༄༅། །སྒོམ་རིམ་བར་པའི་འགྲེལ་པ་གནད་ཀྱི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ།།
ཞི་གནས་དང་ལྷག་མཐོང་གི་མན་ངག་གནད་ཀྱི་ཟླ་ཟེར་ཞེས་བྱ་བ། གཙུག་ན་ཟླ་བ་ཟླ་བའི་འོད་ཀྱིས་ཞབས་ཀྱི་འཁོར་ལོ་རབ་མཛེས་ཤིང༌། །འཇིག་རྟེན་ལྷ་བརྒྱའི་གཙུག་གི་ནོར་བུའི་ཅོད་པན་དག་གིས་རབ་འདུད་པ། །མཁྱེན་པའི་ཉི་འོད་རབ་རྒྱས་མ་ལུས་ཤེས་བྱའི་དཀྱིལ་འཁོར་སྣང་བྱེད་ཅིང༌། །བློ་གྲོས་སྤོབས་པ་སྦྱིན་མཛད་བློ་གཏེར་གངས་རིའི་མདོག་ཅན་ལ་ཕྱག་འཚལ། །རིགས་པའི་ཁྱབ་འཇུག་མདུང་ཐུང་འཁོར་ལོས་ཕས་རྒོལ་སྤོབས་པ་འཇོམས་མཛད་ཅིང༌། །མཁྱེན་རབ་ཐུགས་རྗེའི་སྤྲིན་ལས་འགྲོ་ལ་ལེགས་བཤད་བདུད་རྩིའི་དགའ་ཆར་འབབ། །སྨྲ་བའི་གདོང་ལྔ་དངོས་སྨྲའི་རི་དྭགས་མ་ལུས་རབ་ཏུ་སྐྲག་མཛད་པ། །ཀུན་མཁྱེན་ངག་གི་དབང་པོ་འཕྲོག་བྱེད་པདྨའི་ངང་ཚུལ་ལ་ཕྱག་འཚལ། །རྨད་བྱུང་དོན་བཟང་སྣང་བྱེད་ངག་གི་འོ་མའི་ཆུ་མཚོ་མངོན་གྱུར་ཅིང༌། །མཁས་པ་ངང་པའི་དེད་དཔོན་རྣམ་པར་རོལ་པའི་བཞིན་གྱི་མཚོ་སྐྱེས་དཔལ། །བསིལ་བྱེད་ཟླ་བའི་ལམ་ལ་བགྲོད་ལྡན་ཞི་བའི་གོ་འཕང་མཆོག་ཏུ་ཐོབ་མཛད་པ། །གསུང་རབ་ཀུན་གྱི་སྙིང་པོའི་དོན་ལྡན་རྣམ་པར་དབྱེ་ལ་འཇུག་པར་བྱ། །སྒོམ་པའི་རིམ་པ་བར་པ་ལ་དོན་གཉིས་ཏེ། མཚན་དོན་བཤད་པ་དང༌། གཞུང་གི་དོན་དངོས་སོ། །དང་པོ་ནི། རྒྱ་གར་གྱི་སྐད་དུ། བྷ་བ་ན། བོད་སྐད་དུ། སྒོམ་པའོ། །ཀྲ་མ་ནི་རིམ་པའོ། །ཨཱ་ཙཱརྻ་ནི་སློབ་དཔོན་ནོ། །ཀ་མ་ལ་ཤཱི་ལ་ནི་པདྨ་ཚུལ་ཁྲིམས་སོ། །དེས་བར་དུ་མཛད་པ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ལོ་ཙཱ་བས་བཀོད་པའོ། །གཉིས་པ་གཞུང་གི་དོན་ལ་ལྔ་སྟེ། རྩོམ་པར་དམ་བཅའ་བ་དང༌། སྒོམ་པའི་རིམ་པ་བཤད་པ་དང༌། བསྒོམས་པའི་འབྲས་བུ་དང༌། དེ་བླང་བར་གདམས་པ། དེའི་བསོད་ནམས་བསྔོ་བའོ། །དང་པོ་ནི། ཐེག་དམན་ལས་ཁྱད་པར་དུ་འཕགས་པ་ཟབ་པ་དང་རྒྱ་ཆེ་བའི་དོན་ཅན་ཐེག་པ་ཆེན་པོའི་མདོ་སྡེའི་ཚུལ་ལ་འཇུག་པར་འདོད་པ་རྣམས་ཀྱི་ཉམས་སུ་བླང་བྱ་ཐེག་ཆེན་གྱི་ལམ་སྒོམ་པའི་རིམ་པ་མཐའ་ཡས་པ་ཡོད་ཀྱང་མདོར་བསྡུས་ཏེ་སྒོམ་པའི་ཡན་ལག་ཡོངས་སུ་ཚང་བ་རྨད་དུ་བྱུང་བ་བཤད་པར་བྱའོ། །གཉིས་པ་ལ་གསུམ་སྟེ། སྒོམ་པ་ལྷུར་ལེན་པ་བསྟན་པ། སྒོམ་པའི་ཐབས་བཤད་པ། དོན་ཉེ་བར་བསྡུ་བའོ། །དང་པོ་ལ་གསུམ་སྟེ། རྒྱུ་རྐྱེན་ཚོགས་པ་ལ་འཇུག་པར་གདམས་པ། རྒྱུ་རྐྱེན་སྟོན་པའི་ལུང་དང༌། སྐབས་ལ་ཉེ་བར་སྦྱར་བའོ། །དང་པོ་ལ་གཉིས་ཏེ། གདམས་པ་མདོར་བསྟན་པ་དང༌། འབྲས་བུ་རྒྱུ་རྐྱེན་ལ་ལྟོས་པར་བསྟན་པའོ། །དང་པོ་ནི། ཐེག་ཆེན་གྱི་ལམ་ལ་འཇུག་པ་འདི་ལ་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉན་ཐོས་ལྟར་མ་ཡིན་པར་ཤིན་ཏུ་མྱུར་དུ་ཐོབ་པར་འདོད་པའི་རྟོག་པ་དང་ལྡན་པས་འབྲས་བུ་རྣམ་མཁྱེན་དེ་ཐོབ་པར་བྱེད་པའི་རྒྱུ་རྣམས་དང་རྐྱེན་རྣམས་ལ་ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་པས་མངོན་པར་བརྩོན་པར་བྱའོ། །གཉིས་པ་འབྲས་བུ་རྒྱུ་རྐྱེན་ལ་ལྟོས་པར་བསྟན་པ་ལ་གཉིས་ཏེ། རྒྱུ་རྐྱེན་ལ་མི་ལྟོས་པ་ཐལ་འགྱུར་གྱིས་དགག་པ། བཟློག་པ་རང་རྒྱུད་ཀྱིས་བསྒྲུབ་པའོ། །དང་པོ་ནི། སངས་རྒྱས་འབྱུང་བའི་རྒྱུ་རྐྱེན་ལ་སློབ་དགོས་པ་འདི་ལྟར། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ནི་རྒྱུ་མེད་པ་ལས་འབྱུང་བར་མི་རུང་སྟེ། གལ་ཏེ་རྒྱུ་མེད་ལས་འབྱུང་ན་གང་ཟག་ཐམས་ཅད་ཀྱང་དུས་དང་གནས་སྐབས་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཁྱབ་པ་བསྟན་པ་ནི། རྒྱུ་ལ་ལྟོས་པ་མེད་པར་འབྱུང་ན་ནི་ཡུལ་དུས་གང་རུང་དུ་ཡང་འབྱུང་བའི་སྐྱེ་བ་ཐོགས་པར་མི་རུང་སྟེ། སྐྱེ་བ་རྒྱུ་རྐྱེན་ཚོགས་པ་ལ་ལྟོས་མི་དགོས་པས་སོ། །གཞན་ཡང་རྒྱུ་རྐྱེན་ལ་མི་ལྟོས་པར་འབྱུང་ན་གང་ཟག་ཐམས་ཅད་ཀྱང་གང་གིས་ན་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར། རྒྱུ་ལ་མི་ལྟོས་ན་སྐྱེ་བ་ཐོགས་པ་མི་རུང་བ་དེ་བས་ན་དངོས་པོ་འགའ་ཞིག་ཡུལ་ལ་ལར་དུས་བརྒྱ་ལམ་ན་ལན་འགའ་ཞིག་འབྱུང་དུ་ཟད་པས་དངོས་པོ་ཐམས་ཅད་རྒྱུ་ལ་ལྟོས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་སོ། །དཔེར་ན་མེ་གཅིག་བུད་ཤིང་ལས་སྐྱེ་བར་གྲུབ་ན་དེའི་རིགས་ཅན་གཞན་ཐམས་ཅད་ཀྱང་བུད་ཤིང་ལས་སྐྱེ་བར་གྲུབ་པ་བཞིན་ནོ། །འདི་ནི་རང་བཞིན་ཁྱད་མེད་ཀྱི་རྟགས་ཀྱིས་དངོས་པོ་གཅིག་རྒྱུ་ལས་སྐྱེ་བར་གྲུབ་པ་ན་དངོས་པོ་གཞན་ཐམས་ཅད་ཀྱང་རྒྱུ་ལས་སྐྱེ་བར་གྲུབ་པའི་དོན་ནོ། །ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཡུལ་ལ་ལར་ཚོགས་གཉིས་ལ་ནན་ཏན་བྱེད་པའི་དུས་བརྒྱ་ལམ་ན་ལན་འགའ་ཞིག་འབྱུང་བར་འགྱུར་ཏེ། དུས་ཐམས་ཅད་དུ་འབྱུང་བ་མ་ཡིན། གནས་སྐབས་ཐམས་ཅད་དུ་ཡང་འབྱུང་བ་མ་ཡིན་པས་ན་རྒྱུ་ལས་རེས་འགའ་བར་གྲུབ་བོ། །གྲུབ་པ་དེའི་ཕྱིར། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ནི་རྒྱུ་དང་རྐྱེན་ལ་ལྟོས་པར་ངེས་སོ། །གལ་ཏེ་རྒྱུ་རྐྱེན་ཡོད་ཙམ་གྱིས་འབྱུང་ངམ་ཞེ་ན། རྒྱུ་དང་རྐྱེན་དེ་དག་གི་ནང་ནས་ཀྱང་ཐམས་ཅད་མཁྱེན་པའི་རྒྱུ་མ་ནོར་ཞིང༌། རྒྱུ་རྐྱེན་མ་ཚང་བ་མེད་པ་རྣམས་རྒྱུད་ལ་བསྟེན་པར་བྱའོ། །ཐམས་ཅད་མཁྱེན་པའི་རྒྱུ་མ་ཡིན་པ་ལ་རྒྱུར་བསམས་ནས་རྒྱུ་ནོར་པ་ལ་ནན་ཏན་བྱས་ན་ནི་དུས་ཡུན་རིང་མོ་ཞིག་གིས་འབད་པས་དུས་འདའ་བར་བྱེད་ཀྱང་མངོན་པར་འདོད་པའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཐོབ་པ་མེད་དེ། དཔེར་ན་འོ་མའི་རྒྱུ་མ་ཡིན་པ་རྭ་ལས་འོ་མ་བཞོ་བ་ལ་འབད་པ་བཞིན་ནོ། །རྒྱུ་མ་ནོར་བ་ལ་སྤྱད་པ་ཙམ་གྱིས་ཆོག་གམ་ཞེ་ན། རྒྱུ་མཐའ་དག་མ་སྤྱད་པ་ཁ་ཡར་བ་ཙམ་ལས་ཀྱང་འབྲས་བུ་འབྱུང་བ་མེད་དེ། ཉེ་བར་ལེན་པའི་རྒྱུ་ས་བོན་དང་སོགས་པས་བསྡུས་པ་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ལས་གང་ཡང་རུང་བ་ཞིག་མེད་ན་འབྲས་བུ་མྱུ་གུ་ལ་སོགས་པ་མི་འབྱུང་བའི་ཕྱིར། ཚུལ་དེ་དང་མཚུངས་སོ། །གཉིས་པ་ནི། རྒྱུ་ལས་འབྲས་བུ་འབྱུང་བ་ལ་རྒྱུ་དང་རྐྱེན་ཚང་ལ་མ་ནོར་བ་དགོས་པ་དེ་ལྟ་བས་ན་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཐོབ་པར་འདོད་པས་རྒྱུ་དང་རྐྱེན་མ་ནོར་བ་དང༌། རྒྱུ་རྐྱེན་མཐའ་དག་ལ་བརྟེན་པར་བྱའོ། །གཉིས་པ་རྒྱུ་རྐྱེན་སྟོན་པའི་ལུང་ནི། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྒྱུ་རྐྱེན་ཚང་ལ་མ་ནོར་བ་ལས་ཐོབ་དགོས་ན། དེ་ཐོབ་བྱེད་ཀྱི་རྒྱུ་དང༌། རྐྱེན་དེ་དག་གང་ཞེ་ན། སྨྲས་པ། པདྨའི་ངང་ཚུལ་བདག་ལྟ་བུ་སངས་རྒྱས་ལ་ལྟོས་ཏེ་ཡང་དག་པའི་དོན་ལ་དམུས་ལོང་དང་འདྲ་བས་སངས་རྒྱས་ཀྱི་རྒྱུ་རྐྱེན་དེ་དག་ལུང་ལ་མ་ལྟོས་པར་རང་སྟོབས་ཀྱིས་བསྟན་པར་མི་ནུས་མོད་ཀྱི། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུ་དང་རྐྱེན་མ་ནོར་བ་དང་མ་ཚང་བ་མེད་པ་བསྟེན་པར་བྱས་པ་ལས་མངོན་པར་རྫོགས་པར་སངས་རྒྱས་ནས་སླར་ཡང་གདུལ་བྱ་རྣམས་ལ་མདོ་སྡེ་ལས་ཇི་སྐད་བཤད་པ་དེ་བཞིན་དུ་བདག་གིས་ཁོང་དུ་ཆུད་ནས་བཤད་དོ། །གང་ལ་བརྟེན་ནས་ཞེ་ན། བཅོམ་ལྡན་འདས་ཉིད་ཀྱི་བཀའ་ཉིད་ཀྱིས་བཤད་དོ། །བཀའ་གང་ལས་བཤད་ཅེ་ན། བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དེར་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ལ་བོས་ནས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་འབྱུང་ངོ༌། །གསུམ་པ་སྐབས་ལ་ཉེ་བར་སྦྱར་བ་ནི། སྙིང་རྗེ་སོགས་གསུམ་པོ་སངས་རྒྱས་ཀྱི་རྒྱུ་རྐྱེན་དུ་སངས་རྒྱས་ཀྱིས་བཀའ་སྩལ་པ་དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་ཐོག་མའི་རྒྱུ་སྙིང་རྗེ་ཆེན་པོ་དང༌། གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདུན་པ་བྱང་ཆུབ་ཀྱི་སེམས་དང༌། སྦྱིན་སོགས་ཐབས་དང་གསུམ་པོ་འདི་དག་ལ་འབད་པར་བསླབ་པར་བྱའོ། །བྱང་ཆུབ་ཀྱི་སེམས་ནི་འཕགས་སེང་གཉིས་ཀྱིས་གཙོ་བོ་སེམས་ལ་འདོད་ལ། མདོ་དང་བསྟན་བཅོས་དང༌། སྐུ་མཆེད་གཉིས་ཀྱིས་སེམས་བྱུང་དུ་བཤད་དོ། །གཉིས་པ་སྒོམ་པའི་ཐབས་བཤད་པ་ལ་གསུམ་སྟེ། སྙིང་རྗེ་སྒོམ་པའི་རིམ་པ། བྱང་ཆུབ་ཀྱི་སེམས་སྒོམ་ཚུལ། ཐབས་སྒོམ་པའི་རིམ་པའོ། །དང་པོ་ལ་གསུམ་སྟེ། སྙིང་རྗེ་ཆོས་ཀྱི་རྩ་བ་ཉིད་དུ་སྒྲུབ་པ། དེ་ཇི་ལྟར་སྒོམ་པའི་རིམ་པ། སྒོམ་པའི་བྱེད་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རང་དོན་གྱི་ཆོས་ཀྱི་རྩ་བར་བསྟན་པ་དང༌། གཞན་དོན་གྱི་ཆོས་ཀྱི་རྩ་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཆོས་ཀྱི་རྩ་བར་འགྱུར་བའི་ཚུལ། ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་སྡུག་བསྔལ་མཐོང་བས་དེ་མི་བཟོད་པའི་བློ་སྐྱེས་ནས་གཞན་སྡུག་བསྔལ་ལས་བྲལ་འདོད་ཀྱི་སྙིང་རྗེས་སེམས་རྒྱུད་ཡོངས་སུ་བསྐྱོད་ན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པར་བྱ་བའི་ཕྱིར་དུ་ངེས་པར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བར་དམ་འཆའ་བར་འགྱུར་རོ། །ཇི་སྐད་དུ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་རོ། །གཞན་སྡུག་བསྔལ་ལས་ཐར་པའི་ཕྱིར་དུ་བྱང་ཆུབ་ཐོབ་པར་འདོད་པའི་བློའི་དམ་བཅའ་བྱས་པའི་རྗེས་དེ་ནས་བདག་ཉིད་ཀྱི་བདེ་བ་ལ་ལྟ་བ་བསལ་ནས་གཞན་གྱི་ཆེད་དུ་དམིགས་ཏེ་ཤིན་ཏུ་བྱ་དཀའ་ཞིང་དུས་རྒྱུན་མ་ཆད་ལ་ཡུན་རིང་པོ་བསྐལ་པ་དུ་མར་བསྒྲུབ་པར་བྱ་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་པ་ལ་གུས་པར་འཇུག་གོ །ཚོགས་སྒྲུབ་པ་ལ་གུས་པའི་རྗེས་དེ་ནས་སྦྱོར་བས་ཞུགས་ནས་ངེས་པར་གཞན་དོན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་སྒྲུབ་བོ། །དེ་ལ་དགོས་པ་ཅི་ཡོད་ཅེ་ན། ཚོགས་ལ་བརྟེན་ནས་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །ཚོགས་རྣམས་ཡོངས་སུ་རྫོགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལག་ཏུ་ཐོབ་པ་དང་འདྲ་བར་འབད་མེད་དུ་ཐོབ་པར་འགྱུར་རོ། །དེ་ཐམས་ཅད་སྙིང་རྗེའི་མཐུ་ལས་བྱུང་བ་དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྩ་བ་སྟེ་དང་པོའི་རྒྱུ་ནི་སྙིང་རྗེ་ཆེན་པོ་ཁོ་ན་ཡིན་པས་སྙིང་རྗེ་དེ་ཉིད་ཐེག་པ་ཆེན་པོའི་ལམ་ལ་འཇུག་པའི་ཐོག་མ་ཁོ་ནར་གོམས་པར་བྱའོ། །གཉིས་པ་ཤེས་བྱེད་ཀྱི་ལུང་དང་སྦྱར་བ་ནི། ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་བཀའ་སྩལ་ཏེ། བཅོམ་ལྡན་འདས་ཞེས་པ་ནས་འབྱུང་ངོ་ཞེས་པའི་བར་ཏེ། སྙིང་རྗེ་ཆེན་པོ་དང་མི་ལྡན་པའམ་ཐོག་མར་ལམ་གྱི་རྩ་བ་སྙིང་རྗེ་ཆེན་པོ་ལ་མ་བསླབས་པར་ཆོས་རབ་ཏུ་མང་པོ་ལ་སློབ་པར་མི་བགྱིའོ། །བཅོམ་ལྡན་འདས་ཞེས་སྨོས་ཏེ་དཔང་པོར་བཞག་ནས་ཆོས་གཅིག་ཐོག་མར་ཐོས་པས་རབ་ཏུ་བཟུང་ཞིང༌། བསམ་བྱུང་དང་སྒོམ་བྱུང་གི་ཤེས་རབ་ཀྱིས་རབ་ཏུ་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་སྟོབས་དང༌། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་སྙིང་རྗེ་དང་ལྡན་པའི་གང་ཟག་དེས་བདེ་བླག་ཏུ་ཐོབ་པས་ན་དེའི་ལག་མཐིལ་དུ་མཆིས་པ་དང་འདྲ་བ་ལགས་སོ། །ཆོས་གཅིག་རབ་ཏུ་བཟུང་ན་ཞེས་སྨོས་ན། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ཉེ་རིང་མེད་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཆེན་པོའོ་ཞེས་སོ། །གཉིས་པ་གཞན་དོན་གྱི་ཆོས་ཀྱི་རྩ་བར་སྒྲུབ་པ་ནི། མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུར་སྟོན་པས་བསྟན་ཏེ། བྱང་ཆུབ་སེམས་དཔའ་གང་ཐོག་མར་སྙིང་རྗེ་ཆེན་པོས་སེམས་རྒྱུད་ཡོངས་སུ་ཟིན་པས་སྒྲུབ་པ་ལ་འཇུག་ན་རྒྱུ་དེ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་གི་དོན་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་མཐའ་དག་གྲུབ་པའི་ཆོས་ཀྱི་སྐུ་བརྙེས་ཀྱང་མྱ་ངན་ལས་འདས་པ་མངོན་དུ་མི་བྱེད་པར་སེམས་ཅན་གྱི་ཁམས་ཇི་སྲིད་ཟད་པར་མཐར་ཐུག་གི་བར་དུ་གཞན་དོན་ལ་ཞུགས་པར་མཛད་དོ། །གལ་ཏེ་འཁོར་བའི་ཉེས་པ་མཐོང་ནས་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ་ཞེ་ན། ཉན་ཐོས་བཞིན་དུ་འཁོར་བའི་སྡུག་བསྔལ་གྱིས་སྐྲག་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཤིན་ཏུ་ཞི་བར་གཞན་དོན་རྒྱུན་ཆད་མེད་པ་དེར་འཇུག་པར་ཡང་མི་བཞེད་དོ། །སེམས་ཅན་སྡུག་བསྔལ་བ་ཅན་ལ་རབ་ཏུ་གཟིགས་ནས་དེ་དག་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་དུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཞི་བ་གཞན་དོན་རྒྱུན་ཆད་པའི་མྱ་ངན་ལས་འདས་པ་དེ་ལྕགས་ཀྱི་ཁང་པ་མེ་འབར་བ་ལ་འཇུག་པ་སུས་ཀྱང་མི་འདོད་པ་བཞིན་དུ་དེ་ལ་ཉེས་དམིགས་ཆེན་པོར་བལྟས་ནས་ཐག་རིང་དུ་སྤོང་བར་བྱེད་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྲིད་ཞི་ལ་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་ཇི་སྐད་བཤད་པའི་སྙིང་རྗེ་ཆེན་པོ་དེ་ཉིད་ཡིན་ནོ། །གཉིས་པ་སྙིང་རྗེ་སྒོམ་པའི་རིམ་པ་ལ་བཞི་སྟེ། བཏང་སྙོམས་ཀྱིས་གཞི་སྒྲུབ་པ་དང༌། བྱམས་པས་བརླན་པར་བྱ་བ་དང༌། སྙིང་རྗེ་སྒོམ་པའི་ཚུལ་དང༌། བྱམས་པ་སྒོམ་པའི་ཚུལ་ལོ། །དང་པོ་ནི། སྙིང་རྗེ་མི་གནས་པའི་མྱང་འདས་ཀྱི་རྒྱུར་བསྟན་པ་དེ་ལ་སྙིང་རྗེ་སྒོམ་པའི་རིམ་པ་སྟེ། དང་པོ་གཞི་གང་ནས་འཇུག་པ་ནས་བརྩམས་ཏེ་བརྗོད་པར་བྱའོ། །ཐོག་མར་འཇུག་པའི་སྒོ་གང་ཞེ་ན། ཞིང་ཤིན་ཏུ་གཤིན་པར་བྱས་པ་ལ་ས་བོན་འདེབས་པ་བཞིན་དུ་ཐོག་མར་རེ་ཤིག་བཏང་སྙོམས་བསྒོམས་པས་སེམས་ཅན་ཐམས་ཅད་ལས་འགའ་ཞིག་ལ་རྗེས་སུ་ཆགས་པ་དང༌། འགའ་ཞིག་ལ་ཁོང་ཁྲོ་བ་བསལ་ཏེ་ཉེ་རིང་མེད་པར་སྙོམས་པའི་སེམས་ཉིད་བསྒྲུབ་པར་བྱའོ། །སྙོམས་པའི་སེམས་སྒྲུབ་དགོས་པའི་འཐད་པ་ཅི་ཡོད་ཅེ་ན། སེམས་ཅན་ཐམས་ཅད་ནི་བདེ་བ་འདོད་པར་ནི་མཚུངས། སྡུག་བསྔལ་མི་འདོད་པར་ནི་མཚུངས་ལ། ཐོག་མ་མེད་པའི་དུས་ཅན་གྱི་འཁོར་བ་ན་སེམས་ཅན་གང་དག་ཕན་ཚུན་ཚེ་འཕོས་པའི་རྣམ་གྲངས་ཀྱིས་ལན་བརྒྱ་ཕྲག་དུ་མར་དེ་དག་གི་གཉེན་དུ་མ་གྱུར་པ་དེ་འཇིག་རྟེན་ན་གང་ཡང་མེད་དོ་སྙམ་དུ་བཏང་སྙོམས་ཀྱི་སེམས་དེ་ཡོངས་སུ་བསམ་ཞིང༌། སེམས་ཅན་འདི་དག་ལ་ཉེ་རིང་གི་བྱེ་བྲག་ཅི་ཡོད་པས་ན་གང་ཟག་ལ་ལ་ལ་ནི་རྗེས་སུ་ཆགས་པར་འགྱུར། ལ་ལ་ལ་ནི་ཁོང་ཁྲོ་བར་འགྱུར་ཏེ་ཆགས་སྡང་མི་རིགས་སོ། །གལ་ཏེ་ཐམས་ཅད་ལ་བཏང་སྙོམས་ཀྱི་སེམས་བསྒོམ་དགོས་ན། སྒོམ་པའི་རིམ་པ་ཇི་ལྟར་བྱེད་ཅེ་ན། བཏང་སྙོམས་བསྒོམ་དགོས་པ་དེ་ལྟ་བས་ན། སྒོམ་ཚུལ་གྱི་རིམ་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་སེམས་མཉམ་པ་ཉིད་དུ་བྱའོ་སྙམ་དུ་དེ་ལྟར་ཡིད་ལ་བྱ་ཞིང་སྒོམ་པའི་རིམ་པ་ནི་ཐོག་མར་དགྲ་གཉེན་གང་ཡང་མ་ཡིན་པའི་བར་མའི་ཕྱོགས་ནས་སྒོམ་པ་ལས་བརྩམས་ཏེ་མཛའ་བཤེས་དང་དགྲ་གཉིས་ལ་ཡང་བསྒོམ་མོ། །དགྲ་གཉེན་གཉིས་སྙོམས་པར་བསྒོམས་པའི་རྗེས་དེ་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཡང་ཉེ་རིང་མེད་པས་སེམས་མཉམ་པ་ཉིད་དུ་བསྒྲུབ་བོ། །གཉིས་པ་བྱམས་པའི་སེམས་ཀྱིས་བརླན་པར་བྱ་བ་ནི། སེམས་སྙོམས་པར་བསྒྲུབས་ནས་སེམས་ཅན་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་བསྒོམ་མོ། །བྱམས་པའི་ཆུས་སེམས་ཀྱི་རྒྱུད་སྙིང་རྗེའི་མྱུ་གུ་སྐྱེ་རུང་དུ་བརླན་པར་བྱས་ཏེ་གསེར་ཡོད་པའི་ས་བཞིན་དུ་བྱས་ལ་དེ་ལ་སྙིང་རྗེའི་ས་བོན་བཏབ་ན་སྙིང་རྗེའི་མྱུ་གུ་བདེ་བླག་ཏུ་ཤིན་ཏུ་ཡོངས་སུ་རྒྱས་པར་འགྱུར་རོ། །གསུམ་པ་སྙིང་རྗེ་སྒོམ་ཚུལ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བྱམས་པ་བསྒོམས་པའི་རྗེས་དེ་ནས་སྙིང་རྗེ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། སེམས་ཀྱི་རྒྱུད་ལ་བྱམས་པས་སྙིང་རྗེའི་ས་བོན་བསྒོམས་ནས་སོ། །སྙིང་རྗེའི་ངོ་བོ་ཇི་ལྟ་བུ་ཞེ་ན། སྙིང་རྗེ་དེ་ནི་དམིགས་ཡུལ་གྱི་སེམས་ཅན་སྡུག་བསྔལ་བ་རྣམ་པ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བ་རྣམས་སྡུག་བསྔལ་དེ་དང་བྲལ་བར་འདོད་པའི་སེམས་བྱུང་ངོ༌། །འདོད་པའི་ཁམས་ལ་སོགས་པ་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་བ་ཉིད་དེ། སྡུག་བསྔལ་རྣམ་པ་གསུམ་གྱིས་ཅི་རིགས་པར་ཤིན་ཏུ་སྡུག་བསྔལ་བ་དག་ཡིན་པས་དེའི་ཕྱིར་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དེ་བསྒོམ་པར་བྱ་སྟེ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་སྙིང་རྗེ་ཆེན་པོའི་མཐུ་ཡིན། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ཡང་སྙིང་རྗེ་ཆེན་པོའི་མཐུ་ཡིན། ཐ་མར་སངས་རྒྱས་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་སྙིང་རྗེ་ཆེན་པོའི་མཐུ་ཡིན་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དམིགས་ཡུལ་གྱི་སྡུག་བསྔལ་གྱི་ཁྱད་པར། སྙིང་རྗེ་སྒོམ་པའི་རིམ་པ། སྙིང་རྗེ་གོམས་པའི་ཁྱད་པར་རོ། །དང་པོ་ལ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ཀྱི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། སྡུག་བསྔལ་གྱི་ངོ་བོ། སྡུག་བསྔལ་གྱི་རྒྱུའི་ཁྱད་པར་རོ། །དང་པོ་ལ་ཡང་གཉིས་ཏེ། ངན་སོང་གི་སྡུག་བསྔལ་དང༌། མིའི་སྡུག་བསྔལ་ལོ། །དང་པོ་ནི། ངན་སོང་གསུམ་ན་སྡུག་བསྔལ་ཡོད་པའི་ཚུལ་འདི་ལྟར། རེ་ཤིག་སེམས་ཅན་དམྱལ་བ་ན་གནས་པའི་སེམས་ཅན་གང་དག་ཡིན་པ་དེ་དག་ནི་སྡུག་བསྔལ་རྒྱུན་མི་འཆད་ཅིང་ཚེ་རིང་བས་ན་སྡུག་བསྔལ་ཡང་ཡུན་རིང་ལ། ཚ་བའི་སྡུག་བསྔལ་དང༌། གྲང་བའི་སྡུག་བསྔལ་ལ་སོགས་པའི་སྡུག་བསྔལ་རིགས་མི་འདྲ་བ་སྣ་ཚོགས་ཀྱི་ཆུ་བོར་རྒྱ་མཚོ་ལ་སེམས་ཅན་བྱིང་བ་བཞིན་དུ་བྱིང་བ་ཁོ་ན་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དམྱལ་བའི་སེམས་ཅན་གྱི་སྡུག་བསྔལ་ཡུན་རིང་དུ་མྱོང་བ་དེ་བཞིན་དུ་རྫོགས་བྱེད་དགེ་བས་བྱས་པ་མ་གཏོགས་པའི་ཡི་དྭགས་རྣམས་ཀྱང་ཕལ་ཆེར་ཤིན་ཏུ་མི་བཟད་པའི་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱི་མེས་ཏ་ལའི་ཡ་ཐོག་བསྐམས་པ་ལྟར་བསྐམས་པའི་ལུས་རིད་ཅིང་ཤིན་ཏུ་སྡུག་བསྔལ་མང་པོ་མྱོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །མི་རྣམས་ཀྱིས་དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་དངོས་སུ་མི་མཐོང་བས་ལུང་གི་ཁུངས་མ་བཀོད་དོ། །དུད་འགྲོ་རྣམས་ཀྱང་ཕན་ཚུན་གཅིག་ལ་གཅིག་ཟ་བ་དང༌། ཕན་ཚུན་ཁྲོ་བ་དང༌། གསོད་པ་དང༌། གཞན་གྱིས་རྣམ་པར་འཚེ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་དུ་མ་མྱོང་བ་ཁོ་ནར་མངོན་སུམ་ལ་སྣང་ངོ༌། །འདི་ནི་མི་རྣམས་ཀྱིས་ཀྱང་མཐོང་བས་སྣང་ངོ་ཞེས་པའི་སྒྲས་གསུངས་སོ། །གཉིས་པ་མིའི་སྡུག་བསྔལ་བཤད་པ་ནི། མི་རྣམས་ཀྱང་འདོད་པའི་ཡུལ་ཡོངས་སུ་ཚོལ་ཞིང་མ་རྙེད་པས་ཕོངས་ནས་དེའི་ཆེད་དུ་ཕན་ཚུན་གཅིག་ལ་གཅིག་འཁུ་བ་དང༌། ལུས་ཀྱིས་གནོད་པ་བྱེད་པ་དང༌། གཉེན་སྡུག་པ་དང་བྲལ་བ་དང༌། དགྲ་མི་སྡུག་པ་དང་ཕྲད་པ་དང༌། ནོར་ལ་སོགས་པས་དབུལ་ཞིང་ཕོངས་པ་ལས་གྱུར་པའི་ཚ་གྲང་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་སྣང་ངོ༌། །གཉིས་པ་སྡུག་བསྔལ་གྱི་རྒྱུས་གནོད་པ་ནི། གང་དག་ཁྱིམ་ན་གནས་པ་རྣམས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་སྣ་ཚོགས་ཀྱིས་སེམས་དཀྲིས་པ་དག་དང༌། གང་དག་རབ་ཏུ་བྱུང་བ་རྣམས་ནི་ལྟ་བ་ངན་པ་སྣ་ཚོགས་ཀྱིས་སེམས་ཟིང་ཟིང་བར་གྱུར་པ་དེ་དག་ཐམས་ཅད་སྡུག་བསྔལ་འབྱུང་བ་ཉིད་ཀྱི་རྒྱུ་ཡིན་པས་གད་ཁ་ན་འདུག་པའི་མི་དེ་མ་ཐག་ཏུ་ལྷུང་བ་བཞིན་དུ་ངན་སོང་དུ་མྱུར་དུ་ལྷུང་བས་ཤིན་ཏུ་སྡུག་བསྔལ་བ་ཁོ་ན་ཡིན་ནོ། །གཉིས་པ་འགྱུར་བའི་སྡུག་བསྔལ་བཤད་པ་ནི། གལ་ཏེ་ལྷ་ལ་སྡུག་བསྔལ་མེད་དོ་སྙམ་ན། ལྷ་རྣམས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་མེད་ན་ཡང་ཐམས་ཅད་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་དག་སྟེ། རྒྱལ་ཆེན་རིགས་བཞི་དང༌། སུམ་ཅུ་རྩ་གསུམ་པ་ལ་སོགས་པ་འདོད་པ་ན་སྤྱོད་པའི་ལྷ་རིགས་དྲུག་པོ་གང་དག་ཡིན་པ་དེ་དག་ནི་རྟག་ཏུ་འཆི་འཕོ་བ་དང༌། ངན་སོང་དུ་ལྷུང་བ་ལ་སོགས་པའི་འཇིགས་པའི་མྱ་ངན་གྱིས་སེམས་ལ་གནོད་ན་ཇི་ལྟར་བདེ་བར་འགྱུར། གསུམ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་ཟག་བཅས་ཀྱི་ལས་དང༌། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་པའི་མཚན་ཉིད་ཀྱི་རྒྱུའི་རྗེས་སུ་བྱེད་པའི་གཞན་གྱི་དབང་གི་ངོ་བོ་ཉིད་དང༌། ཟག་བཅས་ཀྱི་བདེ་བ་ཡོད་ཀྱང་དེ་སྐད་ཅིག་རེ་རེ་ལ་འཇིག་པས་འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །སྙིང་རྗེའི་དམིགས་པ་བསྟན་ཟིན་ཏོ། །གཉིས་པ་དེ་ལ་སྙིང་རྗེ་སྒོམ་ཚུལ་ལ་གཉིས་ཏེ། རྣམ་པའི་སྒོ་ནས་སྤྱིར་བསྟན། སྒོམ་ཚུལ་གྱི་རིམ་པས་རྒྱས་པར་བསྟན་པའོ། །དང་པོ་ནི། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་སྡུག་བསྔལ་གསུམ་ཅི་རིགས་པ་དང་ལྡན་པ་དེ་བས་ན་འགྲོ་བ་མཐའ་དག་ནི་སྡུག་བསྔལ་གྱི་མེ་ལྕེ་རབ་ཏུ་འབར་བའི་ནང་ན་སྦྲང་བུ་ཞུགས་པ་ལྟ་བུ་ཡིན་པར་བལྟས་ལ། ཇི་ལྟར་བདག་ཉིད་སྡུག་བསྔལ་མི་འདོད་པ་ལྟར་དུ་སེམས་ཅན་གཞན་དག་ཀྱང་སྡུག་བསྔལ་མི་འདོད་པ་དེ་དང་འདྲའོ་སྙམ་དུ་བསམ་ཞིང༌། གཞན་གྱི་སྡུག་བསྔལ་མི་འདོད་པའི་བློས་ཀུན་ནས་བསླངས་ནས། ཀྱེ་མ་ཀྱི་ཧུད་བདག་ལ་སྙིང་དུ་སྡུག་པའི་སེམས་ཅན་དྲིན་ཅན་འདི་དག་སྡུག་བསྔལ་ན་སྡུག་བསྔལ་དེ་ལས་ཇི་ལྟར་ཐར་བར་བྱ་ཞེས་བདག་ཉིད་སྡུག་བསྔལ་ཉམས་སུ་མྱོང་བ་བཞིན་དུ་བྱེད་ཅིང༌། སྡུག་བསྔལ་དེ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་དེ་བསྒོམ་པར་བྱའོ། །ཡུལ་གང་ལ་ན། སེམས་ཅན་ཐམས་ཅད་ལའོ། །དུས་ནི་ཐམས་ཅད་དུའོ། །གནས་སྐབས་ནི་ཏིང་ངེ་འཛིན་ལ་འདུག་ཀྱང་རུང༌། རྗེས་ཐོབ་ཏུ་འགྲོ་བ་དང་འཆག་པ་སོགས་ཀྱི་སྤྱོད་ལམ་ཐམས་ཅད་དུ་ཡང་རུང་སྟེ་གནས་སྐབས་ཐམས་ཅད་དུ་བསྒོམ་མོ། །གཉིས་པ་སྒོམ་ཚུལ་གྱི་རིམ་པ་རྒྱས་པར་བཤད་པ་ནི། ཐོག་མར་མཛའ་བཤེས་ལ་སྒོམ་ཚུལ་ནི། སྐྱེ་སླ་བས་ཐོག་མ་ཁོ་ནར་མཛའ་བཤེས་ཀྱི་ཕྱོགས་རྣམས་ལ་ཇི་སྐད་སྨོས་པའི་སྡུག་བསྔལ་སྣ་ཚོགས་པ་ཉམས་སུ་མྱོང་བར་དངོས་སུ་མཐོང་བའི་ཚུལ་དུ་བསྒོམ་པར་བྱའོ། །གཉིས་པ་བར་མའི་ཕྱོགས་ལ་སྒོམ་ཚུལ་ནི། མཛའ་བཤེས་ལ་བསྒོམས་པའི་རྗེས་དེ་ནས་མཛའ་བཤེས་དང་སེམས་ཅན་དུ་མཉམ་པ་ཉིད་ཀྱིས་ན་ཉེ་རིང་གི་བྱེ་བྲག་མེད་པར་མཐོང་བར་བྱས་ནས་སེམས་ཅན་ཐམས་ཅད་ནི་བདག་གི་གཉེན་དུ་གྱུར་པ་ཁོ་ནའོ་སྙམ་དུ་ཡོངས་སུ་བསམ་ཞིང་སེམས་ཅན་བར་མར་གནས་པའི་ཕྱོགས་རྣམས་ལའང་བསྒོམ་པར་བྱའོ། །གསུམ་པ་ཐམས་ཅད་ལ་སྒོམ་པ་ནི། སྙིང་རྗེ་ཆེན་པོ་བར་མ་ལ་སྒོམ་པ་གང་གི་ཚེ་བར་མ་དེ་ལ་མཛའ་བཤེས་ཀྱི་ཕྱོགས་ལ་སྡུག་བསྔལ་བྲལ་འདོད་ཀྱི་བསམ་པ་འཇུག་པ་དེ་བཞིན་དུ་སྙིང་རྗེ་དེ་མཛའ་བཤེས་དང་མཉམ་པར་ཞུགས་པ་དེའི་ཚེ་གྲོང་མི་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ། །གསུམ་པ་སྙིང་རྗེ་གོམས་པའི་རྣམ་པ་ནི། ཇི་ཙམ་གྱིས་སྙིང་རྗེ་སྒོམ་པ་ཡོངས་སུ་རྫོགས་པ་ཡིན་ཞེ་ན། གང་གི་ཚེ་བུ་ཆུང་ཤིན་ཏུ་སྙིང་དུ་སྡུག་པ་ནད་དྲག་པོས་ཐེབས་པས་སྡུག་བསྔལ་བར་གྱུར་པའི་མ་བཞིན་དུ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་དྲིན་ཅན་གྱི་སེམས་ཅན་ཤིན་ཏུ་སྡུག་བསྔལ་བ་ལས་འདོན་པར་འདོད་པའི་རྣམ་པ་ཆེད་དུ་བྱ་བ་ལ་མ་ལྟོས་པར་རང་གི་ངང་གིས་འཇུག་པའི་སྙིང་རྗེ་དེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་མཉམ་པ་ཉིད་དུ་ཞུགས་པ་དེའི་ཚེ་སྙིང་རྗེ་སྒོམ་པ་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། དེའི་ཚེ་སྙིང་རྗེ་ཆེན་པོའི་མིང་ཡང་ཐོབ་བོ། །བཞི་པ་བྱམས་པ་སྒོམ་པའི་ཚུལ་ནི། འགྲོ་བ་མཐའ་དག་ལ་བྱམས་པ་སྒོམ་པ་ནི། མཛའ་བཤེས་ཀྱི་ཕྱོགས་ལ་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་ཐོག་མར་གོམས་པར་བྱས་ནས་ཕྱིས་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་ཅན་གྱི་བྱམས་པ་དེ་རིམ་གྱིས་ཐ་མལ་པ་ལ་སྒོམ་པ་དང༌། དེ་ནས་ཕྱིས་ནས་དགྲ་ལ་ཡང་བསྒོམ་པར་བྱའོ། །ཚུལ་དེ་ལ་དགོས་པ་ཅི་ཡོད་ཅེ་ན། ཚུལ་དེ་ལྟར་བྱམས་པ་བསྒོམས་པ་དེ་རྒྱུ་དེ་ལས་སྙིང་རྗེ་གོམས་པར་བྱས་ནས་རིམ་གྱིས་ཁམས་གསུམ་གྱི་སེམས་ཅན་མཐའ་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མངོན་པར་འདོན་པར་འདོད་པ་རང་གི་ངང་གིས་འབྱུང་བ་ཉིད་དུ་འགྱུར་རོ། །སྙིང་རྗེ་སྒོམ་པའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་གཉིས་ཏེ། དབྱེ་བ་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། བྱང་ཆུབ་ཀྱི་སེམས་དེ་ཡང་དབྱེ་ན་རྣམ་པ་གཉིས་ཏེ། བརྡ་ལས་ཐོབ་པ་ཀུན་རྫོབ་དང༌། སྒོམ་སྟོབས་ཀྱིས་ཐོབ་པ་དོན་དམ་པའི་སེམས་བསྐྱེད་དོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་བཤད་པའོ། །དང་པོ་ལ་གཉིས་ཏེ། རང་བཞིན་ངོས་བཟུང་བ་དང༌། བླང་བའི་ཆོ་གའོ། །དང་པོ་ནི། བྱང་ཆུབ་ཀྱི་སེམས་གཉིས་ཡོད་པ་དེ་ལ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་ནི་རྒྱུ་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཁམས་གསུམ་གྱི་སེམས་ཅན་མཐའ་དག་སྡུག་བསྔལ་གྱི་རྒྱ་མཚོར་ནུབ་པ་འདོན་པར་བློས་བཅས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒོ་ནས་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་དུ་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་རྣམ་པ་ཅན་གྱི་བྱང་ཆུབ་ཀྱི་སེམས་དང་པོ་སྐྱེ་བའོ། །གཉིས་པ་ནི། གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་སེམས་དང་པོར་སྐྱེས་པ་དེ་ཡང་བརྟན་པའི་ཡན་ལག་ཏུ་བྱང་ཆུབ་སེམས་དཔའི་སའི་ཚུལ་ཁྲིམས་ཀྱི་ལེའུ་ལས་བསྟན་པའི་ཆོ་ག་བཞིན་དུ་བྱས་ནས་བསྐྱེད་པར་བྱའོ། །གང་ལས་ན། ཆོ་ག་ལ་མཁས་པ་ཕ་རོལ་པོ་གཞན་ལས་སོ། །ཆོ་ག་ལ་མཁས་པ་ཙམ་གྱིས་མི་ཆོག་གི། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་དགོས་སོ། །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བཤད་པ་ལ་གཉིས་ཏེ། རང་བཞིན་ངོས་བཟུང༌། དེ་འགྲུབ་པའི་རྒྱུའོ། །དང་པོ་ནི། ཇི་སྐད་བཤད་པ་དེ་ལྟར་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྒྲིབ་པ་རྩད་ནས་དབྱུང་བའི་དོན་དུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར། ངོ་བོ་ཇི་ལྟ་བུ་ཞེ་ན། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པ་མ་ཡིན་གྱི། འཇིག་རྟེན་པའི་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དང་བྲལ་བ། ཆོས་ཉིད་ཀྱི་དོན་སྤྱི་འཛིན་པ་ཙམ་མ་ཡིན་གྱི། རྟོག་པའི་སྒྲིབ་གཡོག་དང་བྲལ་ཞིང༌། རྣམ་པ་ཤིན་ཏུ་གསལ་བ་དོན་དམ་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའི་ཚུལ་གྱི་སྤྱོད་ཡུལ་དུ་གྱུར་པ། ཉེ་བའི་ཉོན་མོངས་པའི་དྲི་མ་མེད་པ། ཏིང་ངེ་འཛིན་གྱི་སྐྱོན་གྱིས་མི་གཡོ་བ་སྟེ་རླུང་མེད་པའི་མར་མེའི་རྒྱུན་ལྟར་དུ་མི་གཡོས་པའོ། །འདིས་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཁྱད་པར་དྲུག་ལྡན་དུ་བསྟན་པ་ཡིན་ནོ། །གཉིས་པ་དེ་འགྲུབ་པའི་རྒྱུ་ནི་གཉིས་ཏེ། རྣལ་འབྱོར་གཉིས་རྒྱུ་ཉིད་དུ་སྒྲུབ་པ་དང༌། གཉིས་པོ་རྗེས་སུ་སྒྲུབ་པའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། ཞི་ལྷག་གཉིས་ཀའི་ཐུན་མོང་གི་དགོས་པ་དང༌། ལྷག་མཐོང་གི་དགོས་པ་དང༌། ཞི་གནས་ཀྱི་དགོས་པ་དང༌། གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། དགེ་བའི་ཆོས་ཐམས་ཅད་སྒྲུབ་པ། ཏིང་ངེ་འཛིན་ཐམས་ཅད་སྡུད་བྱེད་དོ། །དང་པོ་ནི། དེ་ཇི་ལྟར་བྱས་པས་འགྲུབ་ཞེ་ན། དོན་དམ་བྱང་ཆུབ་ཀྱི་སེམས་དེ་འགྲུབ་པ་ནི་རྟག་ཏུ་སྦྱོར་བའི་བརྩོན་འགྲུས་དང་གུས་པར་སྦྱོར་བའི་བརྩོན་འགྲུས་ཡུན་རིང་དུ་བརྩམས་པས་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ཤིན་ཏུ་ཡང་ཡང་གོམས་པར་བྱས་པ་ལས་ཐོབ་པར་འགྱུར་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས་ཇི་སྐད་དུ། བྱམས་པ་ཡང་ཉན་ཐོས་རྣམས་ཀྱིའམ་ཞེས་སོགས་གསུངས་སོ། །དེའི་དོན་ནི། ཉན་ཐོས་རྣམས་ཀྱི་དགེ་བའི་ཆོས་སམ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་སམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་རྗེས་ཐོབ་ཀྱིས་བསྡུས་པ་དང༌། འཇིག་རྟེན་ལས་འདས་པ་ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། ཞི་གནས་དང་ལྷག་མཐོང་དེ་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་ཕྱིར་ན། ལམ་ལ་འཇུག་པའི་རྣལ་འབྱོར་པ་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་ངེས་པར་ཞི་གནས་དང་ལྷག་མཐོང་བསྟེན་པར་བྱ་སྟེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ངས་ཉན་ཐོས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྣམ་པ་དུ་མ་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ལྷག་མཐོང་གི་དགོས་པ་ལ་བཞི་སྟེ། སྒྲིབ་པ་ཐམས་ཅད་སྤོང་བ། སྡུག་བསྔལ་ཐམས་ཅད་གཅོད་པ། ཡེ་ཤེས་རྣམ་པར་དག་པ་ཐོབ་པ། བསམ་པ་ཕུན་སུམ་ཚོགས་པ་འགྲུབ་པའོ། །དང་པོ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཤེས་བྱེད་ཀྱི་ལུང་ངོ༌། །དང་པོ་ནི། ཞི་གནས་དང་ལྷག་མཐོང་གཉིས་ཀ་དགོས་པ་མ་ཡིན་གྱི། ཞི་གནས་ཙམ་གྱིས་སྒྲིབ་པ་སྤོང་ངོ་སྙམ་ན། ཞི་གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ནི་རྣལ་འབྱོར་པ་རྣམས་ཀྱིས་སྒྲིབ་པ་རྩ་བ་ནས་མི་སྤོང་གི