེམས་རྣམ་པར་གཡེང་བར་ཤེས་པར་བྱས་ལ་གཉེན་པོ་མི་སྡུག་པ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམས་པས་འདོད་ཆགས་ཀྱིས་སེམས་རྣམ་པར་གཡེང་བའི་ཉེས་པ་ཞི་བར་བྱ་ཞིང་སེམས་གནས་པར་བྱའོ། །གཉིས་པ་གནས་པ་བརྟན་པར་བྱེད་པ་ནི། སླར་ཡང་མྱུར་དུ་སྔ་མའི་དམིགས་པ་དེ་ཉིད་ལ་སེམས་ཕྱི་ཕྱིར་གཞུག་པར་བྱའོ། །འོ་ན་མི་སྡུག་པ་ལ་སོགས་པ་བསྒོམ་པའི་གོ་རིམ་ཇི་ལྟ་བུ་ཞེ་ན། སྒོམ་རིམ་དང་པོ་འདིར་ཡི་གེ་མང་གྱིས་དོགས་པས་མ་བྲིས་སོ། །འདིའི་སྒོམ་ཚུལ་ནི་མཛོད་ཀྱི་རྣམ་བཤད་དུ་བཤད་ཟིན་པས་དེར་ཁོངས་སུ་ཆུད་པར་བྱའོ། །གསུམ་པ་བརྟན་པ་མཐུ་བསྐྱེད་པ་ནི། དམིགས་པ་ལ་སེམས་ཡང་དང་ཡང་དུ་གཏོད་པ་གང་གི་ཚེ། ཏིང་ངེ་འཛིན་ཀྱིས་སྐྱོ་ནས་ཡུལ་དེ་ལ་སེམས་འཇོག་པ་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་ལྟ་བས་ཡུལ་དེ་ལ་སེམས་རྣམ་པར་འཇོག་པ་ལ་དགའ་བར་སྒོམ་ཞིང༌། སླར་ཡང་ཏིང་ངེ་འཛིན་ལ་གནས་པར་བྱའོ། །བཞི་པ་གཡེང་བ་བཟློག་པ་ནི། སེམས་གང་ལ་གཏོད་པའི་དམིགས་པ་དེ་ལས་སེམས་གཞན་དུ་རྣམ་པར་གཡེང་བ་ལ་ཉེས་པར་ལྟ་བས་ཞི་གནས་ལ་མི་དགའ་བར་རབ་ཏུ་ཞི་བར་བྱའོ། །ལྔ་པ་ཏིང་ངེ་འཛིན་དང་བྲལ་བའི་ཉེས་པ་བཟློག་པ་ནི། ཞི་གནས་ཀྱི་དངོས་གཞིའི་མི་མཐུན་ཕྱོགས་བྱིང་རྒོད་གཉིས་ཡིན་པས་གང་གི་ཚེ་མཉམ་པར་བཞག་པའི་དུས་སུ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ་ཞི་གནས་ཀྱི་དམིགས་པ་འཛིན་པ་ལ་ནུས་པ་ཆུང་དུ་སོང་བས་དམིགས་པ་མི་གསལ་ཞིང་སེམས་བྱང་བར་གྱུར་པ་དེའི་ཚེ་སེམས་བྱིང་བའི་གཉེན་པོ་ཡུལ་གྱི་རྣམ་པ་ཤིན་ཏུ་གསལ་བའི་སྣང་བའི་འདུ་ཤེས་སྒོམ་པའི་མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་སྐུ་ལ་དམིགས་ཏེ་སངས་རྒྱས་རྗེས་དྲན་གྱི་མདོ་ལས་བཤད་པའི་ཡོན་ཏན་ཡིད་ལ་བྱེད་པས་བྱིང་བའི་སྐྱོན་བསལ་ལ། ཡང་སྔར་གྱི་ཞི་གནས་ཀྱི་དམིགས་པ་དེ་ཉིད་ལ་སེམས་གཞན་དུ་མི་འཆོར་བར་དམ་དུ་བཟུང་ངོ༌། །དབུ་མ་སྙིང་པོ་ལས། དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ལྕགས་ཀྱུས་རིངས་དབང་བྱ། །ཞེས་པ་ལྟར་རོ། །བྱིང་བ་བསལ་བ་ན་ཅིས་ཏེ་གང་གི་ཚེ་སྔོན་རྒོད་པ་དང་གཙེས་པ་ལ་སོགས་པ་ཡིད་ལ་དྲན་ཞིང༌། ཏིང་ངེ་འཛིན་བསྒོམ་པའི་བར་བར་དུ་སེམས་ཡུལ་གཞན་དུ་འཕྲོས་ནས་རྒོད་པའི་ཉེས་པ་མཐོང་བ་དེའི་ཚེ་མི་རྟག་པ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་ཉེས་དམིགས་ཀྱི་དངོས་པོ་ཡིད་ལ་བྱེད་པ་རྟ་རྒོད་ལྟ་བུར་གཡོ་བའི་རྒོད་པ་ཞི་བར་བྱའོ། །གསུམ་པ་སེམས་བར་མ་ཆད་པར་འཇུག་པ་ནི། བྱིང་རྒོད་ཞི་བར་བྱས་པའི་རྗེས་དེ་ནས་ཡང་སྔར་གྱི་ཞི་གནས་ཀྱི་དམིགས་པ་དེ་ཉིད་ལ་བྱིང་རྒོད་ཀྱི་སྐྱོན་དང་བྲལ་ཞིང༌། སེམས་བསྒྲིམས་པའི་མངོན་པར་འདུ་བྱེད་པ་མེད་པར་དམིགས་པ་ལ་རང་གི་ངང་གིས་འཇུག་པ་ལ་འབད་པར་བྱའོ། །བཞི་པ་ལྷུན་གྱིས་གྲུབ་པར་འཇུག་པ་ནི། གང་གི་ཚེ་བྱིང་རྒོད་མེད་པར་སེམས་རང་གི་ངང་གིས་འཇུག་པ་ལ་བསླབས་པ་ན། ཞི་གནས་ཀྱི་སྐྱོན་བྱིང་བ་དང་རྒོད་པ་གཉིས་ཀ་དང་བྲལ་ཏེ་བྱིང་རྒོད་གཉིས་ཀྱི་ཕྱོགས་སུ་མ་ལྷུང་བར་སེམས་མཉམ་པར་འཇུག་ཅིང༌། གོམས་སྟོབས་ཀྱིས་སེམས་རང་གི་ངང་གིས་སེམས་དམིགས་པ་ལ་འཇུག་པ་མཐོང་བ་དེའི་ཚེ་སེམས་ཀྱི་སྒྲིབ་པ་བྱིང་རྒོད་སེལ་བའི་རྩོལ་བ་གློད་དེ་བྱིང་རྒོད་མེད་པའི་བཏང་སྙོམས་སུ་བྱའོ། །དགོས་པ་ཅིའི་ཕྱིར་བྱིང་རྒོད་སེལ་བའི་རྩོལ་བ་གློད་ཅེ་ན། གལ་ཏེ་བྱིང་རྒོད་ཀྱི་ཕྱོགས་སུ་མ་ལྷུང་བར་སེམས་མཉམ་པར་འཇུག་བཞིན་པ་ལ་བྱིང་རྒོད་སེལ་བའི་རྩོལ་བ་བྱས་ན་སླར་ཡང་སེམས་རྣམ་པར་གཡེང་བར་ཐལ་བའི་སྐྱོན་ཡོད་དོ། །གཉིས་པ་ཞི་གནས་གྲུབ་པའི་རྣམ་པ་ནི། སེམས་མཉམ་པར་འཇོག་པ་གང་གི་ཚེ་ཞི་གནས་ཀྱི་དམིགས་པ་དེ་ཉིད་ལ་བྱིང་རྒོད་སེལ་བའི་འབད་པ་མངོན་པར་འདུ་བྱེད་པ་མེད་པ་ཇི་སྲིད་འདོད་ཀྱི་བར་དུ་སེམས་རང་གི་ངང་གིས་དམིགས་པ་ལ་འཇུག་པར་གྱུར་པ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་རིག་པར་བྱའོ། གསུམ་པ་ཞི་གནས་སྤྱིའི་མཚན་ཉིད་བསྟན་པ་ནི། ཞི་གནས་ཀྱི་ངོ་བོ་ཉིད་ནི། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སེམས་རྩེ་སྟེ་དམིགས་པ་ལ་མཐའ་གཅིག་ཏུ་འཇུག་པ་ཙམ་དུ་ཟད་པའི་ཕྱིར། གོམས་སྟོབས་ཀྱིས་དམིགས་པ་གཅིག་ལ་ཇི་ལྟར་འདོད་པ་ལྟར་སེམས་རྒྱུན་ཆགས་སུ་འཇུག་པ་འདི་ནི་ཞི་གནས་སྤྱིའི་མཚན་ཉིད་ཡིན། ཞི་གནས་དེའི་དམིགས་པ་ལ་ནི་འདི་ཁོ་ནའོ་ཞེས་མཐའ་གཅིག་ཏུ་ངེས་པ་མེད་དོ། །གཉིས་པ་ཐབས་ཀྱི་ཡན་ལག་སོ་སོར་ཕྱེ་བ་ལ་གཉིས་ཏེ། སེམས་གནས་པའི་ཐབས་སྟོན་པའི་ལུང་དང༌། དེ་བཤད་པ་དང་སྦྱར་བའོ། །དང་པོ་ནི། ཞི་གནས་སྒོམ་པའི་ཐབས་ཀྱི་ལམ་འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སོགས་པ་ལས་ཀྱང་བཤད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་སེམས་འཇོག་གོ་ཞེས་སོགས་ཚིག་དགུ་སྨོས་སོ། །དེ་ལ་སེམས་འཇོག་གོ་ཞེས་པ་དང༌། རྒྱུན་དུ་འཇོག་གོ་ཞེས་པ་དང༌། བླན་ཏེ་འཇོག་གོ །ཉེ་བར་འཇོག་གོ་ཞེས་པའི་ཚིག་བཞི་པོ་འདི་དག་གིས་ནི་ཏིང་ངེ་འཛིན་གྱི་དམིགས་པ་ལ་སེམས་ཉེ་བར་གཏོད་པའི་ཚུལ་བསྟན་ནོ། །འདུལ་བར་བྱེད་དོ། །ཞི་བར་བྱེད་དོ། །རྣམ་པར་ཞི་བར་བྱེད་དོ་ཞེས་པའི་ཚིག་གསུམ་གྱིས་ནི་ཞི་གནས་ཀྱི་མི་མཐུན་ཕྱོགས་བྱུང་བའི་ཚེ་ཞི་བར་བྱེད་པའི་ཚུལ་བསྟན་ནོ། །རྩེ་གཅིག་ཏུ་བྱེད་དོ། །མཉམ་པར་འཇོག་གོ་ཞེས་པའི་ཚིག་གཉིས་ཀྱིས་ནི་ཞི་གནས་གྲུབ་པ་དང༌། ཁྱད་པར་དུ་གྱུར་པའི་གནས་སྐབས་གཉིས་བསྟན་ཏོ། །གཉིས་པ་བཤད་པ་དང་སྦྱར་བ་ནི། དེ་ལ་འཇོག་ཅེས་པ་ནི། ཐོག་མར་དམིགས་པ་ལ་སེམས་འཇོག་པ་སྟེ་གཏོད་པའོ། །རྒྱུན་དུ་འཇོག་ཅེས་བྱ་བ་ནི། དམིགས་པ་ལ་སེམས་གཏད་པ་ཙམ་གྱིས་མི་འགྲུབ་པས་གང་དམིགས་པར་བྱ་བའི་ཡུལ་ཉིད་ལ་སེམས་རྒྱུན་དུ་འཇོག་པའོ། །གལ་ཏེ་བར་སྐབས་སུ་སེམས་གཞན་དུ་གཡེང་ན་ཇི་ལྟར་བྱ་ཞེ་ན། བླན་ཏེ་འཇོག་ཞེས་བྱ་བ་ནི། སླར་སེམས་གཞན་དུ་རྣམ་པར་གཡེང་བ་ན་དྲན་པ་དང་ཤེས་བཞིན་གྱིས་ཤེས་པར་བྱས་ནས་སླར་དམིགས་པ་ལ་སེམས་བླན་ཏེ་གཡེང་བ་སྤོང་བའོ། །གལ་ཏེ་དམིགས་པ་ལ་སེམས་བླན་ནས་ཡང་འཕྲོས་ན་ཇི་ལྟར་བྱ་ཞེ་ན། ཉེ་བར་འཇོག་ཅེས་བྱ་བ་ནི་སེམས་དམིགས་པ་ལ་བླན་ནས་ཀྱང་རྣམ་པར་གཡེང་བར་གྱུར་ན་ཡང་བླན་ཏེ་གཡེང་བ་སྤངས་ནས་ཕྱི་ཕྱིར་ཏེ་ཡང་དང་ཡང་དུ་བརྟུན་པ་སྟེ། བརྩོན་འགྲུས་བསྐྱེད་ནས་དམིགས་པ་དེ་ཉིད་ལ་ཡང་འཇོག་གོ །ཡང་ཏིང་ངེ་འཛིན་ཡང་དང་ཡང་དུ་བསྒོམས་པས་སྐྱོ་བ་སྐྱེས་ནས་སྒོམ་པར་མི་འདོད་ན་ཇི་ལྟར་བྱ་ཞེ་ན། འདུལ་ལོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་སྒོམ་པར་མི་འདོད་པ་འདུལ་བའི་དོན་དུ་ཏིང་ངེ་འཛིན་གྱི་ཕན་ཡོན་ཡིད་ལ་བྱས་ནས་ཏིང་ངེ་འཛིན་སྒོམ་པ་ལ་དགའ་བ་བསྐྱེད་པའོ། །གལ་ཏེ་ཉོན་མོངས་པ་དང་རྣམ་པར་རྟོག་པས་རྒྱུར་འཁྲུགས་པར་གྱུར་ནས་ཏིང་ངེ་འཛིན་གྱི་དམིགས་པ་ལ་མི་དགའ་བའི་བློ་སྐྱེས་ན་ཇི་ལྟར་བྱ་ཞེ་ན། ཞི་བར་བྱེད་དོ་ཞེས་བྱ་བ་ནི། སེམས་གཞན་དུ་རྣམ་པར་གཡེང་བའི་ཉེས་པ་མཐོང་ནས་ཏིང་ངེ་འཛིན་གྱི་དམིགས་པ་ལ་མི་དགའ་བ་གཉེན་པོས་རབ་ཏུ་ཞི་བར་བྱེད་པའོ། །རྣམ་པར་གཡེང་བའི་ཉེས་པ་ནི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པའོ། །གལ་ཏེ་ཏིང་ངེ་འཛིན་གྱི་ཉེས་པ་ཆུང་ངུ་གཉིད་དང་རྨུགས་པ་ལ་སོགས་པ་སྐྱེས་ན་ཇི་ལྟར་བྱེད་ཅེ་ན། རྣམ་པར་ཞི་བར་བྱེད་པ་ཞེས་བྱ་བ་ནི། བྱིང་རྒོད་ཀྱི་ཉེས་པ་རིག་པའི་བློས་རྨུགས་པ་དང་གཉིད་ལ་སོགས་པ་སེམས་རྒྱུད་ལ་རླུང་ལྟར་ལངས་པ་རྣམ་པར་སེལ་བར་བྱེད་པའོ། །དམིགས་པ་ལ་སེམས་ཡང་ཡང་གཏོད་པ་དང་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་གང་བྱུང་བ་སེལ་བར་བྱས་པ་ན་མཐར་ཇི་ལྟར་འགྱུར་ཞེ་ན། སེམས་རྩེ་གཅིག་ཏུ་བྱེད་པ་ནི་ཇི་སྲིད་འདོད་ཀྱི་བར་དུ་བྱིང་རྒོད་ཀྱི་གོ་སྐབས་མི་འབྱེད་པར་དམིགས་པ་ཤིན་ཏུ་གསལ་བར་འཛིན་པའོ། །ད་ནི་འབད་པ་བྱེད་མི་དགོས་སོ་ཞེ་ན། བྱིང་རྒོད་ཀྱི་གཉེན་པོ་མངོན་པར་འདུ་བྱེད་པ་ལ་ལྟོས་པ་མེད་པས་སེམས་ངང་གིས་འཇུག་པར་གནས་པ་ཐོབ་པའི་དོན་དུ་འབད་པར་བྱེད་པའོ། །འོ་ན་ཏིང་ངེ་འཛིན་ཁྱད་པར་དུ་གྱུར་པ་ཐོབ་པའི་གནས་སྐབས་ཇི་ལྟ་བུ་ཞེ་ན། མཉམ་པར་འཇོག་ཅེས་བྱ་བ་ནི། སེམས་བྱིང་རྒོད་གཉིས་ཀྱི་ཕྱོགས་སུ་མ་ལྷུང་བར་སེམས་མཉམ་པར་གྱུར་པ་ཐོབ་པ་ན་སེམས་བཏང་སྙོམས་སུ་བྱེད་པ་སྟེ་བྱིང་རྒོད་གཉིས་མེད་པར་སེམས་མཉམ་པར་གྱུར་པས་དམིགས་པ་འཛིན་ཞེས་བྱ་བའི་ཐ་ཚིག་གོ །ཚིག་དགུ་པོ་འདི་རྣམས་ཀྱི་དོན་འདི་ནི་འཕགས་པ་བྱམས་པ་དང༌། སྔོན་གྱི་བསྟན་བཅོས་མཁན་པོ་ཐོགས་མེད་ལ་སོགས་པ་རྣམས་ཀྱིས་བཤད་དོ། །བཞི་པ་ཉེས་པ་སྤོང་བའི་ཡན་ལག་ལ་བཞི་སྟེ། སྤང་བྱ་ངོས་བཟུང༌། གཉེན་པོ་བཤད་པ། གཉེན་པོའི་བྱེད་པ་དང༌། ཤེས་བྱེད་ཀྱི་ལུང་དགོད་པའོ། །དང་པོ་ནི། ཏིང་ངེ་འཛིན་གྱི་ཉེས་པ་མདོར་བསྡུ་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་དྲུག་ཡོད་དེ། ཏིང་ངེ་འཛིན་སྒོམ་པ་ལ་མི་སྤྲོ་བའི་ལེ་ལོ་དང༌། གདམས་ངག་གི་དོན་ཏིང་ངེ་འཛིན་གྱི་དམིགས་པ་དང་རྣམ་པ་བརྗེད་པ་དང༌། དམིགས་པ་མི་གསལ་བའི་བྱིང་བ་དང༌། སེམས་ཕྱིར་འཕྲོ་བའི་རྒོད་པ་དང༌། བྱིང་རྒོད་ཀྱི་གཉེན་པོ་ལ་མི་རྩོལ་བ་དང༌། བྱིང་རྒོད་ཞི་ནས་རྩོལ་བའོ། །ཉེས་པ་འདི་དག་གིས་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་དང༌། དངོས་གཞི་དང༌། ཁྱད་པར་དུ་གྱུར་པའི་གནས་སྐབས་གསུམ་ལ་སྒྲིབ་སྟེ། ལེ་ལོས་ཏིང་ངེ་འཛིན་ལ་སྦྱོར་བར་མི་འདོད་ཅིང༌། དམིགས་པ་བརྗེད་པས་མཉམ་པར་འཇོག་མི་ནུས་པའི་ཕྱིར་དང༌། བྱིང་རྒོད་གཉིས་ཀྱིས་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་དུས་སུ་སེམས་མི་གསལ་བ་དང༌། སེམས་ཕྱིར་འཕྲོ་བར་བྱེད་པའི་ཕྱིར་དང༌། མི་རྩོལ་བ་དང་རྩོལ་བ་གཉིས་ཀྱིས་ཏིང་ངེ་འཛིན་ཁྱད་པར་དུ་གྱུར་པ་ལ་སྒྲིབ་སྟེ། ཏིང་ངེ་འཛིན་གསལ་བའི་རྒྱུན་གཅོད་པའི་ཕྱིར་རོ། །དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་སོ། །འདིར་དྲུག་ཏུ་བཤད་པ་ནི། བྱིང་རྒོད་གཉིས་སོ་སོར་བགྲངས་པའོ། །གཉིས་པ་གཉེན་པོ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཏིང་ངེ་འཛིན་གྱི་ཉེས་པ་ཇི་སྐད་བཤད་པ་དེ་རྣམས་ཀྱི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་མོ། །བརྒྱད་པོ་གང་ཞེ་ན། འདུན་པའི་རྒྱུ་ཏིང་ངེ་འཛིན་ལ་ཡིད་ཆེས་པའི་དད་པ་དང༌། རྩོལ་བའི་རྒྱུ་ཏིང་ངེ་འཛིན་བསྒོམ་པ་ལ་འདུན་པ་དང༌། ཏིང་ངེ་འཛིན་ལ་དངོས་སུ་ཞུགས་པའི་རྩོལ་བ་དང༌། རྩོལ་བའི་འབྲས་བུ་ཤིན་ཏུ་སྦྱངས་པ་སྟེ་ལེ་ལོའི་གཉེན་པོའོ། །གདམས་ངག་བརྗེད་པའི་གཉེན་པོ་དྲན་པ་དང༌། བྱིང་རྒོད་ཀྱི་གཉེན་པོ་ཤེས་བཞིན་དང༌། གཉེན་པོ་འདུ་མི་བྱེད་པའི་གཉེན་པོ་སེམས་པ་དང༌། འདུ་བྱེད་པའི་གཉེན་པོ་བཏང་སྙོམས་སོ། །གཉིས་པ་རྒྱས་པར་བཤད་པ་ནི། གཉེན་པོ་བརྒྱད་ཡོད་པ་དེ་ལ་དད་པ་ལ་སོགས་པ་གོང་མ་བཞི་པོ་ནི་ཏིང་ངེ་འཛིན་སྒོམ་པ་ལ་མི་སྤྲོ་བའི་ལེ་ལོའི་གཉེན་པོ་ཡིན་ཏེ། གཉེན་པོ་ཡིན་པའི་ཚུལ་འདི་ལྟར། ཏིང་ངེ་འཛིན་གྱི་ཡོན་ཏན་སྤྱན་དང་མངོན་ཤེས་ལ་སོགས་པ་ཐོབ་པ་དག་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་དང་ལྡན་པའི་དད་པས་རྣལ་འབྱོར་པ་རྣམས་ཏིང་ངེ་འཛིན་དེ་ལ་འདོད་པ་སྐྱེ་བའི་ཕྱིར་རོ། །ཏིང་ངེ་འཛིན་ལ་འདོད་པ་སྐྱེས་པ་དེ་ནས་ཏིང་ངེ་འཛིན་བསྒོམ་པར་འདོད་པའི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་པའི་སྟོབས་ཀྱིས་རྣལ་འབྱོར་པ་དེའི་ལུས་དང་སེམས་ལས་སུ་རུང་བ་ཉིད་དུ་བྱེད་དོ། །ལུས་སེམས་ལས་སུ་རུང་བའི་རྗེས་དེ་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པར་གྱུར་པ་ཐོབ་པས་ཏིང་ངེ་འཛིན་ལ་མི་སྤྲོ་བའི་ལེ་ལོ་བཟློག་སྟེ། དེ་ལྟར་ན་འདི་བཞི་ནི་ལོ་ལོའི་གཉེན་པོའོ། །དད་པ་སོགས་བཞི་པོ་ཐོབ་ན་ལེ་ལོ་བཟློག་པ་དེ་བས་ན་དད་པ་དང་འདུན་པ་ལ་སོགས་པ་བཞི་ནི་ཏིང་ངེ་འཛིན་བསྒོམ་པ་ལ་མི་སྤྲོ་བའི་ལེ་ལོ་སྤོང་བའི་ཕྱིར་བསྒོམ་མོ། །གདམས་ངག་གི་དོན་མི་བརྗེད་པའི་དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོ་སྟེ། གང་ལ་མཉམ་པར་བཞག་པར་བྱ་བའི་དམིགས་རྣམ་མི་བརྗེད་པར་འཛིན་པའི་ཕྱིར། ཤེས་བཞིན་ནི་དངོས་གཞི་ལ་སྒྲིབ་བྱེད་ཀྱི་བྱིང་བ་དང་རྒོད་པའི་གཉེན་པོ་ཡིན་ཏེ། ཤེས་བཞིན་དེས་ཏིང་ངེ་འཛིན་སྒོམ་པའི་དུས་སུ་བྱིང་བ་དང་རྒོད་པ་བྱུང་བ་རྟོགས་ནས་དེ་སྤོང་བ་ལ་འཇུག་པའི་ཕྱིར། བྱིང་བ་དང་རྒོད་པ་བྱུང་ནས་རབ་ཏུ་མ་ཞི་བའི་དུས་ན་བྱིང་རྒོད་ཞི་བ་ལ་མི་རྩོལ་བ་ཡང་ཏིང་ངེ་འཛིན་གྱི་ཉེས་པ་སྟེ། དེའི་གཉེན་པོར་ནི་གཉེན་པོ་མངོན་པར་འདུ་བྱེད་པའི་སེམས་པ་བསྒོམ་མོ། །ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་དུས་སུ་བྱིང་བ་དང་རྒོད་པ་རབ་ཏུ་ཞི་སྟེ། གང་གི་ཚེ་སེམས་བྱིང་རྒོད་ཀྱི་རླུང་གིས་མི་བསྐྱོད་པར་སེམས་རྣལ་དུ་འཇུག་པ་དེའི་ཚེ་བྱིང་རྒོད་སེལ་མི་དགོས་བཞིན་དུ་གཉེན་པོ་ལ་རྩོལ་བ་བྱས་ནའང་ཉེས་པ་ཡིན་ཏེ། དེའི་གཉེན་པོར་མཉམ་པར་འཇོག་པ་དེའི་ཚེ་འདུ་བྱེད་བཏང་སྙོམས་བསྒོམ་མོ། །གསུམ་པ་གཉེན་པོའི་བྱེད་པ་བསྟན་པ་ནི། གཉེན་པོ་རྣལ་འབྱོར་པ་གང་དག་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་པོ་ཇི་སྐད་བརྗོད་པ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་ཤིན་ཏུ་ཁུགས་པ་ཡིན་ཏེ། ཏིང་ངེ་འཛིན་དེས་རྫུ་འཕྲུལ་དང་ལྷའི་རྣ་བ་ལ་སོགས་པ་ཡོན་ཏན་ཚད་མེད་པ་རྣམས་སྒྲུབ་པར་བྱེད་དོ། །བཞི་པ་ཤེས་བྱེད་ཀྱི་ལུང་དགོད་པ་ནི། སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་གྱིས་རྫུ་འཕྲུལ་ལ་སོགས་པ་དེ་ལྟ་བས་ན། མདོ་སྡེ་ལས། སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་མོ་ཞེས་བཀའ་སྩལ་ཏོ། །ལྔ་པ་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་རྣམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཞི་གནས་ཀྱི་ཏིང་ངེ་འཛིན་ནུས་པ་དང་ལྡན་པ་ཐོབ་པ་ན་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ཕྱི་ཕྱིར་ཏེ། སྔར་ལས་གོང་ནས་གོང་དུ་སེམས་ལས་སུ་རུང་བ་ཉིད་དང་ལྡན་ཞིང༌། དམིགས་པ་སྔར་ལས་གསལ་བ་དང༌། སེམས་རྒྱུད་ཏིང་ངེ་འཛིན་དང་ཤིན་ཏུ་འདྲེས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཐོབ་པས་ཏིང་ངེ་འཛིན་དེ་ལ་གནས་སྐབས་ཀྱི་བྱེ་བྲག་གིས་ཡན་ལག་གིས་འོག་ས་ལས་འདའ་བར་བསམ་གཏན་དང༌། དམིགས་པས་འོག་ས་ལས་འདའ་བ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྤྲུལ་པ་བྱེད་པའི་གེགས་བྱེད་ཀྱི་སྒྲིབ་པ་ལས་གྲོལ་བས་རྣམ་པར་ཐར་པ་དང༌། དམིགས་པ་ལ་སྤྲུལ་སྒྱུར་བྱེད་པའི་ནུས་པ་ཐོབ་པས་ཟིལ་གནོན་ལ་སོགས་པའི་མིང་ཐོབ་བོ། །གཉིས་པ་རྒྱས་པར་བཤད་པ་ནི། འོག་ནས་འབྱུང་བ་འདི་ལྟར་གང་གི་ཚེ་དངོས་གཞིའི་ཚོར་བ་དགའ་བདེ་མ་ཐོབ་པས་བཏང་སྙོམས་གྱི་ཚོར་བ་དང་ལྡན་ཞིང་ཏི་ངེ་འཛིན་གྱི་དམིགས་པ་ལ་རྟོག་པ་དང་བཅས་པ་དང༌། དཔྱོད་པ་དང་བཅས་པར་གྱུར་པས་ཏིང་ངེ་འཛིན་རྟོག་དཔྱོད་ཀྱིས་བསྐྱོད་པ་དེའི་ཚེ་མི་ལྕོགས་པ་མེད་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་ཁམས་གསུམ་གྱི་ཉོན་མོངས་མ་ལུས་པ་སྤོང་བའི་གཉེན་པོ་མ་ལུས་པ་རྟེན་པའི་ཕྱིར་རོ། །འདི་ནི་དངོས་གཞིའི་བསམ་གཏན་དང་པོར་སྦྱོར་བར་བྱེད་པའི་སེམས་སོ། །འདི་ལ་ཡིད་ལ་བྱེད་པ་དྲུག་སྟེ། མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་དང༌། མོས་པ་ལས་བྱུང་བ་དང༌། རབ་ཏུ་དབེན་པ་དང༌། དགའ་བ་སྡུད་པ་དང༌། དཔྱོད་པ་དང༌། སྦྱོར་བའི་མཐའི་ཡིད་ལ་བྱེད་པའོ། །སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ནི་དངོས་གཞིར་གཏོགས་སོ། །མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་ནི་བསྒོམ་པར་བྱ་བའི་རང་དང་སྤྱིའི་མཚན་ཉིད་ཐོས་བསམ་འདྲེས་མའི་སྒོ་ནས་ཡིད་ལ་བྱེད་པའོ། །མོས་པ་ཡིད་ལ་བྱེད་པ་ནི། ཐོས་བསམ་ལས་འདས་ནས་སྒོམ་བྱུང་གི་སེམས་རྩེ་གཅིག་པའི་ཡིད་ལ་བྱེད་པའོ། །རབ་ཏུ་དབེན་པའི་ཡིད་བྱེད་ནི། ཏིང་ངེ་འཛིན་བསྒོམས་པས་འདོད་པའི་ཉོན་མོངས་ཆེན་པོ་གསུམ་སྤོང་བའི་ནུས་པ་ཐོབ་པའོ། །དགའ་བ་སྡུད་པ་ནི། སྔར་ལས་ཏིང་ངེ་འཛིན་གྱི་ནུས་པ་ཁྱད་པར་ཅན་ཐོབ་པས་འདོད་པའི་ཉོན་མོངས་འབྲིང་པོ་གསུམ་སྤོང་བའི་ནུས་པ་ཐོབ་པ་དང༌། ཤིན་ཏུ་སྦྱངས་པའི་ནུས་པ་ཆུང་ངུ་ཐོབ་པའི་གནས་སྐབས་སུ་དཔྱོད་པ་ཡིད་ལ་བྱེད་པ་ནི། འདོད་པའི་ཉོན་མོངས་ཀྱི་ལྷག་མ་མ་ལུས་དཔྱོད་པར་བྱེད་པའོ། །སྦྱོར་བའི་མཐའི་ཡིད་ལ་བྱེད་པ་ནི། ཉོན་མོངས་པའི་ལྷག་མ་ལུས་པར་ཤེས་ནས་སླར་ཡང་བརྩོན་འགྲུས་བརྩམས་ཏེ་འདོད་པའི་ཉོན་མོངས་ཆུང་ངུ་སྤོང་བའི་ཡིད་ལ་བྱེད་པའོ། །རྒྱས་པར་ནི་ཕར་ཕྱིན་གྱི་དཀའ་འགྲེལ་དུ་བསྟན་ཟིན་ཏོ། །བསམ་གཏན་དང་པོའི་ཉེར་བསྡོགས་རྫོགས་ཟིན་ནས་དངོས་གཞི་ཐོབ་པ་གང་གི་ཚེ་སྤངས་པའི་ཁྱད་པར་འདོད་པའི་ཡོན་ཏན་ལྔ་ལ་སྲེད་པ་དང༌། སྡིག་པ་མི་དགེ་བའི་ཆོས་རྣམས་དང་བྲལ་ཞིང༌། འོག་སའི་གཉེན་པོའི་ཡན་ལག་རྟོག་པ་དང་དཔྱོད་པ་དང་ལྡན་ཞིང༌། ཕན་ཡོན་གྱི་ཡན་ལག་ཡིད་ཤེས་ལ་ཕན་འདོགས་པའི་ཆ་ནས་དགའ་བ་དང༌། དབང་ཤེས་ལ་ཕན་འདོགས་པའི་ཆ་ནས་བདེ་བ་དང༌། ཡང་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་དགའ་བ་དང༌། དབང་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་བདེ་བ་དང་ལྡན་པར་གྱུར་པའི་ཏིང་ངེ་འཛིན་དེ་ལ་བསམ་གཏན་དང་པོ་ཞེས་བྱའོ། །རྣལ་འབྱོར་སྤྱོད་པ་བས་ནི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་གཅིག་ཉིད་ལ་ཡིད་ཤེས་ལ་ཕན་འདོགས་པའི་ཆ་ནས་དགའ་བ་དང༌། དབང་ཤེས་ལ་ཕན་འདོགས་པའི་ཆ་ནས་བདེ་བ་ཞེས་འདོད་དོ། །མདོ་སྡེ་པས་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་ལ་དགའ་བ་དང༌། དབང་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་ལ་བདེ་བ་ཞེས་འདོད་དོ། །བསམ་གཏན་དང་པོའི་དངོས་གཞི་དེ་ཉིད་དུ་གཏོགས་པ་ལས་ཡན་ལག་རགས་པ་རྟོག་པ་ཙམ་ཞིག་མེད་ལ་དཔྱོད་པ་ལུས་པ་དེ་ནི་བསམ་གཏན་ཁྱད་པར་ཅན་ཞེས་བྱའོ། །བསམ་གཏན་དང་པོ་ལ་ཡན་ལག་རགས་པ་ལ་འདོད་ཆགས་དང་བྲལ་ལ། ཕྲ་བ་ལ་འདོད་ཆགས་དང་མ་བྲལ་བའི་ཁྱད་པར་ཡོད་པས་ཙམ་པོ་དང་ཁྱད་པར་ཅན་གཉིས་སུ་ཕྱེ་ལ། བསམ་གཏན་གཞན་རྣམས་ལ་བསམ་གཏན་དང་པོ་ལྟར་ཡན་ལག་རགས་པ་ལ་འདོད་ཆགས་དང་བྲལ་ལ། ཕྲ་བ་ལ་འདོད་ཆགས་དང་མ་བྲལ་བའི་ཁྱད་པར་མེད་པས་ཙམ་ཁྱད་གཉིས་སུ་མ་བཞག་གོ །གང་གི་ཚེ་སེམས་རྙོག་པར་བྱེད་པའི་རྟོག་པ་དང་དཔྱོད་པ་དང་བྲལ་ཏེ་བསམ་གཏན་དང་པོའི་སའི་སྲེད་པ་མཐའ་དག་དང་བྲལ་བར་གྱུར་ནས་གཉེན་པོའི་ཡན་ལག་རྟོག་དཔྱོད་ཀྱི་རྙོག་པ་དང་བྲལ་བའི་ནང་ཡོངས་སུ་དྭང་བ་དང༌། ཕན་ཡོན་གྱི་ཡན་ལག་དགའ་བ་དང་བདེ་བ་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་གཉིས་པ་ཞེས་བྱའོ། །བསམ་གཏན་དང་པོའི་ཡན་ལག་གི་དགའ་བདེ་གཉིས་ནི་མི་དགེ་བ་ལས་གསར་དུ་དབེན་པའི་དགའ་བདེ་ཡིན་ལ། འདི་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཡིན་པས་གཉིས་པོའི་ཁྱད་པར་དེའོ། །གང་གི་ཚེ་བསམ་གཏན་གཉིས་པའི་སའི་དགའ་བདེ་གཉིས་ཀྱི་སྲེད་པ་དང་བྲལ་བར་གྱུར་ཏེ། གཉེན་པོའི་ཡན་ལག་འདུ་བྱེད་བཏང་སྙོམས་དང༌། བསམ་གཏན་གྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་དང༌། མི་མཐུན་ཕྱོགས་བྱུང་མ་བྱུང་ལ་རྟོག་པའི་ཤེས་བཞིན་དང༌། ཕན་ཡོན་གྱི་ཡན་ལག་སེམས་ཀྱི་བདེ་བའི་ཚོར་བ་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་གསུམ་པ་ཞེས་ཐ་སྙད་བྱའོ། །བསམ་གཏན་དང་པོ་གཉིས་ཀྱི་དགའ་བ་དང་འདིའི་དགའ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་ཙམ་དུ་གཅིག་ཀྱང༌། དང་པོ་གཉིས་ཀྱི་དུས་སུ་དགའ་བ་ཉོན་མོངས་པ་ཅན་དང་མ་བྲལ་ལ་འདིའི་དུས་སུ་བྲལ་བ་ནི་ཁྱད་པར་རོ། །གང་གི་ཚེ་བསམ་གཏན་གསུམ་པའི་སའི་སེམས་བདེའི་སྲེད་པ་དང་བྲལ་ཏེ། ཕན་ཡོན་གྱི་ཡན་ལག་ཚོར་བ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་ལྡན་ཞིང༌། གཉེན་པོའི་ཡན་ལག་འདུ་བྱེད་བཏང་སྙོམས་དང་དྲན་པ་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་བཞི་པ་ཞེས་བྱའོ། །འདིར་ཤེས་བཞིན་ཡན་ལག་ཏུ་མ་བཞག་པ་ནི་བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བས་མི་མཐུན་ཕྱོགས་ལ་རྟོག་པར་བྱེད་མི་དགོས་པའི་ཕྱིར་རོ། །བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པ་དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཐོབ་སྟེ། གཟུགས་ཀྱི་འདུ་ཤེས་ལས་འདའ་བའི་དོན་དུ་གཉེན་པོ་ནམ་མཁའི་དམིགས་པ་ལ་འཇུག་པ་དང༌། ནམ་མཁའི་འདུ་ཤེས་ཀྱང་རགས་པར་མཐོང་ན་ནམ་མཁའི་འདུ་ཤེས་ལས་ངེས་པར་འབྱུང་བའི་དོན་དུ་རྣམ་ཤེས་ཀྱི་འདུ་ཤེས་ལ་འཇུག་པ་དང༌། ནམ་མཁའི་ཡུལ་ཅན་གྱི་རྣམ་ཤེས་ཀྱང་རགས་པར་མཐོང་ནས་དེ་ལས་ངེས་པར་འབྱུང་བའི་དོན་དུ་རྣམ་ཤེས་རགས་པ་ཡོད་པ་མ་ཡིན་པའི་དམིགས་པ་ལ་འཇུག་གོ །འདུ་ཤེས་རགས་པ་ཡོད་པ་མ་ཡིན་པའི་ཡུལ་ཅན་གྱི་འདུ་ཤེས་ལས་ངེས་པར་འབྱུང་བའི་དོན་དུ་འདུ་ཤེས་རགས་པ་ཡོད་པ་མ་ཡིན། ཕྲ་བ་མེད་པ་མ་ཡིན་པ་དམིགས་ཡུལ་དུ་བྱས་ནས་དེ་སྒོམ་པའི་ཏིང་ངེ་འཛིན་ལ་འཇུག་གོ །གཞན་ཡང་གཟུགས་ཅན་གཟུགས་ལ་བལྟ་བ་ལ་སོགས་པའི་རྣམ་པར་ཐར་པ་བརྒྱད་དང༌། དབྱིབས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཁ་དོག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་བཅུ་ལ་སོགས་པ་དང༌། དམིགས་པ་མི་འདྲ་བ་དང༌། རྣམ་པ་མི་འདྲ་བ་དང༌། བྱེད་ལས་མི་འདྲ་བ་ལ་སོགས་པའི་བྱེ་བྲག་གིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང༌། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ལ་སོགས་པ་གཞན་ཡང་འཐོབ་བོ་ཞེས་སྦྱར་བར་བྱའོ། །ཏིང་ངེ་འཛིན་སྒོམ་པའི་གནས་སྐབས་ཐམས་ཅད་དུ་ཡན་ལག་བཞི་ལྡན་དུ་བྱ་སྟེ། དམིགས་པའི་ཡན་ལག་དང༌། རྣམ་པའི་ཡན་ལག་དང༌། གཉེན་པོའི་ཡན་ལག་དང༌། རྗེས་སུ་དྲན་པའི་ཡན་ལག་གོ །ཞི་གནས་སྒོམ་པའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་ལྷག་མཐོང་སྒོམ་པའི་ཚུལ་ལ་བཞི་སྟེ། ལྷག་མཐོང་གི་དགོས་པ་དང༌། སྒོམ་པའི་ཐབས་སྟོན་པའི་ལུང་དང༌། ལུང་གི་དོན་བཤད་པ་དང༌། གཞན་གྱི་ལོག་རྟོག་བསལ་བའོ། །དང་པོ་ལ་གཉིས་ཏེ། སྒྲིབ་པ་སྤོང་བའི་བྱེད་པ་དང་ལྡན་པ་དང༌། ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། གོང་དུ་རྒྱས་པར་བསྟན་པ་དེ་ལྟར་ཞི་གནས་ཀྱི་དམིགས་པ་ལ་སེམས་ཤིན་ཏུ་བརྟན་པར་བྱས་ནས། ཡུལ་གྱི་གནས་ཚུལ་རྟོགས་པའི་དོན་དུ་དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་ཞིབ་པར་རྣམ་པར་དཔྱད་པར་བྱ་སྟེ། རྣམ་པར་དཔྱོད་པའི་དགོས་པ་ནི་འདི་ལྟ་སྟེ། གནས་ཚུལ་དོན་དམ་པ་རྟོགས་པའི་ཤེས་པའི་སྣང་བ་བྱུང་བས་སྒྲིབ་པ་ཐམས་ཅད་ཀྱི་རྒྱུ་དེ་ཁོ་ན་ཉིད་ལ་ཀུན་ཏུ་རྨོངས་པའི་ས་བོན་ཤིན་ཏུ་སྤོང་བར་འགྱུར་རོ། །ཤིན་ཏུ་ཞེས་པ་ནི་མ་ལུས་པ་སྤོང་བ་དང་མི་ལྡོག་པར་སྤོང་བའི་དོན་ནོ། །དོན་དམ་དཔྱོད་བྱེད་ཀྱི་ཤེས་རབ་ཀྱིས་དཔྱད་ནས་གནས་ཚུལ་རྟོགས་པ་དེ་ལྟ་མ་ཡིན་ན། མུ་སྟེགས་བྱེད་རྣམས་ཀྱི་རྣལ་འབྱོར་བཞིན་དུ་གནས་ཚུལ་གྱི་དོན་སྟོང་པ་ཉིད་མ་རྟོགས་པའི་ཏིང་ངེ་འཛིན་ཙམ་གྱིས་ནི་ཉོན་མོངས་པའི་ས་བོན་སྤོང་བར་མི་འགྱུར་རོ། །སྤྱོད་འཇུག་ལས་ཀྱང༌། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །ཞེས་པ་ལྟར་རོ། །གཉིས་པ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ་ནི། མདོ་སྡེ་ལས་ཇི་སྐད་དུ། ཏིང་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། །ཞེས་སོགས་གསུངས་སོ། །དེའི་དོན་ནི། ལྷག་མཐོང་དང་བྲལ་བའི་ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། ཏིང་ངེ་འཛིན་དེ་ནི་ཕུང་པོ་ལ་བདག་ཏུ་ལྟ་བ་དང་བཅས་པའི་འདུ་ཤེས་འཇིག་པར་མི་བྱེད་པ་སྟེ། བདག་ཏུ་ལྟ་བ་སྤོང་མི་ནུས་པའོ། །བདག་ཏུ་ལྟ་བ་མ་སྤངས་པ་དེའི་རྒྱུད་ལ་ཉོན་མོངས་པའི་ས་བོན་ཡོད་པས་རྐྱེན་དང་ཕྲད་ན་ཉོན་མོངས་པ་ཕྱིར་ལྡང་ཞིང་སེམས་རྒྱུད་རབ་ཏུ་འཁྲུག་པར་འགྱུར་ཏེ། དཔེར་ན་རང་སྤྱོད་ཀྱི་བུ་ལྷག་སྤྱོད་ཀྱིས་འདིར་ཏིང་ངེ་འཛིན་བསྒོམས་པ་བཞིན་ནོ་ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ་ནི། ལྷག་མཐོང་སྒོམ་པའི་ཚུལ་དེ་ལ་འཕགས་པ་ལང་ཀར་གཤེགས་པ་ལས། ཤེས་རབ་སྒོམ་པའི་རིམ་པ་མདོར་བསྡུས་པའི་ཚུལ་གྱིས་བཀའ་སྩལ་ཏེ། བློ་ལ་དོན་དུ་སྣང་བ་སེམས་ཙམ་གྱི་བདག་ཉིད་དུ་རྟོགས་པ་ལ་ནི་རབ་ཏུ་བརྟེན་ནས་དོན་དུ་སྣང་བ་ལ་ཕྱི་རོལ་གྱི་དོན་དུ་བདེན་པར་མི་བརྟག་གོ །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས་ཀྱང༌། རྣམ་པར་རིག་པ་ཙམ་དུ་དམིགས་པ་ལས་ནི་དོན་ཐམས་ཅད་མི་དམིགས་པ་ལ་འཇུག་གོ་ཞེས་གསུངས་སོ། །གཟུང་བ་མེད་ན་འཛིན་པ་མེད་པའི་རིགས་པས་དོན་དུ་སྣང་བ་ཅན་གྱི་སེམས་ཀྱང་བདེན་པར་མི་དམིགས་པས་དེ་བཞིན་ཉིད་ལ་དམིགས་ནས་སུ་བསྒོམས་པས་སྒོམ་པའི་སྟོབས་གྲུབ་པ་ན་སེམས་ཙམ་དུ་བདེན་པར་འཛིན་པ་ལས་ཀྱང་བཟླ་བར་བྱ། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས་ཀྱང༌། དོན་ཐམས་ཅད་མི་དམིགས་པ་ལས་ནི་རྣམ་པ་རིག་པ་ཙམ་མི་དམིགས་པ་ལ་འཇུག་གོ །འོ་ན་གཟུང་འཛིན་སྣང་བ་མེད་པའི་རིག་ཙམ་ལ་གནས་པར་བྱའོ་ཞེ་ན། གཟུང་འཛིན་གཉིས་སུ་སྣང་བ་མེད་པའི་རིག་ཙམ་ཡང་ཚད་མས་བདེན་པར་མི་དམིགས་པར་རྟོགས་པར་བྱས་ནས་དེ་ཙམ་ཡང་མི་སྣང་བའི་རྣལ་འབྱོར་ལ་གནས་པར་བྱའོ། །ཚིག་སྔ་མ། སྣང་བ་མེད་ལས་བཟླ་བར་བྱ། །ཞེས་པའི་དོན་ནི་གཟུང་འཛིན་གཉིས་སུ་སྣང་བ་མེད་པའི་ཤེས་པ་རང་རིག་རང་གསལ་ཙམ་ལས་ཀྱང་བཟླས་པའི་དོན་ནོ། །ཚིག་ཕྱི་མ་སྣང་མེད་ལ་གནས་ཞེས་པའི་དོན་ནི། གཟུང་འཛིན་གཉིས་སུ་སྣང་བ་མེད་པའི་རིག་ཙམ་ཡང་མི་དམིགས་པར་རྟོགས་པ་ལ་གནས་པར་བྱ་ཞེས་པའི་དོན་ནོ། །གཟུང་འཛིན་གཉིས་སུ་སྣང་བ་མེད་པའི་རིག་ཙམ་ཡང་མི་དམིགས་པའི་དེ་བཞིན་ཉིད་ལ་བློ་གནས་པའི་རྣལ་འབྱོར་པ་དེས་ཐེག་པ་ཆེན་པོའི་མཐོང་བའི་ལམ་གྱིས་ཡང་དག་པའི་དོན་མངོན་སུམ་གྱིས་མཐོང་ངོ༌། །ཆོས་དང་ཆོས་ཉིད་རྣམ་འབྱེད་ལས་ཀྱང༌། མཚན་མ་ཐམས་ཅད་མི་དམིགས་པས་རབ་ཏུ་ཕྱེ་བའི་ཕྱིར། དེ་ལ་མི་དམིགས་པ་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་གསུངས་སོ། །འདི་ནི་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གནས་སོ། །སྤྲོས་པ་ཞི་བའི་ཆོས་ཉིད་ལ་གནས་ན་གཞན་དོན་ལ་ཇི་ལྟར་འཇུག་ཅེ་ན། སྔོན་གྱི་གཞན་དོན་བྱེད་པའི་སྨོན་ལམ་དག་གིས་མྱང་འདས་ལ་གཞོལ་བ་རྣམ་པར་སྦྱངས་ནས་གཞན་དོན་ལ་འཇུག་གོ །རང་དོན་རྟོགས་པའི་ཁྱད་པར་ནི། ཡེ་ཤེས་དམ་པ་གཟུང་འཛིན་གཉིས་སུ་སྣང་བ་མེད་པས་བདག་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ་ཞེས་བཤད་དོ། །ཆོས་དང་ཆོས་ཉིད་རྣམ་འབྱེད་ལས་ཀྱང༌། ཡུལ་གཟུང་འཛིན་གཉིས་མེད་ཅིང༌། དམིགས་པ་མེད་པ་ཡིན་ནོ་ཞེས་སོ། །གསུམ་པ་ལུང་གི་དོན་བཤད་པ་ལ་གཉིས་ཏེ། ཤེས་བྱར་རྣམ་པར་ངེས་པ། དེ་ཁོ་ན་ཉིད་མཐོང་བའི་དོན་ནོ། །དང་པོ་ལ་གསུམ་སྟེ། གཟུང་བ་མི་དམིགས་པ་དང༌། འཛིན་པ་མི་དམིགས་པ་དང༌། གཉིས་སྟོང་གི་རང་རིག་མི་དམིགས་པའོ། །དང་པོ་ནི །ལང་ཀར་གཤེགས་པའི་མདོ་གསུངས་པ་དེ་ལ་དོན་ནི་འོག་ནས་འབྱུང་བ་འདི་ཡིན་ཏེ། གཟུང་བ་བདེན་པར་མི་དམིགས་པའི་དོན་ནི། ལྷག་མཐོང་ལ་འཇུག་པའི་ཐོག་མར་རྣལ་འབྱོར་པས་ཕྱི་རོལ་གྱི་གཟུགས་དང༌། སྒྲ་དང༌། ནང་གི་མིག་སོགས་སུ་སྣང་བའི་ཆོས་གཟུགས་ཅན་གང་དག་ཏུ་སྣང་བ་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་དུ་བདེན་པར་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་སོགས་གང་དག་གིས་བཏགས་པ་དེ་དག་ལ་འདི་ལྟར་དཔྱད་དེ། ཅི་གཟུགས་སོགས་སུ་སྣང་བ་འདི་དག་རྣམ་པར་ཤེས་པ་ལས་དོན་གཞན་ཕྱི་རོལ་གྱི་དོན་ཞིག་ཡིན་ནམ། འོན་ཏེ་རྣམ་པར་ཤེས་པ་དེ་ཉིད་གཟུགས་སོགས་དེ་ལྟར་དུ་སྣང་སྟེ། རྨི་ལམ་གྱི་གནས་སྐབས་ན་རང་གི་ཤེས་པ་ཉིད་ཡུལ་སྣ་ཚོགས་སུ་སྣང་བ་ཇི་ལྟ་བ་བཞིན་ཡིན་ནམ་ཞེས་རིགས་པའི་ཤེས་པས་དཔྱད་པར་བྱའོ། །ཚད་མ་མདོ་ལས། ཡུལ་ཤེས་པ་དང་དེས་ཤེས་པའི། །དབྱེ་བས་བློ་ནི་ཚུལ་གཉིས་ཉིད། །ཅེས་སོ། །རྣམ་པར་དཔྱད་པ་དེ་ལ་རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་དོན་དུ་གྲུབ་པ་ཞིག་ཏུ་འདོད་ན་ནི། བློས་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པར་རབ་ཏུ་བཤིགས་ཏེ་རྡུལ་ཕྲ་རབ་རྣམས་ཀྱང༌། །དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ཞེས་པའི་རིགས་པས་ཆ་ཤས་སོ་སོར་བརྟགས་ན་རྡུལ་ཕྲ་རབ་ཀྱང་མི་རྙེད་ཅིང༌། རྡུལ་ཕྲ་རབ་མེད་ན་རགས་པའང་མེད་པས་ན་རྣལ་འབྱོར་པས་ཕྱི་རོལ་གྱི་དོན་དེ་དག་གནས་ཚུལ་ལ་ཡོད་ན་རྣམ་པར་དཔྱོད་པའི་རིགས་པས་རྙེད་པར་རིགས་པ་ལས་མ་རྙེད་པས་ན་ཚད་མས་མི་མཐོང་ངོ༌། །རྣལ་འབྱོར་པ་དེས་ཕྱི་རོལ་གྱི་དོན་དེ་དག་ཚད་མས་མ་མཐོང་བས་འདི་སྙམ་དུ་དོན་དུ་སྣང་བ་འདི་དག་ཐམས་ཅད་ནི། རང་གི་སེམས་ཀྱི་ངོ་བོ་སྣང་བ་ཙམ་སྟེ། ཕྱི་རོལ་གྱི་དོན་དུ་གྲུབ་པ་ནི་མེད་དོ་སྙམ་དུ་སེམས་སོ། །ཚད་མ་མདོ་ལས་ཀྱང༌། ཡུལ་ཤེས་པ་དང་དེས་ཤེས་པའི། །དབྱེ་བས་དོན་ནི་ཚུལ་གཉིས་ཉིད། །ཅེས་གསུངས་ལ། རྣམ་འགྲེལ་ལས་ཀྱང༌། ཇི་ལྟ་ཇི་ལྟར་དོན་བསམས་པ། །དེ་ལྟ་དེ་ལྟར་རྣམ་བྲལ་བ། །ཞེས་གསུངས་པའང་དོན་འདི་ཉིད་དོ། །དོན་དུ་སྣང་བ་སེམས་ཙམ་དུ་རྟོགས་ནས་ཕྱི་རོལ་གྱི་དོན་ལ་བདེན་པར་འཛིན་པའི་སྒྲོ་འདོགས་བཅད་དེ་བདེན་པར་མི་འཛིན་ཞེས་སྟོན་པ་ནི། འདི་ལྟར་སྣང་བ་སེམས་ཙམ་དུ་རྟོགས་ཤིང༌། ཏིང་ངེ་འཛིན་གྱིས་བསྒོམས་པ་ལ་རབ་ཏུ་བརྟེན་ནས་ཕྱི་རོལ་གྱི་དོན་ལ་བདེན་པར་མི་བརྟག་གོ་ཞེས་པ་སྟེ། མདོ་ལས་དེ་སྐད་འབྱུང་བའི་དོན་ནི་ཆོས་གཟུགས་ཅན་ལ་བདེན་པར་འཛིན་པའི་རྣམ་པར་རྟོག་པ་སྤོང་ངོ་ཞེས་བྱ་བའི་ཐ་ཚིག་སྟེ། ཕྱི་རོལ་གྱི་དོན་དུ་སྣང་བ་འདི་དོན་དུ་བདེན་པར་ཡོད་ན་དམིགས་སུ་རུང་གི་མཚན་ཉིད་དུ་གྱུར་པ་དེ་དག་ལ། གནས་ཚུལ་ལ་དཔྱོད་པའི་རིགས་པས་རྣམ་པར་དཔྱད་པ་ན་མི་དམིགས་པའི་ཕྱིར་གནས་ཚུལ་ལ་ཡོད་པར་བརྟག་པར་མི་བྱའོ་ཞེས་གདམས་པའོ། །གཉིས་པ་འཛིན་པ་མི་དམིགས་པ་ནི། གོང་དུ་བསྟན་པ་དེ་ལྟར་ཆོས་གཟུགས་ཅན་རྣམས་དམིགས་པ་ལ་བརྟེན་པའི་ཤེས་རབ་ཀྱིས་རྣམ་པར་བཤིག་ནས་གཟུགས་ཅན་མ་ཡིན་པ་དོན་དུ་སྣང་བ་འཛིན་པའི་བློ་རྣམས་ཀྱང་སྔར་བསམ་བྱུང་གཏན་ལ་འབེབས་པའི་སྐབས་སུ་བཤད་པའི་རིགས་པས་རྣམ་པར་བཤིག་པར་བྱ་སྟེ་ཞེས་པའམ། སེམས་དཔྱོད་པའི་རིགས་པ་དེ་ལ་དོན་དུ་སྣང་བ་ཅན་གྱི་སེམས་ཙམ་གང་ཡིན་པ་དེའང་ཡུལ་ཅན་འཛིན་པའང་བདེན་པར་མི་རུང་སྟེ། ལྟོས་པ་གཟུང་བ་བདེན་པར་མི་དམིགས་པའི་ཕྱིར་རོ། །ཡུལ་འཛིན་པས་འཛིན་པ་ཞེས་བརྗོད་པས་ན་འཛིན་པ་ནི་གཟུང་བ་ལ་ལྟོས་པའི་ཕྱིར་རོ། །གཟུང་འཛིན་གཉིས་མ་གྲུབ་པ་དེ་ལྟ་བས་ན་སེམས་ནི་དོན་དམ་པར་གཟུང་བ་དང་འཛིན་པ་གཉིས་ལས་དབེན་ཞིང༌། གཟུང་འཛིན་གཉིས་སུ་མེད་པ་ཁོ་ན་ཡིན་པར་རྣམ་པར་དཔྱད་ནས་གཟུང་འཛིན་གཉིས་སུ་མེད་པའི་མཚན་ཉིད་གཉིས་སྟོང་གི་དེ་བཞིན་ཉིད་ལ་དམིགས་ནས་སུ་གཟུང་འཛིན་གཉིས་མེད་ཀྱི་ཚུལ་དུ་བསྒོམས་པས་སེམས་ཙམ་ལས་ཀྱང་བཟླ་བར་བྱ། ཞེས་པ་སྟེ་འཛིན་པའི་རྣམ་པ་བདེན་པར་འཛིན་པ་ལས་ཀྱང་བཟླ་བར་བྱ་སྟེ། གཟུང་འཛིན་གཉིས་སུ་སྣང་བ་མེད་པའི་བློ་གཉིས་སུ་མེད་པའི་ཤེས་པ་རང་རིག་ཅིང་གསལ་བ་ཙམ་ལ་གནས་པར་བྱ་བའི་ཐ་ཚིག་གོ་ཞེས་གསུངས་སོ། །གསུམ་པ་གཉིས་སྟོང་གི་རང་རིག་མི་དམིགས་པ་ནི། དེ་ལྟར་སེམས་ཙམ་དུ་བདེན་པར་འཛིན་པ་ལས་བཟླས་ནས་སླར་ཡང་གཟུང་འཛིན་སྣང་བ་མེད་པའི་ཤེས་པ་རང་རིག་རང་གསལ་བདེན་པར་འཛིན་པ་ལས་ཀྱང་བཟླ་བར་བྱ་སྟེ། དེ་ལ་ཡང་བདེན་པར་འཛིན་པ་སྤོང་ངོ་ཞེས་པའི་དོན་ནོ། །གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་ཅིའི་ཕྱིར་བདེན་པར་མ་གྲུབ་ཅེ་ན། གཟུང་བ་དང་འཛིན་པའི་དངོས་པོ་རྣམས་ནི་རྫུན་པ་ཁོ་ན་ཡིན་ཏེ། སྐྱེ་བར་སྣང་ཡང་རིགས་པས་དཔྱད་ན་བདག་དང་གཞན་ལས་སྐྱེ་བར་མི་འཐད་པའི་ཕྱིར་རོ། །གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དེ་ཡང་བདེན་པ་མ་ཡིན་ཏེ། གཟུང་འཛིན་གཉིས་བཀག་ཟིན་པས་དེ་ཉིད་ཀྱང་མ་ཡིན་ལ། དེ་དག་ལས་གུད་ན་ཡང་མེད་པའི་ཕྱིར། རིགས་པ་འདི་ལ་བརྟེན་ནས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དེ་ཡང་རང་བཞིན་མེད་པར་བརྟགས་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དེ་ལ་ཤིན་ཏུ་གོམས་པར་བྱས་ནས། གཟུང་འཛིན་གཉིས་སུ་མེད་པའི་ཤེས་པ་དེ་ལ་ཡང་དངོས་པོར་མངོན་པར་ཞེན་པ་འདོར་བར་བྱ་སྟེ། གཟུང་འཛིན་གཉིས་སུ་མེད་པའི་ཤེས་པ་བདེན་པར་གྲུབ་པ་ཡང་སྣང་བ་མེད་པའི་ཤེས་པ་ནམ་མཁའ་ལྟ་བུར་རྟོགས་པ་ཁོ་ན་ལ་གནས་པར་བྱའོ་ཞེས་པའི་ཐ་ཚིག་གོ །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས་ཀྱང༌། སྣང་བའི་ཆོས་ཉིད་ཀྱང་མི་སྣང་ཞིང༌། དེ་མི་སྣང་བས་ནི་ཆོས་ཉིད་སྣང་བ་ཡིན་ནོ་ཞེས་ཡིད་ལ་བྱེད་དེ། དེ་ལྟར་ཡིད་ལ་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ན་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་རིགས་པས་གཏན་ལ་ཕབ་པའི་དོན་སྒོམ་བྱུང་གིས་རྟོགས་པ་ལས་གནས་པ་ཡིན་ནོ། །སྒོམ་བྱུང་གིས་རྟོགས་པ་དེ་ལ་གནས་པས་ཡང་དག་པ་ཉིད་ཀྱི་མཆོག་བདག་མེད་གཉིས་རྟོགས་པ་ལ་ཞུགས་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཞུགས་པ་ཡིན་ནོ། །འདིར་ཐོག་མར་ལུང་དང་རིགས་པས་ཕྱི་རོལ་གྱི་དོན་མེད་པར་རིགས་པས་གཏན་ལ་ཕབ་ནས་བློ་ལ་དོན་དུ་སྣང་བ་ཙམ་ལ་དམིགས་ཏེ་བློ་ལ་སྣང་བ་ཙམ་དུ་ཟད་ཀྱི་གནས་ཚུལ་ལ་མ་གྲུབ་པར་ཤེས་རབ་ཀྱིས་རྟོགས་པའི་དོན་ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་ཡིད་ལ་བྱེད་ཅིང༌། དེ་ཡང་ཆོས་ཅན་གྱི་སྣང་བ་རེ་རེ་ལ་དམིགས་པ་བཀར་ནས་རེ་རེ་ཞིང་གང་སྣང་ལ་སྒྲོ་འདོགས་གཅོད་པའི་ཚུལ་གྱིས་བསྒོམ་མོ། །དེ་ལ་གོམས་པ་ཐོབ་པ་ན་ཕྱི་རོལ་གྱི་དོན་ལ་རྟོག་པའི་རྟོག་པ་གང་སྐྱེས་སོ་སོར་རིག་པར་བྱས་ནས་དེ་ཉིད་ལ་ཤེས་རབ་ཀྱིས་ཡང་ཡང་དཔྱད་དེ་བར་སྣང་ལ་འཇའ་ཚོན་ཡལ་བ་ལྟར་དུ་བསྒོམ་མོ། །དེ་ནས་གཟུང་འཛིན་གཉིས་དང་བྲལ་བའི་སེམས་རིག་ཅིང་གསལ་ཙམ་གྱི་ངོ་བོ་ལ་ཤེས་རབ་ཀྱིས་ཡང་ཡང་དཔྱད་ནས་ཡུལ་ཙམ་གྱི་ངོ་བོ་ཡང་བདེན་པར་མི་དམིགས་པར་བསྒོམ་མོ། །བསྒོམ་པ་ཡོངས་སུ་རྫོགས་པ་ན་ཆོས་དང་ཆོས་ཅན་ནམ་མཁའི་དཀྱིལ་ལྟ་བུར་རྟོགས་པའི་ཡེ་ཤེས་སྐྱེ་ཞེས་པའི་དོན་ནོ། །གཉིས་པ་དེ་ཁོ་ན་ཉིད་མཐོང་བའི་དོན་ལ་གསུམ་སྟེ། དེ་ཁོ་ན་ཉིད་མཐོང་བའི་དོན། དེས་སྒྲིབ་པ་སྤོང་བའི་ཚུལ། ཞར་ལ་རྟེན་ལ་སོགས་པ་འཐད་པའོ། །དང་པོ་ལ་བཞི་སྟེ། སྤྲོས་པ་མ་མཐོང་བ་དོན་དམ་མཐོང་བར་བསྟན་པ། དེ་ལ་ཤེས་བྱེད་ཀྱི་ལུང་དགོད་པ། ལུང་གི་དོན་ལ་ལོག་པར་རྟོག་པ་དགག་པ། སྐབས་ཀྱི་དོན་ཉེ་བར་བསྡུ་བའོ། །དང་པོ་ནི། རིམ་གྱིས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཞུགས་པ་དེ་ལྟར་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་གང་གི་ཚེ། གཟུང་འཛིན་གཉིས་སུ་མེད་པའི་ཤེས་པ་རང་རིག་ཙམ་གྱི་ངོ་བོ་ཡང་སྣང་བ་མེད་པའི་ཤེས་པ་ལ་གནས་པར་གྱུར་པ་དེའི་ཚེ། མཐོང་བའི་ལམ་ཐོབ་པ་ལ་གནས་པས་ཐེག་པ་ཆེན་པོ་མཐོང་ངོ༌། །དེ་ཁོ་ན་ཉིད་ཡུལ་གྱི་དམ་པར་གྱུར་པ་མཐོང་བའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ལ་ཐེག་པ་ཆེན་པོ་ཞེས་བྱའོ། །གལ་ཏེ་དེ་ཁོ་ན་ཉིད་དམ་པ་མཐོང་བ་ཞེས་བརྗོད་ན་དེ་མཐོང་བའི་ཚུལ་ཇི་ལྟ་བུ་ཞེ་ན། དེ་ཁོ་ན་ཉིད་ཡུལ་གྱི་དམ་པ་མཐོང་བའི་ཚུལ་དེ་ནི་ཕྱི་ནང་གི་ཆོས་ཐམས་ཅད་ལ་རྡོ་རྗེ་གཟེགས་མ་དང༌། གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པ་ལ་བརྟེན་ནས་བྱུང་བའི་ཤེས་རབ་ཀྱི་མིག་གིས་ཆོས་ཅན་སོ་སོར་བརྟགས་ཏེ། ངོ་བོ་མ་རྙེད་པའི་དོན་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡང་དང་ཡང་དུ་གོམས་པར་བྱས་པས་སྒོམ་པའི་སྟོབས་གྲུབ་པ་ན་ཡང་དག་པའི་དོན་རྟོགས་པའི་ཡེ་ཤེས་ཀྱི་སྣང་བ་ཤར་བ་ན། ཆོས་ཅན་སྣང་བའི་ཆ་འགའ་ཡང་མཐོང་བ་མེད་པར་གང་ཡིན་པའོ། །གཉིས་པ་ཤེས་བྱེད་ཀྱི་ལུང་དགོད་པ་ནི། དོན་དམ་པ་མཐོང་བའི་ཚུལ་གོང་དུ་བསྟན་པ་དེ་སྐད་དུ་མདོ་ལས་ཀྱང་གསུངས་ཏེ། དོན་དམ་པ་མཐོང་བ་གང་ཞེ་ན། ཆོས་ཐམས་ཅད་མཐོང་བ་མེད་པ་གང་ཡིན་པའོ་ཞེས་འབྱུང་ངོ༌། །སློབ་དཔོན་འདིས་མཉམ་གཞག་སྣང་མེད་དུ་བཞེད་པ་ནི། ཆོས་དང་ཆོས་ཉིད་རྣམ་འབྱེད་དང་ཡང་མཐུན་ཏེ། ཇི་སྐད་དུ། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཉམ་པར་མཐོང་བའི་ཕྱིར། ཞེས་སོ། །གལ་ཏེ་གཟུགས་སོགས་ཀྱི་དངོས་པོ་ལ་དམིགས་སམ་མ་དམིགས། གལ་ཏེ་དམིགས་ན་ཆོས་ཅན་ཀུན་རྫོབ་ལ་དམིགས་པས་ན་སྣང་མེད་དུ་འདོད་པར་འགལ་ལོ། །གལ་ཏེ་སྣང་བ་ལ་མི་དམིགས་པར་འདོད་ན་ནི། སྣང་བ་ལ་དམིགས་ནས་བདེན་པར་འཛིན་པའི་བདེན་འཛིན་གྱི་སྒྲོ་འདོགས་མི་གཅོད་པར་ཐལ་བར་འགྱུར་ཏེ། བདེན་འཛིན་དང་དམིགས་པ་སོ་སོ་ལ་འཛིན་སྟངས་སོ་སོར་འཇུག་པའི་ཕྱིར། ཡུལ་སོ་སོ་ན་གནས་པའི་ཚ་གྲང་བཞིན་ནོ་ཞེ་ན། སྦྱོར་བའི་གནས་སྐབས་སུ་སྣང་བ་ལ་དམིགས་ནས་སོ་སོར་རྟོག་པར་བྱེད་ཅིང༌། ཇི་སྲིད་རྣམ་པར་དཔྱོད་པ་མ་རྫོགས་པ་དེ་སྲིད་དུ་སྣང་བ་ཡོད་ལ། དཔྱད་པ་ཡོངས་སུ་རྫོགས་ནས་བློས་གནས་ཚུལ་གྱི་དོན་རྙེད་ནས་དེའི་དོན་ལ་མཉམ་པར་འཇོག་པའི་ཚེ་ན་སྣང་བ་མི་མངའ་བ་ཡིན་ནོ། །ཇི་སྲིད་བློ་ལ་ཆོས་ཅན་ཀུན་རྫོབ་པ་སྣང་བ་དེ་སྲིད་དུ་བག་ཆགས་ཀྱི་མཐུ་ལས་སྣང་བའི་གཟུང་འཛིན་ཐ་དད་པའི་སྣང་བ་མ་ནུབ་པས་དོན་དམ་པའི་ཡུལ་ཅན་གྱི་འཕགས་པའི་མཉམ་གཞག་ཏུ་མི་འགྱུར་རོ། །གསུམ་པ་ལུང་གི་དོན་ལ་ལོག་པར་རྟོག་པ་དགག་པ་ལ་བཞི་སྟེ། ལུང་གི་དོན་ཡིད་བྱེད་མེད་པ་ཙམ་མ་ཡིན་པ་དང༌། ཡིད་ལ་བྱེད་པ་མེད་པས་སྒྲིབ་པ་མི་སྤོང་བ་དང༌། ལུང་གིས་དོན་གསལ་བར་བསྟན་པ་དང༌། ལུང་གཞན་དང་འགལ་བ་སྤང་བའོ། །དང་པོ་ནི། གལ་ཏེ་ཅི་ཡང་ཡིད་ལ་མི་བྱེད་པ་ཉིད་དོན་དམ་པ་མཐོང་བའི་རྒྱུ་ཡིན་ཏེ། ཅི་ཡང་མཐོང་བ་མེད་པ་ཉིད་དོན་དམ་པ་མཐོང་བར་བཤད་པས་སོ་ཞེ་ན། ལུང་གི་དགོངས་པ་ནི། འདི་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟག་པ་ན་སྤྲོས་པའི་མཚན་མ་འགའ་ཡང་མ་མཐོང་བ་དེ་ལྟ་བུའི་མཐོང་བ་མེད་པ་ལ་དགོངས་ཏེ། ཅིར་ཡང་མི་མཐོང་ཞེས་བཀའ་སྩལ་གྱི་མིག་བཙུམ་པ་ལྟ་བུ་དང༌། དམུས་ལོང་ལ་སོགས་པ་ལྟ་བུ་ཡུལ་མཐོང་བའི་རྐྱེན་མ་ཚང་བ་དང་ཡིད་ལ་མི་བྱེད་པ་ཙམ་གྱི་མི་མཐོང་བ་ལ་དགོངས་པ་ནི་མ་ཡིན་ནོ། །གཉིས་པ་ནི། ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་གྱིས་ནི་ཡང་དག་པའི་དོན་མཐོང་བ་མ་ཡིན་པ་དེ་ལྟ་བས་ན། ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་གྱིས་ནི་དངོས་པོར་མངོན་པར་ཞེན་པ་ལ་སོགས་པ་ཕྱིན་ཅི་ལོག་གི་རྩ་བ་བཅད་མི་ནུས་པས་ན། ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་གོམས་པར་བྱས་ཀྱང་སེམས་རྒྱུད་ལ་ཕྱིན་ཅི་ལོག་གི་བག་ཆགས་ཡོད་པ་སྤོང་བའི་ནུས་པ་མ་ཐོབ་པས་འབྲས་བུའི་གནས་སྐབས་སུ་ཡང་སྒྲིབ་པའི་ས་བོན་མ་སྤངས་པས་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་དང༌། གཉིད་དང་བརྒྱལ་བ་ལ་སོགས་པ་ལས་སླར་ལངས་པ་བཞིན་དུ་ཕུང་པོའི་དངོས་པོ་ལ་སོགས་པ་ལ་མངོན་པར་ཞེན་པའི་རྩ་བ་ས་བོན་ལུས་པས། རྐྱེན་དང་ཕྲད་པ་ན་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་སླར་ཡང་འབྱུང་བའི་ཕྱིར། རྣལ་འབྱོར་པ་ལས་དང་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་མ་ཐོབ་པ་ཉིད་དུ་འགྱུར་རོ། །གསུམ་པ་ནི། ཆགས་སོགས་ཀྱི་རྩ་བ་གང་ཞེ་ན། འདོད་ཆགས་ལ་སོགས་པའི་རྩ་བ་ནི་དངོས་པོ་ལ་མངོན་པར་ཞེན་པ་ཡིན་ནོ། །ཞེས་འཕགས་པ་བདེན་པ་གཉིས་སྟོན་པའི་མདོ་ལས་བཀའ་སྩལ་ཏོ། །བཞི་པ་ལུང་གཞན་དང་འགལ་བ་སྤང་བ་ལ་གསུམ་སྟེ། ལུང་གི་དོན་བཤད་པ་དང༌། དེ་རིགས་པས་སྒྲུབ་པ་དང༌། ཤེས་རབ་ཀྱི་བྱེད་པ་བསྟན་པའོ། །དང་པོ་ནི། གལ་ཏེ་འོ་ན་མདོ་གཞན་ལས་ཡིད་ལ་མི་བྱེད་པས་མཚན་མ་སྤོང་བར་བཤད་པ་མ་ཡིན་ནམ་ཞེ་ན། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། ཡིད་ལ་མི་བྱེད་པས་གཟུགས་ལ་སོགས་པ་ལ་བདེན་པར་འཛིན་པའི་མཚན་མ་སྤོང་ངོ་ཞེས་གསུངས་པ་གང་ཡིན་པ་དེའི་དགོངས་པ་ཡང༌། གཟུགས་ལ་སོགས་པའི་ཆོས་རྣམས་ལ་དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་བརྟགས་ན། སྤྲོས་པའི་མཚན་མ་མི་དམིགས་པ་གང་ཡིན་པ་དེ་ལ་མདོ་དེར་ཡིད་ལ་མི་བྱེད་པར་དགོངས་ཀྱི། སྤྱིར་ཡིད་ལ་བྱེད་པ་མེད་པ་ཙམ་གྱིས་མཚན་མ་སྤོང་བར་བཤད་པ་ནི་མ་ཡིན་ཏེ། སོ་སོར་རྟོགས་པའི་ཤེས་རབ་མེད་པར་ཡིད་ལ་བྱེད་པ་སྤངས་པ་ཙམ་གྱིས་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལྟར་དུ་འཁོར་བ་ཐོག་མ་མེད་པའི་དུས་ནས་ཤིན་ཏུ་གོམས་པའི་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་ཉོན་མོངས་པའི་རྩ་བ་སྤོང་བ་ནི་མ་ཡིན་ནོ། །གཉིས་པ་དེ་རིགས་པས་སྒྲུབ་པ་ལ་གཉིས་ཏེ། བདེན་ཞེན་ལྡོག་པ་ཐེ་ཚོམ་སྤང་བ་ལ་ལྟོས་པ་དང༌། ཐེ་ཚོམ་སྤོང་བ་ཤེས་རབ་ལ་ལྟོས་པར་བསྟན་པའོ། །དང་པོ་ནི། ཡང་དག་པའི་དོན་རིགས་པའི་སྟོབས་ཀྱིས་མ་ངེས་པས་ཡང་དག་པའི་དོན་ལ་ཐེ་ཚོམ་མ་སྤངས་པར་གྱུར་པ་ནི། སྔོན་ཚེ་རབས་ཐོག་མ་མེད་པ་ནས་བརྒྱུད་ནས་འོངས་བར་དམིགས་པའི་གཟུགས་ལ་སོགས་པ་ལ་བདེན་པར་མངོན་པར་ཞེན་པའི་ཡིད་ལ་བྱེད་པ། ཡུལ་ལ་རླུང་ལྟར་རབ་ཏུ་གཡོ་བ་ཡོངས་སུ་སྤོང་བར་མི་ནུས་ཏེ། མེ་མ་སྤངས་པར་ཚ་བ་སྤང་དུ་མི་རུང་བ་བཞིན་ནོ། །ཐེ་ཚོམ་མ་སྤངས་པར་མངོན་པར་ཞེན་པ་མི་སྤོང་བའི་རྒྱུ་མཚན་འདི་ལྟར་གཟུགས་ལ་སོགས་པ་ལ་བདེན་པར་རྣམ་པར་རྟོག་པ་ལོག་པ་འདི་དག་ནི། ལུས་ལ་ཚེར་མ་ལ་སོགས་པ་འབྱིན་པ་བཞིན་དུ་སེམས་ལས་ལག་པ་ལྟ་བུས་དབྱུང་ཞིང་བསལ་དུ་མི་རུང་སྟེ། འདི་སྤོང་བ་ལ་རིགས་པས་ཡང་དག་པའི་དོན་ཇི་ལྟ་བ་བཞིན་ངེས་ནས་དེའི་ནུས་པས་ཐེ་ཚོམ་གྱི་ས་བོན་སྤང་དགོས་པའི་ཕྱིར་རོ། །གཉིས་པ་ཐེ་ཚོམ་སྤོང་བ་ཤེས་རབ་ལ་ལྟོས་པར་བསྟན་པ་ལ་གཉིས་ཏེ། རྗེས་འགྲོའི་སྒོ་ནས་བསྟན་པ་དང༌། ལྡོག་པའི་སྒོ་ནས་བསྟན་པའོ། །དང་པོ་ནི། གལ་ཏེ་མངོན་པར་ཞེན་པ་སྤོང་བ་ཐེ་ཚོམ་སྤོང་བ་ལ་རག་ལས་ན། ཐེ་ཚོམ་གང་གིས་ཇི་ལྟར་སྤོང་ཞེ་ན། ཐེ་ཚོམ་གྱི་ས་བོན་སྤོང་བ་དེ་ཡང་ཐག་པ་ལ་སྦྲུལ་དུ་འདུ་ཤེས་པ་ན། ཐག་པའི་རང་གི་མཚན་ཉིད་གཏན་ལ་ཕབ་པས་སྦྲུལ་འཛིན་ལྡོག་པ་བཞིན་དུ་ཆོས་རྣམས་ཀྱི་གནས་ཚུལ་རིགས་པས་གཏན་ལ་ཕབ་པས་གནས་ཚུལ་ལ་སྒྲོ་འདོགས་ཆོད་པས་སྤོང་གི དེ་ལས་གཞན་དུ་ཡིད་བྱེད་སྤངས་པ་ཙམ་གྱིས་ནི་མ་ཡིན་ནོ། །ཐབས་གང་ལ་བརྟེན་ནས་ཐེ་ཚོམ་སྤོང་ཞེ་ན། ཐེ་ཚོམ་གྱི་ས་བོན་དེ་ཡང་རྣལ་འབྱོར་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་གྱི་སྣང་བ་བྱུང་སྟེ། དེ་ལས་སྐྱེས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱི་མིག་གིས་རང་བཞིན་མེད་པར་བརྟགས་ནས་བསྒོམས་པས་གཟུགས་ལ་སོགས་པ་སྔར་དམིགས་སུ་རུང་བའི་མཚན་ཉིད་དུ་གྱུར་པ་དེ་དག་རིགས་པས་རྣམ་པར་དཔྱད་པ་ན་མི་དམིགས་པར་རྟོགས་པའི་ཕྱིར། དེ་གོམས་པས་སྤོང་ངོ༌། །ཐག་པ་སྦྲུལ་གྱི་རང་གི་ངོ་བོས་སྟོང་པར་ཤེས་པས་ཐག་པ་ལ་སྦྲུལ་དུ་འཛིན་པའི་ཤེས་པ་ལྡོག་པ་བཞིན་དུ་སྤོང་གི ཡུལ་རང་གི་ངོ་བོས་སྟོང་པར་སོ་སོར་རྟོག་པའི་ཤེས་པ་ལ་གཞན་དུ་སྟེ། མ་ཤེས་ན་བདེན་འཛིན་སྤོང་བ་མ་ཡིན་ནོ། །སྟོང་ཉིད་རྟོགས་པའི་ལྷག་མཐོང་གི་རྟོགས་པ་སྐྱེས་པ་དེའི་ཚེ་ཐེ་ཚོམ་གྱི་ས་བོན་དང་བྲལ་བས། གཟུགས་ལ་སོགས་པའི་བདེན་པའི་མཚན་མ་ཡིད་ལ་བྱེད་པ་སྤོང་ནུས་པར་འགྱུར་ཏེ། སྟོང་ཉིད་རྟོགས་པའི་ལྷག་མཐོང་སྐྱེས་པ་ལས་གཞན་དུ་ནི་མ་ཡིན་ནོ། །གཉིས་པ་ལྡོག་པའི་སྒོ་ནས་བསྟན་པ་ནི། ཏིང་ངེ་འཛིན་ལས་ལྷག་མཐོང་སྐྱེ་བ་དེ་ལྟ་མ་ཡིན་ཏེ། ཞི་གནས་ཕུན་སུམ་ཚོགས་པའི་ཏིང་ངེ་འཛིན་གྱི་སྣང་བ་མ་བྱུང༌། སོ་སོར་རྟོག་པའི་ཤེས་རབ་ཀྱི་མིག་གིས་ཡང་དག་པའི་དོན་ལ་མ་བལྟས་ན་ཧྭ་ཤང་ཁྱོད་ལྟར་ཡིད་ལ་བྱེད་པ་བཀག་པ་ཙམ་གྱིས་ནི་མུན་ཁུང་ན་འདུག་པའི་མིས་གཟུགས་ལ་ལྟ་བ་ལྟར་ཁྱིམ་གྱི་ནང་ན་འདུག་པའི་བུམ་པ་ལ་སོགས་ལའང་ཡོད་མེད་སྒྲོ་འདོགས་མ་ཆོད་པར་སོམ་ཉི་ཟ་བར་འགྱུར་བ་བཞིན་དུ། རྣལ་འབྱོར་པའང་གཟུགས་སོགས་གནས་ཚུལ་ལ་ཡོད་པའམ་མེད་པར་སོམ་ཉི་ཟ་བ་ལྡོག་པར་མི་འགྱུར་རོ། །གལ་ཏེ་ཡང་དག་པའི་དོན་ལ་ཐེ་ཚོམ་མ་ལོག་ན་མིག་གི་རབ་རིབ་ཀྱི་སྐྱོན་མ་བསལ་བས་སྐྲ་ཤད་འཛག་པར་སྣང་བ་འབྱུང་བ་བཞིན་དུ་གཟུགས་ལ་སོགས་མི་བདེན་པ་ལ་བདེན་པར་མངོན་པར་ཞེན་པ་འབྱུང་སྟེ། ཉོན་མོངས་པ་ཅིས་ཀྱང་མི་ལྡོག་གོ །ལྷག་མཐོང་སྒོམ་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་ཟུང་དུ་འབྲེལ་བའི་ལམ་སྒོམ་པ་ལ་གསུམ་སྟེ། ཡེ་ཤེས་རྣམ་པར་དག་པ་ཐོབ་པ། དེས་སྒྲིབ་པ་སྤོང་བའི་ཚུལ། དོན་བསྡུ་བའོ། །དང་པོ་ནི། ཏིང་ངེ་འཛིན་ལ་བརྟེན་ནས་བྱུང་བའི་ཤེས་རབ་ཀྱིས་ཐེ་ཚོམ་གྱི་ས་བོན་སྤོང་ཞིང༌། དེ་ལས་བདེན་ཞེན་ལྡོག་པ་དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་ཡན་ལག་གིས་དམིགས་པ་ལ་སེམས་གསལ་བར་གཟུང་སྟེ། གང་གཟུང་བའི་དམིགས་པ་དེ་ཉིད་ལ་ཤིན་ཏུ་ཆ་ཕྲ་བའང་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་མཚོན་གྱིས་གཟུགས་ལ་སོགས་པ་ཕུང་པོ་ལྔའི་དངོས་པོ་སོགས་ལ་བདེན་པར་ལོག་པར་རྣམ་པར་རྟོག་པའི་ས་བོན་གྱི་ཟུག་རྔུ་ཆགས་པ་ལ་སོགས་པ་སེམས་དེ་ལ་ཡོད་པ་བསལ་བར་བྱ་སྟེ། དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདེན་འཛིན་གྱི་ས་བོན་བརྩད་ནས་ཕྱུང་ན་རྩ་བ་ནས་ཕྱུང་བའི་ཤིང་དག་ལས་ཡལ་ག་ལོ་འདབ་མི་སྐྱེ་བ་བཞིན་དུ། རྩ་བ་བདེན་འཛིན་གྱི་ས་བོན་མེད་པ་ན་བདག་ལ་སོགས་པར་ལོག་པར་རྣམ་པར་རྟོག་པའི་སེམས་སླར་ཡང་སྐྱེ་བར་མི་འགྱུར་རོ། །དང་པོ་ཡེ་ཤེས་རྣམ་པར་དག་པ་ཐོབ་པ་ནི། ལྷག་མཐོང་སྐྱེས་ན་ལོག་རྟོག་ལྡོག་པ་དེ་ལྟ་བས་ན་བདེན་འཛིན་བཟློགས་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་དུ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་བསྒོམ་པ་ལ་འཇུག་པའི་ལམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། ཞི་གནས་དང་ལྷག་མཐོང་དེ་གཉིས་ནི་ཡང་དག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཟླ་བ་སྒྲོན་མེའི་མདོ་ལས། ཚུལ་ཁྲིམས་ལ་གནས་ནས་ཏིང་ངེ་འཛིན་འཐོབ་སྟེ། ཏིང་ངེ་འཛིན་ཐོབ་ནས་ཀྱང་སྟོང་ཉིད་རྟོགས་པའི་ཤེས་རབ་སྒོམ་པར་བྱེད་དོ། །ཤེས་རབ་སྒོམ་པ་ཉིད་ཀྱིས་ནི་ཡེ་ཤེས་དྲི་མས་རྣམ་པར་དག་པ་འཐོབ་བོ། །ཡེ་ཤེས་དྲི་མས་རྣམ་པར་དག་པ་ཐོབ་པས་ཟག་མེད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་འཐོབ་བོ། །ཞེས་བཀའ་སྩལ་ཏོ། །གཉིས་པ་སྒྲིབ་པ་སྤོང་བའི་ཚུལ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། ཞི་གནས་ལས་ལྷག་མཐོང་སྐྱེས་ནས་དེས་སྒྲིབ་པ་སྤོང་བའི་ཚུལ་འདི་ལྟར། གང་གི་ཚེ་ཞི་གནས་ཀྱིས་གང་བསྒོམ་པར་འདོད་པའི་དམིགས་པ་ལ་སེམས་བརྟན་པར་བྱས་པ་དེའི་ཚེ། ཏིང་ངེ་འཛིན་གྱིས་གང་ལ་དམིགས་པའི་ཡུལ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རབ་ཏུ་བརྟགས་ནས་བསྒོམས་ན་ཡང་དག་པའི་དོན་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ཀྱི་སྣང་བ་འབྱུང་སྟེ། ཡེ་ཤེས་ཀྱི་སྣང་བ་བྱུང་བ་དེའི་ཚེ་ཉི་མའི་འོད་ཟེར་གྱི་སྣང་བ་བྱུང་བས་མུན་པ་དུས་གཅིག་ལ་བསལ་བ་བཞིན་དུ། ཐོག་མར་མཐོང་སྤངས་ཀྱི་སྒྲིབ་པ་འབྱང་ངོ༌། །ཞི་གནས་དང་ལྷག་མཐོང་དེ་གཉིས་ཀ་ཡང་མིག་དང་སྣང་བ་གཉིས་ཕན་ཚུན་ལྟོས་ནས་ཡུལ་གཅིག་གསལ་བ་ལ་མཐུན་པར་འཇུག་པ་བཞིན་དུ། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་བ་ལ་ཕན་ཚུན་གཅིག་ལ་གཅིག་ལྟོས་ནས་མཐུན་པར་གནས་པ་ཡིན་གྱི། སྣང་བ་དང་མུན་པ་བཞིན་དུ་མི་མཐུན་པར་འཇུག་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་གྱི་ངོ་བོ་ནི་ཡུལ་ཅི་ཡང་མི་མཐོང་བ་མུན་པ་ལྟ་བུའི་ངོ་བོ་ནི་མ་ཡིན་ཏེ། མཉམ་པར་འཇོག་པའི་སེམས་རྩེ་གཅིག་པ་སྟེ། དམིགས་པ་གཅིག་ལ་རྣམ་པ་གསལ་བས་རྒྱུན་ཆགས་སུ་འཇུག་པའི་མཚན་ཉིད་དོ། །འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། ཡུལ་དེ་ནི་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་ཕྱིར་ཏེ། རྒྱུ་མཚན་དེས་ན་ཤེས་རབ་དང་ཞི་གནས་ཡུལ་རྟོགས་པ་ལ་ཤིན་ཏུ་མཐུན་པ་ཡིན་གྱི། སྣང་མུན་ལྟར་མི་མཐུན་པ་ནི་མ་ཡིན་ནོ། །གཉིས་པ་སོ་སོར་བཤད་པ་ལ་བཞི། ཡོད་པར་ཞེན་པ་སྤོང་བ་དང༌། མེད་པར་ཞེན་པ་སྤོང་བ་དང༌། རྟོག་པ་གཞན་ཡང་སྤོང་བ་དང༌། གཉེན་པོའི་ཁྱད་པར་བསྟན་པའོ། །དང་པོ་ནི། མཉམ་པར་བཞག་ན་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དེ་ལྟ་བས་ན། ཞི་གནས་ལ་བརྟེན་ཏེ་མཉམ་པར་བཞག་པ་བཞིན་འཇུག་པའི་ཤེས་རབ་ཀྱིས་བརྟགས་ན་ཆོས་ཐམས་ཅད་བདེན་པར་མི་དམིགས་པ་གང་ཡིན་པ་དེ་ཉིད་མི་དམིགས་པའི་དོན་དམ་པའོ། །འོ་ན་དོན་དམ་རྟོགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དུས་ནམ་གྱི་ཚེ་འཐོབ་ཅེ་ན། རྣལ་འབྱོར་པ་རྣམས་ཀྱི་མཉམ་གཞག་གི་གནས་སྐབས་ཀྱི་མཚན་ཉིད་སྤྲོས་པ་འགའ་ཡང་མཐོང་བ་མེད་པའི་སྤྲོས་བྲལ་མཐོང་བ་དེ་འདྲ་བ་ནི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཡིན་ཏེ། དོན་དམ་གྱི་ཆ་དེའི་ཕ་རོལ་དུ་བལྟ་བར་བྱ་བའི་དོན་དམ་གཞན་མེད་པའི་ཕྱིར་རོ། །འདིས་ནི་ལྷུན་གྱིས་གྲུབ་པའི་དོན་བཤད་དོ། །ཞི་བའི་དོན་བཤད་པ་ནི། ཞི་བ་ནི་ཡོད་པར་འཛིན་པ་དང༌། མེད་པར་འཛིན་པ་དང༌། གཉིས་ཀར་འཛིན་པ་ལ་སོགས་པ་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །སྤྲོས་པའི་སྒྲ་ནི་དོན་གཉིས་ལ་འཇུག་སྟེ། སྤྲོ་བྱེད་དང་སྤྲོ་བྱའོ། །སྤྲོ་བྱེད་ནི་རྣམ་པར་རྟོག་པའོ། །འདིས་སྤྲོ་བར་བྱེད་པའི་ཕྱིར་རོ། །སྤྲོ་བྱ་ནི། རྣམ་པར་རྟོག་པས་སྣ་ཚོགས་པ་བཟོས་ནས་སྦྱར་བའོ། །གཉིས་ཀ་ལ་ཐུན་མོང་དུ་སྤྲོས་པ་ཞེས་སྦྱར་རོ། །ཞི་བའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལྟར་མཉམ་པར་འཇོག་པ་གང་གི་ཚེ་རྣལ་འབྱོར་པས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ན་དངོས་པོའི་ངོ་བོ་ཉིད་བདེན་པར་གྲུབ་པ་གང་ཡང་མི་དམིགས་པ་དེའི་ཚེ་མཉམ་པར་བཞག་པ་དེ་ལ་དངོས་པོར་རྣམ་པར་རྟོག་པ་མི་འབྱུང་བ་ཉིད་དོ། །ཞེས་པ་ནི་སྤྲོས་པ་ཉེ་བར་ཞི་བའི་དོན་ནོ། །གཉིས་པ་མེད་པར་ཞེན་པ་སྤོང་བ་ནི། གལ་ཏེ་དངོས་པོར་རྣམ་པར་རྟོག་པ་སྤོང་དུ་ཆུག་ཀྱང་དངོས་པོ་མེད་པར་རྣམ་པར་རྟོག་པ་ཇི་ལྟར་སྤོང་ཞེ་ན། སྟོང་ཉིད་རྟོགས་པའི་ཤེས་རབ་སྐྱེས་པ་དེ་ལ་དངོས་པོ་མེད་པར་རྣམ་པར་རྟོག་པ་ཡང་འབྱུང་བ་མེད་པ་ཉིད་དོ། །ཇི་ལྟར་མི་འབྱུང་ཞེ་ན། གལ་ཏེ་བརྒྱ་ལ་དགག་བྱའི་དངོས་པོ་འགའ་ཞིག་ཡོད་པར་མཐོང་ན་ནི་དེ་ལྟ་ན་དེ་བཀག་པས་ཐོག་མར་དངོས་པོ་བློ་ཡུལ་དུ་བྱས་ནས་འདི་མེད་དོ་ཞེས་དངོས་པོ་མེད་པར་རྟོག་པ་འབྱུང་ངོ༌། །སྤྱོད་འཇུག་ལས། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་པ་མེད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ནི། གང་གི་ཚེ་རྣལ་འབྱོར་པས་སོ་སོར་རྟོག་པའི་ཤེས་རབ་ཀྱི་མིག་གིས་གནས་ཚུལ་ལ་བརྟགས་ན་དུས་གསུམ་འདི་ཡང་དངོས་པོར་བདེན་པར་མི་དམིགས་པར་རྟོགས་པ་དེའི་ཚེ་དགག་བྱའི་དངོས་པོ་ཅི་ཞིག་བཀག་པས་དགག་བྱའི་དངོས་པོ་མེད་པར་རྟོག་པར་བྱེད་པ་འབྱུང་བར་མི་འཐད་པ་དེ་བཞིན་དུ། ཡོད་མེད་གཉིས་ཀར་འཛིན་པའི་རྣམ་པར་རྟོག་པ་གཞན་དག་ཀྱང་མཉམ་པར་བཞག་པ་དེའི་ཚེ་དེ་ལ་མི་འབྱུང་བ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པར་རྣམ་པར་རྟོག་པ་གཉིས་ཀྱིས་རྣམ་པར་རྟོག་པ་གཞན་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང༌། ཁྱབ་པར་བྱེད་པ་ཡོད་མེད་དུ་རྣམ་པར་རྟོག་པ་མེད་པས་ཁྱབ་པར་བྱ་བ་རྣམ་པར་རྟོག་པ་གཞན་ཡང་མེད་པའི་ཕྱིར་རོ། །ཡོད་མེད་སོགས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཞི་བའི་ཡེ་ཤེས་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པ་ཡིན་ནོ། །བཞི་པ་གཉེན་པོའི་ཁྱད་པར་ལ་དོན་གསུམ་སྟེ། གཉེན་པོ་སྒོམ་པའི་བྱེད་པ་དང༌། ཉེ་བར་སྟོན་པའི་ཁྱད་པར་དང༌། རང་བཞིན་གྱི་ཁྱད་པར་བཤད་པའོ། །དང་པོ་ལ་བཞི་སྟེ། གཉེན་པོའི་བྱེད་པ་མདོར་བསྟན་པ་དང༌། སོ་སོར་བཤད་པ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་དང༌། ལམ་གཞན་ལ་སྒྲིབ་པ་གཉིས་སྤོང་བ་དགག་པའོ། །དང་པོ་ནི། ཞི་གནས་དང་ལྷག་མཐོང་དེ་ལ་གནས་པའི་རྣལ་འབྱོར་པས་ནི་ཡོད་མེད་སོགས་སུ་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ནུབ་པས་ན་རྩ་བ་བཅད་པའི་སྟོབས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ༌། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ཚུལ་དང༌། ཤེས་བྱའི་སྒྲིབ་པ་སྤོང་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། སྤང་བྱ་ངོས་བཟུང་བ་དང༌། དེ་ཇི་ལྟར་སྤོང་བའི་ཚུལ་དང༌། ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། སྤང་བྱ་ཉོན་མོངས་པའི་རྩ་བ་གང་ཞེ་ན། ཉོན་མོངས་པའི་སྒྲིབ་པའི་རྒྱུ་ངོས་བཟུང་བ་ནི། འདི་ལྟར་ཉོན་མོངས་པའི་སྒྲིབ་པའི་རྒྱུ་ནི། དོན་དམ་པར་མ་སྐྱེས་པ་དང་མ་འགགས་པའི་དངོས་པོ་རྣམས་ལ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་བདེན་པར་འཛིན་པའི་ཕྱིན་ཅི་ལོག་པ་ནི་ཉོན་མོངས་པའི་རྩ་བ་སྟེ་རྒྱུ་ཡིན་ནོ། །ཉོན་མོངས་པ་ནི་དེ་ལས་བྱུང་བའོ། །ཞེས་འཕགས་པ་བདེན་པ་གཉིས་བསྟན་པའི་མདོ་ལ་སོགས་པ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །གཉིས་པ་ཇི་ལྟར་སྤོང་བའི་ཚུལ་ནི། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པའི་རྣལ་འབྱོར་པ་འདིས་ཉོན་མོངས་པའི་སྒྲིབ་པའི་རྩ་བ་སྤོང་ངོ༌། །ཅིའི་ཕྱིར་ཞེ་ན། དངོས་པོ་ལ་སོགས་པར་རྣམ་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཉོན་མོངས་པའི་རྩ་བ་གང་ཞེ་ན། དངོས་པོ་བདེན་པར་རྟོག་པ་ལ་སོགས་པར་ཕྱིན་ཅི་ལོག་དོན་དམ་ལ་རྨོངས་པའི་མ་རིག་པའི་ངོ་བོ་ཉིད་དོ། །སྟོང་ཉིད་བདུན་ཅུ་པ་ལས། ཡང་དག་རྣམ་པར་རྟོག་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །ཞེས་གསུངས་པ་ལྟར་རོ། །འདིས་ནི་བདེན་འཛིན་ཉོན་མོངས་པའི་རྩ་བར་བསྟན་ཏོ། །མ་རིག་པ་ལ་ཉོན་མོངས་ཀྱིས་ཁྱབ་པར་སྨྲ་བས་ནི་དོན་འདི་ཁོང་དུ་མ་ཆུད་པར་ཟད་དོ། །བདེན་འཛིན་སྤངས་པས་དོན་དམ་ལ་རྨོངས་པའི་མ་རིག་པ་བཅད་པ་དེའི་ཕྱིར་མཐོང་ལམ་ཐོབ་པ་ན་ཉོན་མོངས་ཀྱི་རྩ་བ་དེ་ཁོ་ན་ཉིད་ལ་རྨོངས་པ་བཅད་པས་ན་ཉོན་མོངས་པའི་སྒྲིབ་པའི་རྩ་བ་ཡང་དག་པར་སྤོང་ངོ༌། །གཉིས་པ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ་ནི། སྤང་བྱ་དང་སྤང་བྱ་སྤོང་བའི་ཚུལ་དེ་སྐད་དུ་འཕགས་པ་བདེན་པ་གཉིས་བསྟན་པའི་མདོ་ལས་གསུངས་ཏེ། འཇམ་དཔལ་ཞེས་སོགས་སོ། །ལུང་གི་དོན་ལ་བཞི་སྟེ། ཉོན་མོངས་པ་འབྱུང་བའི་ཚུལ་དང༌། ཇི་ལྟར་ལྡོག་པའི་ཚུལ་དང༌། ཉོན་མོངས་པ་ཤེས་པའི་ཚུལ་དང༌། ཉོན་མོངས་པའི་རིགས་ངོས་བཟུང་བའོ། །དང་པོ་ནི། ལྷའི་བུས་ཞུས་པ། འཇམ་དཔལ་ཇི་ལྟར་ཉོན་མོངས་པ་རྣམས་གཉེན་པོས་འདུལ་བར་འགྱུར། ཇི་ལྟར་ན་ཉོན་མོངས་པ་རྣམས་ཤེས་པའི་གྲངས་སུ་འགྲོ་བ་ཡིན་ཞེས་ཞུས་པ་ན། འཇམ་དཔལ་གྱིས་ཉོན་མོངས་པ་འབྱུང་བའི་ཚུལ་དང་འདུལ་བའི་ཚུལ་སྨྲས་པ། དོན་དམ་སྟེ་རིགས་པས་རྣམ་པར་དཔྱད་པ་ན་ཤིན་ཏུ་མ་སྐྱེས་པ་དང༌། མ་བྱུང་བ་ད་ང༌། བདེན་པའི་དངོས་པོ་མེད་པའི་ཆོས་ཐམས་ཅད་ལ་བདེན་འཛིན་གྱི་བག་ཆགས་ཡོངས་སུ་གཡོས་པའི་མཐུས་ཀུན་རྫོབ་ཏུ་བློ་འཁྲུལ་བ་སྐྱེས་ནས་ཡང་དག་པར་ཡོད་པ་མ་ཡིན་པའི་དོན་ལ་ཕྱིན་ཅི་ལོག་ཏུ་བདེན་པར་རྟོག་གོ །ཡང་དག་པའི་དོན་ལ་ཞུགས་པ་མ་ཡིན་པའི་ཕྱིན་ཅི་ལོག་དེ་ལས་ཡུལ་ལ་ཐོག་མར་ཀུན་ཏུ་རྟོག་པ་འབྱུང་ངོ༌། །དེ་ནས་ཁྱད་པར་ལ་རྣམ་པར་རྟོག་པའོ། །དང་པོར་དོན་གྱི་ངོ་བོ་ལ་རྣམ་པར་རྟོག་པ་དང༌། དེ་ནས་ཁྱད་པར་ལ་རྣམ་པར་རྟོག་པ་དེ་གཉིས་ལས་ཚུལ་བཞིན་ཏེ་གནས་ཚུལ་ལོ། །དེ་མ་ཡིན་པ་ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པ་འབྱུང་ངོ༌། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དེ་ལས་ནི་ཕུང་པོ་ལ་དམིགས་ནས་བདག་ཏུ་སྒྲོ་འདོགས་པ་འབྱུང་ངོ༌། །བདག་ཏུ་སྒྲོ་འདོགས་པ་དེ་ལས་རྟག་ཆད་དུ་ལྟ་བ་ཀུན་ནས་ལྡང་ངོ༌། །རྟག་ཆད་དུ་ལྟ་བ་ཀུན་ནས་ལྡང་བ་དེ་ལས་ཉོན་མོངས་པ་རྣམས་འབྱུང་ངོ༌། །གཉིས་པ་ཉོན་མོངས་པ་ཇི་ལྟར་ལྡོག་པའི་ཚུལ་ནི། ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་རྒྱུ་ལས་ཤིན་ཏུ་མ་སྐྱེས་པ་དང༌། རྐྱེན་ལས་མ་བྱུང་བ་དང༌། བདེན་པའི་དངོས་པོ་མེད་པར་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་དོན་དམ་པར་རམ། གནས་ཚུལ་ལ་ཕྱིན་ཅི་མ་ལོག་པའོ། །གང་དོན་དམ་པར་རམ་གནས་ཚུལ་ལ་ཕྱིན་ཅི་མ་ལོག་པར་ཞུགས་པ་གང་ཡིན་པ་དེ་ནི་ཡུལ་གྱི་ངོ་བོ་ལ་བདེན་པར་མི་རྟོག ཁྱད་པར་ལ་བདེན་པར་རྣམ་པར་མི་རྟོག་གོ །གང་ངོ་བོ་ལ་མི་རྟོག་པ་དང་ཁྱད་པར་ལ་མི་རྟོག་པ་གང་ཡིན་པ་དེ་ནི་ཚུལ་བཞིན་ཏེ་གནས་ཚུལ་ལ་ཞུགས་པའོ། །གང་དངོས་པོའི་གནས་ཚུལ་ཇི་བཞིན་པ་ལ་ཞུགས་པ་དེ་ཡུལ་ལ་རྟག་ཏུ་སྒྲོ་འདོགས་པར་མི་འགྱུར་རོ། །གང་ཡུལ་ལ་རྟག་ཏུ་སྒྲོ་འདོགས་པར་མི་འགྱུར་བ་དེ་ལ་ནི་རྟག་ཆད་ཀྱི་ལྟ་བ་ཀུན་ནས་ལྡང་བར་མི་འགྱུར་ཏེ། ཡུལ་གྱི་གནས་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་རོ། །དོན་དམ་པར་མྱ་ངན་ལས་འདས་པ་བདེན་པར་ལྟ་བའི་བར་གྱི་ལྟ་བ་ཐམས་ཅད་ཀུན་ནས་ལྡང་བར་མི་འགྱུར་རོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་པ་ལ་གནས་པའི་གང་ཟག་དེའི་ཉོན་མོངས་པ་རྣམས་རྩ་བ་བདེན་འཛིན་བཅད་པས་ཤིན་ཏུ་ཐུལ་བར་བལྟ་བར་བྱ་སྟེ། དེ་ནི་ཉོན་མོངས་པ་འདུལ་བ་ཞེས་བྱའོ། །གསུམ་པ་ཉོན་མོངས་པ་ཤེས་པའི་ཚུལ་ནི། དྲི་བ་གཉིས་པའི་ལན་གྱིས་གསུངས་ཏེ། ལྷའི་བུ་ཞེས་བོས་ནས། གང་གི་ཚེ་ཉོན་མོངས་པ་རྣམས་ཤེས་སོ། །གང་གིས་ན་སྟོང་ཉིད་མངོན་སུ་རྟོགས་པའི་སྣང་བ་མེད་པའི་ཡེ་ཤེས་ཀྱིས་སོ། །དུས་གང་གི་ཚེ་ན། ཆོས་རྣམས་དོན་དམ་པར་ཤིན་ཏུ་སྟོང་པ་དང༌། རྒྱུའི་མཚན་མ་མེད་པ་དང༌། འབྲས་བུ་ལ་ཤིན་ཏུ་སྨོན་པའི་དངོས་པོ་མེད་པར་རབ་ཏུ་ཤེས་པ་དེའི་ཚེའོ། །ལྷའི་བུ་ཞེས་བོས་ནས། ཚུལ་ནི། ཉོན་མོངས་པ་རྣམས་ཀྱི་གནས་ཚུལ་རབ་ཏུ་ཤེས་པ་ཡིན་ནོ། །དེའི་དཔེ་ཇི་ལྟ་བུ་ཞེ་ན། ལྷའི་བུ་ཞེས་བོས་ནས། འདི་ལྟར་ཏེ་དཔེར་ན། གང་སྦྲུལ་གདུག་པའི་རིགས་ཀྱི་དུག་ནད་འདོན་པར་འདོད་པ་དེས་ལྷའི་བསྐྱེད་རིམ་དང་སྔགས་ཀྱི་སྒོ་ནས་སྦྲུལ་གདུག་པ་དེའི་དུག་ཞི་བར་བྱེད་དོ། །ལྷའི་བུ་དཔེ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱི་རིགས་སྟོང་པ་ཉིད་དུ་ཤེས་པའི་གང་ཟག་དེའི་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་འགྱུར་རོ། །བཞི་པ་ཉོན་མོངས་པའི་རིགས་ངོས་བཟུང་བ་ནི། ལྷའི་བུ་ཞུ་བས་སྨྲས་པ། འཇམ་དཔལ་ཞེས་བོས་ནས་ཉོན་མོངས་པ་རྣམས་ཀྱི་རིགས་གང་ཡིན་དྲིས་སོ། །འཇམ་དཔལ་གྱིས་དྲི་བའི་ལན་སྨྲས་པ། ལྷའི་བུ་ཞེས་བོས་ནས། དོན་དམ་པར་ཆོས་རྣམས་རྒྱུ་ལས་ཤིན་ཏུ་མ་སྐྱེས་པ་དང༌། རྐྱེན་ལས་མ་བྱུང་བ་དང༌། རང་གི་ངོ་བོའི་དངོས་པོ་མེད་པའི་ཆོས་ཐམས་ཅད་ལ་ཡོད་མེད་སོགས་སུ་བདེན་པར་ཀུན་ཏུ་རྟོག་པ་གང་ཡིན་པ་དེ་ནི། ཉོན་མོངས་པའི་རིགས་ཏེ་རྒྱུ་ཡིན་ཞེས་རྒྱ་ཆེར་འབྱུང་ངོ༌། །ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་ཤེས་བྱའི་སྒྲིབ་པ་སྤོང་བའི་ཚུལ་ལ་གཉིས་ཏེ། ཤེས་སྒྲིབ་སྤོང་ཚུལ་དང༌། འབྲས་བུ་རྣམ་གྲོལ་གྱི་ཡེ་ཤེས་སོ། །དང་པོ་ནི། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་བདེན་པར་ཕྱིན་ཅི་ལོག་ཏུ་འཇུག་པས་ཕྱིན་ཅི་ལོག་མཐའ་དག་ལ་ཁྱབ་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པར་བདེན་པར་རྟོག་པ་དེ་སྤངས་ན། དེར་བདག་ཏུ་རྟོག་པ་ལ་སོགས་པའི་ཕྱིན་ཅི་ལོག་ཐམས་ཅད་སྤོང་བར་འགྱུར་ལ། དེ་སྤངས་པའི་ཕྱིར། ཤེས་བྱའི་སྒྲིབ་པ་ཡང་སྟོང་ཉིད་རྟོགས་པའི་བློ་འདིས་སྤོང་བར་འགྱུར་ཏེ། སྒྲིབ་པ་ནི་ཕྱིན་ཅི་ལོག་གི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་འབྲས་བུ་རྣམ་གྲོལ་གྱི་ཡེ་ཤེས་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེས་པས་ཤེས་བྱའི་སྒྲིབ་པ་སྤངས་ན་ཤེས་བྱ་མ་ལུས་པ་མཁྱེན་པའི་གེགས་མེད་པའི་ཕྱིར། དཔེར་ན། ཉི་མའི་འོད་ཟེར་སྒྲིབ་བྱེད་སྤྲིན་དང་བྲལ་ནས་ཤིན་ཏུ་དང་བའི་ནམ་མཁའ་ལ་ཕྱོགས་ཐམས་ཅད་ཏུ་ཐོགས་པ་མེད་པར་སྣང་བ་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་འབྱུང་ངོ༌། །གེགས་མེད་ན་མཐོང་གི་ཡོད་ན་མི་མཐོང་བའི་ཚུལ་འདི་ལྟར། སྟོང་པ་ཉིད་རྣམ་པར་ཤེས་པ་ནི་གཟུགས་སོགས་དངོས་པོའི་ངོ་བོ་ཉིད་དམ་རང་བཞིན་རྟོགས་པ་ཡིན་ན་སྟོང་པ་ཉིད་དེ་ཡང་ཤེས་བྱའི་དངོས་པོ་ལ་ཉེ་བར་གནས་སུ་ཟིན་ཀྱང༌། སོ་སོ་སྐྱེ་བོ་ལ་གསལ་བར་མི་འགྱུར་ཏེ། སྟོང་ཉིད་རྟོགས་པའི་གེགས་བདེན་འཛིན་མཐུག་པོ་རྒྱུད་ལ་ཡོད་པས་སོ། །སྟོང་ཉིད་རྟོགས་པའི་བདེན་འཛིན་མེད་པར་གྱུར་ན་ནི། སྟོང་ཉིད་ལེགས་པར་བསྒོམས་པའི་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཐོབ་པས་ཅིའི་ཕྱིར་དངོས་པོ་མཐའ་དག་གི་གནས་ཚུལ་ཇི་ལྟ་བ་བཞིན་དུ་སྒྲིབ་བྱེད་མེད་པར་གསལ་བར་མི་འགྱུར། སྟོང་ཉིད་རྟོགས་པའི་མཐུ་ཐོབ་པ་ན་གནས་ཚུལ་སྒྲིབ་བྱེད་མེད་པར་གསལ་བ་དེ་བས་ན། ཤེས་པ་གཉིས་ལ་ལྟོས་ནས་ཀུན་རྫོབ་ཏུ་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་དང༌། དོན་དམ་པར་རང་བཞིན་མེད་པའི་ཚུལ་གྱིས་དངོས་པོ་མཐའ་དག་ཀུན་རྫོབ་ཏུ་ཡོད་ཚུལ་ཇི་ལྟ་བ་བཞིན་དང༌། དོན་དམ་པར་རང་བཞིན་མེད་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས། བདེན་གཉིས་མཁྱེན་པའི་ཐམས་ཅད་མཁྱེན་པ་ཉིད་འཐོབ་བོ། །སྟོང་ཉིད་ཀྱི་དོན་བསྒོམས་པས་སྒྲིབ་པ་ཕྱིན་ཅི་ལོག་སྤོང་ཞིང༌། ཤེས་བྱ་མ་ལུས་པ་མཁྱེན་པའི་གེགས་མེད་པ་དེའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་འདི་ཉིད་སྒྲིབ་པ་གཉིས་སྤོང་བ་དང༌། ཤེས་བྱ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ལམ་ཉན་རང་གི་ལམ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གསུམ་པ་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་ལ་གཉིས་ཏེ། རིགས་པ་དང༌། ལུང་ངོ༌། །དང་པོ་ནི། བདག་མེད་གཉིས་རྟོགས་ན་སྒྲིབ་གཉིས་སྤོང་བའི་ལམ་ཇི་ལྟར་ན་ཉན་ཐོས་ལས་ཁྱད་པར་དུ་གྱུར་པ་ཡིན་ཞེ་ན། ཉན་ཐོས་དང་སོགས་པའི་སྒྲས་བསྡུས་པ་རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དེ་ནི་ཆོས་ཅན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀ་ལེགས་པར་མི་སྤོང་སྟེ། ཆོས་ཀྱི་བདག་མེད་མ་རྟོགས་པས་ཕྱིན་ཅི་ལོག་བདེན་འཛིན་ཐམས་ཅད་སྤོང་བར་ནུས་པར་མི་འགྱུར་བའི་ཕྱིར། གཉིས་པ་ལུང་ནི། ཉན་རང་གི་ལམ་གྱིས་ཤེས་སྒྲིབ་སྤོང་མི་ནུས་པ་དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་བཀའ་སྩལ་ཏེ་ཞེས་པ་སྟེ། ཀྱང་ནི་རིགས་པས་གྲུབ་པར་མ་ཟད་ཅེས་པའི་དོན་ནོ། །ཇི་སྐད་བསྟན་ཞེ་ན། གཞན་ཉན་རང་དག་ནི་ཕྱི་ནང་གི་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་རགས་ལས་པ་རྒྱུ་འབྲས་ཀྱི་རང་གི་ངོ་བོ་ཙམ་ཞིག་མཐོང་ཞིང་གང་ཟག་གི་བདག་མེད་པ་ཁོང་དུ་ཆུད་ནས་བསྒོམས་པས་དགྲ་བཅོམ་ཐོབ་པ་ན་མྱ་ངན་ལས་འདས་པ་ཐོབ་པའི་བློ་སྐྱེ་བར་འགྱུར་ཏེ། ཤེས་སྒྲིབ་སྤངས་པའི་མྱང་འདས་ཐོབ་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ། ཉན་རང་དེ་དག་ལ་ནི་མཐར་ཐུག་གི་ཐར་པ་མེད་དོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་བདག་མེད་པ་མཐོང་བ་མེད་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་ཞེས་བོས་ནས། ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ནི་སྒྲིབ་པ་རྣམས་ལས་ངེས་པར་འབྱུང་བ་མ་ཡིན་པ་ལ་ངེས་པར་འབྱུང་བའི་བློ་ཐོབ་པར་འགྱུར་ཏེ། བློ་གྲོས་ཆེན་པོ། ཉན་ཐོས་དེ་དག་ལ་སྒྲིབ་པ་ཐམས་ཅད་ལས་ངེས་པར་འབྱུང་བ་མ་ཡིན་པ་ལ་ངེས་པར་འབྱུང་ངོ་སྙམ་པའི་ལྟ་བ་ངན་པ་བདེན་པར་འཛིན་པ་ལས་བཟློག་པའི་ཕྱིར་དུ་སྟོང་ཉིད་བསྒོམ་པ་ལ་བརྩོན་པར་བྱའོ་ཞེས་འབྱུང་ངོ༌། །ཐེག་ཆེན་མ་གཏོགས་པ་ཐེག་དམན་གྱིས་སྒྲིབ་པ་མཐའ་དག་ལས་ངེས་པར་འབྱུང་མི་ནུས་པ་དེ་ཉིད་ཀྱི་ཕྱིར། ལམ་གཞན་ཉན་རང་གི་ལམ་རྣམས་ཀྱིས་ནི་སྒྲིབ་པ་མཐའ་དག་ལས་གྲོལ་བའི་ཐར་པ་ཐོབ་པར་འགྱུར་བ་མེད་པས། སྒྲིབ་པ་མཐའ་དག་ལས་ངེས་པར་འབྱུང་བའི་ཐེག་པ་ནི་གཅིག་ཁོ་ནའོ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་ཏོ་ཞེས་གསུངས་སོ། །བཞི་པ་ལམ་གཞན་ལ་སྒྲིབ་གཉིས་སྤོང་བ་དགག་པ་ནི། འོ་ན་ཉན་རང་གི་ལམ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཉན་ཐོས་ལ་སོགས་པའི་ལམ་བསྟན་པའི་དགོས་པ་ནི། ཐེག་པ་ཆེན་པོ་ལ་རིམ་གྱིས་གཞུག་པ་ལས་ཏེ། དེའི་ཆེད་དུ་ལྡེམ་པོར་དགོངས་ནས་གསུངས་ཏེ། ཤིང་གཤག་པའི་དུས་སུ་ཁྱིའུ་ཕྱི་མ་གདབ་པ་དག་གིས་ཁྱིའུ་སྔ་མ་འབྱིན་པ་བཞིན་དུ་བསྟན་པར་ཟད་དོ། །ཉན་ཐོས་ཀྱི་ཐེག་པ་བསྟན་པའི་དགོས་པ་ནི་འདི་ལྟར། ཕྱི་ནང་གི་དངོས་པོ་འདི་དག་ནི་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཙམ་དུ་ཟད་དེ། རྟག་པ་གཅིག་པུ་རང་དབང་ཅན་གྱི་མཚན་ཉིད་ཅན་གྱི་བདག་མེད་པར་ཐོས་བསམ་གྱིས་གཏན་ལ་ཕབ་ཏེ་བསྒོམས་ནས་ཉན་ཐོས་གྱི་རིགས་ཅན་དག་ཉོན་མོངས་སྤོང་བའི་དོན་དུ་གང་ཟག་གི་བདག་མེད་པ་ལ་འཇུག་གོ །འདི་ནི་ཉན་ཐོས་ཀྱི་ཐེག་པ་བསྟན་པའི་དགོས་པའོ། །གལ་ཏེ་སེམས་ཙམ་པ་དག་ཁམས་གསུམ་པོ་སེམས་ཙམ་དུ་རྟོགས་པའི་རྣལ་འབྱོར་གྱིས་སྒྲིབ་པ་ཐ་དག་སྤོང་ངོ་ཞེ་ན། ཁམས་གསུམ་པོ་རྣམ་པར་ཤེས་པ་ཙམ་དུ་བསྒོམས་པས་ནི་རྣམ་པར་ཤེས་པར་སྨྲ་བ་དག་ཕྱི་རོལ་གྱི་དོན་བདག་མེད་པར་རྟོགས་པ་ལ་འཇུག་གོ །དེ་ལ་སེམས་ཙམ་ཡང་སླར་ཡང་རང་བཞིན་མེད་པར་གཏན་ལ་ཕབ་པའི་ཚུལ་འདིས་ནི་གཟུང་འཛིན་གཉིས་སུ་མེད་པའི་ཤེས་པ་དེ་ཡང་རང་བཞིན་གྱིས་གྲུབ་པར་མི་འཐད་པར་རྟོགས་ནས་བདག་མཐའ་དག་མེད་པ་ཉིད་དུ་འཇུག་པས་ནི་བདག་མེད་པ་ཉིད་མཆོག་ཏུ་རྟོགས་པ་ལ་ཞུགས་པ་ཡིན་ནོ། །གལ་ཏེ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་བཞིན་མེད་པར་མ་རྟོགས་པར་རྣམ་པར་རིག་པ་ཙམ་ལ་འཇུག་པས་ནི། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ལ་འཇུག་པ་མ་ཡིན་ཏེ། སེམས་ཙམ་བདེན་པར་གྲུབ་པ་ལ་ཡང་གནོད་བྱེད་ཀྱི་རིགས་པ་རྡོ་རྗེ་གཟེགས་མ་དང་གཅིག་དུ་བྲལ་གྱི་རིགས་པ་སྔར་བསྟན་པ་བཞིན་ནོ། །སེམས་ཙམ་ཡང་བདེན་པར་མ་གྲུབ་པའི་དོན་འདི་ནི་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང་གསུངས་ཏེ། ཇི་སྐད་དུ་ཞེ་ན། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་ནི་རྟོགས་ཏེ། དེ་ནས་སེམས་དེའང་མཐའ་དང་དབུས་མེད་པར་རྟོགས་སོ་ཞེས་འབྱུང་སྟེ་ཞེས་གསུངས་སོ། །འདིའི་དོན་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་དཔྱད་ན། དང་པོར་སྐྱེ་བ་དང་མཐར་འཇིག་པའི་མཚན་ཉིད་ཅན་གྱི་མཐའ་གཉིས་མེད་པ་དང༌། དབུས་སུ་གནས་པའི་མཚན་ཉིད་མེད་པའི་ཕྱིར་འདི་ལ་དགོངས་ནས་སེམས་མཐའ་དང་དབུས་མེད་དོ་ཞེས་གསུངས་སོ། །གཟུང་འཛིན་གཉིས་མེད་ཀྱི་ཤེས་པའང་བདེན་པ་མེད་པ་དེ་ལྟ་བས་ན་གཟུང་འཛིན་གཉིས་སུ་མེད་པའི་ཤེས་པ་བདག་མེད་པར་རྟོགས་པ་ལ་ཞུགས་པ་ནི་དེ་ཁོ་ན་ཉིད་རྟོགས་པ་ལ་ཞུགས་པ་ཉིད་ཡིན་ནོ། །གཉེན་པོའི་བྱེད་པ་བསྟན་ཟིན་ཏོ། །གཉིས་པ་ཉེ་བར་སྟོན་པའི་ཁྱད་པར་ནི། རྣལ་འབྱོར་པ་རྣམས་ཀྱི་མཉམ་གཞག་ཏུ་ལྷག་མཐོང་སྒོམ་པའི་གནས་སྐབས་དེ་ཁྱད་པར་གྱི་ཆོས་ཅིས་རྣམ་པར་དག་ཅེ་ན། ཐབས་སྨོན་ལམ་དག་གིས་རྣམ་པར་སྦྱངས་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་རྗེས་ཐོབ་ཏུ་སེམས་ཅན་མཐའ་དག་གི་དོན་བྱ་བར་སྨོན་ལམ་བཏབ་པ་གང་ཡིན་པའི་སྨོན་ལམ་དེའི་སྟོབས་ཀྱིས་མཉམ་གཞག་ཏུ་ཏིང་ངེ་འཛིན་བསྒོམ་པ་ལས་ཕྱི་ཕྱིར་ཞིང་བློ་རྒྱ་བསྐྱེད་དེ། སྦྱིན་པ་ལ་སོགས་ཐབས་ཀྱི་ཆའི་དགེ་བ་ལ་གོམས་པར་བྱས་པས་མཉམ་བཞག་གི་གནས་སྐབས་དེ་ཇི་སྐད་བསྟན་པ་དེ་ལྟར་མི་མཐུན་གྱི་དྲི་མས་ཡོངས་སུ་དག་པར་གྱུར་ཏེ་ཞེས་པ་སྟེ། རྣམ་འགྲེལ་ལས། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུ་ནི་གོམས་པ་ལས། །དེ་ལས་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་པ་ལྟར་རོ། །སྙིང་རྗེ་དང་སྦྱིན་སོགས་ཐབས་ཀྱི་ཆ་དེས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་ཤེས་ཀྱང་སེམས་ཅན་མཐའ་དག་ལ་སྙིང་རྗེས་བལྟ་བས་གཞན་དོན་ལས་མི་ལྡོག་ཅིང༌། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་འཁོར་བའི་ཉེས་པ་འདོད་ཆགས་སོགས་ཀྱིས་མི་གོས་པར་དུས་འཁོར་བ་ཇི་སྲིད་པར་གཞན་དོན་ལ་གནས་པ་ཡིན་ནོ། །གསུམ་པ་གཉེན་པོའི་ཁྱད་པར་ནི། ཞི་བ་ལྷུན་གྱིས་གྲུབ་པའི་གནས། །ཞེས་གསུངས་ན། ཇི་ལྟར་ལྷུན་གྱིས་ཞི་བ་ཡིན་ནོ་ཞེ་ན། བདག་མེད་གཉིས་རྟོགས་པས་ན་ཡེ་ཤེས་དམ་པ་ཞེས་བྱ་ལ། དེས་ཆོས་ཐམས་ཅད་བདག་མེད་པར་མཐོང་བར་འགྱུར་རོ། །ཇི་ལྟར་ཞེ་ན། སྤྲོས་པའི་མཚན་མ་འགའ་ཡང་མཐོང་བ་མེད་པའི་ཚུལ་གྱིས་སོ་ཞེས་འདིར་རྒྱུ་མཚན་བཀའ་སྩལ་ཏོ། །གལ་ཏེ་ཤེས་བྱ་ནང་གི་སྨྲ་བ་དག་གིས་སྨྲས་པ། གཟུང་འཛིན་གཉིས་རང་བཞིན་མེད་པར་མཐོང་བ་འཐད་ཀྱི། གཉིས་མེད་ཀྱི་ཡེ་ཤེས་རང་བཞིན་མེད་པར་མཐོང་བ་ནི་མི་འཐད་དོ་ཞེ་ན། གཉིས་མེད་ཀྱི་ཤེས་པའང་རང་བཞིན་མེད་པར་མཐོང་བའི་ཚུལ་འདི་ལྟར། ཤེས་བྱ་དོན་སྣང་ནང་གི་ཤེས་པའི་ངོ་བོར་སྨྲ་བ་རྣམས་ཀྱིས་གཟུང་འཛིན་གཉིས་སུ་མེད་པའི་མཚན་ཉིད་ཀྱི་ཤེས་པ་དམ་པ་རྟོགས་བྱའི་མཆོག་ཏུ་གྱུར་པ་ཡིན་པར་འདོད་པ་དེ་ཡང་དོན་དམ་པར་བདག་མེད་པས་ན། རྣལ་འབྱོར་པས་དེ་ཡང་ངོ་བོ་ཉིད་མེད་པར་བསྒོམས་པས་སྒོམ་པའི་སྟོབས་གྲུབ་པ་ན་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་ངོ་བོ་ཉིད་མེད་པར་སྣང་བ་མེད་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཐོང་ངོ༌། །གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཡང་ངོ་བོ་ཉིད་མེད་པར་མཐོང་བས། དེ་ཕན་ཆད་ལྟ་བར་བྱ་བའི་བདག་མེད་གཞན་མེད་པས་ན་བདག་མེད་གཞན་རྟོགས་པའི་དོན་དུ་འབད་པ་བྱེད་མི་དགོས་པས་ལྷུན་གྱིས་གྲུབ་པའོ། །གཟུགས་དང་ཚོར་བ་དང་འདུ་ཤེས་སོགས་དངོས་པོ་སོ་སོ་བ་རྣམས་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པས་རྣམ་པ་སྣ་ཚོགས་པ་ཅན་གྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་ན་ཞི་བའོ། །གསུམ་པ་ཞར་ལ་རྟེན་ལ་སོགས་པ་འཐད་པར་བསྟན་པ་ལ་གསུམ་སྟེ། ཐ་སྙད་དུ་རྟེན་ལ་སོགས་པ་གྲུབ་པའི་ཚུལ། ཀུན་རྫོབ་ཀྱི་རྣམ་གཞག་གི་རིམ་པ། བྱིས་པ་དང་རྣལ་འབྱོར་པའི་ཤེས་པའི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། དོན་དམ་དང་འགལ་བ་སྤོང་བ། ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། གལ་ཏེ་རྡོ་རྗེ་གཟེགས་མ་དང་གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པས་རྣམ་པར་དཔྱད་པས་ཆོས་གང་ཡང་རྣམ་བཅད་དུ་ཁེགས་ན་ཅི་སྟེ་དོན་དམ་ལ་དཔྱོད་པ་དེའི་ཚེ་གང་ཆོས་རྣམས་འགའ་ཡང་མ་མཐོང་བ་དེ་ལྟར་མཐོང་བའི་རྣལ་འབྱོར་པ་དེ་སུ་ཞིག་ཡོད་ཅེ་ན། བདེན་ཏེ། དོན་དམ་པར་ཏེ་རིགས་པས་རྣམ་པར་དཔྱད་ན་བདག་དང་གཞན་ལ་སོགས་པ་རང་དབང་སྟེ་ངོ་བོ་ཉིད་ཀྱིས་ཡོད་པའི་རྣལ་འབྱོར་པ་གང་ཡང་མེད་དོ། །སྟོང་ཉིད་མཐོང་བའི་བྱང་བའང་ཅི་ཡང་མེད་དོ། །དོན་དམ་པར་ཅི་ཡང་མེད་པ་དེ་ལྟ་མོད་ཀྱི་ཀུན་རྫོབ་སྣང་ཚོད་ཙམ་དུ་ཇི་ལྟར་གཟུགས་དང་ཚོར་བ་ལ་སོགས་པར་སྣང་བའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་འབྱུང་བ་ཙམ་གྱིས་རྣམ་པར་ཤེས་པ་ཉིད་ལ་ཡུལ་གཟུགས་ལ་སོགས་པ་དེ་ལྟ་དེ་ལྟར་འཇིག་རྟེན་ན་གཟུགས་སོགས་མཐོང་ངོ་ཞེས་ཐ་སྙད་འདོགས་སོ། །གང་གིས་ཞེ་ན། ལྷ་སྦྱིན་ནམ་མཆོད་སྦྱིན་གྱི་ཤེས་པས་སོ། །མཐོང་བ་སོགས་ཀྱི་ཐ་སྙད་འདོགས་མོད་ཀྱི། མཐོང་བ་པོའི་བདག་དང་དབང་ཕྱུག་ལ་སོགས་པ་གང་ཡང་མེད་དོ། །དཔེ་དེ་བཞིན་དུ་ངོ་བོ་ཉིད་མེད་པར་སྨྲ་བའི་སྐབས་འདིར་ཡང་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཙམ་ཡང་སྣང་བ་མེད་པའི་སྟོང་ཉིད་རྟོགས་པའི་ཤེས་པ་ཁོ་ན་འབྱུང་བ་ན་སྣང་བ་མེད་པའི་ཡེ་ཤེས་ཀྱིས་སྟོང་ཉིད་མཐོང་ངོ་ཞེས་ཐ་སྙད་དུ་དེ་ལྟར་མིང་འདོགས་སོ། །འོ་ན་དོན་དམ་པར་ཆོས་གང་ཡང་མེད་པར་འདོད་པ་མ་ཡིན་ནམ་ཞེ་ན། ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་མོད་ཀྱི་ཀུན་རྫོབ་ཏུ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པའི་ཤེས་པའམ། གཟུགས་སོགས་ཡུལ་རྟོགས་པའི་སོ་སོ་སྐྱེ་བོའི་ཤེས་པ་གཞན་ཡང་རུང་སྟེ། ཀུན་རྫོབ་ཏུ་མི་འདོད་པ་མ་ཡིན་ནོ། །དེ་བས་ན་ལམ་སྒོམ་པའི་རྟེན་རྣལ་འབྱོར་པ་སོགས་མེད་པར་ཐལ་བའི་སྐྱོན་མེད་དོ། །གཉིས་པ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ་ནི། དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ལམ་སྒོམ་པ་ཡོད་པ་དེ་སྐད་དུ་འཕགས་པ་བདེན་པ་གཉིས་བསྟན་པའི་མདོ་ལས་བཀའ་སྩལ་ཏེ། རྣལ་འབྱོར་པ་དེ་དོན་དམ་པར་དངོས་པོ་མེད་ཀྱང་ཀུན་རྫོབ་ཏུ་ལམ་སྒོམ་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །གཉིས་པ་ཀུན་རྫོབ་ཀྱི་རྣམ་བཞག་གི་རིམ་པ་ལ་གསུམ་སྟེ། ཀུན་རྫོབ་མེད་པ་ལ་གནོད་བྱེད་བརྗོད་པ་དང༌། ཐ་སྙད་དུ་རྒྱུ་འབྲས་སྣང་ཙམ་དུ་གྲུབ་པ་དང༌། ཀུན་རྫོབ་སྣང་བའི་རྒྱུ་བཤད་པའོ། །དང་པོ་ནི། ཐ་སྙད་དུ་རྣལ་འབྱོར་པ་དང་རྒྱུ་འབྲས་སོགས་ཡོད་པ་དེ་ལྟ་མ་ཡིན་ན། ཉན་ཐོས་དང་རང་ཉིད་གཅིག་པུའི་དོན་དུ་སངས་རྒྱས་པས་རང་སངས་རྒྱས་དང༌། གཞན་དོན་དུ་བྱང་ཆུབ་ཐོབ་པའི་དོན་དུ་སེམས་སྟོབས་དང་ལྡན་པས་བྱང་ཆུབ་སེམས་དཔའ་དང༌། སྤངས་རྟོགས་ཕུན་ཚོགས་ཀྱི་སངས་རྒྱས་དང༌། ལས་ཀྱི་དབང་གིས་སྐྱེ་གནས་སོ་སོར་སྐྱེ་བས་སོ་སོ་སྐྱེ་བོ་ལ་སོགས་པའི་གང་ཟག་གི་བྱེ་བྲག་ཀྱང་རྣམ་པ་ཅི་ཡིས་དབྱེ། ཀུན་རྫོབ་ཏུ་རྒྱུ་འབྲས་མེད་པ་ལ་ཡང་སྐྱོན་འདི་ལྟར། དངོས་པོ་གང་ལ་ཀུན་རྫོབ་ཏུ་སྐྱེད་བྱེད་ཀྱི་རྒྱུ་མེད་པ་དེ་ནི་ཀུན་རྫོབ་ཏུའང་མི་སྐྱེ་སྟེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །གཉིས་པ་ཐ་སྙད་དུ་རྒྱུ་འབྲས་སྣང་ཙམ་དུ་གྲུབ་པ་ནི། དངོས་པོ་གང་ལ་ཀུན་རྫོབ་ཏུ་སྐྱེད་བྱེད་ཀྱི་རྒྱུ་ཡོད་པ་དེ་ནི་དོན་དམ་པར་རྫུན་པ་ཡིན་ཡང་ཀུན་རྫོབ་ཏུ་སྣང་ཙམ་དུ་སྐྱེ་བ་ཁོ་ན་སྟེ། སྒྱུ་མ་དང་གཟུགས་བརྙན་དང་བྲག་ཆ་དང་ཆུ་ཟླ་ལ་སོགས་པ་བཞིན་ནོ། །འདིར་རྫུན་པ་ཞེས་པའི་དོན་ནི། སྣང་ཙམ་དུ་ཡོད་ཀྱང་གནས་ཚུལ་ལ་མེད་པ་གཉིས་ཚོགས་ལ་བརྗོད་དོ། །སྔགས་དང་སྨན་ལ་སོགས་པའི་མཐུ་ལས་སྣང་བ་སྒྱུ་མ་ལ་སོགས་པ་བཞིན་དུ་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཡང༌། དེ་དག་རིགས་པས་བརྟག་མི་བཟོད་པས་དོན་དམ་པར་དངོས་པོར་ཡོད་པ་ཉིད་དུ་མི་འགྱུར་རོ། །བརྟག་མི་བཟོད་པའི་དོན་ནི། སྣང་ཙམ་དུ་ཡོད་ཀྱང་རིག་པས་བརྟགས་ན་མི་རྙེད་པའི་དོན་ནོ། །སྒྱུ་མ་བཞིན་དུ་གནས་ཚུལ་ལ་སེམས་མེད་ཀྱང་འཁྲུལ་ངོ་ན་རྒྱུ་རྐྱེན་ཚོགས་པ་ཙམ་ལ་བརྟེན་ནས་སྣང་བ་དེ་བས་ན་འགྲོ་བ་ཐམས་ཅད་སྒྱུ་མ་ལྟ་བུ་ཁོ་ནའོ་ཞེས་མདོ་ལས་གསུངས་སོ། །གསུམ་པ་ཀུན་རྫོབ་ཏུ་སྣང་བའི་རྒྱུ་བཤད་པ་ལ་གཉིས་ཏེ། རྒྱུ་ངོས་བཟུང་བ་དང༌། ལུང་དང་སྦྱར་བའོ། །དང་པོ་ནི། ཀུན་རྫོབ་ཏུ་རྒྱུ་ལས་འབྲས་བུ་འབྱུང་བར་བསྟན་པ་དེ་ལ་འདི་ལྟར་ཉོན་མོངས་པ་དང་ལས་སྒྱུ་མ་ལྟ་བུའི་དབང་གིས་སེམས་ཅན་སྐྱེ་བ་སྒྱུ་མ་ལྟ་བུ་འབྱུང་ངོ༌། །དཔེ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དང་པོ་བཞི་བསོད་ནམས་ཀྱི་ཚོགས་དང༌། བསམ་གཏན་དང་བདག་མེད་རྟོགས་པའི་ཤེས་རབ་ཡེ་ཤེས་ཀྱི་ཚོགས་སྒྱུ་མའི་སྔགས་དང་རྫས་ལྟ་བུའི་དབང་གིས་རྣལ་འབྱོར་པའི་ཡེ་ཤེས་སྒྱུ་མ་ལྟ་བུའོ། །འདི་ནི་འཁོར་བའི་རྟེན་འབྲེལ་དཔེར་བརྗོད་ནས་མྱ་ངན་ལས་འདས་པའི་རྟེན་འབྲེལ་སྟོན་པར་མཛད་པའོ། །གཉིས་པ་ནི། འགྲོ་བ་སྒྱུ་མ་ལྟ་བུ་ཡིན་པ་དེ་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་བཀའ་སྩལ་ཏེ། རབ་འབྱོར་འདི་ལྟར་ཞེས་སོགས་སོ། །མདོའི་དོན་ནི། འགྲོ་བའི་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ཡིན་ཏེ། གང་ཟག་ལ་ལ་ནི་ཉན་ཐོས་ཀྱི་སྤྲུལ་པའོ། །ལ་ལ་ནི་རང་སངས་རྒྱས་ཀྱི་སྤྲུལ་པའོ། །ལ་ལ་ནི་བྱང་ཆུབ་སེམས་དཔའི་སྤྲུལ་པའོ། །ལ་ལ་ནི་དེ་བཞིན་གཤེགས་པའི་སྤྲུལ་པའོ། །ཞེས་པ་སྟེ། འདིས་ནི་རྣལ་འབྱོར་པའི་སྤྲུལ་པ་བསྟན་ནོ། །གང་ཟག་ལ་ལ་ནི་ཉོན་མོངས་པས་སྤྲུལ་པའོ། །གང་ཟག་ལ་ལ་ནི་ལས་ཀྱིས་སྤྲུལ་པ་སྟེ། རབ་འབྱོར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་སྤྲུལ་པའི་རྣམས་གྲངས་འདིས་ནི་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའོ། །ཞེས་འབྱུང་ངོ༌། །གསུམ་པ་བྱིས་པ་དང་རྣལ་འབྱོར་པའི་ཤེས་པའི་ཁྱད་པར་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། རྣལ་འབྱོར་པའི་ཤེས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྣལ་འབྱོར་པ་རྣམས་དང་སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་པའི་བྱེ་བྲག་ནི་འདི་ཡིན་ཏེ། སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་དེ་དག་ནི་སྒྱུ་མ་མཁན་སྒྱུ་མ་ལ་བདེན་པར་ཞེན་པ་མེད་པ་དེ་བཞིན་དུ་འགྲོ་བ་སྒྱུ་མ་ལྟ་བུ་དེ་སྣང་ལ་རང་བཞིན་མེད་པ་བཞིན་དུ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་འགྲོ་བ་གང་ལའང་བདེན་པ་ཉིད་དུ་མངོན་པར་ཞེན་པ་མེད་དོ། །ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་རྟོགས་པ་དེས་ན་གང་ཟག་དེ་ལ་རྣལ་འབྱོར་པ་ཞེས་བྱའོ། །གལ་ཏེ་ཆོས་རྣམས་སྣང་ལ་རང་བཞིན་མེད་པར་གྲུབ་ན་བྱིས་པ་རྣམས་ཀྱིས་ཀྱང་མི་རྟོགས་པ་ཅི་ཞེ་ན། གང་དག་བྱིས་པ་རྣམས་ནི་སྒྱུ་མ་མཁན་གྱིས་སྤྲུལ་བའི་སྒྱུ་མ་ལ་ལྟད་མོ་བ་བཞིན་དུ་ཡུལ་དུ་སྣང་བ་དེ་ལ་གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱི་དབང་གིས་བདེན་པ་ཉིད་དུ་མངོན་པར་ཞེན་པ་དེ་དག་ནི་བྱིས་པ་ཞེས་བྱ་སྟེ། གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར། དེས་ན་དོན་དམ་པར་ཆོས་ཐམས་ཅད་མེད་ཀྱང་ཐ་སྙད་དུ་ཡུལ་གྱི་གནས་ཚུལ་རྟོགས་མ་རྟོགས་སོགས་དེ་དག་གི་བྱེ་བྲག་ཐམས་ཅད་འགལ་བ་མེད་དོ། །གཉིས་པ་རྣལ་འབྱོར་པའི་ཤེས་པ་བྱེ་བྲག་ཏུ་བཤད་པ་ནི། རྣལ་འབྱོར་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་རྟོགས་པ་དེ་སྐད་དུ་ཡང༌། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་བཀའ་སྩལ་ཏེ། དཔེར་ན་ཞེས་སོགས་སོ། །མདོའི་དོན་ནི། དཔེར་ན་སྒྱུ་མ་སྤྲུལ་བར་བྱེད་པའི་མཁན་པོ་ཞིག་གིས་སྤྲུལ་པ་བྱས་ནས་ཐག་པ་ལ་སོགས་པས་བཅིངས་པ་ལས་ཐར་བར་བྱ་བའི་ཕྱིར་དུ་བརྩོན་པ་བསྐྱེད་པ་གཞན་ངོར་སྟོན་པ་དེས་ནི་གདོད་ནས་སྤྲུལ་པ་དེའི་གནས་ཚུལ་ཤེས་པས། སྤྲུལ་པ་དེ་ལ་བདེན་པར་ཞེན་པའི་ཆགས་པ་མེད་པའི་དཔེ་དེ་བཞིན་དུ་འདོད་ཁམས་ལ་སོགས་པའི་སྲིད་པ་གསུམ་གྱི་འགྲོ་བ་སྤྲུལ་པ་དང་འདྲ་བར་ཤེས་སོ། །གང་གིས་ན། རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་ལ་མཁས་པ་བྱང་ཆུབ་སེམས་དཔས་སོ། །འགྲོ་བ་སྤྲུལ་པ་དང་འདྲ་བར་ཤེས་ཀྱང་ཐ་སྙད་དུ་འགྲོ་བའི་དོན་བྱེད་པའི་ཆེད་དུ་བརྩོན་པའི་གོ་བགོས་ཏེ་གཞན་དོན་ལ་འབད་དོ། །འོན་ཀྱང་འགྲོ་བ་རྣམས་སྤྲུལ་པ་ལྟ་བུ་དེ་ལྟར་དུ་སྔར་ནས་ཤེས་ཞེས་འབྱུང་ངོ༌། །ཟུང་དུ་འབྲེལ་བའི་ལམ་བསྟན་ཟིན་ཏོ། །གསུམ་པ་དོན་བསྡུ་བ་ནི །ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་དེ་ལྟར་སྒོམ་པའི་རིམ་པ་འདིས་དེ་ཁོ་ཉིད་ཀྱི་དོན་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པའི་གནས་སྐབས་དེ་ལ་བྱིང་བ་དང་རྒོད་པ་སོགས་ཏིང་ངེ་འཛིན་གྱི་སྐྱོན་བྱུང་ན་སྔར་ཞི་གནས་ཀྱི་སྐབས་སུ་བསྟན་པ་བཞིན་དུ་གཉེན་པོས་ཞི་བར་བྱའོ། །འོ་ན་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་དུ་རྫོགས་པའི་དུས་གང་ཞེ་ན། དུས་གང་གི་ཚེ་ཆོས་ཐམས་ཅད་བདེན་པའི་ངོ་བོ་ཉིད་མེད་པར་རྟོགས་ནས་ཚུལ་བཞིན་དུ་དམིགས་པ་ལ་བྱིང་བ་དང་རྒོད་པ་ལ་སོགས་པ་ཏིང་ངེ་འཛིན་གྱི་སྐྱོན་དང་བྲལ་ཞིང་གོམས་པའི་སྟོབས་གྲུབ་པ་ན་འབད་རྩོལ་མངོན་པར་འདུ་བྱེད་པ་མེད་པར་ཤེས་པ་ཡུལ་ལ་རང་གི་ངང་གིས་འཇུག་པར་གྱུར་པ་དེའི་ཚེ་ཞི་གནས་དང་ལྷ་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་རྫོགས་པ་ཡིན་ནོ་ཞེས་བྱའོ། །ཞི་ལྷག་ཟུང་འཇུག་ཏུ་བསྒོམས་པ་དེའི་ཚེ་ཇི་སྲིད་དུ་ཏིང་ངེ་འཛིན་གྱི་སྐྱོན་གྱིས་མི་གཡོ་བར་སྒོམ་ནུས་པ་དེ་སྲིད་དུ་དེ་ཁོ་ན་ཉིད་ལ་མོས་པའི་སྟོབས་ཀྱིས་མོས་པས་སྤྱོད་པའི་ས་ལ་གནས་པས་བསྒོམ་པར་བྱའོ། །ཇི་ལྟར་སྒོམ་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་མཉམ་གཞག་ལས་ལྡང་བའི་བྱ་བ་ལ་བཞི་སྟེ། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་ལྟ་བ། སྟོང་ཉིད་མ་རྟོགས་པ་ལ་སྙིང་རྗེ་བསྐྱེད་པ། ཚོགས་གཉིས་ཀྱི་དགེ་བ་ལ་འབད་པ། དེ་དག་གི་ཤེས་བྱེད་ཀྱི་ལུང་དྲང་བའོ། །དང་པོ་ནི། མཉམ་པར་བཞག་པའི་རྗེས་དེ་ནས་ཇི་ལྟར་འདོད་པ་བཞིན་དུ་མཉམ་པར་བཞག་པ་ལས་ལངས་ལ། སྐྱིལ་ཀྲུང་མ་བཤིག་པར་འདི་སྙམ་དུ་བསམ་པར་བྱ་སྟེ། ཡོད་ནི་ཕྱི་ནང་གི་ཆོས་འདི་དག་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་མོད་ཀྱི། ཀུན་རྫོབ་ཏུ་ལས་འབྲས་མི་བསླུ་བའི་ཚུལ་དུ་ཡོད་པར་བསམ་མོ། །དོན་དམ་པར་ངོ་བོ་ཉིད་མེད་པར་སོ་སོ་རྟོག་པའི་ཚུལ་དེ་སྐད་དུ་ཡང་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞེས་སོགས་སོ། །འདིའི་དོན་ནི། ཇི་ལྟར་བྱང་ཆུབ་སེམས་དཔའ་བདག་མེད་ཀྱི་དོན་སྒོམ་པའི་ཚུལ་ལ་མཁས་པ་ཡིན་ནོ་ཞེ་ན། རིགས་ཀྱི་བུ་ཞེས་བོས་ནས། ཕྱི་ནང་གི་ཆོས་འདི་དག་ལ་བྱང་ཆུབ་སེམས་དཔའ་ཡང་དག་པའི་དོན་ལ་སོ་སོ་རྟོག་པའི་ཤེས་རབ་ཀྱིས་སོ་སོར་རྟོག་གོ །ཇི་ལྟར་ན་ཕུང་པོ་ལྔ་ལས་གཟུགས་ལ་དོན་དམ་དཔྱོད་པའི་རིགས་པས་སོ་སོར་རྟོག་གོ །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་སོ་སོར་རྟོག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་གཟུགས་ལ་སོ་སོར་རྟོག་པ་ན་གཟུགས་ཀྱི་རང་བཞིན་གྱིས་སྐྱེ་བ་མི་དམིགས། རྒྱུ་གང་ལས་འབྱུང་བའི་ཚུལ་མི་དམིགས། ཐ་མར་འགག་པའི་འགོག་པ་མི་དམིགས་སོ། །གཟུགས་ཀྱི་སྐྱེ་བ་སོགས་མི་དམིགས་པ་དེ་བཞིན་དུ་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་སྐྱེ་བ་སོགས་དཔྱད་ན་མི་དམིགས་སོ། །སྐྱེ་འགག་མེད་པ་དེ་ཡང་དོན་དམ་པར་སྐྱེ་བ་མེད་པར་གནས་པར་རྟོགས་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་ན་ཡིན་གྱི། ཐ་སྙད་པའི་བློའི་ངོ་བོ་ཉིད་ཀྱིས་སྣང་ཙམ་དུ་མི་དམིགས་པ་ནི་མ་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་ངོ༌། །གཉིས་པ་སྟོང་ཉིད་མ་རྟོགས་པ་ལ་སྙིང་རྗེ་བསྐྱེད་པ་ནི། འཁོར་བའི་སེམས་ཅན་ལ་དམིགས་ནས་བྱིས་པའི་བློ་ཅན་འདི་དག་ངོ་བོ་ཉིད་མེད་པའི་དངོས་པོ་རྣམས་ལ་བདེན་པར་མངོན་པར་ཞེན་པའི་དབང་གིས་འཁོར་བ་ན་ཤིང་རྟའི་འཕང་ལོ་བཞིན་དུ་འཁྱམ་ཞིང༌། སྡུག་བསྔལ་གྱི་སྡུག་བསྔལ་སོགས་སྡུག་བསྔལ་སྣ་ཚོགས་པ་དག་ཉམས་སུ་མྱོང་ངོ་སྙམ་དུ་སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱས་ལ། འདི་སྙམ་དུ་བསམ་པར་བྱ་སྟེ་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་བདག་གིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་པར་བྱས་ནས་གདུལ་བྱ་འདི་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱས་ནས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་བསམ་མོ། །གསུམ་པ་ཚོགས་གཉིས་ཀྱི་དགེ་བ་ལ་འབད་པ་ནི། མཉམ་གཞག་ལས་ལངས་ནས་སྐྱིལ་ཀྲུང་བཤིག་པའི་རྗེས་དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལུས་ངག་ཡིད་གསུམ་གྱིས་མཆོད་པ་དང༌། ཡོན་ཏན་བརྗོད་པའི་ངག་གིས་བསྟོད་པ་གསོལ་ཏེ། ཇི་ལྟར་སྨོན་པའི་དོན་འགྲུབ་པའི་ཆེད་དུ་འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་བོ། །དེའི་རྗེས་དེ་ནས་སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེའི་སྙིང་པོ་ཅན་གྱི་ཁྱད་པར་གྱིས་ཡོངས་སུ་ཟིན་པའི་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང༌། ཆོས་རྣམས་སྒྱུ་མ་ལྟ་བུར་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་མཐའ་དག་བསྒྲུབ་པ་ལ་འཇུག་པར་བྱའོ། །བཞི་པ་དེ་དག་གི་ཤེས་བྱེད་ཀྱི་ལུང་དྲང་བ་ནི། རྗེས་ཐོབ་ཏུ་ཚོགས་གཉིས་སོག་པའི་ཚུལ། དེ་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་བཀའ་སྩལ་ཏེ། མདོ་དེའི་དོན་ནི། གནས་ཚུལ་གྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་བྱང་ཆུབ་སེམས་དཔའ་རྗེས་ཐོབ་ཏུ་སེམས་ཅན་རྣམས་ལ་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་འཇུག་གོ །སེམས་ཅན་ལ་སྙིང་རྗེ་ཆེན་པོ་འཇུག་པ་དེ་ཡང་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཚུལ་འདི་སྙམ་དུ་བདག་གིས་ཕྱི་ནང་གི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སྒོ་འདི་གདུལ་བྱའི་སེམས་ཅན་ཐམས་ཅད་ལ་བསྒྲུབ་པར་བྱའོ་སྙམ་དུ་སེམས་སོ། །བྱང་ཆུབ་སེམས་དཔའ་དེ་སྙིང་རྗེ་ཆེན་པོ་དེས་ཐུགས་རྒྱུད་ཡོངས་སུ་བསྐུལ་བས་གཞན་དོན་དུ་ལྷག་པ་མྱ་ངན་ལས་འདས་པའི་ཆེད་ཀྱི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གསུམ་པོ་རང་རྒྱུད་ལ་ཡོངས་སུ་རྫོགས་པར་བྱས་ནས་དེའི་འབྲས་བུ་བླ་ན་མེད་པ་ཤེས་བྱ་མ་ལུས་པ་ཡང་དག་པར་རྫོགས་པ་སྟེ་ཐུགས་སུ་ཆུད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །བཞི་པ་ཐུན་མོང་གི་བྱ་བས་དོན་བསྡུ་བ་ལ་གསུམ་སྟེ། ཟུང་འཇུག་གི་ལམ་གྱི་བྱེད་པ་བསྟན་པ་དང༌། ཤེས་བྱེད་ཀྱི་ལུང་དྲང་བ་དང༌། དོན་བསྡུ་བ་བསྟན་པའོ། །དང་པོ་ནི། སྦྱིན་སོགས་ཐབས་ཀྱི་ཆ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་ཟུང་དུ་འབྲེལ་བར་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡིན་ཏེ། ཐབས་ཤེས་ཟུང་འཇུག་ལམ་ཡིན་པའི་ཚུལ་འདི་ལྟར། མཉམ་གཞག་ཏུ་དོན་དམ་པ་སྟོང་པ་ཉིད་མཐོང་ཡང༌། རྗེས་ཐོབ་ཏུ་ཀུན་རྫོབ་ཐབས་ཀྱི་ཆ་རྒྱུན་མི་གཅོད་ལ། །ཀུན་རྫོབ་ཐབས་ཀྱི་ཆ་རྒྱུན་མ་བཅད་པས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་ཞིང་ཕྱིན་ཅི་ལོག་གི་བདེན་འཛིན་མེད་པར་རྗེས་ཐོབ་ཏུ་སེམས་ཅན་ཀྱི་དོན་བྱ་བ་ཆོས་སྟོན་པ་དང༌། སྦྱིན་པ་ལ་སོགས་པ་ལ་འཇུག་གོ །གཉིས་པ་ཤེས་བྱེད་ཀྱི་ལུང་དྲང་བ་ལ་གསུམ་སྟེ། མདོ་སྡེ་དཀོན་མཆོག་སྤྲིན་དང༌། ཆོས་ཡང་དག་པར་སྡུད་པ་དང༌། བློ་གྲོས་མི་ཟད་པའི་མདོ་དྲང་བའོ། །དང་པོ་ནི། ཐབས་དང་ཤེས་རབ་ཟུང་འཇུག་དེ་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏེ། ཇི་ལྟར་ན་ཞེས་སོགས་སོ། །དོན་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ལམ་ལ་མཁས་པ་ཡིན་ཞེ་ན། ལམ་ལ་འཇུག་པ་འདི་ལ་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ཏུ་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་ཐམས་ཅད་ལ་སློབ་ཀྱང་དོན་དམ་པར་གང་ལ་བསླབ་པར་བྱ་བ་དེ་ཡང་མི་དམིགས། སློབ་པར་བྱེད་པའི་ལམ་ཡང་མི་དམིགས་ཏེ་ཞེས་བྱའོ། །ཟུང་འཇུག་ལ་སློབ་པའི་རྒྱུ་དང་རྐྱེན་དེ་དང་བསླབ་པར་བྱ་བའི་གཞི་ཀུན་རྫོབ་ཏུ་ཡོད་པ་དེས་ཆད་པར་ལྟ་བར་མི་ལྷུང་ངོ༌། །ཞེས་འབྱུང་ངོ༌། །གཉིས་པ་ནི། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་ཀྱང་ཟུང་འཇུག་གི་ལམ་བཀའ་སྩལ་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་གང་ཞེ་ན། ཞེས་སོགས་སོ། །འདིའི་དོན་བཤད་པ་ལ་གཉིས་ཏེ། ཐབས་ཀྱི་ཆ་ལ་སློབ་པའི་ཚུལ་དང༌། ཤེས་རབ་ཀྱི་ཆ་ལ་སློབ་པའི་ཚུལ་ལོ། །དང་པོ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་དགེ་བ་གང་ཅི་ལགས་པ་དང༌། ངག་གི་ལས་དགེ་བ་གང་ཅི་ལགས་པ་དང༌། ཡིད་ཀྱི་ལས་དགེ་བ་གང་ཅི་ལགས་པ་དེ་དག་ཐམས་ཅད་ནི་འཁོར་བ་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད་ལ་སྙིང་རྗེའི་ལྟ་བས་འཇུག་པ་ལགས་སོ། །སེམས་ཅན་གྱི་དོན་བྱ་བ་ལ་འཇུག་པ་ཐམས་ཅད་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ལགས་སོ། །སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་ལགས་སོ། །ཞེས་ཏེ། བྱང་ཆུབ་སེམས་དཔའི་ལུས་ངག་གི་དགེ་བ་ཐམས་ཅད་སྙིང་རྗེ་ཆེན་པོའི་རྩ་བ་ཅན་ཡིན་ནོ་ཞེས་པའི་དོན་ནོ། །ཡང་བྱང་སེམས་དཔའི་ལུས་ངག་གི་དགེ་བའི་ལས་ཐམས་ཅད་ལྷག་པའི་བསམ་པའི་རྩ་བ་ཅན་དུ་བསྟན་པ་ནི། བྱང་ཆུབ་སེམས་དཔའི་ལུས་ངག་གི་དགེ་བའི་ལས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་མ་འོངས་པ་ལ་སྨན་པ་དང༌། ཚེ་འདིར་བདེ་བར་བགྱིད་པའི་ལྷག་པའི་བསམ་པ་ལས་བྱུང་བ་ལགས་སོ། །དེ་ལྟར་སེམས་ཅན་ལ་སྨན་པར་བགྱི་བའི་བསམ་པ་དང་ལྡན་པ་དེ་འོག་ནས་འབྱུང་བ་འདི་སྙམ་དུ་འདུ་ཤེས་བགྱིད་དེ། སེམས་ཅན་ཐམས་ཅད་ལ་མ་འོངས་པ་ན་ཕན་པ་དང༌། ཚེ་འདིར་བདེ་བ་སྒྲུབ་པའི་བྱ་བ་ཕུན་ཚོགས་པ་བསྒྲུབ་པ་གང་ཡིན་པ་དེ་བདག་གིས་འབད་ནས་སྒྲུབ་པར་བྱའོ་སྙམ་པ་ལགས་སོ། །ཞེས་པའོ། །གཉིས་པ་ཤེས་རབ་ཀྱིས་ཆ་ལ་སློབ་པའི་ཚུལ་ལ་བཞི་སྟེ། ཕུང་པོ་ལ་ཇི་ལྟར་རྟོག་པའི་ཚུལ་དང༌། ཁམས་ལ་ཇི་ལྟར་རྟོག་པའི་ཚུལ་དང༌། སྐྱེ་མཆེད་ལ་ཇི་ལྟར་རྟོག་པའི་ཚུལ་དང༌། ཕུང་པོ་ལ་རྟོག་ཚུལ་ཕྱེ་སྟེ་བསྟན་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་དེ་ཕུང་པོ་རྣམས་ལ་བློ་ལ་སྣང་ཙམ་ཡོད་ཀྱང་གནས་ཚུལ་ལ་མེད་པ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རང་བཞིན་མེད་པར་སོ་སོར་རྟོག་པའང་སྒྲུབ་ལ། ཐ་སྙད་སྣང་ཚུལ་ཙམ་ལ་ཕུང་པོ་ཡོངས་སུ་འདོར་བ་ཡང་མི་འཚལ་ལོ། །གཉིས་པ་ནི། ཁམས་རྣམས་ལ་སྦྲུལ་གདུག་པ་ཅན་གྱིས་གཞན་འཛིན་པ་ལྟ་བུར་རང་རང་གི་མཚན་ཉིད་འཛིན་པའི་ཚུལ་ལ་རང་བཞིན་མེད་པར་སོ་སོར་རྟོག་པ་ཡང་སྒྲུབ་ལ། ཐ་སྙད་སྣང་ངོ་ཙམ་དུ་ཁམས་ཡོངས་སུ་འདོར་བར་ཡང་མི་འཚལ་ལོ། །གསུམ་པ་ནི། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ཕྱི་རོལ་ཏུ་བལྟས་པའི་དུས་སུ་སྣང་ཡང་ནང་ན་སྡོད་མཁན་མེད་པ་ལྟར་སྙིང་པོ་མེད་པའི་ཚུལ་དུ་སོ་སོར་རྟོག་པ་ཡང་སྒྲུབ་ལ། ཐ་སྙད་སྣང་ཚོད་དུ་སྐྱེ་མཆེད་ཡོངས་སུ་འདོར་བར་ཡང་མི་འཚལ་ལོ། །བཞི་པ་ནི། གཟུགས་ནི་དབུ་བ་རྡོལ་བ་ལྟར་སྙིང་པོ་མེད་པར་སོ་སོར་རྟོག་པ་ལྟར་སྒྲུབ་བོ། །འོ་ན་གཟུགས་སྙིང་པོ་མེད་པར་རྟོགས་པས་དེ་བཞིན་གཤེགས་པའི་གཟུགས་ཀྱང་མི་འགྲུབ་བམ་ཞེ་ན། ཀུན་རྫོབ་ཐབས་ཀྱིས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མངོན་པར་འགྲུབ་པ་ཡང་མི་འདོར་རོ། །ཚོར་བ་ལ་ཆུའི་ཆུ་བུར་ལྟར་བྲོ་བ་ཆུང་བར་སོ་སོར་རྟོག་པར་ཡང་སྒྲུབ་བོ། །འོ་ན་ཚོར་བ་ལ་ཞེན་པ་མེད་པས་ཏིང་ངེ་འཛིན་གྱི་རོ་མྱང་བའང་མི་བྱེད་དོ་ཞེ་ན། ཚོར་བ་མྱོང་བའི་ངོ་བོ་ལ་ཞེན་པ་མེད་ཀྱང་དེ་བཞིན་གཤེགས་པའི་བསམ་གཏན་བཞི་དང༌། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང༌། ཐོད་རྒལ་གྱི་སྙོམས་པར་འཇུག་པ་ལ་སོགས་པའི་བདེ་བ་མྱོང་བའི་སྒྲུབ་པའི་སྦྱོར་བ་ཐབས་ཀྱིས་མི་བརྩོན་པ་ཡང་མ་ལགས། འདུ་ཤེས་ལ་སྨིག་སྒྱུ་ལྟ་བུར་མི་བརྟན་པར་གཡོ་བས་མངོན་པར་ཞེན་པར་བྱ་བ་ལ་མ་ཡིན་པར་སོ་སོ་རྟོག་པ་ཡང་སྒྲུབ་བོ། །འོ་ན་མཚན་མར་འཛིན་པའི་འདུ་ཤེས་ཀྱང་སྤོང་བས་ཇི་ལྟ་ཇི་སྙེད་ཀྱི་མཚན་མ་རྟོགས་པ་ཡང་སྤོང་དགོས་སོ་ཞེ་ན། མཚན་མར་འཛིན་པའི་འདུ་ཤེས་ལ་སྙིང་པོ་མེད་པར་རྟོགས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་དང་རྟགས་དང་མཚན་མ་མ་ལུས་པ་མཁྱེན་པའི་ཡེ་ཤེས་སྒྲུབ་པའི་སྤྱོད་པ་མི་སྒྲུབ་པ་ཡང་མ་ལགས་སོ། །འདུ་བྱེད་རྣམས་ལ་ཆུ་ཤིང་ལྟར་སྙིང་པོ་མེད་པར་སོ་སོར་རྟོག་པ་ཡང་སྒྲུབ་བོ། །འོ་ན་འདུ་བྱེད་སྤོང་བ་ལ་འཇུག་པས་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱང་སྤོང་བར་འགྱུར་རམ་ཞེ་ན། འདུ་བྱེད་ཐམས་ཅད་ལ་ཞེན་པ་སྤོང་ཡང་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་མངོན་པར་འདུ་བགྱི་བ་མི་སྒྲུབ་བ་ཡང་མ་ལགས་སོ། །རྣམ་པར་ཤེས་པ་ལ་སྒྱུ་མའི་རྟ་གླང་ལྟར་འགྲོ་འོང་གི་བྱ་བ་བྱེད་པར་སྣང་ཡང་བྱ་བྱེད་མི་བདེན་པར་སོ་སོར་རྟོག་པ་ཡང་སྒྲུབ་བོ། །འོ་ན་བྱ་བྱེད་ལ་ཞེན་པ་སྤོང་བས་ལུས་ངག་གི་བྱ་བ་གང་ཡང་སྒྲུབ་པ་ལ་མི་འཇུག་གོ་ཞེ་ན། ཡེ་ཤེས་སྔོན་དུ་འགྲོ་བའི་གཞན་དོན་ལ་འཇུག་པའི་ལུས་ངག་གི་བྱ་བ་མི་འདོར་བར་བསྟན་པ་ནི། ཡེ་ཤེས་ཐོག་མར་སྔོན་དུ་འགྲོ་བའི་ལུས་ངག་དང་ཡིད་ཀྱི་ལས་སྒྲུབ་པའི་སྤྱོད་པ་མི་སྒྲུབ་པ་ཡང་མ་ལགས་སོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །གསུམ་པ་ཟུང་འཇུག་ལ་བསླབ་པར་གདམས་པ་ལ་གཉིས་ཏེ། དངོས་གྱི་དོན་དང༌། ལུང་དང་སྦྱར་བའོ། །དང་པོ་ནི། འཇིག་རྟེན་ལས་འདས་པའི་ཤེས་རབ་ཉིད་ཀྱིས་སྟོང་ཉིད་རྟོགས་པའི་གནས་སྐབས་མཉམ་གཞག་ན་གཞན་ལ་སྦྱིན་པ་གཏོང་བ་ལ་སོགས་པའི་ཐབས་ལ་དངོས་སུ་བརྟེན་པ་མི་འབྱུང་མོད་ཀྱི། རྗེས་ཐོབ་ཏུ་སྦྱིན་སོགས་ཐབས་ལ་བརྟེན་པའི་དུས་ན་བྱང་ཆུབ་སེམས་དཔའ་སྒྱུ་མ་མཁན་རང་གི་སྒྱུ་མ་ལ་ཞེན་པ་མེད་པ་ལྟར་སྣང་ལ་རང་བཞིན་མེད་པར་རྟོགས་པས་ཕྱིན་ཅི་མ་ལོག་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་དངོས་སུ་སྦྱོར་བའི་ཡེ་ཤེས་ལས་བྱུང་བ་དངོས་པོའི་དོན་གྱི་དེ་ཁོ་ན་ཉིད་ཅི་ལྟ་བ་བཞིན་རྟོགས་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཡོད་པ་ཉིད་དེ། དེས་ན་སྦྱོར་བའི་དུས་སུ་ཡང་ཐབས་དང་ཤེས་རབ་ཟུང་ཏུ་འབྲེལ་བར་འཇུག་པའི་ལམ་ཁོ་ན་ཡིན་ནོ། །གཉིས་པ་ལུང་དང་སྦྱར་བ་ནི། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང༌། བསམ་གཏན་མི་ཟད་པར་བསྟན་པའི་སྐབས་ནས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་འཇུག་པའི་ལམ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །སྒྲུབ་པ་བསྟན་ཟིན་ཏོ། །གསུམ་པ་སྒྲུབ་པའི་འབྲས་བུ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། ཐབས་དང་ཤེས་རབ་ཀྱི་ལམ་གྱི་རིམ་པ་འདི་ལྟ་བུ་འདིས་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་གཉིས་རྟག་ཏུ་སྦྱོར་བའི་བརྩོན་འགྲུས་དང༌། གུས་པར་སྦྱོར་བའི་བརྩོན་འགྲུས་ཀྱིས་ཡུན་རིང་པོར་གོམས་པར་བྱས་པའི་ཚུལ་གྱིས་བསྒོམས་ན་འབྲས་བུ་རྟོགས་པའི་གནས་སྐབས་ཀྱི་བྱེ་བྲག་བཅུ་གཉིས་སུ་འགྱུར་རོ། །རྟོགས་པའི་གནས་སྐབས་དེ་དག་ནི་རྟོགས་པ་གོང་མ་གོང་མའི་གནས་སམ་རྟེན་བྱེད་པའི་ཕྱིར། སར་རྣམ་པར་བཞག་སྟེ། ཆོས་ཉིད་བདག་མེད་པའི་དོན་མངོན་སུམ་དུ་མ་རྟོགས་ཀྱང་ངེས་པ་བརྟན་པོ་ཐོབ་པས་མོས་པས་སྤྱོད་པའི་ས་ཞེས་བརྗོད་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ས་བཅུ་གཉིས་སུ་རྣམ་པར་བཞག་གོ །གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། མོས་པས་སྤྱོད་པའི་ས་བཤད་པ་དང༌། ས་བཅུའི་གནས་སྐབས་བཤད་པ་དང༌། མཐར་ཐུག་སངས་རྒྱས་ཀྱི་ས་བཤད་པའོ། །དང་པོ་ལ་ལྔ་སྟེ། སྤྱིའི་མཚན་ཉིད་དང༌། དེ་ལ་བརྟེན་པའི་ཡོན་ཏན་དང༌། དབྱེ་བ་དང༌། སོ་སོའི་མཚན་ཉིད་དང༌། རྣམ་གྲངས་སོ། །དང་པོ་ནི། ས་བཅུ་གཉིས་ཡོད་པ་དེ་ལ་ཇི་སྲིད་དུ་གང་ཟག་དང་ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་མི་བྱེད་མོད་ཀྱི། འོན་ཀྱང་ཚོགས་ལམ་དུ་ཐོས་བསམ་གྱིས་རིགས་པས་གཏན་ལ་ཕབ་པའི་དོན་བསྒོམས་པས་གོམས་པའི་སྟོབས་ཀྱིས་གསལ་སྣང་ཅུང་ཟད་ཐོབ་པས་ན་མོས་པ་ཤིན་ཏུ་བརྟན་པ་ཙམ་དུ་ཟད་དེ། མངོན་སུམ་དུ་མ་གཏོགས་སོ། །བདུད་དང་མུ་སྟེགས་ལ་སོགས་པས་རང་གི་རྟོགས་པ་ལས་གཞན་དུ་མི་བྱེད་ལ། གང་གི་ཚེ་སྒོམ་བྱུང་གི་མོས་པའི་སྟོབས་ཁོ་ནས་དེ་ཁོ་ན་ཉིད་སྒོམ་པར་བྱེད་པ་དེའི་ཚེ་ཚོགས་ལམ་ལས་ལྷག་པར་ཆོས་ཉིད་ཀྱི་དོན་ལ་མོས་པ་བརྟན་པའི་སྟོབས་ཀྱིས་མོས་པས་སྤྱོད་པའི་ས་ཞེས་རྣམ་པར་བཞག་གོ །གཉིས་པ་དེ་ལ་བརྟེན་པའི་ཡོན་ཏན་ནི། མོས་པས་སྤྱོད་པའི་ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོ་སྐྱེ་བོ་ཡིན་མོད་ཀྱི། འོན་ཀྱང་བྱིས་པའི་འཆིང་བ་མི་ཁོམས་པའི་གནས་སུ་སྐྱེ་བའི་རྒྱུ་ཐམས་ཅད་ལས་ཡང་དག་པར་འདས་ཏེ། དེ་ཁོ་ན་ཉིད་རྟོགས་པ་དང༌། ཟད་པར་ལ་སོགས་པའི་ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་བརྟེན་པའི་གཟུངས་དང༌། འགོག་པའི་རྣམ་ཐར་མ་གཏོགས་པའི་རྣམ་པར་ཐར་པ་རྣམས་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པ་མ་གཏོགས་པའི་མངོན་པར་ཤེས་པ་དང་པོ་ལྔ་ལ་སོགས་པའི་ཡོན་ཏན་གྲངས་མེད་པ་དག་དང་ལྡན་པར་འཕགས་པ་དཀོན་མཆོག་སྤྲིན་ལས་འབྱུང་བ་ཡིན་ནོ། །གསུམ་པ་དབྱེ་བ་ནི། མོས་སྤྱོད་ཀྱི་ས་འདི་ཉིད་ལ་ཐ་མ་དང་འབྲིང་དང་མཆོག་དང་རབ་ཀྱི་མཆོག་གི་གནས་སྐབས་བཞིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིར་རྣམ་པར་བཞག་སྟེ་ཞེས་བྱའོ། །བཞི་པ་སོ་སོའི་མཚན་ཉིད་ནི། བཞིར་འཇོག་པའི་རྒྱུ་མཚན་འདི་ལྟར། གང་གི་ཚེ་ཕྱི་རོལ་གྱི་དོན་དུ་སྣང་བ་སེམས་ལས་ཐ་དད་དུ་བདེན་པར་མི་དམིགས་པར་རྟོགས་པའི་རྣམ་པ་འཛིན་པ་ན་གཟུང་བ་དང་བདེན་པས་སྟོང་བར་སྒོམ་བྱུང་གིས་རྟོགས་པའི་ཤེས་པའི་སྣང་བ་ཅུང་ཟད་གསལ་བར་གྱུར་པ་དེའི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དྲོ་བར་གྱུར་པ་ཞེས་བྱ་བ་ཡིན་ནོ། །དེ་ནི་ཐེག་པ་ཆེན་པོའི་མདོ་སྡེ་འདིར་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཞེས་བཤད་དོ། །གང་གི་ཚེ་གཟུང་བ་བདེན་མེད་དུ་རྟོགས་པའི་ཤེས་པའི་སྣང་བ་དེ་ཉིད་འབྲིང་ཙམ་དུ་གསལ་བར་གྱུར་པ་དེའི་ཚེ་ངེས་འབྱེད་པའི་ཆ་དང་མཐུན་པ་རྩེ་མོ་ཞེས་བྱ་བ་ཡིན་ནོ། །འདི་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །གང་གི་ཚེ་གཟུང་བ་བདེན་མེད་དུ་རྟོགས་པའི་ཡེ་ཤེས་ཀྱི་སྣང་བ་དེ་ཉིད་སྔར་ལས་ཆེས་གསལ་བར་གྱུར་ཏེ། ཕྱི་རོལ་གྱི་དོན་ཤེས་པ་ལས་ཐ་དད་དུ་མི་སྣང་བ་ཤེས་པའི་འཛིན་པ་ཡང་མི་དམིགས་པའི་སྣང་བ་བྱུང་བ་དེའི་ཚེ་གཟུང་འཛིན་གཉིས་ཀ་མི་དམིགས་པའི་རྣམ་པར་ཤེས་པ་ཙམ་ལ་གནས་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཟོད་པ་ཞེས་བྱ་བ་ཡིན་ནོ། །གཟུང་འཛིན་གཉིས་ཀྱི་སྟོང་པའི་དེ་ཁོ་ན་ཉིད་རྟོགས་ཤིང་གཟུང་འཛིན་གཉིས་བྲལ་གྱི་ཤེས་པ་ལ་བདེན་འཛིན་གྱི་ལྷག་མ་ལུས་པས་ཕྱོགས་ལ་ཞུགས་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། གཟུང་བ་མི་དམིགས་པས་དེ་ལ་ལྟོས་པའི་འཛིན་པའི་རྣམ་པ་ཡང་མི་དམིགས་པར་རྟོགས་པས་གཟུང་འཛིན་གཉིས་ཀ་མི་དམིགས་པར་ཞུགས་པ་ཡིན་ནོ། །གང་གི་ཚེ་གཟུང་འཛིན་གཉིས་ཀྱི་རྣམ་པ་དང༌། གཟུང་འཛིན་གཉིས་མེད་པའི་ཤེས་པ་ཡང་རྣམ་པར་འཇིག་པ་སྟེ་མི་དམིགས་པར་རྟོགས་པ་དེའི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆོས་མཆོག་ཅེས་བྱ་བ་ཡིན་ནོ། །ཆོས་མཆོག་གི་ཏིང་ངེ་འཛིན་དེ་ལ་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། ཏིང་ངེ་འཛིན་དེའི་དེ་མ་ཐག་པ་ཁོ་ནར་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ལ་འཇུག་པའི་ཕྱིར་རོ། །དྲོད་ནས་བཟུང་ནས་ཆོས་མཆོག་དེའི་བར་དུ་ནི་མོས་པ་ལ་སྤྱོད་པའི་ས་ཞེས་བྱ་བ་ཡིན་ནོ། །གཉིས་པ་ས་བཅུའི་གནས་སྐབས་བཤད་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། མོས་སྤྱོད་ཀྱི་ས་ལས་ས་གཞན་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་ས་དག་ནི་མདོར་བསྡུ་ན། ཆོས་ཉིད་ལ་སྒྲོ་འདོགས་གཅོད་ཚུལ་གྱི་ཡན་ལག་བཅུ་གཅིག་ཡོངས་སུ་རྫོགས་པའི་སྒོ་ནས་རྣམ་པར་བཞག་གོ །ཡང་ན་ས་ཡོངས་སུ་རྫོགས་པར་བྱེད་པའི་ཡན་ལག་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གཙོ་བོར་སོ་སོར་སློབ་པ་དང༌། དེ་དག་ཡོངས་སུ་དག་པའི་བཅུ་གཅིག་གི་ཁྱད་པར་གྱིས་ཡོངས་སུ་རྫོགས་པའི་སྒོ་ནས་སར་རྣམ་པར་བཞག་གོ །གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། ས་དང་པོ་བཤད་པ་དང༌། ས་ལྷག་མ་དགུ་བཤད་པའོ། །དང་པོ་ནི། ས་བཅུ་ཡོད་པ་དེ་ལ་ས་དང་པོ་ནི་ཐོག་མར་གང་ཟག་དང་ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་གསར་དུ་རྟོགས་པའི་ཡན་ལག་ཡོངས་སུ་རྫོགས་པ་ལས་རྣམ་པར་བཞག་སྟེ། འདི་ལྟར་དོན་དམ་པ་སྒོམ་པ་གང་གི་ཚེ་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་ཁོ་ནར་ཕྱི་ནང་གི་ཆོས་ཐམས་ཅད་བདེན་པའི་ངོ་བོ་ཉིད་མེད་པ་མངོན་སུམ་དུ་རྟོགས་པར་བྱེད་པའི་ཡེ་ཤེས་སྟོང་ཉིད་ཀྱི་རྣམ་པ་ཤིན་ཏུ་གསལ་བ་འཇིག་རྟེན་པའི་བློ་དོན་སྤྱི་ཙམ་ཡུལ་དུ་བྱེད་པ་ལས་འདས་པ། གཟུང་བ་དང་འཛིན་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་རྟོགས་པའི་ཡེ་ཤེས་ཐོག་མར་བྱུང་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་ཡང་དག་པ་ཉིད་ལ་སྒྲིབ་བྱེད་ཀྱི་སྐྱོན་མཐོང་སྤངས་མེད་པ་ལ་ཞུགས་པས་མཐོང་བའི་ལམ་སྐྱེ་བའི་ཕྱིར་ས་དང་པོར་ཆུད་པ་ཡིན་ནོ། །ས་དང་པོར་ཆུད་པ་དེ་བས་ན་སྔར་དེ་ཁོ་ན་ཉིད་མངོན་སུམ་དུ་ཁོང་དུ་མ་ཆུད་པ་ས་འདི་ལ་ཐོག་མར་ཁོང་དུ་ཆུད་པས་ན་ཟག་པ་མེད་པའི་དགའ་བདེ་གསར་ཐོབ་ཏུ་གྱུར་པས་ན་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་ཡིན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་དེ་རབ་ཏུ་གནས་པའི་ས་དེར་རབ་ཏུ་དགའ་བ་ཞེས་བྱའོ། །ས་དང་པོའི་གནས་སྐབས་དེར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤོང་ངོ༌། །འདི་ནི་མངོན་པ་ཀུན་ལས་བཏུས་ལས་གསུངས་པ་ལྟར་ཏེ། འདོད་པའི་ཁམས་ན་སྡུག་བསྔལ་མཐོང་སྤང་ལ་ལྟ་བ་ལྔ་དང༌། ལྟ་མིན་ལྔ་སྟེ་བཅུ། དེ་བཞིན་དུ་ཀུན་འབྱུང་མཐོང་སྤངས་ལ་བཅུ། འགོག་པ་མཐོང་སྤངས་ལ་བཅུ། ལམ་མཐོང་སྤངས་ལ་བཅུ་སྟེ་བཞི་བཅུའོ། །གཟུགས་ཁམས་ན་ཁོང་ཁྲོ་ཕྲི་བས་སྡུག་བསྔལ་མཐོང་སྤང་ལ་དགུ་དང༌། དེ་བཞིན་དུ་ཀུན་འབྱུང་མཐོང་སྤང་ལ་དགུ་དང༌། འགོག་པ་མཐོང་སྤང་ལ་དགུ་དང༌། ལམ་མཐོང་སྤང་ལ་དགུ་སྟེ་སུམ་ཅུ་རྩ་དྲུག དེ་བཞིན་དུ་གཟུགས་མེད་ཁམས་ལ་ཁོང་ཁྲོ་ཕྲི་བས་གཟུགས་ཁམས་ཀྱི་མཐོང་སྤང་གི་དབྱེ་བ་བཞིན་དུ་དབྱེ་བས་སུམ་ཅུ་སོ་དྲུག་གོ །ཐམས་ཅད་བསྡོམས་ན་བརྒྱ་རྩ་བཅུ་གཉིས་སོ། །གཉིས་པ་ས་ལྷག་མ་དགུ་བཤད་པ་ལ་གཉིས་ཏེ། སྒོམ་ལམ་སྤྱིའི་ངོ་བོ་བྱེད་ལས་དང་བཅས་པ་དང༌། ནུས་པའི་ཁྱད་པར་ངེས་ཚིག་དང་བཅས་པའོ། །དང་པོ་ནི། ས་དགུ་པོ་རྣམས་ནི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་མཐོང་ཟིན་བསྒོམས་པས་སྒོམ་པའི་ལམ་གྱི་ངོ་བོ་ཉིད་དེ། སྒོམ་པའི་ལམ་ཐོབ་པའི་གནས་སྐབས་དེ་དག་ཏུ་ཡང་དང་ཡང་དུ་བསྒོམས་པས་ཁམས་གསུམ་པའི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བཅུ་དྲུག་སྤོང་ངོ༌། །བཅུ་དྲུག་ནི། འདོད་པའི་ཁམས་ན་ལྷན་སྐྱེས་ཀྱི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་ལྟ་བ་དང༌། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་དྲུག་དང༌། གཟུགས་ཁམས་ན་ཁོང་ཁྲོ་ཕྲི་བས་ལྔ་དང༌། གཟུགས་མེད་ཁམས་ན་ཁོང་ཁྲོ་ཕྲི་བས་ལྔ་སྟེ་ཁམས་གོང་མ་ལ་བཅུ་སྟེ་ཐམས་ཅད་བསྡོམས་པས་བཅུ་དྲུག་གོ །གཉིས་པ་ནི། ས་དང་པོ་ནི་བྱང་ཆུབ་སེམས་དཔའ་བདག་གཞན་མཉམ་པ་ཉིད་དུ་རྟོགས་པས་བདག་གི་དོན་དང་འདྲ་བར་གཞན་གྱི་དོན་ལ་འཇུག་པའི་ཕྱིར་ལྷག་བསམ་རྣམ་པར་དག་པའི་ས་ཞེས་བྱའོ། །ཟག་མེད་ཀྱི་དགའ་བདེ་གསར་ཐོབ་ལ་གནས་པས་ས་རབ་ཏུ་དགའ་བ་ཞེས་བྱའོ། །ཚོགས་རྣམས་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེས་དོན་དམ་མངོན་སུམ་དུ་ཁོང་དུ་ཆུད་ཀྱང་ཇི་སྲིད་དུ་ལྟུང་བའི་འཁྲུལ་བའི་ཆ་ཕྲ་བ་རྣམས་ལ་ཤེས་བཞིན་གྱིས་ཟིན་པ་ཉིད་དུ་གནས་པར་བྱེད་མི་ནུས་པ་དེ་སྲིད་དུ་ས་དང་པོར་གཏོགས་པའོ། །གང་གི་ཚེ་ཤེས་བཞིན་གྱིས་ཟིན་པའི་ནུས་པ་ཐོབ་པ་དེའི་ཚེ་ས་དང་པོ་སྦྱོང་བའི་ཡན་ལག་ཏུ་ཡོངས་སུ་རྫོགས་ཟིན་པས་ས་གཉིས་པར་རྣམ་པར་བཞག་གོ །ཡང་ན་ཚུལ་ཁྲིམས་ཀྱི་ཡན་ལག་ཕྲ་མོ་ཡང་ཡོངས་སུ་རྫོགས་པས་ས་གཉིས་པར་རྣམ་པར་བཞག་གོ །ཚུལ་ཁྲིམས་ཀྱི་ཡན་ལག་ཡོངས་སུ་རྫོགས་པ་དེ་བས་ན་ས་དེ་ལ་ལྟུང་བའི་འཁྲུལ་པ་ཆ་ཕྲ་བ་ཡང་ཀུན་ཏུ་མི་སྤྱོད་པས་ས་དེར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །ངེས་ཚིག་ནི། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མའི་ཆ་ཤས་ཐམས་ཅད་དང་བྲལ་བའི་ཕྱིར་ས་དེ་ལ་དྲི་མ་མེད་པ་ཞེས་བྱའོ། །ལྟུང་བའི་འཁྲུལ་པ་ཆ་ཕྲ་བ་རྣམས་ལ་ཡང་དྲན་པ་དང་ཤེས་བཞིན་གྱིས་ཤིན་ཏུ་ཟིན་པར་གནས་པ་ཡང་ཡིན་ནོ། །དུས་ཇི་སྲིད་དུ་འཇིག་རྟེན་པའི་ཏིང་ངེ་འཛིན་ཟད་པར་དང་རྣམ་ཐར་གྱིས་བསྡུས་པ་སོགས་མཐའ་དག་ལ་སྙོམས་པར་འཇུག་པ་དང༌། དེ་བཞིན་གཤེགས་པ་ལས་ཇི་སྐད་ཐོས་པའི་ཆོས་ཀྱི་དོན་ཀུན་སྐད་ཅིག་གཅིག་ལ་འཛིན་མི་ནུས་པ་དེ་སྲིད་དུ་ས་གཉིས་པ་ཁོ་ནའོ། །གང་གི་ཚེ་དེ་ལྟར་ནུས་པ་དེའི་ཚེ་ལྷག་པའི་སེམས་ཀྱི་བསླབ་པའི་ཡན་ལག་དེ་ཡོངས་སུ་རྫོགས་པས་ས་གསུམ་པར་རྣམ་པར་བཞག་གོ །ས་གསུམ་པ་དེ་ལ་བྱང་ཆུབ་སེམས་དཔའ། ཐོས་པས་མི་ངོམས་ཉིད་དང་ནི། །ཞེས་གསུངས་པ་ལྟར་མང་དུ་ཐོས་པ་བཟུང་བའི་ཕྱིར་དང༌། ཟད་པར་དང་ཟིལ་གནོན་ལ་སོགས་པ་འཇིག་རྟེན་པའི་ཏིང་ངེ་འཛིན་ཐམས་ཅད་མངོན་པར་སྒྲུབ་པའི་ནུས་པ་ཐོབ་པའི་ཕྱིར་དང༌། ཆོས་འཛིན་པའི་དཀའ་སྤྱད་ཀྱི་ཕྱིར་དུ་སྟོང་གསུམ་མེ་འོབས་ཀྱིས་གང་བ་བརྒལ་བ་ལ་སོགས་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་ཐམས་ཅད་བཟོད་པས་ན་ས་དེར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ནོ། །ངེས་ཚིག་ནི། འདིར་འཇིག་རྟེན་པའི་ཏིང་ངེ་འཛིན་དུ་སྨོས་པ་དེ་དག་ཐམས་ཅད་ལ་འཇུག་པའི་ནུས་པ་ཐོབ་པས་ས་དེ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་འབྱུང་བར་བྱེད་པས་ན་འོད་བྱེད་པ་ཞེས་བྱའོ། །ས་གསུམ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཟད་པར་ལ་སོགས་པའི་འཇིག་རྟེན་པའི་ཏིང་ངེ་འཛིན་མཐའ་དག་ཐོབ་ཀྱང་ཇི་སྲིད་དུ་སྔར་ས་དང་པོར་ཇི་ལྟར་ཐོབ་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་འབད་མེད་དུ་ལན་མང་དུ་གནས་པར་བྱེད་མི་ནུས་པ་དང༌། ཆོས་ལ་སྲེད་པ་དང་སྙོམས་པར་འཇུག་པའི་སེམས་ཀྱི་སྲེད་པ་བཏང་སྙོམས་སུ་བྱེད་མི་ནུས་པ་དེ་སྲིད་དུ་ས་གསུམ་པའོ། །གང་གི་ཚེ་དེ་ལྟར་ནུས་པ་དེའི་ཚེ་བྱང་ཆུབ་ཀྱི་ཕྱོགས་ལ་མཁས་པའི་ཤེས་རབ་བསླབ་པའི་ཡན་ལག་སྟེ་ཡོངས་སུ་རྫོགས་པས་ས་བཞི་པར་རྣམ་པར་བཞག་གོ །ས་བཞི་པ་དེ་ལ་བྱང་ཆུབ་སེམས་དཔའ་དུས་རྒྱུན་མི་འཆད་པར་ངག་གི་བརྗོད་པ་དང༌། ཡིད་ཀྱི་བརྗོད་པ་རྗོད་བྱེད་ཀྱི་སྒྲ་ལ་འཇུག ཡིད་ཀྱི་གཟུགས་བརྙན་གྱི་ཡུལ་ཅན་གྱི་རྟོག་པ་ཐམས་ཅད་ལས་ཡང་དག་པར་བཟླ་བའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་ལན་མང་དུ་གནས་པས་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ནོ། །ངེས་ཚིག་ལ་ས་དེ་ནི་ཉོན་མོངས་པའི་བུད་ཤིང་མཐའ་དག་བསྲེག་པར་ནུས་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་ཀྱི་ཡེ་ཤེས་ཀྱི་འོད་འཕྲོ་བ་ཤིན་ཏུ་ལྷག་པར་འབྱུང་བས་ན་འོད་འཕྲོ་བ་ཞེས་བྱའོ། །དེ་ལ་གནས་པའི་བྱང་སེམས་དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱིས་རྒྱུན་མི་འཆད་པར་གནས་པ་ཡིན་ནོ། །ཇི་སྲིད་དུ་བདེན་པ་བཞི་པོ་རྣམས་སྒོམ་པ་ན་འཁོར་བ་ལ་མི་ཕྱོགས་པ་དང༌། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་བླང་དོར་གྱི་སེམས་བཟློག་སྟེ་རྗེའི་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྐད་ཅིག་གཅིག་ལ་སྒོམ་མི་ནུས་པ་དེ་སྲིད་དུ་ས་བཞི་པའོ། །གང་གི་ཚེ་དེ་ལྟར་ནུས་པ་དེའི་ཚེ་བདེན་བཞི་ལ་མཁས་པའི་ཤེས་རབ་ཀྱི་བསླབ་པའི་ཡན་ལག་དེ་ཡོངས་སུ་རྫོགས་པས་ས་ལྔ་པར་རྣམ་པར་བཞག་གོ །ངེས་ཚིག་ནི། བདེན་བཞི་ལ་མཁས་པ་དེ་བས་ན་ས་དེ་ལ་སྙིང་རྗེའི་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་སོ་བདུན་བསྒོམ་པར་བྱེད་པའི་བློའི་རྒྱུན་གོམས་པར་བྱེད་པས་ན་ཤིན་ཏུ་སྦྱང་བར་དཀའ་བ་སེམས་ཅན་སྨིན་པར་བྱེད་པ་དང༌། ལོག་སྒྲུབ་ཀྱིས་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་སྟེ། དཀའ་བ་གཉིས་པོ་དེ་སྦྱངས་པས་ན་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱའོ། །ས་ལྔ་པ་དེ་ལ་བདེན་པ་བཞིའི་རྣམ་པ་སྒོམ་པ་ལན་མང་དུ་བྱེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །ས་ལྔ་པ་དེ་ཐབས་སྙིང་རྗེ་ཆེན་པོ་ཉིད་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྟོང་ཉིད་སྒོམ་པ་ལ་ལན་མང་དུ་གནས་པ་ཡང་མ་ཡིན་ནོ། །དུས་ཇི་སྲིད་དུ་གཞན་དོན་དུ་འཁོར་བར་འཇུག་པ་ན་གཞན་གྱི་སྡུག་བསྔལ་ལ་སོ་སོར་རྟོག་པས་སྐྱེ་བ་དང་ལྡན་པའི་སེམས་ཀྱི་རྒྱུད་ཀྱིས་སྡུག་བསྔལ་གྱི་མཚན་མ་འཛིན་པ་མེད་པར་གནས་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུ་ས་ལྔ་པའོ། །གང་གི་ཚེ་དེ་ལྟར་ནུས་པ་དེའི་ཚེ་རྟེན་འབྲེལ་ལ་མཁས་པའི་ཡན་ལག་ཏུ་ཡོངས་སུ་རྫོགས་པས་ས་དྲུག་པར་རྣམ་པར་བཞག་གོ །ས་དྲུག་པ་དེ་ལ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཁོ་ན་ཉིད་སྒོམ་པ་ལ་གཙོ་བོར་གནས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །ངེས་ཚིག་ནི། རྟེན་འབྲེལ་རྟོགས་པ་ལ་གནས་པ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བའི་ཕྱིར། ས་དེ་ལ་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་ཐམས་ཅད་མྱུར་དུ་ཐོབ་པ་མངོན་སུམ་གྱུར་པས་ན་མངོན་དུ་གྱུར་པ་ཞེས་བྱའོ། །ས་དྲུག་པ་དེ་ལ་ནི་བསྒྲིམས་ན་སྤྲོས་པའི་མཚན་མ་མེད་པར་གནས་པར་ནུས་པ་ཐོབ་པ་ཡིན་ནོ། །ཇི་སྲིད་དུ་བར་སྐབས་མེད་པར་གནས་པའི་མཚན་མ་མེད་པར་གནས་པ་ལ་མཉམ་པར་བཞག་མི་ནུས་པ་དེ་སྲིད་དུ་ས་དྲུག་པར་གཏོགས་སོ། །གང་གི་ཚེ་སྤྲོས་པའི་གོ་སྐབས་མེད་པར་མཉམ་པར་འཇོག་ནུས་པ་དེའི་ཚེ་ཇི་ཙམ་འདོད་ཀྱི་བར་དུ་མཚན་མ་མེད་པའི་ལྷག་མཐོང་སྒོམ་པའི་ཤེས་རབ་ཀྱི་ཡན་ལག་ཏུ་ཡོངས་སུ་རྫོགས་པས་ས་བདུན་པར་རྣམ་པར་བཞག་གོ །ས་བདུན་པ་དེ་ལ་བྱང་ཆུབ་སེམས་དཔའ་ཡོད་མེད་ལ་སོགས་པའི་མཚན་མ་ཐམས་ཅད་ཀྱང་མཚན་མ་མེད་པར་ཁོང་དུ་ཆུད་དོ། །འདི་ནི་མཚན་མ་ཉིད་ཀྱང་མཚན་མ་མེད་པར་རྟོགས་པའི་དོན་ནོ། །འོ་ན་རྗེས་ཐོབ་ཏུ་ཡང་ཡོད་མེད་ལ་སོགས་པའི་ཐ་སྙད་ཀྱང་མི་བྱེད་པར་འགྱུར་རོ་ཞེ་ན། རྗེས་ཐོབ་ཀྱི་ངོར་སྣང་ཙམ་ལ་བརྟེན་ནས་མཚན་མར་བྱེད་པའི་ཐ་སྙད་ཀྱང་འགོག་པར་མི་བྱེད་དོ། །མཚན་མར་བྱེད་པའི་ཐ་སྙད་མཚན་མ་མེད་པར་རྟོགས་ཀྱང་རྗེས་ཐོབ་ཏུ་མཚན་མའི་ཐ་སྙད་འགོག་པར་མི་བྱེད་པ་དེ་བས་ན་ས་དེ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །ངེས་ཚིག་ནི། ས་འདི་ལ་མཚན་མ་མེད་པའི་དོན་ལ་རྩོལ་མེད་དུ་ལྷུན་གྱིས་གྲུབ་པའི་ཚུལ་དུ་འཇོག་པའི་ལམ་ས་བརྒྱད་པ་དང་འབྲེལ་བའི་ཕྱིར། མཉམ་གཞག་གི་སྐད་ཅིག་མའི་ཕྲེང་བ་ཤིན་ཏུ་རིང་དུ་སོང་བས་རིང་དུ་སོང་བ་ཞེས་བྱའོ། །སྒྲ་དོན་འདི་ནི་དབུ་མ་རིན་པོ་ཆེའི་ཕྲེང་བ་ལས་བཤད་དོ། །ཡང་ན་རྩོལ་བཅས་ཀྱི་སྦྱོར་བའི་མཐར་ཕྱིན་པས་རིང་དུ་སོང་བའོ་ཞེས་བྱ་བ་ནི་གཞན་ལས་བཤད་དོ། །ས་བདུན་པ་ལ་གནས་པ་དེ་རྩོལ་བ་བྱས་ན་མཚན་མ་ཕྲ་མོའི་གོ་སྐབས་ཀྱང་མེད་པར་མཚན་མ་མེད་པ་ལ་གནས་པའང་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་འབད་རྩོལ་ལ་མ་ལྟོས་པར་ལྷུན་གྱིས་གྲུབ་པས་འཇུག་པའི་མཚན་མ་མེད་པར་རྟོགས་པའི་ཏིང་ངེ་འཛིན་ལ་གནས་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུ་ས་བདུན་པའོ། །གང་གི་ཚེ་དེ་ལྟར་ནུས་པ་དེའི་ཚེ་རྩོལ་བཅས་ཀྱི་མཚན་མེད་ཀྱི་ཏིང་ངེ་འཛིན་སྒོམ་པའི་ཡན་ལག་ཏུ་ཡོངས་སུ་རྫོགས་པས་ས་བརྒྱད་པར་རྣམ་བཞག་གོ །ས་དེ་ལ་འབད་རྩོལ་ལ་མ་ལྟོས་པས་ལྷུན་གྱི་གྲུབ་པར་རྗེས་ཐོབ་ཏུ་སེམས་ཅན་གྱི་དོན་ལ་ལྷག་པར་འདུན་པས་དགེ་བའི་ཕྱོགས་ལ་སྦྱོར་བས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །སའི་ངེས་ཚིག་ནི། སྤྲོས་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་ལ་འབད་པའི་རྩོལ་བས་མི་བསྐྱོད་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། །ས་དེ་ལ་ནི་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་མཚན་མ་མེད་པ་ལ་གནས་པ་ཡིན་ནོ། །ཇི་སྲིད་དུ་མིང་གི་རྣམ་གྲངས་དང༌། ངེས་པའི་ཚིག་དང༌། ཆོས་ཀྱི་རབ་ཏུ་དབྱེ་བ་ལ་སོགས་པའི་རབ་ཏུ་དབྱེ་བས་རྣམ་པ་ཐམས་ཅད་དུ་སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཆོས་སྟོན་པ་ལ་དབང་དུ་གྱུར་པར་མི་ནུས་པ་དེ་སྲིད་དུ་ས་བརྒྱད་པའོ། །གང་གི་ཚེ་དེ་ལྟར་ནུས་པ་དེའི་ཚེ་ས་དེ་མཐར་ཕྱིན་པར་བྱེད་པ་ཡན་ལག་ཏུ་ཡོངས་སུ་རྫོགས་པས་ས་དགུ་པར་རྣམ་པར་བཞག་གོ །ས་དེ་ལ་བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པ་བཞིའི་ཁྱད་པར་ཐོབ་པས་ཤེས་རབ་ཀྱི་སྟོབས་ཀྱི་ཁྱད་པར་གཞན་ལས་ཕུལ་དུ་བྱུང་བ་དང་ལྡན་པས་ན་ས་དེར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །ངེས་པའི་ཚིག་ནི། རྣམ་པ་ཐམས་ཅད་དུ་སོ་སོ་ཡང་དག་པར་རིག་པ་བཞིའི་སྒོ་ནས་ཆོས་སྟོན་པ་ལ་མཁས་པའི་ཕྱིར། ཆོས་ཀྱི་ཚིག་དོན་ལ་མི་མཁས་པའི་ཁ་ན་མ་ཐོ་བ་མེད་པའི་བློ་གྲོས་ཀྱི་ཁྱད་པར་གཞན་ལས་ཆེས་ཆེར་ཕུལ་དུ་བྱུང་བ་དང་ལྡན་པ་ཐོབ་པས་ས་དེ་ལ་ལེགས་པའི་བློ་གྲོས་ཞེས་བྱའོ། །ས་དེ་ལ་སོ་སོ་ཡང་དག་པར་རིག་པ་བཞི་རྗེས་མཐུན་པ་ཐོབ་པ་ཡང་ཡིན་ནོ། །མཚན་ཉིད་པ་ནི་མ་ཐོབ་སྟེ་དྲི་བ་ཀུན་གྱི་ལན་འདེབས་པར་མི་ནུས་པས་སོ། །གལ་ཏེ་ནུས་ན་སངས་རྒྱས་སུ་ཐལ་བར་འགྱུར་རོ། །ཇི་སྲིད་དུ་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་པ་དང༌། འཕགས་པའི་འཁོར་ཕུན་སུམ་ཚོགས་པས་ཡོངས་སུ་བསྐོར་བ་དང༌། མཆོག་གི་སྤྲུལ་པ་ལ་སོགས་པ་མཛད་པ་བཅུ་གཉིས་བསྟན་པ་དང༌། ཐེག་པ་ཆེན་པོའི་ཆོས་ལ་ཡོངས་སུ་རྫོགས་པར་ལོངས་སྤྱོད་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་མི་ནུས་པ་དེ་སྲིད་དུ་ས་དགུ་པའོ། །གང་གི་ཚེ་དེ་ལྟར་ནུས་པ་དེའི་ཚེ་ས་དགུ་པ་དེ་མཐར་ཕྱིན་པའི་ཡན་ལག་ཏུ་ཡོངས་སུ་རྫོགས་པས་ས་བཅུ་པར་རྣམ་པར་བཞག་གོ །འདི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་པར་སྟོན་པ་སོགས་ས་བཅུ་པའི་གནས་སྐབས་འདིར་ནུས་པ་ཐོབ་པ་ཡིན་ལ། སངས་རྒྱས་ཀྱི་སར་མངོན་དུ་འགྱུར་བ་ཡིན་ནོ། །དཔེར་ན་མཐོང་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་མངོན་དུ་གྱུར་པའི་ནུས་པ་ཐོབ་ཀྱང་སྒོམ་ལམ་ནས་མངོན་དུ་འགྱུར་བ་བཞིན་ནོ། །མཐོང་ལམ་ནས་ཐོབ་པ་ཡང་འདི་སྐད་དུ། མདོ་སྡེ་རྒྱན་ལས། རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ། །རྟག་ཏུ་མཐོང་བའི་ལམ་དེ་དང༌། །ལྷན་ཅིག་ཏུ་ནི་ཐར་པར་འདོད། །ཅེས་སོ། །འདི་དག་ས་བཅུ་པ་ལ་མངོན་དུ་གྱུར་པར་མ་འཁྲུལ་ཅིག ས་བཅུ་པ་དེ་ན། མཆོག་གི་སྤྲུལ་པ་ལ་སོགས་པ་མཛད་པ་བཅུ་གཉིས་སྟོན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པའི་ཁྱད་པར་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །ལྡན་པ་ནི་གསུམ་སྟེ། ས་བོན་དང་ལྡན་པ་དང༌། དབང་དང་ལྡན་པ་དང༌། ཀུན་ཏུ་འབྱུང་བ་དང་ལྡན་པའོ། །འདིར་སྨོས་པའི་ལྡན་པ་ནི་དབང་ལྡན་ལ་བཟུང་ངོ༌། །ངེས་ཚིག་ནི། ས་དེ་ལ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་སྟོན་པའི་ཡེ་ཤེས་ཀྱི་སྤྲིན་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཀྱི་ཆར་འབེབས་པས་ན་ཆོས་ཀྱི་སྤྲིན་ཞེས་བྱའོ། །གཞན་ཡང་ཟག་མེད་ཀྱི་ཕུང་པོ་ཡོངས་སུ་དག་པ་ལ་སོགས་པའི་རྣམ་པར་གཞག་པ་རྣམས་ཀྱིས་སའི་བྱེ་བྲག་རྣམ་པར་བཞག་པ་ཡང་ཡོད་དེ། ཡི་གེ་མང་གི་དོགས་ནས་འདིར་མ་བྲིས་སོ་ཞེས་སོ། །ཅུང་ཟད་བཤད་ན་ས་དང་པོར་ཟག་བཅས་ཀྱི་ཕུང་པོའི་ཆོས་ཉིད་ཡོངས་སུ་རྟོགས་ནས་ས་གཉིས་པ་ནས་བཅུ་གཅིག་གི་བར་དུ་ཟག་མེད་ཀྱི་ཕུང་པོ་ལྔ་སྦྱོང་བ་ལས་ས་གཉིས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་སྦྱོང་ངོ༌། །ས་གསུམ་པ་ལ་ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ས་བཞི་པ་དང་ལྔ་པ་དང་དྲུག་པ་གསུམ་ལ་ཤེས་རབ་ཀྱི་ཕུང་པོ་སྦྱོང་ངོ༌། ས་བདུན་པ་ནས་སངས་རྒྱས་ཀྱི་སའི་བར་ལ་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྦྱོང་ངོ་ཞེས་མདོ་སྡེ་རྒྱན་ལས་བཤད་དོ། །ས་བཅུ་པའི་བྱང་ཆུབ་སེམས་དཔའ་དེས་མཆོག་གི་སྤྲུལ་པ་ལ་སོགས་པ་སྟོན་པའི་དབང་ཐོབ་ཀྱང་ཇི་སྲིད་དུ་ཤེས་བྱ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཉོན་མོངས་པའི་བག་ལ་ཉལ་ཕྲ་མོ་ཡང་སྤངས་པས་ཆགས་པ་མེད་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་པས་ཐོགས་པ་མེད་པའི་ཡེ་ཤེས་བསྐྱེད་པར་མི་ནུས་པ་དེ་སྲིད་དུ་ས་བཅུ་པའོ། །གང་གི་ཚེ་ནུས་པ་དེའི་ས་བཅུ་པ་མཐར་ཕྱིན་པར་བྱེད་པའི་ཡན་ལག་ཏུ་ཡོངས་སུ་རྫོགས་པས་སངས་རྒྱས་ཀྱི་སར་རྣམ་པར་གཞག་གོ །ས་དང་པོ་ནས་བཟུང་སྟེ་ས་བཅུ་གཅིག་བར་གྱི་སའི་རྣམ་པར་གཞག་པ་འདི་ནི་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་བསྟན་ཏོ། །གསུམ་པ་མཐར་ཐུགས་སངས་རྒྱས་ཀྱི་ས་བཤད་པ་ལ་གཉིས་ཏེ། སངས་རྒྱས་ཀྱི་ས་སྤྱིའི་ངོ་བོ། ཡོན་ཏན་གྱི་རྣམ་གྲངས་སོ། །དང་པོ་ནི། སངས་རྒྱས་ཀྱི་སའི་རྣམ་པར་བཞག་པ་འདི་ནི་སྤང་རྟོགས་ཕུན་སུམ་ཚོགས་པའི་རྣམ་པ་སྟེ་ཆ་ཤས་ཐམས་ཅད་ཀྱང་འཕགས་པ་གཞན་མཐའ་དག་གི་ཡོན་ཏན་གྱི་རབ་ཀྱི་མཐར་ཕྱིན་པའི་ཕྱིར། ས་འདི་ལས་གོང་ན་ཁྱད་པར་དུ་འཕགས་པའི་གནས་སྐབས་གཞན་མེད་པས་དེ་ཕན་ཆད་སར་རྣམ་པར་གཞག་པ་མེད་དོ། །གཉིས་པ་ཡོན་ཏན་གྱི་རྣམ་གྲངས་ལ་རབ་དབྱེ་བསྟན་པ་དང༌། དེ་ལུང་དང་སྦྱར་བའོ། །དང་པོ་ནི། སངས་རྒྱས་ཀྱི་ས་དེའི་ཡོན་ཏན་གྱི་ཕྱོགས་ཀྱི་གསལ་བའི་རབ་ཏུ་དབྱེ་བ་ནི་གྲངས་དང་ཚད་ཀྱིས་དཔག་ཏུ་མེད་པས་རྣམ་པ་ཐམས་ཅད་རྫོགས་པར་བརྗོད་པར་སངས་རྒྱས་རྣམས་ཀྱིས་ཀྱང་མི་སྤྱོད་ན་བདག་ཀ་མ་ལ་ཤཱི་ལ་འདྲ་བས་རྫོགས་པར་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱའོ། །གཉིས་པ་ནི། སངས་རྒྱས་ཀྱི་ཡོན་ཏན་གཞན་གྱིས་དཔག་མི་ནུས་པ་དེ་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས་བཀའ་སྩལ་པ་ལྟ་བུའོ། །ཇི་ལྟ་བུ་ཞེ་ན། ས་བཅུའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ཤིན་ཏུ་བརྟགས་ཀྱང་རང་བྱུང་སངས་རྒྱས་དག་གི་ཡོན་ཏན་རྣམས་ཀྱི་ཕྱོགས་ཙམ་གཅིག་ཀྱང་མི་རྟོགས་པས་ན་སངས་རྒྱས་རྣམས་དང་ཆོས་རྣམས་ཀྱི་ཡོན་ཏན་གཞན་གྱིས་བསམ་གྱིས་མི་ཁྱབ་བོ། །ཞེས་བཀའ་སྩལ་པ་ལྟ་བུའོ་ཞེས་སོ། །འོ་ན་ཅུང་ཟད་ཅི་ཡང་བརྗོད་པར་མི་ནུས་སམ་ཞེ་ན། མདོར་བསྡུ་ན་འདི་ཙམ་ཞིག་བརྗོད་པར་ནུས་ཏེ། བདག་གི་དོན་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པ་གཟུགས་ཀྱི་སྐུ་བརྙེས་པ་ཞེས་བྱའོ། །དེ་ཇི་ལྟ་བུ་ཞེ་ན། རྟོགས་པ་རབ་ཀྱི་མཐར་ཕྱིན་པ་དང༌། ཉེས་པ་མ་ལུས་པ་བསལ་བའི་སྤངས་པ་རབ་ཀྱི་མཐར་ཕྱིན་པའོ། །རང་གཞན་གྱི་དོན་མཐར་ཐུག་པ་བརྙེས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་དག་པ་གཉིས་ལྡན་གྱི་རང་དོན་ཆོས་ཀྱི་སྐུ་ལ་བཞུགས་ཏེ་སྔོན་གྱི་སྨོན་ལམ་གྱི་མཐུས་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུས་ཉི་ཚེ་བ་མ་ཡིན་པར་འགྲོ་བ་མ་ལུས་པའི་དོན་མཛད་ཅིང་གཞན་དོན་དུ་བཞུགས་སོ། །ཚུལ་ཇི་ལྟར་དུ་ཞེ་ན། འབད་རྩོལ་ལ་མ་ལྟོས་པར་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་སོ། །དུས་ཇི་ཙམ་གྱི་བར་དུ་ཞེ་ན། འཁོར་བ་ཇི་སྲིད་གནས་ཀྱི་བར་དུའོ། །རང་དོན་མཐར་ཐུག་དང༌། གཞན་དོན་མཐར་ཐུག་གཉིས་དང་ལྡན་པ་དེ་བས་ན་རྟོག་པ་དང་དཔྱོད་པ་དང་ལྡན་པ་རྣམས་ཀྱིས་སྟོབས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོན་ཏན་ཡོད་པར་མཐོང་ནས་དང་བའི་དད་པ་བསྐྱེད་པ་དང༌། ཡོན་ཏན་ཡོད་པ་ལ་ཡིད་ཆེས་པའི་དད་པ་བསྐྱེད་ལ་འདོད་པའི་དད་པས་སངས་རྒྱས་དེ་དག་གི་ཡོན་ཏན་ཡོངས་སུ་སྒྲུབ་པའི་ཕྱིར་དུ་ལུང་ངག་ཡིད་གསུམ་སྒོའི་རྣམ་པ་ཐམས་ཅད་ཀྱིས་རབ་ཏུ་འབད་པར་བྱའོ། །ངོ་བོ་ཉིད་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་སྐུ་གསུམ་གྱི་རྣམ་པར་དབྱེ་བ་ནི་ཡི་གེ་མང་དུ་དོགས་ནས་འདིར་མ་བྲིས་སོ། །སྒོམ་པའི་རིམ་པ་བཤད་པ་རྫོགས་སོ། །གསུམ་པ་བཤད་པའི་བསོད་ནམས་བསྔོ་བ་ནི། ཐེག་པ་ཆེན་པོའི་མདོ་སྡེ་དག་གི་ཚུལ་གྱི་ལུགས་དང་མཐུན་པའི་སྒོམ་པ་རིམ་པ་མ་ནོར་བ། ལོག་རྟོག་གི་མཐའ་ཐམས་ཅད་དང་བྲལ་བ། ལུང་དང་རིགས་པས་ལེགས་པར་གྲུབ་པ། རྒྱལ་བའི་སྲས་ཀྱི་ལམ་གྱི་རིམ་པ་ཉམས་སུ་ལེན་པའི་ཚུལ་འདི་ལེགས་པར་བཤད་པས་མྱུར་དུ་ཐོབ་པར་ཤོག ཅེས་བྱའོ། །གང་ན། སངས་རྒྱས་ཀྱི་གོ་འཕང་ངོ༌། །སུ་ཞིག་གིས་ཞེ་ན། ཆེད་དུ་བྱ་བ་འགྲོ་བ་ཀུན་གྱིས་སོ། །རྒྱུ་གང་གིས་ཞེ་ན། བཤད་པའི་བསོད་ནམས་རྒྱ་ཆེན་ཐོབ་པ་གང་ཡིན་པ་དེས་སོ། །ཐེག་པ་ཆེན་པོའི་ལམ་སྒོམ་པའི་རིམ་པ་སློབ་དཔོན་པདྨའི་ཚུལ་ཁྲིམས་ཀྱིས་དང་པོར་མཛད་པའོ། །སྒྱུར་བྱེད་གང་གིས་བསྒྱུར་བ་ནི། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་སྟེ། ཤེས་རབ་གོ་ཆ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷ་ཡེ་ཤེས་སྡེ་དང༌། ཀ་བ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང༌། སློབ་དཔོན་ཉིད་ལ་ཞུས་ཏེ་བཤད་པས་དག་པར་གཏན་ལ་ཕབ་པའོ། །ཧྭ་ཤང་མཧཱ་ཡ་ནའི་རྗེས་སུ་འཇུག་པ་རྣམས་དང༌། བོད་སྔ་མ་ཕལ་ཆེ་བའི་སྒོམ་པའི་རིམ་པ་རྣམས་འཁྲུལ་བར་མཐོང་ནས་དེ་དག་གི་འཁྲུལ་བའི་གནས་བཟློག་ནས་མ་ནོར་བའི་སྒོམ་པའི་རིམ་པ་ལུང་དང་རིགས་པས་ཤིན་ཏུ་གྲུབ་པའི་བསྟན་བཅོས་རྩོམས་ཤིག་ཅེས་མངའ་བདག་དཔལ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཀའ་སྩལ་ནས། འཕགས་པའི་ཡུལ་གྱི་མཁས་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་འགྲན་པའི་ཟླ་དང་བྲལ་ཞིང༌། སྦྱོར་ལམ་བཟོད་པའི་སྤང་རྟོགས་བརྙེས་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་སྒོམ་པའི་རིམ་པ་མདོར་བསྡུས་པ་འདི་བགྱིས་སོ། །ཐམས་ཅད་མཁྱེན་པའི་ལམ་ཟབ་མ་ནོར་རབ་བརྗོད་པ། །མཁྱེན་པའི་ཆར་སྤྲིན་ལེགས་བཤད་འབྲུག་སྒྲ་ཅན། །ལུང་རིགས་གློག་ཕྲེང་རབ་ཏུ་གཡོ་བ་ཡིས། །ལོག་རྟོག་མུན་པ་རིང་དུ་སྤོང་བྱེད་ཅིང༌། །རྒྱལ་སྲས་སྤྱོད་པའི་འཇུག་ངོགས་ཆུ་གཏེར་ཆེ། །བླ་མེད་ཡོན་ཏན་ཐོབ་པའི་དཔལ་མངའ་ཞིང༌། །ཀུན་ཏུ་མི་ཟད་ཆོས་ཚུལ་ཟབ་མོའི་གཏེར། །ཟབ་མོའི་སྣང་བྱེད་ཉིན་བྱེད་འོད་འབར་བ། །སྔོན་མེད་ལེགས་བཤད་འདབ་བརྒྱ་རྣམ་འབྱེད་ཅིང༌། །མཁས་མང་བློ་ཡི་ལེགས་བཤད་དགའ་སྟོན་འགྱེད། །མཁས་པའི་དེད་དཔོན་བློ་ཡི་ཆུ་གཏེར་ལས། །སྔོན་མེད་འཁྲུངས་པའི་ལེགས་བཤད་འདབ་བརྒྱ་པ། །དགོངས་དོན་གེ་སར་སྙིང་པོ་གསལ་བའི་རྒྱན། །སྐྱོན་བྲལ་ཚིག་གིས་དོན་བཟང་རབ་ཏུ་བཤད། །བླ་མེད་བྱང་ཆུབ་མཆོག་ཏུ་བགྲོད་པའི་ལམ། །མ་ནོར་གསལ་བར་སྟོན་པའི་བསྟན་བཅོས་ཀྱི། །དགོངས་པ་མ་ནོར་ཇི་བཞིན་བཤད་པ་ཡི། །དགེ་བ་གང་གིས་བྱང་ཆུབ་མཆོག་ཐོབ་ཤོག །ལམ་གྱི་རིམ་པའི་གནད་ཀྱི་མན་ངག་གི །ལེགས་བཤད་གཏམ་གྱིས་རབ་ཏུ་སྐལ་གྱུར་པ། །ཚིག་གི་སྤྲོས་པའི་ཁུར་གྱིས་རབ་ལྕི་ཞིང༌། །དོན་མེད་སྦུན་པ་འཕྱར་བ་ངལ་མཐོང་ནས། །ཕ་རོལ་ཡང་དག་ལམ་ལ་གཞུག་པའི་ཕྱིར། །བླང་དོར་ཚུལ་བཞིན་རྣམ་འབྱེད་བདག་གིས་བཤད། །ཞི་གནས་ལྷག་མཐོང་གནད་ཀྱི་མན་ངག་རྣམས། །ཚུལ་བཞིན་རྟོགས་པར་འདོད་པས་འདིར་འཇུག་རིགས། །འདིར་བཤད་དགེ་བ་རབ་དཀར་ཟླ་འོད་ཀྱིས། །སྲིད་གསུམ་མུན་པ་མ་ལུས་རབ་བསལ་ཞིང༌། །ཡང་དག་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །སྲིད་ལ་སྲིད་པའི་བར་དུ་བགྲོད་པའི་དོན། །གངྒཱའི་ཆུ་ཀླུང་བཞིན་དུ་འཇུག་གྱུར་ཅིང༌། །དཔག་ཡས་ཡོན་ཏན་འབྱོར་པ་རབ་རྒྱས་པ། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །འཛམ་བུའི་གླིང་ན་མཁས་པ་མཆོག་ཏུ་གྱུར་པར་རབ་ཏུ་བསྔགས་པ་སློབ་དཔོན་ཀ་མ་ལ་ཤཱི་ལ་ལ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་རབ་ཏུ་བསྐུལ་ནས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ལ་ཀུན་ཏུ་རྨོངས་པ་རྣམས་བསལ་བའི་ཕྱིར་དུ་སྒོམ་རིམ་དང་པོ་མཛད་པའི་རྣམ་བཤད་ཞི་གནས་དང་ལྷག་མཐོང་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་འདི་ནི། སྒྲུབ་པ་སྙིང་པོར་བྱེད་པའི་མཁས་པ་དང༌། བསམ་གཏན་པ་དུ་མས་ཡོངས་སུ་བསྐུལ་བའི་ངོར། མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང༌། གསུང་རབ་ཀྱི་དོན་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ། རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་མཐའ་ཡས་པའི་འགྲོ་བ་དུ་མ་རྗེས་སུ་གཟུང་བའི་དོན་དུ་སྒོམ་རིམ་དང་པོའི་དགོངས་པ་ཚུལ་བཞིན་དུ་བཀྲལ་ནས་ལྷག་པའི་བསམ་པ་རྣམ་པར་དག་པས་བགྱིས་སོ། །ཞི་གནས་དང་ལྷག་མཐོང་སྒོམ་པར་འདོད་པའི་སྐྱེས་བུ་དག་གིས་འདི་ཉན་པ་དང༌། འཆད་པ་དང༌། སྒོམ་པ་དག་གིས་མྱུར་དུ་འཕགས་པའི་གོ་འཕང་ཐོབ་པར་གདོན་མི་ཟ་བས་ན་འདི་ལ་འབད་པར་བྱའོ་ཞེས་གདམས་སོ། །རྒྱ་གར་ཤར་ཕྱོགས་ས་ད་ན་ག་རི་སྟེ། གྲོང་ཁྱེར་དམ་པའི་མཁས་པ་ཆེན་པོ་བ་ན་རཏྣ་མཧཱ་སྠ་ཝི་རའི་མན་ངག་ལ་བརྟེན་ནས་ཀྱང་གནད་ཀྱི་མན་ངག་རྣམས་འདིར་བྲིས་པ་ཤིན་ཏུ་ཡིད་ཆེས་པའི་གནས་སུ་གྱུར་ཏོ། །བརྡ་ཡིག་བཞུགས། འདི་ནི་ཤྲཱི་པུཎྱ་མ་ཏིའི་དཔེའོ། །ཞུས་དག་གོ།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*