འོ་ན་ཞི་གནས་ཀྱི་བྱེད་པ་ཅི་ཞེ་ན། ཉོན་མོངས་པ་མངོན་གྱུར་རྣམ་པར་གནོན་པ་ཙམ་དུ་ཟད་དེ། ཉོན་མོངས་པའི་བག་ལ་ཉལ་ལེགས་པར་ཆོམས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྣང་བ་བྱུང་བ་མེད་པར་ཉོན་མོངས་པའི་བག་ལ་ཉལ་མེད་པར་ཆོམས་མི་སྲིད་པའི་ཕྱིར། གཉིས་པ་ནི། ཞི་གནས་ཙམ་གྱིས་བག་ལ་ཉལ་མི་ཆོམས་པ་དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་དེ་ཉིད་ལས། བསམ་གཏན་གྱིས་ཉོན་མོངས་པ་རྣམས་རྣམ་པར་གནོན་ནོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ། །ཞེས་བཀའ་སྩལ་ཏོ། །གཉིས་པ་སྡུག་བསྔལ་ཐམས་ཅད་གཅོད་པ་ལ་གཉིས་ཏེ། ལྡོག་པའི་སྒོ་ནས་བསྟན་པ་དང༌། །རྗེས་འགྲོའི་སྒོ་ནས་བསྟན་པའོ། །དང་པོ་ནི། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་གསུངས་ཏེ། དེའི་དོན་ནི། སོ་སོ་སྐྱེ་བོས་ཀྱང་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། ཏིང་ངེ་འཛིན་ཙམ་སྒོམ་པ་དེ་ལ་ནི་ཏིང་ངེ་འཛིན་ཙམ་གྱིས་བདག་ཏུ་འཛིན་པའི་འདུ་ཤེས་བཟློག་པར་མི་བྱེད་པས་ན། གང་ཟག་དེ་ནི་སེམས་རྒྱུད་ལ་ཉོན་མོངས་པ་ཕྱིར་ཞིང་རབ་ཏུ་འཁྲུག་སྟེ། རང་སྤྱོད་ཀྱི་བུ་ལྷག་སྤྱོད་ཀྱིས་འཇིག་རྟེན་འདིར་ནི་ཏིང་ངེ་འཛིན་སྒོམ་པ་བཞིན། གལ་ཏེ་གཟུགས་སོགས་ཀྱི་ཆོས་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་པར་ཐོས་བསམ་གྱི་ཤེས་རབ་ཀྱིས་སོ་སོར་རྟོག་ཅིང་ཆོས་ཅན་གཟུགས་སོགས་ལ་སོ་སོར་བརྟགས་ནས་གལ་ཏེ་བསྒོམ་པར་བྱེད་ན་ནི། བདག་མེད་རྟོགས་པ་དང་ལྡན་པའི་ཏིང་ངེ་འཛིན་དེ་ནི་མྱ་ངན་ལས་འདས་པ་ཐོབ་པའི་འབྲས་བུའི་རྒྱུའོ། །བདག་མེད་རྟོགས་པའི་ཤེས་རབ་ལས་གཞན་ཞི་གནས་ཙམ་གང་ཡིན་པ་དེས་ནི་ཉོན་མོངས་པ་ཞི་བར་མི་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་རྗེས་འགྲོའི་སྒོ་ནས་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་བཀའ་སྩལ་ཏོ་ཞེས་གསུངས་སོ། །མདོ་དེའི་དོན་བཤད་པ་ནི། གང་ཟག་གང་དག་ཉོན་མོངས་པའི་ཆོས་འདུལ་བར་བྱེད་པའི་འཕགས་པའི་ཆོས་ལྷག་མཐོང་མ་ཐོབ་པར་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པ་ནི་ངས་ཉོན་མོངས་པ་སྤངས་སོ་སྙམ་པའི་ང་རྒྱལ་གྱི་དབང་གིས་ཡོན་ཏན་མ་ཐོབ་པ་ཐོབ་བོ་སྙམ་པའི་མངོན་པའི་ང་རྒྱལ་དུ་ལྷུང་ཞིང༌། དེའི་ཉེས་དམིགས་ཀྱང་མང་པོ་འབྱུང་སྟེ། ལས་ཀྱི་དབང་གིས་འཁོར་བར་སྐྱེ་བ་དང༌། ན་ཚོད་ཡོངས་སུ་འགྱུར་པའི་རྒ་བ་དང༌། ལུས་གདུང་བར་བྱེད་པའི་ན་བ་དང༌། ཡིད་ཀྱི་གདུང་བའི་མྱ་ངན་དང༌། ངག་གིས་སྨྲེ་སྔགས་འདོན་པ་དང༌། ལུས་ལ་གནོད་པ་འབབ་པའི་སྡུག་བསྔལ་བ་དང༌། ཡིད་ལ་གནོད་པ་འབབ་པའི་ཡིད་མི་བདེ་དང༌། སེམས་རྣལ་དུ་མི་གནས་པ་ལོང་ལོང་པོའི་འཁྲུག་པ་ལས་ཡོངས་སུ་མི་གྲོལ་ལོ། །ལས་ཀྱི་དབང་གིས་སྐྱེ་གནས་སུ་འགྲོ་བ་རིས་དྲུག་གི་འཁོར་བ་ལས་མི་གྲོལ་ལོ། །སྡུག་བསྔལ་གསུམ་གྱི་ཕུང་པོ་ལས་ཀྱང་ཡོངས་སུ་མི་གྲོལ་ཏེ། དོན་དེ་ལ་དགོངས་ནས་དེ་བཞིན་གཤེགས་པས་འདི་སྐད་དུ། བཤེས་གཉེན་གཞན་ལས་ཡང་དག་པ་མངོན་སུམ་དུ་རྟོགས་པ་དང་རྗེས་སུ་མཐུན་པའི་ལྷག་མཐོང་ཐོབ་པས་ནི་རྒ་ཤི་ལས་གྲོལ་བར་འགྱུར་རོ་ཞེས་བཤད་དོ། །གསུམ་པ་ཡེ་ཤེས་རྣམ་པར་དག་པ་ཐོབ་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཤེས་བྱེད་ཀྱི་ལུང་ངོ༌། །དང་པོ་ནི། ལྷག་མཐོང་མེད་པར་ཞི་གནས་ཙམ་གྱིས་སྒྲིབ་པ་མི་སྤོང་བ་དེ་བས་ན། སྒྲིབ་པ་མཐའ་དག་སྤངས་ནས་དྲི་མས་ཡོངས་སུ་དག་པའི་ཟག་མེད་ཀྱི་ཡེ་ཤེས་འབྱུང་བར་འདོད་པའི་རྣལ་འབྱོར་པས་ཞི་གནས་ལ་གནས་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་བསྒོམ་པར་བྱའོ། །གཉིས་པ་ནི། ཡེ་ཤེས་རྣམ་པར་དག་པ་ཐོབ་པ་ལྷག་མཐོང་ལ་རག་ལས་པ། དེ་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་བཀའ་སྩལ་ཏེ། ཚུལ་ཁྲིམས་ལ་ཞེས་སོགས་བཀའ་སྩལ་ཏོ་ཞེས་པའོ། །ལུང་གི་དོན་ནི། ཚོགས་ཀྱི་གཙོ་བོ་ཚུལ་ཁྲིམས་ལ་གནས་ནས་འགྱོད་པ་མེད་པ་ཐོབ་ཅིང༌། དེ་ལ་བརྟེན་ནས་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཐོབ་སྟེ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཐོབ་ནས་ཀྱང་བསམ་བྱུང་གི་ཤེས་རབ་ཀྱིས་གཏན་ལ་ཕབ་པའི་སྟོང་པ་ཉིད་ཀྱི་དོན་སྒོམ་པར་བྱེད་དོ། །སྟོང་ཉིད་རྟོགས་པའི་ཤེས་རབ་བསྒོམས་པ་ཉིད་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ་བོ། །ཡེ་ཤེས་རྣམ་པར་དག་པ་ཐོབ་པས་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་སོ་ཞེས་པའི་དོན་ནོ། །བཞི་པ་བསམ་པ་ཕུན་སུམ་ཚོགས་པ་འགྲུབ་པ་ལ་གཉིས་ཏེ། ལྡོག་པའི་སྒོ་ནས་བསྟན་པ་དང༌། རྗེས་འགྲོའི་སྒོ་ནས་བསྟན་པའོ། །དང་པོ་ནི། འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་སྒོམ་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་ཞེས་པ་ནས་ང་མི་སྨྲའོ་ཞེས་པའི་བར་དུ་གསུངས་སོ། །འདིའི་དོན་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ལ་ཉེ་བར་མི་གནས་ན་ཞི་གནས་ཙམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་ཆེན་པོ་ལ་དད་པ་ཆེན་པོ་ལ་བསླབས་པས་ཇི་ལྟར་ཡང་སྒྲིབ་གཉིས་ལས་ངེས་པར་འབྱུང་བར་ང་མི་སྨྲའོ། །གཉིས་པ་རྗེས་འགྲོའི་སྒོ་ནས་བསྟན་པ་ནི། རིགས་ཀྱི་བུ་ཞི་གནས་ཙམ་གྱིས་མི་ཆོག་པའི་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་ཆེན་པོ་ལ་ཡིད་ཆེས་པའི་དད་པ་ལ་བརྟེན་ནས་ཐེག་པ་ཆེན་པོ་ལ་འཇུག་པ་ལས་ངེས་པར་འབྱུང་བ་གང་ཅི་ཡང་བྱུང་སྟེ། དེ་ཐེག་པ་ཆེན་པོ་ལ་བརྟེན་ནས་ངེས་པར་འབྱུང་བ་དེ་ཐམས་ཅད་ནི་གང་མཉམ་པར་གཞག་པར་བྱ་བའི་དོན་ལས་རྣམ་པར་མ་གཡེངས་པའི་ཞི་གནས་ཀྱི་སེམས་ཀྱིས་དམིགས་པ་མི་འཆོར་བར་བཟུང་ཞིང༌། དོན་དང་ཆོས་ཡང་དག་པར་བསམས་པ་ལས་འབྱུང་བར་རིག་པར་བྱའོ། །ཞེས་བཀའ་སྩལ་ཏོ་ཞེས་པའི་དོན་ནོ། །གཉིས་པ་ཞི་གནས་ཀྱི་དགོས་པ་ནི། ཞི་གནས་དང་བྲལ་བའི་ལྷག་མཐོང་འབའ་ཞིག་ནི་རྣལ་འབྱོར་པའི་སེམས་ཡུལ་རྣམས་ལ་རྩེ་གཅིག་ཏུ་མི་གནས་པར་རྣམ་པར་རྟོག་པའི་རླུང་གིས་བསྐྱོད་ནས་རྣམ་པར་གཡེང་བར་འགྱུར་གྱི། དམིགས་པ་ལ་སེམས་བརྟན་པར་གནས་པར་མི་འགྱུར་རོ། །དཔེར་ན་རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུའོ། །ཞི་གནས་མེད་ན་སེམས་མི་གནས་པ་དེ་བས་ན་ཡེ་ཤེས་ཀྱི་སྣང་བ་ཡུལ་གྱི་རྣམ་པ་ཤིན་ཏུ་གསལ་བ་མི་འབྱུང་ངོ༌། བཞི་པ་གཉིས་ཀའི་དོན་བསྡུ་བ་ནི་བཞི་སྟེ། ལྡོག་པ་དང༌། རྗེས་འགྲོ་དང༌། དེའི་ཤེས་བྱེད་དང༌། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། དེ་ལྟ་བས་ན་ཞི་གནས་དང་ལྷག་མཐོང་གཉིས་ཀ་འདྲ་བར་བསྟན་པར་བྱའོ། །བཤེས་སྤྲིང་ལས་ཀྱང༌། ཤེས་རབ་མེད་ན་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་ཡོད་པ་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་སྩལ་བར་བགྱིད། །ཅེས་སོ། །ཞི་ལྷག་གང་རུང་མེད་ན་ཡང་ཡང་དག་པའི་དོན་མི་རྟོགས་པ་དེའི་ཕྱིར། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང༌། ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་ཆོས་ཉིད་དྲི་བྲལ་མཐའ་དག་མ་མཐོང་སྟེ། ཆོས་སྐུའི་ཆ་ཤས་མ་མཐོང་སྟེ། ཏིང་ངེ་འཛིན་གྱིས་ཤས་ཆེ་བར་གནས་པའི་ཕྱིར་དང༌། བདག་མེད་རྟོགས་པའི་ཤེས་རབ་ཤས་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཆོས་ཉིད་དྲི་མས་དག་པའི་ཆོས་སྐུའི་ཆ་ཤས་མཐོང་མོད་ཀྱི། དྲི་བྲལ་གྱི་ཆོས་སྐུའི་ཆ་ཤས་མཐའ་དག་མི་གསལ་ཏེ། ཤེས་རབ་ཤས་ཆེ་བའི་ཕྱིར་དང༌། ཏིང་ངེ་འཛིན་ཤས་ཆུང་བའི་ཕྱིར་རོ། །གཉིས་པ་རྗེས་འགྲོའི་སྒོ་ནས་བསྟན་པ་ནི། དེ་བཞིན་གཤེགས་པས་ནི་དྲི་མ་མཐའ་དག་གིས་དག་པའི་ཆོས་སྐུའི་ཆ་ཤས་ཐམས་ཅད་གསལ་བར་གཟིགས་ཏེ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ། །ཞེས་བཀའ་སྩལ་ཏོ། །མདོ་ལས། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་ཐམས་ཅད་མཐོང་མ་ལགས། །ཆོས་སྐུ་གང་དག་བཅོམ་ལྡན་འདས་ཁྱོད་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། །ཞེས་པ་ལྟར་རོ། །འོ་ན་ཞི་གནས་ཀྱི་བྱེད་པ་ཇི་ལྟ་བུ་ཞེ་ན། ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་གིས་བསྐྱོད་པ་མེད་པར་ལེགས་པར་བཞག་པ་བཞིན་དུ། རྣམ་པར་རྟོག་པ་རབ་ཏུ་གཡོ་བའི་རླུང་དང་འདྲ་བ་རྣམས་ཀྱིས་སེམས་ཕྱིར་གཡོས་པར་མི་འགྱུར་རོ། །འོ་ན་ལྷག་མཐོང་གི་བྱེད་པ་ཇི་ལྟ་བུ་ཞེ་ན། ལྷག་མཐོང་གིས་ནི་ཡུལ་གྱི་གནས་ཚུལ་སྟོང་པ་ཉིད་ཀྱི་དོན་རིགས་པའི་སྟོབས་གྱིས་ངེས་པར་བྱས་པའི་དོན་ཤིན་ཏུ་གསལ་བའི་རྣམ་པས་རྟོགས་པས་ན་སྒྲོ་འདོགས་ཀྱི་ལྟ་བ་ངན་པའི་དྲྭ་བ་མཐའ་དག་སྟོང་པ་ཉིད་ཀྱི་དོན་ལ་རྒོལ་བ་བྱེད་པ་གཞན་དག་གིས་ཀླན་ཀ་ཇི་ཙམ་སྨྲས་ཀྱང་རང་གི་རྟོགས་པ་ལས་མི་ཕྱེད་དོ་ཞེས་བྱའོ། །གསུམ་པ་ཤེས་བྱེད་ཀྱི་ལུང་ནི། ཟླ་བ་སྒྲོན་མེའི་མདོ་ལས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །ཞེས་ཏེ། ལུང་དེའི་དོན་བཤད་པ་ནི། ཞི་གནས་ཀྱི་སྟོབས་ཀྱིས་ནི་སེམས་རྣམ་པར་རྟོག་པའི་རླུང་གིས་གཡོ་བ་མེད་པར་བརྟན་པར་འགྱུར། ལྷག་མཐོང་གིས་ནི་གཞན་གྱི་ཀླན་ཀས་མི་ཕྱེད་པས་རི་དང་འདྲ་བར་འགྱུར་རོ་ཞེས་པའོ། །བཞི་པ་སྐབས་ཀྱི་དོན་བསྡུ་བ་ནི། ཞི་ལྷག་ཟུང་འབྲེལ་དུ་དགོས་པ་དེ་ལྟ་བས་ན་ཞི་ལྷག་གཉིས་ཀ་ལ་རྣལ་འབྱོར་དུ་བྱ་བར་གནས་དགོས་སོ། །རྣལ་འབྱོར་གཉིས་རྒྱུ་ཉིད་དུ་སྒྲུབ་པ་བསྟན་ཟིན་ཏོ། །རྣལ་འབྱོར་རྗེས་སུ་སྒྲུབ་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་ཞི་གནས་སྒྲུབ་པའི་ཚུལ་དང༌། ལྷག་མཐོང་སྒྲུབ་པའི་ཚུལ་ལོ། །དང་པོ་ལ་སྡོམ་ནི། རྣལ་འབྱོར་ཞི་གནས་རྒྱུ་དང་གྲོགས། །སྔོན་འགྲོ་དམིགས་པ་གཏད་པའི་ཐབས། །རྗེས་བྱ་ཁམས་ཚོད་བཟུང་དང་ཚད། །སྤྱོད་ལམ་སེམས་ཉམས་བཅོས་པའི་ཐབས། །ཡོན་ཏན་རྗེས་བྱ་གོ་རིམ་དང༌། །རྣམ་གཡེང་དེའི་སྦྱོར་འབྲས་བུར་བཅས། །དེ་ལ་ཞི་གནས་ཀྱི་རྣལ་འབྱོར་གང་ཞེ་ན། གང་དུ་གཉིད་ཤས་ཆུང་བ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཆུང་བ་དང༌། དགེ་བ་ལ་མོས་པ་དང༌། འདོད་པ་ལ་འདུན་པ་དང་བྲལ་བ་དང༌། ལུང་དང་མན་ངག་གི་རྗེས་སུ་འཇུག་པ་སྟེ། ཇི་སྐད་དུ། ཉོན་མོངས་ཚོགས་བྲལ་སྡོམ་པ་བསྲུང་ལ་མོས། །དགེ་བའི་དོན་ལ་མོས་ཤིང་བརྗེད་པ་མེད། །བསྒོ་བའི་ཚིག་ལ་ཉན་ཅིང་སྙན་པ་སྨྲ། །མཁས་པ་ཞི་གནས་དོན་དང་ལྡན་པར་གྱུར། །ཞེས་འབྱུང་བ་དང༌། གཞན་ཡང༌། སེམས་མ་འཁྲུགས་དང་ནད་དང་བྲལ། །བསྒོ་བ་འཛིན་ཅིང་ཀུན་ཏུ་གསོང༌། །ཞེས་འབྱུང་བ་ལྟ་བུའོ། །དེ་ལ་ཞི་གནས་དངོས་གང་ཞེ་ན། དམིགས་པ་ལ་འཛིན་པ་དང༌། སེམས་ཀུན་ཏུ་གཏོད་པ་དང༌། ཉོན་མོངས་པ་སྲུང་བ་དང༌། བྱིང་བ་དང་རྒོད་པ་སྙོམ་པ་དང༌། ལྷག་མཐོང་ལ་ཕན་པར་བྱེད་པ་དང༌། སེམས་དལ་བར་གྱུར་པ་དང༌། ཀུན་ཏུ་མི་གཡོ་བ་དང༌། བརྟན་པ་དང༌། རབ་ཏུ་ཞི་བར་གནས་པ་སྟེ། ལུང་གཞན་དག་ལས། སྡུད་པར་ཁྱོད་དང་གཡོ་བ་མེད། །དལ་འགྱུར་དེ་བཞིན་ཉོན་མོངས་བསྲུང༌། །ཡོན་ཏན་ཀུན་གྱི་རྟེན་དུ་འགྱུར། །ཞི་གནས་ཡོན་ཏན་ཀུན་ཏུ་བདེ། །ཞེས་འབྱུང་བ་དང༌། སེམས་དཔའ་ཆེན་པོ་ཞི་གནས་ནི་སེམས་འཕྲོ་བ་མེད་པའི་ཏིང་ངེ་འཛིན་དང༌། སེམས་ལས་བྱུང་བ་རྣམས་སོ། །ཞེས་འབྱུང་བ་དང༌། མདོ་ལས། ཉེས་པ་ལྔ་སྤོང་བ་ནི་སེམས་ལས་བྱུང་བའི་འདུ་བྱེད་བརྒྱད་དོ། །ཞེས་འབྱུང་བ་ལྟ་བུའོ། །སེམས་གནས་པའི་ཐབས་ནི་དགུ་གསུངས་ཏེ། དང་པོར་དམིགས་པ་དེ་ལ་སེམས་འཇོག་གོ །ཅུང་ཟད་ཙམ་ཞིག་འཇོག་གམ་ཞེ་ན། རྒྱུན་དུ་འཇོག་གོ །གལ་ཏེ་དམིགས་པ་ལས་སེམས་གཞན་དུ་འཕྲོས་ན་ཇི་ལྟར་བྱེད་ཅེ་ན། སེམས་སླར་བཀུག་སྟེ་དམིགས་པ་ལ་བླན་ཏེ་འཇོག་གོ །དེ་ལས་ཀྱང་སླར་འཕྲོས་ན་ཇི་ལྟར་བྱེད་ཅེ་ན། མི་མཐུན་ཕྱོགས་ཀྱི་དབང་དུ་ཡུན་རིང་པོ་མ་སོང་བར་དམིགས་པ་ལ་སེམས་ཉེ་བར་འཇོག་གོ །དེ་ལྟར་དམིགས་པ་ལ་སེམས་ཡང་ཡང་ཉེ་བར་བཞག་པས་སེམས་རྟ་རྒོད་ལྟར་གཡོ་བ་དེ་དུལ་བར་བྱེད་དོ། །ཡང་མི་མཐུན་ཕྱོགས་བྱིང་རྒོད་སྐྱེས་ན་ཡང་ཤེས་བཞིན་གྱི་བྱ་ར་བས་རིག་པར་བྱས་ནས་ཞི་བར་བྱེད་དོ། །ཡང་སྐྱེས་ན་ཡང་ཏིང་ངེ་འཛིན་གྱི་རྒྱུན་བསྲིངས་ནས་རྣམ་པར་ཞི་བར་བྱེད་དོ། །དེ་ནས་ཚུལ་དེ་ལྟར་བྱས་པའི་ནུས་པས་སེམས་རྩེ་གཅིག་ཏུ་བྱེད་དོ། །དེ་ནས་ནུས་པ་དབང་དུ་གྱུར་བས་བྱིང་རྒོད་གཉིས་ཀྱི་ཕྱོགས་སུ་མ་ལྷུང་བར་སེམས་རྩོལ་མེད་དུ་མཉམ་པར་འཇོག་པ་ཐོབ་བོ། །ཞི་གནས་ཀྱི་རྒྱུ་གང་ཞེ་ན། གང་ཞིག་ཞི་གནས་བསྐྱེད་པར་བྱེད་ཅིང་ཞི་གནས་ལ་ཕན་པར་བྱེད་པ་རྣམས་སོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ལུང་དང༌། དེ་ལ་བརྟེན་པ་དང༌། དམིགས་པ་ཁྱད་པར་ཅན་དང༌། སུན་འབྱིན་པ་དང༌། གཉེན་པོ་དང༌། མཐོང་བ་དང༌། ཐོས་པ་དང༌། རང་གིས་ཉམས་སུ་མྱོང་བ་དང༌། གནས་དང༌། དུས་དང༌། ཁ་ཟས་དང༌། སྐོམ་དང༌། གོས་དང༌། རྟེན་དང༌། ཕྲད་པ་དང༌། བྲལ་བ་དང༌། གཏོང་བ་དང༌། འཛིན་པ་དང༌། ཡོངས་སུ་སྡུད་པ་དང༌། སེམས་ལས་བྱུང་བའོ། །དེ་ལ་ལུང་གིས་ཇི་ལྟར་འགྱུར་ཞེ་ན། ཐེག་པ་ཆེན་པོའི་མདོའམ་རྒྱུད་ལས། ཞི་གནས་དང༌། དེའི་ཐབས་དང༌། དེའི་ཡོན་ཏན་བརྗོད་པ་གང་གིས་གང་ཞིག་འཕེལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་བརྟེན་པས་ཇི་ལྟར་ཞེ་ན། བཀའ་གང་ལ་གང་གིས་བརྟེན་ནས་གང་བསྟན་པ་དེས་དེ་འཕེལ་བར་འགྱུར་བའི་ཕྱིར་རོ། །དེའང་ལུང་ལས། སེམས་དཔའ་ཆེན་པོ་སྒྲ་གང་ལ་བརྟེན་ནས་སེམས་ཅན་དམན་པ་ལ་རྟོགས་པ་འབྱུང་ངོ༌། །རྟོགས་པ་ལ་བརྟེན་ནས་ཞི་གནས་དང་ལྡན་པར་འགྱུར་རོ། །དེ་ལ་བརྟེན་ནས་ལྷག་མཐོང་འཕེལ་བར་འགྱུར་རོ། །དེ་ལས་ནི་ཟུང་དུ་འབྲེལ་བའི་ཡེ་ཤེས་འབྱུང་བར་འགྱུར་རོ། །སེམས་དཔའ་ཆེན་པོ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་ཚེ་སངས་རྒྱས་རྣམ་པར་གཟིགས་ཀྱི་སྒྲ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དམིགས་པ་ཇི་ལྟ་བུ་ཞེ་ན། དམིགས་པ་ནི་སྣ་ཚོགས་པ་སྟེ་མཐའ་གཅིག་ཏུ་ངེས་པ་མེད་དོ་ཞེས་གསུངས་ཏེ། འདི་ལྟར་རྣམ་པར་བམ་པ་དང༌། རྣམ་པར་སྔོས་པ་ལ་བརྟེན་ནས་མི་སྡུག་པའི་བསམ་གཏན་ཡོངས་སུ་རྫོགས་པར་འགྱུར་རོ། །དུས་མཐའི་མེ་ལ་སོགས་པ་ལ་བརྟེན་ནས་ཟད་པར་གྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་དང༌། རིན་ཆེན་སྣ་ལྔའི་སྐུའི་སྣང་བའི་གཉེན་པོ་དང་བཅས་པས་སྐུའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་རོ། །རྔུལ་བ་དང༌། ཞུ་བའི་སྟོབས་ཀྱིས་ཐིག་ལེའི་བསམ་གཏན་ཕུན་སུམ་ཚོགས་པར་འགྱུར་རོ། །སྣང་བའི་འོད་ཅེས་བྱ་བས་ནི་འོད་ཀྱི་བསམ་གཏན་ཕུན་སུམ་ཚོགས་པར་འགྱུར་རོ། །ནམ་མཁའ་དང་བ་ལ་བརྟེན་ནས་འོད་གསལ་བའི་ཡེ་ཤེས་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གང་འདོད་པའི་ཡུལ་དེ་མི་འཆོར་བར་འཛིན་པར་འགྱུར་རོ། །སུན་འབྱིན་པར་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་འདོད་ཆགས་ཀྱི་ཡུལ་ལ་ཉེས་དམིགས་ཅན་དུ་བལྟ་བ་སྟེ། ཆགས་པའི་ཉེས་དམིགས་དང་པོའི་དུས་སུ་རྗེས་སུ་དྲན་པ་དང༌། མཚུངས་པར་ལྡན་པ་དང༌། ཟླ་གཞན་དང༌། དུས་ཕྱིས་འབྱུང་བས་ཕྱིས་རྗེས་སུ་དྲན་པ་དང༌། གཙང་བ་མེད་པ་དང༌། བདག་མེད་པ་དང༌། རྟག་པ་མེད་པ་དང༌། རོ་བྲོ་བ་མེད་པས་གང་འདོད་པ་རྩེ་གཅིག་ཏུ་འགྱུར་རོ། །ལུང་གཞན་ལས། དང་པོའི་དུས་དང་མཚུངས་ལྡན་དང༌། །ཟླ་གཞན་ཕྱིས་འབྱུང་རྗེས་དྲན་པས། །ཆགས་དང་གཏི་མུག་ཉོན་མོངས་བྲལ། །ཏིང་འཛིན་ཡོན་ཏན་ཕུན་སུམ་ཚོགས། །ཞེས་འབྱུང་བ་དང༌། གཞན་ལས། རྟག་མིན་རང་དབང་ཡོད་མིན་དང༌། །གཞན་སྐྱོན་བདག་ལ་ལྡན་འགྱུར་དང༌། །རང་གིས་རང་གི་ཡོན་ཏན་ཉིད། །འབྱོར་པ་ཕུན་སུམ་ཚོགས་པར་འགྱུར། །ཞེས་འབྱུང་བ་ལྟ་བུའོ། །གཉེན་པོས་ཇི་ལྟ་བུ་ཞེ་ན། མ་ཆགས་པ་དང༌། ཞེ་སྡང་མེད་པ་ལ་སོགས་པས་རང་གི་མི་མཐུན་པའི་ཕྱོགས་སེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མི་མཐུན་པ་དང་གཉེན་པོ་ལྷན་ཅིག་མི་གནས་པའི་ཕྱིར་འགལ་བ་ཡིན་ནོ། །གལ་ཏེ་ན་དགེ་བར་འགྱུར་བ་གང་དག་ལྷན་ཅིག་གནས་པར་འགྱུར་བའི་ཕྱིར་ཐ་དད་པ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཆོས་དགེ་བ་ནང་ཐ་དད་པས་གཅིག་ཏུ་མི་འགྱུར་རོ། །གཞན་མཐོང་བས་ཇི་ལྟར་འགྱུར་ཞེ་ན། དམིགས་པ་གསལ་བ་དང༌། བསམ་གཏན་ལྡན་པ་མཐོང་ན་དད་པར་འགྱུར་རོ། །གང་ལ་དད་པར་འགྱུར་བ་དེ་ལ་སེམས་རྩེ་གཅིག་པར་འགྱུར་རོ་ཞེའོ། །ཐོས་པས་ཇི་ལྟར་འགྱུར་ཞེ་ན། སྔ་མ་དེ་ཉིད་བཞིན་ནོ། །རང་གིས་ཉམས་སུ་མྱོང་བས་ཇི་ལྟར་ཞེ་ན། རང་གིས་སྔ་མའི་དུས་སུ་དམིགས་པ་ཟིན་པ་དང༌། སེམས་ཐུལ་བ་དང༌། རབ་ཏུ་རྫོགས་པ་དང༌། མངོན་དུ་གྱུར་པས་གང་དུ་གཏད་པ་དེ་འཕེལ་བར་འགྱུར་ཏེ། ཇི་སྐད་དུ། སེམས་དཔའ་ཆེན་པོ་གང་གིས་དེ་ཁོ་ན་ཉིད་བསམ་གཏན་ཡོངས་སུ་རྫོགས་པར་འདོད་པ་དེས་གང་ལ་བརྟེན་ཏེ་བསླབ་པར་བྱ་བའི་ཐབས་ཡོངས་སུ་རྫོགས་པ་ནི་འདི་ལྟ་སྟེ། སྔ་མའི་དུས་ཀྱི་དམིགས་པ་རྣམ་པར་གསལ་བ་དང༌། ཡོངས་སུ་རྫོགས་པ་ལ་བརྟེན་ནས་བླ་ན་མེད་པའི་ཐབས་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྔ་མའི་དུས་ཀྱི་དམིགས་པ་དེས་ཕྱི་མའི་དུས་ཀྱི་རྐྱེན་བྱེད་པར་འགྱུར་ཏེ། དང་པོ་ནི། རང་གི་དམིགས་པ་ལ་དྲན་པ་སྐྱེའོ། །དེ་ནས་ཕྱི་མ་ལ་མངོན་དུ་བྱེད་དོ་ཞེས་འབྱུང་བ་ལྟ་བུའོ། །གནས་ཀྱིས་ཇི་ལྟར་འགྱུར་ཞེ་ན། ལུང་ལས་འདི་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཏིང་ངེ་འཛིན་ཉམས་པ་མེད་པར་འདོད་པ་དང༌། ཤེས་རབ་ཉམས་པ་མེད་པ་དང༌། རྣམ་པར་གྲོལ་བ་ཉམས་པ་མེད་པ་ཐོབ་པར་འདོད་པས་ཐོག་མ་ཉིད་དུ་ནི་ཡིད་དུ་འོང་བའི་གནས་ལ་བརྟེན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གནས་ཡོངས་སུ་དག་པས་ཐོག་མ་ཉིད་དུ་དམིགས་པ་མ་དག་པ་སྤོང་བར་འགྱུར་རོ། །གང་གི་ཚེ་དམིགས་པ་མ་དག་པ་སྤངས་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤོང་བར་འགྱུར་རོ། །གང་གི་ཚེ་ཉོན་མོངས་པ་སྤངས་པར་འགྱུར་བ་དེའི་ཚེ་སེམས་རྩེ་གཅིག་པ་ཐོབ་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཡུལ་གྱིས་ཇི་ལྟ་བུ་ཞེ་ན། རིགས་ཀྱི་བུ་སེམས་ཅན་ཚ་བའི་ནད་དང་ལྡན་པ་རྣམས་ཀྱིས་ནི་རི་ཤིན་ཏུ་མཐོ་བར་འགྱུར་བ་དང༌། གྲང་བའི་གནས་ཡོད་པ་དང༌། ཙནྡན་གོར་ཤིར་ཤ་དང༌། ཙནྡན་སྦྲུལ་གྱི་སྙིང་པོ་ཅན་ལ་སོགས་པ་ཡོད་པ། གང་ཡུལ་ཁམས་སམ། འབྲོག་དགོན་པའམ། ཁམས་ཆེན་པོ་ལ་གནས་ན་དེའི་ནད་ཐམས་ཅད་ཞི་བར་འགྱུར་རོ། །དེ་བས་ན་དེའི་བསམ་གཏན་དང༌། ཆོ་ག་ཕུན་སུམ་ཚོགས་པར་འགྱུར་ཏེ། འདི་ལྟར་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་པོ་ཆེའི་ཏོག་བརྩེགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་གྲངས་མེད་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པ་ཐོབ་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དུས་ཕྱིས་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། འདི་ནས་ཡུན་རིང་པོ་མ་ལོན་པར་བསམ་གཏན་ཕུན་སུམ་ཚོགས་པར་འདོད་ན། ཉི་མ་ལྔའམ། གསུམ་མམ། གཅིག་གི་བར་དུ་ཡན་ལག་ཡོངས་སུ་སྦྱང་བ་དང༌། ཕུང་པོ་རྒྱུན་རབ་ཏུ་འཕེལ་བ་ཞེས་བྱ་བའི་ཆོ་ག་ལ་གནས་པར་བྱའོ། །ཞེས་འབྱུང་བ་ལྟ་བུའོ། །ཟས་ཀྱིས་ཇི་ལྟར་འགྱུར་ཞེ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ལ་ཟས་ཀྱི་ཚོད་ཤེས་པ་དང༌། ཟས་ཀྱི་མཚན་ཉིད་ཤེས་པ་དང༌། ཟས་དང་མཐུན་པའི་ལུས་ཤེས་པ་དེས་ཇི་ལྟར་ཟས་ལ་སྤྱད་པ་བཞིན་དུ་བསམ་གཏན་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཟས་ལ་ལེགས་པར་བརྟེན་པས་ནི་ལུས་བདེ་བར་གནས་པར་འགྱུར་རོ། །དེ་ནས་ནི་སེམས་བདེ་བར་འགྱུར་རོ། །དེ་ནས་ནི་བསམ་གཏན་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་འབྱུང་བ་ལྟ་བུའོ། །གྲོགས་ཀྱིས་ཇི་ལྟར་འགྱུར་ཞེ་ན། སེམས་དཔའ་ཆེན་པོའི་བསམ་གཏན་དང་ལྡན་པའི་གང་ཟག་ལ་ལ་ཞིག་བསམ་གཏན་ལ་གནས་པར་འགྱུར་ཞིང་བསམ་གཏན་ལ་བསྔགས་པ་བརྗོད་ན། བསམ་གཏན་གཟུངས་སུ་འཛིན་པར་བྱེད་ན། བྱིས་པ་མ་རབས་ཀྱང་བསམ་གཏན་གྱི་རྗེས་སུ་འཇུག་པར་བྱེད་ན། བསམ་གཏན་དེ་རང་ལས་འབྱུང་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། གལ་ཏེ་བསམ་གཏན་དེ་གཞན་ལས་འབྱུང་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། སེམས་དཔའ་ཆེན་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སེམས་ཅན་དེ་དག་གི་བསམ་གཏན་དེ་རང་ལས་འབྱུང་བ་མ་ཡིན་ཏེ། གཞན་ལས་ཀྱང་བྱུང་བ་མ་ཡིན་ཏེ། རྐྱེན་གཞན་ལ་ལྟོས་ཤིང༌། རང་གི་ས་བོན་ལས་བྱུང་བར་རིག་པར་བྱའོ། །ཞེས་འབྱུང་བ་ལྟ་བུའོ། །གྲོགས་ཀྱིས་ཇི་ལྟར་བསྟེན་པའང་དེ་བཞིན་ནོ། །ཕྲད་པ་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་ལུང་དང་ཕྲད་པ་དང༌། རིགས་པ་དང་ཕྲད་པ་དང༌། དགེ་བའི་གྲོགས་པོ་དང་ཕྲད་པས་ཀྱང་བསམ་གཏན་ཕུན་སུམ་ཚོགས་པར་འགྱུར་རོ། །མི་མཐུན་ཕྱོགས་དང་བྲལ་བ་ཇི་ལྟར་ཞི་གནས་སྐྱེ་བའི་ཡན་ལག་ཏུ་འགྱུར་ཞེ་ན། ཇི་ལྟར་གང་ལ་ཞེན་ཅིང་ཆགས་པའི་ཡུལ་དང་བྲལ་བ་དང༌། སྲིན་པོ་དང་བྲལ་བ་དང༌། དགྲ་དང༌། སྦྲུལ་གདུག་པ་དང༌། སྟག་དང་སེང་གེ་ལ་སོགས་པ་བསམ་གཏན་གྱི་དགྲར་གྱུར་པ་དང་བྲལ་བར་འགྱུར་རོ། །གཏོང་བས་ཞི་གནས་སྐྱེ་བའི་ཡན་ལག་ཏུ་ཇི་ལྟར་འགྱུར་ཞེ་ན། སྦྱིན་པ་ལ་སོགས་པ་དགེ་བའི་སྟོབས་ཀྱིས་འགྱུར་བའོ། །འཛིན་པས་ཞི་གནས་སྐྱེ་བའི་ཡན་ལག་ཏུ་ཇི་ལྟར་འགྱུར་ཞེ་ན། གང་གིས་སྡོམ་པ་ཡོངས་སུ་འཛིན་པ་དང༌། གྲོགས་བཟང་པོ་དང༌། གནས་བཟང་པོ་དང༌། སེམས་དང་མཐུན་པ་འཛིན་པས་སྐྱེ་བར་འགྱུར་བའོ། །སྡུད་པས་ཞི་གནས་སྐྱེ་བའི་ཡན་ལག་ཏུ་ཇི་ལྟར་འགྱུར་ཞེ་ན། བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་བསམ་གཏན་ཕུན་སུམ་ཚོགས་པར་འགྱུར་བའོ། །སེམས་ལས་བྱུང་བ་ཇི་ལྟར་ཞི་གནས་སྐྱེ་བའི་ཡན་ལག་ཏུ་འགྱུར་བ་ཇི་ལྟ་བུ་ཞེ་ན། ཞི་གནས་ཀྱི་དམིགས་པ་དྲན་པ་དང༌། ཞི་གནས་ལ་མོས་པ་ལ་སོགས་པ་དང་ལྡན་པས་བསམ་གཏན་ཕུན་སུམ་ཚོགས་པར་འགྱུར་རོ། །འདི་ལའང་འགའ་ཞིག་ནི། དངོས་སུ་སྐྱེ་བའི་ཡན་ལག་ཏུ་འགྱུར་རོ། །འགའ་ཞིག་ནི་རྒྱུད་ནས་སྐྱེ་བའི་ཡན་ལག་ཏུ་འགྱུར་ཏེ་ཅི་རིགས་སུ་སྦྱར་རོ། །དེ་ལ་ཞི་གནས་ཀྱི་གྲོགས་གང་ཞེ་ན། དམིགས་པ་ལ་སེམས་འཛིན་པ་མངོན་དུ་བྱེད་པའི་དུས་ན་གང་གིས་ཞི་གནས་དེ་ལ་ཕན་པར་འགྱུར་བ་ཐམས་ཅད་དོ། །སྔོན་དུ་འགྲོ་བ་གང་ཞེ་ན། གང་གིས་དང་པོ་སྟན་བདེ་བ་ལ་འདུག་སྟེ། སྐྱིལ་མོ་ཀྲུང་ལེགས་པར་བཅས་ནས་ལུས་བསྲང་སྟེ་སུན་འབྱིན་པ་དང༌། སྤྲོ་བ་རྣམ་པ་གཉིས་བྱས་ཏེ། སུན་འབྱིན་པ་ནི། ཨེ་མའོ་ཁམས་གསུམ་ཀུན་གྱི་སེམས་ཅན་འདི་དག་ནི་ཚེ་རབས་ཐོག་མ་མེད་པ་ནས་ཉོན་མོངས་པའི་འཆིང་བ་དང་ལྡན་པ་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་མཚམས་མེད་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་རོ་ཞེས་བྱ་བ་འདིའང་བསམ་པར་བྱའོ། །གཞན་ཡང་བདག་གིས་ཚེ་རབས་ཐོག་མ་མེད་པའི་དུས་ནས་དོན་མེད་པའི་ལས་ཀྱིས་བཅིངས་པ་སྟེ། ཇི་སྐད་དུ། མི་རྟག་ལུས་འདིའི་དོན་གྱི་ཕྱིར། །སྡིག་དང་དོན་མེད་རྣམས་ལས་བྱས། །ལུས་དང་སེམས་བྲལ་སོ་སོ་ན། །ཁྱོད་ཀྱིས་ཅི་སྟེ་ཐང་དུ་གསོ། །དགེ་བྲལ་ཐབས་ནི་སྣ་ཚོགས་པས། །ཕུང་པོའི་དོན་ཕྱིར་ལས་རྣམས་བྱས། །འབྲས་བུ་བྱ་དང་ཁྱི་སྤྱང་ཟས། །བདག་ལ་དགོས་པ་མེད་དུ་ཟད། །ཅེས་པ་འདི་དག་གི་དོན་ཡང་བསམ་པར་བྱའོ། །གཞན་ཡང་སྤྲོ་བ་ནི། བདག་ལུས་གཅིག་མིན་ཕྱི་ནང་གཉིས་དང་ལྡན། །ནང་རོལ་དོན་སྙིང་པགས་པ་གཟུགས་དང་མགོ །རེ་རེའི་ཆ་ཡི་དབྱེ་བས་སྙིང་པོ་མེད། །དེ་ཕྱིར་ལུས་ལ་མཁས་པ་སུ་ཞིག་ཆགས། །ཞེས་པ་དང༌། ཁམས་གསུམ་གཅིག་མིན་སྣོད་དང་བཅུད་དུ་ལྡན། །རེ་རེའི་ཆ་ཡི་དབྱེ་བས་བསམ་མི་ཁྱབ། །ཕྲ་རབ་རྡུལ་ལ་དངོས་པོ་ཅི་ཡང་མེད། །དེ་ཕྱིར་ཕྱི་རོལ་གཅིག་དང་དུ་མར་བྲལ། །ཞེས་པ་འདི་ཡང་བསམ་པར་བྱའོ། །གཞན་ཡང༌། དེ་ནས་བདག་ནི་འབྲས་བུ་ཅན། །འཇིག་རྟེན་དགེ་བ་ཐམས་ཅད་ཀྱིས། །བསམ་གཏན་དགེ་བའི་ཆར་མི་འགྲོ། །དེ་ཕྱིར་བདག་ནི་དབུགས་ཕྱིན་འགྱུར། །ཞེས་པ་འདི་ཡང་བསམ་སྟེ། འདི་དག་ནི་སྔོན་དུ་འགྲོ་བའོ། །དེ་ལ་ཞི་གནས་ཀྱི་དམིགས་པ་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་དང༌། དབང་པོའི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་དང༌། ཏིང་ངེ་འཛིན་དང་སེམས་ལས་བྱུང་བ་གཞན་ཇི་སྙེད་པའི་ཡུལ་དུ་གྱུར་པ་གང་ཡིན་པ་སྟེ། རྣམ་པར་རྟོག་པ་ལ་སྤྱོད་པ་རྣམས་ཀྱིས་དབུགས་དབྱུང་རྔུབ་དང༌། འདོད་ཆགས་ལ་སྤྱོད་པ་རྣམས་ཀྱིས་ནི་མི་སྡུག་པ་དང༌། གཏི་མུག་ལ་སྤྱོད་པ་རྣམས་ཀྱིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ང་རྒྱལ་ལ་སྤྱོད་པ་རྣམས་ཀྱིས་ནི་ཁམས་ཀྱི་རབ་ཏུ་དབྱེ་བ་དང༌། ཞེ་སྡང་ལ་སྤྱོད་པ་རྣམས་ཀྱིས་ནི་ཚད་མེད་པ་བཞིའོ། །དམིགས་པ་ལ་སེམས་གཏད་པའི་ཐབས་གང་ཞེ་ན། དམིགས་པ་གང་གིས་རྣམ་པ་བཟུང་ནས་སེམས་བླན་ཏེ་འཇོག་པ་སྟེ་སེམས་གནས་པའི་ཐབས་དགུ་བསྟན་ཟིན་ཏོ། །སྤྱིར་འཇོག་པའི་ཐབས་ལ་སྡོམ་ནི། སྔོན་འགྲོ་གྲོགས་དང་དུས་དང་མཐོང༌། །སྤྱི་དང་བྱེ་བྲག་དམིགས་པ་བཞིའི། །མཚན་མ་དམིགས་གཞན་མཐོང་དང་བསྟོད། །བཅིངས་དང་སུན་འབྱིན་ཚོགས་རྫོགས་པའོ། །དེ་ལ་སྔོན་དུ་འགྲོ་བ་དང་བཅས་པས་སེམས་བཟུང་བའང་ཡོད་དེ། གང་གིས་སྔོན་དུ་འགྲོ་བ་ལེགས་པར་སྤྱད་པས་འདི་ལ་རྩེ་གཅིག་ཏུ་འགྱུར་བའོ། །གྲོགས་ཀྱི་བྱེ་བྲག་གིས་སེམས་བཟུང་བའང་ཡོད་དེ། དམིགས་པ་གང་ཏིང་ངེ་འཛིན་གྱིས་ཡུལ་དུ་བྱེད་པའི་དུས་སུ་སེམས་ལས་བྱུང་བ་དྲན་པ་ལ་སོགས་པས་ལེགས་པར་གནས་པར་འགྱུར་བའོ། །དུས་ཀྱི་བྱེ་བྲག་གིས་སེམས་བཟུང་བའང་ཡོད་དེ། གང་དུ་དུས་མེད་པར་གནས་པ་སྟེ། ཇི་ལྟར་ཆུ་ཚོད་དྲུག་ཆ་ནས་བཟུང་བའོ། །གཞན་མཐོང་བའི་བྱེ་བྲག་གིས་སེམས་བཟུང་བའང་ཡོད་དེ། འདོད་པར་བྱ་བའི་ཡུལ་ལ་གང་ལེགས་པར་འགྱུར་བ་སྔར་མཐོང་བའི་སྟོབས་ཀྱིས་ཕྱིས་དམིགས་པར་འགྱུར་བའོ། །དམིགས་པ་སྤྱིས་སྤྱི་ལ་སེམས་བཟུང་བའང་ཡོད་དེ། ཏིང་ངེ་འཛིན་གང་གིས་སྐུ་ལ་སོགས་པ་ཐམས་ཅད་ཡུལ་དུ་བྱས་ནས་ཐམས་ཅད་ལ་གསལ་བར་འགྱུར་བའོ། །དམིགས་པ་སྤྱིས་བྱེ་བྲག་ལ་སེམས་བཟུང་བའང་ཡོད་དེ། སྤྱིར་གཏད་པས་གསལ་བ་གང་ལ་རྩེ་གཅིག་པར་འགྱུར་བའོ། །དམིགས་པ་བྱེ་བྲག་གིས་སྤྱི་ལ་སེམས་བཟུང་བའང་ཡོད་དེ། སླ་བར་གྱུར་པ་གཅིག་ལ་སེམས་བཟུང་བས་ཕྱིས་གཞན་གསལ་བར་འགྱུར་བའོ། །བྱེ་བྲག་གིས་བྱེ་བྲག་ལ་སེམས་བཟུང་བའང་ཡོད་དེ། གང་ལ་གཏད་པ་དེ་ཉིད་གསལ་བར་འགྱུར་བའོ། །མཚན་མ་ལ་སེམས་བཟུང་བའང་ཡོད་དེ། གང་རྡོ་རྗེ་དང༌། རིན་པོ་ཆེ་དང༌། འཁོར་ལོ་ལ་སོགས་པའི་རྒྱན་གསལ་བས་དེར་འགྱུར་བའོ། །དམིགས་པ་གཞན་གྱིས་གཞན་ལ་སེམས་བཟུང་བའང་ཡོད་དེ། འདི་ལྟར་ཁམས་གསུམ་དག་པས་འགྱུར་བ་དང༌། བདག་དག་པས་འགྱུར་བ་ནི། དག་པའི་སྟོབས་ཀྱིས་འགྱུར་བའོ། །འདོད་ཆགས་དང་ཞེ་སྡང་དང་བྲལ་བར་འགྱུར་བ་ནི་སྤངས་པས་འགྱུར་བའོ། །རླུང་གྱེན་དུ་འགྲོ་བ་དང༌། ཐུར་དུ་འགྲོ་བ་དང༌། སྣ་སྒོ་གཡས་སུ་འགྲོ་བ་དང༌། སྣ་སྒོ་གཡོན་དུ་འགྲོ་བ་དག་ལས་འབྱུང་བ་ལ་སོགས་པའི་རིམ་པ་དང༌། སྙིང་ཁ་དང༌། ལྟེ་བ་དང༌། གསང་བའི་གནས་སུ་སླེབས་ནས་འཛིན་པ་ནི་དུལ་ནས་འཛིན་པའོ། །གཏོང་བའི་བྱེ་བྲག་གིས་སེམས་བཟུང་བའང་ཡོད་དེ། སེམས་རྒོད་པར་གྱུར་ན་གང་གིས་བཅིངས་པས་གསལ་བར་འགྱུར་བའོ། །སུན་འབྱིན་པས་སེམས་བཟུང་བའང་ཡོད་དེ། འཇིག་རྟེན་གྱི་ལས་ལ་ཉེས་པར་ཤེས་པས་སྤངས་ཏེ་སེམས་རྩེ་གཅིག་པར་འགྱུར་བའོ། །ཚོགས་ཡོངས་སུ་རྫོགས་པས་སེམས་བཟུང་བའང་ཡོད་དེ། གང་གིས་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་བ་དང༌། མཆོད་པ་ལ་སོགས་པའི་དགེ་བའི་སྟོབས་ཀྱིས་གང་ལ་དམིགས་པ་དེ་གསལ་བར་འགྱུར་བའོ། །གཞན་ཡང༌། ཁ་དོག་དབྱིབས་དང་གྲངས་དང་ཚད། །ཡོངས་རྫོགས་དེ་ཡིས་དེ་དག་འགྲུབ། །ཅེས་སོ། །དེ་ནས་རྗེས་སུ་བྱ་བའི་ཆོ་ག་བཤད་པར་བྱ་སྟེ། སྡོམ་ནི། ཉམས་སུ་མྱོང་རྟོག་དེ་ལ་གང་དམིགས་དང༌། །བྱིང་དང་རྒོད་རྟོག་དེ་ལ་གནས་བྱེད་དང༌། །རང་ལ་རབ་སྤྲོ་བསྔོ་དང་ཡི་རང་དང༌། །ལུས་ངག་ཉམས་ལྟ་འདི་དག་རྗེས་སུ་བྱེད། །དེ་ལ་ཉམས་སུ་མྱོང་བའི་རྟོག་པ་གང་ཞེ་ན། གང་གིས་བདག་གི་གསལ་བ་དང་ཡོངས་སུ་རྫོགས་པ་ཇི་ལྟར་གནས་པ་རྟོག་པའོ། །དེ་ལ་དམིགས་པ་གང་རྟོག་ཅེ་ན། འདི་ལྟར་ཉོན་མོངས་པ་དང་བཅས་པའི་སེམས་སམ། དེ་ལས་གཞན་པའི་སེམས་ཀྱིས་དམིགས་སམ་རྟོག་གོ །བྱིང་བ་ཇི་ལྟར་རྟོག་ཅེ་ན། སེམས་མྱལ་མྱལ་པོར་འདུག་པ་དང༌། གཉིད་ཀྱིས་ནོན་པ་ལྟ་བུར་འདུག་པ་དང༌། བསམ་གཏན་དང་གཉིད་དབྱེ་བ་མེད་པར་འདུག་པའོ། །རྒོད་པ་ཇི་ལྟར་རྟོག་ཅེ་ན། སེམས་གཉིས་འཛིན་དུ་གནས་པ་དང༌། ཉོན་མོངས་པའི་ཡུལ་ལ་རབ་ཏུ་འཕྲོ་བའོ། །དེ་ལ་གནས་པ་གང་ཞེ་ན། རོ་མྱང་བ་དང༌། ཞི་བར་ཤེས་པའོ། །རང་ལ་རབ་ཏུ་སྤྲོ་བ་ཇི་ལྟ་བུ་ཞེ་ན། རང་གི་བསམ་གཏན་འདི་མཆོག་ཏུ་འགྱུར་བའོ། །འདི་ནི་ཡང་དག་པའོ་སྙམ་དུ་འགྱུར་བའོ། །བསྔོ་བ་ཇི་ལྟ་བུ་ཞེ་ན། བསམ་གཏན་གྱི་དགེ་བའི་རྩ་བ་འདིས་འགྲོ་བ་ཐམས་ཅད་སངས་རྒྱས་པར་གྱུར་ཅིག་སྙམ་པའོ། །ཡི་རང་བ་ཇི་ལྟ་བུ་ཞེ་ན། སེམས་ཅན་གཞན་བསམ་གཏན་དང་ལྡན་པ་ལ་ཡི་རང་བའོ། །ལུས་ཀྱི་ཉམས་ལྔ་ལྟ་བ་ཇི་ལྟ་བུ་ཞེ་ན། ལུས་ངག་ལ་བསམ་གཏན་ཕན་པའི་དེ་ལས་གཞན་དུ་ཕན་པར་གྱུར་པ་ཡོངས་སུ་རྟོག་པ་སྟེ། སྨྲ་བ་དང་སེམས་པའང་དེ་བཞིན་ནོ། །ཁམས་ཀྱི་ཚོད་བཟུང་བ་ཇི་ལྟ་བུ་ཞེ་ན། གང་དུ་བསམ་གཏན་གྱི་ཁམས་ལ་གནོད་པར་འགྱུར་བ་དེ་སྲིད་དུ་ཐུན་ཐུང་ངུ་གནས་པར་བྱའོ། །གང་དུ་ཁམས་ལ་གནོད་པ་མེད་པ་དེ་ནས་ཐུན་སྲང་ཞིང་ཉུང་ངུ་ཉུང་ངུ་གནས་པར་བྱའོ། །སྒོམ་པའི་ཚད་གང་ཞིག་ཅེ་ན། དེ་ལ་གཉིས་ཏེ། གོམས་པའི་ཚད་དང༌། མཐར་ཕྱིན་པའི་ཚད་དོ། །གང་གིས་དམིགས་པ་རྩོལ་བས་གསལ་བ་དང༌། རྣམ་པ་གཞན་དུ་བསྒྱུར་བར་ནུས་པའོ། །ཡང་ཇི་ལྟར་སྣང་བ་རང་གི་བསམ་གཏན་ལས་གཞན་དུ་མི་སྣང་བའོ། །སྤྱོད་ལམ་ཇི་ལྟ་བུ་ཞེ་ན། དེ་ནི་རྣམ་པ་གསུམ་སྟེ། ལས་དང་པོ་པའི་སྤྱོད་ལམ་དང༌། བར་མའི་སྤྱོད་ལམ་དང༌། ཚད་དུ་ཕྱིན་པའི་སྤྱོད་ལམ་མོ། །ལས་དང་པོ་པའི་སྤྱོད་ལམ་གང་ཞེ་ན། དང་པོའི་དུས་ཀྱི་རྣལ་འབྱོར་པས་ནངས་པར་ཉི་མ་རི་ལ་གནས་པའི་དུས་སུ་བསམ་གཏན་བྱ་སྟེ། དེ་ནས་ཟས་ལེགས་པར་བཟའ་བ་དང༌། སྐོམ་ལེགས་པར་བཏུང་བ་དང༌། ལས་དྲག་པོ་ལ་སོགས་པ་སྤང་བ་དང༌། གཟུགས་ལ་སོགས་པ་ཡུན་རིང་དུ་ལྟ་བ་སོགས་སྤང་བར་བྱའོ། །གཞན་ཡང་ཐ་མལ་པར་གནས་པར་བྱའོ། །གཞན་ཡང་བདག་ཉིད་ཀྱིས་ལུས་ངག་གི་སྤྱོད་པ་ཅི་བདེར་གནས་པར་བྱ་སྟེ། འདི་ནི་ལས་དང་པོ་པའི་སྤྱོད་ལམ་མོ། །རྣལ་འབྱོར་པའི་སྤྱོད་ལམ་གང་ཞེ་ན། གང་གིས་སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གནས་པ་དང༌། སྣང་བ་ཉིད་སྒྱུ་མ་ཙམ་དུ་གནས་པ་དང༌། གོང་མ་ཙམ་ཉིད་སྒྱུ་མ་ཙམ་དུ་གནས་པ་སྟེ། ལུང་ལས། རྣལ་འབྱོར་མོས་པའི་ས་ལ་གནས། །གོང་དུ་གྱུར་པའི་སྤྱོད་ལམ་ནི། །སྣང་བའི་དངོས་པོ་བརྫུན་པར་འཛིན། །དེ་ཉིད་གཞན་དུ་བཟློག་པ་དང༌། །གཞན་འགྱུར་དངོས་པོ་སྒྱུ་མར་བལྟ། །ཡོན་ཏན་དམ་པ་ཐོབ་པར་འགྱུར། །ཞེས་འབྱུང་བ་ལྟ་བུའོ། །རྣལ་འབྱོར་པ་མཆོག་གི་སྤྱོད་ལམ་གང་ཞེ་ན། གང་གིས་སྔོན་དུ་སྣང་བའི་ལོག་པ་སྒྱུ་མ་ཙམ་དང༌། སྟོང་པ་ཉིད་དུ་ལྟ་སྟེ། སེམས་ཅན་གྱིས་བརྟག་པ་འཁྲུལ་པར་ཡང་ཤེས། འཁྲུལ་པ་དེ་ལའང་མ་ཆག་བཞིན་དུ་སྤྱོད་དོ། །དངོས་པོ་ལྷའི་དཀྱིལ་འཁོར་ཡང་སྣང་བ་ཙམ་དུ་ཤེས་ཏེ། དེ་ལའང་མ་ཆགས་བཞིན་དུ་སྤྱོད་དོ། །དེ་ནི་ལུང་ལས། རང་སྣང་གཞན་ལ་སྣང་བ་ཀུན། །སྣང་དང་འཁྲུལ་པ་ཙམ་དུ་གནས། །ཞེན་པ་མེད་བཞིན་ཀུན་ཏུ་སྤྱོད། །དེ་ལ་དངོས་གྲུབ་མཆོག་དང་ལྡན། །ཞེས་འབྱུང་བ་ལྟ་བུའོ། །དེའི་དུས་ཀྱི་སྤྱོད་ལམ་གཞན་ཡང་གསུངས་པ། ནང་གི་ཟས་དང་སྐོམ་དག་ནི། །ཀུན་ཏུ་བདུད་རྩི་ལོངས་སྤྱོད་ཆེ། །འཆི་ཉལ་སྟོང་པ་ཉིད་དུ་གནས། །ལངས་པའི་དུས་སུ་རང་ལྷ་ཉིད། །ཀུན་ཏུ་བདེན་པ་ཉིད་ལ་གནས། །མཐོང་བའི་ཆོས་ལ་མྱ་ངན་འདས། །ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ། །སེམས་ཉམས་དུ་ཞེ་ན། སྡོམ་ནི། མྱུར་དང་དལ་དང་བརྟན་པ་དང༌། །སྲ་དང་རྙི་དང་ཐོགས་པ་དང༌། །སྙམ་སེམས་པ་དང་རྒྱ་ཆེ་ཟབ། །དེ་བཞིན་རྟགས་ནི་རྣམ་པ་ལྔ། །དེ་ལ་མྱུར་ཞེས་བྱ་བ་ནི་ཤེས་པ་ཆུ་འབབ་པ་ལྟ་བུར་སྣང་བའོ། །དལ་བ་ཞེས་བྱ་བ་ནི་ཆུ་ཀླུང་བཞིན་ནོ། །བརྟན་པ་ཞེས་བྱ་བ་ནི་མཚོ་གཏིང་བཞིན་ནོ། །སྲ་བ་ཞེས་བྱ་བ་ནི་དམིགས་པ་ཐོགས་བརྡུགས་ཅན་དུ་གྱུར་པའོ། །རྙི་བ་ཞེས་བྱ་བ་ནི། དེ་ལས་བཟློག་པའོ། །དང་པོ་རྙི་ལ་དེ་ནས་སྲ་བ་ནི་ཐོགས་པའོ། །སྙམ་སེམས་པ་ནི་ཉེ་སྙམ་སེམས་པ་དང༌། རིང་སྙམ་སེམས་པ་དང༌། དལ་བ་སྙམ་སེམས་པ་དང༌། བྲེལ་བ་སྙམ་སེམས་པ་དང༌། ཟིན་པ་སྙམ་སེམས་པ་དང༌། མ་ཟིན་སྙམ་སེམས་པ་དང༌། སངས་རྒྱས་སྙམ་སེམས་པ་དང༌། མི་ཉམས་སྙམ་སེམས་པ་དང༌། གཞན་དུ་ཕྱིན་སྙམ་སེམས་པ་དང༌། མ་ཕྱིན་སྙམ་སེམས་པ་དང༌། ཀུན་བདེ་བ་སྙམ་སེམས་པ་དང༌། མི་བདེ་བ་སྙམ་སེམས་པའོ། །རྒྱ་ཆེ་བ་ནི། ཤེས་པ་ནམ་མཁའ་ལྟ་བུར་གྱུར་པའོ། །ཟབ་པ་ནི་མཚོ་གཏིང་སྙམ་ལྟ་བུའོ། །རྟགས་རྣམ་པ་ལྔ་ནི་སྨིག་རྒྱུ་དུ་བ་ལྟ་བུ་དང༌། སྲིན་བུ་མེ་ཁྱེར་མར་མེ་བཞིན། །ལྟ་བ་ནམ་མཁའ་ལྟ་བུ་བཞིན། །འདི་ལ་དམིགས་པའི་བྱེ་བྲག་དང༌། །དམིགས་པ་སོ་སོའི་བྱེ་བྲག་དང༌། །དེ་ལས་གཞན་པའི་བྱེ་བྲག་གིས་བཞག་གོ །དེ་ལ་བཅོས་པའི་ཐབས་གང་ཞེ་ན། སྡོམ་ནི། ཟས་དང་སྐོམ་དང་གནས་ལ་སོགས། །དོར་བ་དང་ནི་བླང་བ་དང༌། །རིང་ཐུང་རྩོལ་བཅས་རྩོལ་མེད་དང༌། །རང་ལས་བཟློག་པའི་རྣམ་པའོ། །དེ་ལ་ཟས་སྐོམ་ལ་སོགས་པ་ཇི་ལྟ་བུ་ཞེ་ན། གོང་དུ་བཤད་པ་བཞིན་ནོ། །དོར་བས་ཇི་ལྟ་བུ་ཞེ་ན། སེམས་ཉམས་མི་བདེ་བའོ། །བླང་བས་ཇི་ལྟ་བུ་ཞེ་ན། བདེ་བ་དང་པོས་མཐའ་མ་བདེ། །རིང་བ་ཇི་ལྟ་བུ་ཞེ་ན། གང་ཤིན་ཏུ་གསལ་བ་བརྟན་པའོ། །ཐུང་བ་ཇི་ལྟ་བུ་ཞེ་ན། གསལ་བ་མི་བརྟན་པའི་དུས་སོ། །རྩོལ་བ་ཇི་ལྟ་བུ་ཞེ་ན། མ་ཡེངས་པར་གཏོང་བའོ། །དེ་ལས་བཟློག་པ་ནི། རྩོལ་བ་མེད་པའོ། །རང་ལས་བཟློག་པ་ཇི་ལྟ་བུ་ཞེ་ན། མྱུར་བར་གནས་པ་ནི་དལ་བར་བྱེད་པའོ། །སེམས་དལ་བ་ལས་བརྟན་པ་འབྱུང་ངོ༌། །བརྟན་པ་དམན་པ་ནི་མྱུར་བར་བྱེད་པའོ། །སྲང་བ་ནི་སྙི་བར་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་ཤེས་པར་བྱའོ། །དེ་ལ་བསམ་གཏན་གྱི་ཡོན་ཏན་གང་ཞེ་ན། རང་གི་ངང་གིས་དམིགས་པ་གསལ་བར་གྱུར་པ་དང༌། དེ་ལས་གཞན་པའི་དམིགས་པ་འཕེལ་བར་བྱེད་པ་དང༌། མི་དགེ་བའི་རྒྱུ་སྔར་མ་སྐྱེས་པ་མི་བསྐྱེད་པ་དང༌། སྐྱེས་པ་ཉམས་པར་བྱེད་པ་དང༌། དགེ་བའི་རྒྱུ་སྔར་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་འཕེལ་བ་དང༌། ངན་སོང་གི་སྐྱེ་བ་དང་བྲལ་བ་དང༌། དེའི་སྡུག་བསྔལ་དང་བྲལ་བ་དང༌། བསྙེན་གནས་ཀྱི་ཡོན་ཏན་ཏེ། དགེ་སློང་གི་བར་གྱི་ཡོན་ཏན་དང་ལྡན་པ་དང༌། སྦྱིན་པ་ལས་བྱུང་བའི་ཡོན་ཏན་དང་ལྡན་པ་དང༌། ཡེ་ཤེས་ཀྱི་བར་གྱི་ཡོན་ཏན་དང་ལྡན་པ་དང༌། ཕྱོགས་མཚམས་སུ་སྙན་པ་ཐོབ་པ་དང༌། ཚོགས་ལ་བག་འཁུམས་པ་མེད་པ་དང༌། མངོན་པར་ཤེས་པ་ཉམས་པ་མེད་པ་དང༌། གཞན་དང་བ་འཇུག་པར་བྱེད་པ་དང༌། མདོར་ན་བཅོམ་ལྡན་འདས་ཀྱིས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་གསུངས་པ་བསམ་གཏན་གྱི་ཡོན་ཏན་ཏེ། ཇི་སྐད་དུ། བསྐལ་པ་སྟོང་དུ་སྦྱིན་པའི་བསོད་ནམས་ཀྱིས། །སྐད་ཅིག་མཉམ་པར་བཞག་པའི་སར་མི་འགྲོ། །ཡེ་ཤེས་ཡོན་ཏན་དཔག་མེད་སོག་པའི་ཕྱིར། །དགོན་པར་སེམས་སྡུད་བླ་མེད་ཡོན་ཏན་བླང༌། །ཞེས་འབྱུང་བ་ལྟ་བུའོ། །གོ་རིམ་གང་ཞེ་ན། དང་པོར་ནི་ཕྱི་རོལ་གྱི་དམིགས་པ་རགས་པ་ལ་འཇོག་པའོ། །དེ་ནས་ནི་ཕྲ་བ་དང་ཤིན་ཏུ་ཕྲ་བ་ལ་འཇོག་པའོ། །དེ་ནས་སྟོང་པ་ཉིད་མངོན་དུ་བྱེད་དོ། །དེའི་རྗེས་སུ་བྱ་བའང་འདི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པའོ། །དེ་ལས་ལངས་ནས་བསམ་གཏན་དང་པོའི་ཏིང་ངེ་འཛིན་བསྒོམ་མོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་དབྱེ་བ་གང་ཞེ་ན། འདི་ལྟར་ཞི་གནས་ནི་རྣམ་པ་གསུམ་སྟེ། སློབ་པའི་ཞི་གནས་དང༌། གོམས་པའི་ཞི་གནས་དང༌། མངོན་དུ་གྱུར་པའི་ཞི་གནས་དང༌། རྩོལ་བ་བྱས་ཀྱང་མི་གསལ་མ་བྱས་ཀྱང་མི་གསལ་བ་དང༌། བྱས་ན་གསལ་ཞིང་མ་བྱས་ན་མི་གསལ་བ་དང༌། གཉིས་ཀར་གསལ་བ་དང་གོ་རིམ་བཞིན་ནོ། །དེའི་འབྲས་བུ་གང་ཞེ་ན། ཡོན་ཏན་གྱི་ཕྱོགས་གཅིག་པའོ། །གང་ཟག་ཞི་གནས་དང་ལྡན་པ་ལ་གང་གིས་ཇི་ལྟར་ཡོངས་སུ་བརྟག་ཅེ་ན། འདི་ལྟར་རྟགས་ལ་བརྟེན་ནས་ཡོངས་སུ་རྟོག་སྟེ། འདི་ལྟར་དེའི་རྟགས་ནི། གང་གིས་ཀུན་ཏུ་འགྲོ་བ་མེད་པ་དང༌། ཞེ་སྡང་མེད་པ་དང༌། ང་རྒྱལ་མེད་པ་དང༌། རྫས་དང༌། ཡུལ་དང༌། གཉེན་འདུན་ལ་ཆགས་པ་མེད་པ་དང༌། ཏིང་ངེ་འཛིན་དང་ལྡན་པ་གཞན་ལ་ཡི་རང་བའི་སེམས་དང་ལྡན་པ་དང༌། དགོན་པ་དྭང་དུ་ལེན་པ་དང༌། གཞན་ལ་དགོན་པའི་སྔགས་པ་བརྗོད་པ་དང༌། དགོན་པ་དྭང་དུ་ལེན་པ་ལ་ཡོན་ཏན་བརྗོད་པ་དང༌། ཚོགས་ཀྱི་ནང་ན་མི་གནས་ཤིང་དེ་ལ་སྐྱོན་དུ་ལྟ་བ་དང༌། སྡིག་པའི་གྲོགས་པོ་མི་བསྟེན་པ་དང༌། དགེ་བའི་གྲོགས་དྭང་དུ་ལེན་པ་དང༌། བསམ་གཏན་ཡུན་རིང་བ་དང༌། ལུས་ལ་གནོད་པ་མེད་པ་དང༌། ལུས་ཀྱི་སྤྱོད་ལམ་དྲག་པོ་མི་བྱེད་པ་དང༌། ལུས་ཀྱི་མི་དགེ་བ་མི་བྱེད་པ་དང༌། ངག་གི་སྨྲ་བ་དྲག་ཏུ་མི་བྱེད་པ་དང༌། ངག་གི་མི་དགེ་བ་མི་བྱེད་པ་དང༌། སེམས་མི་དགེ་བའི་བསམ་པ་མེད་པ་དང༌། དོན་མེད་པའི་གཡེང་བ་ལ་མི་སེམས་པ་དང༌། འདུས་བྱས་ཀྱི་དགེ་བ་ཆེད་དུ་མི་བྱེད་པ་དང༌། གྲོགས་ཙམ་དུ་མི་འགོག་པ་དང༌། ཟས་ལ་འདུན་པ་མེད་པ་ལ་སོགས་པ་དང༌། བབ་བཅོལ་གྱི་ལས་མི་བྱེད་པ་དང༌། ཁེ་དང་རེ་བ་མེད་པ་དང༌། རྩོད་པ་མེད་པ་དང༌། ལེ་ལོ་མེད་པ་དང༌། བསམ་གཏན་གྱི་ལས་ལས་གཞན་པའི་ཡུལ་ལ་སྤྲོ་བ་དྭང་དུ་མི་ལེན་པ་དང༌། ཚུལ་འཆོས་དང༌། ཁ་བསག་དང༌། སྒྱུ་དང་གཡོ་ལ་སོགས་པ་དང་བྲལ་བ་ནི་ཞི་གནས་ཀྱི་རྟགས་སུ་ཤེས་པར་བྱའོ། །འདི་ནི་འཕགས་པ་ཐོག་མེད་ཀྱིས་མཛད་པའི་བསམ་གཏན་གྱི་སྒྲོན་མེ་ཇི་ལྟ་བ་བཞིན་བཀོད་པས་ཡིད་ཆེས་པར་བྱའོ། །ཞི་གནས་སྒྲུབ་པའི་ཚུལ་བསྟན་ཟིན་ཏོ།། །།གཉིས་པ་ལྷག་མཐོང་སྒྲུབ་པའི་ཚུལ་ལ་སྡོམ་ནི། རྒྱུ་དང་རང་བཞིན་སློབ་ཚུལ་དང༌། །ཕན་ཡོན་དང་ནི་དེ་ཡི་རྟགས། །ལྷག་མཐོང་གི་རྒྱུ་གང་ཞེ་ན། སྐྱེས་བུ་དམ་པ་ལ་བསྟེན་ནས་མང་དུ་ཐོས་པ་བཙལ་བ་དང༌། བཙལ་བའི་དོན་ལ་རིགས་པས་སེམས་པའོ། །མང་དུ་ཐོས་པ་བཙལ་བ་གང་ཞེ་ན། གསུང་རབ་ཡན་ལག་བཅུ་གཉིས་མཉན་པ་དང༌། འཛིན་པ་དང༌། ཁ་ཏོན་བྱེད་པ་དང༌། བློ་ལ་བྱང་བར་བྱེད་པའོ། །དགོངས་འགྲེལ་ལས། འཕགས་པའི་གཏམ་འདོད་པ་བཞིན་མ་ཐོབ་པ་ནི། ལྷག་མཐོང་གི་གེགས་ཡིན་ནོ་ཞེས་འབྱུང་ངོ༌། །ཚུལ་བཞིན་སེམས་པ་གང་ཞེ་ན། ཐོས་པའི་ཤེས་རབ་ཀྱིས་བཟུང་བའི་དོན་རིགས་པས་གཏན་ལ་འབེབས་པའོ། །དགོངས་འགྲེལ་ལས། ལྷག་མཐོང་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །རང་བཞིན་གང་ཞེ་ན། གཏན་ལ་དབབ་པར་བྱ་བའི་དོན་རྣམ་པར་འབྱེད་པའི་ཤེས་རབ་སྟེ། མདོ་སྡེ་རྒྱན་ལས། ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ལྷག་མཐོང་འདོད། ཅེས་གསུངས་པ་ལྟར་རོ། །སློབ་ཚུལ་ལ་སྡོམ་ནི། ཇི་སྙེད་པ་དང་ཇི་ལྟའི་དོན། །རྟོག་པ་དང་ནི་དཔྱོད་པ་དང༌། །སོ་སོར་རྟོག་དང་མི་གཡོ་བ། །སློབ་དང་མངོན་གྱུར་བདག་ཉིད་དོ། །ཇི་སྙེད་པ་རྣམ་པར་འབྱེད་པའི་ལྷག་མཐོང་གང་ཞེ་ན། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། བདེན་པ་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་དང༌། དང་པོ་གསུམ་ནི་ཐུན་མོང་གི་ཤེས་བྱའི་གཞི་ལ་མཁས་པའོ། །བཞི་པ་ནི། ལམ་གྱི་དམིགས་པ་ལ་མཁས་པའོ། །ལྔ་པ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཚུལ་ལ་མཁས་པའོ། །དྲུག་པ་ནི། རྒྱུ་འབྲས་ཀྱི་ཚུལ་ལ་མཁས་པའོ། །དེ་དག་ལ་ཇི་ལྟར་མཁས་པར་བྱ་ཞེ་ན། ཕུང་པོ་སོགས་ཀྱི་མིང་གི་རྣམ་གྲངས་ལ་མཁས་པ་དང༌། ངེས་པའི་ཚིག་ལ་མཁས་པ་དང༌། དོན་ལ་མཁས་པ་དང༌། རབ་ཏུ་དབྱེ་བའི་ཚུལ་ལ་མཁས་པའོ། །མིང་གི་རྣམ་གྲངས་ལ་མཁས་པ་ནི། ཕུང་པོ་སོགས་བཅོམ་ལྡན་འདས་ཀྱིས་མིང་གི་ཐ་སྙད་དུ་མ་རྣམ་པར་བཞག་པ་ཤེས་པའོ། །ངེས་པའི་ཚིག་ལ་མཁས་པ་ནི། སྒྲ་འཇུག་པའི་རྒྱུ་མཚན་དང་སྒྲ་དོན་ཤེས་པའོ། །དོན་ལ་མཁས་པ་ནི། ཕུང་པོའི་དོན་དུ་མ་སྤུངས་པ་དང༌། ཁམས་ཀྱི་དོན་རང་གི་མཚན་ཉིད་འཛིན་པ་དང༌། སྐྱེ་མཆེད་ཀྱི་དོན་སྐྱེ་བའི་སྒོ་འབྱེད་པ་དང༌། གསལ་བ་སོ་སོ་རང་རང་གི་དོན་ཤེས་པའོ། །རབ་ཏུ་དབྱེ་བ་ལ་མཁས་པ་ནི། ཕུང་པོ་ལ་ལྔ་དང༌། ཁམས་ལ་བཅོ་བརྒྱད་དང༌། སྐྱེ་མཆེད་ལ་བཅུ་གཉིས་སོགས་ཀྱི་དབྱེ་བ་ཤེས་པ་དང་ཕུང་པོ་ལྔ་སོ་སོ་ལ་ཡང་ཐོགས་བཅས་ཀྱི་གཟུགས་དང༌། ཐོགས་མེད་ཀྱི་གཟུགས་དང༌། འབྱུང་བ་དང་འབྱུང་འགྱུར་གྱི་གཟུགས་དང༌། འབྱུང་བ་ལ་ཡང་བཞི་དང༌། འབྱུང་འགྱུར་ལ་བཅུ་གཅིག་ལ་སོགས་པར་རྣམ་པར་འབྱེད་པ་ལ་མཁས་པ་དང༌། ཚོར་བ་ལ་ཡང་བདེ་བ་དང༌། སྡུག་བསྔལ་དང༌། བཏང་སྙོམས་ལ་སོགས་པར་རྣམ་པར་འབྱེད་པ་ལ་མཁས་པ་སྟེ། ལྷག་མ་རྣམས་ཀྱི་ཡང་གསལ་བ་སོ་སོའི་རབ་ཏུ་དབྱེ་བ་ཤེས་པའོ། །འདི་དག་གིས་ནི་མ་འོངས་པ་ན་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། ངེས་པའི་ཚིག་དང༌། དོན་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པར་འགྱུར་རོ། །བོད་འདིར་ཇི་སྙེད་པ་འབྱེད་པའི་ལྷག་མཐོང་གི་གཏམ་ཙམ་ཡང་མི་སྣང་ངོ༌། །ཇི་ལྟ་བ་རྣམ་པར་འབྱེད་པ་གང་ཞེ་ན། དེ་ནི་གང་ཟག་གི་བདག་མེད་རྟོགས་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་དབྱེ་བས་གཉིས་སོ། །གང་ཟག་གི་བདག་མེད་རྟོགས་པ་གང་ཞེ་ན། གང་ཟག་ནི་ཕུང་པོ་ལྔ་ལ་བརྟེན་ནས་ཐ་སྙད་དུ་གདགས་པ་ཙམ་དུ་ཟད་ཀྱི། རིགས་པས་སོ་སོར་བཙལ་ན་མི་རྙེད་པས་ན་གང་ཟག་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པའོ། །གང་ཟག་ངོ་བོ་ཉིད་མེད་པར་གཏན་ལ་འབེབས་པའི་རིགས་པ་འདི་ལྟ་སྟེ། གལ་ཏེ་གང་ཟག་ནི་ཕུང་པོ་མེད་པ་ཞིག་ཕུང་པོ་དང་བཅས་པ་ཞིག་ཏུ་བརྟག་དྲང༌། གལ་ཏེ་ཕུང་པོ་མེད་པ་ཞིག་ཡིན་ན་ནི་འཆིང་བྱེད་ཀྱི་ལུས་མེད་པས་འབད་མེད་དུ་ཐར་པ་ཐོབ་པ་ཉིད་དུ་འགྱུར་རོ། །གལ་ཏེ་ཕུང་པོ་དང་བཅས་པ་ཞིག་ཡིན་ན་ཕུང་པོ་དེ་དང་གཅིག་གམ་ཐ་དད་དུ་གྲུབ། དང་པོ་ལྟར་ན་ཉེ་བར་བླང་བྱ་དང་ཉེ་བར་ལེན་པ་པོ་གཅིག་ཏུ་ཐལ་བར་འགྱུར་ཞིང༌། བདག་སྐྱེ་འཇིག་ཅན་དུ་འགྱུར་རོ། །གཞན་ཡང་ཕུང་པོ་དང་མཚན་ཉིད་མི་མཐུན་པས་གཅིག་ཏུ་མི་འགྱུར་ཏེ། ཕུང་པོ་ནི་མི་རྟག་པ་དང༌། དངོས་པོ་དུ་མ་དང༌། རྒྱུ་རྐྱེན་དུ་མ་གཞན་དབང་དུ་གྱུར་པ་ཡིན་ལ། བདག་ནི་ལྷན་སྐྱེས་ཀྱི་ངར་འཛིན་གྱིས་ཕུང་པོ་ལ་བརྟེན་ནས་ཡོད་པར་ཡོངས་སུ་བཟུང་ཞིང༌། དེའི་རྗེས་ཐོགས་སུ་སྔར་མཐོང་བ་ཕྱིས་ངོ་ཤེས་པར་རློམ་པའི་བློས་རྟག་པར་སྒྲོ་འདོགས་ཤིང༌། འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་ཅིག་སྐྱེའོ་ཞེས་གཅིག་པུ་དང༌། གཞན་ལ་རག་མ་ལས་པར་ངོ་བོ་ཉིད་ཀྱིས་ཡོད་པར་ཡོངས་སུ་འཛིན་པ་ཡིན་པས། ལྷན་སྐྱེས་ཀྱི་བདག་འཛིན་ལ་བརྟེན་ནས་མཚན་ཉིད་གསུམ་ལྡན་དུ་འཛིན་པས་མཚན་ཉིད་མི་མཐུན་པ་ཡིན་ནོ། །མཚན་ཉིད་མི་མཐུན་པའམ་ཕུང་པོ་བདག་གི་མཚན་ཉིད་ཅན་མ་ཡིན་པར་ཁོང་དུ་ཆུད་པ་ན་ཕུང་པོ་བདག་མེད་པར་རྟོགས་པར་འགྱུར་རོ། །གལ་ཏེ་ཕུང་པོ་ལས་དོན་གཞན་ཡིན་ནོ་ཞེ་ན། ལྷན་སྐྱེས་ཀྱི་ངར་འཛིན་གྱི་ཡུལ་ལ་བདག་ཅེས་བརྗོད་པ་ཡིན་ལ་ཕུང་པོ་ལས་གཞན་ན་ངར་འཛིན་འཇུག་པ་མ་མཐོང་བའི་ཕྱིར་མི་འཐད་དོ། །དཔེར་ན་ཕྱི་རོལ་གྱི་དོན་ལ་བདག་ཏུ་འཛིན་པ་མི་འཇུག་པ་བཞིན་ནོ། །གང་དག་རྟག་པ་དང་གཅིག་པུ་དང་རང་དབང་ཅན་གྱི་བདག་མེད་པར་རྟོགས་པ་ཙམ་གྱིས་གང་ཟག་གི་བདག་མེད་རྟོགས་པར་མི་འགྱུར་ཞེས་སྨྲ་བ་ནི་མི་འཐད་དེ། གང་ཟག་རང་དབང་ཅན་མ་ཡིན་པར་རྟོགས་པས་གང་ཟག་ངོ་བོ་ཉིད་མེད་པར་རྟོགས་པར་འགྱུར་ལ། གང་ཟག་ངོ་བོ་ཉིད་མེད་པར་རྟོགས་པ་ནི་གང་ཟག་གི་བདག་མེད་རྟོགས་པའི་དོན་ཡིན་པའི་ཕྱིར་རོ། །གང་ཟག་ནི་ལྷན་སྐྱེས་ཀྱི་ངར་འཛིན་གྱིས་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ཡིན་ལ། གང་ཟག་ངོ་བོ་ཉིད་མེད་པ་ལ་གང་ཟག་གི་བདག་མེད་པ་ཞེས་བརྗོད་པར་བྱ་བ་ཡིན་ཏེ། ཆོས་ངོ་བོ་ཉིད་མེད་པ་ལ་ཆོས་ཀྱི་བདག་མེད་པ་ཞེས་བརྗོད་པ་བཞིན་ནོ། །འདི་དག་ནི་གང་ཟག་གི་བདག་མེད་གཏན་ལ་འབེབས་པར་བྱེད་པའི་རིགས་པའོ། །རིགས་པ་འདི་ལ་བརྟེན་ནས་ཕུང་པོ་ལ་བདག་གདོད་མ་ནས་ཡོད་པ་མ་ཡིན་པར་རྟོགས་པའི་ཤེས་རབ་ནི་གང་ཟག་གི་བདག་མེད་རྟོགས་པའི་ལྷག་མཐོང་ངོ༌། །ཆོས་ཀྱི་བདག་མེད་རྟོགས་པའི་ལྷག་མཐོང་གང་ཞེ་ན། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་དང༌། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་རིགས་པས་ཆོས་རྣམས་ཀྱི་རྒྱུ་དང་ངོ་བོ་དང་འབྲས་བུ་ལ་བདེན་འཛིན་གྱི་སྒྲོ་འདོགས་གཅོད་པར་བྱེད་པའི་རིགས་པ་ལ་བརྟེན་ནས་བསམ་བྱུང་གི་ཤེས་རབ་ཀྱིས་བདེན་མེད་རྟོགས་པའི་དོན་འཛིན་པ་དང༌། རྟེན་འབྲེལ་གྱི་རིག་པ་ལ་བརྟེན་ནས་རྟག་ཆད་གཉིས་ཀའི་སྐྱོན་དང་བྲལ་བར་བསམ་བྱུང་གི་ཤེས་རབ་ཀྱིས་རྟོགས་པའི་དོན་ཇི་ལྟ་བ་བཞིན་རྟོགས་པའི་ཤེས་རབ་བོ། །རིགས་པ་གཞན་རྣམས་ཀྱིས་ནི་བདེན་པར་སྒྲོ་འདོགས་པའི་བདེན་འཛིན་གྱི་གཉེན་པོ་བྱེད་པ་ཡིན་ལ། རྟེན་འབྲེལ་གྱི་རིགས་པས་ནི་རྟག་ཆད་གཉིས་ཀའི་གཉེན་པོ་བྱེད་པས་རིགས་པ་གཞན་ལས་རྨད་དུ་བྱུང་བ་ཡིན་ནོ། །འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པ་ལྟར་རོ། །བོད་གཞན་དག་གིས་ནི་འདི་ཙམ་ཡང་ཁོང་དུ་མ་ཆུད་ན་གཞན་ལྟ་ཡང་ཅི་སྨོས། གལ་ཏེ་ཆོས་རྣམས་ངོ་བོ་ཉིད་མེད་པར་རྟོགས་པ་འཐད་པ་སྒྲུབ་པའི་རིགས་པ་ལ་བརྟེན་ནས་རྗེས་དཔག་གིས་ངོ་བོ་ཉིད་མེད་པར་རྟོགས་པ་ཁོ་ན་ལ་རག་ལས་སམ་ཞེ་ན། རྩོད་པ་བཟློག་པ་ལས། མངོན་སུམ་དང༌། རྗེས་དཔག་དང༌། ལུང་དང༌། དཔེ་ཉེར་འཇལ་གྱི་ཚད་མ་བཞིའི་སྒོ་ནས་བླང་དོར་གྱི་ཐ་སྙད་ལ་འཇུག་པར་གསུངས་པ་ལྟར། ལུང་དང་དཔེ་ཉེར་འཇལ་གྱི་ཚད་མ་ལས་ཀྱང་རྟོགས་ཏེ། ལུང་ལས། རྟོགས་པ་ནི་ཡིད་ཆེས་པའི་རྗེས་དཔག་ཚད་མའོ། །དཔེ་ཉེར་འཇལ་གྱི་ཚད་མ་ནི་འདི་ལྟ་སྟེ། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ནམ་མཁའ་དྭང་བར་ཟླ་ཤར་བ། །དེའི་གཟུགས་བརྙན་དྭངས་བའི་མཚོར་སྣང་ཡང༌། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། ཟླ་བ་སྒྲོན་མེའི་མདོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ནས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ཀྱི། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡིས། །སྨིག་རྒྱུ་དག་ལ་ཆུའི་ཕུང་པོར་སྣང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་རྒོད་དང་ངུ་བ་ལས། །བྲག་ཆ་ཐོས་ཀྱང་སྣང་བ་འགའ་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟ་བུ་སྟེ། དཔེ་ལ་བརྟེན་ནས་དོན་རྟོགས་པ་དཔེ་ཉེར་འཇལ་གྱི་ཚད་མའོ། །གསུང་རབ་ལ་འདི་ཤིན་ཏུ་མང་བར་སྣང་ངོ༌། །ཆུ་ཟླའི་དཔེས་རང་བཞིན་མེད་པའི་དོན་ཇི་ལྟར་བསྟན་ཞེ་ན། དྭང་བའི་མཚོར་ཟླ་བའི་གཟུགས་བརྙན་ཤར་བ་ན་ཟླ་བར་སྣང་ཙམ་མ་འགགས་པར་ཡོད་མོད་ཀྱི། འོན་ཀྱང་ཟླ་བར་སྣང་བའི་དུས་ཉིད་ན་སྡོད་ཚུལ་ལ་ཟླ་བར་གདོད་མ་ནས་ཡོད་མ་མྱོང་བ་སྟེ། དེ་ལ་ཀུན་རྫོབ་ནི་ཟླ་བར་སྣང་ཙམ་ལྟ་བུ་ཡིན་ལ། དོན་དམ་པའི་བདེན་པ་ནི་ཟླ་བར་གདོད་མ་ནས་ཡོད་མ་མྱོང་བ་ལྟ་བུའོ། །གལ་ཏེ་ཟླ་བར་སྣང་བ་ཉིད་ཟླ་བའོ་སྙམ་ན། དེ་ལ་ནི་མུན་པ་སེལ་བ་དང༌། འོད་ཟེར་འཕྲོ་བ་དང༌། ཟླ་བའི་ཚད་གང་ཡང་མེད་པའི་ཕྱིར་ཟླ་བའི་རང་གི་མཚན་ཉིད་ཀྱིས་སྟོང་པའོ། །ཟླ་བར་སྣང་ཙམ་མ་དོར་ཞིང་ཟླ་བའི་རང་གི་མཚན་ཉིད་དུ་མེད་པས་ན་སྣང་ལ་རང་བཞིན་མེད་པ་ཞེས་བྱའོ། །ཟླ་བར་སྣང་བ་ཉིད་ཟླ་བའི་རང་གི་མཚན་ཉིད་ཀྱིས་སྟོང་པ་ཡིན་གྱི་དེ་ལས་གཞན་དུ་ཟླ་བ་རང་གི་མཚན་ཉིད་ཀྱིས་སྟོང་པ་ཙམ་དུ་མེད་དོ། །ཟླ་བར་སྣང་བ་དང༌། ཟླ་བ་རང་གིས་སྟོང་པ་གཉིས་སོ་སོ་མ་ཡིན་པས་སྣང་སྟོང་ཐ་མི་དད་པ་ཉིད་དོ། །དཔེ་དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་སྣང་ཙམ་གྱི་རང་གི་ངོ་བོ་མི་འདོར་བས་ཆད་པའི་མཐའ་སྤངས་ལ། སྣང་ཙམ་ཉིད་ནས་ཆུ་ཟླ་ལྟར་སྡོད་ཚུལ་དང་འདུག་ཚུལ་དང༌། གནས་ཚུལ་ལ་གདོད་མ་ནས་ཡོད་པ་མ་ཡིན་པས་རྟག་པའི་མཐའ་སྤངས་སོ། །སྣང་ཚུལ་ནས་ཀུན་རྫོབ་ཞེས་བརྗོད་ཅིང་གནས་ཚུལ་ནས་དོན་དམ་ཞེས་བརྗོད་དོ། །སྣང་ཚུལ་དང་གནས་ཚུལ་གྱི་ཆ་ནས་གཉིས་སུ་སྨོས་ཀྱི། དོན་ལ་ཐ་དད་པ་གཉིས་ཡོད་པ་མ་ཡིན་ནོ། །ཆོས་ཅན་སྣང་བའི་ཆ་རང་གི་རང་བཞིན་གྱིས་སྟོང་པ་ལ་སྟོང་པ་ཉིད་ཞེས་བརྗོད་དོ། །ཆོས་ཅན་སྣང་བ་དང་མ་འབྲེལ་བའི་མེད་ཙམ་ལ་ནི་སྟོང་པ་ཉིད་ཞེས་མི་བརྗོད་དེ། རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བརྗོད། །ཅེས་གསུངས་པ་ལྟར་རོ། །གཞན་དག་གིས་ནི་དོན་འདི་ཁོང་དུ་མ་ཆུད་དོ། །ཟླ་བར་སྣང་ཡང་ཟླ་བའི་ངོ་བོར་མེད་པ་ནི་རང་བཞིན་མེད་པའི་དོན་ཡིན་པ་བཞིན་དུ་གཟུགས་སོགས་སུ་སྣང་ཡང་གནས་ཚུལ་ལ་མེད་པ་ནི་རང་བཞིན་མེད་པའི་དོན་ནོ། །འདིར་རང་བཞིན་མེད་པ་ཞེས་པའི་སྒྲ་ཙམ་དུ་ལུས་པར་མི་བྱའོ། །རང་བཞིན་མེད་པའི་དཔེ་ལ་བརྟེན་ནས་རང་བཞིན་མེད་པའི་དོན་རྟོགས་པ་ནི་དཔེ་ཉེར་འཇལ་གྱི་ཚད་མ་ཡིན་པར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་དོ། །དཔེ་དེ་བཞིན་དུ་སྒྱུ་མའི་དཔེ་དང༌། སྨིག་རྒྱུའི་དཔེ་ལ་སོགས་པ་གཞན་ལ་བརྟེན་ནས་ཀྱང་རང་བཞིན་མེད་པའི་དོན་རྟོགས་པར་བྱའོ། །རྟོག་པ་དང་དཔྱོད་པ་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ལ་དང་པོར་ངོ་བོ་ལ་རྟོག་ཅིང༌། དེ་ནས་ཁྱད་པར་གཟུགས་དང་ཚོར་བ་སོགས་ལ་དཔྱོད་པ་ལྟ་བུའོ། །དེ་ཡང་ཐོག་མར་ཕུང་པོ་ཙམ་ཞིག་བློ་ཡུལ་དུ་བྱས་ནས་དེའི་དོན་ལ་རྟོག་པ་དང༌། དེ་ནས་ཕུང་པོ་ལ་ལྔར་རྣམ་པར་འབྱེད་པ་དང༌། དེ་ནས་གཟུགས་ཀྱི་ཕུང་པོའི་ངོ་བོ་ལ་རྟོག་པར་བྱེད་དོ། །དེ་ནས་གཟུགས་ཉིད་ལ་ཡང་ཐོགས་བཅས་དང་ཐོགས་མེད་སོགས་སུ་འབྱེད་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་སོགས་ལྷག་མ་རྣམས་ལའང་རྟོག་པ་དང་དཔྱོད་པའི་ཚུལ་དེ་བཞིན་ནོ། །རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་རྣམ་པར་འབྱེད་པའི་དབྱེ་བས་རྟོག་པ་དང་དཔྱོད་པ་དང་རྣམ་པར་འབྱེད་པ་ཞེས་བྱ་བའི་ཚིག་གསུམ་གསུངས་སོ། །སོ་སོར་རྟོག་པའི་ལྷག་མཐོང་གང་ཞེ་ན། ཇི་སྙེད་པ་རྣམ་པར་འབྱེད་པའི་ལྷག་མཐོང་གིས་ནི་གང་ལ་སྒྲོ་འདོགས་དཔྱད་པར་བྱ་བའི་ཆོས་ཅན་སོ་སོ་ལ་མ་འདྲེས་པར་སོ་སོར་རྣམ་པར་འབྱེད་དོ། །ཇི་ལྟ་བ་རྣམ་པར་འབྱེད་པའི་ལྷག་མཐོང་གིས་ནི་བློ་སྔ་མས་སོ་སོར་རྣམ་པར་ཕྱེ་ནས་བཟུང་བའི་དོན་ལ་རེ་རེ་ཞིང་དེའི་གནས་ཚུལ་ལ་རིགས་པ་ལ་བརྟེན་ནས་སོ་སོར་རྟོག་ཅིང་དེའི་གནས་ཚུལ་འཛིན་པར་བྱེད་པའོ། །རྣམ་པར་མི་གཡོ་བའི་ལྷག་མཐོང་གང་ཞེ་ན། ཆོས་ཅན་སོ་སོ་ལ་རིགས་པས་བརྟགས་ནས་གནས་ཚུལ་ཇི་ལྟ་བ་བཞིན་དུ་རྙེད་པའི་དོན་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གནས་ཚུལ་གྱི་དོན་ཤེས་རབ་ཀྱིས་འཛིན་པའོ། །དེ་ལ་སྦྱོར་བའི་གནས་སྐབས་སུ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་འཇུག་པར་བྱེད་ལ། མཉམ་གཞག་གི་དངོས་གཞིའི་གནས་སྐབས་སུ་ནི་རྣམ་པར་མི་གཡོ་བའི་ལྷག་མཐོང་གིས་འཇུག་པའོ། །ཡང་སོ་སྐྱེ་དང་འཕགས་པ་གཉིས་ཀའི་རྗེས་ཐོབ་ཀྱི་གནས་སྐབས་སུ་ནི་སོ་སོར་རྟོག་པའི་ལྷག་མཐོང་ལ་འཇུག་གོ །མཉམ་གཞག་གི་གནས་སྐབས་སུ་ནི་རྣམ་པར་མི་གཡོ་བའི་ལྷག་མཐོང་ལ་འཇུག་གོ །ཇི་ལྟར་སློབ་པའི་ཚུལ་གྱི་རིམ་པ་གང་ཞེ་ན། ཐོག་མར་ཕྱི་རོལ་གྱི་དོན་རྣམ་པར་འཛིན་པ་བཟློག་པའི་དོན་དུ། དྲུག་གིས་གཅིག་ཆར་སྦྱར་བ་ན་ཞེས་སོགས་ཀྱི་རིགས་པ་ལ་བརྟེན་ནས་ཕྱི་རོལ་གྱི་དོན་རང་བཞིན་མེད་པའི་དོན་རྟོགས་པའམ། རྨི་ལམ་གྱི་དཔེས་ཤེས་པ་ལས་ཐ་དད་མེད་པར་རྟོགས་པར་བྱེད་དོ། །དེ་ནས་གཟུང་བའི་ཡུལ་མེད་ན་གཟུང་བའི་ཡུལ་རྟོགས་པའི་ཤེས་པ་མ་འཁྲུལ་བ་མེད་པར་སྒྲུབ་པའི་རིགས་པ་ལ་བརྟེན་ནས་ཕྱི་རོལ་གྱི་དོན་འཛིན་པའི་ཤེས་པ་ཡང་མེད་པར་རྟོགས་པར་བྱེད་དོ། །གལ་ཏེ་གཟུང་འཛིན་ཐ་དད་པའི་སྣང་བ་ནུབ་པའི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རིག་ཙམ་ཡོད་དོ་ཞེ་ན། འོ་ན་ཤེས་པ་དེ་ལ་སྐྱེ་བ་དང་འགག་པ་དང་གནས་པའི་ཆ་གསུམ་མེད་ན་ནི་རྒྱུན་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཡོད་ན་ནི་ཆ་ཤས་ཅན་དུ་འགྱུར་ལ། གལ་ཏེ་ཆ་ཤས་ཅན་དུ་ཡོད་ན་ནི། རང་གི་ཆ་ཤས་དང་རྫས་གཅིག་གམ་ཐ་དད། གལ་ཏེ་རྫས་གཅིག་གོ་ཞེ་ན། འོ་ན་སྐད་ཅིག་མ་སྔ་མ་དང་རྫས་གཅིག་ཡིན་ན་སྐྱེ་འགག་ལྷན་ཅིག་ཏུ་བྱེད་པས་ཆ་ཤས་ཕྱི་མ་གཉིས་ཀྱི་དུས་ན་མེད་པའི་ཕྱིར། དེ་དག་གི་ཆ་ཤས་ཅན་མ་ཡིན་པར་ཐལ་བར་འགྱུར་རོ། །རྫས་ཐ་དད་དུའང་མི་འཐད་དེ། ཆ་ཤས་ཅན་ནི་ཆ་ཤས་ལས་ལོགས་ཤིག་ཏུ་རྫས་སུ་མ་དམིགས་པའི་ཕྱིར་རོ། །ཡང་སྐྱེ་འགག་གནས་གསུམ་རེ་རེ་ལ་ཡང་སྐྱེ་འགག་གནས་གསུམ་གྱི་ཆ་མེད་ན་འདུས་བྱས་སུ་མི་འགྱུར་ལ། ཡོད་ན་དེ་དག་རེ་རེའི་ཆ་ལའང་ཆ་གསུམ་གསུམ་དུ་བརྟགས་པས་ཅུང་ཟད་ཀྱང་རྙེད་པར་མི་འགྱུར་རོ། །དེས་ན་གཟུང་འཛིན་གཉིས་ཀྱི་སྣང་བ་ནུབ་པའི་ཤེས་པ་རིག་ཙམ་ཡང་མི་དམིགས་པར་རྟོག་པར་བྱས་ནས་སྤྲོས་པ་མཐའ་དག་མ་དམིགས་པར་རྟོགས་པའི་ལྷག་མཐོང་ལ་བསླབ་པར་བྱའོ། །འདི་དག་ནི་ཇི་ལྟར་སློབ་པའི་རིམ་པའོ། །མངོན་དུ་གྱུར་པ་གང་ཞེ་ན། སོ་སོར་རྟོག་པའི་ལྷག་མཐོང་གིས་རྙེད་པའི་དོན་ཡང་དང་ཡང་དུ་གོམས་པར་བྱས་པ་ལས་ཡང་དག་པའི་དོན་མངོན་དུ་གྱུར་པའི་ལྷག་མཐོང་ངོ༌། །སྔ་མ་རྣམས་ཀྱི་གནས་སྐབས་སུ་ནི་སློབ་པ་ཞེས་བྱ་ལ། སྐབས་འདིར་ནི་གོམས་པའི་མཐུ་ཐོབ་པ་ཞེས་བྱའོ། །ལྷག་མཐོང་གི་ཕན་ཡོན་གང་ཞེ་ན། ཆོས་རྣམས་ཀྱི་གནས་ཚུལ་ཇི་ལྟ་བ་བཞིན་རྟོགས་པ་དང༌། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པའི་མུན་པ་སེལ་བ་དང༌། ཟག་པ་མེད་པའི་མངོན་ཤེས་ཐོབ་པ་དང༌། ཡེ་ཤེས་རྣམ་པར་དག་པ་ཐོབ་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་བརྙེས་པའོ། །ལྷག་མཐོང་གི་རྟགས་གང་ཞེ་ན། སྣང་བ་སྒྱུ་མ་ལྟ་བུར་འཆར་བ་དང༌། དངོས་པོ་མ་མངོན་པར་ཞེན་པ་མེད་པ་དང༌། གཟུང་འཛིན་ཐ་དད་མེད་པའི་རྣམ་པ་འཆར་བ་སྟེ་རྟགས་གཞན་ནི་ཞི་གནས་ཀྱི་སྐབས་སུ་བཤད་པ་ལྟར་རོ། །ཇི་སྙེད་པ་འབྱེད་པའི་ལྷག་མཐོང་མེད་པར་ནི་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་སྤོང་བའི་ལྷག་མཐོང་མི་འབྱུང་སྟེ། གང་ལ་སྒྲོ་འདོགས་གཅད་པར་བྱ་བའི་དམིགས་པའི་ཡུལ་གྱི་ཁྱད་པར་ལ་མཁས་པའི་བློ་མ་ཐོབ་པའི་ཕྱིར་རོ། །ཆོས་ཅན་ནི་ཉི་ཚེ་བ་ཙམ་ལ་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་མི་སྤོང་ངོ༌། །དེ་ཉིད་ཀྱི་ཕྱིར་མངོན་རྟོགས་རྒྱན་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་གསུངས་ཤིང༌། སྒྲོ་འདོགས་གཅོད་པའི་རྣམ་པ་ཕྲ་ཞིང་ཕྲ་བ་ཡང་མཐའ་ཡས་པ་དགོས་པ་ལ་དགོངས་ནས་སྦྱོར་ལམ་བཅུ་གཉིས་ཀྱི་དམིགས་པ་དང་རྣམ་པའི་ཁྱད་པར་མི་འདྲ་བ་དུ་མ་དང༌། རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གསུངས་པ་ཡིན་ནོ། །ཆོས་ཅན་ཇི་སྙེད་པ་ལ་མཁས་པར་བྱས་ནས་ཆོས་ཅན་རེ་རེ་ཞིང་རྣམ་པ་མཐའ་ཡས་པས་སྒྲོ་འདོགས་གཅོད་པར་བྱེད་ན་ཇི་ལྟ་ཇི་སྙེད་ཀྱི་དོན་ལ་མཁས་པར་འགྱུར་རོ། །ནང་གི་སེམས་ལ་དཔྱོད་པ་ན་ཡང་ཉོན་མོངས་པའི་རྣམ་པར་རྟོག་པ་དང༌། མི་དགེ་བའི་རྣམ་པར་རྟོག་པ་དང༌། དགེ་བའི་རྣམ་པར་རྟོག་པ་དང༌། ལུང་མ་བསྟན་གྱི་རྣམ་པར་རྟོག་པ་རྣམས་ཀྱི་ངོ་བོ་གང་སྐྱེས་པ། གྲངས་ཇི་སྙེད་ཅིག་སྐྱེས་པ་རྣམས་དྲན་པ་དང་ཤེས་བཞིན་གྱིས་སོ་སོར་རིག་པར་བྱ་སྟེ། རྩ་ཉོན་དང་ཉེ་ཉོན་ཉི་ཤུ་སོགས་ལ་རྩ་བའི་ཉོན་མོངས་པ་ཁོང་ཁྲོ་སྐྱེས་སོ། །ང་རྒྱལ་སྐྱེས་སོ། །འདོད་ཆགས་སྐྱེས་སོ། །ཞེ་སྡང་སྐྱེས་སོ་ཞེས་པའི་ཚུལ་དུ་སོ་སོར་བརྟགས་ནས་རང་བཞིན་མེད་པའི་དོན་རྟོགས་པར་བྱའོ། །ལུང་མ་བསྟན་ལ་ཡང་འགྲོའོ་སྙམ་པ་དང༌། འདུག་གོ་སྙམ་པ་དང༌། གཟུགས་སོ་སྙམ་པའི་རྟོག་པ་སྐྱེ་ཚུལ་སོ་སོར་ངེས་པར་བྱས་ཤིང༌། དགེ་བ་ལ་ཡང་རྣམ་བྱང་གི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྣམ་བྱང་གི་རབ་དབྱེ་རྣམས་ལ་རྟོག་པ་གང་སྐྱེས་དྲན་པ་དང་ཤེས་བཞིན་གྱིས་བཟུང་ནས་རེ་རེ་ཞིང་རང་བཞིན་མེད་པར་རྟོགས་པར་བྱའོ། །དོན་འདི་ལ་དགོངས་ནས་མངོན་པར་རྟོགས་པའི་རྒྱན་ལས། ཀུན་ནས་ཉོན་མོངས་གཟུང་རྟོག་དང༌། རྣམ་བྱང་གཟུང་རྟོག་དང༌། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་ལ་སོགས་པ་རྣམས་ཀྱི་རབ་དབྱེ་མང་དུ་གསུངས་པ་ཡིན་ནོ། །གང་ཟག་གི་བདག་མེད་པ་དང༌། ཆོས་ཀྱི་བདག་མེད་པ་སྨོས་པ་ནི་མདོར་སྨོས་པ་ཙམ་མོ། །དངོས་པོ་དང༌། དངོས་པོ་མེད་པ་དང༌། རང་གི་ངོ་བོ་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་བཞི་པོ་ནི་འབྲིང་ཙམ་དུ་སྨོས་པ་ཡིན་ནོ། །སྟོང་པ་ཉིད་བཅུ་དྲུག་ཏུ་བཤད་པ་ནི་རྒྱས་པར་བསྟན་པ་སྟེ། ཆོས་ཅན་རེ་རེ་ཞིང་སོ་སོར་བསིལ་ནས་སྒྲོ་འདོགས་གཅོད་པའི་རིམ་པས་ལྷག་མཐོང་ཡང་ཆོས་ཅན་དུ་མ་ལ་སྒྲོ་འདོགས་གཅོད་པའི་རིམ་པས་མང་དུ་སྤྲོས་ཏེ་སྒོམ་དགོས་པའི་དོན་ནོ། །རང་རྒྱུད་ལ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་རྣམ་པར་རྟོག་པ་ཞག་རེ་ལ་ཡང་གྲངས་དང་གང་སྐྱེས་ཀྱི་ངོ་བོ་ཡང་མ་རིག་པར་བསྒོམ་བྱ་མ་རྙེད་དོ་ཞེས་བྱ་བ་དང༌། བསྒོམ་བྱ་དང་སྒོམ་བྱེད་སྟོར་ནས་ཐལ། ཞེས་སོགས་རྨོངས་པ་མཚར་སྐྱེད་ཀྱི་ཚིག་མང་དུ་སྨྲ་བར་སྣང་ངོ༌། །གཞན་ཡང་གནད་ཀྱི་མན་ངག་མེད་པར་འཇིག་རྟེན་ཆོས་བརྒྱད་ཀྱིས་ཀུན་ནས་བསླངས་ནས་ཞི་གནས་ལྷག་མཐོང་གི་བསྟན་བཅོས་ཟེར་བ་རྩོམ་པའང་བཞད་གད་ཀྱི་གནས་སོ། །གཞན་ཡང་ཆོས་ཅན་སོ་སོ་ལ་རྟོག་པ་སྣ་ཚོགས་པ་འབྱུང་བ་སོ་སོ་ནས་དཔྱོད་པའི་རྣམ་པ་མཐའ་ཡས་པའི་སྒོམ་ཚུལ་མ་ཤེས་པར་སྟོང་ཉིད་སྒོམ་མོ་ཞེས་པའི་ཚིག་ཙམ་སྒྲོག་པ་དེ་ཡང་བཞད་གད་ཀྱི་གནས་སོ། །ལྷག་མཐོང་གི་ཕན་ཡོན་གང་ཞེ་ན། རང་གི་རྟོགས་པ་ལ་ཐེ་ཚོམ་མེད་པ་དང༌། གཞན་གྱི་དྲི་བ་ཐོགས་མེད་དུ་ལུང་སྟོན་པ་དང༌། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པའི་མུན་པ་སེལ་བ་དང༌། ཇི་ལྟ་བ་དང་ཇི་རྙེད་པ་མཁྱེན་པའི་ཡེ་ཤེས་ཐོབ་པ་དང༌། སྒྲིབ་པ་གཉིས་ལས་རྣམ་པར་གྲོལ་བ་ཐོབ་པའོ། །རྟགས་གང་ཞེ་ན། སྣང་བ་རྣམས་སྨིག་རྒྱུ་དང་སྒྱུ་མ་བཞིན་དུ་མཐོང་བ་དང༌། དངོས་པོ་ལ་ཞེན་པ་ཆུང་བ་དང༌། གཟུང་འཛིན་གཉིས་སུ་ཞེན་པ་ཇེ་སྲབ་ཏུ་འགྲོ་བ་དང༌། ལུང་པའི་སྲོལ་འགྱུར་བ་ལྟར་སྔར་རྒྱུད་རྩུབ་པ་རྣམས་ཀྱང་ཞི་ཞིང་དུལ་བར་འགྱུར་བ་དང༌། གསུང་རབ་ཀྱི་དོན་ལ་ཡང་སྤོབས་པ་ཐོགས་མེད་དུ་འཇུག་པའོ། །ལྷག་མཐོང་གི་སྤྱིའི་དོན་བསྟན་ཟིན་ཏོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། རྒྱུ་ཚོགས་ལ་བརྟེན་པ་དང༌། སྒོམ་པ་ལ་འཇུག་པའོ། །དང་པོ་ལ་གསུམ་སྟེ། ཞི་གནས་ཀྱི་རྒྱུ་ཚོགས། ལྷག་མཐོང་གི་རྒྱུ་ཚོགས། གཉིས་ཀའི་རྒྱུ་ཚོགས་སོ། །དང་པོ་ལ་གཉིས་ཏེ། ཡན་ལག་གི་དབྱེ་བ་མདོར་བསྟན། ཡན་ལག་སོ་སོར་བཤད་པའོ། །དང་པོ་ནི། ཞི་གནས་དང་ལྷག་མཐོང་གཉིས་ཡོད་པ་དེ་ལ་ཞི་གནས་ཀྱི་རྒྱུ་ཚོགས་གང་ཞེ་ན་མཐུན་རྐྱེན་ཚོགས་པའི་ཡན་ལག་མཐུན་པའི་ཡུལ་ན་གནས་པ་དང༌། མི་གཡོ་བའི་རྒྱུ་འདོད་པ་ཆུང་བ་དང་ཆོག་ཤེས་པ་དང༌། བྱ་བ་མང་པོ་ཡོངས་སུ་སྤངས་པ་དང༌། རྣམ་པར་དག་པའི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་དང༌། མི་མཐུན་ཕྱོགས་དང་བྲལ་བའི་ཡན་ལག་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པའོ། །གཉིས་པ་ཡན་ལག་སོ་སོར་བཤད་པ་ལ། ཡན་ལག་ལྔ་ཡོད་པ་དེ་ལ། ཡོན་ཏན་ལྔ་དང་ལྡན་པ་ནི་ཞི་གནས་སྒོམ་པ་དང་མཐུན་པའི་ཡུལ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་ཡོན་ཏན་ལྔ་ནི། མཐུན་པའི་རྐྱེན་གོས་དང་ཟས་ལ་སོགས་པ་ཚེགས་མེད་པར་རྙེད་པའི་ཕྱིར་མཐུན་རྐྱེན་རྙེད་སླ་བའི་ཡོན་ཏན་དང༌། སྐྱེ་བོ་མི་སྲུན་པ་དགྲ་དང་མི་མ་ཡིན་ལ་སོགས་པ་མི་གནས་པའི་ཕྱིར་གནས་བཟང་བའི་ཡོན་ཏན་དང༌། ནད་ལ་སོགས་པ་མི་འཇུག་པའི་ས་ཡིན་པས་ས་བཟང་བའི་ཡོན་ཏན་དང༌། གྲོགས་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་དང༌། ལྟ་བ་བཟང་པོ་ཅན་དུ་མཚུངས་པ་དང་ལྡན་པ་ཡིན་པས་གྲོགས་བཟང་བའི་ཡོན་ཏན་དང་ལྡན་ལ། ཉིན་མོ་སྐྱེ་བོ་མང་པོ་དག་གིས་མ་གང་བའི་ཕྱིར་དང༌། མཚན་མོ་སྒྲ་ཆུང་བའི་ཕྱིར་མཐུན་པའི་རྐྱེན་ལེགས་པར་ལྡན་པའོ། །འདོད་པ་ཆུང་བ་གང་ཞེ་ན། ཆོས་གོས་ལ་སོགས་པ་འཚོ་བའི་ཡོ་བྱད་དང༌། ལྷག་པའི་ཡོ་བྱད་དང༌། ཟས་ལ་སོགས་པ་བཟང་པོའམ་མང་པོ་སྔར་ཡོད་པ་ལ་མ་ཆགས་ཤིང་ཕྱི་མ་དོན་དུ་གཉེར་བ་མེད་པས་ལྷག་པར་ཆགས་པ་མེད་པའོ། །ཆོག་ཤེས་པ་གང་ཞེ་ན། ཆོས་གོས་དང་གནས་མལ་ལ་སོགས་པ་ངན་ངོན་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པ་གང་ཡིན་པའོ། །བཤེས་སྤྲིང་ལས། ནོར་རྣམས་ཀུན་གྱི་ནང་ནས་ཆོག་ཤེས་མཆོག །ཅེས་པ་ལྟར་རོ། །བྱ་བ་མང་པོ་ཡོངས་སུ་སྤངས་པ་གང་ཞེ་ན། ཉོ་ཚོང་དང༌། ཞིང་ལས་ལ་སོགས་པ་ལས་ངན་པ་ཡོངས་སུ་སྤངས་པ་དང༌། ཁྱིམ་པ་དང་གཞན་རབ་ཏུ་བྱུང་བ་མང་པོ་དག་དང་ཧ་ཅང་སྨོན་འདྲིས་བྱེད་པ་ཡོངས་སུ་སྤངས་པ་དང༌། སྨན་བྱེད་པ་དང༌། སྐར་མ་རྩི་བ་ལ་སོགས་པ་སྤྲོས་པ་མང་པོ་ཡོངས་སུ་སྤངས་པ་གང་ཡིན་པའོ། །ཚུལ་ཁྲིམས་རྣམ་པར་དག་པ་གང་ཞེ་ན། སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་གཉིས་ཀ་ལ་ཡང་བཅས་པ་ལ་མ་ལྟོས་པར་སྤྱད་པ་ཙམ་གྱིས་ཉེས་པར་འགྱུར་བ་རང་བཞིན་དང༌། དེ་བཞིན་གཤེགས་པས་བསླབ་པ་བཅས་པའི་དབང་ལས་སྤྱད་ན་ཉེས་པར་འགྱུར་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་སྒོ་ནས་བསླབ་པའི་གཞི་མི་འདྲལ་བ་དང༌། བསླབ་པའི་ཡན་ལག་ལ་བག་མེད་པས་འདས་ན་ཡང་སྐྱེན་པ་རྐྱེན་པར་འགྱོད་པས་ཆོས་བཞིན་དུ་སླར་འཆོས་པར་བྱེད་པ་དང༌། ཉན་ཐོས་ཀྱི་སྡོམ་པ་ལ་ཡང་ཕམ་པ་འཆབ་བཅས་བཅོས་སུ་མི་རུང་བ་གསུངས་པ་དེ་ལ་ཡང་སྟོབས་བཞིའི་བཤགས་པ་སྔར་བྱས་པ་ལ་འགྱོད་པ་དང་ལྡན་པ་དང༌། ཕྱིས་མི་བྱེད་པའི་སེམས་དང་ལྡན་པ་དང༌། ཕྱིས་མི་བྱ་བའི་སྡོམ་སེམས་དང་ལྡན་པ་གང་ཡིན་པ་དང༌། སེམས་གང་གིས་མི་དགེ་བའི་ལས་བྱས་པའི་སེམས་དེ་ལ་ཡང་གཉེན་པོ་ངོ་བོ་ཉིད་མེད་པར་རྟོགས་པའི་ཕྱིར་རམ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གོམས་པར་བྱས་པའི་ཕྱིར། ལས་ཀྱང་ངོ་བོ་ཉིད་མེད་པར་རྟོགས་པས་གང་ཟག་དེའི་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་བརྗོད་པར་བྱའོ། །ལས་ངོ་བོ་ཉིད་མེད་པར་རྟོགས་པས་མི་དགེ་བའི་ལས་དག་པ་དེ་ནི་འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས་ཁོང་དུ་ཆུད་པར་བྱའོ། །ཕམ་པ་འཆབ་བཅས་བྱུང་བ་དེས་ཀྱང་སྤྱིར་སྟོབས་བཞིའི་བཤགས་པ་དང༌། ཁྱད་པར་དུ་ལས་ངོ་བོ་ཉིད་མེད་པར་རྟོགས་པ་དེ་བས་ན་གང་ཟག་དེས་ཀྱང་འགྱོད་པ་བྱས་ལ་ཏིང་ངེ་འཛིན་སྒོམ་པ་ལ་མངོན་པར་བརྩོན་པར་བྱའོ། །འདོད་པའི་ཡོན་ཏན་རྣམས་ལ་ཡང་མངོན་པར་ཞེན་པ་ནི་ཤིང་ཀིམ་པའི་འབྲས་བུ་ཟ་བ་བཞིན་དུ་ཟོས་པས་ཟ་བའི་དུས་སུ་ཞིམ་ཡང་ཕྱིས་ནད་བསྐྱེད་པ་བཞིན་དུ་ཚེ་འདི་ལ་གནོད་པ་དང་ཚེ་ཕྱི་མ་ལ་ངན་སོང་དུ་འགྲོ་བ་སོགས་ཀྱི་ཉེས་དམིགས་རྣམས་མང་པོར་འགྱུར་བར་ཡིད་ལ་བྱས་ལ། འདོད་པའི་ཡོན་ཏན་དེ་དག་ལ་མངོན་པར་ཞེན་པའི་རྟོག་པ་ཡང་སྤང་བར་བྱའོ། །རྣམ་པར་རྟོག་པ་སྤོང་ཚུལ་ཡང༌། རྣམ་པ་གཅིག་ཏུ་ན་འཁོར་བའི་དངོས་པོ་རྙེད་པ་དང་ནོར་ལ་སོགས་པ་སྡུག་པའམ། དགྲ་ལ་སོགས་པ་མི་སྡུག་པ་ཡང་རུང་སྟེ། སྡུག་མི་སྡུག་དེ་ཐམས་ཅད་ནི་སྐད་ཅིག་གིས་རྣམ་པར་འཇིག་པའི་ཆོས་ཅན་རྒྱུན་གྱིས་མི་བརྟན་པ་སྟེ། བདག་ཉིད་རིང་པོ་མི་ཐོགས་པར་འབྲལ་བར་འགྱུར་ན། བདག་དགྲ་གཉེན་དེ་དག་ལ་ལྷག་པར་ཆགས་པ་དང་སྡང་བ་ལ་སོགས་པར་འགྱུར་བ་ཅི་ཞིག་བྱ་སྙམ་དུ་བསྒོམས་པས་འཇིག་རྟེན་གྱི་རྣམ་པར་རྟོག་པ་ཐམས་ཅད་སྤང་བར་བྱའོ། །ཞི་གནས་ཀྱི་རྒྱུ་ཚོགས་བསྟན་ཟིན་ཏོ། །གསུམ་པ་ལྷག་མཐོང་གི་རྒྱུ་ཚོགས་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ལྷག་མཐོང་གི་རྒྱུ་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་ལ་བསྟེན་པ་དང༌། ཡན་ལག་བཅུ་གཉིས་ཀྱི་གསུང་རབ་མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང༌། ཐོས་པའི་དོན་རིགས་པས་ཚུལ་བཞིན་དུ་སེམས་པའོ། །གཉིས་པ་ནི། གསུམ་པོ་རིམ་པ་བཞིན་དུ་སྟོན་པ་དེ་ལ་བསྟེན་པར་བྱ་བའི་སྐྱེས་བུ་དམ་པ་ཇི་ལྟ་བུ་ཞེ་ན། གང་གསུང་རབ་མང་དུ་ཐོས་པ་དང༌། ཆོས་སྟོན་པའི་ཚིག་གསལ་བ་དང༌། ཀུན་སློང་སྙིང་རྗེ་དང་ལྡན་པ་དང༌། གཞན་དོན་ལ་སྐྱོ་བ་བཟོད་པའོ། །མདོ་སྡེ་རྒྱན་ལས། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པས་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས་པ་ལྟར་རོ། །རྒྱུ་ཚོགས་གསུམ་གསུངས་པ་དེ་ལ། གསུང་རབ་མང་དུ་ཐོས་པ་བཙལ་བ་ཇི་ལྟ་བུ་ཞེ་ན། གང་བཅོམ་ལྡན་འདས་ཀྱི་གསུང་རབ་མདོའི་སྡེ་དང་དབྱངས་ཀྱི་བསྙད་པའི་སྡེ་ལ་སོགས་པ་ཡན་ལག་བཅུ་གཉིས་པོ་ལུང་དང་རིགས་པའི་སྟོབས་ཀྱིས་གྲུབ་པས་གཞན་དུ་དཀྲི་བར་མི་ནུས་པའི་ངེས་པའི་དོན་དང༌། ཡང་དག་པའི་དོན་ལ་དཀྲི་བའི་ཐབས་སུ་བསྟན་པ་དྲང་བའི་དོན་ཤེས་པ་ལ་གུས་པར་བྱས་ལ་ཤིན་ཏུ་སྟེ་མ་ནོར་བར་མཉན་པར་བྱ་སྟེ། མཉན་པའི་ཕན་ཡོན་འདི་ལྟར་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས་བཀའ་སྩལ་ཏོ། །ཇི་ལྟར་ཞེ་ན། འཕགས་པའི་གཏམ་སྟེ་གསུང་རབ་དང༌། དེ་རྟོགས་པའི་རྒྱུ་མཐུན་བསྟན་བཅོས་འདོད་པ་བཞིན་མཉན་པ་དང་ཐོས་པ་མ་ཐོབ་པ་ནི་ལྷག་མཐོང་གི་གེགས་ཡིན་ནོ་ཞེས་སོ། །འདིས་ཤུགས་ལ་ཕན་ཡོན་བསྟན་ཏོ། །ཡང་གསུང་རབ་མང་དུ་ཐོས་པ་དང༌། དེའི་དོན་བསམ་པའི་བསམ་བྱུང་གི་ཤེས་རབ་ལྷག་མཐོང་གི་རྒྱུ་ཡིན་པ་ཡང་མདོ་དེ་ཉིད་ལས་ལྷག་མཐོང་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །འཕགས་པ་སྲེད་མེད་ཀྱི་བུས་ཞུས་པ་ལས་ཀྱང་ཐོས་པ་དང་ལྡན་པས་ནི་ཤེས་རབ་འབྱུང་བར་འགྱུར་རོ། །ཐོས་བསམ་གྱི་ཤེས་རབ་བརྒྱུད་ནས་ཉོན་མོངས་པ་ཞི་བའི་རྒྱུར་འགྱུར་བ་ཡང་ཇི་སྐད་དུ། ཤེས་རབ་དང་ལྡན་པ་ནི་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །གསུང་རབ་ཀྱི་དོན་ཚུལ་བཞིན་བསམ་པ་གང་ཞེ་ན། གང་མདོ་སྡེ་ཏིང་ངེ་འཛིན་རྒྱལ་པོ་ལས། གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །ཞེས་གསུངས་པ་ལྟར་ངེས་པའི་དོན་དང་དྲང་བའི་དོན་གྱི་མདོ་དང་བསྟན་བཅོས་ལ་སོགས་པ་རིགས་པས་ལེགས་པར་གཏན་ལ་འབེབས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་དག་པའི་དོན་རིགས་པས་གཏན་ལ་ཕབ་པའི་དོན་ལ་ཐེ་ཚོམ་མེད་ན་ཡང་དག་པའི་དོན་སྒོམ་པ་ལ་བསྒོམ་བྱ་མཐའ་གཅིག་ཏུ་ངེས་པར་འགྱུར་རོ། །ཐོག་མར་ཐོས་པའི་དོན་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པ་དེ་ལྟར་མ་ཡིན་ན་བསྒོམ་བྱའི་དོན་ལ་ཐེ་ཚོམ་ཟ་བས་ཐེ་ཚོམ་འཕྱང་མོ་མྱུག་པའི་ཐག་པ་ལ་འཇུས་ནས་འདུག་པ་ནི་ལམ་ཁ་བྲག་གི་མདོར་ཕྱིན་པའི་མི་ལྟར་ཡང་དོགས་པ་མ་ཆོད་པས་ནང་དུ་ཡང་མཐའ་གཅིག་ཏུ་ངེས་པར་མི་འགྱུར་རོ། །ལྷག་མཐོང་གི་རྒྱུ་ཚོགས་བསྟན་ཟིན་ཏོ། །གསུམ་པ་གཉིས་ཀའི་རྒྱུ་ཚོགས་བསྟན་པ་ནི། ཞི་གནས་དང་ལྷག་མཐོང་གཉིས་ཀ་བསྒོམ་པའི་རྣལ་འབྱོར་པས་ནི་དུས་ཐམས་ཅད་དུ་གཞན་ལ་འཚེ་བའི་རྒྱུ་ཉ་དང་ཤ་སེམས་ཅན་གཞན་གྱི་ཤ་ལ་སོགས་པ་སྤང་ཞིང༌། བད་ཀན་ལ་སོགས་པའི་ཁམས་དང་མི་མཐུན་པ་མ་ཡིན་པ་དང༌། ཟས་མང་ཉུང་ཚོད་ཟིན་པར་བཟའ་བར་བྱའོ། །གོང་དུ་བསྟན་པའི་རྒྱུ་ཚོགས་དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་རྒྱུ་ཚོགས་མཐའ་དག་བསགས་པས་ཞི་གནས་དང་ལྷག་མཐོང་དེ་བསྒོམ་པར་བྱའོ། །ཞི་གནས་དང་ལྷག་མཐོང་གི་རྒྱུ་ཚོགས་བསྟན་ཟིན་ཏོ། །གཉིས་པ་སྒོམ་པའི་རིམ་པ་ལ་འཇུག་པ་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བའོ། །དང་པོ་ལ་ཡང་རྗེས་སུ་སྒྲུབ་པ་ནི། ཞི་གནས་དང་ལྷག་མཐོང་གི་རྒྱུ་ཚོགས་གོང་དུ་བསྟན་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་རྒྱུ་ཚོགས་མཐའ་དག་བསགས་པས་ཞི་གནས་དང་ལྷག་མཐོང་དེ་སྒོམ་པ་ལ་འཇུག་པར་བྱའོ། །ཞི་གནས་དང་ལྷག་མཐོང་སྒོམ་པ་དེ་ལ་རྣལ་འབྱོར་པས་སྒོམ་པའི་དུས་ན་མཉམ་གཞག་ཐུན་གཅིག་ལ་འཇུག་པའི་དབང་དུ་བྱས་ཏེ། ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ་བཤང་གཅི་སོགས་བྱས་ནས་གནས་ཀྱི་ཁྱད་པར་དགྲའི་ཚེར་མ་མེད་པ་ཡིད་དུ་འོང་བའི་ས་ཕྱོགས་སུ་གནས་ཏེ། བསམ་པའི་ཁྱད་པར་བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ་སྙམ་དུ་བསམ་ཞིང༌། འགྲོ་བ་མཐའ་དག་སྡུག་བསྔལ་གྱི་རྒྱ་མཚོ་ལས་མངོན་པར་འདོན་པའི་བསམ་པ་ཅན་གྱི་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཚོགས་ཀྱི་ཁྱད་པར་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་སྤྱན་དྲངས་ལ། ཡན་ལག་ལྔ་དང༌། བྱིན་པ་ནས་མཁྱུད་པའི་ཕྱག་གཉིས་ལས། འདིར་ཡན་ལག་ལྔའི་ཕྱག་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་རི་མོ་དང་གསེར་སྐུ་ལ་སོགས་པ་མདུན་དུ་བཞག་གམ། གཞན་ཡང་གསུང་དང་ཐུགས་ཀྱི་རྟེན་དག་ཏུ་ཡང་རུང་སྟེ། སྐུ་གསུང་ཐུགས་ཀྱི་རྟེན་དེ་དག་ལ་ཅི་ནུས་ཀྱིས་རྫས་ཀྱི་མཆོད་པ་ལ་སོགས་པ་དང༌། ལུས་ངག་གི་བསྟོད་པ་སོགས་ཚོགས་རྫོགས་པའི་ཡན་ལག་དུ་མ་བྱས་ལ། ཏིང་ངེ་འཛིན་སྐྱེ་བའི་གེགས་བསལ་བའི་དོན་དུ་རང་གི་སྡིག་པ་བཤགས་ནས་འགྲོ་བ་མཐའ་དག་གི་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱས་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། བསྔོ་བ་སོགས་བྱས་ནས། སྤྱོད་ལམ་གྱི་ཁྱད་པར་སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུའམ། སྒྲོལ་མ་ལྟ་བུ་སྐྱིལ་ཀྲུང་ཕྱེད་དུ་ཡང་རུང་སྟེ་གནས་པར་བྱའོ། །རྣམ་པར་མི་གཡེང་བའི་དོན་དུ་མིག་ཧ་ཅང་མི་དབྱེ། སེམས་བྱིང་བར་མི་འགྱུར་བའི་དོན་དུ་ཧ་ཅང་ཟུམ་པར་ཡང་མི་བྱ་བར་སྣའི་རྩེ་མོར་གཏད་ཅིང་ལུས་ཀྱི་རྩ་དྲང་ཞིང་རླུང་ཐད་ཀར་རྒྱུ་བའི་དོན་དུ་ལུས་ཧ་ཅང་ཡང་མི་སྒྱུ། ཧ་ཅང་ཡང་མི་དགྱེ་བར་སྒལ་ཚིག་དོང་ཙེ་རྩེགས་པ་ལྟར་དྲང་པོར་སྲང་ལ་ཡིད་ཀྱི་དྲན་པ་ཕྱི་རོལ་དུ་ཧ་ཅང་མི་འཕྲོ་བར་ནང་དུ་བཞག་སྟེ་འདུག་པར་བྱའོ། །ནང་དུ་བཞག་པའི་རྗེས་དེ་ནས་འཕྲག་པ་མཐོ་དམན་མེད་པར་མཉམ་པར་བཞག་ལ་མགོ་འཕང་མི་མཐོ་མི་དམའ་ཞིང་གཡས་གཡོན་གྱི་ཕྱོགས་གཅིག་ཏུ་མ་གཡོ་བར་བཞག སྣ་ནས་ལྟེ་བའི་ཐད་ཀར་དྲང་པོར་བཞག་གོ །ཁ་ཆུ་མི་འཁྱིལ་བའི་དོན་དུ་སོ་དང་མཆུ་ཡང་ཐད་ཀར་བཞག་གོ །ལྕེ་ཡང་སོའི་དྲུང་དུ་གཞར་རོ། །རྩ་ལོག་གི་ནང་དུ་རླུང་ལོག་མི་རྒྱུ་བའི་དོན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང༌། རྔམ་པ་དང༌། དབུགས་རྒོད་པ་ཅན་དུ་མི་གཏང་གི ཅི་ནས་ཀྱང་རྒྱུ་བ་རྒོད་པ་ཅན་དུ་མི་ཚོར་བར་དལ་བུ་དལ་བུས་རང་གི་ངང་གིས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་ཕྱིར་དབྱུང་བར་འགྱུར་བ་དེ་ལྟར་བྱའོ། །སྦྱོར་བ་བསྟན་ཟིན་ཏོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཞི་ལྷག་གཉིས་ཀྱི་རང་བཞིན། སྒྲུབ་ཚུལ་གྱི་རིམ་པ། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། ཞི་གནས་དང་ལྷག་མཐོང་གཉིས་ཡོད་པ་དེ་ལ་ཐོག་མར་རེ་ཤིག་ཞི་གནས་བསྒྲུབ་པར་བྱ་སྟེ། བསྒྲུབ་བྱའི་ཞི་གནས་ཀྱི་རང་བཞིན་ནི་གང་མཉམ་པར་གཞག་པར་བྱ་བའི་ཡུལ་ལས་ཕྱི་རོལ་གྱི་ཡུལ་ལ་སེམས་ཤིན་ཏུ་རྣམ་པར་གཡེང་བ་རབ་ཏུ་ཞི་གནས་ནང་དུ་ཞི་གནས་ཀྱི་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་ལ། དགའ་བ་དང་ལུས་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་མི་གཡོ་བར་གནས་པ་ནི་ཞི་གནས་ཞེས་བྱའོ། །ལྷག་མཐོང་གི་རང་བཞིན་ནི་ཞི་གནས་དེ་ཉིད་དམིགས་པ་ལ་དམིགས་བཞིན་པའི་ཚེ་ན། དམིགས་པའི་དེ་ཁོ་ན་ཉིད་ལ་ཤེས་རབ་ཀྱིས་རྣམ་པར་དཔྱོད་པ་དེ་ནི་ལྷག་མཐོང་ཞེས་བྱ་བ་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས་དེ་སྐད་དུ། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ། །ཞེས་གསུངས་པ་ལྟ་བུའོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང༌། བཅོམ་ལྡན་འདས་ཇི་ལྟར་ན་ཞེས་པ་ནས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་པའི་བར་དུ་གསུངས་སོ། །ལུང་གི་དོན་བཤད་པ་ནི། ཇི་ལྟར་ན་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང་ལྷག་མཐོང་ལ་མཁས་པ་ལགས་ཞེས་པ་ནི་དྲི་བ་བཀོད་པའོ། །ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ངས་ཆོས་གདགས་པ་རྣམ་པར་གཞག་པ་འདི་ལྟ་སྟེ། མདོ་སྡེ་ནི་ཚིག་དང་དོན་དུ་བསྡུས་ཏེ་ལྷུག་པར་གསུངས་པའོ། །དབྱངས་ཀྱི་བསྙད་པའི་སྡེ་ནི། མདོ་སྡེ་དེ་ཉིད་ལ་དབུས་དང་མཐའ་མར་ཚིགས་བཅད་ཀྱི་སྒོ་ནས་བསྙད་པའོ། །ལུང་དུ་བསྟན་པའི་སྡེ་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལུང་བསྟན་པའོ། །ཚིགས་སུ་བཅད་པའི་སྡེ་ནི། ཚིགས་བཅད་དུ་བསྡེབས་ནས་གསུངས་པའོ། །ཆེད་དུ་བརྗོད་པའི་སྡེ་ནི། ཞུ་བ་པོ་ལ་མ་ལྟོས་པར་བསྟན་པ་གནས་པའི་ཆེད་དུ་གསུངས་པའོ། །གླེང་གཞིའི་སྡེ་ནི། གཞི་གང་ལ་བརྟེན་ནས་བསླབ་པ་བཅས་པར་སྟོན་པའོ། །རྟོག་པ་བརྗོད་པའི་སྡེ་ནི། དོན་གོ་བར་བྱ་བའི་ཕྱིར་དཔེ་དང་བཅས་ནས་སྟོན་པའོ། །དེ་ལྟ་བུ་བྱུང་བའི་སྡེ་ནི། སྔོན་བྱུང་བའི་གཏམ་བརྗོད་པའོ། །སྐྱེས་པ་རབས་ཀྱི་སྡེ་ནི། བཅོམ་ལྡན་འདས་ཀྱི་སྔོན་གྱི་སྐྱེས་རབས་སྟོན་པའོ། །ཤིན་ཏུ་རྒྱས་པའི་སྡེ་ནི། ཟབ་པ་དང་རྒྱ་ཆེ་བའི་དོན་སྟོན་པའི་སྡེ་སྣོད་དོ། །རྨད་དུ་བྱུང་བའི་སྡེ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་ཀྱི་ངོ་མཚར་བའི་ཡོན་ཏན་རྣམས་བརྗོད་པའོ། །གཏན་ལ་དབབ་པའི་སྡེ་ནི། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་གཏན་ལ་དབབ་པའོ། །དེ་ལ་མདོ་སྡེ་དང་དབྱངས་ཀྱི་བསྙད་པ་དང༌། ལུང་བསྟན་དང༌། ཚིགས་བཅད་དང༌། ཆེད་དུ་བརྗོད་པ་སྡེ་ལྔ་ནི་ཉན་ཐོས་ཀྱི་མདོ་སྡེའོ། །གླེང་གཞི་དང༌། རྟོག་བརྗོད་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་རབས་ཏེ་བཞི་ནི་འདུལ་བའི་སྡེ་སྣོད་དོ། །ཤིན་ཏུ་རྒྱས་པ་དང༌། རྨད་དུ་བྱུང་བའི་སྡེ་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ། །གཏན་ལ་དབབ་པའི་སྡེ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་དོ། །མངོན་པ་ཀུན་ལས་བཏུས་ཀྱི་བཤད་ཚུལ་ལོ། །གང་དག་གསུང་རབ་ཡན་ལག་བཅུ་གཉིས་བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས་པ་དེ་དག་བྱང་ཆུབ་སེམས་དཔས་ཐོག་མར་ལེགས་པར་ཐོས་པ་དང༌། དེ་ནས་ཚིག་ལེགས་པར་བཟུང་བ་དང༌། ཁ་ཏོན་གྱི་སྒོ་ནས་བྱང་བར་བྱས་པ་དང༌། ཚིག་དོན་བསམ་བྱུང་གི་ཡིད་ཀྱིས་ལེགས་པར་བརྟགས་པ་དང༌། སྒོམ་བྱུང་གིས་མཐོང་བས་ཤིན་ཏུ་ངེས་པའི་ཚུལ་གྱིས་རྟོགས་པར་བྱས་ནས་ཞེས་པའོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། ཞི་གནས་ཚོལ་བ་དང༌། ལྷག་མཐོང་ལ་མཁས་པའོ། །དང་པོ་ནི། རྣལ་འབྱོར་པ་དེ་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཏིང་ངེ་འཛིན་ལ་ཡང་དག་པར་བཞག་ནས་སྦྱོར་བའི་དུས་སུ་ཇི་ལྟར་ལེགས་པར་བསམས་པའི་དོན་དེ་དག་ཉིད་ཡིད་ལ་བྱེད་ཅིང༌། སེམས་གང་གིས་དམིགས་པ་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་རྩེ་གཅིག་ཏུ་ཡིད་ལ་བྱེད་དོ། །དེ་ལྟར་ཡིད་ལ་བྱེད་པས་ཞུགས་ཤིང་དམིགས་པ་དེ་ལ་དམིགས་ཏེ་ལན་མང་དུ་གནས་པ་དེ་ལ་ལུས་ཤིན་ཏུ་སྦྱངས་པ་ཐོབ་པ་དང༌། སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །གཉིས་པ་ལྷག་མཐོང་ལ་མཁས་པ་ནི། ཞི་གནས་ཀྱི་སྟོབས་ཀྱིས་རྣལ་འབྱོར་པ་དེ་ལུས་ཤིན་ཏུ་སྦྱངས་པ་ཏིང་ངེ་འཛིན་གྱི་མཐུས་རྩའི་ནང་དུ་རླུང་གི་རེག་བྱ་ཁྱད་པར་ཅན་རྒྱས་པས་ལུས་སིམ་པར་བྱེད་པ་དང༌། སེམས་ཤིན་ཏུ་སྦྱངས་པ་སེམས་ཤིན་ཏུ་དུལ་བ་དེ་ཐོབ་ནས་ཞི་གནས་ཀྱི་དམིགས་པ་དེ་ཉིད་ལ་དམིགས་ཏེ། སེམས་ཀྱི་དགའ་བདེ་ལ་ཆགས་པའི་རྣམ་པ་སྤངས་ནས་སྦྱོར་བའི་དུས་སུ་ཐོས་པས་བཟུང་ཞིང་བསམ་བྱུང་གི་རིགས་པ་ལ་བརྟེན་ནས་ཇི་ལྟར་བསམས་པའི་ཆོས་དེ་ཉིད་ལ་ནང་དུ་གནས་བཞིན་པའི་སྤྱོད་པས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཅན་སོ་སོ་བ་གཟུགས་བརྙན་སྣང་བ་བཞིན་དུ་སྣང་བཞིན་པའི་དུས་ན་གདོད་མ་ནས་སྡོད་ཚུལ་ལམ་གནས་ཚུལ་ལམ་འདུག་ཚུལ་ལ་མེད་པར་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད་ལ། སྣང་ཚུལ་ལ་དམིགས་ནས་གནས་ཚུལ་ལ་མེད་པར་མོས་པར་བྱེད་དོ། །སྣང་ཚུལ་ལ་ཡོད་ཀྱང་གནས་ཚུལ་ལ་མེད་པ་དང༌། གནས་ཚུལ་ལ་མེད་ཀྱང་སྣང་ཚུལ་ལ་ཡོད་པ་དང༌། གཉིས་པོ་ཡ་བྲལ་དུ་མི་སྲིད་པར་འཇུག་པ་འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱི་ཚུལ་ཉིད་དོ། །ཆོས་ཅན་དང་ཡ་བྲལ་བའི་ཆོས་ཉིད་མེད་ཅེས་པའི་དོན་ཡང་འདི་ཡིན་ཞིང༌། སྣང་ལ་རང་བཞིན་མེད་པའི་དོན་ཡང་འདི་ཉིད་དོ། །དེ་ཡང་རིགས་པས་བརྟགས་ནས་སྔར་རང་བཞིན་གྱིས་ཡོད་པ་བཤིགས་པའི་ཚུལ་དུ་བྱས་ནས་མ་རྙེད་པ་མ་ཡིན་གྱི། གནས་ཚུལ་ལ་གདོད་མ་ནས་ཡོད་པའི་དོན་རིགས་པས་བརྟགས་ནས་རྙེད་པ་ཡིན་ནོ། །ཆུ་ཟླ་བཞིན་དུ་སྣང་བཞིན་པའི་དུས་ན་གདོད་མ་ནས་ཡོད་པ་མ་ཡིན་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་སྣང་བ་དེ་དག་ལ་ཤེས་པར་བྱ་བའི་དོན་ཏེ། སྤུ་རིས་མ་འདྲེས་པར་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་ཕྱེ་བའི་ཁྱད་པར་གྱི་ཆོས་རབ་ཏུ་འབྱེད་པ་དང༌། དེའི་གནས་ཚུལ་ལ་དང་པོར་ཡོངས་སུ་རྟོག་པ་དང༌། དེ་ནས་སྔར་ལས་ཀྱང་ཞིབ་མོར་ཡོངས་སུ་དཔྱོད་པ་དང༌། དེ་ནས་ཤིན་ཏུ་ངེས་པའི་ཚུལ་གྱིས་བཟོད་པ་སྟེ་ཁོང་དུ་ཆུད་པ་དང༌། དེ་ནས་དེ་ལས་ཀྱང་ཞིབ་ཏུ་རྣམ་པར་དཔྱོད་པར་འདོད་པ་དང༌། ཇི་ལྟར་རང་བཞིན་མེད་པའི་ཚུལ་བྱེ་བྲག་འབྱེད་པ་དང༌། དེའི་དོན་ལ་ཡང་དང་ཡང་དུ་ལྟ་བ་དང༌། ཡང་དང་ཡང་དུ་གནས་ཚུལ་གྱི་དོན་ལ་རྟོག་པ་གང་ཡིན་པ་དེ་ནི་བློ་གཞན་ལས་ཡུལ་རྟོགས་ཚུལ་གྱི་ནུས་པ་ལྷག་པས་ན་ལྷག་མཐོང་ཞེས་བྱ་སྟེ། ཚུལ་དེ་ལྟར་བྱས་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །ཞི་གནས་དང་ལྷག་མཐོང་གི་རང་བཞིན་བསྟན་ཟིན་ཏོ། །གཉིས་པ་ཞི་ལྷག་སྒྲུབ་ཚུལ་གྱི་རིམ་པ་ལ་གསུམ་སྟེ། ཞི་གནས་སྒྲུབ་ཚུལ་དང༌། ལྷག་མཐོང་སྒྲུབ་ཚུལ་དང༌། ཟུང་དང་འབྲེལ་བའི་ལམ་སྒྲུབ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཞི་གནས་ཇི་ལྟར་སྒོམ་པའི་ཚུལ། ཞི་གནས་གྲུབ་པའི་རྣམ་པའོ། །དང་པོ་ལ་གཉིས་ཏེ། དམིགས་པ་གང་ལ་སེམས་བཞག་པ་དང༌། དམིགས་པ་ལ་སེམས་གནས་པའི་ཐབས་སོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བསྟན་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཆོས་ཉིད་ལ་དམིགས་ཏེ་སེམས་བཞག་པ་དང༌། ཆོས་ཅན་ལ་དམིགས་ཏེ་སེམས་བཞག་པའོ། །དང་པོ་ནི། ཞི་གནས་དང་ལྷག་མཐོང་གཉིས་ཡོད་པ་དེ་ལ་རྣལ་འབྱོར་པ་ཞི་གནས་མངོན་པར་སྒྲུབ་པར་འདོད་པས་ཐོག་མར་རེ་ཤིག་མདོ་སྡེ་དང་དབྱངས་ཀྱི་བསྙད་པའི་སྡེ་ལ་སོགས་པ་ཇི་སྐད་བརྗོད་པའི་གསུང་རབ་མཐའ་དག་ནི་དེ་བཞིན་ཉིད་ལ་དངོས་སུ་སེམས་གཞོལ་བར་བྱེད་པ། མཐར་ཐུག་གི་དོན་ཡང་དེ་བཞིན་ཉིད་ལ་འབབ་པ། རིགས་པས་མཐར་ཐུག་གི་དོན་དེ་བཞིན་ཉིད་ལ་བབ་པའོ་ཞེས་མཐར་ཐུག་གི་བརྗོད་བྱ་ཐམས་ཅད་དེ་བཞིན་ཉིད་དུ་བསྡུས་ཏེ་དེ་ལ་སེམས་ཉེ་བར་གཞག་པར་བྱའོ། །ཡང་ན་རྗོད་བྱེད་བསྡུས་པར་བྱས་ནས་འདི་ལ་སེམས་དྲུག་གི་སྒོམ་ཚུལ་ཡོད་དེ། སྡོམ་ནི། རྩ་བ་དང་ནི་རྗེས་སུ་དཔྱོད། །རྣམ་པར་དཔྱོད་དང་ངེས་པར་འཛིན། །སྡོམ་པའི་སེམས་དང་སྨོན་པའི་སེམས། །སེམས་རྣམས་རྣམ་པ་དྲུག་ཏུ་འདོད། །རྩ་བའི་སེམས་གང་ཞེ་ན། མདོ་སྡེ་འདིའི་མིང་ནི་འདི་ཡིན་ནོ་ཞེས་མདོ་སྡེའི་མིང་ལ་སེམས་འཇོག་གོ །རྗེས་སུ་དཔྱོད་པའི་སེམས་གང་ཞེ་ན། མདོ་སྡེ་དེའི་རབ་ཏུ་བྱེད་པ་དང༌། ལེའུ་དང༌། ཚིགས་སུ་བཅད་པ་ཇི་ཙམ་ཞིག་ཡོད་པ་ལ་སེམས་འཇོག་གོ །རྣམ་པར་དཔྱོད་པའི་སེམས་གང་ཞེ་ན། དོན་དང་ཡི་གེ་ལ་དཔྱོད་པ་སྟེ། དོན་ལ་ནི་བགྲང་བ་དང་འཇལ་བ་དང༌། རྟོག་པ་དང་སོ་སོར་རྟོག་པའོ། །དེ་ལ་བགྲང་བ་ནི། གཟུགས་དང་ཕུང་པོ་ལྔ་དང་དོན། །ཞེས་པ་ལྟ་བུ་བརྗོད་བྱའི་དོན་གྱི་གྲངས་བློས་འཛིན་པའོ། །འཇལ་བ་ནི། གྲངས་དང་ལྡན་པའི་ཆོས་ཀྱི་རབ་དབྱེ་འཛིན་པའོ། །རྟོག་པ་གང་ཞེ་ན། རབ་དབྱེ་དེ་དག་གི་དོན་ལ་ཚད་མས་རྟོག་པའོ། །སོ་སོར་རྟོག་པ་ནི། བགྲང་བ་དང་འཇལ་བ་དང་ཚད་མས་བརྟགས་པའི་དོན་དེ་དག་ལ་འདི་དང་འདི་ལྟ་བུའོ་ཞེས་ཞིབ་ཏུ་རྣམ་པར་འབྱེད་པའོ། །ཡི་གེ་ལ་དཔྱོད་པ་ནི་མིང་ཚིག་ཡི་གེའི་ཚོགས་ལ་རྟོག་པའོ། །ངེས་པར་འཛིན་པའི་སེམས་གང་ཞེ་ན། སེམས་སྔ་མ་དེ་དག་གིས་དཔྱད་པའི་དོན་དེ་དག་གི་རྒྱུ་མཚན་འཛིན་པའོ། །སྡོམ་པའི་སེམས་གང་ཞེ་ན། གསུང་རབ་དེ་དག་གི་བརྗོད་བྱའི་དོན་ཚན་བསྡོམས་ནས་འཛིན་པར་བྱེད་པའོ། །སྨོན་པའི་སེམས་གང་ཞེ་ན། གསུང་རབ་དེ་དག་གི་དོན་རྟོགས་པར་འདུན་པའོ། །གཉིས་པ་ཆོས་ཅན་ལ་སེམས་བཞག་པ་ལ་གཉིས་ཏེ། ཕུང་པོ་སོགས་ལ་སེམས་བཞག་པ་དང༌། གཟུགས་སྐུ་ལ་སེམས་བཞག་པའོ། །དང་པོ་ནི། དམིགས་པ་གང་ལ་སེམས་གཏད་པའི་ཚུལ་ལ། རྣམ་པ་གཅིག་ཏུ་ན། གསུང་རབ་ཀྱི་བརྗོད་བྱའི་རྣམ་པ་ཇི་ཙམ་གྱིས་ཆོས་ཐམས་ཅད་བསྡུས་པར་འགྱུར་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དེ་ལ་སེམས་མཉམ་པར་གཞག་པར་བྱའོ། །མངོན་པར་རྟོགས་པའི་རྒྱན་ལས། སྒྲུབ་པའི་དམིགས་པ་བཅུ་གཅིག་ཏུ་བཤད་པ་ལྟ་བུའོ། །གཉིས་པ་གཟུགས་སྐུ་ལ་དམིགས་པ་ནི། དམིགས་པའི་རྣམ་གྲངས་རྣམ་པ་གཅིག་ཏུ་ན་མིག་གིས་ཇི་ལྟར་མཐོང་བའི་སྐུ་གཟུགས་དང༌། བླ་མས་དེ་བཞིན་གཤེགས་པའི་སྐུ་གཟུགས་ནི་འདི་དང་འདི་ལྟ་བུའོ་ཞེས་ངག་ཏུ་སྨྲས་པ་ཇི་ལྟར་ཐོས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལ་སེམས་གཞག་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཇི་སྐད་དུ། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟར་དམིགས་པ་གསུམ་བཤད་པ་གང་ལ་འདོད་པའི་དམིགས་པ་དེ་ལ་སེམས་བཞག་ནས་དམིགས་པ་དེ་ཉིད་ལ་ཕྱིར་ཞིང་རྒྱུན་དུ་སེམས་བཞག་པར་བྱའོ། །གཉིས་པ་དམིགས་པ་ལ་སེམས་གནས་པའི་ཐབས་ལ་བཞི་སྟེ། བྱིང་རྒོད་ཀྱི་མཚན་མ་བརྟག་པ་དང༌། བྱིང་བའི་གཉེན་པོ་ཡིད་ལ་བྱ་བ་དང༌། རྒོད་པའི་གཉེན་པོ་ཡིད་ལ་བྱ་བ་དང༌། མཉམ་ན་བཏང་སྙོམས་སུ་བྱ་བའོ། །དང་པོ་ནི། དམིགས་པ་དེ་ལ་སེམས་ཉེ་བར་བཞག་ནས་སྔར་ནས་ཤེས་བཞིན་གྱི་གོ་ཆ་སྲ་པོ་གྱོན་པས་སེམས་ལ་འདི་ལྟར་དཔྱད་པར་བྱ་སྟེ། ཅི་དམིགས་པ་ཤིན་ཏུ་གསལ་བར་ལེགས་པར་འཛིན་ནམ། འོན་ཏེ་བྱིང་ངམ་ཞེས་བྱིང་བ་ལ་རྟོག་པ་དང༌། འོན་ཏེ་སེམས་དམིགས་པ་ལ་མི་གནས་པར་ཕྱི་རོལ་གྱི་ཡུལ་གཞན་ལ་སེམས་མ་དུལ་བར་རྣམ་པར་འཁྱར་བས་སེམས་རྣམ་པར་གཡེངས་སམ་སྙམ་དུ་རྒོད་པ་ལ་བརྟག་པར་བྱའོ། །གཉིས་པ་ནི། བྱིང་རྒོད་གཉིས་ཡོད་པ་དེ་ལ་གལ་ཏེ་སེམས་བྱུང་རྨུགས་པ་དང༌། གཉིད་ཀྱིས་ནོན་ནས་སེམས་བྱིང་ངམ། བྱིང་དུ་དོགས་པར་མཐོང་ན་ཞི་གནས་ཀྱི་དམིགས་པ་མི་གསལ་བའམ་མི་གསལ་བར་འགྱུར་བས་དེའི་ཚེ་གཞན་ལས་མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་སམ། གསུང་ཡིག་འབྲུ་ལ་སོགས་པ་ལ་དམིགས་པའམ། ཡུལ་ཤིན་ཏུ་གསལ་བའི་སྣང་བའི་འདུ་ཤེས་བྱིང་བ་མ་ཞིའི་བར་དུ་ཡིད་ལ་བྱའོ། །བྱིང་བའི་གཉེན་པོ་ཡིད་ལ་བྱས་པ་དེ་ནས་བྱིང་བ་ཞི་བར་བྱས་ནས་ཅི་ནས་ཀྱང་དམིགས་པ་དེ་ཉིད་སེམས་ཀྱིས་ཤིན་ཏུ་གསལ་བར་མཐོང་བར་འགྱུར་བ་དེ་ལྟར་བྱའོ། །ཡུལ་གྱི་རྣམ་པ་མི་གསལ་བ་བྱིང་བར་གྱུར་པ་ཡང་སྐྱོན་ཡིན་ན་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་ལ་ཞི་གནས་ཀྱི་ཡོན་ཏན་ཙམ་ཡང་མེད་ན་ལྷག་མཐོང་ལྟ་ག་ལ་ཞིག གལ་ཏེ་བྱིང་བ་སེལ་བའི་ཐབས་དེ་ཙམ་དུ་ཟད་དམ་ཞེ་ན། གཞན་ཡང་ཡོད་དེ། རྟེན་བསྒྱུར་བ་དང༌། ཕྱིའི་ཡུལ་གང་གསལ་བ་བརྟེན་པ་དང༌། རྗེས་སུ་དྲན་པ་བསྐྱེད་པ་དང༌། འཇུག་པ་བསྟན་པའོ། །དང་པོ་ནི། ལྟ་སྟངས་སྟོད་ཅིང་ལུས་གནད་འཆོས་པའོ། །གཉིས་པ་ནི་ཕྱིའི་ཡུལ་གང་གསལ་བའི་རྣམ་པ་ཡིད་ལ་བྱ་བའོ། །གསུམ་པ་རྗེས་སུ་དྲན་པ་བསྐྱེད་པ་ནི། དྲན་པ་ཡིད་ལ་གནས་པར་བྱ་སྟེ་ཡུལ་དྲན་པས་གསལ་བའི་གྲོགས་བྱེད། གདམས་ངག་དྲན་པས་གཉེན་པོ་སྐྱེ་བའི་གྲོགས་བྱེད། རྣམ་པ་རྗེས་སུ་དྲན་པས་མི་མཐུན་ཕྱོགས་སེལ་བའི་གྲོགས་བྱེད་དོ། །འཇུག་པ་བསྟན་པ་ནི། འཕྲོ་བ་རྣམ་པ་གསུམ་བྱ་སྟེ། །ལུས་འཕྲོ་བ་ཡན་ལག་གི་འདུག་སྟངས་བཅོས། ངག་འཕྲོ་བ་དེ་བཞིན་གཤེགས་པའི་ཚིགས་སུ་བཅད་པ་ཟབ་མོ་ངག་ཏུ་འདོན། སེམས་འཕྲོ་བ་སེམས་དབང་པོའི་སྒོ་ནས་ཕྱི་རོལ་ཏུ་སྤྲོ་བར་བྱའོ། །བྱིང་བ་དེ་ཉིད་ཇི་ལྟ་བུ་ཞེ་ན། གང་གི་ཚེ་ཡུལ་གྱི་དངོས་པོ་མི་མཐོང་བ་དམུས་ལོང་ལྟ་བུའམ་མི་འགའ་ཞིག་མུན་པར་ཞུགས་པ་ལྟ་བུའམ། མིག་བཙུམ་པ་ལྟ་བུར་སེམས་ཀྱི་དམིགས་པ་ཅུང་ཟད་མི་གསལ་བ་དང༌། ཤིན་ཏུ་མི་གསལ་བར་གྱུར་པ་ཡུལ་མི་མཐོང་བ་དེའི་ཚེ་བྱིང་བར་གྱུར་པ་ཡིན་པར་རིག་པར་བྱའོ། །གསུམ་པ་རྒོད་པའི་གཉེན་པོ་ཡིད་ལ་བྱ་བ་ནི། གང་གི་ཚེ་ཕྱི་རོལ་གྱི་གཟུགས་སྡུག་པ་ལ་སོགས་པ་ལ་དེ་དག་གི་ཡོན་ཏན་མཛེས་པ་ལ་སོགས་པར་རྟོག་པས་སེམས་དེ་ལ་རྒྱུག་པའི་ཕྱིར་རམ། རང་གི་དམིགས་པ་ལས་གཞན་ཡིད་ལ་བྱེད་པས་སམ། སྔོན་མྱོང་བའི་ཡུལ་ལ་འདོད་པས་སེམས་རྒོད་པའམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་འདུ་བྱེད་ཐམས་ཅད་ནི་མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོའི་རྣམ་པ་ཡིད་ལ་བྱས་ནས་འདོད་པའི་ཡོན་ཏན་ལ་མངོན་པར་ཞེན་པའི་འདོད་ཆགས་ཞི་བར་བྱའོ། །གལ་ཏེ་མི་རྟག་སོགས་སུ་ལྟ་བ་ཡང་རྒོད་པ་མ་ཡིན་ནམ་ཞེ་ན། རང་གི་དམིགས་པ་ལས་གཞན་དུ་འཕྲོས་པའི་ཆ་ནས་རྒོད་པ་ཡིན་ཡང་གཟུགས་སོགས་ལ་མངོན་པར་ཞེན་པའི་འདོད་ཆགས་ཞི་བའི་གཉེན་པོར་འགྱུར་པས་ལམ་གྱི་ཡན་ལག་ཏུ་གཏོགས་པ་ཡིན་པས་རྒོད་པར་མི་བགྲང་ངོ༌། །མི་རྟག་པ་སོགས་ཀྱི་རྣམ་པ་ཡིད་ལ་བྱས་པའི་རྗེས་དེ་ནས་འདོད་ཡོན་ལ་རྣམ་པར་གཡེང་བའི་རྒོད་པ་ཞི་བར་བྱས་ནས་དྲན་པ་དང་ཤེས་བཞིན་གྱི་ཐག་པ་མྱུར་བར་འཇུག་པས་ཡིད་ཀྱི་གླང་པོ་ཆེ་རབ་ཏུ་གཡོ་བ་དམིགས་པའི་སྡོང་པོ་དེ་ཉིད་ལ་གདགས་པར་བྱའོ། །བཞི་པ་མཉམ་ན་བཏང་སྙོམས་སུ་བྱ་བ་ནི། གང་གི་ཚེ་ཞི་གནས་ཀྱི་སྐྱོན་བྱིང་བ་དང་རྒོད་པ་མེད་པར་གྱུར་ཏེ་དམིགས་པ་དེ་ལ་སེམས་རྣལ་དུ་འཇུག་པར་མཐོང་བ་དེའི་ཚེ་བྱིང་རྒོད་སེལ་བའི་རྩོལ་བ་གློད་ལ་སེམས་གཏང་སྙོམས་སུ་བྱ་ཞིང༌། དེའི་ཚེ་ཇི་སྲིད་འདོད་ཀྱི་བར་དུ་མཉམ་གཞག་ཏུ་འདུག་པར་བྱའོ། །གསུམ་པ་ཞི་གནས་གྲུབ་པའི་རྣམ་པ་ནི། དེ་ལྟར་ཞི་གནས་ལ་ཤིན་ཏུ་གོམས་པར་བྱས་ལ། དེའི་མཐུས་རྣལ་འབྱོར་པ་དེའི་ལུས་དང་སེམས་གང་གི་ཚེ་ཤིན་ཏུ་སྦྱངས་པར་གྱུར་པ་དང༌། ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་ལ་སེམས་དབང་དུ་གྱུར་པ་དེའི་ཚེ་ཞི་གནས་གྲུབ་པ་ཡིན་པར་རིག་པར་བྱའོ། །ཞི་གནས་སྒྲུབ་ཚུལ་བསྟན་ཟིན་ཏོ། །གཉིས་པ་ལྷག་མཐོང་སྒྲུབ་པའི་ཚུལ་ལ་གསུམ་སྟེ། ལྷག་མཐོང་གི་དགོས་པའི་ཁྱད་པར། དམིགས་པ་ལ་འཇུག་པའི་རིམ་པ། ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དམིགས་པའི་ཁྱད་པར། ལྷག་མཐོང་གི་བྱེད་པ་བསྟན་པ་དང༌། ལྷག་མཐོང་ལ་འཇུག་པར་གདམས་པའོ། །དང་པོ་ནི། ཞི་གནས་ལ་བསླབས་པའི་རྗེས་དེ་ནས་ཞི་གནས་གྲུབ་པར་བྱས་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། འོག་ནས་འབྱུང་བ་འདི་སྙམ་དུ་བསམ་པར་བྱའོ། །བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་སྐྱོན་དང་བྲལ་བས་ན་ལེགས་པར་གསུངས་པ། དངོས་སམ་བརྒྱུད་པས་ཆོས་རྣམས་ཀྱི་གནས་ཚུལ་དེ་ཁོ་ན་ཉིད་མངོན་སུམ་དུ་གསལ་བར་བྱས་པ་དེ་ཁོ་ན་ཉིད་ལ་བློ་གཞོལ་བར་བྱེད་པ་ཉིད་དོ། །དེས་ན་ལྷག་མཐོང་སྒོམ་པར་འདོད་པས་དངོས་པོའི་གནས་ཚུལ་དེ་ཁོ་ན་ཉིད་ལ་སྒྲོ་འདོགས་གཅད་པར་བྱའོ། །གཉིས་པ་ནི། དངོས་པོའི་དེ་ཁོ་ན་ཉིད་ཤེས་ན་ཡེ་ཤེས་ཀྱི་སྣང་བ་བྱུང་བས་ཉི་མའི་འོད་ཟེར་གྱིས་མུན་པ་སེལ་བ་བཞིན་དུ་ལྟ་བ་ངན་པའི་འཆིང་བྱེད་ཀྱི་དྲྭ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །གལ་ཏེ་ཞི་གནས་ཀྱིས་དེ་ཁོ་ན་ཉིད་རྟོགས་པས་ལྷག་མཐོང་ཅི་དགོས་ཅེ་ན། ཞི་གནས་ཙམ་གྱིས་ནི་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་དག་པར་མི་འགྱུར་ཞིང་དེ་ཁོ་ན་ཉིད་ལ་སྒྲིབ་པའི་མུན་པ་སེལ་བར་ཡང་མི་འགྱུར་གྱི། གལ་ཏེ་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ལེགས་པར་བསྒོམས་ན་ཡེ་ཤེས་རྣམ་པར་དག་པར་འགྱུར་ལ། ཡང་དག་པའི་དོན་ལ་དཔྱོད་པའི་ཤེས་རབ་ཁོ་ནས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་ཁོ་ནས་སྒྲིབ་པ་ཡང་དག་པར་སྤོང་བར་འགྱུར་རོ། །གསུམ་པ་ནི། ཤེས་རབ་ཁོ་ནས་དེ་ཁོ་ན་ཉིད་རྟོགས་ཤིང་སྒྲིབ་པ་སྤོང་བ་དེ་ལྟ་བས་ན་རྣལ་འབྱོར་པ་དག་གིས་ཞི་གནས་ལ་གནས་ཏེ། རིགས་པ་ལ་བརྟེན་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ཡོངས་སུ་བཙལ་བར་བྱ་ཡི། ཐར་པ་ཐོབ་པར་འདོད་པའི་གང་ཟག་གིས་ཞི་གནས་ཙམ་གྱིས་ནི་ཆོག་པར་འཛིན་པར་མི་བྱའོ་སྙམ་དུ་བསམ་མོ། །གཉིས་པ་དམིགས་པ་ལ་འཇུག་པའི་ཁྱད་པར་ལ་གསུམ་སྟེ། ལྷག་མཐོང་གི་འཇུག་པ་དང༌། འཇུག་པ་སྒྲུབ་པ་དང༌། འཇུག་པའི་བསྔགས་པའོ། །དང་པོ་ལ་གཉིས་ཏེ། སོ་སོར་རྟོག་པའི་ཁྱད་པར་དང༌། ཡུལ་སོ་སོར་དཔྱོད་པའི་ནུས་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། ཤེས་རབ་ཀྱིས་དེ་ཁོ་ན་ཉིད་བཙལ་བར་བྱའོ་ཞེས་གསུངས་ན། དེ་ཁོ་ན་ཉིད་ཇི་ལྟ་བུ་ཞེ་ན། གང་དོན་དམ་པར་དངོས་པོ་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱིས་སྟོང་པ་ཉིད་དེ་ནི་དེ་ཁོ་ན་ཉིད་དོ། །དེ་གང་གིས་རྟོགས་ཞེ་ན། དེ་ཁོ་ན་ཉིད་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྟོགས་པར་འགྱུར་གྱི། ཕར་ཕྱིན་གཞན་གྱིས་ནི་མ་ཡིན་ནོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་ལགས། སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ཏོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། མཚམས་སྦྱར་བ་དང༌། དོན་དངོས་སོ། །དང་པོ་ནི། སྒྲིབ་པ་སྤོང་བ་ལ་ལྷག་མཐོང་དགོས་པ་དེ་ལྟ་བས་ན་ཞི་གནས་ལ་གནས་ཏེ་སྟོང་ཉིད་རྟོགས་པའི་ཤེས་རབ་བསྒོམ་པར་བྱའོ། །གཉིས་པ་ལ་གཉིས་ཏེ། གང་ཟག་གི་བདག་མེད་ལ་སོ་སོར་རྟོག་པ་དང༌། ཆོས་ཀྱི་བདག་མེད་ལ་སོ་སོར་རྟོག་པའོ། །དང་པོ་ལ་གསུམ་སྟེ། ཕུང་པོ་ལ་གཅིག་དང་ཐ་དད་དུ་བརྟགས་ཏེ་དགག བརྗོད་དུ་མེད་པའི་གང་ཟག་དགག ཚད་མས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི། ལྷག་མཐོང་སྒོམ་པ་དེ་ལ་རྣལ་འབྱོར་པས་དམིགས་པ་ལ་འདི་ལྟར་དཔྱད་པར་བྱ་སྟེ་ཞེས་མཚམས་སྦྱར་ནས། ཐོག་མར་གང་ཟག་ལ་དཔྱད་པ་ནི་གང་ཟག་ངོ་བོ་ཉིད་ཀྱིས་ཡོད་ན་ཕུང་པོ་སོགས་དང་ཐ་དད་དུ་གྲུབ་བམ་གཅིག་ཏུ་གྲུབ། དང་པོ་ལྟར་ཡང་མི་འཐད་དེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལས་གུད་ན་ཚད་མས་མི་དམིགས་པའི་ཕྱིར་རོ། །གང་ངར་འཛིན་འཇུག་པའི་ཡུལ་ལ་བདག་ཅེས་བརྗོད་པ་ལས་ཕུང་པོ་ལས་ལོགས་ཤིག་པ་ལ་ངར་འཛིན་འཇུག་པ་མ་དམིགས་པས་ངེས་སོ། །གཉིས་པ་ལྟར་ཡང་མི་འཐད་དེ། གང་ཟག་ནི་ཕུང་པོ་ལ་སོགས་པའི་ངོ་བོ་དང་གཅིག་ཀྱང་མ་ཡིན་པའི་ཕྱིར་ཏེ། ཕུང་པོ་ལ་སོགས་པ་དེ་དག་ནི་སྐད་ཅིག་གིས་མི་རྟག་པ་དང༌། དུ་མ་འདུས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང༌། གང་ཟག་ནི་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཡིན་པར་གཞན་མུ་སྟེགས་པ་དག་གིས་བཏགས་པའི་ཕྱིར་རོ། །གལ་ཏེ་མུ་སྟེགས་པས་ཕུང་པོ་དང་མཚན་ཉིད་མི་མཐུན་པར་འདོད་པས་གཅིག་མ་ཡིན་པར་མི་འགྱུར་རོ་ཞེ་ན། གང་ཟག་ངོ་བོ་ཉིད་ཀྱིས་ཡོད་པར་འདོད་པ་ནི་མུ་སྟེགས་པ་ཡིན་ལ། གལ་ཏེ་གང་ཟག་ངོ་བོ་ཉིད་ཀྱིས་ཡོད་པར་འདོད་ན་ནི་གཅིག་དང་ཐ་དད་ལས་མི་འདའ་ལ། ཕུང་པོ་ལས་ལོགས་སུ་མི་དམིགས་པས་ཐ་དད་དུ་མི་འཐད་ལ། གཅིག་ཏུ་ཁས་བླངས་ན་ཡང་རང་གིས་གང་ཟག་གི་མཚན་ཉིད་བརྟགས་པ་དང་འགལ་ལོ་ཞེས་པའི་དོན་ནོ། །རང་གི་སྡེ་པས་ནི་གང་ཟག་རྫས་ཡོད་དུ་མི་འདོད་དེ། མཛོད་ལས། བདག་ཡོད་ཉིད་དུ་ཁས་བླངས་ན། །ལྟ་བའི་མཆེ་བས་རྨས་པར་འགྱུར། །ཞེས་གསུངས་པའོ། །མཛོད་ཀྱི་གྲུབ་མཐའ་ལ་ཡང་གང་ཟག་རྫས་ཡོད་མི་འདོད་ན་གཞན་གྱིས་ལྟ་ཡང་ཅི་དགོས། འོ་ན་གང་ཟག་དབང་པོ་རྣོ་རྟུལ་སོགས་ཀྱི་བྱེ་བྲག་མི་རུང་སྟེ། གང་ཟག་མི་འདོད་པས་སོ་ཞེ་ན། རྫས་ཡོད་དུ་མི་འདོད་ཀྱི་བཏགས་ཡོད་ཙམ་མི་འདོད་པ་མ་ཡིན་པས་སྐྱོན་མེད་དོ། །བཏགས་པའང་མེད་དུ་འགྱུར་འོང་བས། །མེད་དོ་ཞེས་ཀྱང་མ་གསུངས་སོ། །ཞེས་པ་ལྟར་རོ། །གང་ཟག་དང་རྟག་པ་གཅིག་པུ་མཚན་ཉིད་དང་མཚོན་བྱ་དང་འབྲེལ་བར་འཛིན་པ་མེད་ཀྱང་གང་ཟག་ལ་དམིགས་ནས་རྟག་པ་དང་གཅིག་པུ་དང་རང་དབང་ཅན་གྱིས་ཁྱད་པར་དུ་བྱས་པར་འཛིན་པ་ལྷན་སྐྱེས་ཀྱི་འཛིན་པ་ཡང་ཡོད་དེ། སྔར་མཐོང་བའི་མི་དེ་ལྟར་ངོ་ཤེས་པར་འཛིན་པ་དང་སེམས་ཅན་གཅིག་སྐྱེ་བ་ན་གང་ཟག་གཅིག་སྐྱེས་སོ་ཞེས་འཛིན་གྱི་གང་ཟག་དུ་མ་སྐྱེས་སོ་ཞེས་མི་འཛིན་པའི་ཕྱིར་རོ། །གང་ཟག་རྫས་སུ་ཡོད་པ་བཀག་པ་ན་གང་ཟག་ངོ་བོ་ཉིད་ཀྱིས་ཡོད་པ་ཡང་དེ་ཉིད་ཀྱིས་ཁེགས་པ་ཡིན་པས་གང་ཟག་གི་བདག་མེད་པར་གྲུབ་བོ། །གང་དག་རྟག་པ་གཅིག་པུ་རང་དབང་ཅན་གྱི་མཚན་ཉིད་ཅན་གྱི་བདག་བཀག་པས་གང་ཟག་གི་བདག་མེད་པ་མི་འགྲུབ་ལ། དེ་ལྟ་བུའི་མཚན་ཉིད་ཅན་གྱི་བདག་མེད་པར་ཤེས་པས་ལྷན་སྐྱེས་ཀྱི་ངར་འཛིན་མི་ལྡོག་ཞེས་སྨྲ་བས་ནི་ཤེས་བྱ་བཀག་པས་བདག་མི་ཁེགས་ཞེས་སྨྲ་བ་དང་མཚུངས་སོ། །གཉིས་པ་བརྗོད་དུ་མེད་པའི་གང་ཟག་དགག་པ་ནི། གང་ཟག་རྟག་པའི་ངོ་བོ་ཉིད་དང༌། མི་རྟག་པར་ཡང་མི་འཐད་པས་ན་ཕུང་པོ་དང་དེ་ཉིད་དང༌། གཞན་དུ་བརྗོད་དུ་མེད་པའི་དངོས་པོའོ་ཞེ་ན། ཕུང་པོ་དང་དེ་ཉིད་དམ་གཞན་དུ་བརྗོད་དུ་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོར་ཡོད་པ་ལ་དེ་ཉིད་དང་གཞན་ལས་རྣམ་པ་གཞན་མེད་པའི་ཕྱིར་རོ། །གསུམ་པ་ནི། གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་ན་ངའོ་སྙམ་པའི་བློ་སྐྱེ་བ་མི་འཐད་དོ་ཞེ་ན། ཕུང་པོ་དང་གཅིག་དང་ཐ་དད་དུ་བརྟགས་པས་གང་ཟག་མི་རྙེད་པ་དེ་ལྟ་བས་ན་འཇིག་རྟེན་གྱི་ང་དང་ངའོ་སྙམ་ཞེས་བྱ་བའི་བློ་འཇུག་པ་འདི་ནི་ཐོ་ཡོར་ལ་མིར་འཛིན་པ་ལྟར་འཁྲུལ་པ་ཁོ་ནའོ། །ཞེས་རིགས་པས་དཔྱད་པར་བྱའོ། །དཔྱད་ནས་བདག་འཛིན་འཁྲུལ་པར་ཤེས་པས་བདག་མེད་པར་ཁོང་དུ་ཆུད་པར་བྱའོ། །འདིར་གང་ཟག་ནི་ལྷན་སྐྱེས་ཀྱི་ངར་འཛིན་གྱི་བློས་ཕུང་པོ་ལ་བརྟེན་ནས་ཐག་པ་ལ་སྦྲུལ་དུ་འཁྲུལ་བ་ལྟར་བརྟགས་པ་ཡིན་ལ། དེ་ཕུང་པོ་ལ་རིགས་པས་དཔྱད་ན་མི་རྙེད་པས་ངོ་བོ་ཉིད་མེད་ལ། གང་ཟག་གི་ངོ་བོ་ཉིད་མེད་པ་ལ་གང་ཟག་གི་བདག་མེད་པ་ཞེས་བསྟན་ཏོ། །གཉིས་པ་ཆོས་ལ་བདག་མེད་པར་རྟོག་པ་ལ་གསུམ་སྟེ། ཕྱི་རོལ་གྱི་དོན་ངོ་བོ་ཉིད་མེད་པར་བརྟག་པ་དང༌། སེམས་ངོ་བོ་ཉིད་མེད་པར་བརྟག་པ་དང༌། རིགས་པས་ངེས་པའི་དོན་བསྟན་པའོ། །དང་པོ་ལ་གསུམ་སྟེ། བརྟག་པར་བྱ་བའི་ཆོས་ཀྱི་དངོས་པོ་བསྡུ་བ། ཕྲ་རགས་ཀྱི་གཟུགས་དགག་པ། སྣང་བ་རྣམ་ཤེས་སུ་བསྟན་པའོ། །དང་པོ་ནི། ཆོས་ནི་གཟུགས་སོགས་ཡིན་ལ་བདག་མེད་པ་ནི་དེ་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པས། གང་ཟག་གི་བདག་མེད་དུ་མ་ཟད་ཆོས་ཀྱི་བདག་མེད་ཀྱང་འདི་ལྟར་བསྒོམ་པར་བྱ་སྟེ། ཆོས་ཞེས་བྱ་བ་མདོར་བསྡུ་ན། །གཟུགས་སོགས་ཕུང་པོ་ལྔ་དང༌། ཡུལ་གྱི་སྐྱེ་མཆེད་དྲུག་དང༌། ཡུལ་ཅན་གྱི་སྐྱེ་མཆེད་དྲུག་སྟེ་སྐྱེ་མཆེད་བཅུ་གཉིས་དང༌། དམིགས་པ་ཡུལ་གྱི་ཁམས་དྲུག་དང༌། རྟེན་དབང་པོའི་ཁམས་དྲུག་དང༌། བརྟེན་པ་རྣམ་པར་ཤེས་པའི་ཁམས་དྲུག་སྟེ་ཁམས་བཅོ་བརྒྱད་དོ། །གཉིས་པ་ནི། འདི་དག་གཟུང་འཛིན་གཉིས་སུ་འདུས་པས་གཟུང་བའི་ཆ་དེ་ལ་ཕུང་པོ་དང༌། སྐྱེ་མཆེད་དང་ཁམས་གཟུགས་ཅན་གང་དག་ཡིན་པ་དེ་དག་ནི་སྣང་ཚུལ་ལ་ཤེས་པ་ལས་ཕྱི་རོལ་དུ་གྱུར་པར་སྣང་ཡང་དོན་དམ་པར་ན་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ། །གཟུགས་སུ་སྣང་བ་དེ་དག དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོགས་ཀྱི་རིགས་པས་རྡུལ་ཕྲ་རབ་ཀྱི་བར་དུ་བཤིག་ལ། རྡུལ་ཕྲ་རབ་རྣམས་ཀྱང་རིགས་པས་ཆ་ཤས་ཀྱི་ངོ་བོ་ཉིད་ངེས་པར་གཟུང་དུ་མེད་པའི་ཕྱིར་རོ། །གསུམ་པ་ནི། དོན་དུ་སྣང་བ་འདི་ཟླ་བ་གཉིས་སུ་སྣང་བ་ལྟར་མི་བདེན་པ་དེ་ལྟ་བས་ན་འཁྲུལ་པའི་ངོ་ན་སེམས་ལས་ཐ་དད་དུ་སྣང་ཡང་གནས་ཚུལ་ལ་ཐ་དད་དུ་མེད་དོ། །འོ་ན་རྒྱུ་གང་ལས་སྣང་ཞེ་ན། ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་བག་ཆགས་གཅིག་ནས་གཅིག་ཏུ་བརྒྱུད་པའི་བག་ཆགས་སད་པའི་དབང་གིས་སྣང་ངོ༌། །དཔེར་ན་རྨི་ལམ་དུ་རྨིས་པའི་གཟུགས་ལ་སོགས་པ་སྣང་བ་བཞིན་དུ་འཁྲུལ་པའི་དབང་གིས་བྱིས་པ་རྣམས་ལ་རང་གི་སེམས་ཉིད་གཟུགས་ལ་སོགས་པར་ཕྱི་རོལ་དུ་ཆད་པ་བཞིན་དུ་སྣང་གི དོན་དམ་པར་ན་སྣང་བ་འདི་ལ་གཟུགས་ལ་སོགས་པ་ནི་སེམས་ཀྱི་སྣང་བ་ལས་གུད་ན་མེད་དོ་ཞེས་རིགས་པས་དཔྱད་པར་བྱའོ། །གསུམ་པ་སེམས་ངོ་བོ་ཉིད་མེད་པར་བསྟན་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རིགས་པས་གཟུགས་སོགས་སུ་སྣང་བ་དོན་དམ་པར་སེམས་ལས་ཐ་དད་དུ་མེད་པར་རྟོགས་པའི་རྣལ་འབྱོར་པ་དེ་འདི་སྙམ་དུ། ཁམས་གསུམ་པོ་དེ་དག་ནི་སེམས་ཙམ་མོ་ཞེས་སྙམ་དུ་སེམས་ཤིང༌། རྣལ་འབྱོར་པ་དེས་དེ་ལྟར་སྣོད་བཅུད་ཀྱི་ཆོས་གདགས་པ་མཐའ་དག་ནི་སེམས་ཀྱི་སྣང་བ་ཁོ་ན་ཡིན་པར་རྟོགས་པར་བྱས་ནས་སེམས་སུ་སྣང་བ་དེ་ལ་ཡང་སོ་སོར་བརྟགས་ནས་སེམས་ཀྱི་ངོ་བོ་ཉིད་ལ་ཡང་རང་བཞིན་མེད་པར་སོ་སོར་རྟོག་གོ །མདོ་ལས་ཀྱང༌། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སོ་སོར་བརྟགས་པ་ཡིན་ནོ་ཞེས་གསུངས་པས། ཐམས་ཅད་ཀྱི་སྒྲས་སེམས་ཀྱང་བརྟག་པར་བྱ་བ་ཉིད་དུ་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། སེམས་བརྫུན་པ་ཉིད་དུ་བསྟན་པ་དང༌། དེ་ཉིད་རིགས་པས་སྒྲུབ་པ་དང༌། ཚད་མའི་འབྲས་བུ་བསྡུ་བ་དང༌། ཆོས་གཞན་ལ་སྦྱར་བའོ། །དང་པོ་ནི། སེམས་ལ་རྟོག་པར་བྱ་དགོས་ན་ཇི་ལྟར་རྟོག་ཅེ་ན། རྣལ་འབྱོར་པས་འདི་ལྟར་དཔྱོད་དེ། དོན་དམ་པར་ན་སེམས་ཀྱང་བདེན་པར་མི་རུང་སྟེ། གང་གི་ཚེ་དོན་གྱི་རྣམ་པ་བརྫུན་པའི་ངོ་བོ་ཉིད་དེ་འཛིན་པའི་བློ་ཆོས་ཅན། བདེན་པ་ཉིད་དུ་གྲུབ་པར་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། གཟུགས་ལ་སོགས་པ་བརྫུན་པའི་རྣམ་པ་འཛིན་པའི་སེམས་ཉིད་གཟུགས་སོགས་སྣ་ཚོགས་ཀྱི་རྣམ་པར་སྣང་བ་དེའི་ཚེའོ། །གལ་ཏེ་གཟུང་བའི་ཡུལ་བརྫུན་ཡང་སེམས་བདེན་ནོ་ཞེ་ན། ཇི་ལྟར་གཟུགས་ལ་སོགས་པའི་རྣམ་པ་བརྫུན་པ་དེ་བཞིན་དུ་སེམས་ཀྱང་རྣམ་པ་བརྫུན་པ་དེ་ལས་གུད་ན་མེད་པས་བརྫུན་པ་ཉིད་དོ། །འདི་ནི་རྣམ་པ་བརྫུན་པ་ལས་ཐ་མི་དད་དུ་གྲུབ་པའི་དོན་ནོ། །གཉིས་པ་དེ་ཉིད་རིགས་པས་སྒྲུབ་པ་ནི། གཟུགས་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ཆོས་ཅན། ཇི་ལྟར་གཅིག་ཏུ་བདེན་པ་ཡིན་ཏེ་མ་ཡིན་པར་ཐལ། སྣ་ཚོགས་པའི་རྣམ་པ་ཡིན་པས་སོ། །དུ་མའི་ངོ་བོ་ཉིད་དུ་བདེན་པ་མ་ཡིན་པར་ཐལ། ཡུལ་ཅན་ཤེས་པ་གཅིག་དང་ཐ་དད་པ་མ་ཡིན་པའི་ཕྱིར། དཔེ་དེ་བཞིན་དུ་སེམས་ཀྱང་དོན་དམ་པར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ཏེ། དོན་དམ་པར་མ་གྲུབ་པའི་གཟུགས་སོགས་ལས་གུད་ན་མེད་པའི་ཕྱིར། གསུམ་པ་ནི། སེམས་ཀྱང་དོན་དམ་པར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་ལྟ་བས་ན་སེམས་ནི་སྣང་བ་ཙམ་ཡོད་ཀྱང་གནས་ཚུལ་ལ་མེད་པས་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ཁོ་ནའོ། །བཞི་པ་ཆོས་གཞན་ལ་སྦྱར་བ་ནི། སེམས་སྒྱུ་མ་ལྟ་བུར་གྲུབ་པ་ཇི་ལྟ་བ་དེ་བཞིན་དུ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ་ཞེས་ཤེས་རབ་ཀྱིས་རྣམ་པར་དཔྱད་དོ། །གང་དག་ཆོས་རྣམས་སྒྱུ་མ་ལྟ་བུར་རིགས་པས་གྲུབ་ན་སྒྱུ་མ་རིགས་གྲུབ་ཏུ་འགྱུར་བས་སྒྱུ་མ་བདེན་དངོས་སུ་ཁས་བླངས་པར་འགྱུར་རོ། །གཟུགས་སོགས་ཀྱི་ཆོས་རྣམས་སྣང་ལ་རང་བཞིན་མེད་པར་གྲུབ་ན་སྒྱུ་མ་ལྟ་བུར་ཅིའི་ཕྱིར་རིགས་པས་མི་འགྲུབ། སྣང་བ་མ་དོར་ཞིང་གནས་ཚུལ་ལ་མ་གྲུབ་པའི་གཉིས་ཚོགས་ནི་སྒྱུ་མ་ལྟ་བུའི་དོན་ཡིན་ལ། བདེན་པ་མེད་པར་རིགས་པས་གྲུབ་ན་ཅིའི་ཕྱིར་བདེན་དངོས་སུ་འགྱུར། དེས་ན་སྒྱུ་མ་རིགས་པས་གྲུབ་པ་ལ་སྐྱོན་བརྗོད་པ་ནི་སྒྱུ་མ་ལྟ་བུའི་དོན་ཁོང་དུ་མ་ཆུད་པར་ཟད་དོ། །གསུམ་པ་རིགས་པས་ངེས་པའི་དོན་བསྟན་པ་ལ་གཉིས་ཏེ། ཆོས་ཅན་མ་དམིགས་པ་དང༌། ཆོས་མ་དམིགས་པའོ། །དང་པོ་ལ་གསུམ་སྟེ། སེམས་མ་དམིགས་པ་དང༌། དེའི་ཤེས་བྱེད་འགོད་པ་དང༌། ལུང་རིགས་གཉིས་ཀྱིས་གྲུབ་པའི་དོན་ནོ། །དང་པོ་ནི་རྣལ་འབྱོར་པ་དེས་གོང་དུ་བསྟན་པ་དེ་ལྟར་གནས་ཚུལ་ལ་དཔྱོད་པའི་ཤེས་རབ་ཀྱིས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་པ་ན་སེམས་མི་དམིགས་སོ། །ཇི་ལྟར་བརྟག་ཅེ་ན། དོན་དམ་པར་སེམས་ནི་ནང་དང་ཕྱི་རོལ་གང་དུ་གནས་ཞེས་བརྟགས་པ་ན་ནང་དུ་ཡང་མི་དམིགས་ཕྱི་རོལ་དུ་ཡང་མི་དམིགས་སོ། །ཕྱི་ནང་གཉིས་ཀ་མེད་པ་སྟེ་མ་ཡིན་པ་བར་ན་ཡང་མི་དམིགས་སོ། །དུས་གསུམ་གྱི་སྒོ་ནས་བརྟགས་ན་འདས་པའི་སེམས་ཀྱང་འགགས་ནས་མི་དམིགས། མ་འོངས་པ་ཡང་མ་སྐྱེས་ནས་མི་དམིགས། ད་ལྟར་བྱུང་བ་ཡང་སྐྱེ་འགག་གནས་གསུམ་གྱི་ཆ་སོ་སོར་བརྟགས་པས་མི་དམིགས་སོ། །འགྲོ་འོང་གི་སྒོ་ནས་བརྟགས་ན་སེམས་སྐྱེ་བར་སྣང་བའི་ཚེ་ཡང་བརྟགས་ན་གང་ནས་ཀྱང་མི་འོང༌། མཐར་འགག་པའི་ཚེ་ཡང་ཡུལ་གང་དུ་ཡང་མི་འགྲོ། སོགས་པ་དུས་གང་དུ་ཡང་མི་འགྲོའོ། །སེམས་ནི་ངོ་བོ་ལ་བརྟགས་ན་ཆོས་གང་དུ་ཡང་བཟུང་དུ་མེད་པ་གཞན་ལ་བསྟན་དུ་མེད་པ། གཟུགས་ཅན་དུ་གྲུབ་པ་མ་ཡིན་པའོ། །གཉིས་པ་ནི། གལ་ཏེ་གཞན་དུ་མེད་ཅིང་ཆོས་གང་དུ་ཡང་བཟུང་དུ་མེད་པའི་གཟུགས་ཅན་ཡང་མ་ཡིན་པ་གང་ཡིན་པ་དེའི་ངོ་བོ་ཉིད་ཅི་འདྲ་ཞེ་ན། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ་གསུངས་པ་ལྟ་བུ་སྟེ། འོད་སྲུངས་སེམས་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཕྱི་ནང་གཉིས་སུ་བཙལ་ན་མི་རྙེད་དོ། །གང་སོ་སོར་བརྟགས་ན་མི་རྙེད་པ་དེ་ནི་ཆོས་ཅན་གང་གི་ངོ་བོར་ཡང་མི་དམིགས་སོ། །གང་བརྟགས་ན་ཆོས་གང་གི་ངོ་བོར་ཡང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་ངོ༌། །གསུམ་པ་ལུང་རིགས་ཀྱིས་གྲུབ་པའི་དོན་ནི། རྣལ་འབྱོར་པ་དེས་གོང་དུ་བསྟན་པ་དེ་ལྟར་སེམས་ལ་ཤེས་རབ་ཀྱིས་སོ་སོར་བརྟགས་ན་སེམས་ཀྱི་དང་པོ་སྟེ་ཐོག་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང༌། ཐ་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང༌། བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཁྱད་གཞིའི་སེམས་ཀྱི་ངོ་བོ་མི་མཐོང་ན་ཁྱད་པར་གྱི་ཆོས་མཐོང་བ་ག་ལ་འགྱུར། ཇི་ལྟར་སེམས་ལ་སྐྱེ་འགག་གི་མཐའ་དང་དབུས་མེད་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་སེམས་ལས་ལོགས་ཤིག་ཏུ་གྲུབ་པ་མེད་པས་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་པར་བྱའོ། །རྣལ་འབྱོར་པ་དེས་དེ་ལྟར་བརྟགས་པས་སེམས་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་ནས་སེམས་ཀྱི་ངོ་བོ་ཉིད་ཕྱི་ནང་གི་ཆོས་གང་དུ་ཡང་མི་དམིགས་སོ། །གལ་ཏེ་སེམས་ཀྱི་ངོ་བོ་ལ་རྟོག་པར་བྱེད་པའི་སེམས་དེ་བདེན་པར་ཡོད་དོ་ཞེ་ན། སེམས་ཀྱི་ངོ་བོ་ཇི་ལྟར་ཡོད་པའམ་མེད་པ་གང་གིས་ཡོངས་སུ་རྟོག་པར་བྱེད་པའི་ཡུལ་ཅན་གྱི་བློ་དེ་ཡང་བརྟག་པར་བྱ་བའི་སེམས་ལྟར་སྟོང་པར་རྟོགས་སོ། །བརྟག་བྱ་དང་རྟོག་བྱེད་ཀྱི་སེམས་དེ་དག་སྟོང་པ་ཉིད་དུ་རྟོགས་པས་གཟུགས་ལ་སོགས་པར་སྣང་བའི་ངོ་བོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་སེམས་ཀྱིས་བསྒྲུབས་པའི་ངོ་བོ་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར་ཏེ། སེམས་ཡུལ་ལ་འཇུག་ཚུལ་གྱིས་རྣམ་པར་འགྱུར་བ་ཙམ་ཡིན་པའི་ཕྱིར་རོ། །ཆོས་ཅན་མ་དམིགས་པའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་ཆོས་མ་དམིགས་པའི་ཚུལ་ལ་གཉིས་ཏེ། ཆོས་མ་དམིགས་པའི་ཚུལ་རྒྱས་པར་བསྟན་པ། དེའི་འཐད་པ་དགོད་པའོ། །དང་པོ་ནི། རྣལ་འབྱོར་པ་དེས་གོང་དུ་བསྟན་པ་དེ་ལྟར་གནས་ཚུལ་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་གཟུང་འཛིན་གྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །རྟེན་ཆོས་ཅན་ནམ་ཁྱད་གཞི་མ་མཐོང་བས་ཁྱད་པར་གྱི་ཆོས་གཟུགས་སོགས་རྟག་གོ་ཞེས་པའམ། མི་རྟག་གོ་ཞེས་རྟོག་པར་མི་བྱེད་དོ། །ཡང་རྟེན་ཆོས་ཅན་མེད་པས་གཟུགས་སོགས་སྟོང་ངོ་ཞེས་པའམ། མི་སྟོང་ངོ་ཞེས་བྱ་བར་རྟོག་པར་མི་བྱེད་དོ། །ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པ་ཉོན་མོངས་པའི་ཟག་པ་དང་བཅས་པའམ། ཉོན་མོངས་པའི་ཟག་པ་མེད་པ་ཞེའམ། དུས་ཀྱི་སྒོ་ནས་བྱུང་བ་ཞེའམ། མ་བྱུང་བ་ཞེའམ། དམིགས་མ་དམིགས་ཀྱི་སྒོ་ནས་ཡོད་པ་ཞེའམ་མེད་པ་ཞེས་རྟོག་པར་མི་བྱེད་དོ། །ཕུང་པོ་ལྔ་ལས་ཇི་ལྟར་གཟུགས་ཀྱི་ཁྱད་པར་གྱི་ཆོས་རྟག་མི་རྟག་སོགས་སུ་རྟོག་པར་མི་བྱེད་པ་དེ་བཞིན་དུ་ཉམས་སུ་མྱོང་བའི་ཚོར་བ་དང༌། མཚན་མར་འཛིན་པའི་འདུ་ཤེས་དང༌། སེམས་ཡུལ་ལ་འདུ་བྱེད་པའི་སེམས་པ་གཙོ་བོར་གྱུར་པའི་ལྡན་པ་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དང༌། ཡུལ་གྱི་རྣམ་པ་སོ་སོར་རིག་པའི་རྣམ་པར་ཤེས་པ་རྣམས་ལ་ཡང་རྟག་མི་རྟག་དང༌། སྟོང་མི་སྟོང་སོགས་སུ་རྟོག་པར་མི་བྱེད་དོ། །གཉིས་པ་དེའི་འཐད་པ་ནི། རྟེན་ཆོས་ཅན་མ་གྲུབ་ན་དེའི་བྱེ་བྲག་གི་ཆོས་རྟག་མི་རྟག་སོགས་ཀྱང་མི་འགྲུབ་པས་ཁྱད་གཞི་མེད་པའི་ཁྱད་ཆོས་དེ་ལ་རྣམ་དཔྱོད་ཀྱི་བློས་རྟོག་པར་ག་ལ་འགྱུར། སོ་སོར་རྟོག་པའི་ཁྱད་པར་བསྟན་ཟིན་ཏོ། །གཉིས་པ་ཡུལ་སོ་སོར་དཔྱོད་ནུས་པའི་ནུས་པ་བསྟན་པ་ནི། རྣལ་འབྱོར་པ་དེས་གོང་དུ་བསྟན་པ་དེ་ལྟར་ཤེས་རབ་ཀྱིས་གཟུགས་སོགས་ཕུང་པོ་ལྔའི་ངོ་བོ་དང་ཁྱད་པར་ལ་རྣམ་པར་དཔྱད་དེ། གང་གི་ཚེ་རྣལ་འབྱོར་པས་དངོས་པོ་གང་གི་ངོ་བོ་ཉིད་རིགས་པས་རྣམ་པར་དཔྱད་པས་མ་རྙེད་པ་ན་དོན་དམ་པར་མེད་པར་ཁོང་དུ་ཆུད་དེ་ངོ་བོ་དང་ཁྱད་པར་ངེས་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་བདེ་བླག་ཏུ་འཇུག་གོ །གཟུགས་སོགས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱང་ཐེ་ཚོམ་ཆོད་ཅིང་ངེས་པའི་ཚུལ་གྱིས་རྟོགས་སོ། །གསུམ་པ་ལྷག་མཐོང་གི་འཇུག་པ་སྒྲུབ་པ་ལ་གསུམ་སྟེ། གཞན་གྱི་འདོད་པ་དགག་པ། རང་ཕྱོགས་ཀྱི་ཤེས་བྱེད་འགོད་པ། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཧྭ་ཤང་ན་རེ། ཡང་རིགས་པས་སོ་སོར་བརྟགས་ནས་རྙེད་པའི་དོན་སྒོམ་པ་ལ་ལྟོས་པ་མ་ཡིན་གྱི་ཅི་ཡང་ཡིད་ལ་མི་བྱེད་པའི་ཚུལ་གྱིས་བསྒོམས་ན་འཁོར་བའི་རྩ་བ་རྣམ་པར་རྟོག་པ་ལྡོག་པས་ན་ཅི་ཡང་ཡིད་ལ་མི་བྱེད་པའི་སྒོམ་པ་ཉིད་མཆོག་ཏུ་གྱུར་པའོ་ཞེ་ན། རྣལ་འབྱོར་པ་གང་ཞིག་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་ཡོད་མེད་སོ་སོར་བརྟགས་ནས་ཤེས་རབ་ཀྱིས་རྟོགས་པའི་དོན་མི་སྒོམ་གྱི། མན་ངག་གིས་ཡིད་ལ་བྱེད་པ་ཡོངས་སུ་སྤངས་པ་ཙམ་ཞིག་སྒོམ་པར་བྱེད་པར་འདོད་པ་དེ་ལྟར་ན། རྣལ་འབྱོར་པའི་རྒྱུད་ལ་བདེན་འཛིན་གྱི་རྣམ་པར་རྟོག་པ་ནམ་ཡང་མི་ལྡོག་ཅིང་ཆོས་རྣམས་ཀྱི་གནས་ཚུལ་ངོ་བོ་ཉིད་མེད་པ་རྟོགས་པར་ཡང་མི་འགྱུར་ཏེ། བདེན་འཛིན་གྱི་སྒྲོ་འདོགས་ཆོད་པའི་ཤེས་རབ་གྱི་སྣང་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །གང་ཞེ་ན། སོ་སོར་རྟོག་པའི་ཤེས་རབ་ཁོ་ནས་སྒྲིབ་པ་སྤོང་བར་རོ། །བཀའ་སྩལ་པའི་ཚུལ་འདི་ལྟར། དངོས་པོའི་གནས་ཚུལ་ལ་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཡེ་ཤེས་ཀྱི་མེ་བྱུང་ན། ཙུབ་ཤིང་བཙུབས་པ་ལས་བྱུང་བའི་མེས་བུད་ཤིང་སྲེག་པར་བྱེད་པ་བཞིན་དུ་རྣམ་པར་རྟོག་པའི་བུད་ཤིང་སྲེག་གོ་ཞེས་པའོ། །སྒྲིབ་པ་སྤོང་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་པ་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏེ། དེ་ལྟར་སྐྱོན་ལ་མཁས་པ་དེ་ཞེས་པ་ནས་འབྱུང་ངོ་ཞེས་པའི་བར་རོ། །དེའི་དོན་ནི། དེ་ལྟར་ཤེས་རབ་ཀྱིས་བདེན་འཛིན་གྱི་རྣམ་པར་རྟོག་པའི་སྐྱོན་ཉེས་པ་ཐམས་ཅད་ཀྱི་རྩ་བ་བྱེད་པའི་ཚུལ་ལ་མཁས་པ་དེ་བདེན་འཛིན་གྱི་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བར་བྱ་བའི་ཕྱིར་དུ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་ཡང་དང་ཡང་དུ་འདྲིས་པར་བྱས་པའི་ཚུལ་གྱིས་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །རྣལ་འབྱོར་པ་དེ་སྟོང་པ་ཉིད་སྒོམ་པ་ཤིན་ཏུ་ཡུན་རིང་ཞིང་གྲངས་མང་བས་ཆགས་སྡང་སོགས་ཉོན་མོངས་སྐྱེ་བའི་གནས་གང་དང་གང་དུ་རྣམ་པར་རྟོག་པའི་སེམས་འཕྲོ་ཞིང༌། ཡུལ་སྡུག་པ་ལ་སེམས་མངོན་པར་དགའ་བའི་གནས་དེ་དང་དེ་དག་གི་ཡུལ་གྱི་ངོ་བོ་ཉིད་ཤེས་རབ་ཀྱི་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །ཡུལ་ཅན་ཆགས་སྡང་གི་སེམས་གང་ཡིན་པ་དེ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ན་སྟོང་པར་རྟོགས་སོ། །སེམས་གང་གིས་སོ་སོར་རྟོག་པར་བྱེད་པའི་བློ་དེ་ཡང་ངོ་བོ་ཉིད་ཕྱི་ནང་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་ཏེ། ཡུལ་དང་ཡུལ་ཅན་གྱི་སེམས་དང་དེ་ལ་རྟོག་བྱེད་ཀྱི་བློ་དེ་དག་ཚུལ་དེ་ལྟར་དུ་རྟོག་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ༌། །ཡུལ་ལ་སོ་སོར་རྟོག་པ་དང༌། ཡུལ་ཅན་ལ་སོ་སོར་རྟོག་པ་དང༌། སོ་སོར་རྟོག་བྱེད་ཀྱི་བློ་ལ་རྟོག་པའི་རིམ་པ་གསུམ་བསྟན་པ་འདིས་ནི་རྣལ་འབྱོར་གྱི་ས་གསུམ་གསལ་བར་བྱས་སོ། །གསུམ་པ་དེའི་དོན་བཤད་པ་ནི། མདོ་འདིས་ནི་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ་ཞེས་འགྲེལ་ལོ། །བསྟན་པའི་དོན་དེ་གང་ཞེ་ན། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡུལ་ལ་ཡོངས་སུ་རྟོག་པ་སྔོན་དུ་གཏོང་བ་ཉིད་སྤྲོས་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་འཇུག་པའི་རྒྱུར་བསྟན་པ་ཡིན་ནོ། །དེ་དངོས་སུ་བསྟན་པས་ཤུགས་ལ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་དང༌། སྔར་ཐོས་བསམ་གྱི་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་མི་དཔྱོད་པར་ཡིད་ལ་མི་བྱེད་པ་ཙམ་གྱི་སྒོམ་པ་དེས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཉིད་དུ་མི་སྲིད་པར་གསལ་བར་བྱས་སོ། །གསུམ་པ་འཇུག་པའི་བསྔགས་པ་ལ་གཉིས་ཏེ། བསྔགས་པ་བརྗོད་པ་དང༌། ལུང་དང་སྦྱར་བའོ། །དང་པོ་ནི། རྣལ་འབྱོར་པ་དེ་གོང་དུ་བསྟན་པ་དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡུལ་གཟུགས་དང་ཚོར་བ་ལ་སོགས་པའི་ངོ་བོ་ཉིད་ལ་ཐོས་བསམ་གྱི་ཤེས་རབ་ཀྱིས་ཡང་དག་པར་ཇི་ལྟ་བ་བཞིན་དུ་བརྟགས་ནས་གནས་ཚུལ་གྱི་དོན་རྟོགས་པ་ལ་བསམ་གཏན་དུ་བྱེད་ཀྱི། གཟུགས་ལ་སོགས་པ་ལ་མཚན་མར་འཛིན་པའི་ཚུལ་གྱིས་གནས་ནས་བསམ་གཏན་དུ་མི་བྱེད་དོ། །འདིས་ནི་ཆོས་རྣམས་ཀྱི་གནས་ཚུལ་སྒོམ་གྱི། སྣང་ཚུལ་མི་སྒོམ་མོ་ཞེས་པའི་དོན་ནོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་བར་གྱི་ཆོས་འགའ་ཞིག་ལ་མངོན་པར་ཞེན་པའི་ཚུལ་གྱིས་གནས་ནས་བསམ་གཏན་མི་བྱེད་དོ། །གང་ལ་གནས་པར་བྱ་བའི་གཟུགས་ལ་སོགས་པའི་ཆོས་དེ་དག་རིགས་པས་བརྟགས་ན་གང་ཡང་མི་དམིགས་པའི་ཕྱིར་རོ། །བརྟགས་ན་ཆོས་གང་ཡང་མི་དམིགས་པ་དེ་བས་ན་སྟོང་ཉིད་རྟོགས་པའི་ཏིང་ངེ་འཛིན་ལ་གནས་པ་ནི་མི་གནས་པའི་བསམ་གཏན་པ་ཞེས་བྱའོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་དངོས་པོ་ཉི་ཚེ་བ་ཙམ་མ་ཡིན་གྱི། དངོས་པོ་མཐའ་དག་གི་ངོ་བོ་ཉིད་ལ་དོན་དམ་པར་དཔྱོད་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་གནས་ཚུལ་སྟོང་པ་ཉིད་ཀྱི་དོན་ཤེས་རབ་ཀྱིས་རྟོགས་པའི་ཏིང་ངེ་འཛིན་ལ་གནས་པས་ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་ཀྱང་བྱ་སྟེ། གང་གི་ཕྱིར་ན་སྟོང་ཉིད་རྟོགས་པའི་བློས་ཆོས་གང་ཡང་མི་དམིགས་པར་ཁོང་དུ་ཆུད་པ་ལ་བསམ་གཏན་བྱེད་པ་དེའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། འཕགས་པ་ནམ་མཁའ་མཛོད་དང༌། འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ་ལ་སོགས་པའི་མདོ་ལས་བསྟན་པ་བཞིན་ནོ། །དམིགས་པ་ལ་འཇུག་པའི་ཁྱད་པར་བསྟན་ཟིན་ཏོ། །གསུམ་པ་ལྷག་མཐོང་སྒོམ་པའི་ཚུལ་ལ་ལྔ་སྟེ། ཐོག་མར་བསྒྲིམས་ཏེ་འཇུག་པ་དང༌། བར་ཆད་ཅིང་འཇུག་པ་དང༌། བར་མ་ཆད་པར་འཇུག་པ་དང༌། ལྷུན་གྱིས་གྲུབ་པར་འཇུག་པ་དང༌། རྩོལ་མེད་དུ་འཇོག་པའི་དགོས་པའོ། །དང་པོ་ལ་ཡང་གཉིས་ཏེ། དང་པོར་སེམས་གཏོད་པ་དང༌། དམིགས་པ་མི་འཆོར་བ་འཛིན་པའོ། །དང་པོ་ནི། དེ་ལྟར་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་ཉིད་ཐོས་བསམ་གྱིས་རྟོགས་པ་ལ་ཞུགས་པ་དེ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ལས་མ་གཏོགས་པ་ཡོངས་སུ་བརྟག་པར་བྱ་བ་དང༌། བལྟ་བར་བྱ་བ་གཞན་མེད་དེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་སྟོང་པ་ཉིད་ཀྱང་བདེན་པས་སྟོང་པ་གང་གི་ནང་དུ་འདུ་ཞེ་ན། ཆོས་ཀྱི་བདག་མེད་པའི་ནང་དུ་འདུས་སོ། །ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པས་ཆོས་ཅན་གཟུགས་སོགས་ལ་རྟོག་པ་དང་དཔྱོད་པ་དང་བྲལ་བ་དང༌། རྟོག་དཔྱོད་ཀྱིས་ཀུན་ནས་བསླངས་པའི་བརྗོད་པ་མེད་པར་རྟོགས་པའི་བློའི་ངོ་བོ་གཅིག་ཏུ་གྱུར་པའི་ཡིད་ལ་བྱེད་པ་འབད་པ་མེད་པ་རང་གི་ངང་གིས་འཇུག་པ་འབད་པའི་རྩོལ་བ་མངོན་པར་འདུ་བྱེད་པ་མེད་པས་དེ་ཁོ་ན་ཉིད་ཀྱི་དོན་ལ་རྣམ་པ་ཤིན་ཏུ་གསལ་བར་སྒོམ་ཞིང་འདུག་པར་བྱའོ། །དམིགས་པ་མི་འཆོར་བར་འཛིན་པ་ནི། རྣམ་པ་ཤིན་ཏུ་གསལ་བ་སྒོམ་པ་དེར་གནས་ནས་སེམས་ཀྱི་རྒྱུན་གང་ཡོངས་སུ་བཟུང་བ་དེ་ལས་གཞན་དུ་རྣམ་པར་མི་གཡེང་བར་བྱའོ། །གཉིས་པ་བར་ཆད་ཅིང་འཇུག་པ་ལ་དྲུག་སྟེ། དམིགས་པ་ཤོར་ན་སླར་ཡང་གཏོད་པ་དང༌། གནས་པ་བརྟན་པར་བྱེད་པ་དང༌། བརྟན་པ་མཐུ་བསྐྱེད་པ་དང༌། གཡེང་བ་བཟློག་པ་དང༌། བྱིང་བ་བཟློག་པ་དང༌། རྒོད་པ་སེལ་བའི་ཐབས་སོ། །དང་པོ་ནི། རྣལ་འབྱོར་པ་གང་གི་ཚེ་ལྷག་མཐོང་གི་ཏིང་ངེ་འཛིན་སྒོམ་པའི་བར་སྐབས་སུ་རྐྱེན་འགའ་ཞིག་ལས་འདོད་ཆགས་ལ་སོགས་པ་སྐྱེས་པས་སེམས་ཕྱི་རོལ་དུ་རྣམ་པར་གཡེང་བ་དེའི་ཚེ་དྲན་ཤེས་བཞིན་གྱིས་རྣམ་པར་གཡེངས་པ་ཚོར་བར་བྱས་ལ། དེ་ཞི་བའི་ཐབས་སུ་མྱུར་དུ་མི་སྡུག་པ་ལ་སོགས་པ་བསྒོམས་པས་འདོད་ཆགས་ཀྱི་སེམས་ཀྱི་རྣམ་པར་གཡེང་བ་ཞི་བར་བྱའོ། །གཉིས་པ་ནི། མྱུར་དུ་སྔར་གྱི་དམིགས་པ་དེ་ཉིད་ལ་སེམས་ཕྱིར་ཞིང་འཇུག་པར་བྱའོ། །གསུམ་པ་ནི། གང་གི་ཚེ་དམིགས་པ་དེ་ལ་ཡུན་རིང་དུ་བཞག་པས་སེམས་སྐྱོ་བས་ཡུལ་ལ་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་ཐོབ་པ་མཐོང་བ་སྟེ་ཤེས་པར་བྱས་ནས་ཏིང་ངེ་འཛིན་དེ་སྒོམ་པ་ལ་མངོན་པར་དགའ་བ་སྒོམ་པར་བྱའོ། །བཞི་པ་ནི། ཏིང་ངེ་འཛིན་གྱི་དམིགས་པ་ཤོར་ནས་སེམས་གཞན་དུ་རྣམ་པར་གཡེང་བ་ལ་ཏིང་ངེ་འཛིན་གྱི་ཉེས་པར་མཐོང་བར་བྱས་ནས་ཀྱང་ཏིང་ངེ་འཛིན་སྒོམ་པ་ལ་མི་དགའ་བར་རབ་ཏུ་ཞི་བར་བྱའོ། །ལྔ་པ་ནི། ཅི་སྟེ་རྣལ་འབྱོར་པ་རྨུགས་པ་དང༌། གཉིད་ཀྱིས་ནོན་ཏེ་སེམས་ཀྱི་རྒྱུ་བ་ཤིན་ཏུ་མི་གསལ་བས་ཏིང་ངེ་འཛིན་གྱི་དམིགས་པ་འཛིན་མི་ནུས་པར་སེམས་བྱིང་བའམ་བྱིང་དུ་དོགས་པར་དྲན་པ་དང་ཤེས་བཞིན་གྱི་བྱ་ར་བས་མཐོང་བ་དེའི་ཚེ་གོང་མ་ཞི་གནས་ཀྱི་སྐབས་སུ་གཟུགས་སྐུ་ལ་དམིགས་པར་བསྟན་པ་བཞིན་དུ་མཆོག་ཏུ་དགའ་བའི་དངོས་པོ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་སོགས་པ་ཡིད་ལ་བྱེད་པས་མྱུར་དུ་བྱིང་བ་ཞི་བར་བྱས་ལ་སྔར་གྱི་དམིགས་པ་དེ་ཁོ་ན་ཉིད་ཀྱི་དོན་ཤིན་ཏུ་དམ་པོར་བཟུང་བར་བྱའོ། །དྲུག་པ་རྒོད་པ་སེལ་བ་ནི། ཅི་སྟེ་ལྷག་མཐོང་གི་ཏིང་ངེ་འཛིན་སྒོམ་པ་གང་གི་ཚེ་རྣམ་རྟོག་གི་རྐུན་མ་སེམས་ལ་ཞུགས་ནས་སྔོན་མི་རྒོད་པ་དང༌། རྩེས་པ་བློས་རྗེས་སུ་དྲན་པས་ཏིང་ངེ་འཛིན་སྒོམ་པའི་བར་སྐབས་སུ་སེམས་འཆོར་བའམ་རྒོད་དུ་དོགས་པར་ཤེས་བཞིན་གྱི་བྱ་ར་བས་མཐོང་བ་དེའི་ཚེ་གོང་མ་ཞི་གནས་ཀྱི་སྐབས་སུ་བསྟན་པ་བཞིན་དུ་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱས་ལ། བརྩོན་འགྲུས་ཀྱིས་བློ་བསྒྲིམས་ཏེ་གཡེང་བ་ཞི་བར་བྱའོ། །གསུམ་པ་བར་མ་ཆད་པར་འཇུག་པ་ནི། གཡེང་བ་ཞི་བའི་རྗེས་ཐོག་དེ་ནས་སླར་ཡང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོང་པ་ཉིད་ལ་སེམས་རྩོལ་བ་ཆེན་པོ་མངོན་པར་འདུ་བྱ་བ་མེད་པར་རང་གི་ངང་གིས་འཇུག་པར་གྲུབ་པ་ལ་འབད་པར་བྱའོ། །བཞི་པ་ལྷུན་གྱིས་གྲུབ་པར་འཇུག་པ་ནི། ཅི་སྟེ་རྣལ་འབྱོར་སྒོམ་པ་གང་གི་ཚེ་ཤེས་བཞིན་གྱིས་བྱིང་རྒོད་ཡང་དང་ཡང་དུ་བསལ་བ་ན་བྱིང་རྒོད་དང་བྲལ་བར་གྱུར་ནས་ལྷག་མཐོང་གི་ཤེས་རབ་བྱིང་རྒོད་ཀྱི་ཕྱོགས་སུ་མ་ལྷུང་བར་མཉམ་པར་ཞུགས་ཏེ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པའི་སེམས་རང་གི་ངང་གིས་འཇུག་པ་དེའི་ཚེ་བྱིང་རྒོད་སེལ་བའི་རྩོལ་བ་གློད་དེ་བཏང་སྙོམས་སུ་བྱའོ། །ལྔ་པ་རྩོལ་མེད་དུ་འཇོག་པའི་དགོས་པ་ནི། གལ་ཏེ་སེམས་བྱིང་རྒོད་ཀྱི་ཕྱོགས་སུ་མ་ལྷུང་བར་དམིགས་པ་ལ་སེམས་མཉམ་པར་ཞུགས་པ་ལ་བྱིང་རྒོད་སེལ་བའི་རྩོལ་བ་བྱས་ན་དེའི་ཚེ་དེས་རི་དྭགས་དཀྲོག་པ་ལྟར་དེས་སེམས་དཀྲོགས་ནས་རྣམ་པར་གཡེང་བར་འགྱུར་རོ། །འོ་ན་རྩོལ་བ་ཏིང་ངེ་འཛིན་གྱི་སྐྱོན་ཁོ་ན་ཡིན་ནམ་ཞེ་ན། གལ་ཏེ་ཏིང་ངེ་འཛིན་སྒོམ་པས་སེམས་བྱིང་བར་གྱུར་པ་ལ་ནི་དྲན་པ་དང་ཤེས་བཞིན་གྱིས་བྱིང་རྒོད་སེལ་བའི་རྩོལ་བ་མ་བྱས་ན་དེའི་ཚེ་སེམས་ཤིན་ཏུ་བྱིང་བས་ལྷག་མཐོང་གི་དམིགས་རྣམ་གསལ་བ་མེད། སེམས་ཅིར་ཡང་མི་མཐོང་བ་དང་དམུས་ལོང་བཞིན་དུ་འགྱུར་རོ། །སེམས་བྱིང་ན་སྐྱོན་དུ་འགྱུར་བ་དེ་ལྟ་བས་ན་སེམས་བྱིང་བར་གྱུར་ན་སེལ་བའི་གཉེན་པོ་བཙལ་བར་བྱའོ། །འོ་ན་གོང་དུ་བྱིང་རྒོད་སེལ་བའི་གཉེན་པོ་ལ་རྩོལ་བ་བྱས་ནས་སེམས་གཡེང་བར་འགྱུར་བས་སྐྱོན་དུ་བཤད་པ་མ་ཡིན་ནམ་ཞེ་ན། བྱིང་རྒོད་ཀྱི་ཕྱོགས་སུ་མ་ལྷུང་བར་སེམས་ཆ་མཉམ་པར་གྱུར་ན་གཉེན་པོ་བཙལ་བར་མི་བྱའོ་ཞེས་པའི་དོན་ནོ། །ལྷག་མཐོང་སྒྲུབ་པའི་ཚུལ་བསྟན་ཟིན་ཏོ། །བཞི་པ་ཟུང་དུ་འབྲེལ་བའི་ལམ་སྒོམ་པ་ལ་བཞི་སྟེ། མི་མཉམ་པའི་ཉེས་པ་དང༌། མཉམ་པར་སྒོམ་པ་དང༌། ངལ་བ་སེལ་བའི་ཐབས་དང༌། སྐབས་བསྡུ་བའོ། །དང་པོ་ནི། རྣལ་འབྱོར་པ་གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་རྟོག་དཔྱོད་ཀྱི་དབང་དུ་གྱུར་པ་དེའི་ཚེ་ཞི་གནས་ཤས་ཆུང་བར་གྱུར་པས་རླུང་གཡོ་བའི་དབུས་ལ་མར་མེ་བཞག་པ་བཞིན་དུ་སེམས་ཤིན་ཏུ་གཡོ་བར་འགྱུར་ཏེ། རིག་པ་དབྱིངས་ཀྱི་ཐོག་ཏུ་མི་འཆགས་སོ། །མི་འཆགས་པ་དེའི་ཕྱིར་བློས་དེ་ཁོ་ན་ཉིད་ཀྱི་རྣམ་པ་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་རོ། །ཞི་གནས་ཤས་ཆུང་ན་སྐྱོན་ཡོད་པ་དེ་བས་ན་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ། །གལ་ཏེ་ཞི་གནས་ཤས་ཤིན་ཏུ་ཆེ་བར་གྱུར་ན་ཡང་ལྷག་མཐོང་གིས་ཆོས་ཅན་གྱི་ཁྱད་པར་ཤིན་ཏུ་ཕྲ་བ་ལ་ཡང་རྣམ་པར་དཔྱོད་དེ། ཤེས་རབ་ཀྱི་རྒྱུ་བ་མི་གསལ་བས་ལྷག་མཐོང་གི་ཤེས་རབ་བསྒོམ་པར་བྱའོ། །གཉིས་པ་མཉམ་པར་སྒོམ་པ་བསྟན་པ་ནི། ཏིང་ངེ་འཛིན་སྒོམ་པ་གང་གི་ཚེ་ཞི་གནས་ཀྱིས་དམིགས་པ་ལ་སེམས་གཏད་ཅིང་ཤེས་རབ་ཀྱིས་དམིགས་པ་དེ་ཉིད་རང་བཞིན་མེད་པའམ་སྟོང་པ་ཉིད་དུ་རྟོགས་ནས་ཞི་གནས་དང་ལྷག་མཐོང་གཉིས་ཀ་མཉམ་དུ་འཇུག་པ་དེའི་ཚེ་ལུས་དང་སེམས་ལ་ཏིང་ངེ་འཛིན་གྱི་འགལ་རྐྱེན་གྱིས་གནོད་པར་མ་གྱུར་གྱི་བར་དུ་འབད་རྩོལ་མངོན་པར་འདུ་བྱ་བ་མེད་པར་རང་གི་ངང་གིས་ལྷུན་གྱིས་གྲུབ་པའི་ཚུལ་དུ་གནས་པར་བྱའོ། །གསུམ་པ་ངལ་བ་སེལ་བའི་ཐབས་ནི། ཏིང་ངེ་འཛིན་ཡུན་རིང་དུ་བསྒོམས་པས་ལུས་དང་སེམས་ལ་སོགས་པ་ལ་ནུས་པ་ཟད་ནས་ཤིན་ཏུ་སྐྱོ་བས་གནོད་པར་གྱུར་ན། ཏིང་ངེ་འཛིན་དེའི་བར་སྐབས་སུ་ངལ་བསོ་ཞིང་རྗེས་ཐོབ་ཀྱི་སེམས་ཀྱིས་སྣོད་བཅུད་ཀྱི་འཇིག་རྟེན་མཐའ་དག་སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། རྨི་ལམ་དང༌། ཆུ་ཟླ་དང༌། མིག་ཡོར་ལྟ་བུར་སྣང་ལ་རང་བཞིན་མེད་པར་ལྟ་ཞིང༌། ཡང་འདི་སྙམ་དུ་བསམ་པར་བྱ་སྟེ། ཁམས་གསུམ་ན་གནས་པའི་སེམས་ཅན་འདི་དག་ནི་ཆོས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་འདི་ལྟ་བུ་ཁོང་དུ་མ་ཆུད་པས་བདེན་འཛིན་གྱི་འཆིང་བ་ལས་མ་གྲོལ་ཞིང༌། བདེན་འཛིན་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་བྱུང་སྟེ། འཁོར་བ་ན་ཀུན་ནས་ཉོན་མོངས་པར་གྱུར་པ་ཉིད་ཀྱིས་ན་རྣལ་འབྱོར་པ་བདག་གིས་ཅི་ནས་ཀྱང་སེམས་ཅན་དེ་དག་ཆོས་ཉིད་ཟབ་མོ་དེ་ཁོང་དུ་ཆུད་པར་འགྱུར་བའི་ཐབས་སུ་ཆོས་བསྟན་པ་དེ་ལྟར་བྱའོ་སྙམ་དུ་བསམ་ཞིང་སྙིང་རྗེ་ཆེན་པོ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱའོ། །སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པའི་རྗེས་དེ་ནས་ངལ་བསོས་ལ། ཡང་སྔར་སྟོང་ཉིད་རྟོགས་པའི་ལྷག་མཐོང་ལ་མཉམ་པར་གཞག་པ་དེ་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པའི་དོན་རྟོགས་པར་བྱས་ནས་ལྷག་མཐོང་གི་ངོ་ན་སྣང་བ་ཙམ་ཡང་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་བྱའོ། །ཡང་ཏིང་ངེ་འཛིན་ཡུན་རིང་དུ་བསྒོམས་པས་སེམས་ཡོངས་སུ་སྐྱོ་བར་གྱུར་ན་སྔར་བཤད་པ་དེ་བཞིན་དུ་རྗེས་ཐོབ་དུ་སྒྱུ་མ་ལྟ་བུར་ལྟ་བ་དང༌། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ནས་ངལ་བསོ་བར་བྱའོ། །བཞི་པ་སྐབས་ཀྱི་དོན་བསྡུ་བ་ནི། ཞི་གནས་ཀྱིས་དམིགས་པ་ལ་སེམས་གཏད་ཅིང༌། ལྷག་མཐོང་གིས་དེ་ཉིད་རྣམ་པར་དཔྱོད་པ་ཡ་མ་བྲལ་བར་འཇུག་པ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་སྟེ། ལྷག་མཐོང་གི་སྒོ་ནས་ཡུལ་ལ་རྣམ་པར་རྟོག་པ་དང་བཅས་པ་དང༌། ཞི་གནས་ཀྱི་སྒོ་ནས་རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པའོ། །ཟུང་དུ་འབྲེལ་བའི་ལམ་སྒོམ་པ་བསྟན་ཟིན་ཏོ། །གསུམ་པ་དོན་བསྡུ་བ་ནི། གོང་དུ་བསྟན་པ་དེ་ལྟར་རྣལ་འབྱོར་པས་ཞི་གནས་དང་ལྷག་མཐོང་སྤེལ་མ་དང༌། དེ་ནས་ཟུང་འཇུག་དུ་སྒོམ་པའི་རིམ་པ་འདིས་ཆུ་ཚོད་གཅིག་གམ། མེལ་ཚེ་ཡུན་ཕྱེད་དམ། མེལ་ཚེ་ཐུན་གཅིག་གི་ཡུན་གྱི་ཚད་དག་གམ་ཇི་སྲིད་སྐྱོ་བ་དང་དུབ་པར་མ་གྱུར་པ་ཇི་ཙམ་འདོད་ཀྱི་བར་དུ་སྒོམ་ཞིང་དེ་ལ་འདུག་པར་བྱའོ། །ཞི་གནས་དང་ལྷག་མཐོང་ཟུང་འཇུག་ཏུ་སྒོམ་པ་འདི་ནི་ཞི་གནས་ཀྱིས་དམིགས་པ་མི་འཆོར་བར་འཛིན་ཅིང་ལྷག་མཐོང་གིས་དེའི་གནས་ཚུལ་དོན་དམ་རབ་ཏུ་རྣམ་པར་འབྱེད་པས་དོན་དམ་རབ་ཏུ་རྣམ་པར་འབྱེད་པའི་བསམ་གཏན་ཏེ། ལང་ཀར་གཤེགས་པའི་མདོ་ལས། གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་སའི་རིམ་པ་གསུམ་བཤད་པས་བསྟན་ཏོ། །སྒོམ་པ་ལ་འཇུག་པའི་དངོས་གཞི་བསྟན་ཟིན་ཏོ། །གསུམ་པ་སྒོམ་པའི་རྗེས་ཀྱི་བྱ་བ་ལ་བཞི་སྟེ། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་ལྟ་བ། དེ་ཁོ་ན་ཉིད་མ་རྟོགས་པ་ལ་དམིགས་པའི་སྙིང་རྗེ། ཚོགས་རྗེས་སུ་སྒྲུབ་པའི་བྱ་བ། ཚོགས་ཀྱི་བྱེད་པ་བསྟན་པའོ། །དང་པོ་ནི། མཉམ་གཞག་ཏུ་ཟུང་འཇུག་སྒོམ་པའི་རྗེས་དེ་ནས་ཏིང་ངེ་འཛིན་གྱི་ཐུན་མཚམས་བྱེད་པར་འདོད་ན་ཏིང་ངེ་འཛིན་དེ་ལས་ལངས་ཏེ། སྐྱིལ་ཀྲུང་མ་བཤིག་པར་དེ་མ་ཐག་ཏུ་འདི་སྙམ་དུ་འཁོར་འདས་ཀྱི་ཆོས་འདི་དག་ཐམས་ཅད་དོན་དམ་པར་ཏེ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་དཔྱད་ན་ངོ་བོ་ཉིད་མེད་པ་ཡིན་དུ་ཟིན་ཀྱང༌། ཀུན་རྫོབ་སྣང་ཚོད་ཙམ་དུ་རྗེས་ཤེས་ཀྱི་ངོར་རྣམ་པར་གནས་པ་ཉིད་དོ། །ཀུན་རྫོབ་སྣང་ཚོད་ཙམ་དུ་ཡང་ཡོད་པ་དེ་ལྟ་མ་ཡིན་ན་ལས་བསགས་པ་དང་མཐུན་པར་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བའི་ལས་དང་འབྲས་བུའི་འབྲེལ་བ་ལ་སོགས་པ་ཐམས་ཅད་ཇི་ལྟར་རྣམ་པར་གནས་པར་འགྱུར་ཏེ། ལས་འབྲས་ཀྱི་འབྲེལ་པ་མེད་པ་ཉིད་དུ་འགྱུར་རོ། །དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པའི་ཚུལ་བཅོམ་ལྡན་འདས་ཀྱིས་ཀྱང་བཀའ་སྩལ་ཏོ། །ཇི་སྐད་དུ། དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་གསུངས་སོ། །ཀུན་རྫོབ་ཏུ་ཞེས་པ་ནི་འཁྲུལ་ངོར་རོ། །དམ་པའི་དོན་དུ་ཞེས་པ་ནི་རིགས་པས་དཔྱད་ནའོ་ཞེས་པའོ། །གཉིས་པ་དེ་ཁོ་ན་ཉིད་མ་རྟོགས་པ་ལ་དམིགས་པའི་སྙིང་རྗེ་ནི། ཁམས་གསུམ་གྱི་སེམས་ཅན་ཡང་དག་པའི་དོན་མ་རྟོགས་པས་བྱིས་པའི་བློ་ཅན་འདི་དག་ནི་གནས་ཚུལ་ལ་ངོ་བོ་ཉིད་མེད་པའི་ཕྱི་ནང་གི་དངོས་པོ་རྣམས་ལ་གནས་ཚུལ་ལ་ཡོད་པ་ལ་སོགས་པར་སྒྲོ་འདོགས་པས་སྐྱེས་བུ་ལམ་ལོག་པ་དགྲ་ཡུལ་དུ་སོང་བ་ལྟར་བློ་ཕྱིན་ཅི་ལོག་ཏུ་གྱུར་ཏེ། ཉོན་མོངས་པ་རབ་ཏུ་རྒྱས་ཏེ་ལས་བསགས་པའི་མཐུས་དུས་ཡུན་རིང་པོར་འཁོར་བའི་འཁོར་ལོ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་སྲིད་པ་ན་ཡོངས་སུ་འཁྱམས་པས་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པའི་དོན་དུ་བདག་གིས་ཅི་ནས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བ་ལས་ཡོངས་སུ་ལྷག་པས་བླ་ན་མེད་པ་ཡོངས་སུ་རྫོགས་པར་བྱ་སྟེ། རྫོགས་པའི་རྗེས་དེ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོག་མར་རང་གིས་ཐོབ་པར་བྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་དཔག་ཏུ་མེད་པ་དེ་དག་གིས་ཆོས་ཉིད་ཁོང་དུ་ཆུད་པར་བྱའོ་སྙམ་དུ་བསམས་ལ་ལྷག་པའི་བསམ་པས་ཉེ་བར་གནས་པར་བྱའོ། །གསུམ་པ་དགེ་བའི་ཚོགས་རྗེས་སུ་སྒྲུབ་པ་ལ་གསུམ་སྟེ། རྟེན་ལ་དམིགས་པའི་ཚོགས་ལ་འབད་པ། དགེ་བ་གཞན་ཇི་སྙེད་པའི་ཚོགས་ལ་འབད་པའོ། །དང་པོ་ནི། སྙིང་རྗེ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་དེ་ནས་དལ་བུས་སྐྱིལ་མོ་ཀྲུང་བཤིག་སྟེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཇི་སྙེད་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གུས་པའི་ཡིད་ཀྱིས་ཀུན་ནས་བསྐུལ་བའི་ཕྱག་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་ལུས་ངག་ཡིད་གསུམ་གྱི་མཆོད་པ་དང༌། ངག་གིས་ཡོན་ཏན་ཕུན་སུམ་ཚོགས་པ་བརྗོད་པའི་བསྟོད་པ་བྱས་ནས་དགེ་བ་ཆུད་མི་ཟ་བའི་ཡན་ལག་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང༌། བྱམས་པའི་སྨོན་ལམ་ལ་སོགས་པ་སྨོན་ལམ་རྒྱ་ཆེན་པོ་གདབ་བོ། །གཉིས་པ་ནི། རྟེན་ལ་དམིགས་པའི་ཚོགས་བསགས་པའི་རྗེས་དེ་ནས་མཉམ་གཞག་ཏུ་སྟོང་པ་ཉིད་དང་རྗེས་ཐོབ་ཏུ་སྙིང་རྗེ་ཆེན་པོ་སྒོམ་པའི་སྙིང་པོ་ཅན་ཏེ་དེ་གཙོ་བོར་ལྷུར་ལེན་པར་བྱས་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དང་པོ་བཞི་བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་བསམ་གཏན་དང་ཤེས་རབ་ལ་སོགས་པ་དགེ་བའི་ཡན་ལག་མཐའ་དག་སྒྲུབ་པ་ལ་མངོན་པར་བརྩོན་པར་བྱའོ། །བཞི་པ་ཚོགས་ཀྱི་བྱེད་པ་བསྟན་པ་ནི། མཉམ་གཞག་ཏུ་ཡེ་ཤེས་ཀྱི་ཚོགས་བསགས་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་བསགས་པ་དེ་ལྟར་གྱུར་ན་ཞི་གནས་དང་ལྷག་མཐོང་གི་བསམ་གཏན་དེ་སྦྱིན་སོགས་ཐབས་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ཏེ། འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས། ཇི་སྐད་དུ་རྒྱ་ཆེར་བཀའ་སྩལ་པ་ལྟ་བུའོ་ཞེས་ལུང་གི་ཁུངས་དགོད་དོ། །ལུང་གི་དོན་བཤད་པ་ནི། བྱང་ཆུབ་སེམས་དཔའ་དེ་བྱམས་པའི་གོ་ཆ་བགོས་ཤིང་སྙིང་རྗེ་ཆེན་པོའི་གནས་སེམས་ཅན་ལ་དམིགས་ཏེ་བརྩེ་བའི་རྣམ་པས་གནས་ནས་སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཐབས་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་མངོན་པར་བསྒྲུབས་པས་བསམ་གཏན་དུ་བྱེད་དོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་གསུངས་པ་དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རྟོགས་པ་གང་ཞེ་ན། རྗེས་ཐོབ་ཀྱི་སྤྱོད་པ་གང་སྦྱིན་པ་དང་མ་བྲལ་བ་དང༌། ཚུལ་ཁྲིམས་དང་མ་བྲལ་བ་དང༌། བཟོད་པ་དང་མ་བྲལ་བ་དང༌། མཉམ་རྗེས་གཉིས་ཀའི་གནས་སྐབས་སུ་བརྩོན་འགྲུས་དང་མ་བྲལ་བ་དང༌། མཉམ་གཞག་ཏུ་བསམ་གཏན་དང་མ་བྲལ་བ་དང༌། ཤེས་རབ་དང་མ་བྲལ་བ་དང༌། སྦྱོར་བ་དང་འཇུག་པའི་དུས་སུ་ཐབས་དང་མ་བྲལ་བར་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་ཀྱི་སེམས་སྒོམ་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་ཐབས་སྒོམ་པ་ལ་བཞི་སྟེ། ཐབས་ལ་བརྟེན་པའི་དགོས་པ་དང༌། དེ་ཤེས་རབ་ལ་ལྟོས་པར་བསྟན་པ་དང༌། ཟུང་འཇུག་འགྲུབ་པའི་དོན་དང༌། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་བསྐྱེད་པའོ། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབ་པ་དང༌། སངས་རྒྱས་ཀྱི་མཛད་པ་སྒྲུབ་པའོ། །དང་པོ་ལ་བཞི་སྟེ། སྤྱིར་བརྗོད་པ་དང༌། དེ་ལུང་རིགས་ཀྱིས་སྒྲུབ་པ་དང༌། ཐབས་ལ་འབད་པར་བྱ་བ་དང༌། ཤེས་བྱེད་ཀྱི་ལུང་དགོད་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔས་གཞན་དོན་དུ་གཟུགས་སྐུ་ཐོབ་པའི་རྒྱུ་ལ་འབད་དགོས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སྣོད་བཅུད་ཀྱི་ཞིང་སྦྱོང་བ་དང༌། ལུས་མཚན་དང་དཔེ་བྱད་དང་ལྡན་པ་དང༌། འདུན་པ་དང་ལྔ་སྟེ་བཟང་པོ་ལྟ་བུ་གཡོག་འཁོར་མང་པོ་ལ་སོགས་པ་གཟུགས་སྐུའི་ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་བའི་ཐབས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་ལ་ངེས་པར་བསྟེན་དགོས་སོ། །གཉིས་པ་ནི། སྦྱིན་པ་ལ་སོགས་པའི་ཐབས་སྣོད་བཅུད་ཀྱི་ཞིང་སྦྱོང་བ་དང༌། ལུས་ཕུན་སུམ་ཚོགས་པ་ཐོབ་པའི་རྒྱུ་དེ་ལྟ་མ་ཡིན་ན་སངས་རྒྱས་ཀྱི་ཞིང་ལ་སོགས་པ་ཕུན་སུམ་ཚོགས་པ་གང་སྩལ་པ་དེ་རྒྱུ་གང་གི་འབྲས་བུ་ཡིན་པར་འགྱུར། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་སོགས་སྦྱིན་སོགས་ཀྱི་འབྲས་བུ་ཡིན་པ་དེ་ལྟ་བས་ན། སྦྱིན་སོགས་ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྦྱིན་པ་ལ་སོགས་པ་ཐབས་ཀྱིས་ཡོངས་སུ་རྫོགས་པར་འགྱུར་བ་ལ་དགོངས་ནས། མངོན་པར་བྱང་ཆུབ་པའི་རྒྱུད་ལས། བཅོམ་ལྡན་འདས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །རྣམ་འགྲེལ་ལས། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུ་ནི་གོམས་པ་ལས། །དེ་ལས་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཅེས་སོ། །གསུམ་པ་ཐབས་ལ་འབད་པར་བྱ་བ་ནི། སངས་རྒྱས་ཀྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ཐབས་ཀྱི་ཆ་ལས་འབྱུང་དགོས་པ་དེའི་ཕྱིར། བྱང་ཆུབ་སེམས་དཔས་ཤེས་རབ་ཏུ་མ་ཟད་སྦྱིན་པ་ལ་སོགས་པ་ཐབས་ལ་ཡང་བསྟེན་པར་བྱའོ། །སྟོང་པ་ཉིད་སྒོམ་པ་འབའ་ཞིག་ལྷུར་ལེན་པའི་བྱ་བ་ནི་མ་ཡིན་ནོ། །བཞི་པ་ཤེས་བྱེད་ཀྱི་ལུང་དགོད་པ་ནི། སྦྱིན་སོགས་ཐབས་ཀྱི་ཆ་གདོན་མི་ཟ་བར་དགོས་པ་དེ་སྐད་དུ་འཕགས་པ་ཆོས་ཐམས་ཅད་ཤིན་ཏུ་རྒྱས་པ་བསྡུ་བ་ལས་ཀྱང་བཀའ་སྩལ་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་སོགས་ནས་དེ་དག་ནི་སྤྱོད་པ་ཡོངས་སུ་མ་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །ཞེས་པའི་བར་དུ་དྲངས་སོ། །ལུང་གི་དོན་བཤད་པ་ནི། བཅོམ་ལྡན་འདས་ཀྱི་བྱམས་པ་ཞེས་བོས་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཆར་ཡང་དག་པར་སྒྲུབ་པ་འདི་ནི་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དུ་སྒྲུབ་པ་ཡིན་ན། ཕར་ཕྱིན་དྲུག་རྫོགས་པར་བསྒྲུབ་དགོས་པར་བསྟན་པ་དེ་ལ་མ་འོངས་པ་ན་མི་བླུན་པོ་དེ་དག་འདི་སྐད་དུ། བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱ་ཡི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ནི་མངོན་མཐོའི་རྒྱུ་ཙམ་ཡིན་པས་རྣམ་པར་སྨིན་པ་འཁོར་བ་ལས་མ་འདས་པས་གཞན་རྣམས་སྤྱད་པ་ཉིད་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང༌། མི་བླུན་པོ་དེ་དག་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་གཞན་དག་སྤྱོད་པ་ལ་སུན་འབྱིན་པར་སེམས་སོ། །མ་ཕམ་པ་ཤེར་ཕྱིན་ཁོ་ནས་ཆོག་པར་སེམས་པ་འདི་ལ་ཅི་སྙམ་དུ་སེམས། ང་སྔོན་ཀ་ཤི་ཀའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེས་ཁྲས་ཕུག་རོན་གསོད་པར་བརྩམས་པ་ན་ཕུག་རོན་བསྐྱབ་པ་ཉིད་ཀྱི་ཕྱིར་དུ་རང་གི་ཤ་ཁྲ་ལ་སྦྱིན་པ་དེ་ཤེས་རབ་འཆལ་པར་གྱུར་པ་ཡིན་ནམ་ཞེས་བཀའ་སྩལ་ཏོ། །བྱམས་པས་ལན་གསོལ་པ། བཅོམ་ལྡན་འདས་དེ་ནི་ཤེས་རབ་འཆལ་པ་མ་ལགས་སོ་ཞེས་ལན་བཏབ་བོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཆར་དང་ལྡན་པའི་དགེ་བའི་རྩ་བ་དཔག་ཏུ་མེད་པ་གང་དག་བསགས་པའི་དགེ་བའི་རྩ་བ་དེ་དག་གིས་ངས་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་གནོད་པར་འགྱུར་ཏམ། ཞེས་གསུངས་སོ། །བྱམས་པས་ལན་གསོལ་པ། བཅོམ་ལྡན་འདས་ཕར་ཕྱིན་དྲུག་དང་ལྡན་པའི་དགེ་རྩ་མང་པོ་བསགས་པ་དེས་ཚོགས་རྫོགས་ནས་སངས་རྒྱས་པ་ཡིན་གྱི། གནོད་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་སླར་ཡང་བྱམས་པ་ལ་བཀའ་སྩལ་པ། བདུད་བཞི་ལས་རྒྱལ་བས་མ་ཕམ་པ་ཞེས་རབ་ཏུ་གྲགས་པ་ཁྱེད་ཀྱིས་ཀྱང་བསྐལ་པ་ཆེན་པོ་དྲུག་བཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས་ཞེས་པ་སྟེ། སྦྱིན་པ་ནི་སྦྱིན་བྱ་ལ་འདོད་པ་ནི་མ་ཡིན་གྱི། སྦྱིན་བྱེད་ལ་བརྗོད་དེ། མཛོད་ལས། གང་གིས་སྦྱིན་བྱེད་དེས་སྦྱིན་པ། །ལུས་དང་ངག་ལས་སློང་དང་བཅས། །ཞེས་སོ། བསྐལ་པ་ཆེན་པོ་དྲུག་ཅུར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ཞེས་པ་ལ་ཚུལ་ཁྲིམས་ནི། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བརྗོད། །ཅེས་པ་ལྟར་རོ། །བསྐལ་པ་ཆེན་པོ་དྲུག་ཅུར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ཞེས་པ་ལ་བཟོད་པ་ནི་གཞན་གྱི་གནོད་པས་མི་ཕྱེད་པའོ། །བསྐལ་པ་ཆེན་པོ་དྲུག་ཅུར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ཞེས་པ་ལ་བརྩོན་འགྲུས་ནི་དགེ་བ་ལ་མངོན་པར་སྤྲོ་བའོ། །བསྐལ་པ་དྲུག་ཅུར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ཅེས་པ་ལ་བསམ་གཏན་ནི་བསམ་གཏན་གྱི་དངོས་གཞིས་བསྡུས་པའི་སེམས་ཀྱི་བསླབ་པ་ཏིང་ངེ་འཛིན་དང་བཅས་པའོ། །བསྐལ་པ་ཆེན་པོ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས་ཞེས་པ་ལ་ཤེས་རབ་ནི་མདོར་ན་གང་ཟག་གི་བདག་མེད་རྟོགས་པ་དང་ཆོས་ཀྱི་བདག་མེད་རྟོགས་པ་དང༌། རྒྱས་པར་ནི་སྟོང་ཉིད་ཉི་ཤུ་རྟོགས་པ་སྟེ། མངོན་པར་རྟོགས་པའི་རྒྱན་ལས་ཡེ་ཤེས་ཀྱི་ཚོགས་སུ་བསྟན་པ་དག་གོ །ཕ་རོལ་ཏུ་ཕྱིན་པ་དྲུག་ཆར་རྫོགས་པར་བསྒྲུབ་དགོས་པ་དེ་ལ་མི་བླུན་པོ་དེ་དག་འདི་སྐད་དུ། ཚུལ་ཁྲིམས་ཁོ་ནས་བྱང་ཆུབ་ཆེན་པོ་ཐོབ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་དོན་རྟོགས་པའི་ཚུལ་གྱིས་སོ་ཞེས་ཟེར་ཏེ་གང་ཟག་དེ་དག་ནི་ཐབས་ལ་སྤྱོད་པའི་ཆ་དང་བྲལ་བས་སྤྱོད་པ་ཡོངས་སུ་མ་དག་པར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་ནི་སྦྱིན་སོགས་སྙིང་རྗེ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། སྦྱིན་པ་ལ་སོགས་པ་ཐབས་དང་བྲལ་ན་བྱང་ཆུབ་སེམས་དཔའི་སྟོང་ཉིད་རྟོགས་པའི་ཤེས་རབ་འབའ་ཞིག་གིས་ནི་ཉན་ཐོས་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱེད་མི་ནུས་ཀྱི་ཐབས་ཀྱིས་སྟངས་པ་སྟེ་ཟིན་ན་ནུས་པར་འགྱུར་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་བློན་པོས་ཟིན་པའི་རྒྱལ་པོ་རྣམས་དགོས་པ་ཐམས་ཅད་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས་པས་ཟིན་པ་ཡང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ཤེས་རབ་ལ་ལྟོས་པར་བསྟན་པ་ལ་བཞི་སྟེ། ཐབས་ཤེས་ཟུང་འཇུག་གི་བྱེད་པ། ཐབས་ཤེས་གཉིས་ཀ་ལ་ལྟོས་པའི་ལུང༌། ཐབས་ཤེས་གཉིས་ལ་ལྟོས་པའི་དོན་སྒྲུབ་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་ལྟ་བ་ཡང་མུ་སྟེགས་པ་དང་ཉན་རང་ལས་གཞན་དུ་འགྱུར་ཏེ། ཐབས་ཤེས་ཟུང་དུ་འཇུག་པས་སོ། །མུ་སྟེགས་ཅན་དང་ཉན་ཐོས་རྣམས་ཀྱི་ལམ་གྱི་ལྟ་བ་ཡང་བྱང་སེམས་ཀྱི་ལམ་ལས་གཞན་དུ་གྱུར་ཏེ། འདི་ལྟར་མུ་སྟེགས་ཅན་རྣམས་ཀྱི་ལམ་གྱི་ལྟ་བ་ནི། དེ་དག་གི་ལམ་ཐམས་ཅད་ཀྱི་གནས་སྐབས་ཐམས་ཅད་དུས་ཐམས་ཅད་དུ་བདག་མེད་རྟོགས་པའི་ཤེས་རབ་དང་བྲལ་བའི་ལམ་ཡིན་ཏེ། བདག་དང་བདག་གིར་འཛིན་པ་ལ་སོགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། བདག་མེད་རྟོགས་པའི་ཤེས་རབ་དང་བྲལ་བ་དེ་ལྟ་བས་ན་མུ་སྟེགས་ཅན་དེ་དག་གི་ལམ་གྱིས་ཐར་པ་མི་འཐོབ་བོ། །ཉན་ཐོས་རྣམས་ཀྱི་ལམ་ནི་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་དང་མི་ལྡན་པ་ཡིན་ཏེ། གཞན་དོན་དུ་འཁོར་བར་དངོས་སུ་འཇུག་ནུས་ཀྱི་སྙིང་རྗེ་ཆེན་པོ་དང་བྲལ་བས་སོ། །ཐབས་དང་མི་ལྡན་པ་དེ་ལྟ་བས་ན་ཉན་རང་དེ་དག་གཞན་དོན་གྱི་བསམ་པ་སྤངས་ནས་མཐའ་གཅིག་ཏུ་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་སོགས་ཀྱི་ཐབས་གཉིས་ཀ་དང་ལྡན་པར་འདོད་དེ། ཐབས་ཤེས་ཁྱད་པར་ཅན་ཟུང་དུ་འཇུག་པས་སོ། ཐབས་ཤེས་རབ་གཉིས་ཀ་དང་ལྡན་པ་དེ་བས་ན་སྲིད་ཞི་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་འཐོབ་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ནི་འཁོར་བའི་རྩ་བ་བདག་འཛིན་བཅད་པས་འཁོར་བར་མི་ལྟུང་ལ། སྙིང་རྗེ་ཆེན་པོ་སོགས་ཐབས་ཀྱི་སྟོབས་ཀྱིས་ནི་གཞན་དོན་ལ་འཇུག་པས་མྱ་ངན་ལས་འདས་པར་མི་ལྟུང་བར་འགྱུར་རོ། །གཉིས་པ་ཐབས་ཤེས་རབ་གཉིས་ཀ་ལ་ལྟོས་པའི་ལུང་ནི། བྱང་ཆུབ་སེམས་དཔའི་ལམ་ཐབས་ཤེས་ཟུང་འཇུག་ཡིན་པ་དེ་ལྟ་བས་ན། འཕགས་པ་ག་ཡ་གོ་རིའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་འདི་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང་ཤེས་རབ་བོ་ཞེས་བཀའ་སྩལ་ཏོ། འདིས་ནི་བྱང་སེམས་ཀྱི་ལམ་ཐབས་ཤེས་ཟུང་འཇུག་ཏུ་བསྟན་པ་ཡིན་ནོ། །འཕགས་པ་དཔལ་མཆོག་དང་པོ་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མ་ཡིན་ནོ། །ཐབས་ལ་མཁས་ལ་མཁས་པ་ནི་ཕ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །འདིས་ནི་བུ་སྐྱེ་བ་ཕ་མ་གཉིས་ལ་ལྟོས་པ་བཞིན་དུ་རྫོགས་པའི་བྱང་ཆུབ་ཐོབ་པ་ཐབས་ཤེས་གཉིས་ཀ་ལ་ལྟོས་དགོས་པར་བསྟན་ཏོ། །གཉིས་ཀ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ནི་གང༌། ཐར་པ་ནི་གང་ཞེ་ན། ཞེས་པ་ནས་བཀའ་སྩལ་ཏོ་ཞེས་པའི་བར་རོ། །འདིའི་དོན་ནི། སྙིང་རྗེ་ཆེན་པོ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། སྦྱིན་སོགས་ཐབས་ཀྱི་ཆ་མེད་པར་སྲིད་པར་ལྷ་དང་མིའི་འགྲོ་བའི་སྐྱེ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །སྟོང་ཉིད་རྟོགས་པའི་ཤེས་རབ་ཐབས་ཀྱིས་ཟིན་པའི་སྒོ་ནས་སྙིང་རྗེས་སྲིད་པའི་འགྲོ་བར་འགྲོ་བ་ནི་ཐར་པའོ། །ཡང་ཐབས་སྙིང་རྗེ་ཉིད་ཀྱིས་མ་ཟིན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཙམ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །ཡང་སྙིང་རྗེ་དང་སྦྱིན་སོགས་ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་འཆིང་བ་ལས་ཐར་པའོ། །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ཀྱི་ཆ་འབའ་ཞིག་ནི་འཁོར་བའི་རྒྱུ་བྱེད་པས་འཆིང་བའོ། །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐབས་སྙིང་རྗེ་སོགས་ནི་བྱང་ཆུབ་སེམས་དཔའི་ཐར་པའོ་ཞེས་པའི་དོན་ནོ། །གསུམ་པ་གཉིས་ཀ་ལ་ལྟོས་པའི་དོན་སྒྲུབ་པ་ལ་གཉིས་ཏེ། ཐབས་དང་བྲལ་བ་འཆིང་བར་སྒྲུབ་པ་དང༌། ཤེས་རབ་དང་བྲལ་བ་འཆིང་བར་སྒྲུབ་པའོ། །དང་པོ་ལ་གསུམ་སྟེ། འཆིང་བའི་དོན་དང༌། དེའི་གཉེན་པོ་དང༌། ཤེས་བྱེད་ཀྱི་ལུང་ངོ༌། །དང་པོ་ནི། བྱང་ཆུབ་སེམས་དཔས་ཐབས་ལ་མ་བརྟེན་པར་སྟོང་ཉིད་རྟོགས་པའི་ཤེས་རབ་ཙམ་བསྟེན་ན་ནི་ཉན་ཐོས་རྣམས་ཀྱིས་ཐོབ་པར་འདོད་པའི་དམན་པའི་མྱ་ངན་ལས་འདས་པར་ལྟུང་བས་བྱང་སེམས་ལ་ལྟོས་ཏེ། ཐར་པ་ལ་གེགས་བྱེད་པའི་འཆིང་བ་བཞིན་དུ་འགྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པའི་སྒོ་ནས་སྲིད་ཞི་ལས་གྲོལ་བར་མི་འགྱུར་རོ། །ཐབས་ཤེས་ཟུང་འཇུག་ཏུ་བསྟེན་པར་མ་བྱས་ན་མི་གནས་པའི་མྱང་འདས་མི་འཐོབ་པ་དེ་བས་ན་ཐབས་སྙིང་རྗེ་ཆེན་པོ་སོགས་དང་བྲལ་བའི་བདག་མེད་རྟོགས་པའི་ཤེས་རབ་ཙམ་གྱིས་ནི་མི་གནས་པའི་མྱང་འདས་མི་འཐོབ་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བའོ་ཞེས་བྱའོ། །ཞེས་བཤད་དོ། །གཉིས་པ་ནི། ཐབས་ཤེས་གཉིས་ཀ་བསྟེན་དགོས་པ་དེ་ལྟ་བས་ན་ལྷགས་པས་ཤིན་ཏུ་ཉེན་པའི་གང་ཟག་གིས་གྲང་བ་སེལ་བ་ལ་མེ་བསྟེན་དགོས་པ་བཞིན་དུ་བྱང་ཆུབ་སེམས་དཔས་ལྷགས་པས་ཉེན་པའི་གྲང་བ་སེལ་བའི་ཐབས་བཞིན་དུ་ཕྱིན་ཅི་ལོག་གི་ལྷགས་པ་ཙམ་སྤང་བར་བྱ་བའི་ཕྱིར་དུ་ཐབས་དང་བཅས་པའི་ཤེས་རབ་ཀྱིས་བདེན་འཛིན་གཅོད་པའི་དོན་དུ་སྟོང་ཉིད་རྟོགས་པ་ལ་བརྟེན་པར་བྱ་ཡི། ཉན་ཐོས་བཞིན་དུ་མཚན་མེད་འབའ་ཞིག་མངོན་དུ་ནི་མི་བྱ་སྟེ། དེས་མི་གནས་པའི་མྱང་འདས་མི་འཐོབ་པས་སོ། །གསུམ་པ་ནི། འཕགས་པ་ཆོས་བཅུ་པའི་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་ཞེས་པ་ནས་བཀའ་སྩལ་པ་ལྟ་བུའོ་ཞེས་པའི་བར་རོ། །ལུང་གི་དོན་བཤད་ན། འདི་ལྟ་སྟེ། དཔེར་ན་གྲང་བས་ཉེན་པའི་མི་ལ་ལ་ཞིག་མེ་ཡོངས་སུ་སྤྱོད་པར་འགྱུར་ཏེ། གང་ཟག་དེ་མེ་དེ་དོན་དུ་གཉེར་བས་མེ་ལ་བསྟི་སྟང་སྟེ་རྩིས་སུ་བྱེད། བླ་མར་བྱེད་ཀྱང་གང་ཟག་དེས་འདི་སྙམ་དུ་དེ་མེ་དེ་ལ་བསྟི་སྟང་བྱས་བླ་མར་བྱས། རི་མོར་བྱས་ཀྱི་མེ་འདི་ལ་གུས་པའི་ཆེད་དུ་ལག་པ་གཉིས་ཀྱིས་བཟུང་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་མི་སེམས་པ་ཅིའི་ཕྱིར་ཞེ་ན། མེ་ལ་རེག་པའི་གཞི་དེ་ལས་བདག་ལུས་ཀྱི་སྡུག་བསྔལ་ལམ། སེམས་ཡིད་མི་བདེ་བར་འགྱུར་དུ་འོང་སྙམ་པའི་ཕྱིར་རོ། །དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཕྱིན་ཅི་ལོག་བདེན་འཛིན་གྱི་རྩ་བ་ཅན་གྱི་ཉོན་མོངས་པ་སྤོང་བའི་གཉེན་པོ་སྒོམ་པས་མྱ་ངན་ལས་འདས་པའི་བསམ་པ་ཅན་ཡང་ཡིན་ལ། མྱ་ངན་ལས་འདས་པ་མངོན་དུ་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་མངོན་དུ་བྱས་པའི་གཞི་དེ་ལས་བདག་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་དུ་འོང་ངོ་སྙམ་པའི་ཕྱིར་རོ། །གཉིས་པ་ཤེས་རབ་དང་བྲལ་བས་འཆིང་བར་སྒྲུབ་པ་ལ་གསུམ་སྟེ། ཐབས་ཀྱིས་འཆིང་བའི་དོན་དང༌། དེའི་གཉེན་པོ་དང༌། ཤེས་བྱེད་ཀྱི་ལུང་ངོ༌། །དང་པོ་ནི། ཤེས་རབ་ལ་མ་ལྟོས་པར་ཐབས་ཙམ་འབའ་ཞིག་བསྟེན་ན་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་པས་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོའི་ས་ལས་མི་འདའ་བས་འཁོར་བ་ཉིད་དུ་ཤིན་ཏུ་བཅིངས་པ་ཁོ་ནར་འགྱུར་རོ། །གཉིས་པ་དེའི་གཉེན་པོ་ནི། བདག་མེད་རྟོགས་པའི་ཤེས་རབ་མེད་ན་སོ་སྐྱེའི་ས་ལས་འདའ་བར་མི་ནུས་པ་དེ་ལྟ་བས་ན་ཐབས་ཤེས་རབ་དང་བཅས་པ་བསྟེན་པར་བྱ་སྟེ། དེ་ཉིད་དཔེའི་སྒོ་ནས་སྟོན་པ་འདི་ལྟར་དུག་སྔགས་ཡོངས་སུ་འཛིན་པའི་དུག་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་ཡོངས་སུ་འཛིན་པའི་སྟོབས་ཀྱིས་ཉོན་མོངས་པ་ཡང་སྟོང་པ་ཉིད་དུ་བསྒོམས་ན་སྡུག་བསྔལ་གཅོད་པར་འགྱུར་བའི་བདུད་རྩིར་འགྱུར་ན་ཤེས་རབ་ཀྱིས་མ་ཟིན་ཡང་རང་བཞིན་གྱིས་མངོན་པར་མཐོ་བའི་འབྲས་བུ་འབྱིན་པར་བྱེད་པ་ཅན་སྦྱིན་པ་ལ་སོགས་པའི་དགེ་བ་གང་ཡིན་པ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གདོན་མི་ཟ་བར་བྱང་ཆུབ་ཆེན་པོའི་རྒྱུ་བྱེད་དོ། །གསུམ་པ་ཤེས་བྱེད་ཀྱི་ལུང་ནི། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཤེས་རབ་ཀྱི་ཡོངས་སུ་ཟིན་པས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །ཞེས་བཀའ་སྩལ་ཏོ། །ཐབས་ཤེས་གཉིས་ཀ་ལ་ལྟོས་པའི་དོན་བསྒྲུབས་ཟིན་ཏོ། །བཞི་པ་སྐབས་ཀྱི་དོན་བསྡུ་བ་ནི། ཚོགས་གཉིས་ཟུང་འབྲེལ་དུ་བསླབས་ན་བྱང་ཆུབ་ཆེན་པོའི་རྒྱུ་ཚོགས་སུ་འགྱུར་བ་དེ་ལྟ་བས་ན་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཐབས་ཀྱི་སྟོབས་ཀྱིས་གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པ་ཡོངས་སུ་མི་འདོར་བ་དེའི་ཕྱིར་མྱ་ངན་ལས་འདས་པར་མི་ལྟུང་ངོ༌། །གང་གི་ཕྱིར་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་བདེན་པར་འཛིན་པའི་དམིགས་པ་མཐའ་དག་སྤོང་བ་དེའི་ཕྱིར། ལས་ཉོན་གྱི་དབང་གིས་འཁོར་བར་མི་ལྟུང་སྟེ། འཁོར་འདས་ཀྱི་མཐའ་གཉིས་སྤངས་པ་དེ་བས་ན་མི་གནས་པའི་མྱ་ངན་ལས་འདས་པ་སྤངས་རྟོགས་ཡོངས་སུ་རྫོགས་པའི་སངས་རྒྱས་ཉིད་འཐོབ་པའོ། །ཐབས་ཤེས་རབ་ཀྱིས་སྲིད་ཞི་ལ་མི་ལྟུང་བ་དེ་བས་ན་འཕགས་པ་ནམ་མཁའ་མཛོད་ལས་བཀའ་སྩལ་ཏོ་ཞེས་བྱའོ། །དེའི་དོན་ནི། བྱང་ཆུབ་སེམས་དཔའ་དེ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཡང་དག་པའི་དོན་བདག་མེད་རྟོགས་པའི་ཤེས་པས་ནི་ཉོན་མོངས་པ་ཐམས་ཅད་ཀྱི་ས་བོན་ཡོངས་སུ་འདོར་རོ། །ཐབས་ཀྱི་ཤེས་པས་ནི་སེམས་ཅན་ཐམས་ཅད་བསམ་སྦྱོར་གཉིས་ཀས་ཡོངས་སུ་མི་གཏོང་ངོ་ཞེས་པའོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས་ཀྱང་ཐབས་ཀྱི་ཆ་མ་ཚང་བས་སངས་རྒྱས་མི་འཐོབ་པར་བཀའ་སྩལ་ཏོ། །ཇི་ལྟར་ཞེ་ན། གཞན་དོན་མཐོང་ན་རང་དོན་དོར་ནས་གཞན་དོན་དུ་སྐྱེ་བ་སྐྱེད་མོས་ཚལ་ལྟ་བུར་ལྟ་དགོས་པ་ལས། གང་དག་སེམས་ཅན་གྱི་དོན་ལ་ཡོངས་སུ་མི་ཕྱོགས་པ་དང༌། སྙིང་རྗེས་གཞན་དོན་གྱི་ལས་ཀྱི་འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ངས་ལུང་མ་བསྟན་ཏོ་ཞེས་པའོ། །ཐབས་ཤེས་ཡ་བྲལ་གྱིས་སངས་རྒྱས་མི་ཐོབ་པ་དེ་ལྟ་བས་ན་གང་དག་གཞན་དོན་སངས་རྒྱས་ཉིད་ཐོབ་པར་མངོན་པར་འདོད་པས་ཐབས་དང་ཤེས་རབ་གཉིས་ཀ་མཉམ་པར་བསྟེན་པར་བྱའོ། །གསུམ་པ་ཟུང་འཇུག་འགྲུབ་པའི་དོན་ལ་གསུམ་སྟེ། གནས་སྐབས་ཀྱིས་རབ་ཏུ་ཕྱེ་བ། མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ། དེ་དག་གི་ལུང་གི་ཁུངས་དགོད་པའོ། །དང་པོ་ནི། གལ་ཏེ་ཐབས་དང་ཤེས་རབ་གཉིས་གཅིག་ཡོད་པའི་དུས་སུ་གཅིག་མེད་པས་ཇི་ལྟར་ཟུང་འཇུག་ཏུ་འགྱུར་ཞེ་ན། ཐབས་དང་ཤེས་རབ་གཉིས་ཡོད་པ་དེ་ལ་འཇིག་རྟེན་ལས་འདས་པའི་མཐོང་ལམ་ཡན་ཆད་ཀྱི་མཉམ་པར་བཞག་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་སྒོམ་པའི་གནས་སྐབས་སམ། སོ་སྐྱེའི་སྦྱོར་ལམ་དུ་ཤིན་ཏུ་མཉམ་པར་གཞག་བཞིན་པའི་གནས་སྐབས་ན་སྦྱིན་པ་ལ་སོགས་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཐབས་ལ་དངོས་སུ་བསྟེན་པ་མི་འབྱུང་དུ་ཟིན་ཀྱང༌། ཏིང་ངེ་འཛིན་སྒོམ་པ་དེ་ལ་སྦྱོར་བ་དང་དེའི་རྗེས་ལས་བྱུང་བའི་ཤེས་རབ་གང་འབྱུང་བ་དེའི་ཚེ་ཐབས་དང་ཤེས་རབ་དུས་གཅིག་ཏུ་རྒྱུད་ལ་བརྟེན་པར་འབྱུང་བ་ཉིད་དེ། དེའི་ཕྱིར་ཤེས་རབ་དང་ཐབས་གཉིས་སྦྱོར་བ་དང་རྗེས་ཀྱི་དུས་སུ་གཅིག་ཆར་འཇུག་གོ །གཉིས་པ་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ནི། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་སོགས་ཀྱི་ཐབས་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ནི་འདི་ཡིན་ཏེ། ཏིང་ངེ་འཛིན་སྒོམ་པ་ལ་འཇུག་པའི་སྦྱོར་བའི་དུས་སུ་སེམས་ཅན་ཐམས་ཅད་ལ་ལྟ་བའི་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ཀུན་ནས་བསླངས་ནས་འཇིག་རྟེན་ལས་འདས་པའི་མཉམ་གཞག་གི་ལམ་ལ་བརྟེན་པས་རྒྱུད་གཅིག་ལ་འབྲེལ་བར་འཇུག་པ་དང༌། མཉམ་གཞག་ལས་ལངས་པའི་ཐབས་ལ་འཇུག་པ་ཉིད་ཀྱི་དུས་ན་ཡང་སྒྱུ་མ་མཁན་སྒྱུ་མ་ལ་མངོན་པར་ཞེན་པ་མེད་པ་བཞིན་དུ་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ཚུལ་དུ་ཤེས་པས་ཟིན་པའི་ཕྱིན་ཅི་མ་ལོག་པ་ཁོ་ནའི་སྦྱིན་པ་ལ་སོགས་པ་ལ་བརྟེན་པས་ཟུང་དུ་འཇུག་པས་ན་ཟུང་འཇུག་མི་འགྲུབ་པའི་ཉེས་པ་མེད་དོ། །གསུམ་པ་དེ་དག་གི་ལུང་གི་ཁུངས་དགོད་པ་ལ་བཞི་ལས་དང་པོ་ནི། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཇི་སྐད་དུ། རྒྱ་ཆེར་བཀའ་སྩལ་པ་ལྟ་བུའོ་ཞེས་སྦྱར་རོ། །ལུང་གི་དོན་ནི་ཐབས་དང་ཤེས་རབ་གཉིས་ཡོད་པ་དེ་ལ། བྱང་ཆུབ་སེམས་དཔའི་ཐབས་ནི་གང༌། ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་གི་ཕྱིར་མཉམ་པར་བཞག་པའི་སྦྱོར་བའི་དུས་ན་མཐའ་ཡས་པའི་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འདོགས་པ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་ཐབས་སོ། །གང་གི་ཕྱིར་མཉམ་པར་གཞག་པའི་དུས་ན་སྤྲོས་པ་ཞི་བ་དང༌། རབ་ཏུ་ཞི་བར་སྙོམས་པར་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་བོ་ཞེས་རྒྱ་ཆེར་གསུངས་པ་སྟེ་མཉམ་གཞག་གི་སྦྱོར་དངོས་རྗེས་གསུམ་གྱི་ཐུན་གཅིག་ལ་ཐབས་ཤེས་ཟུང་དུ་འཇུག་པར་བསྟན་ཏོ། །ལུང་གཉིས་པ་ནི། བདུད་བཏུལ་བའི་ལེའུ་ལས་ཀྱང་བཀའ་སྩལ་ཏེ། ཐབས་ཤེས་ཟུང་འབྲེལ་དུ་སྒྲུབ་པའི་ཚུལ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་གཞག་གི་སྦྱོར་བ་ཡང་དག་ཕུལ་དུ་ཕྱིན་པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཤེས་པས་མངོན་པར་ཞེན་པའམ། བདེན་པར་འཛིན་པའི་ཚུལ་གྱིས་མངོན་པར་བརྩོན་པར་ཡང་མི་བྱེད་ལ། སྙིང་རྗེ་ཆེན་པོ་སོགས་ཀྱི་ཐབས་ཀྱི་ཤེས་པས་དགེ་བའི་ཆོས་ཐམས་ཅད་བརྩོན་འགྲུས་དྲག་པོས་སྡུད་པ་ཡང་སྦྱོར་བ་དང༌། ཤེས་པ་དུ་མ་ཡོད་པ་ལས་བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། གང་ཟག་གི་རྒྱུད་གནས་པར་བྱེད་པའི་སྲོག་མེད་པ་དང༌། གཟུགས་སོགས་ལ་ལོངས་སྤྱོད་པའི་གསོ་བའི་བདག་མེད་པ་དང༌། གང་ཟག་མེད་པར་ཆོས་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཙམ་དུ་ཟད་པར་ཡང་སྦྱོར་ལ། ཐབས་ཀྱི་བྱེད་པ་ཤེས་པས་གདུལ་བྱའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་ཡང་སྦྱོར་བ་གང་ཡིན་པའོ་ཞེས་རྒྱ་ཆེར་འབྱུང་ངོ་ཞེས་བཤད་དོ། །འདིས་ནི་ཐབས་ཤེས་གཉིས་ཀྱི་བྱེད་པ་ཟུང་དུ་འཇུག་པར་བསྟན་ཏོ། །ལུང་གསུམ་པ། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། དཔེར་ན་སྒྱུ་མའི་མཁན་པོ་ཞིག་ཞེས་པ་ནས་འབྱུང་ངོ་ཞེས་པའི་བར་དུ་གསུངས་སོ། དེའི་དོན་ནི། དཔེར་ན་སྒྱུ་མའི་མཁན་པོ་ཞིག་གིས་སྤྲུལ་པ་བྱས་ནས་སྤྲུལ་པ་དེ་གཞན་གྱིས་བཅིང་བར་བྱ་བའི་ཚུལ་དུ་བསྟན་ནས། འཆིང་བ་ལས་ཐར་བར་བྱ་བའི་ཕྱིར་དུ་བརྩོན་པ་དེས་ནི་འཆིང་གྲོལ་གྱི་ཚུལ་སྔ་ནས་སྒྱུ་མ་དེ་ཤེས་པས་སྤྲུལ་པ་དེ་ལ་ཆགས་པ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་འདོད་ཁམས་ལ་སོགས་པའི་སྲིད་གསུམ་སྤྲུལ་པ་དང་འདྲ་བར་ཤེས་སོ། །གང་གིས་ན་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔས་སོ། །སྲིད་གསུམ་སྤྲུལ་པ་དང་འདྲ་བར་མ་ཤེས་པའི་འགྲོ་བའི་ཆེད་དུ་བརྩོན་པའི་གོ་བགོས་ཏེ། འགྲོ་བ་སྔ་ནས་སྤྲུལ་པ་དང་འདྲ་བར་ཤེས་ཏེ་འོན་ཀྱང་གང་གི་ཆེད་དུ་བརྩོན་པའི་གོ་བགོས་པའི་འགྲོ་བ་སྤྲུལ་པ་དེ་ལྟ་བུར་སྔར་ནས་ཤེས་ཞེས་པའོ། །འདིས་ནི་འགྲོ་བའི་ཆེད་དུ་གོ་བགོ་བའི་ཐབས་དང༌། འགྲོ་བ་རང་བཞིན་མེད་པར་ཤེས་པའི་ཤེས་རབ་ཟུང་འཇུག་ཏུ་བསྟན་ཏོ། །ལུང་བཞི་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཐབས་དང་ཤེས་རབ་གཉིས་སུ་འདུས་པས་བྱང་ཆུབ་སེམས་དཔས་ཤེས་རབ་དང་ཐབས་ཀྱི་ཚུལ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་པའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །གང་ན་བྱང་ཆུབ་སེམས་དཔའ་དེའི་སྦྱོར་བས་གཞན་དོན་ལ་འཇུག་པས་ན་འཁོར་བ་ན་གནས་པ་ཡང་ཡིན་ལ། ཤེས་རབ་ཀྱིས་སྟོང་ཉིད་རྟོགས་པ་ལ་སྦྱོར་བས་ན་མྱ་ངན་ལས་འདས་པ་ཡང་ཡིན་ནོ་ཞེས་སོ། །བཞི་པ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་བསྐྱེད་པ་ནི། བྱང་ཆུབ་སེམས་དཔའི་ལམ་ཐབས་དང་ཤེས་རབ་ཟུང་འཇུག་ཁོ་ན་བསྒྲུབ་དགོས་པ་དེ་ལྟར་ན་སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང༌། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དགེ་བའི་རྩ་བ་དཔག་ཏུ་མེད་པ་བསགས་ནས་གཞན་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་ཐབས་གོམས་པར་བྱས་ལ་སྟོང་ཉིད་རྟོགས་པའི་མཉམ་གཞག་གི་ཡེ་ཤེས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་དུ་སྔ་མ་ཞི་གནས་དང་ལྷག་མཐོང་གི་སྒོམ་ཚུལ་བསྟན་པ་བཞིན་དུ་དུས་རྟག་པར་རང་གི་ཁམས་ཀྱི་ནུས་པ་དང་སྦྱར་ནས་དུས་དུས་སུ་ཞི་གནས་དང་ལྷག་མཐོང་གི་སྦྱོར་བ་ལ་ཅི་ནུས་སུ་བསྒོམ་པར་བྱ་སྟེ། འདི་གཉིས་ཀྱིས་རྣལ་འབྱོར་ཡོངས་སུ་རྫོགས་པར་འགྱུར་རོ། །མཉམ་རྗེས་གཉིས་ཀ་དོན་དང་ལྡན་པར་སྒྲུབ་དགོས་པ་ཡང་འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་གསུངས་ཏེ། གནས་སྐབས་ཐམས་ཅད་དུ་སྤྱོད་ཡུལ་ཡོངས་སུ་དག་པ་སྒོམ་པས་སེམས་ཅན་གྱི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མདོ་དེ་ཉིད་ནས་ཕན་ཡོན་ཇི་སྐད་དུ་བསྟན་པ་དེ་བཞིན་དུ་སྤྱོད་ཡུལ་ཡོངས་སུ་དག་པ་སྒོམ་པ་ལ་ཉེ་བར་གནས་པའི་དྲན་པས་རྗེས་ཤེས་ཀྱི་དུས་ཐམས་ཅད་དུ་རྩོམ་པ་ཐམས་ཅད་ཚོགས་གཉིས་སུ་སློབ་པའི་ཐབས་ལ་མཁས་པ་གོམས་པར་བྱའོ། །སྤྱོད་ཡུལ་ཡོངས་སུ་དག་པའི་ཐབས་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་ནང་དུ་འཇུག་པའི་ཚེ་ཐར་པ་ཆེན་པོའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཉལ་བའི་ཚེ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག་ཅེས་པ་དང༌། རྨི་ལམ་བྱུང་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར་གྱུར་ཅིག་ཅེས་པ་དང༌། གཉིད་སད་པའི་ཚེ་མ་རིག་པ་ལས་སད་པར་གྱུར་ཅིག་ཅེས་པ་དང༌། ལྡང་བའི་ཚེ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཐོབ་པར་གྱུར་ཅིག་ཅེས་དང༌། གོས་གྱོན་པ་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར་གྱུར་ཅིག་ཅེས་པ་དང༌། སྐེ་རགས་འཆིང་བའི་ཚེ་དགེ་བའི་རྩ་བ་དང་འབྲེལ་བར་གྱུར་ཅིག་ཅེསཔ་དང༌། སྟན་ལ་འདུག་པའི་ཚེ་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་གྱུར་ཅིག་ཅེས་པ་དང༌། རྒྱབ་རྟེན་པའི་ཚེ་བྱང་ཆུབ་ཀྱི་ཤིང་ཐོབ་པར་གྱུར་ཅིག་ཅེས་པ་དང༌། མེ་གཏོང་བའི་ཚེ་ཉོན་མོངས་པའི་བུད་ཤིང་བསྲེག་པ་དང༌། མེ་འབར་བའི་ཚེ་ཡེ་ཤེས་ཀྱི་མེ་འབར་བ་དང༌། གཡོས་ཟིན་པའི་ཚེ་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པ་དང༌། ཟས་ཟ་བའི་ཚེ་བསམ་གཏན་གྱི་ཟས་ཐོབ་པ་དང༌། ཕྱིར་འགྲོ་བའི་ཚེ་འཁོར་བའི་གྲོང་ཁྱེར་ལས་ཐར་བ་དང༌། སྐས་ལ་འབབ་པའི་ཚེ་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་པ་དང༌། སྒོ་འབྱེད་པའི་ཚེ་ཐར་པའི་གྲོང་ཁྱེར་གྱི་སྒོ་འབྱེད་པ་དང༌། སྒོ་གཅོད་པའི་ཚེ་ངན་སོང་གསུམ་གྱི་སྒོ་གཅོད་པ་དང༌། ལམ་དུ་འཇུག་པའི་ཚེ་འཕགས་པའི་ལམ་དུ་འཇུག་པ་དང༌། གྱེན་ལ་འགྲོ་བའི་ཚེ་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་ས་ལ་འགོད་པ་དང༌། ཐུར་ལ་འབབ་པའི་ཚེ་ངན་སོང་གསུམ་གྱི་རྒྱུན་གཅོད་པ་དང༌། སེམས་ཅན་དང་ཕྲད་པའི་ཚེ་སངས་རྒྱས་མཇལ་བ་དང༌། རྐང་པ་འཇོག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྟོན་པ་དང༌། རྐང་པ་འདེགས་པའི་ཚེ་སེམས་ཅན་འཁོར་བ་ལས་འདོན་པ་དང༌། རྒྱན་དང་ལྡན་པར་མཐོང་ན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཐོབ་པ་དང༌། རྒྱན་མེད་པར་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང༌། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བ་དང༌། སྟོང་པ་མཐོང་ན་སྐྱོན་གྱིས་སྟོངས་པ་དང༌། སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བ་དང༌། མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བ་དང༌། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་ཐོབ་པ་དང༌། སྡུག་བསྔལ་བ་མཐོང་ན་སེམས་ཅན་གྱི་སྡུག་བསྔལ་ཞི་བར་བྱེད་པ་དང༌། ནད་པ་མཐོང་ན་ནད་ལས་གྲོལ་བ་དང༌། དྲིན་དུ་བཟོ་བར་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དྲིན་ལན་ལྡོན་པ་དང༌། དྲིན་དུ་མི་བཟོ་བ་མཐོང་ན་ལྟ་བ་ལ་སོགས་པ་དྲིན་དུ་མི་བཟོ་བ་དང༌། རྒོལ་བ་མཐོང་ན་ཕས་ཀྱི་རྒོལ་བ་ཚར་གཅོད་ནུས་པ་དང༌། བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པ་དང༌། ཆོས་ཀྱི་གཏམ་བྱེད་པའི་ཚེ་སངས་རྒྱས་ཀྱི་སྤོབས་པ་ཐོབ་པ་དང༌། སངས་རྒྱས་ཀྱི་སྐུ་གཟུགས་མཐོང་ན་སངས་རྒྱས་ཐམས་ཅད་མཐོང་བ་ལ་སྒྲིབ་པ་མེད་པ་དང༌། མཆོད་རྟེན་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བ་དང༌། ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པ་དང༌། ཕྱག་འཚལ་བ་མཐོང་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག ཅེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་སྙིང་རྗེ་སྒོམ་པ་དང༌། བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། ཐབས་ཤེས་གཉིས་སྒོམ་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་བསྒོམས་པའི་འབྲས་བུ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟར་སྙིང་རྗེ་དང༌། སྦྱིན་སོགས་ཐབས་དང་བྱང་ཆུབ་ཀྱི་སེམས་གཉིས་གོམས་པར་བྱས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་འདི་ལ་གདོན་མི་ཟ་བར་འབྲས་བུ་ཁྱད་པར་དུ་གྱུར་པ་འཐོབ་པར་འགྱུར་ཏེ་ཞེས་པའོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། འཇིག་རྟེན་གྱིས་བསྡུས་པའི་འབྲས་བུ་དང༌། འཇིག་རྟེན་ལས་འདས་པའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། ཚེ་འདིར་ཐོབ་པའི་འབྲས་བུ་དང༌། སྐྱེ་བ་གཞན་དུ་ཐོབ་པའི་འབྲས་བུའོ། །དང་པོ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ནི། རྒྱུ་ཚོགས་གསུམ་པོ་ལ་འབད་པ་བྱས་པ་དེས་ན་རྨི་ལམ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར། རྨི་ལམ་བཟང་པོ་སངས་རྒྱས་ཀྱིས་རང་ལ་ཆོས་སྟོན་པ་སོགས་གཞན་དག་ཀྱང་རྨི་བར་འགྱུར་རོ། །མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །ཞེས་གསུངས་པ་ལྟར་རོ། །དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཀྱང་རྗེས་སུ་ཡི་རང་ནས་ཕྱིའི་ཉེ་བར་འཚེ་བ་ལས་བསྲུང་བར་བྱེད་པར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་སྐད་ཅིག་རེ་རེ་ལ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་སོག་པར་འགྱུར་རོ། །བྲལ་བའི་འབྲས་བུ་ཉོན་མོངས་པའི་སྒྲིབ་པ་དང༌། དེ་དག་གི་གནས་ངན་ལེན་ཤེས་བྱའི་སྒྲིབ་པ་ཡང་བྱང་བར་འགྱུར། རྒྱུད་བླ་མ་ལས། ཉེ་བའི་ཉོན་མོངས་པའི་བག་ཆགས་ལ་ཤེས་སྒྲིབ་ཏུ་བཤད་དེ། ཉེ་བའི་ཉོན་མོངས་བག་ཆགས་སོ་ཞེས་གསུངས་པ་ལྟར་རོ། །འོག་ཏུ་ལུས་ལ་ཡང་ནད་ཀྱིས་མི་ཐེབས་པར་འགྱུར་རོ་ཞེས་པ་ཡང་བྱེད་པའི་འབྲས་བུར་སྦྱར་རོ། །ཡང་སྐྱེས་བུ་བྱེད་པའི་འབྲས་བུ་དུས་ཐམས་ཅད་དུ་ཡང་ལུས་ལ་བདེ་བ་དང་ཡིད་ལ་བདེ་བ་ཤིན་ཏུ་མང་བར་འགྱུར་རོ། །སྐྱེ་བོ་མང་པོ་ལ་ཡིད་སྡུག་པར་འགྱུར་རོ། །ཡང་རྒྱུ་མཐུན་གྱི་འབྲས་བུ་སེམས་ལ་དབང་ཐོབ་པས་ན་སེམས་ལས་སུ་རུང་བའི་མཆོག་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དག་ཀྱང་འཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་མཆོག་ཐོབ་པ་དེས་ན་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང༌། ལྷའི་རྣ་བའི་མངོན་པར་ཤེས་པ་ལ་སོགས་པ་མངོན་པར་ཤེས་པ་དྲུག་དང༌། ཤའི་སྤྱན་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་མང་པོ་འཐོབ་བོ། །སྤྱན་དང་མངོན་ཤེས་ཐོབ་པ་དེ་ནས་དེ་དག་གི་བྱེད་པས་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་སོང་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཆོས་ཀྱང་ཉན་ཏོ། །འཆི་བའི་ཚེ་ཡང་གདོན་མི་ཟ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་རོ། །གཉིས་པ་སྐྱེ་བ་གཞན་དུ་ཐོབ་པའི་འབྲས་བུ་ནི། ཡང་བདག་པོའི་འབྲས་བུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་མི་འབྲལ་བའི་ཡུལ་དུ་སྐྱེ་བར་འགྱུར་རོ། །རིགས་དང་འབྱོར་པ་ཁྱད་པར་དུ་འཕགས་པའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། །རྒྱུ་དེས་ན་རྒྱུ་མཐུན་གྱི་འབྲས་བུ་འབད་རྩོལ་ཆེན་པོ་མི་དགོས་པར་བསོད་ནམས་དང་ཡེ་ཤེས་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །བདག་པོའི་འབྲས་བུ་ལོངས་སྤྱོད་ཆེ་བ་དང༌། གཡོག་འཁོར་ཤིན་ཏུ་མང་བར་འགྱུར་རོ། །སྐྱེས་བུ་བྱེད་པའི་འབྲས་བུ་ལུང་དང་མངོན་པར་རྟོགས་པ་ལ་ཤེས་རབ་རྣོ་བས་ཆོས་སྟོན་པའི་སྒོ་ནས་གདུལ་བྱའི་སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་བྱེད་པར་ཡང་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་སྔོན་གྱི་ཚེ་རབས་དུ་མ་རྗེས་སུ་དྲན་པར་ཡང་འགྱུར་ཏེ། དེ་ལྟར་ན་ཚོགས་ལམ་དང་སྦྱོར་ལམ་གྱི་གནས་སྐབས་ན་ཡང་ཡོན་ཏན་ཚད་མེད་པ་ཐོབ་པ་མདོ་གཞན་དག་ལས་འབྱུང་བ་ལས་ཁོང་དུ་ཆུད་པར་བྱའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་འབྲས་བུ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ལྔ་སྟེ། མཐོང་ལམ་ས་དང་པོ་ཐོབ་པ་དང༌། སྒོམ་ལམ་ས་ལྷག་མ་དགུ་ཐོབ་པ་དང༌། མཐར་ཐུག་གི་ས་སངས་རྒྱས་ཐོབ་པ་དང༌། དེ་དག་གི་ཤེས་བྱེད་ཀྱི་ལུང་དྲང་བ་དང༌། སངས་རྒྱས་ཐོབ་པའི་ཆེད་དུ་འབད་པར་གདམས་པའོ། །དང་པོ་ནི། ཚོགས་ལམ་དང་སྦྱོར་ལམ་ལ་རིམ་གྱིས་ཞུགས་ནས་དེ་དག་གི་ཡོན་ཏན་ཚད་མེད་པ་ཐོབ་པ་དེས་གོང་དུ་བསྟན་པ་དེ་ལྟར་སྙིང་རྗེ་ཆེན་པོ་དང་སྦྱིན་སོགས་ཐབས་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་རྟོགས་པའི་ལྟ་བ་སྤྱོད་ལམ་རྣམ་པ་བཞིའི་དུས་རྟག་ཏུ་སྒོམ་པ་དང༌། གུས་པར་སྦྱོར་བའི་བརྩོན་འགྲུས་ཀྱིས་སྒོམ་པ་དང༌། རྟག་པར་སྦྱོར་བའི་བརྩོན་འགྲུས་ཀྱིས་ཡུན་རིང་དུ་བསྒོམས་ན་རིམ་གྱིས་སེམས་ཀྱི་རྒྱུད་ཉོན་མོངས་པས་ཤིན་ཏུ་དག་པ་དང༌། རབ་ཏུ་དག་པ་དང༌། ཡོངས་སུ་དག་པའི་བློའི་སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་འབྱུང་བས་རྣལ་འབྱོར་པའི་སེམས་རྒྱུད་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར། བཙུབས་ཤིང་བཙུབས་པ་ལས་བྱུང་བའི་མེས་ཤིང་རིམ་གྱིས་ཟད་པ་ན་གཉེན་པོ་སྲེག་བྱེད་ཀྱི་མེ་ཡང་ངང་གིས་འགག་པ་དེ་བཞིན་དུ་ཡང་དག་པ་སྟོང་པ་ཉིད་ཀྱི་དོན་ལ་མཉམ་པར་བཞག་ནས་སྒོམ་པ་རབ་ཀྱི་མཐར་ཕྱིན་པར་གྱུར་ན་གཉེན་པོ་ངེས་འབྱེད་ཆ་བཞིའི་དགག་རྟོག་གི་ཆ་ལ་སྟོང་ཉིད་རྟོགས་པའི་བློའི་རིག་མཐུན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་དུ་འགྱུར་ལ། སྟོང་པ་ཉིད་ཀྱི་དོན་ལ་བློ་ཇེ་གསལ་ཇེ་གསལ་དུ་སོང་བས་རྟོག་པའི་ཞེན་ཆ་རིམ་གྱིས་འགག་པ་ཉིད་དུ་འགྱུར་རོ། །དེ་ལྟར་གྱུར་པའི་ཚེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྔར་གྱི་རྟོག་པའི་རྒྱུན་གྱི་འཆིང་བྱེད་ཀྱི་དྲྭ་བ་མཐའ་དག་དང་བྲལ་བ་ཆོས་ཀྱི་དབྱིངས་རྟོག་པའི་སྤྲོས་པ་མེད་པ་ངོ་བོ་ཤིན་ཏུ་གསལ་བར་རྟོགས་པ་སྟེ། འདིའི་དུས་སུ་ཆོས་ཀྱི་དོན་སྤྱི་མ་བསྒྲིབས་པར་རང་གི་ངོ་བོ་ནམ་མཁའ་ལྟ་བུ་དངོས་སུ་སྣང་ངོ༌། །འདིའི་དུས་སུ་མཐོང་སྤང་གི་དྲི་མ་མེད་ཅིང་རྣམ་རྟོག་གི་རླུང་གིས་མི་གཡོ་ལ། དཔེར་ན་མར་མེ་རླུང་མེད་པར་གྱུར་པའི་གནས་སུ་བཞག་པ་བཞིན་དུ་གསལ་ལ་མི་གཡོ་བ་དང༌། རྣལ་འབྱོར་མངོན་སུམ་དུ་གྱུར་པས་ཆོས་ཉིད་ཀྱི་དོན་ལ་ཚད་མར་གྱུར་པ་དང༌། ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པ་དང༌། ཆོས་ཉིད་སྔར་མ་མཐོང་བ་གསར་དུ་མཐོང་བའི་ལམ་གྱིས་བསྡུས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་འབྱུང་ངོ༌། །དོན་དམ་བྱང་ཆུབ་ཀྱི་སེམས་དེ་དངོས་སུ་བྱུང་བས་དངོས་པོའི་མཐའ་དེ་བཞིན་ཉིད་དངོས་སུ་དམིགས་པ་ལ་ཞུགས་པ་ཡིན་ཏེ། དངོས་པོ་ཐམས་ཅད་རིགས་པས་བརྟགས་ན་མཐར་སྟོང་པ་ཉིད་ལས་མ་འདས་པས་ན་དེ་བཞིན་ཉིད་ལ་དངོས་པོའི་མཐའ་ཞེས་བརྗོད་ལ། དེ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །དེ་ཐོབ་པ་དེའི་ཚེ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ཏེ། སངས་རྒྱས་ཀྱི་ས་ལ་རྗེས་སུ་འགྲོ་བའི་ཡོན་ཏན་བརྙེས་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ཡིན་ཏེ། མཐོང་སྤང་གི་སྒྲིབ་གཉིས་སྤངས་པའི་ཕྱིར་རོ། །འཇུག་པ་ལས། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་ཡིན་ཏེ། འདི་ཡིས་ཀུན་ཏུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤངས་པར་འགྱུར། ཞེས་པ་ལྟར་རོ། །ཁམས་གསུམ་དུ་མི་ལྡོག་པའི་འདེངས་ཐོབ་པས་འཇིག་རྟེན་གྱི་འགྲོ་བ་མཐའ་དག་ལས་ལྡོག་པ་ཡིན་ནོ། །ཇོ་བོ་ཨ་ཏི་ཤས་ཀྱང༌། ཚོགས་ལམ་ཆེན་པོ་ཐོབ་ནས་ངན་སོང་དུ་ཕྱིར་མི་ལྡོག མཐོང་ལམ་ཐོབ་ནས་འཁོར་བར་ཕྱིར་མི་ལྡོག་ཅེས་བཤད་དོ། །ཚོགས་ལམ་ཆེན་པོ་ནི་འདིར་ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ལ་དགོངས་པར་མངོན་ནོ། །བྱང་ཆུབ་སེམས་དཔའི་རང་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་རྟོགས་པ་དང༌། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པ་ལ་གནས་པ་ཡིན། འདི་ནི་མཉམ་གཞག་ཏུ་ཆོས་ཉིད་རྟོགས་པའི་བྱེད་པས་རྗེས་ཐོབ་ཏུ་ཆོས་ཅན་ཐམས་ཅད་རང་རང་གི་ངོ་བོས་སྟོང་པ་ཉིད་དུ་སོ་སོར་སྒྲོ་འདོགས་ཆོད་པ་ནི་ཆོས་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་དོན་ནོ། །འདིའི་དུས་སུ་བྱང་ཆུབ་སེམས་དཔའི་ས་བཅུ་ལས་ས་དང་པོ་ཐོབ་པ་ཡིན་ནོ་ཞེས་བྱའོ། །དེ་དག་གི་ཕན་ཡོན་རྒྱས་པར་ནི་མདོ་སྡེ་ས་བཅུ་པ་ལ་སོགས་པ་ལས་ཁོང་དུ་ཆུད་པར་བྱའོ། །ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཏིང་ངེ་འཛིན་འདི་ལ་ནི་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ཞེས་བསྟན་ཏེ། གང་ལས་བསྟན་ན། འཕགས་པ་ལང་དཀར་གཤེགས་པའི་མདོ་ལས་བསྟན་ཏེ། ཇི་སྐད་དུ་བསྟན་ན། ས་དང་པོ་ཐོབ་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པའི་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པ་ཉིད་ལ་འཇུག་པའོ། །ཅི་ཙམ་གྱིས་རྣམ་པར་མི་རྟོག་པར་བརྗོད་ཅེ་ན། འཇིག་རྟེན་གྱི་ཐ་སྙད་ཀྱི་སྤྲོས་པ་ཡིད་ལ་མི་བྱེད་པས་ཀྱང་མི་རྟོག་ཡེ་ཤེས་སུ་འགྱུར་བ་མ་ཡིན་ཏེ། བྱིས་པ་ཆུང་ངུའི་ཤེས་པ་བཞིན་ནོ། །རྟོག་དཔྱོད་ལས་ཡང་དག་པར་འདས་པས་ཀྱང་མིན་ཏེ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཤེས་པ་བཞིན་ནོ། །རྟོག་པ་ཉེ་བར་ཞི་བས་ཀྱང་མིན་ཏེ། མིག་སོགས་དབང་པོ་བཞིན་ནོ། །རྟོག་པའི་ངོ་བོ་མིན་པ་ཙམ་གྱིས་ཀྱང་མིན་ཏེ། གཟུགས་སྒྲ་ལ་སོགས་པ་བཞིན་ནོ། །རྣམ་པར་རྟོག་པར་མི་བྱའོ་སྙམ་པའི་མངོན་བཏགས་སུ་འཛིན་པ་ཙམ་གྱིས་ཀྱང་མ་ཡིན་ཏེ། དེ་ནི་མཚན་མར་འཛིན་པ་ཡིན་པའི་ཕྱིར་རོ། །ཁྱད་པར་ལྔ་པོ་དེའི་ཆ་ནས་རྣམ་པར་མི་རྟོག་པར་བརྗོད་པ་ཡང་མ་ཡིན་ནོ། །དེས་ན་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཆོས་ཅན་སོ་སོ་ལ་རྣམ་པར་བརྟགས་ནས་གནས་ཚུལ་ལ་མ་རྙེད་པའི་དོན་ལེགས་པར་བསྒོམས་པས་མིང་དོན་གྱི་མཚན་མ་དང་མ་འདྲེས་པར་ནམ་མཁའ་ལྟ་བུའི་དོན་མངོན་དུ་གྱུར་པའི་ཡེ་ཤེས་ལ་བརྗོད་དོ། །འོ་ན་མོས་པའི་ས་དང་ས་དང་པོ་ལ་ཁྱད་པར་ཅི་ཡོད་ཅེ་ན། མོས་པས་སྤྱོད་པའི་ས་ལ་ནི་སྟོང་པ་ཉིད་དམ་བདག་མེད་ལ་མོས་པའི་དབང་གིས་འཇུག་པར་རྣམ་པར་གཞག་གི བདག་མེད་མངོན་སུམ་དུ་བྱེད་པས་ནི་མ་ཡིན་ནོ། །ས་དང་པོ་ཐོབ་ནས་མཐོང་ལམ་གྱི་ཡེ་ཤེས་དེ་བྱུང་བར་གྱུར་ན་ནི་བདག་མེད་པའི་དོན་ལ་མངོན་སུམ་དུ་ཞུགས་པ་ཡིན་ནོ། །དབུ་མའི་སྐབས་འདིར་ནི་རྟོག་གེ་པ་ལྟར་ཡུལ་ཅན་ལ་མངོན་སུམ་དུ་འདོད་པ་མིན་ནོ། །འོ་ན་ཅི་ཞེ་ན། མ་བསྒྲིབས་པའི་ཡུལ་ལ་མངོན་སུམ་དུ་བརྗོད་པ་ཡིན་ནོ། །འདི་ནི་སྟོང་པ་ཉིད་དོ། །འདི་ནི་བདག་མེད་པའོ་ཞེས་སྙམ་པ་ཙམ་ནི་མིང་སྤྱི་ཙམ་ཡུལ་དུ་བྱེད་པ་ཡིན་གྱི། སྟོང་པ་ཉིད་དང་བདག་མེད་ཀྱི་དོན་ཁོང་དུ་ཆུད་པའི་གྲངས་སུ་མི་འགྲོའོ། །གཉིས་པ་སྒོམ་ལམ་པས་ལྷག་མ་དགུ་ཐོབ་པར་བསྟན་པ་ནི། དེ་ལྟར་ས་དང་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་དེ་ས་དང་པོ་ཐོབ་པ་ཙམ་གྱིས་ཆོག་པར་མི་འཛིན་པར་ཕྱིས་སྟོང་ཉིད་མངོན་སུམ་དུ་མཐོང་ཟིན་སྒོམ་པའི་ལམ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཉམ་གཞག་གི་བསྡུས་པ་དང༌། དེའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་གཉིས་ཀྱིས་ཤེས་རབ་དང་ཐབས་ཀྱི་ལམ་མཉམ་རྗེས་གཉིས་སུ་བསྒོམས་པས་རིམ་གྱིས་སྒོམ་པས་སྤང་བར་བྱ་བའི་སྒྲིབ་པ་ཐོག་མ་མེད་པ་ནས་སེམས་རྒྱུད་ལ་བསག་པ་སྤང་དཀའ་བ་དང་ཕྲ་བ་ལས་ཀྱང་ཆེས་ཕྲ་བ་རིམ་གྱིས་བྱང་བར་བྱ་བའི་ཕྱིར་དང༌། ཡོན་ཏན་ཁྱད་པར་ཅན་བརྒྱ་ཕྲག་བཅུ་གཉིས་དང༌། སྟོང་ཕྲག་བཅུ་གཉིས་དང༌། འབུམ་ཕྲག་བཅུ་གཉིས་ལ་སོགས་པ་ཡོན་ཏན་གོང་མ་ཐོབ་པར་བྱ་བའི་ཕྱིར་དུ་ས་གོང་མ་གོང་མ་རྣམས་རིམ་གྱིས་ཡོངས་སུ་སྦྱོང་སྟེ། མངོན་པར་རྟོགས་པའི་རྒྱན་ལས། ས་དང་པོའི་ཡོངས་སྦྱོང་བཅུ་དང༌། གཉིས་པའི་ཡོངས་སྦྱོང་བརྒྱད་དང༌། ས་གསུམ་པའི་ཡོངས་སྦྱོང་ལྔ་ལ་སོགས་པ་བསྟན་པ་ལྟ་བུས་ཡོངས་སུ་སྦྱོང་བའོ། །གསུམ་པ་མཐར་ཐུག་གི་ས་སངས་རྒྱས་ཐོབ་པ་ནི། ས་བཅུ་རིམ་གྱིས་སྦྱོང་བས་འབྲས་བུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ས་ཐོབ་ཀྱི་བར་ལ་ཞུགས་ནས་དཔག་ཏུ་མེད་པའི་ཡོན་ཏན་གྱི་འབྱུང་གནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོར་འཇུག་ཟིན་ཅིང༌། སྔར་ལམ་ཉམས་སུ་བླངས་པའི་དགོས་པ་ཡོངས་སུ་གྲུབ་པ་སངས་རྒྱས་ལ་དམིགས་ནས་ལམ་ཉམས་སུ་བླངས་པའི་འབྲས་བུ་མཐར་ཐུག་པ་ཡང་ཐོབ་སྟེ། སངས་རྒྱས་ཐོབ་པའི་ཆེད་དུ་དམིགས་ནས་ལམ་ཉམས་སུ་བླངས་པའི་འབྲས་བུ་ཐོབ་ཟིན་པའི་ཕྱིར། བཞི་པ་དེ་དག་གི་ཤེས་བྱེད་ཀྱི་ལུང་དྲང་བ་ནི། སྙིང་རྗེ་ཆེན་པོ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་གོང་དུ་བསྟན་པ་འདི་ལྟར་སྒོམ་པའི་རིམ་པ་འདི་ཁོ་ནས་བསྐལ་པ་དུ་མར་བསྒོམས་ན་སེམས་ཀྱི་རྒྱུད་སྒྲིབ་པས་ཡོངས་སུ་དག་པར་འཕགས་པ་ལང་དཀར་གཤེགས་པའི་མདོ་ལས་ཀྱང་བཀའ་སྩལ་ཏོ། །ཀྱང་ནི་མདོ་གཞན་བསྡུད་པའོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས་ཀྱང་གསུངས་སོ་ཞེས་སྦྱར་རོ། །མདོ་དེ་བཤད་པ་ནི། རྣལ་འབྱོར་པས་རིམ་གྱིས་ས་འོག་མ་འོག་མ་རྣམས་ཐོབ་པར་བྱས་ནས་ས་གོང་མ་གོང་མ་རྣམས་སུ་གསེར་གྱི་གཡའ་རགས་པ་རགས་པ་རྣམས་སྔར་སྦྱངས་ལ། ཕྲ་བ་ཕྲ་བ་རྣམས་ཕྱི་མ་ཕྱི་མར་སྦྱོང་བ་ལྟ་བུར་སེམས་ཀྱི་དྲི་མ་རགས་པ་རྣམས་སྔ་མར་སྦྱོང་ལ། ཕྲ་བ་རྣམས་ཕྱི་མར་སྦྱོང་བའི་རིམ་པས་སྦྱོང་ལ། མཐར་གསེར་གཡའ་མཐའ་དག་གིས་དག་པས་དྲི་མ་མེད་པ་བཞིན་དུ་སེམས་རྒྱུད་དྲི་མ་མཐའ་དག་གིས་དག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡོན་ཏན་རྣམས་རིམ་གྱིས་ཐོབ་སྟེ། ཤེས་བྱ་མ་ལུས་པ་མངོན་སུམ་དུ་ཐུགས་སུ་ཆུད་པས་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱའོ། །ལྔ་པ་སངས་རྒྱས་ཐོབ་པའི་ཆེད་དུ་འབད་པར་གདམས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བས་གདུལ་བྱ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་ལ་འགོད་པའི་ཕྲིན་ལས་སྒྲུབ་པས་ན་ཡོན་ཏན་མཐའ་དག་གི་འབྱུང་གནས་སུ་གྲུབ་པ་ཡིན་ལ། འདི་མོས་པའི་ཡུལ་དུ་བྱས་ནས་གུས་པའི་དད་པ་བསྐྱེད་ལ། སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་དེ་དག་ཡོངས་སུ་སྒྲུབ་པའི་ཕྱིར་དུ་མཉམ་རྗེས་གཉིས་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའི་ལམ་སྒོ་ཐམས་ཅད་ཀྱིས་སྒྲུབ་པ་ལ་འབད་པར་བྱའོ། །གང་དད་པ་བསྐྱེད་པར་བྱ་བའི་སངས་རྒྱས་བཅོམ་ལྡན་འདས་ཇི་ལྟ་བུ་ཞེ་ན། ཐམས་ཅད་མཁྱེན་པ་ཡོན་ཏན་ཚད་དང་གྲངས་ཀྱིས་དཔག་ཏུ་མེད་པ་ཉིད་ཀྱི་རྒྱ་མཚོ་དེར་ཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི། དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་འབད་པ་དང་རྣམ་རྟོག་མེད་བཞིན་དུ་སེམས་ཅན་མཐའ་དག་གི་ཉེ་བར་འཚོ་བའི་ཡོན་ཏན་ཟད་མི་ཤེས་པ་ཉིད་ཀྱི་ཕུང་པོ་དང་ལྡན་ཞིང༌། བྱང་ཆུབ་ཐོབ་པར་འདུན་པའི་སྔོན་གྱི་སྨོན་ལམ་གྱི་འབྲས་བུ་གྲུབ་པས་ན་སྔོན་གྱི་སྨོན་པ་དོན་ཡོད་པར་མཛད་ལ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་དུ་ནི་གྱུར་ཅིང༌། མཛད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ་དུ་གང་ལ་གང་འདུལ་གྱི་ཐབས་སྣ་ཚོགས་པ་དག་དང༌། སྐུའི་སྤྲུལ་པ་སྣ་ཚོགས་པ་དག་གིས་ཁམས་གསུམ་ན་གནས་པའི་འགྲོ་བ་མ་ལུས་པའི་དོན་རྣམ་པ་ཐམས་ཅད་གང་ལ་གང་འོས་སུ་མཛད་པ་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་ཆ་ཤས་མ་ལུས་པ་རབ་ཀྱི་མཐར་ཕྱིན་པར་གྱུར་ཅིང༌། སྒྲིབ་གཉིས་བག་ཆགས་དང་བཅས་པའི་ཉེས་པའི་དྲྭ་བ་མཐའ་དག་ནི་གཉེན་པོ་ཡེ་ཤེས་རབ་ཏུ་བརྙེས་པས་བསལ་ནས། ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་གྱི་ཁམས་ཀྱི་མཐའ་གཏུགས་པར་ཏེ་ཟད་ཀྱི་བར་དུ་གཞན་གྱི་དོན་ལ་བཞུགས་པ་ཡིན་པར་ཤེས་པར་བྱའོ། །གང་གིས་ན། རྣམ་པར་དཔྱོད་པ་རྟོག་པ་དང་ལྡན་པས་སོ། །གཉིས་པ་དོན་བསྡུ་བ་ནི། བླ་ན་མེད་པའི་བྱང་ཆུབ་ནི་སྙིང་རྗེ་ཆེན་པོ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན་པ་དེ་ལྟ་བས་ན། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་བཀའ་སྩལ་ཏོ། །གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ཐབས་སྙིང་རྗེ་ཆེན་པོའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། སྦྱིན་སོགས་ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ་ཞེས་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་རིན་ཆེན་ཕྲེང་བ་ལས། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་ལྷུན་པོ་ལྟར་བརྟན་དང༌། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་སོ། །བཞི་པ་ཆོས་བླང་བར་གདམས་པ་ནི། གང་ཟག་དམ་པ་རྣམས་ཀྱི་ཚུལ་ནི། ཡོན་ཏན་གྱིས་མི་ངོམས་ཤིང༌། ང་རྒྱལ་མེད་པ་གཞན་གྱི་ལེགས་བཤད་ལེན་པ་ཡིན་ནོ་ཞེས་སྟོན་པ་ནི། གང་ཟག་དམ་པ་ཕྲག་དོག་དང་ང་རྒྱལ་ལ་སོགས་པའི་དྲི་མ་རིང་དུ་སྤངས་པ་དང༌། ཆུས་ཡོངས་སུ་གང་བའི་མཚོ་ཆུས་མི་ངོམས་པ་དག་དང་འདྲ་བར་གསུང་རབ་མང་དུ་ཐོས་པའི་ཡོན་ཏན་རྣམས་ཀྱིས་མི་ངོམས་ཤིང༌། གསུང་རབ་ཀྱི་དོན་ལུང་དང་རིགས་པས་རྣམ་པར་ཕྱེ་ནས་ལེགས་པར་བཤད་པ་རྣམས་རབ་ཏུ་བརྩོན་པས་འཛིན་པར་བྱེད་དོ། །དཔེར་ན་བྱ་ངང་པ་རབ་ཏུ་དགའ་བའི་བློས་ཆུ་དང་འོ་མ་རབ་ཏུ་འདྲེས་པ་ལས་འོ་མ་ལེན་པ་བཞིན། གང་ཟག་དམ་པ་རྣམས་ཀྱི་ཚུལ་དེ་ལྟ་ཡིན་པ་དེ་བས་ན་རྣམ་དཔྱོད་དང་ལྡན་པའི་མཁས་པ་རྣམས་ཀྱིས་ཕྱོགས་སུ་ལྷུང་བའི་ཆགས་སྡང་གིས་སེམས་དཀྲུགས་པའི་ཡིད་རིང་དུ་སྤངས་ལ་གཟུ་བོའི་བློས་བྱིས་པ་སོ་སོ་སྐྱེ་བོ་མཁས་པས་ཀྱང་ལེགས་པར་བཤད་པ་ཐམས་ཅད་བླང་བར་བྱ་བ་ཡིན་པས་ཁོ་བོའི་ལེགས་བཤད་འདི་ཡང་གཟུ་བོའི་བློས་བླང་བར་བྱའོ་ཞེས་གདམས་སོ། །ལྔ་པ་བཤད་པའི་བསོད་ནམས་བསྔོ་བ་ནི། ཞི་བ་མྱང་འདས་ཀྱི་མཐར་མི་ལྟུང་བའི་ཐབས་སྙིང་རྗེ་ཆེན་པོ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། སྲིད་པ་འཁོར་བར་མི་ལྟུང་བའི་ཐབས་དོན་དམ་བྱང་ཆུབ་ཀྱི་སེམས་གོང་དུ་བཤད་པ་དེ་ལྟར་དབུ་མའི་ལམ་བཤད་པ་ལས་བྱུང་བའི་དགེ་བ་སྟོན་ཀའི་ཟླ་འོད་ལྟར་རབ་ཏུ་དཀར་བ་གང་ཐོབ་པའི་བསོད་ནམས་དེ་ཡིས་སྐྱེ་བོ་མ་ལུས་པ་དབུ་མའི་ལམ་འདིར་ཞུགས་ནས་ཆོས་སྐུ་ཐོབ་པར་ཤོག ཅེས་པའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་སྒོམ་པའི་རིམ་པ་ཨ་ཙཱརྻ་ནི་སློབ་དཔོན་ནོ། །ཀ་མ་ལ་ཤཱི་ལ་ནི་པདྨའི་ངང་ཚུལ་ལོ། །སློབ་དཔོན་དེས་བར་དུ་མཛད་པའོ། །སྒྱུར་བྱེད་གང་གིས་ན། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་སྟེ་ཤེས་རབ་གོ་ཆ་དང༌། ལོ་ཙཱ་བ་ནི་འཇིག་རྟེན་གྱི་མིག་ཅེས་པའོ། །བན་དྷེ་ཡེ་ཤེས་སྡེས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པའོ། །ལྷ་དང་ལྷ་མིན་གྲུབ་པ་གདེངས་ཅན་དབང༌། །གང་གི་ཡན་ལག་མཆོག་བརྒྱུད་བདེ་གཤེགས་ཀྱི། །གསུང་རབ་ཡན་ལག་བརྒྱད་ལྡན་ཟབ་མོའི་དོན། །རབ་གསལ་ཉི་མའི་དཀྱིལ་འཁོར་པདྨོའི་གཉེན། །སྐལ་ལྡན་འགྲོ་ལ་ཐར་ལམ་ཤིང་རྟའི་སྲོལ། །རབ་ཏུ་རྣམ་འབྱེད་མཁས་པའི་གསུང་རབ་དོན། །ལུང་རིགས་འོད་ཀྱིས་ཇི་བཞིན་གསལ་བྱས་པ། །ཡོངས་སུ་བརྗོད་པའི་དགེ་ཚོགས་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་ཀུན། །བླ་མེད་ཐར་པའི་གླིང་དུ་གནས་གྱུར་ཅིག །ལུས་ཀྱི་དབང་པོ་སྐྱེད་བྱེད་འགྲོ་ཚོགས་བཅས། །མ་ལུས་དགེ་ཚོགས་པདྨོ་རབ་རྒྱས་ཏེ། །དབུ་མའི་ལམ་ལས་བྱང་ཆུབ་བགྲོད་ལྡན་ཞིང༌། །ཕྲིན་ལས་འོད་བརྒྱ་འགྲོ་ལ་རྒྱས་གྱུར་ཅིག །བླ་ན་མེད་པའི་བྱང་ཆུབ་ཏུ་བགྲོད་པའི་ལམ་ཞི་གནས་དང་ལྷག་མཐོང་སྒོམ་པའི་རིམ་པ་འདི་ནི་ཧྭ་ཤང་མ་ཧཱ་ཡ་ན་ལ་སོགས་པའི་རྗེས་སུ་འཇུག་པའི་ལོག་རྟོག་བསལ་བའི་དོན་དུ་སའི་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསྐུལ་བའི་ངོར་སློབ་དཔོན་པདྨའི་ངང་ཚུལ་གྱིས་མཛད་པའི་སྒོམ་རིམ་བར་པ་ལུང་དང་རིགས་པས་ལེགས་པར་བཤད་པ་འདི་ཐར་འདོད་ཀྱི་སྐྱེ་བོ་རྣམས་ཀྱིས་ཡོངས་སུ་བླང་བར་རིགས་སོ་ཞེས་གདམས་སོ། །རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་དམ་པའི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་ཞེས་བྱ་བའི་མན་ངག་ཐུན་མོང་མ་ཡིན་པ་རྣམས་ཀྱང་འདི་ན་ཡོད་པས་ཡིད་ཆེས་པར་གྱིས་ཤིག །ཤུ་བྷཾ། འདི་ནི་ཤྲཱི་པུ་ཎྱ་མ་ཏིའི་དཔེའོ།། །།ཞུས་དག །དགེའོ།། །།«སྒོམ་རིམ་གསུམ་གྱི་བརྒྱུད་པ་ནི། གྲོ་ས་བ་བླ་མ་རིན་བསོད་པ། རྗེ་བཙུན་རོང་སྟོན་ཆེན་པོ། དེས་བདག་བསོད་ནམས་བློ་གྲོས་ལ། ཡང་སྒོམ་རིམ་གསུམ་གྱི་བརྒྱུད་པ་ནི། བླ་མ་རྒྱས་སྟེངས་པ་རིན་ཆེན་འཕེལ། རྗེ་བཙུན་རོང་སྟོན་ཆེན་པོ། དེས་བདག་ལའོ། །དེ་ལ་གཉིས་ཡན་གྱི་བརྒྱུད་ཡིག་གཞན་ནས་བཙལ་ལོ།། །།» ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply