༄༅། །སྒོམ་རིམ་ཐ་མའི་འགྲེལ་པ་ལྷའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།།
སྒོམ་རིམ་ཐ་མའི་འགྲེལ་པ་ལེགས་བཤད་ལྷའི་རྔ་སྒྲ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚད་མེད་ཐུགས་རྗེའི་འོད་ཀྱིས་རྨོངས་པའི་མུན་པ་སྤོང་མཛད་ཅིང༌། །ཞབས་ཀྱིས་སེང་གེ་སེན་མོའི་སྐྲ་ཅན་དྲེགས་ལྡན་དཔུང་ཚོགས་ཀྱིས། །ཀླུ་དབང་གཙུག་ན་ནོར་བུ་བཞིན་དུ་གུས་པས་རབ་མཆོད་པ། །ངག་གི་སྤོབས་པ་མི་ཟད་ལྷག་པའི་ལྷ་ལ་གུས་པས་འདུད། །ཆེ་བའི་ཆེ་བ་ཡོན་ཏན་རྒྱན་ཚོགས་མི་གཏོང་ཡོངས་སུ་འཛིན་པ་ཉིད། །ཕྲིན་ལས་འོད་བརྒྱ་རྣམ་པར་གཡོ་བ་སྲིད་ཞིའི་དཔལ་གྱུར་ཅིང༌། །དཔལ་ལྡན་ཡོན་ཏན་དམ་པས་ཡོངས་བཟུང་མ་སྨད་ཡིད་འོང་བ། །འཇིག་རྟེན་ལྷ་བརྒྱའི་གཙུག་ན་མངོན་མཐོ་ཀུན་ཏུ་རྒྱལ་གྱུར་ཅིག །སྐལ་ལྡན་འགྲོ་ལ་ལེགས་བཤད་བདུད་རྩིའི་དགའ་སྟོན་འགྱེད་མཛད་ཅིང༌། །ལྷ་ཡི་དཔག་བསམ་དཔག་ཡས་ཡོན་ཏན་པདྨོ་རབ་རྒྱས་ཏེ། །ཕྲིན་ལས་དྲི་བསུང་མ་ལུས་སེམས་ཅན་འགྲོ་ལ་རྒྱས་གྱུར་པ། །སྒྲིབ་གཉིས་སྤྲིན་བྲལ་མཁའ་ལ་རྒྱལ་བ་ཉིན་བྱེད་དབང་པོ་རྒྱལ། །ཡང་དག་རིགས་པའི་རྡོ་རྗེས་ལོག་ལྟའི་ལྷ་མིན་དཔུང་ཚོགས་ཀུན། །མ་ལུས་ཕམ་མཛད་ཤེས་བྱའི་མཁའ་ལ་བློ་གྲོས་སྤྲིན་ཕྲེང་གཡོ། །སྨྲ་བའི་དབང་པོ་བདེ་གཤེགས་གསུང་གི་རི་བོང་འཛིན་པ་ཅན། །མི་དམན་མཁྱེན་པ་རབ་རྒྱས་པདྨའི་ངང་ཚུལ་རྒྱལ་གྱུར་ཅིག །ཟབ་ཅིང་རྒྱ་ཆེའི་དོན་ལྡན་ལེགས་བཤད་འོད་བརྒྱ་ལྡན་པ་ཅན། །བདེ་གཤེགས་གསུང་གི་དོན་ལྡན་ཐར་ལམ་ཤིང་རྟའི་སྲོལ་འབྱེད་པ། །སྐྱོན་བྲལ་ངག་གིས་ཟབ་མོའི་དོན་སྟོན་མཁས་པའི་ཡིད་འཕྲོག་ཅིང༌། །གསུང་རབ་ཀུན་གྱི་སྙིང་པོའི་དོན་ལྡན་རྣམ་པར་དབྱེ་བར་བྱ། །སྒོམ་པའི་རིམ་པ་སློབ་དཔོན་པདྨ་ཚུལ་ཁྲིམས་ཀྱིས་ཐ་མར་མཛད་པ་འདི་ལ་དོན་ལྔ་སྟེ། མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བ་དང༌། བསྒོམ་པར་བྱ་བའི་རང་བཞིན་བཤད་པ་དང༌། བཤད་པའི་བསོད་ནམས་བསྔོ་བ་དང༌། བཤད་པ་ལ་འཇུག་པར་གདམས་པའོ། །དང་པོ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་པའོ། །གཉིས་པ་ནི། ཐེག་པ་ཆེན་པོའི་མདོ་སྡེའི་ཚུལ་ལ་འཇུག་པར་འདོད་པ་དང༌། ཞུགས་པ་རྣམས་ལ་ལམ་མ་ནོར་བར་བསྟན་པར་བྱ་བའི་ཕྱིར་དུ། མདོ་ལས་སྒོམ་པའི་རིམ་པ་མཐའ་ཡས་པ་གསུངས་ཀྱང་འདིར་མདོར་བསྡུས་ཏེ་ལམ་ཚང་ལ་མ་ནོར་བ་བརྗོད་པར་བྱའོ། །གསུམ་པ་བསྒོམ་བྱའི་རང་བཞིན་བཤད་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། ཞི་གནས་དང་ལྷག་མཐོང་གི་རང་བཞིན། སྒོམ་པའི་ཐབས་ཀྱི་རིམ་པ། གཞན་གྱི་ལོག་རྟོག་དགག་པ། བསྒོམས་པའི་འབྲས་བུ་བསྟན་པའོ། །དང་པོ་ལ་ལྔ་སྟེ། ཞི་གནས་དང་ལྷག་མཐོང་བརྗོད་པར་དམ་བཅའ་བ། ཞི་གནས་དང་ལྷག་མཐོང་གཉིས་ཀྱི་བྱེད་པ། གང་ལ་འཇུག་པའི་ཡུལ་བསྟན་པ། ཞུགས་པའི་འབྲས་བུ་བསྡུས་ཏེ་བསྟན་པ། བསྒོམ་བྱ་གཉིས་ཀྱི་མཚན་ཉིད་ཀྱི་ཁྱད་པར་རོ། །དང་པོ་ནི། སྒོམ་པའི་རིམ་པ་བསྟན་པ་དེ་ལ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་འཇུག་པའི་ལམ་དེ་ཉིད་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་དུ་མ་ལས་རྒྱས་པར་བསྟན་ཟིན་པས་དོན་མེད་དོ་ཞེ་ན། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་གྱི་ཏིང་ངེ་འཛིན་ཚད་མེད་པ་དང་དཔག་ཏུ་མེད་པ་ལ་སོགས་པ་མདོ་སྡེ་དུ་མ་ནས་བསྟན་ཏུ་ཟིན་ཀྱང་མདོ་སྡེ་མཐའ་ཡས་པ་ལ་བལྟ་བར་མི་ནུས་པའི་གདུལ་བྱ་རྣམས་ཀྱིས་རྣལ་འབྱོར་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དུ་ཞི་གནས་དང་ལྷག་མཐོང་གཉིས་བསྡུས་ཏེ་བརྗོད་དོ། །དེ་གཉིས་བརྗོད་པས་ཏིང་ངེ་འཛིན་རྫོགས་པར་བསྟན་པར་མི་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་ལ་ཁྱབ་པས་ནའོ། །གཉིས་པ་ཞི་གནས་དང་ལྷག་མཐོང་གཉིས་ཀྱི་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས་མདོ་དགོངས་པ་ངེས་འགྲེལ་ནས་བཀའ་སྩལ་པ་ཞེས་པ་ནས། ཞེས་སོ་ཞེས་པའི་བར་གྱིས་སྟོན་ཏེ། འཁོར་བར་སྐྱེ་བ་ལེན་པ་པོའི་གང་ཟག་འཁོར་བ་ལས་ཐར་བར་འདོད་པ་རྣམས་ཀྱིས་ཞི་གནས་དང་ལྷག་མཐོང་གཉིས་བསྒོམ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། ལྷག་མཐོང་དང་ཞི་གནས་གཉིས་ཤིན་ཏུ་གོམས་པར་བྱས་ན་ནི་གནས་ངན་ལེན་གྱི་འཆིང་བ་ཉོན་མོངས་པ་དང༌། མཚན་མའི་འཆིང་བ་ཤེས་བྱའི་སྒྲིབ་པ་ལས་གྲོལ་བར་འགྱུར་རོ་ཞེས་བཤད་དོ། །གནས་ངན་པ་ནི་འཁོར་བ་ཡིན་ལ་དེར་སྐྱེ་བ་ལེན་པར་བྱེད་པས་ན་གནས་ངན་ལེན་ཞེས་བརྗོད་དོ། །མཚན་མ་ནི་ཆོས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རང་གི་ངོ་བོའོ། །དེ་འཛིན་པ་ནི་མཚན་མར་འཛིན་པའོ། །དེ་ལས་བདེན་པར་མངོན་པར་ཞེན་པ་སྐྱེ་བས་མཚན་མའི་འཆིང་བ་ཞེས་བྱའོ། །ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་སྒྲིབ་པ་གཉིས་སྤོང་བ་དེ་ལྟ་བས་ན་སྒྲིབ་པ་མཐའ་དག་སྤོང་བར་འདོད་པའི་རྣལ་འབྱོར་པས་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་དུ་བསྒོམ་པར་བྱའོ། །ཇི་སྐད་དུ་བཤེས་སྤྲིང་ལས། ཤེས་རབ་མེད་ལ་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་འདི་གཉིས་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་བཙལ་བར་བྱ། །ཞེས་སོ། །ཅིའི་ཕྱིར་ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་སྒྲིབ་པ་སྤོང་བར་བྱེད་ཅེ་ན། ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་མེད་པའི་གནས་ན་གནས་པ་བཞིན་དུ་གང་ལ་སེམས་གཏད་པའི་དམིགས་པ་ལས་སེམས་གཞན་དུ་མི་གཡོ་བར་འགྱུར་རོ། །གང་དམིགས་པའི་ཡུལ་མ་རྟོག་པ་ནི་དགག་བྱ་མིན་ལ། དེ་ལས་གཞན་དུ་སེམས་གཡེང་བ་ཉིད་དགག་བྱའོ། །སེམས་འཛིན་པའི་དུས་སུ་རྟོག་པ་དགག་བྱར་བཤད་པ་ནི་འདི་ཉིད་ལ་དགོངས་སོ། །སྤྱིར་རྟོག་པ་ཙམ་ལ་དགག་བྱར་འདོད་ན་ནི་སོ་སོ་སྐྱེ་བོས་ཞི་གནས་དང་ལྷག་མཐོང་གི་དམིགས་པ་ལ་ཇི་ལྟར་སྒྲོ་འདོགས་གཅོད་པར་འགྱུར། ལྷག་མཐོང་གིས་ནི་མུན་པས་ཁྱབ་པར་འགྱུར་བའི་གནས་སུ་ཉི་མ་ཤར་བ་ན་མུན་པ་མི་གནས་པ་བཞིན་དུ་ཆོས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་དེ་ཁོ་ན་ཉིད་སྟོང་པ་ཉིད་ཀྱི་དོན་འཐད་པ་སྒྲུབ་པའི་རིགས་པ་ལ་བརྟེན་པའི་རྨི་ལམ་མམ་ཆུ་ཟླ་ལྟ་བུའི་དཔེ་ལ་བརྟེན་ནས་དོན་འཇལ་བའི་དཔེ་ཉེར་འཇལ་གྱི་ཚད་མས་ཇི་ལྟ་བ་བཞིན་དུ་རྟོགས་པས་ཡང་དག་པའི་ཡུལ་ཅན་གྱི་ཤེས་པའི་སྣང་བ་འབྱུང་སྟེ། ཡེ་ཤེས་ཀྱི་སྣང་བ་འབྱུང་བ་ན་སྒྲིབ་པའི་རྩ་བ་བདེན་འཛིན་བཅད་པས་སྒྲིབ་པ་མཐའ་དག་སྤོང་བར་འགྱུར་རོ། །དཔེར་ན་རྩ་བ་བཅད་པའི་ཡལ་ག་བཞིན་ནོ། །གསུམ་པ་གང་ལ་འཇུག་པའི་ཡུལ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ལམ་གྱི་གནས་སྐབས་སམ་ལམ་གྱི་ངོ་བོ་ནི་ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་རྫོགས་པར་འགྱུར་བ་དེ་བས་ན། བཅོམ་ལྡན་འདས་ཀྱིས་དགོངས་འགྲེལ་དུ་རྣལ་འབྱོར་པ་རྣམས་ཀྱི་ལམ་གྱི་དམིགས་པའི་དངོས་པོའི་དབྱེ་བ་བཞི་བསྟན་ཏེ། ཚོགས་ལམ་དུ་ཞི་གནས་ཀྱིས་དོན་སྤྱི་ལ་དམིགས་པས་རྣམ་པར་མི་རྟོག་པའི་གཟུགས་བརྙན་དང༌། ངེས་འབྱེད་ཆ་མཐུན་གྱི་དུས་སུ་ཞི་གནས་ལ་སྣང་བའི་དོན་སྤྱི་ལ་ལྷག་མཐོང་གིས་དཔྱོད་པར་བྱེད་པས་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། མཐོང་སྒོམ་གཉིས་ཀྱི་དུས་སུ་དངོས་པོའི་མཐའ་དེ་བཞིན་ཉིད་ལ་དམིགས་པ་དང༌། མི་སློབ་པའི་དུས་མངོན་པར་འདོད་པའི་དགོས་པ་ཡོངས་སུ་གྲུབ་པའོ། །འདི་ལ་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་བྱར་དམིགས་པས་དམིགས་པ་ཞེས་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ནི། ལམ་གྱི་དམིགས་པ་བཞི་ཡོད་པ་དེ་ལ་ཞི་གནས་ཀྱིས་ནི་ཚོགས་ལམ་དང༌། སྦྱོར་ལམ་གྱི་དུས་སུ་ནི་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་དོན་སྤྱི་ཙམ་ལ་དམིགས་པས་ན་གཟུགས་བརྙན་ལ་དམིགས་པ་གང་ཡིན་པ་ཞེས་བྱ་བ་དང༌། སངས་རྒྱས་གྱི་སྐུ་གཟུགས་ལ་སོགས་པ་ལ་སངས་རྒྱས་སུ་མོས་ནས་དམིགས་པ་སྟེ། དེ་ལ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་བྱའོ། །རྣམ་པར་མི་རྟོག་པ་གང་ཞེ་ན། མི་རྟོག་པ་དང་གཟུགས་བརྙན་ཞེས་ཚིགས་གཉིས་གསུངས་པ་དེ་ལ་ཚོགས་ལམ་གྱི་དུས་སུ་ཞི་གནས་ཀྱིས་ནི་ཡུལ་གྱི་དོན་སྤྱི་ཙམ་ལ་སེམས་འཛིན་པ་ཡིན་གྱི། ཡང་དག་པའི་དོན་ལ་རིགས་པས་རྣམ་པར་རྟོག་པ་དང་དཔྱོད་པ་མེད་པས་ན་རྣམ་པར་མི་རྟོག་པ་ཞེས་བྱའོ། །གཟུགས་བརྙན་ཞེས་སྨོས་པའི་དོན་གང་ཞེ་ན། ཇི་ལྟར་ཐོས་པ་དང་ཇི་ལྟར་སེམས་ཀྱིས་ཟིན་པའི་ཆོས་རྣམས་ཀྱི་གཟུགས་བརྙན་ལ་མོས་པའམ་དོན་སྤྱི་ཙམ་ཡུལ་དུ་བྱས་ཏེ་དམིགས་པས་ན་གཟུགས་བརྙན་ཞེས་བྱའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང་ཞེ་ན། ལམ་སྒོམ་པའི་རྣལ་འབྱོར་པས་ཞི་གནས་ཀྱི་བཟུང་བའི་ཡུལ་གྱི་དེ་ཁོ་ན་ཉིད་ཀྱི་དོན་ཤེས་རབ་ཀྱིས་རྟོགས་པར་བྱ་བའི་ཕྱིར་གང་གི་ཚེ་སྒོམ་བྱུང་གི་ལྷག་མཐོང་གིས་ཞི་གནས་ཀྱི་དམིགས་པའི་གཟུགས་བརྙན་གྱི་དེ་ཁོ་ན་ཉིད་ལ་དཔྱོད་པ་དེའི་ཚེ་ལྷག་མཐོང་གི་མཚན་ཉིད་དེ་ཁོ་ན་ཉིད་ཀྱི་དོན་ལ་རྟོག་པའི་རྣམ་པར་རྟོག་པ་དེ་ཁོ་ན་ཉིད་ལ་ཡང་དང་ཡང་དུ་རྟོག་པར་བྱེད་པ་མཉམ་བཞག་ན་ཡོད་པས་ན་ལྷག་མཐོང་གི་དམིགས་པ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ། །ཡུལ་ཅན་གྱི་ཏིང་ངེ་འཛིན་ནི་དོན་རབ་ཏུ་རྣམ་པར་འབྱེད་པའི་བསམ་གཏན་ནོ། །རྣལ་འབྱོར་པ་ཞི་གནས་ཀྱི་དམིགས་པའི་གཟུགས་བརྙན་གྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ལ་ཤེས་རབ་ཀྱིས་ཡང་དང་ཡང་དུ་རྟོགས་པས་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་དེ། དཔེར་ན་བདག་གི་བཞིན་གྱི་གཟུགས་བརྙན་མེ་ལོང་གི་ནང་དུ་བྱུང་བ་ལ་བློས་ཞིབ་པར་བརྟགས་ན་བདག་གི་བཞིན་ལ་མི་སྡུག་པ་དང༌། སྡུག་པ་ལ་སོགས་པའི་ཁྱད་པར་ཅུང་ཟད་ཙམ་ཡང་མངོན་པ་བཞིན་ནོ། །དངོས་པོའི་མཐའ་ལ་དམིགས་པ་གང་ཞེ་ན། གཅིག་དང་དུ་བྲལ་ལ་སོགས་པའི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ན་དངོས་པོ་ཐམས་ཅད་མཐར་དེ་བཞིན་ཉིད་ལས་མ་འདས་ཤིང༌། དེ་བཞིན་ཉིད་ལས་ལོགས་སུ་བཙལ་དུ་མེད་པས་ན་དེ་བཞིན་ཉིད་ལ་དངོས་པོའི་མཐའ་ཞེས་བརྗོད་དོ། །གང་གི་ཚེ་དངོས་པོའི་མཐའི་མཚན་ཉིད་ཀྱི་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པར་གྱུར་པ་དེའི་ཚེ་དངོས་པོའི་མཐའ་དེ་བཞིན་ཉིད་མངོན་སུམ་དུ་ཁོང་དུ་ཆུད་པས་ན་ས་དང་པོའི་ཡེ་ཤེས་ལ་དངོས་པོའི་མཐའ་ལ་དམིགས་པ་ཞེས་བྱའོ། །དགོས་པ་ཡོངས་སུ་གྲུབ་པ་གང་ཞེ་ན། ས་དང་པོ་ཐོབ་པའི་རྗེས་དེ་ནས་ལུས་ཀྱི་ནད་སེལ་བའི་དོན་དུ་སྨན་གྱི་བཅུད་ལེན་རྒྱུན་དུ་ཟ་བས་ནད་རིམ་གྱིས་བྱང་བར་བྱེད་པ་བཞིན་དུ་སྒོམ་པའི་ལམ་གྱི་ས་གཉིས་པ་དྲི་མ་མེད་པ་དང༌། ས་གསུམ་པ་འོད་བྱེད་པ་ལ་སོགས་ས་ལྷག་མ་རྣམས་སུ་སྒོམ་སྤང་གི་དྲི་མ་རྣམས་རིམ་གྱིས་ཤིན་ཏུ་རྣམ་པར་དག་པའི་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྐད་ཅིག་མ་འབྱུང་བའི་དེ་མ་ཐག་ཏུ་གནས་ཏེ་སྒྲིབ་པའི་ས་བོན་མ་ལུས་པ་སྤངས་པར་གྱུར་ནས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པ་གང་གི་ཚེ་སྒྲིབ་པ་མ་ལུས་པ་སྤངས་པའི་མཚན་ཉིད་ལམ་ཉམས་སུ་བླངས་པའི་དགོས་པ་འབྲས་བུ་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་སངས་རྒྱས་ཀྱི་ས་ལ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་དེ་ཉིད་གྲུབ་པས་དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པ་ཞེས་བྱའོ། །དེའི་དུས་སུ་དེ་བཞིན་གཤེགས་པའི་བསམ་གཏན་པ་ཞེས་བྱའོ། །བཞི་པ་ཞུགས་པའི་འབྲས་བུ་བསྡུས་ཏེ་བསྟན་པ་ནི། དགོངས་པ་ངེས་པར་འགྲེལ་བ་ལས། རྣལ་འབྱོར་པ་རྣམས་ཀྱི་དམིགས་པའི་དངོས་པོ་བཞི་བསྟན་པ་དེ་ལྟ་བུ་དེས་དོན་དང་དགོས་པ་ཅི་བསྟན་པ་ཡིན་ཞེ་ན། ཚོགས་ལམ་ཆེན་པོར་ཞི་གནས་དང་ངེས་འབྱེད་ཆ་མཐུན་དུ་ལྷག་མཐོང་གོམས་པར་བྱས་པས་མཐོང་ལམ་དུ་དངོས་པོའི་མཐའ་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པར་འགྱུར་ཏེ། དེ་ནས་སྒོམ་ལམ་དུ་ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་བསྒོམས་པ་དེས་སྒྲིབ་པ་མཐའ་དག་སྤོང་བའི་མཚན་ཉིད་སྔར་ལམ་ཉམས་སུ་བླངས་པའི་དགོས་པ་ཡོངས་སུ་གྲུབ་པ་འཐོབ་བོ། །དགོས་པ་ཡོངས་སུ་གྲུབ་པ་དེ་ཉིད་སངས་རྒྱས་ཉིད་ཡིན་ཏེ། ཐེག་ཆེན་གྱི་ལམ་ཉམས་སུ་བླངས་པའི་འབྲས་བུ་གྲུབ་ཟིན་པའི་གནས་སྐབས་ཐོབ་པས་སོ། །ཞི་གནས་དང་ལྷག་མཐོང་བསྒོམས་པའི་འབྲས་བུ་སངས་རྒྱས་ཡིན་པ་དེ་བས་ན། སངས་རྒྱས་ཉིད་ཐོབ་པར་འདོད་པས་ཞི་གནས་དང་ལྷག་མཐོང་གཉིས་ལ་ཟུང་འབྲེལ་དུ་བསྒོམ་པར་བྱའོ། །གང་ཞི་གནས་དང་ལྷག་མཐོང་དེ་གཉིས་ལ་ཟུང་འབྲེལ་དུ་མི་སྒོམ་པ་དེ་དག་ནི་དངོས་པོའི་མཐའ་དེ་བཞིན་ཉིད་ཀྱང་མི་རྟོགས་ལ། དགོས་པ་ཡོངས་སུ་གྲུབ་པ་སངས་རྒྱས་ཀྱི་ས་ཐོབ་པར་ཡང་མི་འགྱུར་རོ་ཞེས་ཤུགས་ལ་བསྟན་པར་འགྱུར་རོ། །ལྔ་པ་བསྒོམ་བྱའི་མཚན་ཉིད་ཀྱི་ཁྱད་པར་བསྟན་པ་ནི། ཞི་གནས་དང་ལྷག་མཐོང་གཉིས་ཡོད་པ་དེ་ལ་མདོར་ན་ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་རྩེ་ཞེས་པ་ནི་དམིགས་པ་ཡིན་ལ། གཅིག་པ་ནི་རྟོག་པ་གཞན་དུ་མི་འཕྲོ་བར་དམིགས་པ་གཅིག་པུ་དེ་ཉིད་ལ་སེམས་གཏོད་པའོ། །ལྷག་མཐོང་ནི་ཡང་དག་པ་བདག་མེད་ཀྱི་དོན་ལ་ཤེས་རབ་ཀྱིས་རྟོག་པའོ་ཞེས་བཅོམ་ལྡན་འདས་ཀྱིས་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་བཀའ་སྩལ་ཏོ། །གང་ལས་ན། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལ་སོགས་པ་ལས་སོ། །གཉིས་པ་སྒོམ་པའི་ཐབས་ཀྱི་རིམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ལམ་ལ་འཇུག་པ་དེ་ལ་རྣལ་འབྱོར་པ་ཞི་གནས་དང་ལྷག་མཐོང་གི་རྒྱུ་ཚོགས་ཚུལ་ཁྲིམས་རྣམ་པར་དག་པ་དང༌། སྔར་སྒོམ་རིམ་བར་པར་བཤད་པའི་ཞི་གནས་ཀྱི་རྒྱུ་ཚོགས་ལ་སོགས་པ་ལ་གནས་པ་དེས་ཐེག་ཆེན་གྱི་བློ་སྦྱོང་བའི་དོན་དུ་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྐྱེད་དེ། དེ་ལ་ཐོག་མར་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་ངེས་སུ་བྱའོ། །དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལྷག་མཐོང་གི་རྒྱུ་ཚོགས་གསུང་རབ་མང་དུ་ཐོས་པ་དང༌། དེའི་དོན་རིགས་པས་བསམ་པ་དང༌། བསམས་པའི་དོན་རྩེ་གཅིག་ཏུ་སྒོམ་པ་ལ་སྦྱར་བར་བྱའོ། །མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་དོན་གསུམ་སྟེ། སྦྱོར་བའི་གནས་སྐབས་ཀྱི་ཁྱད་པར་དང༌། དངོས་གཞི་ཞི་གནས་ལྷག་མཐོང་སྒོམ་པ་དང༌། རྗེས་ཐོབ་ཏུ་སྒྲུབ་པའི་བྱ་བའོ། །དང་པོ་ལ་ལྔ་སྟེ། རྗེས་སུ་སྒྲུབ་པའི་བྱ་བ་དང༌། གང་དུ་སྒོམ་པའི་གནས་དང༌། ཀུན་སློང་གི་ཁྱད་པར་དང༌། ཚོགས་གསོག་པའི་ཁྱད་པར་དང༌། སྤྱོད་ལམ་གྱི་ཁྱད་པར་རོ། །དང་པོ་ནི། ཏིང་ངེ་འཛིན་སྒོམ་པ་ལ་འཇུག་པ་དེ་ལ་རྣལ་འབྱོར་པས་ཏིང་ངེ་འཛིན་སྒོམ་པའི་དུས་ན་སྒོམ་ཐུན་གཅིག་གི་དབང་དུ་བྱས་པའི་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། ཐ་ན་གཤང་གཅི་གཏོང་བ་སོགས་ཀྱི་བྱ་བའང་རྫོགས་པར་བྱས་ནས་བསྒོམ་མོ། །གཉིས་པ་ནི། གནས་གང་དུ་སྒོམ་ཞེ་ན། ཏིང་ངེ་འཛིན་ལ་གནོད་པའི་སྒྲའི་ཚེར་མ་མེད་པ་ཡིད་དུ་འོང་བའི་ས་ཕྱོགས་སུ་བསྒོམ་མོ། །གསུམ་པ་ནི། བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་འགོད་པར་བྱ་བའི་དོན་དུ་ཏིང་ངེ་འཛིན་བསྒོམ་པར་བྱའོ་སྙམ་དུ་ཡོངས་སུ་བསམ་ཞིང༌། དེར་མ་ཟད་འགྲོ་བ་མཐའ་དག་སྡུག་བསྔལ་གྱི་རྒྱ་མཚོ་ལས་གདོན་པའི་བསམ་པ་ཅན་དག་གིས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ་བསྒོམ་མོ། །བཞི་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོར་བྲིས་པ་དང་ལུགས་སུ་བླུག་པ་ལ་སོགས་པ་མདུན་དུ་བཞག་གམ་གཞན་དུ་གསུང་ངམ་ཐུགས་ཀྱི་རྟེན་ཡང་རུང་སྟེ་མདུན་དུ་བཞག་ལ། དེ་ནས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱའོ། །ཕྱག་ནི་རྣམ་པ་གཉིས་ཏེ། བྱིན་པ་ནས་མཁྱུད་པ་དང༌། ཡན་ལག་ལྔས་འདུད་པའི་ཕྱག་གོ །འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། དགེ་སློང་ཕྱག་ནི་རྣམ་པ་གཉིས། །གཅིག་ནི་དཀྱིལ་འཁོར་ལྔ་པ་སྟེ། །གཞན་ནི་བྱིན་པ་ནས་མཁྱུད་ཡིན། །ཞེས་པ་ལྟར་རོ། །འདིར་ནི་ཡན་ལག་ལྔས་ཕྱག་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དང་ཡིད་ཀྱིས་མོས་པ་བྱས་པ་དེ་དག་ལ་ཅི་ནུས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་པ་དང༌། ངག་གིས་ཡོན་ཏན་བརྗོད་པའི་བསྟོད་པ་བྱས་ལ་ཏིང་ངེ་འཛིན་སྐྱེ་བའི་གེགས་བསལ་བའི་དོན་དུ་རང་གི་སྡིག་པ་བཤགས་ནས། དགེ་བ་སྤེལ་བའི་ཡན་ལག་འགྲོ་བ་མཐའ་དག་གི་བསོད་ནམས་ལ་རྗེས་སུ་ཡི་རང་བ་བྱས་ནས་བསྒོམ་མོ། །ལྔ་པ་སྤྱོད་ལམ་གྱི་ཁྱད་པར་ནི། བསམ་གཏན་གྱི་ཁང་པར་སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་འདུག་ཚུལ་ལྟར་སྐྱིལ་མོ་ཀྲུང་ལྟ་བུའམ། སྒྲོལ་མའི་བཞུགས་ཚུལ་ལྟར་སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང་སྟེ། འདི་ནི་འདུག་ཚུལ་གྱི་ཁྱད་པར་རོ། །ཞི་གནས་ཀྱི་མི་མཐུན་ཕྱོགས་སེམས་རྒོད་པ་མི་འབྱུང་བའི་དོན་དུ་མིག་ཧ་ཅང་ཡང་མི་དབྱེ། བྱིང་བ་མི་འབྱུང་བར་བྱ་བའི་ཕྱིར་དུ་མིག་ཧ་ཅང་ཡང་མི་ཟུམ་པར་སྣའི་རྩེ་མོར་གཏད་ཅིང༌། ལུས་དྲང་ན་རྩ་ཡང་དྲང་བར་འགྱུར་ལ། རྩ་དྲང་ན་རླུང་རྣལ་དུ་ཕེབས་པར་འགྱུར་ཞིང༌། རླུང་རྣལ་དུ་གནས་ན་སེམས་དུལ་བར་འགྱུར་བས། ལུས་ཧ་ཅང་ཡང་མི་སྒུ་ཧ་ཅང་ཡང་མི་དགྱེ་བར་ལུས་དྲང་པོར་བསྲང་ལ་སེམས་ཕྱི་རོལ་ཏུ་མི་འཕྲོ་བར་དྲན་པ་ནང་དུ་བཞག་སྟེ་འདུག་པར་བྱའོ། །དེ་ནས་ཕྲག་པ་གཡས་གཡོན་གཉིས་མཐོ་དམན་མེད་པར་མཉམ་པར་བཞག་ལ། མགོ་ཧ་ཅང་ཡང་མི་མཐོ་ཧ་ཅང་ཡང་མི་དམའ་ཞིང་གཡས་གཡོན་ཕྱོགས་གཅིག་ཏུ་མ་ཡོ་བར་སྣ་ནས་ལྟེ་བར་དྲང་པོར་བཞག་གོ །སོ་དང་མཆུ་ཡང་འགལ་འགུལ་མེད་པར་ཐ་མལ་པར་བཞག་གོ །ཁ་ཆུ་མི་གསོག་པའི་དོན་དུ་ལྕེ་ཡང་སོའི་དྲུང་དུ་བཞར་རོ། །རྩ་འཆུས་ནས་རླུང་ལོག་པར་རྒྱུ་བ་སྤང་བའི་དོན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ལྷག་པར་གྲགས་པ་ཅན་དང༌། རྔམ་པ་དང་རྒོད་པ་ཅན་དུ་མི་གཏང་གི འོ་ན་ཇི་ལྟར་བྱ་ཞེ་ན། ཅི་ནས་ཀྱང་རྒྱུ་བ་དྲག་པོ་མི་ཚོར་བར་དལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང༌། ཕྱིར་འབྱུང་བར་འགྱུར་བ་ཚུལ་དེ་ལྟར་སློབ་པར་བྱའོ། །སྦྱོར་བའི་གནས་སྐབས་ཀྱི་ཁྱད་པར་བསྟན་ཟིན་ཏོ། །གཉིས་པ་དངོས་གཞི་ཞི་གནས་དང་ལྷག་མཐོང་སྒོམ་པ་ལ་གཉིས། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། དང་པོ་ཞི་གནས་ལ་སྡོམ་ནི། གཞི་དང་སྒྲུབ་ཚུལ་ངོ་བོ་དང༌། །རབ་དབྱེ་དང་ནི་གོ་རིམ་དང༌། །མཐའ་སེལ་དང་ནི་སྤང་བྱ་དང༌། །བདུན་གྱིས་ཞི་གནས་བསྟན་པར་འདོད། །གང་ལ་བརྟེན་ནས་སྒྲུབ་པའི་གཞི་གང་ཞེ་ན། སྒྲུབ་པའི་གཞིའི་རབ་ཏུ་དབྱེ་བ་ནི་བདུན་ཏེ། ཁམས་གོང་འོག་ལ་ཞི་རགས་སུ་ལྟ་བའི་སྒོ་ནས་སྒྲུབ་པ་དང༌། དབུགས་འབྱུང་རྔུབ་ལ་དམིགས་ནས་ཞི་གནས་སྒྲུབ་པ་དང༌། མི་སྡུག་པ་ལ་དམིགས་ཏེ་ཞི་གནས་སྒྲུབ་པ་དང༌། ཁམས་ཀྱི་རབ་དབྱེ་ལ་དམིགས་ཏེ་ཞི་གནས་སྒྲུབ་པ་དང༌། བྱམས་སོགས་ཚད་མེད་བཞི་ལ་དམིགས་ཏེ་ཞི་གནས་སྒྲུབ་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དམིགས་ཏེ་ཞི་གནས་སྒྲུབ་པ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དམིགས་ཏེ་ཞི་གནས་སྒྲུབ་པའོ། །དང་པོ་དྲུག་ནི་མངོན་པ་ཀུན་ལས་བཏུས་ལས་བཤད་ལ། ཕྱི་མ་ནི་བསྟན་བཅོས་འདིར་བཤད་པ་ཡིན་ནོ། །སྒྲུབ་པའི་ཚུལ་གང་ཞེ་ན། སེམས་གནས་པའི་ཐབས་དགུ་གསུངས་ཏེ། སྔར་སྒོམ་རིམ་དང་པོའི་སྐབས་སུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །ངོ་བོ་གང་ཞེ་ན། གང་ལ་དམིགས་པར་འདོད་པའི་ཡུལ་ལས་སེམས་གཞན་དུ་མི་གཡེང་བར་དང་པོར་སེམས་གཏོད་པའི་ཡུལ་ལ་རྒྱུན་ཆགས་སུ་འཇུག་པའོ། །དབྱེ་བ་གང་ཞེ་ན། ཐུན་མོང་བ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་བརྒྱད་དང༌། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་སོགས་པའོ། །ཐུན་མོང་མ་ཡིན་པ་ནི། ཤེར་ཕྱིན་ལས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་གྱི་རབ་ཏུ་དབྱེ་བ་བརྒྱ་དྲུག་ཅུ་སོགས་བསྟན་པའོ། །མངོན་པ་ཀུན་ལས་བཏུས་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱིས་དེ་མིང་ཙམ་ཡང་མི་ཤེས་པར་བཤད་དོ། །གོ་རིམ་གང་ཞེ་ན། ཐོག་མར་ཐོས་བསམ་གྱིས་ཡང་དག་པའི་དོན་གཏན་ལ་ཕབ་ནས་རྗེས་ཐོགས་སུ་ཞི་གནས་བསྒྲུབ་པར་བྱ་ཞིང༌། ཞི་གནས་གྲུབ་པ་ན་སྔར་གྱི་ལྟ་བ་དེ་ཉིད་ཞི་གནས་ཀྱིས་ཟིན་པར་བྱས་ནས་དེ་ནས་ཞི་ལྷག་ཟུང་འབྲེལ་དུ་བསྒོམ་མོ་ཞེས་ཇོ་བོ་རྗེས་བཤད་དོ། །སྤྱོད་འཇུག་ལས། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་པའང་དོན་འདི་ཉིད་དོ། །གཞུང་འདིར་ཡང༌། ཐོག་མར་ཞི་གནས་བསྒྲུབས་ནས་ལྷག་མཐོང་ལ་འཇུག་པར་བཤད་པ་ཡང༌། ཐོག་མར་ཐོས་བསམ་གྱིས་ཡང་དག་པའི་དོན་གཏན་ལ་ཕབ་ནས། ལྟ་བ་རྣམ་དག་སྐྱེས་པར་བྱས་ནས་དེ་ནས་ཞི་གནས་དང༌། དེ་ནས་ལྷག་མཐོང་ལ་འཇུག་པར་བཤད་པའི་རིམ་པ་ཡང་འདི་ཉིད་དོ། །གང་དག་ཐོག་མར་ཡང་དག་པའི་ལྟ་བ་སྔོན་དུ་མ་སོང་བར་ཐོག་མར་ཞི་གནས་བསྒྲུབས་ནས་དེ་ནས་ལྷག་མཐོང་ལ་འཇུག་པར་འཆད་པ་ནི་གནད་ཀྱི་མན་ངག་མེད་པའོ། །རྣམ་པ་ཀུན་ཏུ་ཞི་གནས་དང་ལྷག་མཐོང་གཉིས་ལས། ཐོག་མར་ཞི་གནས་སྒྲུབ་པའི་གོ་རིམ་ཡང་མ་ངེས་ཏེ། མངོན་པ་ཀུན་ལས་བཏུས་པ་ལས། ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི་ཞི་གནས་ནི་མ་ཐོབ་སྟེ། དེ་ལ་ལྷག་མཐོང་ལ་བརྟེན་ནས་ཞི་གནས་སྒྲུབ་པར་བྱེད་ཅེས་གསུངས་པས་སོ། །ཚོགས་སྒྲུབ་བཅུ་བདུན་གྱི་གོ་རིམ་ལ་ཡང་ཐོག་མར་ཡེ་ཤེས་ཀྱི་ཚོགས་ལ་འཇུག་ཅིང༌། དེ་ནས་བསོད་ནམས་ཀྱི་ཚོགས་ལ་འཇུག་པར་བཤད་ལ། བསོད་ནམས་ཀྱི་ཚོགས་ནི་ཏིང་ངེ་འཛིན་ལ་འདོད་དོ། །དེ་དག་གི་ལོག་རྟོག་གི་མཐའ་སེལ་བ་གང་ཞེ་ན། འགའ་ཞིག་ཞི་གནས་ཀྱི་སྐབས་སུ་རྣམ་པར་རྟོག་པ་སྤང་བྱ་ཡིན་པས་ཅི་ཡང་ཡིད་ལ་མི་བྱ་བའི་ཚུལ་གྱིས་བསྒོམ་མོ་ཞེའོ། །རྣམ་པར་རྟོག་པ་ནི་གཉིས་ཏེ། དམིགས་པ་ལ་སེམས་གཏོད་པར་བྱེད་པའི་རྟོག་པ་དང༌། དམིགས་པ་ལས་སེམས་གཞན་དུ་འཕྲོ་བའི་རྟོག་པའོ། །དམིགས་པ་ལ་སེམས་གཏོད་པར་བྱེད་པའི་རྟོག་པ་ནི་དགག་པར་བྱ་བ་མ་ཡིན་ཏེ། སོ་སོ་སྐྱེ་བོའི་གནས་སྐབས་སུ་ཞི་གནས་ཀྱི་དམིགས་པ་ལ་སེམས་གཏོད་པ་ནི་རྟོག་པ་ལས་མ་འདས་པའི་ཕྱིར་དང༌། ཤེས་བྱའི་གཟུགས་བརྙན་འཛིན་པར་བཤད་པའི་ཕྱིར་རོ། །རྟོག་པ་དགག་བྱར་བཤད་པ་ནི་རྟོག་པ་ཕྱི་མ་ལ་དགོངས་པ་ཡིན་ནོ། །དོན་འདི་མ་རྟོགས་པར་སྤྱི་ལྡོག་ནས་དགག་བྱར་འདོད་པ་ནི་ཧྭ་ཤང་མ་ཧཱ་ཡ་ནའི་གྲུབ་མཐའ་འོངས་པ་ཡིན་ནོ། །ཞི་གནས་ཀྱི་སྤང་བྱ་གང་ཞེ་ན། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་གསུངས་པ་ལྟར་རོ། །ལེ་ལོ་དང་གདམས་ངག་བརྗེད་པ་གཉིས་ཀྱིས་སྦྱོར་བ་ལ་སྒྲིབ་པར་བྱེད་དོ། །ལེ་ལོས་ནི་ཏིང་ངེ་འཛིན་སྒོམ་པ་ལ་མི་འཇུག་ཅིང༌། གདམས་ངག་བརྗེད་པས་ནི་བསྒོམ་བྱའི་དོན་ལ་ཡང་དག་པར་འཇོག་མི་ནུས་པའི་ཕྱིར་རོ། །བྱིང་རྒོད་གཉིས་ཀྱིས་དངོས་གཞིའི་གནས་སྐབས་ལ་སྒྲིབ་པར་བྱེད་དེ། སེམས་བྱིང་བས་ནི་ཏིང་ངེ་འཛིན་གྱི་དམིགས་རྣམ་གསལ་བར་འཛིན་མི་ནུས་པའི་ཕྱིར་དང༌། སེམས་རྒོད་པས་ནི་ཏིང་ངེ་འཛིན་གྱིས་ཡུལ་མིན་པ་ལ་སེམས་རྣམ་པར་གཡེང་བའི་ཕྱིར་རོ། །ཐ་མ་གཉིས་ཀྱིས་ཏིང་ངེ་འཛིན་ཁྱད་པར་དུ་འགྲོ་བ་ལ་གེགས་བྱེད་དོ། །བྱིང་རྒོད་བྱུང་བར་མཐོང་བའི་ཚེ་གཉེན་པོ་མངོན་པར་འདུ་མི་བྱེད་ན་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ཀྱི་དབང་དུ་སོང་བའི་ཕྱིར། ཏིང་ངེ་འཛིན་གསལ་བའི་དུས་སུ་གཉེན་པོ་མངོན་པར་འདུ་བྱེད་ན། དགོས་པ་མེད་བཞིན་དུ་འབད་པའི་རྩོལ་བས་ཏིང་ངེ་འཛིན་བརྟན་པའི་རྒྱུན་གཅོད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྐྱོན་གྱི་གཙོ་བོ་བྱིང་རྒོད་གཉིས་སུ་བཤད་པ་ཡང་ལྔ་པོ་འདི་དག་གི་ནང་དུ་འདུས་པས་ལོགས་སུ་བཤད་མི་དགོས་སོ། །གཉིས་པ་ལྷག་མཐོང་ལ་སྡོམ་ཚིག་ནི། ཇི་སྙེད་པ་དང་ཇི་ལྟ་དང༌། །རྟོག་པ་དང་ནི་དཔྱོད་པ་དང༌། །སོ་སོར་རྟོག་དང་མི་གཡོ་དང༌། །སྒོམ་པའི་ཚུལ་དང་ཡན་ལག་གོ །ཇི་སྙེད་པ་རྣམ་པར་འབྱེད་པའི་ལྷག་མཐོང་གང་ཞེ་ན། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང༌། བདེན་པ་ལ་མཁས་པའོ། །ཇི་ལྟར་མཁས་པར་བྱ་ཞེ་ན། དེ་དག་སོ་སོའི་མིང་གི་རྣམ་གྲངས་དང༌། མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། ཁྱད་པར་གྱི་ཆོས་ལ་མཁས་པའོ། །འདི་དག་གིས་མ་འོངས་པ་ན་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་འགྱུར་རོ། །ཇི་སྙེད་པ་འབྱེད་པའི་ལྷག་མཐོང་མེད་པར་ནི་ཇི་ལྟ་བ་འབྱེད་པའི་ལྷག་མཐོང་མི་འབྱུང་སྟེ། གང་ལ་སྒྲོ་འདོགས་དཔྱད་པར་བྱ་བའི་གཞི་མ་བཟུང་བའི་ཕྱིར་རོ། །ས་སྐྱ་པཎྜི་ཏས་ཀྱང་སྙེ་མོ་སྒོམ་ཆེན་གྱི་དྲིས་ལན་དུ། ཆོས་ཅན་ཇི་སྙེད་པ་ལ་སོ་སོར་མཁས་པར་བྱས་ནས་དོན་དམ་པར་རྟོགས་རྒྱུ་མེད་པའི་ཚུལ་གྱིས་རྟོགས་པར་བྱ་དགོས་སོ་ཞེས་གསུངས་པ་ནི་གནད་ཀྱི་མན་ངག་གོ །བོད་འདིར་ཇི་སྙེད་པ་རྣམ་པར་འབྱེད་པའི་ལྷག་མཐོང་གི་མིང་ཙམ་ཡང་མི་སྣང་ངོ༌། །ཇི་ལྟ་བ་རྣམ་པར་འབྱེད་པའི་ལྷག་མཐོང་གང་ཞེ་ན། གང་ཟག་གི་བདག་མེད་ལ་མཁས་པ་དང༌། ཆོས་ཀྱི་བདག་མེད་ལ་མཁས་པའོ། །གང་ཟག་གི་བདག་མེད་ལ་མཁས་པ་ཡང་གསུམ་སྟེ། རང་གི་ཕུང་པོ་གང་ཟག་གི་བདག་གིས་སྟོང་པར་རྟོགས་པ་དང༌། གཞན་གྱི་ཕུང་པོ་གང་ཟག་གི་བདག་གིས་སྟོང་པར་རྟོགས་པ་དང༌། གཉིས་ཀ་གང་ཟག་གི་བདག་གིས་སྟོང་པར་མཉམ་པ་ཉིད་དུ་རྟོགས་པའོ། །དང་པོ་ཉིད་ལ་ཐོག་མར་བློ་སྦྱར་ཞིང་ཕྱིས་ནི་གཞན་གཉིས་ལ་ཡང་བློ་སྦྱར་རོ། །ཆོས་ཀྱི་བདག་མེད་ལ་མཁས་པ་ནི། ཆོས་ཅན་གྱི་རབ་ཏུ་དབྱེ་བས་སྟོང་པ་ཉིད་བཅུ་དྲུག་ལ་མཁས་པ་དང༌། སྟོང་པ་ཉིད་ཉི་ཤུ་ལ་མཁས་པའོ། །ཆོས་ཅན་སོ་སོ་ལ་མཁས་པར་བྱས་ནས་ཆོས་ཅན་རེ་རེ་ཞིང་རང་བཞིན་གྱིས་སྟོང་པ་ཉིད་དུ་སོ་སོར་རྟོགས་པར་བྱས་ནས་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བའི་གཉེན་པོར་འགྱུར་རོ། །མངོན་རྟོགས་རྒྱན་ལས། རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གསུངས་པའི་གནད་ཀྱང་འདི་ཉིད་དོ། །ངེས་འབྱེད་ཆ་མཐུན་གྱི་དམིགས་རྣམ་གྱི་སྐབས་སུ་དམིགས་པ་མི་འདྲ་བ་དང༌། རྣམ་པ་མི་འདྲ་བ་དུ་མ་གསུངས་ནས་སྒྲོ་འདོགས་གཅོད་པའི་རིམ་པ་བསྟན་པ་ནི་ཆོས་ཀྱི་བདག་མེད་ཀྱི་ཁྱད་པར་ཕྲ་ཞིང་ཕྲ་བ་ཡང་རྟོགས་པར་བྱ་དགོས་པའི་དོན་ནོ། །དེ་ཡང་ཉན་ཐོས་ཀྱིས་བདེན་བཞི་ལ་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པས་དམིགས་པར་བྱེད་ལ། བྱང་སེམས་ཀྱི་དྲོད་ཆུང་ངུས་དེ་དག་གི་དམིགས་པ་མི་རྟག་པ་དང༌། སྡུག་བསྔལ་དང༌། སྟོང་པ་དང་བདག་མེད་ལ་སོགས་རེ་རེ་ནས་དམིགས་ཡུལ་དུ་བྱས་ནས་རེ་རེ་ནས་བདེན་པར་ཞེན་པ་འགོག་པ་དང༌། ཡང་དྲོད་འབྲིང་གི་སྐབས་སུ་བདེན་བཞིའི་ཁྱད་པར་གྱི་ཆོས་འདུ་འགོད་དམ། དགག་སྒྲུབ་དང་བྲལ་བའི་ཆོས་ཀྱི་བདག་མེད་ཀྱི་ཁྱད་པར་ལ་གནས་པ་དང་མི་གནས་པའི་རང་བཞིན་གཉིས་སུ་མེད་པར་རྟོགས་པའི་རྣམ་པས་སྒྲོ་འདོགས་གཅོད་པ་ལྟ་བུའོ། །གཞན་དག་སྟོང་པ་ཉིད་དང་བདག་མེད་པ་སྒོམ་ཞེས་སྨྲ་བ་ནི་ཚིག་ཙམ་སྒྲོག་པར་ཟད་ཀྱི། འདི་ལྟ་བུའི་གནད་ཁོང་དུ་ཆུད་པ་མ་ཡིན་ནོ། །ཡུལ་ལ་རྟོག་པ་དང་དཔྱོད་པའི་ལྷག་མཐོང་གང་ཞེ་ན། ཡུལ་ལ་རྟོག་པ་དང་དཔྱོད་པའི་ཚུལ་བཞི་གསུངས་ཏེ། བགྲང་བ་དང༌། འཇལ་བ་དང༌། རྟོག་པ་དང༌། སོ་སོར་རྟོག་པའོ། །བགྲང་བ་ནི། གང་ལ་སྒྲོ་འདོགས་གཅད་པར་བྱ་བའི་མིང་གི་རྣམ་གྲངས་འཛིན་པའོ། །འཇལ་བ་ནི། རིགས་པ་ལ་བརྟེན་ནས་མིང་དེ་དང་ལྡན་པའི་དོན་འཇལ་བའོ། །རྟོག་པ་ནི། ཐོག་མར་སྒྲོ་འདོགས་གཅད་པར་བྱ་བའི་དོན་ལ་རྟོག་པའོ། །སོ་སོར་རྟོག་པ་ནི། ཁྱད་པར་གྱི་ཆོས་ལ་སོ་སོར་རྟོག་པ་དང༌། ཆོས་ཅན་གྱི་ཁྱད་པར་སོ་སོར་ཕྱེ་ནས་སོ་སོར་རྟོག་པའོ། །སོ་སོར་རྟོག་པའི་ལྷག་མཐོང་གང་ཞེ་ན། ཆོས་ཅན་ལ་རྟོག་པ་དང༌། ཆོས་ཅན་སོ་སོ་བཟུང་ནས་དེའི་བདག་མེད་ཀྱི་ཁྱད་པར་ལ་སོ་སོར་རྟོག་པའོ། །རྣམ་པར་མི་གཡོ་བའི་ལྷག་མཐོང་གང་ཞེ་ན། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཅན་སོ་སོ་ལ་རིགས་པས་བརྟགས་ནས་དེའི་གནས་ཚུལ་རྙེད་པའི་དོན་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གཞན་དུ་མི་གཡེང་བར་དེ་ཁོ་ན་ཉིད་ཀྱི་རྣམ་པ་ཤིན་ཏུ་གསལ་བར་འཛིན་པའོ། །ལྷག་མཐོང་སྒོམ་པའི་ཚུལ་གང་ཞེ་ན། སྣང་བ་མི་རྟག་པར་སྒོམ་པ་དང༌། དོན་གྱི་ངོ་བོ་སྤྲོས་བྲལ་དུ་སྒོམ་པ་དང༌། སྟོང་པ་རང་བཞིན་དག་པར་བསྒོམ་པའོ། །དང་པོ་ནི། སྣང་བ་འདི་དག་སྐྱེ་འགག་གནས་གསུམ་དུ་སོ་སོར་ཕྱེ་ནས་འདས་པ་ཡང་འགགས་པ་དང༌། །མ་འོངས་པ་མ་སྐྱེས་པ་དང༌། ད་ལྟར་བ་སྐད་ཅིག་ཏུ་ཟད་ཅིང༌། སྐད་ཅིག་ཀྱང་གནས་པའི་མཐུ་མེད་པ་དང༌། སྐྱེ་འགག་གནས་གསུམ་རེ་རེ་ཡང་ཆ་གསུམ་གསུམ་དུ་བརྟགས་པས་མཐར་མ་རྙེད་པའི་ཚུལ་དུ་སྒོམ་པའོ། །གཉིས་པ་སྣང་བའི་ངོ་བོ་སྤྲོས་མེད་དུ་སྒོམ་པ་ནི། འཐད་པ་སྒྲུབ་པའི་རིགས་པ་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང༌། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ་གྱི་རིགས་པས་བརྟགས་ན། རྒྱུའི་མཚན་མ་མེད་པ་དང༌། རང་གི་ངོ་བོས་སྟོང་པ་ཉིད་དང༌། འབྲས་བུ་ལ་སྨོན་པ་མེད་པའི་ཚུལ་དུ་བྱས་ནས་སྒོམ་མོ། །འདི་ལ་བརྟེན་ནས་རྣམ་ཐར་སྒོ་གསུམ་གྱི་དོན་རྟོགས་པར་འགྱུར་རོ། །དོན་འདི་ལ་གོ་ཆ་གཉིས་ཀྱིས་འཇུག་སྟེ། འཇུག་པའི་གོ་ཆ་དང༌། ལྡོག་པའི་གོ་ཆའོ། །འཇུག་པའི་གོ་ཆས་ནི་རྒྱུ་རང་བཞིན་གྱིས་སྟོང་པ་དང༌། ངོ་བོ་རང་བཞིན་གྱིས་སྟོང་པ་དང༌། འབྲས་བུ་རང་བཞིན་གྱིས་སྟོང་པ་ལ་འཇུག་གོ །ལྡོག་པའི་གོ་ཆས་ནི་རྒྱུ་ལ་མཚན་མར་འཛིན་པ་དང༌། ངོ་བོ་ལ་བདེན་པར་འཛིན་པ་དང༌། འབྲས་བུ་ལ་སྨོན་པར་འཛིན་པ་གསུམ་ལས་ལྡོག་པར་བྱའོ། །སྟོང་པ་ཉིད་བཅུ་དྲུག་སྒོམ་པའི་ཚུལ་ལ། ཐོག་མར་ནང་སྟོང་པ་ཉིད་ལ་མཚོན་ནས་སྒོམ་པ་ནི། ཇི་སྙེད་པ་འབྱེད་པའི་ལྷག་མཐོང་གིས་གང་ལ་སྒྲོ་འདོགས་དཔྱད་པར་བྱ་བའི་ཡུལ་མིག་སོགས་ནང་གི་ཆོས་རྣམས་ལ་མཁས་པར་བྱས་ནས། དེ་ནས་ཇི་ལྟ་བ་རྣམ་པར་འབྱེད་པའི་ལྷག་མཐོང་གིས་གཅིག་དང་དུ་བྲལ་སོགས་འཐད་པ་སྒྲུབ་པའི་རིགས་པས་སོ་སོར་བརྟགས་ནས་གནས་ཚུལ་ལ་མ་རྙེད་པའི་དོན་རྗེས་དཔག་གིས་རྟོགས་པའམ། ཆུ་ཟླའི་དཔེ་དང་རྨི་ལམ་གྱི་དཔེ་ལ་སོགས་ལ་བརྟེན་ནས་དཔེ་ཉེར་འཇལ་གྱི་ཚད་མས་གནས་ཚུལ་གྱི་དོན་རྟོགས་པར་བྱ་སྟེ། དཔེར་ན་ཆུའི་སྣོད་དུ་ཟླ་བའི་གཟུགས་བརྙན་ཤར་བ་ན་ཟླ་བར་སྣང་ཙམ་མ་འགགས་པར་ཡོད་ཀྱང་དེ་ཉིད་ཟླ་བའི་ངོ་བོར་མ་གྲུབ་སྟེ། འོད་ཟེར་འཕྲོ་བ་དང༌། ཚད་ཆེ་ཆུང་གི་ཁྱད་པར་དང༌། མུན་པ་སེལ་བའི་བྱ་བ་མ་དམིགས་པའི་ཕྱིར་རོ། །དེས་ན་ཟླ་བར་སྣང་ཙམ་ཉིད་ནས་ཟླ་བའི་རང་བཞིན་གྱིས་སྟོང་ངོ༌། །ཟླ་བར་སྣང་བ་ཉིད་ཟླ་བས་སྟོང་པས་ན་སྣང་བ་དང་སྟོང་པ་གཉིས་ངོ་བོ་སོ་སོར་ཡོད་པ་མ་ཡིན་ནོ། །ཐོག་མར་ཟླ་བའི་དཔེ་ཁོང་དུ་ཆུད་པར་བྱས་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་ཟླ་བའི་དཔེ་སྦྱར་ནས་སྣང་ཙམ་ཉིད་ནས་རང་བཞིན་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་རྨི་ལམ་གྱི་དཔེའི་རང་བཞིན་ཁོང་དུ་ཆུད་པར་བྱས་ནས་ཆོས་གཞན་ཐམས་ཅད་ལ་སྦྱར་ཏེ། རང་བཞིན་མེད་པར་ཁོང་དུ་ཆུད་པར་བྱའོ། །རང་བཞིན་མེད་ཅེས་པའི་དོན་ཡང་འདི་ཉིད་ལ་བརྟེན་ནས་རྟོགས་དགོས་སོ། །ཐོག་མར་རྣམ་པར་རྟོག་པའི་ལྷག་མཐོང་གིས་གནས་ཚུལ་ལ་དོན་གྱི་རང་གི་ངོ་བོ་མ་དམིགས་པར་རྟོགས་ཤིང༌། རྣམ་པར་དཔྱོད་པའི་ལྷག་མཐོང་གིས་རྟེན་ཆོས་ཅན་མ་དམིགས་པའི་རིགས་པས་ཁྱད་པར་གྱི་ཆོས་རྟག་མི་རྟག་དང༌། སྟོང་མི་སྟོང་སོགས་ཀྱང་མ་དམིགས་པར་དཔྱོད་པར་བྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། གཟུགས་རྟག་ཅེས་བྱ་བར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གཟུགས་མི་རྟག་ཅེས་བྱ་བར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གཟུགས་མི་སྟོང་ཞེས་བྱ་བར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཞེས་སོ། །སོ་སོར་རྟོག་པའི་ལྷག་མཐོང་གང་ཞེ་ན། སྦྱོར་བའི་དུས་སུ་རྟོག་པ་དང༌། དཔྱོད་པའི་ལྷག་མཐོང་གིས་ཆོས་ཅན་སོ་སོའི་གནས་ཚུལ་ལ་སོ་སོར་རྟོག་པར་བྱེད་པའོ། །རྣམ་པར་མི་གཡོ་བའི་ལྷག་མཐོང་གང་ཞེ་ན། སོ་སོར་རྟོག་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་མ་རྙེད་པའི་དོན་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡོངས་སུ་འཛིན་པར་བྱེད་པའི་ལྷག་མཐོང་ངོ༌། །ལྷག་མ་གཟུགས་སོགས་ཕྱི་རོལ་གྱི་དོན་རྟོགས་པའི་ཕྱི་སྟོང་པ་ལ་སོགས་པ་རྟོགས་པའི་ལྷག་མཐོང་གི་ཚུལ་ཡང་དེ་བཞིན་ནོ། །དོན་གྱི་ངོ་བོ་སྤྲོས་མེད་དུ་སྒོམ་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་སྟོང་པ་རང་བཞིན་དག་པར་སྒོམ་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་པ་ན་སྟོང་པ་ཉིད་བདེན་པར་མེད་དོ་སྙམ་ན། རྟེན་ཆོས་ཅན་རིགས་པས་བརྟགས་པས་མ་དམིགས་ན་དེ་བདེན་པས་སྟོང་པའི་སྟོང་ཉིད་ཀྱི་ཆོས་ཡོད་པར་མི་འཐད་པ་དང༌། གཅིག་དང་དུ་བྲལ་སོགས་ཀྱི་རིགས་པས་བདེན་པ་སྤྱི་ལྡོག་ནས་ཁེགས་པ་ན་སྟོང་ཉིད་བདེན་པ་ཡང་ཁེགས་པ་དང༌། གང་སྟོང་པའི་གཞི་ཆོས་ཅན་མི་དམིགས་ན་དེ་ལ་བརྟེན་པའི་སྟོང་པ་ཉིད་ཀྱི་ཆོས་ཡོད་པར་ག་ལ་འགྱུར། རྩ་བ་ཤེས་རབ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་པ་དང༌། སྤྱོད་འཇུག་ལས། གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་དུ་ཇི་ལྟར་གནས། །ཞེས་སོ། །ཚུལ་འདི་ལྟ་བུའི་རིགས་པ་ལ་བརྟེན་ནས་སྟོང་པ་ཉིད་ཀྱང་རང་བཞིན་གྱིས་སྟོང་པར་བསྒོམ་པར་བྱའོ། །བསྟོད་ཚོགས་ལས་ཀྱང༌། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་པར་མཛད། །གང་ལ་དེ་ལའང་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་སྨད་པར་མཛད། །ཅེས་དང༌། སྟོང་པ་ཉིད་སྟོང་པ་ཉིད་གསུངས་པའང་དོན་འདི་ཉིད་དོ། །རིགས་པ་དྲུག་ཅུ་པའི་འགྲེལ་བ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་ལས་ཀྱང༌། དོན་དམ་པའི་བདེན་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེ་ན། དེ་དེ་བཞིན་བཞིན་ནོ། །དེ་དེ་བཞིན་ཏེ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཟུགས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་པ་ནས། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་དང༌། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་གཞན་ཞིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་ཁུངས་སུ་དྲངས་ནས་གསུངས་སོ། །གཟུགས་སོགས་ཀྱི་གནས་ཚུལ་སྟོང་པ་ཉིད་ཀྱང་སྣང་ཚུལ་ཀུན་རྫོབ་ལ་ལྟོས་ནས་དོན་དམ་དུ་བཤད་ཀྱི། ཇི་སྐད་བརྗོད་པའི་མཐར་ཐུག་དཔྱོད་པའི་རིགས་པ་ལ་ལྟོས་ནས་ཀུན་རྫོབ་ཡིན་ཏེ། ཐ་སྙད་དུ་ཡོད་ལ་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །ཐ་སྙད་དུ་ཡོད་ཅིང༌། བདེན་པ་ཁེགས་པའི་གཉིས་ཚོགས་ལ་སྒྱུ་མ་ལྟ་བུ་དང་བརྫུན་པའི་དོན་ཅན་དུ་བཤད་པའི་ཕྱིར་དང༌། བརྫུན་པའི་དོན་ཅན་ནི་ཀུན་རྫོབ་ཡིན་པའི་ཕྱིར། དོན་འདི་ཁོང་དུ་མ་ཆུད་པ་དེ་སྲིད་དུ་དབུ་མའི་ལྟ་བ་རྟོགས་ཟེར་བ་ནི་རྫུན་ཁོ་ནའོ། །སྒོམ་པའི་ཡན་ལག་གང་ཞེ་ན། སྟོང་ཉིད་སྒོམ་པའི་གནས་སྐབས་ཐམས་ཅད་དུ་ཡན་ལག་ལྔ་ལྡན་དུ་བསྒོམ་པར་བྱ་སྟེ། དམིགས་པའི་ཡན་ལག ཏིང་ངེ་འཛིན་སྒོམ་པའི་ཡན་ལག མི་མཐུན་ཕྱོགས་སེལ་བའི་ཡན་ལག བརྟན་པ་བསྐྱེད་པའི་ཡན་ལག བརྟན་པ་མཐུ་བསྐྱེད་པའི་ཡན་ལག་གོ །དང་པོ་ནི། གང་ལ་སྒྲོ་འདོགས་དཔྱད་པར་བྱ་བའི་དམིགས་པའོ། །གཉིས་པ་ནི། དམིགས་པ་དེ་ཉིད་ཀྱི་གནས་ཚུལ་གྱི་རྣམ་པ་འཛིན་པའོ། །གསུམ་པ་ནི། ཏིང་ངེ་འཛིན་གྱི་སྐྱོན་བྱིང་རྒོད་བྱུང་མ་བྱུང་རྟོག་པར་བྱེད་པའི་ཤེས་བཞིན་ནོ། །བཞི་པ་ནི། མཉམ་གཞག་གི་རྣམ་པ་རྗེས་ཐོབ་ཏུ་ཡང་རྗེས་ཐོབ་ཀྱི་དྲན་ཤེས་ཀྱིས་ཡང་དང་ཡང་དུ་གསལ་འདེབས་པའོ། །ལྔ་པ་ནི། སྤྱོད་ལམ་རྣམ་བཞིར་འཁོར་ཡུག་ཏུ་གསལ་འདེབས་པའོ། །གནས་སྐབས་འདི་དག་ཏུ་ཏིང་ངེ་འཛིན་ཀྱི་སྐྱོན་དང་སྐྱོན་ལྟར་སྣང་གཉིས་འབྱུང་སྟེ། དང་པོ་ནི། ཆུ་གཏིང་དུ་ཉ་ཞུགས་པ་ལྟ་བུ་ཡིན་ཏེ། རྟོག་པ་མི་འཕྲོ་སྙམ་ཡང་རྟོག་པ་ཕྲ་མོ་ཡུལ་དུ་འཕྲོས་པ་མ་ཚོར་བའོ། །གཉིས་པ་ནི། ཆུ་ཟངས་སུ་ཐིགས་པ་ཕོག་པ་ལྟ་བུ་སྟེ། རྟོག་པ་ལ་ལོག་པ་ལྟར་སྣང་ཡང་གང་ལ་འཕྲོས་པའི་ཡུལ་དེ་ཉིད་རང་བཞིན་མེད་པར་རྟོགས་ན་སྟོང་ཉིད་རྟོགས་པའི་ལྟ་བ་ལས་མ་གཡོས་པས་སྐྱོན་མེད་དོ། །འདི་ནི་དབང་པོ་རབ་ཀྱི་སྤྱོད་ཡུལ་ལོ། །ལྷག་མཐོང་སྒོམ་པའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་གཞུང་གི་དོན་ལ་དྲུག་སྟེ། ལྷ་སྐུ་ལ་དམིགས་ཏེ་སྒོམ་པ་དང༌། དངོས་པོ་སྤྱི་ལ་དམིགས་ཏེ་སྒོམ་པ། ཏིང་ངེ་འཛིན་གྱི་ཉེས་པ་བསལ་བ། མཉམ་རྗེས་ལ་རེས་འཇོག་ཏུ་སློབ་པའི་རིམ་པ། མཉམ་རྗེས་གཉིས་ལ་འཇུག་པའི་དགོས་པ། ཚོགས་གཉིས་ལ་སློབ་པའི་བྱ་བའོ། །དང་པོ་ལ་གསུམ་སྟེ། ཞི་གནས་སྒྲུབ་པ་དང༌། ལྷག་མཐོང་སྒྲུབ་པ་དང༌། ཕན་ཡོན་སྒྲུབ་པའོ། །དང་པོ་ནི། ཞི་གནས་དང་ལྷག་མཐོང་གཉིས་སྒོམ་པ་དེ་ལ་ཞི་གནས་སྒོམ་པའི་དུས་སུ་རྣལ་འབྱོར་པས་ཐོག་མར་ཞི་གནས་སྒྲུབ་པའི་ཕྱིར་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་མིག་གིས་ཇི་ལྟར་མཐོང་བ་དང༌། དབྱིབས་དང་ཁ་དོག་འདི་ལྟ་བུའོ་ཞེས་ཇི་ལྟར་ཐོས་པའི་དོན་ལ་སེམས་བཞག་ནས་ཞི་གནས་བསྒྲུབ་པར་བྱ་སྟེ་གང་ལ་དམིགས་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཡང་ཁ་མདོག་གསེར་བཙོ་མ་བཞིན་དུ་སེར་ལ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ། འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀྱིལ་འཁོར་གྱི་ནང་ན་བཞུགས་ཤིང་གདུལ་བྱ་འདུལ་བའི་ཐབས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པར་རྒྱུན་དུ་ཡིད་ལ་བྱེད་པས་དམིགས་པར་བྱའོ། །དེ་ནས་སངས་རྒྱས་དེའི་ཡོན་ཏན་ལ་ཐོབ་པར་འདོད་པའི་བློ་བསྐྱེད་ཅིང༌། དེ་ལ་དམིགས་པ་གཏོད་པའི་དུས་སུ་བྱིང་བ་དང་རྒོད་པ་ལ་སོགས་པ་ཏིང་ངེ་འཛིན་གྱི་སྐྱོན་རྣམས་ཞི་བར་བྱས་ལ་བསྒོམ་མོ། །ཡུན་ཇི་སྲིད་དུ་སྒོམ་ཞེ་ན། ཇི་སྲིད་དུ་སངས་རྒྱས་ཀྱི་སྐུ་དེ་མདུན་ན་མངོན་སུམ་དུ་བཞུགས་པ་བཞིན་དུ་གསལ་བར་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བསྒོམ་པ་ལ་འབད་པར་བྱའོ། །གཉིས་པ་ལྷག་མཐོང་སྒྲུབ་པ་ནི། ཞི་གནས་སྒྲུབ་པའི་རྗེས་དེ་ནས་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་གསལ་བར་མཐོང་བ་ལ་དཔྱད་དེ། དེ་བཞིན་གཤེགས་པའི་སྐུ་འདི་དང་པོར་གང་ནས་བྱོན་པ་དང༌། མཐར་གང་དུ་བཞུད་པ་ལ་སོ་སོར་རྟོག་པས་སྣང་ལ་རང་བཞིན་མེད་པར་རྟོགས་པའི་ལྷག་མཐོང་བསྒོམ་པར་བྱའོ། །སྒོམ་པའི་དོན་ནི་སེམས་ལ་བག་ཆགས་ཡང་ཡང་བགོ་བའོ། །གནས་ཚུལ་ལ་གང་ནས་བྱོན་པ་དང༌། གང་དུ་ཡང་བཞུད་པ་མེད་པར་རྟོགས་པའི་རྗེས་དེ་ནས་འོག་ནས་འབྱུང་བ་འདི་སྙམ་དུ་བསམ་པར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་འདི་དང་པོར་གང་ནས་ཀྱང་འདིར་མ་གཤེགས། ཐ་མར་གར་ཡང་མི་བཞུད། བཞུད་པར་སྣང་བཞིན་པའི་དུས་ན་ཡང་འཐད་པ་སྒྲུབ་པའི་རིག་པའམ། ཆུ་ཟླ་ལྟ་བུའི་དཔེ་ལ་བརྟེན་ནས་བློ་ལ་སྣང་བ་ཙམ་དུ་ཟད་ཀྱི་གནས་ཚུལ་ལ་ངོ་བོ་ཉིད་ཀྱིས་སྟོང་པར་རྟོགས་པར་བྱས་ལ། གཟུགས་སྐུར་སྣང་བ་ངོ་བོ་ཉིད་ཀྱིས་སྟོང་པས་བདག་དང་བདག་གི་བ་དང་བྲལ་བ་དེ་བཞིན་ཉིད་དུ་རང་བཞིན་ཁྱད་མེད་ཀྱི་རིགས་པས་ཆོས་གཞན་ཐམས་ཅད་ཀྱང་བློ་ལ་སྣང་བ་ཙམ་དུ་ཟད་ཀྱི། གནས་ཚུལ་ལ་ངོ་བོ་ཉིད་ཀྱིས་སྟོང་ཞིང༌། གང་ནས་འོང་བའི་སྐྱེ་བ་དང༌། གང་དུ་འགྲོ་བའི་འགག་པ་དང་བྲལ་བ་གཟུགས་བརྙན་ལྟ་བུ་སྟེ། རང་བཞིན་གྱིས་ཡོད་པ། ཡོད་པ་བཀག་པའི་མེད་པ་ལ་སོགས་པའི་ངོ་བོ་དང་བྲལ་བའོ་ཞེས་ལྷག་མཐོང་གིས་དཔྱད་ནས་ཡོད་མེད་སོགས་གང་དུའང་རྣམ་པར་རྟོག་པ་མེད་ཅིང༌། སྒྲས་ཀྱང་མཐའ་གཅིག་ཏུ་ངེས་པའི་ཆོས་གང་དུ་ཡང་བརྗོད་དུ་མེད་པ་དང༌། སྟོང་པ་ཉིད་དུ་རོ་གཅིག་པས་ངང་གཅིག་ཏུ་གྱུར་པ་རྟོགས་པའི་ཡིད་ཀྱིས་གཟུགས་སྐུའི་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་ཞིང༌། ཇི་སྲིད་འདོད་ཀྱི་བར་དུ་ཏིང་ངེ་འཛིན་ལ་འདུག་པར་བྱའོ། །ཚུལ་འདི་ལྟ་བུའི་ཏིང་ངེ་འཛིན་གང་ན་བཤད་ཅེ་ན། ཏིང་ངེ་འཛིན་དེ་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྟོན་པའི་མདོ་ལས་བསྟན་ཏོ། །གསུམ་པ་ཕན་ཡོན་བསྟན་པ་ནི། ཏིང་ངེ་འཛིན་དེའི་ཕན་ཡོན་མང་པོ་ཡོད་པ་ནི་ཞིབ་ཏུ་མདོ་དེ་ཉིད་ལས་རིག་པར་བྱའོ་ཞེས་བཤད་དོ། །གཉིས་པ་དངོས་པོ་སྤྱི་ལ་དམིགས་ཏེ་སྒོམ་པ་ལ་གསུམ་སྟེ། ཞི་གནས་སྒྲུབ་པ་དང༌། ལྷག་མཐོང་སྒྲུབ་པ་དང༌། ཟུང་འབྲེལ་དུ་སྒྲུབ་པའོ། །དང་པོ་ནི། རྣམ་པ་གཅིག་ཏུ་རྣམ་པ་ཇི་སྙེད་ཀྱིས་ཆོས་བསྡུས་པར་གྱུར་པ་དེའི་དོན་གཅིག་ཏུ་བསྡོམས་ནས་སེམས་བཞག་སྟེ། ཏིང་ངེ་འཛིན་གྱི་སྐྱོན་བྱིང་བ་དང་རྒོད་པ་ལ་སོགས་པ་ཞི་བར་བྱས་ནས་ཞི་གནས་བསྒྲུབ་པར་བྱའོ། །བསྡུས་པར་གྱུར་པའི་དམིགས་པ་གང་ཞེ་ན། དམིགས་པ་མདོར་བསྡུ་ན། ཆོས་ཐམས་ཅད་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་བྱེ་བྲག་གཉིས་པོ་དག་གིས་བསྡུས་ཏེ། དེ་ལ་གཟུགས་ཅན་རྣམས་ནི་གཟུགས་ཀྱི་ཕུང་པོར་འདུས་སོ། །ཚོར་བ་ལ་སོགས་པའི་ཕུང་པོ་ལྷག་མ་བཞི་ནི་གཟུགས་ཅན་མ་ཡིན་པས་བསྡུས་པ་ཉིད་དོ། །དེ་ལ་གནས་སྐབས་འགའ་ཞིག་ཏུ་ནི་གཟུགས་ཅན་ལ་དམིགས་ཏེ་ཞི་གནས་བསྒྲུབ་བོ། །གཉིས་པ་ལྷག་མཐོང་སྒྲུབ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ལྷག་མཐོང་སྒོམ་པའི་ཚུལ་འདི་ལ་ཐོག་མར་སྦྱོར་བའི་དུས་སུ་ཡིད་ལ་བྱ་བ་ནི་ཁམས་གསུམ་ན་གནས་པའི་བྱིས་པ་དག་ཡོད་པ་དང་མེད་པ་ལ་སོགས་པར་འཛིན་པའི་སྤྲོས་པ་ལ་མངོན་པར་ཞེན་པའི་ཕྱིར་བློ་ཕྱིན་ཅི་ལོག་ཏུ་གྱུར་ནས་འཁོར་བ་ན་རང་དབང་མེད་པར་ཡོངས་སུ་འཁྱམས་ཏེ་སྡུག་བསྔལ་བས་ན་དེ་དག་གི་ཕྱིན་ཅི་ལོག་བསལ་བའི་ཕྱིར་དུ་དེ་དག་ལ་དམིགས་ཏེ་སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། རྣལ་འབྱོར་པས་ཞི་གནས་གྲུབ་པར་བྱས་ནས་དེ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། དགོས་པ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་དུའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། གང་ལ་སྒྲོ་འདོགས་གཅོད་པའི་དམིགས་པའི་ཁྱད་པར་དང༌། དེ་ལ་འཇུག་ཚུལ་གྱི་ཁྱད་པར་དང༌། ཇི་ལྟར་སྒོམ་པའི་ཐབས་ཀྱི་རིམ་པའོ། །དང་པོ་ནི། ཡང་དག་པར་སོ་སོར་རྟོག་པ་ནི་ལྷག་མཐོང་ཞེས་བྱའོ། །དམིགས་ཡུལ་ཡང་དག་པ་གང་ཞེ་ན། ཡང་དག་པ་ནི། གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པའོ། །བདག་མེད་པ་གཉིས་ཡོད་པ་དེ་ལ་གང་ཟག་ལ་བདག་མེད་པ་ནི། གང་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ལ་ལྷན་སྐྱེས་ཀྱི་བདག་དང་བདག་གིར་འཛིན་པ་ཡོངས་སུ་བཏགས་པ་ཉིད་གདོད་མ་ནས་མེད་པ་ཉིད་དོ། །ཆོས་ལ་བདག་མེད་པ་ནི་གང་གཟུགས་ལ་སོགས་པའི་ཕུང་པོ་དེ་དག་ཉིད་སྣང་བ་ཙམ་དུ་ཟད་ཀྱི། གདོད་མ་ནས་ངོ་བོ་ཉིད་མེད་པ་སྒྱུ་མ་ལྟ་བུ་ཉིད་དོ། །གཉིས་པ་དེ་ལ་འཇུག་ཚུལ་གྱི་ཁྱད་པར་ལ་ལྔ་སྟེ། ཡུལ་ལ་སོ་སོར་རྟོག་པའི་ཁྱད་པར་དང༌། དེ་ལས་ཏིང་ངེ་འཛིན་ཐོབ་པ་དང༌། དེ་དག་གི་ཤེས་བྱེད་ཀྱི་ལུང་དགོད་པ་དང༌། ལུང་གི་དོན་བཤད་པ་དང༌། སྐབས་ཀྱི་འབྲས་བུ་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གང་ཟག་གི་བདག་མེད་པ་ལ་སོ་སོར་རྟོག་པ་དང༌། ཆོས་ཀྱི་བདག་མེད་པ་ལ་སོ་སོར་རྟོག་པའོ། །དང་པོ་ལ་གཉིས་ཏེ། སོ་སོར་རྟོག་པའི་ཚུལ་དང༌། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། དམིགས་པའི་ཡུལ་ལ་སོ་སོར་རྟོག་པ་དེ་ལ་གང་ཟག་ལ་འདི་ལྟར་བརྟག་པར་བྱ་སྟེ། གང་ཟག་ནི་གཟུགས་ལ་སོགས་པའི་ཕུང་པོ་ལས་གུད་ན་མེད་དེ། དེ་གཟུགས་ལ་སོགས་པ་ལས་ལོགས་ཤིག་ཏུ་ཡོད་ན་སྣང་དུ་རུང་བ་ལས་ལོགས་ཤིག་ཏུ་ཚད་མ་ལ་སྣང་བ་མེད་པའི་ཕྱིར་དང༌། ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཕུང་པོ་ལ་ངའོ་སྙམ་པའི་བློ་མི་འཇུག་གི རང་རྒྱུད་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་ཉིད་དམ། དེ་ཁོ་ན་ལ་ངའོ་སྙམ་པའི་ཤེས་པ་འབྱུང་བའི་ཕྱིར་རོ། །མདོ་ལས་ཀྱང༌། དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་བལྟའོ་ཞེས་གསུངས་སོ། །འདིས་ནི་རྣམ་སྨིན་གྱི་ངོ་བོ་ཕུང་པོ་ལ་བདག་དང་བདག་གིར་འཛིན་པ་འཇུག་གི ཕྱི་རོལ་གྱི་གཟུགས་སོགས་ལ་མ་ཡིན་ནོ་ཞེས་བསྟན་ནོ། །འོ་ན་ཕུང་པོ་དང་གཅིག་ཏུ་གྲུབ་བོ་སྙམ་ན། གང་ཟག་ནི་གཟུགས་ལ་སོགས་པའི་ཕུང་པོའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཕུང་པོ་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཏེ། གཟུགས་ལ་སོགས་པ་དེ་དག་ནི་མི་རྟག་ལ་སྐད་ཅིག་དུ་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང༌། གང་ཟག་ནི་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཡིན་པར་གང་ཟག་ངོ་བོ་ཉིད་ཀྱིས་ཡོད་པར་འདོད་པ་གཞན་དག་གིས་བཏགས་པའི་ཕྱིར་རོ། །ལྷན་སྐྱེས་ཀྱི་འཛིན་པས་ཀྱང་ཕུང་པོ་དང་མཚན་ཉིད་མི་མཐུན་པར་འཛིན་ཏེ། སྔར་མཐོང་བ་ཉིད་ད་ལྟར་གྱི་དུས་སུ་ངོ་ཤེས་པར་འཛིན་པས་ན་རྟག་པར་འཛིན་ལ། འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་གཅིག་སྐྱེའོ་ཞེས་གཅིག་པུར་ཡང་འཛིན་ནོ། །རྩ་བ་ཤེས་རབ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །ཕུང་པོ་དང་དེ་ཉིད་དང་གཞན་ཉིད་དུ་འགོག་པའི་རིགས་པ་མ་བཟོད་ནས་ཕུང་པོ་དང༌། དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའི་དངོས་པོར་ཡོད་དོ་ཞེ་ན། ཕུང་པོ་དང་དེ་ཉིད་དམ་གཞན་དུ་བརྗོད་དུ་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོར་ཡོད་པ་ལ་ནི་རྫས་གཅིག་དང་རྫས་ཐ་དད་ཀྱི་རྣམ་པ་ལས་གཞན་མེད་པའི་ཕྱིར་རོ་སྙམ་དུ་བརྟག་པར་བྱའོ། །ཅིའི་ཕྱིར་ཕུང་པོ་ཁོ་ན་དགག་གཞིར་བཟུང་ནས་གང་ཟག་ངོ་བོ་ཉིད་ཀྱིས་ཡོད་པ་འགོག་ཞེ་ན། ཕུང་པོ་ཉིད་བདག་ཏུ་འཁྲུལ་བའི་གཞི་ཡིན་པའི་ཕྱིར་དང༌། ཕུང་པོ་ལ་བརྟགས་ནས་བདག་མ་རྙེད་ན་བདག་རྙེད་པའི་གོ་སྐབས་མེད་པའི་ཕྱིར་རོ། །གཉིས་པ་ནི། ཕུང་པོ་ལ་བརྟགས་ནས་མི་རྙེད་པ་དེ་ལྟ་བས་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ང་དང་ང་ཡི་ཞེས་བྱ་བ་འདི་ནི་བརྫུན་པའི་ཡུལ་ཅན་ཏེ། འཁྲུལ་པ་ཁོ་ན་ཡིན་པར་ངེས་པར་རིག་པར་བྱས་ནས། སྐྱེས་བུ་ལམ་ལོག་པ་དགྲ་ཡུལ་དུ་སོང་བ་ལྟར་བལྟའོ། །གཉིས་པ་ཆོས་ལ་བདག་མེད་པར་སོ་སོར་རྟོག་པ་ལ་གཉིས་ཏེ། གཟུགས་ཅན་མ་གྲུབ་པར་རྟོག་པ་དང༌། རྣམ་པར་ཤེས་པ་མ་གྲུབ་པར་རྟོག་པའོ། །དང་པོ་ནི། གང་ཟག་གི་བདག་མེད་པ་ལ་རྟོག་པའི་རྗེས་དེ་ནས་ཆོས་ལ་བདག་མེད་པ་རྟོགས་པའི་ཕྱིར་དུ་དཔྱད་པར་བྱའོ་ཞེས་སྦྱར་རོ། །གང་ལ་ན། གང་ཟག་དུ་མ་ཟད་ཆོས་གཟུགས་ཅན་རྣམས་ལ་ཡང་ངོ༌། །ཚུལ་ཇི་ལྟར་དུ་ན། ཅི་གཟུགས་སུ་སྣང་བ་འདི་དག་དོན་དམ་པར་སེམས་ལས་གུད་ན་ཡོད་དེ་འདུག་པ་ཞིག་གམ། འོན་ཏེ་སེམས་ཉིད་བག་ཆགས་ཀྱི་དབང་གིས་གཟུགས་ལ་སོགས་པར་སྣང་སྟེ་རྨི་ལམ་གྱི་གནས་སྐབས་ན་གཟུགས་སུ་སྣང་བ་དང་འདྲ་བ་ཞིག་ཡིན་ཞེས་པའི་ཚུལ་དུའོ། །དེ་ལྟར་བརྟགས་པའི་རྗེས་དེ་ནས་གཟུགས་སོགས་གཟུགས་ཅན་དུ་སྣང་བ་འདི་དག་ལ་རྣམ་པར་དཔྱོད་པའི་བློས་ཇེ་ཕྲ་ཇེ་ཕྲར་བསིལ་ནས་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པའི་བར་དུ་རྟོག་ཅིང་རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱིས་སོ་སོར་བརྟགས་ན་མི་དམིགས་ཏེ། དེ་ལྟར་གཟུགས་ཅུང་ཟད་ཀྱང་མ་དམིགས་པ་ན་གཟུགས་སོགས་དེ་དག་ལ་ངོ་བོ་ཉིད་ཀྱིས་ཡོད་པའམ། སྔར་ཡོད་མེད་ཉིད་དུ་གྱུར་པ་རྣམ་པར་རྟོག་པ་བཟློག་པར་བྱེད་དོ། །འོ་ན་སེམས་ལས་ཕྱི་རོལ་དུ་ཐ་དད་དུ་སྣང་བ་ཅི་ཞེ་ན། ཁམས་གསུམ་པོ་ཡང་སེམས་ལས་ཐ་དད་དུ་གྲུབ་པ་མེད་པས་སེམས་ཙམ་དོན་དུ་སྣང་བར་རྟོགས་ཀྱི་སེམས་ལས་གཞན་དུ་ནི་མ་ཡིན་ནོ་ཞེས་བརྟག་པར་བྱའོ། །སེམས་ཙམ་ཉིད་དོན་དུ་སྣང་བ་ཡིན་གྱི་དོན་ལ་མ་ཡིན་པ་དེ་སྐད་དུ། ལང་ཀར་གཤེགས་པའི་མདོ་ལས་ཀྱང་བཀའ་སྩལ་ཏེ་རྫས་ནི་ཞེས་སོགས་ནས་འབྱུང་ངོ་ཞེས་སོགས་ཀྱི་བར་རོ། །དེའི་དོན་ནི། དོན་དུ་སྣང་བའི་རྫས་ནི་རྡུལ་ཕྲ་རབ་ཀྱི་བར་དུ་རྣམ་པར་བཞིག་ནས་རྡུལ་ཕྲ་རབ་ཀྱང་མི་དམིགས་པར་རྟོགས་པར་བྱ་ཞིང༌། དེ་ལྟར་རྟོགས་པར་བྱས་ནས་གཟུགས་ལ་བདེན་པར་རྣམ་པར་མ་རྟོག་ཅིག་ཅེས་གདམས་སོ། །འོ་ན་དོན་དུ་སྣང་བ་འདི་ཅི་ཞེ་ན། སེམས་ཙམ་དུ་རྣམ་པར་བཞག་སྟེ། སྣང་བ་སེམས་ཙམ་ཡིན་པ་ནི་ལྟ་བ་ངན་པས་མི་རྟོགས་སོ་ཞེས་འབྱུང་ངོ༌། །གཉིས་པ་རྣམ་པར་ཤེས་པ་མ་གྲུབ་པར་རྟོགས་པ་ལ་གཉིས་ཏེ། བརྟག་པའི་ཚུལ་རྒྱས་པར་བསྟན་པ་དང༌། ཚད་མའི་འབྲས་བུ་བསྡུས་པའོ། །དང་པོ་ནི། རྣལ་འབྱོར་པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཉིད་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ལ་ཡང་དག་པར་ཡོད་པ་མ་ཡིན་པ་ལ་བདེན་པར་མངོན་པར་ཞེན་པའི་དབང་གིས་རྨི་ལམ་ན་རྨིས་པའི་གཟུགས་ལ་སོགས་པར་སྣང་བ་བཞིན་དུ་བྱིས་པ་རྣམས་ལའང་གཟུགས་ལ་སོགས་པར་སྣང་བ་སེམས་ལས་ཕྱི་རོལ་ཏུ་ཆད་པ་བཞིན་དུ་སྣང་སྟེ། སྣང་ཚུལ་ལ་ཐ་དད་པར་སྣང་ཡང་སེམས་སུ་གྲུབ་པ་དེ་ལྟ་བས་ན་ཁམས་གསུམ་པ་ནི་སེམས་ཙམ་ཁོ་ན་ཡིན་ནོ་ཞེས་བལྟའོ། །རྣལ་འབྱོར་པ་དེས་དེ་ལྟར་བློས་ཕྱི་རོལ་ཏུ་བཏགས་པ་མཐའ་དག་ནི་སེམས་ཁོ་ན་ཡིན་པར་རྟོགས་ནས་སེམས་དེ་ལ་རིགས་པས་སོ་སོར་བརྟགས་པ་ན་གཟུང་འཛིན་གྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་རིགས་པས་སོ་སོར་བརྟག་པར་བྱ་བ་ཡིན་ནོ་སྙམ་ནས་སེམས་ཀྱི་ངོ་བོ་ཉིད་རིགས་པས་སོ་སོར་རྟོག་གོ །ཇི་ལྟར་རྟོག་ཅེ་ན། རྣལ་འབྱོར་པ་དེ་སེམས་ལ་འདི་ལྟར་དཔྱོད་དེ། དོན་དམ་པར་རམ་རིགས་པས་དཔྱད་ན་སེམས་ཀྱང་ཐ་སྙད་དུ་སྣང་བ་ཙམ་དུ་ཟད་ཀྱི་གདོད་མ་ནས་སྒྱུ་མ་བཞིན་དུ་མ་སྐྱེས་པ་སྟེ་ཞེས་དཔྱོད་དོ། །གང་གི་ཚེ་གཟུགས་ལ་སོགས་པར་སྣང་བ་བརྫུན་པའི་ངོ་བོ་ཉིད་དུ་གྲུབ་པའི་རྣམ་པ་སྣ་ཚོགས་པ་འཛིན་པས་ན་སེམས་ཉིད་སྣ་ཚོགས་པའི་རྣམ་པར་སྣང་བ་དེའི་ཚེ་རིགས་པས་དཔྱད་ན་བརྫུན་པའི་རང་བཞིན་ཅན་གྱི་ཡུལ་དེ་ལས་སེམས་གུད་ན་མེད་པ་དེའི་ཕྱིར། སེམས་འདི་ཉིད་ཀྱང་བདེན་པར་གྲུབ་པ་བཀག་པའི་གཟུགས་ལ་སོགས་པ་བཞིན་བདེན་པར་གྲུབ་པ་ཉིད་དུ་ག་ལ་འགྱུར། ཇི་ལྟར་ཞེ་ན། གཟུགས་ལ་སོགས་པའི་རྣམ་པ་སྣ་རེ་རེ་ཡང་ཆ་བཅས་ཡིན་པས་ན་སྣ་ཚོགས་ཀྱི་རྣམ་པ་ཡིན་ནོ། །སྣ་གཅིག་ཏུ་འདོད་པ་ཡང་སྣ་ཚོགས་ཡིན་པས་ན་ཁྲ་བོའི་ངོ་བོ་བཞིན་དུ་གཅིག་ཏུ་བདེན་པ་མ་ཡིན་ལ། གཟུགས་སྣ་རེ་རེ་ལ་ཡང་བདེན་པའི་གཅིག་མ་རྙེད་པས་ན་དུ་མའི་ངོ་བོ་ཉིད་དུ་བདེན་པ་མ་ཡིན་ཏེ། གཅིག་མེད་ན་ཁྱབ་བྱ་དུ་མ་ཡང་གཞག་ཏུ་མེད་པས་སོ། །དཔེ་དེ་བཞིན་དུ་སེམས་ཀྱང་རྫུན་པའི་རྣམ་པ་དེ་ལས་གུད་ན་མེད་པའི་ཕྱིར་ན། རིགས་པ་མཚུངས་པས་སེམས་ཀྱང་གཅིག་དང་དུ་མའི་ངོ་བོ་ཉིད་དུ་བདེན་པ་མ་ཡིན་ནོ། །འདི་ནི་གཅིག་དང་དུ་བྲལ་གྱི་རིགས་པས་བརྟག་པའོ། །ཡང་སེམས་ཀྱི་སྐྱེ་འགག་གི་ཆ་ཡང་རིགས་པས་བརྟག་ན་མི་རྙེད་དོ། །སེམས་སྐྱེ་བར་སྣང་བའི་ཚེ་ཡང་བརྟགས་ན་གང་ནས་ཀྱང་མི་འོང་ངོ༌། །འགག་པར་སྣང་བའི་ཚེ་ཡང་བརྟགས་ན་གང་དུའང་མི་འགྲོ་སྟེ། ཁྱད་གཞིའི་སེམས་མེད་ན་ཁྱད་ཆོས་སྐྱེ་འགག་ཡོད་པར་ག་ལ་འགྱུར། གལ་ཏེ་ཡུལ་སྔ་མ་སྔ་མ་ལ་བརྟེན་ནས་སྐྱེ་བས་ན་གང་ནས་འོངས་པ་མི་རྙེད་པ་མ་ཡིན་ནོ་ཞེ་ན། མི་འཐད་དེ། དོན་དམ་པར་ན་བདག་དང་གཞན་གཉིས་ཀ་ལས་སྐྱེ་བར་མི་རིགས་པས་སོ། །འདི་ནི་རྡོ་རྗེ་གཟེགས་མའི་རིགས་པས་བརྟགས་ན་གཟུགས་སུ་མ་ཟད་སེམས་ཀྱང་བདེན་པར་སྐྱེ་བར་མི་རིགས་པའི་དོན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། གཟུགས་ནི་གང་ནས་ཀྱང་མ་འོངས། གང་དུའང་མི་འགྲོ། ཚོར་བའང་གང་ནས་ཀྱང་མ་འོངས། གང་དུའང་མི་འགྲོ། འདུ་ཤེས་ཀྱང་གང་ནས་ཀྱང་མ་འོངས། གང་དུའང་མི་འགྲོ་ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་ཚད་མའི་འབྲས་བུ་བསྡུ་བ་ནི། སེམས་གཅིག་དང་དུ་བྲལ་དང་རྡོ་རྗེ་གཟེགས་མའི་རིགས་པས་བརྟགས་ན་མི་རྙེད་པ་དེ་ལྟ་བས་ན་སེམས་ཀྱང་སྒྱུ་མ་བཞིན་ཏེ་བརྫུན་པར་གྲུབ་བོ། །སེམས་བརྫུན་པ་ཇི་ལྟ་བ་དེ་བཞིན་དུ་འགོག་པ་དང་མྱ་ངན་ལས་འདས་པ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་སྟེ་བརྫུན་པའོ། །དོན་དམ་པར་ན་སྟེ་རིགས་པས་དཔྱད་ན་ཡུལ་གཟུགས་སོགས་དང༌། ཡུལ་ཅན་ཤེས་པ་གཉིས་ཀ་མ་སྐྱེས་པའོ་སྙམ་དུ་བརྟག་པར་བྱའོ། །འགོག་པའི་བདེན་པ་དང་མྱ་ངན་ལས་འདས་པ་ཡང་བདེན་པ་དང་རྫུན་པ་གང་ཡིན་བརྟགས་པ་ན་རྫུན་པར་ཁས་ལེན་དགོས་པའི་ཕྱིར་ན་མཐར་ཐུག་གི་རིགས་པ་ལ་ལྟོས་ནས་ཀུན་རྫོབ་ཡིན་ནོ། །མདོ་ལས། འགོག་པའི་བདེན་པ་རྨི་ལམ་འདྲ་བ་སྟེ། །མྱ་ངན་འདས་པ་རྨི་ལམ་འདྲ་བར་བརྗོད། །ཅེས་སོ། །གཉིས་པ་སོ་སོར་བརྟགས་པ་ལས་ཏིང་ངེ་འཛིན་ཐོབ་པ་ནི། རྣལ་འབྱོར་པ་དེ་སེམས་ལ་བརྟགས་པའི་རྗེས་ཐོགས་སུ་སེམས་གང་གིས་སོ་སོར་རྟོག་པར་བྱེད་པ་ལ་ཡང་བརྟགས་ན་དེའི་ངོ་བོ་ཉིད་ཀྱང་མི་དམིགས་ཏེ། དཔྱད་བྱ་རྣམ་པར་དཔྱད་པ་ན། །རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། །དེ་ཡི་ཕྱིར་ན་སྐྱེ་མེད་བསྟན། །ཅེས་གསུངས་པ་དེ་ལྟ་བུ་རྣལ་འབྱོར་པས་དམིགས་པའི་ཡུལ་གང་དང་གང་ལ་སེམས་འཕྲོ་ཞིང་སྐྱེ་བ་དེ་དང་དེའི་ངོ་བོ་ཉིད་ལ་སོ་སོར་རྟོག་པའི་ལྷག་མཐོང་གིས་ཡོངས་སུ་བརྟགས་ན་རྣལ་འབྱོར་པ་དེས་གང་གི་ཚེ་རྣམ་པར་རྟོག་པ་གང་ལ་འཕྲོ་བའི་ཡུལ་མི་དམིགས་པ་དེའི་ཚེ་དངོས་པོ་ཐམས་ཅད་ལྷག་མཐོང་གིས་ཡོངས་སུ་བརྟགས་ཤིང་ཆུ་ཤིང་གི་སྡོང་པོ་བཞིན་དུ་སྙིང་པོ་མེད་པར་རྟོགས་པར་བྱས་ནས་ཡུལ་དང་སེམས་སུ་འཛིན་པ་དེ་ལས་སེམས་ཟློག་པར་བྱེད་དོ། །ཡུལ་སེམས་གཉིས་ཀ་མ་གྲུབ་པར་རྟོགས་པ་ན་དེ་དག་གཉིས་ཀྱི་ཡུལ་ཅན་ཡང་རང་ཞིར་འགྱུར་བ་དེས་ན་དེ་ནས་ཡོད་པ་དང་མེད་པ་ལ་སོགས་པར་རྣམ་པར་རྟོག་པ་མེད་པར་གྱུར་ནས་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ལ་སེམས་གནས་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བར་གྱུར་པ་གཟུང་འཛིན་གྱི་མཚན་མ་མེད་པའི་རྣལ་འབྱོར་ཐོབ་བོ། །གསུམ་པ་ཤེས་བྱེད་ཀྱི་ལུང་དགོད་པ་ནི། དགག་བྱ་ཐམས་ཅད་རྣམ་པར་བཅད་ནས་བསྒོམས་པས་མཚན་མེད་ཀྱི་རྣལ་འབྱོར་ཐོབ་པ་དེ་སྐད་དུ། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏེ་ཞེས་པ་ནས། རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ༌། །ཞེས་པའི་བར་དུ་གསུངས་སོ། །ལུང་གི་དོན་བཤད་པ་ནི། དེ་ལྟར་གཟུང་འཛིན་གཉིས་སུ་འཁྲུལ་བའི་སྐྱོན་ལ་མཁས་པ་དེ་གཟུང་འཛིན་གཉིས་བཅད་ནས་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་དུ་སྟོང་ཉིད་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །རྣལ་འབྱོར་པ་དེ་སྟོང་པ་ཉིད་སྒོམ་པའི་ཐུན་ཤིན་ཏུ་མང་བ་དང་ཡུན་རིང་བས་དམིགས་པའི་གནས་གང་དང་གང་དུ་སེམས་འཕྲོ་ཞིང་མངོན་པར་དགའ་བའི་གནས་དེ་དང་དེ་དག་གི་ངོ་བོ་ཉིད་གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པས་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །འདིས་ནི་ཡུལ་བཟུང་བ་ལ་མི་གནས་པའི་རྣལ་འབྱོར་བསྟན་ཏོ། །ཡུལ་ཅན་གྱི་སེམས་གང་ཡིན་པ་དེ་ཡང་རིགས་པས་སོ་སོར་བརྟགས་ན་སྟོང་པར་རྟོགས་སོ། །འདིས་ནི་ཡུལ་ཅན་འཛིན་པ་ལ་མི་གནས་པའི་རྣལ་འབྱོར་བསྟན་ནོ། །སེམས་ལ་གང་གིས་སོ་སོར་རྟོག་པར་བྱེད་པ་དེ་ཡང་ངོ་བོ་ཉིད་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་ཏེ། འདིས་ནི་གཉེན་པོའང་མི་དམིགས་པར་རྟོགས་པའི་རྣལ་འབྱོར་བསྟན་ཏོ། །དམ་པ་རྒྱ་གར་གྱིས། སྒྲོན་མེས་ནོར་བུ་བཙལ་ནས་རྙེད་པ་ན་སྒྲོན་མེ་ལ་མ་ཆགས་ཞེས་པའང་དོན་དེ་ཉིད་དོ། །ཡུལ་དང་ཡུལ་ཅན་དང་རྣལ་འབྱོར་གསུམ་པོ་དེ་རང་བཞིན་མེད་པ་དེ་ལྟར་དུ་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ༌། །ཡུལ་དང་ཡུལ་ཅན་དང་དེ་ལ་སྒྲོ་འདོགས་གཅོད་པའི་གཉེན་པོ་གསུམ་ཡང་རང་བཞིན་མི་དམིགས་པར་རྟོགས་པས་མཚན་མར་འཛིན་པའི་སྤྲོས་པ་མཐའ་དག་ཆོད་པས་འདིས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ༌། །བཞི་པ་ནི། ལུང་འདིས་ནི་འདི་སྐད་དུ་བསྟན་པ་ཡིན་ནོ། །གང་ན། གང་ཤེས་རབ་ཀྱིས་ཉེ་བར་མི་རྟོག་པ་དེ་ནི་མཚན་མ་མེད་པ་ལ་འཇུག་པའི་རྒྱུར་མི་འགྱུར་རོ་ཞེས་པའོ། །ལྔ་པ་སྐབས་ཀྱི་འབྲས་བུ་བསྡུ་བ་ནི། དེ་ལྟར་ཡུལ་དུ་མ་ཟད། སེམས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་ལ་དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་པ་ན་གང་གི་ཚེ། ཁྱད་གཞིའི་སེམས་མི་དམིགས་པ་དེའི་ཚེ་ཁྱད་ཆོས་ཡོད་པར་ཡང་མི་རྟོག་གོ །མེད་པར་ཡང་མི་རྟོག་སྟེ། དགག་བྱ་མ་གྲུབ་པས་བཀག་པའང་བློ་ཡུལ་དུ་མི་འབྱུང་ངོ༌། །ཇི་ལྟར་ན། དགག་བྱ་གང་མེད་པར་བརྟགས་པའི་བཀག་པ་དེ་ཡང་རྣམ་དཔྱོད་ཀྱི་བློ་དེའི་ཡུལ་ལ་དུས་ཐམས་ཅད་དུ་མི་སྣང་བའི་ཕྱིར་རོ། །དགག་བྱ་མེད་ན་དེ་བཀག་པ་བློ་ཡུལ་དུ་མི་འབྱུང་བ་ཅི་ཞེ་ན། གལ་ཏེ་རིགས་པས་བརྟགས་པ་ན་དགག་བྱའི་དངོས་པོ་འགའ་ཞིག་མཐོང་བར་གྱུར་ན་ནི་དེ་དགག་པའི་ཕྱིར་དགག་བྱ་དེ་མེད་དོ་ཞེས་བློས་བརྟགས་པར་བྱ་ན། གང་གི་ཚེ་རྣལ་འབྱོར་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཞིབ་པར་བརྟགས་ན་གང་འགག་པར་བྱ་བའི་དངོས་པོ་མི་དམིགས་པ་དེའི་ཚེ་ཆོས་གང་དགག་པའི་ཕྱིར་མེད་ཅེས་ཇི་ལྟར་རྣམ་པར་བརྟག་པར་བྱ། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་བསལ། །ཞེས་པ་དང༌། རྩོད་བཟློག་ལས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་སོ། །མདོར་ན་གང་དགག་པར་བྱ་བའི་ཆོས་མེད་ན་ཆོས་གང་ཞིག་བཀག་པའི་དགག་པར་འགྱུར་སོམས་ཤིག་ཅེས་པའི་དོན་ནོ། །རྣམ་པར་དཔྱོད་པ་དེའི་ཚེ་དགག་བྱ་དང་བཀག་པ་གཉིས་ཀ་བློའི་མདུན་ན་མི་གནས་པ་དེ་ལྟར་ན་གང་ཟག་དེ་ལ་རྟོག་པ་གཞན་དག་ཀྱང་མི་འབྱུང་སྟེ། དགག་བྱའི་དངོས་པོ་དང་དེ་བཀག་པའི་དངོས་པོ་མེད་པར་རྟོག་པ་གཉིས་ཀྱིས་རྟོག་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང༌། ཁྱབ་པར་བྱེད་པའི་རྟོག་པ་མེད་ན་ཁྱབ་པར་བྱ་བའི་རྟོག་པ་ཡང་མེད་པའི་ཕྱིར་རོ། །སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །སྟོང་པ་ཉིད་ཀྱི་དོན་རྟོགས་པ་ལ་དངོས་པོ་དང་དངོས་པོ་མེད་པའི་རྟོག་པ་གཉིས་པོ་མེད་པ་དེ་ལྟར་གྱུར་ན་སྤྲོས་པ་མེད་པར་སྟོང་ཉིད་རྟོགས་པའི་རྣམ་པར་མི་རྟོག་པ་ཉིད་ལ་ཞུགས་པ་ཡིན་ནོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་མངོན་པར་ཞེན་པའི་ཚུལ་གྱིས་མི་གནས་པ་ཡིན་ནོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས་དངོས་པོ་མཐའ་དག་གི་ངོ་བོ་ཉིད་མི་དམིགས་པར་རྟོགས་པའི་ཕྱིར། རྣལ་འབྱོར་པ་དེ་ལ་ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱ་བའང་ཡིན་ནོ། །གསུམ་ཇི་ལྟར་སྒོམ་པའི་ཐབས་ཀྱི་རིམ་པ་ལ་ལྔ་སྟེ། ཐོག་མར་སེམས་གཏོད་པའི་ཚུལ་དང༌། བློ་བསྒྲིམས་ཏེ་འཇུག་པ་དང༌། རྟོག་པས་བར་ཆད་པར་འཇུག་པ་དང༌། བར་མ་ཆད་པར་འཇུག་པ་དང༌། ལྷུན་གྱིས་གྲུབ་པར་འཇུག་པའོ། །དང་པོ་ནི། རྣལ་འབྱོར་པ་དེ་གོང་དུ་བསྟན་པ་དེ་ལྟར་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་རྟོགས་པ་ལ་ཞུགས་པས་དེའི་ངོ་ན་བརྟག་པར་བྱ་བ་གཞན་མེད་པའི་ཕྱིར། ཡུལ་ལ་དཔྱོད་པ་མེད་ཅིང་སྒྲའི་བརྗོད་པ་མེད་པ་སྟོང་ཉིད་རྟོགས་པའི་ངང་གཅིག་ཏུ་གྱུར་པའི་ཡིད་རང་གི་ངང་གིས་འཇུག་པས་བྱིང་རྒོད་སེལ་བའི་རྩོལ་བ་མངོན་པར་འདུ་བྱ་བ་མེད་པའི་ཕྱིར། རྣལ་འབྱོར་པས་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ཤིན་ཏུ་གསལ་བར་ངེས་པར་བཟུང་ཞིང་རྩོལ་མེད་དུ་འཇུག་པར་བྱའོ། །གཉིས་པ་ནི། ཤེས་རབ་ཀྱིས་སྟོང་ཉིད་རྟོགས་པ་དེར་གནས་ནས་ཀྱང་བློ་སྒྲིམས་ཏེ་སེམས་ཀྱི་རྒྱུད་ཡུལ་གཞན་དུ་མི་གཡེང་བར་བྱའོ། །གསུམ་པ་རྟོག་པས་བར་ཆད་ཅིང་འཇུག་པ་ལ་ལྔ་སྟེ། གཡེངས་ན་སླར་གླན་པ་དང༌། བརྟན་པ་མཐུ་བསྐྱེད་པ་དང༌། གཡེང་བ་བཟློག་པ་དང༌། བྱིང་བ་སེལ་བ་དང༌། རྒོད་པ་སེལ་བའོ། །དང་པོ་ནི། གང་གི་ཚེ་ཏིང་ངེ་འཛིན་སྒོམ་པའི་བར་སྐབས་སུ་རྐྱེན་འགའ་ཞིག་གི་དབང་གིས་སེམས་ཕྱི་རོལ་ཏུ་རྣམ་པར་གཡེང་བར་མཐོང་བ་དེའི་ཚེ་ཡུལ་གང་དམིགས་པ་དེའི་ངོ་བོ་ཉིད་ལ་བརྟགས་ནས་ཕྱི་རོལ་ཏུ་སེམས་རྣམ་པར་གཡེང་བ་ཞི་བར་བྱས་ལ། སླར་ཡང་དམིགས་པ་དེ་ཉིད་དུ་སེམས་གཞག་པར་བྱའོ། །གཉིས་པ་བརྟན་པ་མཐུ་བསྐྱེད་པ་ནི། གང་གི་ཚེ་ཏིང་ངེ་འཛིན་གྱི་དམིགས་པ་དེ་ལ་མི་དགའ་བར་མཐོང་ནས་ཏིང་ངེ་འཛིན་སྒོམ་པར་མི་འདོད་པ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་མ་ཤེས་པའི་སྐྱོན་ཡིན་པས། ཏིང་ངེ་འཛིན་གྱི་ཕན་ཡོན་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་འབྱུང་བ་མཐོང་ཞིང་ཤེས་པར་བྱས་ནས་ཏིང་ངེ་འཛིན་ལ་འཇུག་པའི་ཕྱིར་ཏིང་ངེ་འཛིན་གྱི་ཡུལ་ལ་དགའ་བ་བསྒོམ་པར་བྱའོ། །གསུམ་པ་རྣམ་པར་གཡེང་བ་བཟློག་པ་ནི། གཉེན་པོ་གཞན་ཡང་སེམས་གཞན་དང་གཞན་དུ་རྣམ་པར་གཡེང་བ་ལ་ཉེས་པར་མཐོང་བར་བྱས་ནས་དེ་ཞི་བའི་ཕྱིར་དུ་ཏིང་ངེ་འཛིན་གྱི་ཡུལ་ལ་མི་དགའ་བ་རབ་ཏུ་ཞི་བར་བྱའོ། །བཞི་པ་བྱིང་བ་སེལ་བ་ནི། ཅི་སྟེ་ཏིང་ངེ་འཛིན་སྒོམ་པའི་དུས་སུ་རྨུགས་པ་དང་གཉིད་ཀྱིས་ནོན་པས་ཏིང་ངེ་འཛིན་གྱི་སེམས་ཀྱི་རྒྱུ་བ་ཤིན་ཏུ་མི་གསལ་བའི་ཕྱིར་ན། སེམས་བྱིང་བའམ་བྱིང་དུ་དོགས་པར་མཐོང་བ་དེའི་ཚེ་དེ་ཞི་བའི་ཐབས་སུ་མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པའམ་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་དོན་ལ་དཔྱད་ནས་ཆོས་ཀྱི་སྣང་བའི་འདུ་ཤེས་ཡིད་ལ་བྱ་སྟེ། དེས་བར་སྐབས་ཀྱི་གཡེང་བ་ཞི་བར་བྱས་ནས་སླར་ཡང་དེ་ཁོ་ན་ཉིད་ཀྱིས་དམིགས་པ་ཤིན་ཏུ་བརྟན་པར་གཟུང་པར་བྱའོ། །བསལ་བྱའི་བྱིང་བ་ཇི་ལྟ་བུ་ཞེ་ན། གང་གི་ཚེ་རྣལ་འབྱོར་པ་དམུས་ལོང་དང་འདྲ་བར་ཅི་ཡང་མི་མཐོང་བའམ་མུན་པར་ཞུགས་པའི་མི་དང་འདྲ་བར་ཡུལ་མི་གསལ་བའམ་མིག་བཙུམས་པ་དང་འདྲ་བར་ཡུལ་གསལ་བའི་རྐྱེན་མ་ཚང་བས་དེ་ཁོ་ན་ཉིད་ཀྱི་རྣམ་པ་ཤིན་ཏུ་གསལ་བར་མི་འཛིན་པ་དེའི་ཚེ་སེམས་བྱིང་བ་ཡིན་པར་རིག་པར་བྱའོ། །བྱིང་བ་ལ་ཉེས་པ་ཅི་ཡོད་ཅེ་ན། བྱིང་བའི་གནས་སྐབས་སུ་སྒྲིབ་པའི་གཉེན་པོ་ལྷག་མཐོང་མེད་པར་རིག་པར་བྱའོ། །ལྔ་པ་རྒོད་པ་སེལ་བ་ནི། ཅི་སྟེ་ཏིང་ངེ་འཛིན་སྒོམ་པའི་དུས་གང་གི་ཚེ་སྔར་ཉམས་སུ་མྱོང་བའི་ཡུལ་ལ་འདོད་པ་སྐྱེས་ནས་བར་སྐབས་སུ་སེམས་ཡུལ་གཞན་དུ་རྒོད་པའམ་རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་པ་སྐྱོ་བ་སྐྱེད་པར་བྱེད་པའི་དངོས་པོ་ཡིད་ལ་བྱས་ལ་ཏིང་ངེ་འཛིན་གྱི་སྐྱོན་རྒོད་པ་ཞི་བར་བྱའོ། །བཞི་པ་བར་མ་ཆད་པར་འཇུག་པ་ནི། བྱིང་རྒོད་ཞི་བར་བྱས་པའི་རྗེས་ནས་སླར་ཡང་དེ་ཁོ་ན་ཉིད་བདག་མེད་གཉིས་ལ་སེམས་འབད་རྩོལ་མངོན་པར་འདུ་བྱེད་པ་ལ་ལྟོས་པ་མེད་པར་འཇུག་པར་བྱ་བའི་ཕྱིར་དུ་འབད་པར་བྱའོ། །འོ་ན་བསལ་བྱའི་རྒོད་པ་ཇི་ལྟ་བུ་ཞེ་ན། གང་གི་ཚེ་སེམས་ཡུལ་སྣ་ཚོགས་ལ་རྣམ་པར་གཡེང་བའི་སྤྱོད་ཚུལ་སྤྲེའུ་བཞིན་དུ་སེམས་སྐད་ཅིག་ཀྱང་མི་གནས་པར་ཡུལ་སྣ་ཚོགས་ལ་འཕྲོ་བར་གྱུར་པ་ན་སེམས་རྒོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཉེས་པ་ཅི་ཡོད་ཅེ་ན། དེའི་ཚེ་ཞི་གནས་མེད་པ་ཡིན་པར་རིག་པར་བྱའོ། །ལྔ་པ་ལྷུན་གྱིས་གྲུབ་པར་འཇུག་པ་ནི། ཅི་སྟེ་ཏིང་ངེ་འཛིན་སྒོམ་པ་གང་གི་ཚེ་ཏིང་ངེ་འཛིན་གྱི་སྐྱོན་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར་བྱིང་རྒོད་གཉིས་ཀྱི་ཕྱོགས་སུ་མ་ལྷུང་བར་སེམས་མཉམ་པར་བཞག་ཤིང་དམིགས་པ་ལ་སེམས་རྩོལ་མེད་དུ་རང་གི་ངང་གིས་འཇུག་པས་དེ་ཁོ་ན་ཉིད་ལ་སེམས་ཀྱི་རྣམ་པ་ཤིན་ཏུ་གསལ་བར་བྱུང་བར་གྱུར་པ་དེའི་ཚེ་བྱིང་རྒོད་སེལ་བའི་རྩོལ་བ་གློད་པས་སེམས་བཏང་སྙོམས་སུ་བྱས་ཏེ་བསྒོམ་མོ། །སེམས་བྱིང་རྒོད་ཀྱི་ཕྱོགས་སུ་མ་ལྷུང་བར་སེམས་དམིགས་པ་ལ་གསལ་ཞིང་མཉམ་པར་འཇུག་པ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་གྲུབ་པ་ཡིན་པར་རིག་པར་བྱའོ། །ལྷག་མཐོང་སྒོམ་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་ཟུང་དུ་འབྲེལ་བའི་ལམ་སྒོམ་པ་ལ་གཉིས་ཏེ། མི་མཉམ་པའི་ཉེས་པ་དགག་པ་དང༌། མཉམ་པར་སྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྣལ་འབྱོར་པས་ཏིང་ངེ་འཛིན་སྒོམ་པ་གང་གི་ཚེ་ལྷག་མཐོང་ཤས་ཆེར་བསྒོམས་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་གྱུར་པ་དེའི་ཚེ། ཞི་གནས་ཤུགས་ཆུང་བའི་ཕྱིར་མར་མེ་རླུང་གཡོ་བའི་གནས་ན་བཞག་པ་བཞིན་དུ་སེམས་རབ་ཏུ་གཡོ་བས་དེ་ཁོ་ན་ཉིད་ཀྱི་དོན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། སེམས་དམིགས་པ་ལ་གནས་པ་ཤས་ཆུང་བའི་ཕྱིར་རོ། །སེམས་གནས་ཆ་ཆུང་ན་ཡུལ་གསལ་བར་མི་རྟོགས་པ་དེའི་ཕྱིར་དེའི་ཚེ་དམིགས་པ་ལ་སེམས་རྒྱུན་ཏུ་གནས་པའི་དོན་དུ་ཞི་གནས་བསྒོམ་པར་བྱའོ། །གལ་ཏེ་ཧ་ཅང་ཞི་གནས་ཤས་ཆེ་ནའང་གཉིད་ཀྱིས་ལོག་པའི་མི་བཞིན་དུ་དེ་ཁོ་ན་ཉིད་ཤིན་ཏུ་གསལ་བ་མཐོང་བར་མི་འགྱུར་ཏེ། དེ་ཁོ་ན་ཉིད་ལ་དཔྱོད་པའི་ཤེས་རབ་ཤས་ཆུང་བར་གྱུར་པའི་ཕྱིར་རོ། །ཤེས་རབ་ཤས་ཆུང་ན་དེ་ཁོ་ན་ཉིད་མི་གསལ་བ་དེ་ལྟ་བས་ན་དེའི་ཚེ་སླར་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་བསྒོམ་པར་བྱའོ། །གཉིས་པ་མཉམ་པར་སྒོམ་པའི་ཚུལ་ནི། ཏིང་ངེ་འཛིན་སྒོམ་པ་གང་གི་ཚེ། དཔེར་ན་གླང་གཉིས་ཟུང་དུ་འབྲེལ་ཏེ་མཉམ་དུ་ཞུགས་པ་ནི་སྟོབས་དང་ལྡན་པ་བཞིན་དུ་ཞི་གནས་དང་ལྷག་མཐོང་གཉིས་ཀ་ཆ་མཉམ་དུ་ཞུགས་པར་གྱུར་པ་དེའི་ཚེ་ཇི་སྲིད་དུ་ལུས་དང་སེམས་ལ་ཏིང་ངེ་འཛིན་བསྒོམ་པས་དུབ་པར་གྱུར་པ་སོགས་ཀྱིས་གནོད་པར་མ་གྱུར་པ་དེ་སྲིད་དུ་ཉེས་པ་སེལ་བའི་རྩོལ་བས་རྣམ་པར་གཡེང་བའི་མངོན་པར་འདུ་བྱ་བ་མེད་པར་ལྷུན་གྱིས་གྲུབ་པར་གནས་པར་བྱའོ། །གསུམ་པ་ཏིང་ངེ་འཛིན་གྱི་ཉེས་པ་བསལ་བ་ལ་གཉིས་ཏེ། ཉེས་པ་ངོས་བཟུང་བ་དང༌། གཉེན་པོ་བཤད་པའོ། །དང་པོ་ནི། བསལ་བྱའི་ཏིང་ངེ་འཛིན་གྱི་ཉེས་པ་མདོར་ན་ཏིང་ངེ་འཛིན་བསྒོམ་པའི་གནས་སྐབས་ཐམས་ཅད་ལ་བསལ་བར་བྱ་བའི་ཉེས་པ་དྲུག་ཡོད་དེ། ཏིང་ངེ་འཛིན་ལ་སྦྱོར་བར་མི་འདོད་པའི་ལེ་ལོ་དང༌། བསྒོམ་བྱའི་དམིགས་པ་བརྗེད་པ་དང༌། དམིགས་པ་མི་གསལ་བར་བྱེད་པའི་བྱིང་བ་དང༌། དམིགས་པ་ལ་སེམས་མི་གནས་པར་བྱེད་པའི་རྒོད་པ་དང༌། བྱིང་རྒོད་བྱུང་བའི་དུས་སུ་གཉེན་པོ་ལ་མི་རྩོལ་བ་དང༌། བྱིང་རྒོད་མེད་པའི་དུས་སུ་གཉེན་པོ་ལ་ཧ་ཅང་རྩོལ་བའོ། །གཉིས་པ་ནི། ཏིང་ངེ་འཛིན་གྱི་ཉེས་པ་དེ་དག་གི་གཉེན་པོར་ཉེས་པ་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱ་སྟེ། བརྒྱད་པོ་འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་ཡོན་ཏན་ལ་དད་པ་དང༌། དད་ནས་ཏིང་ངེ་འཛིན་སྒོམ་པ་ལ་འདུན་པ་དང༌། འདུན་ནས་སྒོམ་པ་ལ་འཇུག་པའི་རྩོལ་བ་དང༌། ཏིང་ངེ་འཛིན་བསྒོམས་པས་ཕན་ཡོན་ཤིན་ཏུ་སྦྱངས་པ་ཐོབ་པ་དང༌། ཏིང་ངེ་འཛིན་གྱི་དམིགས་རྣམ་དྲན་པ་དང༌། མི་མཐུན་ཕྱོགས་སེལ་བའི་ཤེས་བཞིན་དང༌། བྱིང་རྒོད་ཀྱི་གཉེན་པོ་མངོན་པར་འདུ་བྱེད་པའི་སེམས་པ་དང༌། བྱིང་རྒོད་དང་བྲལ་བ་ན་སེམས་བཏང་སྙོམས་སུ་བྱེད་པའོ། །དེ་ལ་དང་པོ་དད་པ་དང་འདུན་པ་སོགས་བཞི་ནི་ཏིང་ངེ་འཛིན་སྒོམ་པ་ལ་མི་སྤྲོ་བའི་ལེ་ལོའི་གཉེན་པོ་སྟེ། འདིས་ཏིང་ངེ་འཛིན་ལ་མི་སྤྲོ་བ་བཟློག་པའི་ཕྱིར། གཉེན་པོར་འགྱུར་ཚུལ་འདི་ལྟ་སྟེ། དད་པས་ནི་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་འདོད་པ་སྐྱེ་བར་འགྱུར་རོ། །དད་པ་ཅི་ལྟ་བུ་ཞེ་ན། ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཅན་གྱི་ངོ་བོའོ། །ཏིང་ངེ་འཛིན་སྒོམ་པར་འདོད་པའི་འདུན་པ་སྐྱེས་པ་དེ་ནས་ཏིང་ངེ་འཛིན་སྒོམ་པར་འདོད་པར་འགྱུར་པས་ཏིང་ངེ་འཛིན་ལ་འཇུག་པའི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་པའི་རྗེས་དེ་ནས་བརྩོན་འགྲུས་ལ་བརྟེན་པས་ལུས་དང་སེམས་ལས་སུ་རུང་བ་ཉིད་དུ་བྱེད་དོ། །ལུས་དང་སེམས་ལས་སུ་རུང་བའི་རྗེས་དེ་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པས་ཏིང་ངེ་འཛིན་སྒོམ་པ་ལ་ཤིན་ཏུ་སྤྲོའོ། །དེས་ལེ་ལོ་བཟློག་པར་འགྱུར་རོ། །དེས་ལེ་ལོ་བཟློག་པ་དེ་བས་ན་དད་པ་ལ་སོགས་པ་དང་པོ་བཞི་པོས་ནི་ལེ་ལོ་སྤོང་བར་འགྱུར་ཏེ། དེའི་ཕྱིར་ན་ཏིང་ངེ་འཛིན་བསྒོམ་པའི་གནས་སྐབས་སུ་དད་སོགས་བཞི་པོ་དེ་དག་བསྒོམ་པར་བྱའོ། །དྲན་པ་ནི་ཏིང་ངེ་འཛིན་གྱི་དམིགས་པ་བརྗེད་པའི་གཉེན་པོ་ཡིན་ཏེ། ཏིང་ངེ་འཛིན་གྱི་དམིགས་རྣམ་མི་བརྗེད་པའི་ཕྱིར། ཤེས་བཞིན་ནི་བྱིང་བ་དང་རྒོད་པ་གཉིས་ཀྱི་གཉེན་པོ་ཡིན་ཏེ། ཤེས་བཞིན་དེས་བྱིང་རྒོད་གཉིས་རྟོགས་ནས་སྤོང་བ་ལ་འཇུག་པའི་ཕྱིར་རོ། །བྱིང་བ་དང་རྒོད་པ་མ་ཞི་བའི་དུས་ན་བྱིང་རྒོད་སེལ་བ་ལ་མི་རྩོལ་བ་ཡང་ཉེས་པ་སྟེ། དེའི་ཕྱིར་ན་བྱིང་རྒོད་དེའི་གཉེན་པོར་མངོན་པར་འདུ་བྱེད་པའི་སེམས་པ་བསྒོམ་པར་བྱའོ། །ཏིང་ངེ་འཛིན་སྒོམ་པ་གང་གི་ཚེ་བྱིང་བ་དང་རྒོད་པ་རབ་ཏུ་ཞི་སྟེ་སེམས་བྱིང་རྒོད་ཀྱི་དབང་དུ་མ་སོང་བར་རྣལ་དུ་འཇུག་པ་དེའི་ཚེ་མི་མཐུན་ཕྱོགས་སེལ་བ་ལ་རྩོལ་བ་ཡང་ཉེས་པ་སྟེ། རྩོལ་བ་མི་དགོས་བཞིན་དུ་འབད་ན་སེམས་གཡེང་བར་འགྱུར་བའི་ཕྱིར། དེས་ན་དེའི་ཚེ་ཧ་ཅང་རྩོལ་བའི་གཉེན་པོར་བྱིང་རྒོད་མེད་ཅིང་སེམས་བཏང་སྙོམས་སུ་གནས་པ་བསྒོམ་པར་བྱའོ། །བྱིང་རྒོད་མེད་པའི་དུས་སུ་གཉེན་པོ་ལ་རྩོལ་བའི་ཉེས་པ་གང་ཞེ་ན། སེམས་བྱིང་རྒོད་མེད་པར་མཉམ་པར་ཞུགས་པ་དེའི་ཚེ་བྱིང་རྒོད་སེལ་བའི་དོན་དུ་གཉེན་པོ་ལ་རྩོལ་བ་བྱས་ན་ཏིང་ངེ་འཛིན་བྱིང་རྒོད་མེད་པར་གནས་པའི་རྒྱུན་ཆད་ནས་སེམས་གཞན་དུ་རྣམ་པར་གཡེང་བར་འགྱུར་རོ། །འོ་ན་བྱིང་རྒོད་སེལ་བའི་རྩོལ་བ་མི་བྱེད་དོ་སྙམ་ན། གལ་ཏེ་ཏིང་ངེ་འཛིན་སྒོམ་པའི་དུས་སུ་སེམས་བྱིང་བ་དང་རྒོད་པར་གྱུར་པ་ལ་གལ་ཏེ་བྱིང་རྒོད་སེལ་བའི་གཉེན་པོ་ལ་རྩོལ་བ་མ་བྱས་ན་དེའི་ཚེ་ཡུལ་གསལ་བར་མཐོང་བའི་ལྷག་མཐོང་མེད་པའི་ཕྱིར། མི་ལོང་བར་གྱུར་པ་བཞིན་དུ་དམིགས་པ་འཛིན་པའི་མཐུ་མེད་པར་སེམས་བྱིང་བར་འགྱུར་རོ། །ཏིང་ངེ་འཛིན་སྒོམ་པའི་གནས་སྐབས་སུ་བྱིང་རྒོད་བྱུང་ན་སྐྱོན་ཡིན་པ་དེ་ལྟ་བས་ན་སེམས་ཞུམ་པ་བསལ་ཞིང་རྒོད་པ་ཞི་བར་བྱས་ལ་བྱིང་བ་དང་རྒོད་པའི་ཆ་གཉིས་ཀྱི་ཕྱོགས་སུ་མ་ལྟུང་བར་སེམས་མཉམ་པར་གྱུར་པར་བཏང་སྙོམས་སུ་བྱའོ། །སེམས་བཏང་སྙོམས་སུ་གནས་པ་དེ་ནས་ཏིང་ངེ་འཛིན་སྒོམ་པའི་རྣལ་འབྱོར་པ་ཇི་སྲིད་དུ་ཏིང་ངེ་འཛིན་སྒོམ་པ་དེ་སྲིད་དུ་བྱ་བ་གཞན་མངོན་པར་འདུ་བྱེད་པ་མེད་པ་ཁོ་ནར་དེ་ཁོ་ནའི་དོན་བདག་མེད་གཉིས་སྒོམ་ཞིང་འདུག་པར་བྱའོ། །བཞི་པ་མཉམ་རྗེས་ལ་རེས་འཇོག་ཏུ་སློབ་པའི་རིམ་པ་ལ་གསུམ་སྟེ། ཤེས་རབ་ཀྱིས་ཆོས་སྒྱུ་མ་ལྟ་བུར་ལྟ་བ་དང༌། སྙིང་རྗེས་སེམས་ཅན་ལ་ལྟ་བ་དང༌། དོན་བསྡུ་བའོ། །དང་པོ་ནི། ཏིང་ངེ་འཛིན་ཡུན་རིང་དུ་བསྒོམས་པས་ལུས་དང་སེམས་ངལ་ཞིང་དུབ་པས་གནོད་པར་གྱུར་ན་རེ་ཞིག་མཉམ་གཞག་གི་ཐུན་བཞག་ལ་སྐབས་སྐབས་སུ་འཇིག་རྟེན་མཐའ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ལ་འགྲོ་འོང་བྱེད་པར་སྣང་ཡང་རང་བཞིན་མེད་པ་སྒྱུ་མའི་རྟ་གླང་ལྟ་བུ་དང༌། བློ་ལས་ཐ་དད་དུ་སྣང་ཡང་ཐ་དད་དུ་མེད་པ་རྨི་ལམ་ལྟ་བུ་དང༌། དེའི་ངོ་བོར་སྣང་ཡང་དེར་མ་གྲུབ་པ་ཆུ་ཟླ་ལྟ་བུ་དང༌། དེའི་དབྱིབས་སུ་སྣང་ཡང་དེའི་དབྱིབས་སུ་མ་གྲུབ་པ་མིག་ཡོར་ལྟ་བུར་རྟོགས་པར་བྱའོ། །དེ་སྐད་དུ་རྣམ་པར་མི་རྟོག་པའི་གཟུངས་ལ་འཇུག་པ་ལས་ཀྱང་བཀའ་སྩལ་ཏེ། མདོ་དེའི་དོན་བཤད་ན། འཇིག་རྟེན་ལས་འདས་པ་མཉམ་པར་གཞག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་འདྲ་བར་འདུས་བྱས་ཀྱི་མཚན་མ་གང་ཡང་མ་དམིགས་པར་སྟོང་པ་ཉིད་དུ་རོ་གཅིག་པའི་ཚུལ་གྱིས་མཉམ་པར་མཐོང་ངོ༌། །དེའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་བཞིན་དུ་མཐོང་ངོ་ཞེས་འབྱུང་ངོ༌། །གཉིས་པ་སྙིང་རྗེས་སེམས་ཅན་ལ་ལྟ་བ་ནི། སྒྱུ་མ་ལ་སོགས་གོང་དུ་བསྟན་པ་དེ་ལྟར་དུ་འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་རྟོགས་པར་བྱས་ནས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ་འོག་ནས་འབྱུང་བ་འདི་སྙམ་དུ་བསམ་པར་བྱའོ། །ཡང་དག་པའི་དོན་མ་མཐོང་བ་བྱིས་པའི་བློ་ཅན་དེ་དག་གིས་ཆོས་ཟབ་མོ་ཆོས་ཐམས་ཅད་གདོད་མ་ནས་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་འདི་ལྟ་བུ་མ་རྟོགས་ནས་གཟོད་མ་ནས་ཞི་བའི་ཆོས་རྣམས་ལ་ཡང་ངོ་བོ་ཉིད་ཡོད་པ་ལ་སོགས་པར་སྒྲོ་བཏགས་ཏེ་གནས་ཚུལ་ལས་སེམས་ཕྱིན་ཅི་ལོག་ཏུ་གྱུར་ནས་དེའི་རྒྱུས་ལས་དང་ཉོན་མོངས་པ་རྣམ་པ་སྣ་ཚོགས་པ་སེམས་རྒྱུད་ལ་ཡོངས་སུ་སོག་སྟེ། དེས་འཁོར་བར་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ལེན་པ་དེའི་ཕྱིར། འཁོར་བར་ཡོངས་སུ་འཁྱམས་པས་ན་བདག་གིས་ཅི་ནས་ཀྱང་འགྲོ་བ་འདི་དག་ཆོས་ཟབ་མོ་འདི་ལྟ་བུ་ཁོང་དུ་ཆུད་པར་བྱས་ནས་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པར་བྱའོ་སྙམ་དུ་བསམ་པར་བྱའོ། །བསམ་པ་དེ་ལྟ་བུ་དེ་ལས་ངལ་བསོས་ཏེ། ཡང་སྔར་གྱི་དེ་བཞིན་དུ་མཉམ་གཞག་ཏུ་ཆོས་ཐམས་ཅད་མི་སྣང་བའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །ཡང་མཉམ་གཞག་གི་ཏིང་ངེ་འཛིན་གྱིས་སྐྱེ་བར་གྱུར་ན་ཡང་ངལ་བསོས་ཏེ། སྔར་གྱི་དེ་བཞིན་དུ་འཇུག་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། མཉམ་གཞག་དང་རྗེས་ཐོབ་ཀྱི་བྱ་བ་ལ་སྤེལ་མར་སློབ་པ་དེ་ལྟ་བུའི་རིམ་པ་འདིས་ཆུ་ཚོད་གཅིག་གམ། མེལ་ཚེ་ཐུན་ཕྱེད་དམ། ཐུན་གཅིག་གམ་ཇི་སྲིད་དུ་ནུས་པ་དེ་སྲིད་དུ་འདུག་པར་བྱའོ། །ལྔ་པ་མཉམ་རྗེས་གཉིས་ལ་འཇུག་པ་ནི། མཉམ་གཞག་གི་རྗེས་ནས་ཏིང་ངེ་འཛིན་དེ་ལས་ལྡང་བར་འདོད་ན་སྐྱིལ་མོ་ཀྲུང་མ་བཤིག་པར་འོག་ནས་འབྱུང་བ་འདི་སྙམ་དུ་བསམ་པར་བྱ་སྟེ། ཕྱི་ནང་གི་ཆོས་འདི་དག་ཐམས་ཅད་དོན་དམ་པར་ནི་མ་སྐྱེས་པ་ཡིན་ཡང་ཐ་སྙད་དུ་སྒྱུ་མ་བཞིན་དུ་ཉེ་བར་ལེན་པའི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་སོ་སོར་ངེས་པ་སྣ་ཚོགས་འདུས་པའི་དབང་གིས་རིགས་པས་མ་བརྟགས་ན་ཉམས་དགའ་བ་སྣང་ཚོད་ཙམ་དུ་སྣ་ཚོགས་ཁོ་ན་འབྱུང་སྟེ། དགེ་བའི་ལས་ལ་ཡིད་དུ་འོང་བ་ཁོ་ན་དག་འབྱུང་ལ། མི་དགེ་བའི་ལས་ལ་ཡིད་དུ་མི་འོང་བ་འབྱུང་བ་སོགས་སོ་སོར་ངེས་པ་མཐོང་བས་སོ། །དེས་ན་ཆད་པར་ལྟ་བར་ཡང་མི་འགྱུར་རོ། །སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་ཏེ། འདི་ལྟར་དོན་དམ་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་ཞིབ་མོར་རྣམ་པར་དཔྱད་ན་ཆོས་གང་ཡང་མི་དམིགས་ཏེ་རིགས་པས་བརྟགས་ན་ཆོས་གང་ཡང་གནས་ཚུལ་ལ་ཡོད་པར་མི་རིགས་པའི་ཕྱིར་རོ། །དེས་ན་རྟག་པར་ལྟ་བ་དང་སྒྲོ་འདོགས་པའི་མཐར་ལྷུང་བར་ཡང་མི་འགྱུར་རོ། །དྲུག་པ་ཚོགས་གཉིས་ལ་སློབ་པའི་བྱ་བ་ལ་གཉིས་ཏེ། བྱ་བ་དངོས་བསྟན་པ་དང༌། ཤེས་བྱེད་ཀྱི་ལུང་དགོད་པའོ། །དང་པོ་ནི། ཚོགས་གཉིས་ལ་སློབ་པ་ལ་གང་དག་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་མིག་དང་བྲལ་བས་གནས་ལུགས་ལས་ཕྱིན་ཅི་ལོག་གི་བློ་ཅན་དུ་གྱུར་ཅིང༌། གང་ཟག་དང་ཆོས་ཀྱི་བདག་ཏུ་མངོན་པར་ཞེན་ནས་དགེ་མི་དགེའི་ལས་རྣམ་པ་སྣ་ཚོགས་བྱེད་པ་དེ་དག་ནི་འཁོར་བ་ན་ཡོངས་སུ་འཁྱམ་མོ། །གལ་ཏེ་གང་ཟག་གང་དག་འཁོར་བའི་སེམས་ཅན་གྱི་དོན་བྱེད་པ་ལ་གཅིག་ཏུ་མི་ཕྱོགས་ཤིང་སྙིང་རྗེ་ཆེན་པོ་དང་བྲལ་བ་དང༌། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་མི་བྱེད་ཀྱི། བདག་ཉིད་ཀྱི་སེམས་འདུལ་བ་འབའ་ཞིག་བྱེད་པའི་སེམས་ཅན་དེ་དག་ནི་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་ཀྱི་ཆ་མེད་པའི་ཕྱིར་ཉན་ཐོས་སམ་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལྟུང་ངོ༌། །གང་ཟག་གང་དག་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་འགྲོ་བ་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་ཀྱང་ཐ་སྙད་དུ་སྟོང་ཉིད་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའི་སྟོབས་ཀྱིས་འགྲོ་བ་མཐའ་དག་སྡུག་བསྔལ་གྱི་རྒྱ་མཚོ་ལས་གདོན་པར་དམ་བཅས་ནས་སྒྱུ་མ་མཁན་སྒྱུ་མ་སྣང་ལ་རང་བཞིན་མེད་པར་རྟོགས་པ་བཞིན་དུ་བློ་ཕྱིན་ཅི་ལོག་ཏུ་མ་གྱུར་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་ཡོངས་སུ་སྒྲུབ་པ་དེ་དག་ནི་དེ་བཞིན་གཤེགས་པའི་གོ་འཕང་བརྙེས་ནས་འཁོར་བ་ན་འགྲོ་བ་མ་ལུས་པ་ལ་ཕན་པ་དང་བདེ་བའི་རྣམ་པ་ཐམས་ཅད་སྒྲུབ་ཅིང་འཁོར་བ་མ་སྟོང་གི་བར་དུ་བཞུགས་སོ། །ཐབས་ཤེས་གཉིས་ཀ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་འཁོར་བ་ངོ་བོ་ཉིད་མེད་པར་རྟོགས་པས་ཉོན་མོངས་པ་མཐའ་དག་སྤངས་པས་ན་འཁོར་བར་མི་ལྷུང་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ལྟ་བས་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཞིང་ཚད་མེད་པ་བསགས་པའི་དབང་གིས་གཟུགས་ཀྱི་སྐུ་གཉིས་བརྙེས་ནས་དེས་སེམས་ཅན་གྱི་དོན་བྱེད་པས་ན་མྱ་ངན་ལས་འདས་པའི་མཐར་ཡང་མི་ལྟུང་ངོ༌། །སེམས་ཅན་ལ་ཕན་པར་བྱེད་པས་ན་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་ཡང་འགྱུར་རོ། །ཚོགས་གཉིས་ཀྱི་འབྲས་བུ་རང་དོན་ཆོས་ཀྱི་སྐུ་དང་གཞན་དོན་གཟུགས་ཀྱི་སྐུ་ཐོབ་ནས་གཞན་དོན་འབྱུང་བ་དེ་ལྟ་བས་ན་སེམས་ཅན་མཐའ་དག་ལ་མ་འོངས་པའི་ཕན་པ་དང་ཚེ་འདིའི་བདེ་བ་བསྐྱེད་པར་འདོད་པ་དང༌། འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་དག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་སྒྲུབ་པ་ལ་དུས་དང་གནས་སྐབས་ཐམས་ཅད་དུ་གུས་པ་དང་རྟག་པར་སྦྱོར་བས་མངོན་པར་བརྩོན་པར་བྱའོ་སྙམ་དུ་བསམ་མོ། །གཉིས་པ་ཤེས་བྱེད་ཀྱི་ལུང་དགོད་པ་ནི། ཚོགས་གཉིས་བསགས་པའི་ལམ་ཉིད་མ་ནོར་བ་ཡིན་པ་དེ་སྐད་དུ་ཡང་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་བཀའ་སྩལ་ཏེ། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་བ་ལགས་སོ། །བསོད་ནམས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ལགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ་ཞེས་འབྱུང་ངོ༌། །འཕགས་པ་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བའི་མདོ་ལས་ཀྱང་བཀའ་སྩལ་ཏེ། ཞེས་པ་ནས། རྒྱས་པར་འབྱུང་ངོ་ཞེས་པའི་བར་རོ། །དེའི་དོན་ནི། གང་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དེ་ནི་སྟོང་ཉིད་རྟོགས་པའི་རྒྱུ་གཅིག་པུ་ལས་འབྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པར་འགྲུབ་པར་བྱེད་པའི་རྒྱུ་ཚད་མེད་པ་དང་གྲངས་མེད་པ་དང་འབུམ་ཕྲག་བཅུས་ཡང་དག་པར་འགྲུབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་དང་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང༌། སྟོང་ཉིད་བཅུ་དྲུག་སོགས་རྟོགས་པ་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་མི་ངོམས་པ་ཡང་དག་པར་འགྲུབ་པའི་རྒྱུ་དང་ཞེས་བྱ་བ་ལ་སོགས་པའོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་བཀའ་སྩལ་ཏེ། ཀྱེ་གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་བརྒྱ་ལས་ངེས་པར་སྐྱེས་པའོ། །དགེ་བའི་ཆོས་ཐམས་ཅད་ལས་ངེས་པར་སྐྱེས་པའོ། །དགེ་བའི་ལས་ཚད་མེད་པ་ལས་ངེས་པར་སྐྱེས་པའོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །དངོས་གཞི་ཞི་གནས་དང་ལྷག་མཐོང་སྒོམ་པ་བསྟན་ཟིན་ཏོ། །གསུམ་པ་རྗེས་ཐོབ་ཀྱི་བྱ་བ་བསྒྲུབ་པ་ལ་གཉིས་ཏེ། རྟེན་ལ་དམིགས་པའི་ཚོགས་སྒྲུབ་པ་དང༌། སྤྱིར་ཚོགས་གཉིས་སྒྲུབ་པའི་བྱ་བའོ། །དང་པོ་ནི། མཉམ་རྗེས་གཉིས་ཀྱིས་ཚོགས་གཉིས་སྒྲུབ་པ་དེ་ལྟར་བྱས་ནས་དལ་གྱིས་སྐྱིལ་མོ་ཀྲུང་བཤིགས་ཏེ་རྗེས་ཐོབ་ཀྱི་སྤྱོད་ལམ་གྱི་གནས་སྐབས་སུ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡིད་གུས་པ་དང་ལུས་ཀྱི་ཡན་ལག་ལྔས་ཕྱག་འཚལ་ནས་དམིགས་ཡུལ་གྱི་སངས་རྒྱས་དེ་དག་ལ་རྫས་དང་ལུས་ངག་ཡིད་གསུམ་གང་རུང་གི་མཆོད་པ་དང་ངག་གིས་བསྟོད་པ་བྱས་ལ་འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་བོ། །གཉིས་པ་ནི། རྟེན་ལ་དམིགས་པའི་ཚོགས་བསགས་པའི་རྗེས་དེ་ནས་སྟོང་པ་ཉིད་རྟོགས་པའི་བློ་དང་སྙིང་རྗེ་ཆེན་པོ་ཅན་བླ་ན་མེད་པའི་བྱང་ཆུབ་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་སྒྲུབ་པ་ལ་མངོན་པར་བརྩོན་པར་བྱའོ། །ཞི་གནས་དང་ལྷག་མཐོང་སྒོམ་པའི་ཐབས་བསྟན་ཟིན་ཏོ། །གསུམ་པ་གཞན་གྱི་ལོག་པར་རྟོག་པ་དགག་པ་ལ་གཉིས་ཏེ། ཕྱོགས་སྔ་མ་འགོད་པ་དང༌། སུན་འབྱིན་བརྗོད་པའོ། །དང་པོ་ནི། ལམ་ཉམས་སུ་ལེན་པའི་ཐབས་མི་ཤེས་པའི་གང་ཟག་གང་ཞིག་འདི་སྐད་དུ་སྨྲའོ་ཞེས་སྦྱར་རོ། །གང་སྨྲ་ན། སེམས་ཀྱི་རྣམ་པར་རྟོག་པ་བསྐྱེད་པའི་དགེ་བའི་ལས་ཀྱི་དབང་གིས་ནི་སེམས་ཅན་རྣམས་མཐོ་རིས་ཀྱི་འབྲས་བུ་ཉམས་སུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །མི་དགེ་བའི་ལས་ཀྱི་དབང་གིས་ནི་སེམས་ཅན་རྣམས་ངན་སོང་ལ་སོགས་པའི་འབྲས་བུ་ཉམས་སུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་དག་སོ་སོར་རྟོག་པ་དང་དཔྱོད་པ་མི་བྱེད་པར་ཅི་ཡང་མི་སེམས་པ་དང་ཅི་ཡང་ཡིད་ལ་མི་བྱེད་པ་དེ་དག་ནི་འཁོར་བའི་རྒྱུ་རྟོག་པ་དང་བྲལ་བས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཅི་ཡང་ཡིད་ལ་མི་བྱེད་པས་འཁོར་བ་ལས་ཐར་པ་དེ་བས་ན་ཅི་ཡང་ཡིད་ལ་མི་བསམ་མོ། །སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་དགེ་བ་ལ་སྤྱད་པར་ཡང་མི་བྱའོ། །ཅིའི་ཕྱིར་ཞེ་ན། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པས་མཐོ་རིས་ཐོབ་མོད་ཀྱི་མཐོ་རིས་ཀྱང་འཁོར་བ་ལས་མ་འདས་པས་སོ། །འོ་ན་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་སྲུང་བ་སོགས་བཤད་པ་མིན་ནམ་ཞེ་ན། སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་སོགས་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་ངན་སོང་དུ་མི་ལྟུང་བ་ཙམ་གྱི་ཆེད་དུ་བསྟན་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ཤིང་དེ་སྐད་དུ་སྨྲའོ། །འདི་དག་ནི་ཕྱོགས་སྔ་མ་བཀོད་པའོ། །གཉིས་པ་སུན་འབྱིན་བརྗོད་པ་ལ་བདུན་ཏེ། ཐབས་དང་ཤེས་རབ་སྤངས་ན་ཐེག་ཆེན་སྤང་བར་འགྱུར་བ་དང༌། ཐེག་ཆེན་སྤོང་བ་དགག་པར་གདམས་པ་དང༌། སོ་སོར་རྟོག་པའི་ཤེས་རབ་མི་འདོད་པ་དགག་པ། སོ་སོར་རྟོགས་པའི་ཤེས་རབ་ལམ་གྱི་རྩ་བར་སྒྲུབ་པ། དགེ་བའི་སྤྱོད་པ་འདོར་བ་དགག་པ་དང༌། ལུང་གི་དགོངས་པ་གཞན་དུ་རྟོག་པ་དགག་པ་དང༌། ཐེག་ཆེན་གྱི་ལམ་གྱི་རང་བཞིན་བསྟན་པའོ། །དང་པོ་ནི། སྦྱིན་སོགས་ཐབས་ཀྱི་ཆ་དང་སོ་སོར་རྟོག་པའི་ཤེས་རབ་མི་འདོད་པ་དེས་ནི་ཐེག་པ་ཆེན་པོ་མཐའ་དག་སྤངས་པ་ཡིན་ནོ། །རྒྱུ་མཚན་ཅི་ཡིས་ན་དེས་ཐེག་པ་ཆེན་པོ་མཐའ་དག་སྤངས་པ་ཡིན་ཞེ་ན། ཐེག་པ་ཐམས་ཅད་ཀྱི་རྩ་བ་ནི་ཐེག་པ་ཆེན་པོ་ཡིན་པས་སྦྱིན་སོགས་དང་སོ་སོར་རྟོག་པའི་ཤེས་རབ་སྤངས་ན་ཐེག་པ་ཐམས་ཅད་སྤང་བར་འགྱུར་བ་ཡིན་ནོ། །ཇི་ལྟར་ན་ཐེག་པ་ཆེན་པོ་ཐེག་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཞེ་ན། ཐེག་ཆེན་ལ་བརྟེན་ནས་སངས་རྒྱས་འབྱུང་ལ། སངས་རྒྱས་ལ་བརྟེན་ནས་ཐེག་པ་གཞན་ཉན་རང་གི་ཐེག་པ་འབྱུང་བས་སོ། །འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་གསུངས་པ་ལྟར་རོ། །ཐབས་དང་ཤེས་རབ་མི་འདོད་པས་ཐེག་ཆེན་སྤངས་པར་འགྱུར་བ་ནི་འདི་ལྟར། མཉམ་གཞག་ན་ཅི་ཡང་མི་བསམ་མོ་ཞེས་སྨྲས་བས་ནི། ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཀྱི་རྟོག་བཅས་ཀྱི་ཤེས་རབ་སྤངས་པར་འགྱུར་རོ། །འཇིག་རྟེན་ལས་འདས་པའི་ཡང་དག་པའི་ཤེས་རབ་ཀྱི་རྩ་བ་ནི་ཚོགས་སྦྱོར་གཉིས་ཀྱི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་ན། སྡོང་པོའི་རྩ་བ་བཅད་ན་སྡོང་པོའི་ཡལ་འདབ་མི་འབྱུང་བ་ལྟར་དེ་སྤངས་ན་རྩ་བ་བཅད་པའི་ཕྱིར། འཇིག་རྟེན་ལས་འདས་པའི་མཐོང་ལམ་གྱི་ཤེས་རབ་ཀྱང་སྤངས་པར་འགྱུར་རོ། །སྤྲིན་དཀར་ནག་གཉིས་ཀས་ཉི་མ་ལ་སྒྲིབ་པར་ཁྱད་པར་མེད་པ་ལྟར་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པས་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་སྲུང་བ་ལ་སོགས་པ་སྤྱད་པར་མི་བྱའོ་ཞེས་སྨྲས་པས་ཀྱང་སྦྱིན་པ་ལ་སོགས་པའི་ཐབས་ཤིན་ཏུ་ཟུར་ཕྱིན་པར་ཏེ་ཆ་ཤས་ཙམ་ཡང་སྤངས་པ་ཡིན་ནོ། །གལ་ཏེ་ཐབས་དང་སོ་སོར་རྟོག་པའི་ཤེས་རབ་སྤངས་པས་ཐེག་ཆེན་སྤངས་པར་ཇི་ལྟར་འགྱུར་ཞེ་ན། སྤངས་པའི་ཚུལ་མདོར་ན་འདི་ལྟ་སྟེ། ཐེག་པ་ཆེན་པོ་ནི་ཤེས་རབ་དང་ཐབས་གཉིས་ལ་འཇོག་པའི་ཕྱིར། དེ་སྐད་དུ་ཡང་འཕགས་པ་ག་ཡ་གོ་རིའི་མདོ་ལས་ཀྱང་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། ཐབས་དང་ཤེས་རབ་བོ་ཞེའོ། འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་བཀའ་སྩལ་ཏེ། ཐབས་དང་ཤེས་རབ་འདི་གཉིས་ཀྱིས་བྱང་ཆུབ་སེམས་པའི་ལམ་ཐམས་ཅད་བསྡུས་པར་འགྱུར་རོ་ཞེས་འབྱུང་སྟེ། ཐབས་དང་ཤེས་རབ་གཉིས་སྤངས་ན་ཐེག་ཆེན་སྤངས་པ་དེའི་ཕྱིར་ཐབས་དང་ཤེས་རབ་སྤངས་པ་ཁྱོད་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་བྱས་པར་འགྱུར་ཏེ། ཐེག་ཆེན་སྤོང་བས་སོ། །གཉིས་པ་ཐེག་ཆེན་སྤོང་བ་འདོར་བར་གདམས་པ་ནི། ཐེག་ཆེན་སྤངས་ན་ལས་སྒྲིབ་ཆེན་པོ་འབྱུང་བ་དེ་ལྟ་བས་ན་ཐེག་པ་ཆེན་པོ་སྤོང་བའི་གང་ཟག་གསུང་རབ་ལ་ཐོས་པ་ཉུང་བ་འགའ་ཞིག་བདག་གི་ལྟ་བ་ལ་འདི་ཁོ་ན་ཡིན་སྙམ་དུ་མཆོག་ཏུ་འཛིན་པ་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་སྐྱེ་བོ་མཁས་པ་ལ་གསུང་རབ་ཀྱི་དགོངས་པ་རྟོགས་པའི་དོན་དུ་བསྙེན་བཀུར་བྱས་པའི་ཚུལ་གྱིས་བསྟེན་པར་མ་བྱས་པ། བླ་མ་མཁས་པ་མ་བསྟེན་པས་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་དགོངས་པ་ཚུལ་བཞིན་དུ་མ་རྟོགས་པས་ཐོག་མར་བདག་ཕུང་བར་བྱས་ནས་རྗེས་སུ་གཞན་སློབ་མ་ཡང་ཕུང་བར་བྱེད་པ། རིགས་པ་དང་ལུང་དང་འགལ་བའི་དུག་གིས་བཏབ་པའི་ཚིག་ནི་མཁས་པ་བདག་རྒྱུད་ལ་ངེས་ལེགས་སུ་གྱུར་པའི་ཐར་པ་སྒྲུབ་པར་འདོད་པ་ཟས་དུག་བཞིན་དུ་རྒྱང་རིང་དུ་སྤང་བར་བྱའོ། །གསུམ་པ་སོ་སོར་རྟོག་པའི་ཤེས་རབ་འདོར་བ་དགག་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། འདི་ལྟར་སོ་སོར་རྟོག་པའི་ཤེས་རབ་མི་འདོད་པ་དེས་ཡང་དག་པ་བདག་མེད་ཀྱི་དོན་ལ་སོ་སོར་རྟོག་པ་སྤངས་སོ། །སོ་སོར་རྟོག་པ་སྤངས་ན་ཆོས་ཤིན་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་བྱང་ཆུབ་ཡན་ལག་དམ་པ་ཡང་དག་པར་སྤངས་པ་ཁོ་ནར་འགྱུར་རོ། །བདག་མེད་ཀྱི་དོན་ལ་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་སོ་སོར་རྟོག་པ་པ་མེད་པར་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་ཐབས་གང་གིས་འཁོར་བ་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པའི་དངོས་པོ་ལ་བདེན་པར་མངོན་པར་ཞེན་ཅིང་གོམས་པའི་སེམས་བཟློག་ནས་མི་རྟོག་པ་ཉིད་ལ་ཐབས་གང་གིས་རྣམ་པར་གཞག་པ་བྱ། གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། ཡིད་ལ་མི་བྱེད་པས་མི་རྟོག་པ་ལ་འཇུག་པ་དགག་པ་དང༌། སྟོང་པ་ཉིད་ཀྱི་དོན་མི་རྟོགས་པར་འགྱུར་བ་དང༌། ཡེ་ཤེས་ཀྱི་སྣང་བ་མེད་པར་འགྱུར་བ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་སོགས་མེད་པར་འགྱུར་བ་དང༌། སྒྲིབ་པ་མི་སྤོང་བར་ཐལ་བར་འགྱུར་བའོ། །དང་པོ་ནི། གལ་ཏེ་བདེན་པར་འཛིན་པའི་ཡུལ་བདེན་མེད་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མ་དཔྱད་ཀྱང་ཆོས་ཐམས་ཅད་ལ་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་གོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཆོས་རྣམས་ཀྱིས་གནས་ཚུལ་གྱི་དོན་ལ་ཤེས་རབ་ཀྱིས་ཡང་དག་པར་སོ་སོར་རྟོག་པ་མེད་པར་ནི་ཐ་སྙད་པའི་བློས་དངོས་སུ་ཉམས་སུ་མྱོང་བའི་ཆོས་ཐམས་ཅད་མི་དྲན་པར་བྱ་བ་དང༌། ཡིད་ལ་མི་བྱ་བར་བྱེད་མི་ནུས་པས་སོ། །གལ་ཏེ་བདག་གིས་གཟུགས་ལ་སོགས་པའི་ཆོས་འདི་དག་དྲན་པར་མི་བྱའོ། །ཡིད་ལ་མི་བྱའོ་སྙམ་དུ་སེམས་དེ་ལྟར་སྒོམ་ཞིང་དེ་དག་ལ་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་སྒོམ་ཞེས་བརྗོད་ན་ནི། དེའི་ཚེ་རྣལ་འབྱོར་པ་དེས་ཡུལ་དེ་དག་ཤིན་ཏུ་དྲན་པ་དང༌། ཤིན་ཏུ་ཡིད་ལ་བྱེད་པ་ཉིད་དུ་འགྱུར་རོ། །ཅི་སྟེ་དྲན་པ་མེད་པ་ཙམ་དང་ཡིད་ལ་བྱེད་པ་མེད་པ་ཙམ་ལ་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་སྒོམ་པ་སྐད་དུ་བྱས་ན་དེའི་ཚེ་དྲན་པ་དང་ཡིད་ལ་བྱེད་པ་བཀག་ཙམ་དེ་གཉིས་རྣམ་པ་གང་གིས་ན་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་དེ་ཉིད་དཔྱད་དགོས་ཏེ། དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་ཙམ་ནི་སྤྱིར་རྒྱུ་ཙམ་དུ་ཡང་རུང་བར་མི་འགྱུར་ཏེ། མེད་དགག་ཙམ་ཡིན་པས་སོ། །དེས་ན་དྲན་པའི་མཚན་མ་མེད་པ་ཙམ་དང་ཡིད་ལ་བྱེད་པ་མེད་པ་མེད་དགག་ཙམ་ལས་གང་གིས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར། དྲན་པ་དང་ཡིད་ལ་བྱེད་པ་བཀག་པ་ཙམ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པར་འགྱུར་དུ་ཟིན་ན་ནི་བརྒྱལ་བ་དང༌། དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཉིད་དུ་ཐལ་བར་འགྱུར་རོ། །དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་ཆོས་རྣམས་ཀྱི་གནས་ཚུལ་ལ་ཡང་དག་པར་སོ་སོར་རྟོག་པ་མེད་པར་རྣམ་པ་གཞན་ཡིད་ལ་མ་བྱེད་པ་ཙམ་གྱིས་ཡུལ་དྲན་པར་མེད་ཅིང༌། ཡིད་ལ་བྱ་བ་མེད་པར་རྟོགས་པར་བྱ་བའི་ཐབས་སོ་སོར་རྟོག་པའི་ཤེས་རབ་ལས་གཞན་མེད་དོ། །གཉིས་པ་སྟོང་པ་ཉིད་ཀྱི་དོན་མི་རྟོགས་པར་འགྱུར་བ་ནི། ཡིད་ལ་མ་བྱས་པ་ཙམ་གྱིས་ཡུལ་དྲན་པ་མེད་པ་ཡིད་ལ་བྱ་བ་མེད་པ་སྒོམ་པར་འགྱུར་དུ་ཟིན་ཀྱང་དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་ཡང་དག་པར་སོ་སོར་རྟོག་པ་མེད་ན་ཆོས་རྣམས་ཀྱི་ངོ་བོ་མེད་པ་རྟོགས་པ་ལ་འཇུག་པར་ཇི་ལྟར་འགྱུར། གལ་ཏེ་ཡུལ་སྟོང་པ་ཉིད་དུ་གནས་པས་ཅི་ཡང་ཡིད་ལ་མ་བྱས་པ་ན་སྟོང་ཉིད་རྟོགས་པར་འགྱུར་རོ་ཞེ་ན། ཕྱི་ནང་གི་ཆོས་རྣམས་གདོད་མ་ནས་ངོ་བོ་ཉིད་ཀྱིས་སྟོང་པར་གནས་པ་ཁོ་ན་ཡིན་དུ་ཟིན་ཀྱང་དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་གནས་ཚུལ་ལ་སོ་སོར་རྟོག་པ་མེད་ན་ཡིད་ལ་མི་བྱེད་པ་ཙམ་གྱིས་གཟུགས་སོགས་ཀུན་རྫོབ་པ་དེ་དག་གི་སྟོང་ཉིད་རྟོགས་པར་མི་འགྱུར་རོ། །སྟོང་ཉིད་མ་རྟོགས་པ་ལ་ཉེས་པ་ཅི་ཡོད་ཅེ་ན། ཆོས་རྣམས་ཀྱི་གནས་ཚུལ་སྟོང་པ་ཉིད་རྟོགས་པ་མེད་པར་ནི་བདེན་པར་འཛིན་པ་གཅོད་མི་ནུས་ལ། རྩ་བ་བདེན་འཛིན་མ་བཅད་པར་སྒྲིབ་པ་གཉིས་སྤོང་བར་མི་འགྱུར་རོ། །གལ་ཏེ་སྟོང་ཉིད་མ་རྟོགས་ཀྱང་སྒྲིབ་གཉིས་སྤོང་བ་ཅི་འགལ་ཞེ་ན། སྟོང་ཉིད་མ་རྟོགས་པར་སྒྲིབ་པ་སྤོང་བ་དེ་ལྟར་གྱུར་དུ་ཟིན་ན། སེམས་ཅན་ཐམས་ཅད་ཀྱང་དུས་ཐམས་ཅད་དུ་འབད་མི་དགོས་པར་རང་དགར་ཐར་པ་ཐོབ་པར་འགྱུར་རོ། །གསུམ་པ་ཡེ་ཤེས་ཀྱི་སྣང་བ་མེད་པར་འགྱུར་བ་ནི། ཡང་རྣལ་འབྱོར་པ་གལ་ཏེ་ཆོས་ཐམས་ཅད་ལ་དྲན་པ་ཉམས་པའམ་རྨོངས་པས་ཀུན་རྫོབ་པའི་ཆོས་དྲན་པ་དང་ཡིད་ལ་བྱེད་པ་མི་འཇུག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་འདོད་ན་ནི། དྲན་པ་ཉམས་པ་དང་རྨོངས་པ་དེའི་ཚེ་ཡུལ་གྱི་གནས་ཚུལ་ལ་ཤིན་ཏུ་རྨོངས་པ་ཡིན་པས་གང་ཟག་དེ་ཡུལ་གྱི་གནས་ཚུལ་སྒོམ་པའི་རྣལ་འབྱོར་པར་ཇི་ལྟར་འགྱུར། ཆོས་རྣམས་ཀྱི་གནས་ཚུལ་ལ་ཤེས་རབ་ཀྱིས་ཡང་དག་པར་སོ་སོར་རྟོག་པ་མེད་པར་ཡུལ་དེ་དྲན་པ་མེད་པ་ཙམ་དང་ཡིད་ལ་བྱེད་པ་མེད་པ་བྱུང་ཚོར་བཀག་པ་ཙམ་གོམས་པར་བྱས་པས་ནི་ཅི་ཡང་མི་ཤེས་པའི་གླེན་པའི་བློ་གོམས་པར་བྱས་པ་ཡིན་ནོ། །དྲན་པ་མེད་པ་ཙམ་ནི་ཅི་ཡང་མི་ཤེས་པ་ཡིན་པ་དེའི་ཕྱིར་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་གྱིས་ནི་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་རྒྱང་རིང་དུ་བསྲིང་བར་འགྱུར་རོ། །ཅི་སྟེ་ཡིད་ལ་མི་བྱེད་པ་ཙམ་ནི་དྲན་པ་ཉམས་པ་ཡང་མ་ཡིན་ཅི་ཡང་མི་ཤེས་པ་གླེན་པའི་བློ་ཉིད་གོམས་པར་བྱས་པ་ཡང་མ་ཡིན་གྱི། མ་ཡིན་དགག་ཁྱད་པར་ཅན་ཞིག་ཡིན་ནོ་ཞེ་ན་ནི། མ་ཡིན་དགག་ཏུ་འདོད་པ་དེའི་ཚེ་ཡང་གནས་ཚུལ་ལ་ཡང་དག་པར་སོ་སོར་རྟོག་པ་མེད་པར་ཇི་ལྟར་ཀུན་རྫོབ་པའི་ཡུལ་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་བྱེད་ནུས་པར་འགྱུར། ཡིད་ལ་བྱེད་པ་མ་ཡིན་པའི་མ་ཡིན་དགག་གི་བློ་ལ་གནས་པའི་དུས་སུའང་རྗེས་ཐོགས་སུ་ཡུལ་དྲན་བཞིན་དུའང་མི་དྲན། མཐོང་བཞིན་དུའང་མ་མཐོང་ཞེས་བྱ་བར་ནི་མི་རུང་ངོ༌། །བཞི་པ་སྔོན་གྱི་གནས་རྗེས་སུ་དྲན་པ་སོགས་མེད་པར་འགྱུར་བ་ནི། ཡུལ་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་གོམས་པར་བྱས་ན་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའང་ཇི་ལྟར་ཐོབ་པར་འགྱུར་ཏེ་མི་འགྱུར་ཏེ། རྒྱུ་སྤངས་པས་འབྲས་བུ་ཐོབ་པར་འགལ་བའི་ཕྱིར། དཔེར་ན་དྲོ་བ་དང་འགལ་བ་གྲང་རེག་བསྟེན་པའི་ཚེ། དྲོ་བའི་རེག་པའི་ཚོར་བ་མི་འབྱུང་བ་བཞིན་ནོ། །ལྔ་པ་སྒྲིབ་པ་མི་སྤོང་བར་འགྱུར་བ་ནི། ཡང་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་དམ་མེད། གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན་ནི་དེའི་ཚེ་ཡིད་དེས་གདོན་མི་ཟ་བར་ཅི་ཞིག་ལ་ཡུལ་ཞིག་ལ་དམིགས་དགོས་ཏེ། སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི་ཡུལ་མ་བཀག་པར་གློ་བུར་དུ་དམིགས་པ་མེད་པར་མི་འགྱུར་རོ། །ཅི་སྟེ་ཅི་ཡང་ཡིད་ལ་མི་བྱེད་པའི་ཚེ་རྣམ་ཤེས་བཟློག་པས་ཡིད་ཤེས་མེད་ན་ནི། ཡིད་ཤེས་མེད་པ་དེའི་ཚེ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་ཅི་སྟེ་རྟོགས་པར་འགྱུར། གལ་ཏེ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་མ་རྟོགས་པ་ལ་ཉེས་པ་ཅི་ཡོད་ཅེ་ན། ཉོན་མོངས་ཀྱི་གཉེན་པོ་མི་རྙེད་པས་གཉེན་པོ་གང་གིས་ནི་ཉོན་མོངས་པ་སྤོང་བར་འགྱུར། ཏིང་ངེ་འཛིན་སྒོམ་པའི་དུས་སུ་འདུ་ཤེས་མེད་པའང་མི་འཐད་དེ། བསམ་གཏན་བཞི་པ་མ་ཐོབ་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ནི་རང་བཞིན་གྱིས་འགོག་པ་སྟེ་འགག་པར་འགྱུར་བ་མི་སྲིད་དོ། །མདོར་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གནས་ཚུལ་ལ་རྣམ་པར་དཔྱད་པས་ཆོས་གང་ཡང་མ་རྙེད་པས་རྟོགས་པར་བྱས་ན་དྲན་པ་མེད་པ་དང་ཡིད་ལ་བྱ་བ་མེད་པར་ནུས་ཀྱི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་མ་བརྟགས་པར་དེ་ལྟར་ག་ལ་ནུས། སོ་སོར་རྟོག་པའི་ཤེས་རབ་མེད་ན་ཆོས་ཐམས་ཅད་ཀྱི་གནས་ཚུལ་མི་རྟོགས་པས་གནས་ཚུལ་རྟོགས་པའི་ཡེ་ཤེས་ཀྱང་མེད་ལ་སྒྲིབ་པ་སྤོང་བར་ཡང་མི་འགྱུར་རོ་ཞེས་པའི་དོན་ནོ། །བཞི་པ་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྩ་བར་སྒྲུབ་པ་ལ་བཞི་སྟེ། ལམ་གྱི་རྩ་བར་འགྱུར་བའི་ཚུལ། དེ་ཉིད་ལུང་གིས་སྒྲུབ་པ། ལྷག་མཐོང་ལ་ལོག་རྟོག་དགག་པ། ལུང་དང་འགལ་བའི་རྩོད་སྤང་ངོ༌། །དང་པོ་ནི། མདོ་ལས། དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པའི་ཚུལ་གྱིས་སྒོམ་པར་བཤད་པ་མིན་ནམ་ཞེ་ན། སོ་སོར་རྟོགས་པའི་ཤེས་རབ་མི་འདོད་པ་ལ་ཉེས་པ་དུ་མ་ཡོད་པ་དེ་ལྟ་བས་ན་དམ་པའི་ཆོས་ཏེ་མདོ་ལས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་སྒོམ་པར་འབྱུང་བ་དེ་ལ་ཡང་སྦྱོར་བའི་དུས་སུ། ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བའི་དབང་དུ་བྱས་པ་ཡིན་པར་བལྟ་བར་བྱ་སྟེ། རྒྱུ་མཚན་གང་གི་ཕྱིར་ན་དགག་བྱ་གཟུང་འཛིན་གྱི་ཆོས་ལ་ཤེས་རབ་ཀྱི་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་བློའི་རྟེན་མེད་པར་རྟོགས་པས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་ནུས་ཀྱི་གཞན་དུ་ཡིད་ལ་མ་བྱས་པ་ཙམ་གྱིས་ནི་མ་ཡིན་ནོ། །འདི་ལྟར་རྣལ་འབྱོར་པས་ཆོས་རྣམས་ཀྱི་གནས་ཚུལ་ལ་དཔྱོད་པ་གང་གི་ཚེ་ཡང་དག་པའི་ཤེས་རབ་ཀྱིས་ཞིབ་ཏུ་བརྟགས་ན་དུས་གསུམ་དུ་ཆོས་རྣམས་ལ་སྐྱེ་བའམ་འགག་པ་གང་ཡང་མི་མཐོང་བ་དེའི་ཚེ་དྲན་པར་བྱ་བའི་ཡུལ་དང་ཡིད་ལ་བྱ་བའི་ཡུལ་གང་ཡང་མ་དམིགས་པས་ཇི་ལྟར་ན་ཡུལ་དྲན་པ་དང་ཡིད་ལ་བྱེད་པར་བྱ། དོན་འདི་ལ་དགོངས་ནས་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་ཞེས་བཤད་པ་ཡིན་ནོ། །དྲན་པ་མེད་པ་དང་ཡིད་ལ་བྱ་བ་མེད་པའི་དོན་ཡང་གཉིས་ཏེ། གཟུགས་སོགས་ཡུལ་གྱི་ཆོས་དང་མཚན་མ་རྣམས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ན་གནས་ཚུལ་ལ་མ་རྙེད་པས་དེ་གནས་ཚུལ་ལ་དྲན་པར་བྱར་མེད་པ་དང་ཡིད་ལ་བྱར་མེད་པ་ལ་དགོངས་ནས་དྲན་པ་མེད་པ་དང་ཡིད་ལ་བྱ་བ་མེད་པའི་དོན་ཡང་དེ་ཉིད་དོ། །གཟུགས་སོགས་དང་གཟུགས་སོགས་ཀྱི་མཚན་མ་གནས་ཚུལ་ལ་མ་གྲུབ་པའི་སྟོང་ཉིད་ནི་ཤིན་ཏུ་དྲན་པ་དང་ཡིད་ལ་བྱ་དགོས་སོ། །དེ་དྲན་པ་དང་ཡིད་ལ་བྱ་བ་མེད་ན་སྟོང་པ་ཉིད་ཀྱི་དོན་ཇི་ལྟར་སྒོམ་པར་འགྱུར། བོད་ཐམས་ཅད་ཀྱིས་གནད་འདིའི་ཁྱད་པར་མ་ཕྱེད་པར་རྟོག་པ་སྤྱི་ལྡོག་ནས་སྒོམ་པའི་དུས་སུ་དགག་པ་ནི་ཧྭ་ཤང་གི་ནང་དུ་ཞུགས་པར་སྣང་ངོ༌། །སློབ་དཔོན་ཀ་མ་ལ་ཤཱི་ལས་གནད་འདིའི་ཁྱད་པར་སོ་སོར་ཕྱེ་ནས་བསྟན་པ་འདི་རྟོགས་པར་བྱའོ། །ཤེས་རབ་ཀྱིས་རྣམ་པར་དཔྱད་ན་དོན་དམ་པར་དུས་གསུམ་དུ་སྐྱེ་འགག་སོགས་ཀྱི་ཆོས་མེད་པའི་ཕྱིར། གང་མྱོང་བ་སྟེ་རྟོགས་པར་བྱ་བའི་ཡུལ་གནས་ཚུལ་ལ་མེད་པར་རྟོགས་པ་གང་ཡིན་པ་དེ་ཇི་ལྟར་བློའི་ཡུལ་དུ་དྲན་པར་བྱ། ཇི་ལྟར་ཡིད་ལ་བྱེད་པར་བྱ། དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་བརྟགས་ན་དྲན་པར་བྱ་བའི་གཟུང་འཛིན་གྱི་ཆོས་མེད་པ་དེའི་ཕྱིར། གཟུང་བ་དང་འཛིན་པ་ལ་རྟོག་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་ལ་ཞུགས་པ་ཡིན་ནོ། །དེ་ལ་ཞུགས་པས་སྟོང་པ་ཉིད་ཀྱི་དོན་རྟོག་པ་དང་དེ་ཡུལ་གྱི་དོན་གྱི་མ་བསྒྲིབས་པར་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པར་འགྱུར་རོ། །སྟོང་པ་ཉིད་དེ་མངོན་སུམ་དུ་རྟོགས་པས་རྟག་ཆད་ཀྱི་ལྟ་བ་ངན་པའི་དྲྭ་བ་མཐའ་དག་ཕྱིར་མི་ལྡོག་པའི་ཚུལ་གྱིས་སྤངས་པ་ཡིན་ནོ། །མངོན་སུམ་གྱི་སྒྲས་བརྗོད་པ་ནི་གཉིས་ཏེ། རྟོག་གེ་པས་ཡུལ་ཅན་ལ་མངོན་སུམ་དུ་བརྗོད་ལ། དབུ་མ་པས་མ་སྒྲིབ་པའི་ཡུལ་ལ་མངོན་སུམ་ཞེས་བརྗོད་དོ། །སྟོང་ཉིད་མངོན་སུམ་རྟོགས་ཞེས་པའི་སྐབས་འདིར་ནི་དབུ་མ་པའི་འདོད་ཚུལ་ལྟར་ཡུལ་ལ་མངོན་སུམ་དུ་བྱེད་པར་བཟུང་ངོ༌། །ཐབས་སྙིང་རྗེ་ཆེན་པོ་དང་སྦྱིན་པ་ལ་སོགས་པ་དང་ལྡན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་བསྟེན་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་ཡང་དག་པར་མཁས་པ་ཡང་ཡིན་ནོ། །ཅི་ཞེ་ན། རྗེས་ཐོབ་ཏུ་ཀུན་རྫོབ་ཐབས་ཀྱི་ཆ་རྒྱུད་ལ་བསྟེན་པས་ཀུན་རྫོབ་ལ་མཁས་པ་དང༌། མཉམ་གཞག་ཏུ་སྟོང་ཉིད་རྟོགས་པའི་ཤེས་རབ་རང་རྒྱུད་ལ་བསྟེན་པས་དོན་དམ་ལ་མཁས་པ་ཞེས་བྱའོ། །ཐབས་ཤེས་རབ་གཉིས་ལ་མཁས་ཤིང་རྒྱུད་ལ་བསྟེན་པ་དེ་བས་ན་རྒྱུ་དེ་ལས་སྒྲིབ་པ་མེད་པའི་ཤེས་རབ་ཐོབ་པའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་འགྱུར་རོ། །ཇི་ལྟར་ཞེ་ན། བསོད་ནམས་ཀྱི་ཚོགས་ལས་རྣམ་སྨིན་གྱི་ཡོན་ཏན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་འཐོབ་ཅིང༌། ཡེ་ཤེས་ཀྱི་ཚོགས་ལས་སྟོབས་ལ་སོགས་པ་བྲལ་བའི་ཡོན་ཏན་སུམ་ཅུ་སོ་གཉིས་འཐོབ་པའི་ཕྱིར་རོ། །སོ་སོར་རྟོག་པའི་ཤེས་རབ་ལམ་ཐམས་ཅད་ཀྱི་རྩ་བ་ཡིན་པ་དེ་ལྟ་བས་ན་ཡང་དག་པར་སོ་སོར་རྟོག་པའི་ཤེས་རབ་མེད་ན་རྟོག་པ་བཀག་པ་ཙམ་གྱིས་ནི་ཡང་དག་པའི་དོན་རྟོགས་པའི་ཤེས་རབ་འབྱུང་བར་ཡང་མི་འགྱུར་ལ། ཡང་དག་པའི་དོན་བདག་མེད་རྟོགས་པའི་ཤེས་རབ་མེད་ན་ཉོན་མོངས་པའི་སྒྲིབ་པ་སྤོང་བར་ཡང་མི་འགྱུར་རོ། །ལམ་ཐམས་ཅད་ཀྱི་རྩ་བ་སོ་སོར་རྟོག་པའི་ཤེས་རབ་ཡིན་པར་རིགས་པས་བསྒྲུབས་ཟིན་ཏོ། །གཉིས་པ་དེ་ཉིད་ལུང་གིས་སྒྲུབ་པ་ནི། འཕགས་པ་འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས་ཀྱང་བཀའ་སྩལ་ཏེ་ཞེས་པ་ནས། འབྱུང་ངོ་ཞེས་པའི་བར་རོ། །ལུང་དེའི་དོན་ནི། བུ་མོ་གསེར་མཆོག་འོད་དཔལ་ལ་བོས་ནས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བར་འགྱུར་བ་ཡིན་ཞེས་དྲིས་སོ། །ལན་གསོལ་པ། འཇམ་དཔལ་ཤེས་རབ་ཀྱིས་རྣམ་པར་བརྟགས་ནས་བསྒོམས་ན་ཆོས་ཐམས་ཅད་བདེན་པར་མི་དམིགས་པར་རྟོགས་པ་འབྱུང་ལ། བདེན་པ་མི་དམིགས་པར་རྟོགས་པ་གང་གིས་སྒྲིབ་པ་སྤངས་པ་ལགས་པའོ་ཞེས་འབྱུང་ངོ༌། །ཤེས་རབ་ཀྱིས་དཔྱད་ནས་ཆོས་ཐམས་ཅད་མི་དམིགས་པར་རྟོགས་པའི་དོན་སྒོམ་པ་དེ་ཉིད་ཐར་པའི་རྒྱུར་བཤད་པ་དེ་ལྟ་བས་ན་རྣལ་འབྱོར་པས་ཆོས་ཅན་སོ་སོ་ལ་མཁས་པར་བྱས་ནས་ཆོས་ཅན་རེ་རེ་ནས་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་ཆོས་ཅན་སོ་སོར་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་ཀྱི་མིག་ཕྱེ་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་མཚོན་གྱིས་གང་ཟག་ལ་བདེན་པར་འཛིན་པ་དང་ཆོས་ལ་བདེན་པར་འཛིན་པའི་འཆིང་བའི་དྲྭ་བ་བཅད་ནས་ཉོན་མོངས་པའི་དགྲ་རྣམས་ཕམ་པར་བྱས་ཏེ་མི་མཐུན་ཕྱོགས་ཀྱི་དགྲ་གང་ལ་ཡང་འཇིགས་པ་མེད་པར་གནས་པར་བྱའོ། །འདི་ནི་ལྟ་བས་རྐྱེན་ཐུབ། རྟོགས་པའི་གདེང་ཐོབ། བདུད་བཞིས་རི་བོ་ལྟར་བསྐྱོད་པར་མི་ནུས་པར་བྱའོ། །མི་སྡར་མས་དགྲ་མཐོང་བ་བཞིན་དུ་ཤེས་རབ་ཀྱི་མིག་ཟུམ་པར་མི་བྱའོ། །སོ་སོར་རྟོག་པའི་ཤེས་རབ་ཀྱི་ཆོས་རྣམས་ཀྱི་གནས་ཚུལ་ལ་དཔྱད་པ་མེད་པར་རྟོག་པ་ནང་དུ་བསྡུས་པ་ཙམ་ལ་གནས་པར་མི་བྱའོ་ཞེས་པའི་དོན་ནོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་སོ་སོར་རྟོག་པའི་ཤེས་རབ་དགོས་པར་བཀའ་སྩལ་ཏེ། གལ་ཏེ་ཞེས་པ་ནས་འབྱུང་ངོ་ཞེས་པའི་བར་རོ། །དེའི་དོན་ནི། ཕྱི་ནང་གི་ཆོས་རྣམས་ལ་བདག་མེད་པར་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱའོ། །ཤེས་རབ་ཀྱིས་ཕྱི་ནང་གི་ཆོས་དེ་དག་ལ་སོ་སོར་བརྟགས་ནས་གནས་ཚུལ་རྙེད་པའི་དོན་གལ་ཏེ་བསྒོམ་པར་བྱེད་ན་ནི་ཤེས་རབ་ཀྱིས་གནས་ཚུལ་རྙེད་པ་སྒོམ་པ་དེ་ཉིད་མྱ་ངན་ལས་འདས་པ་ཐོབ་པའི་འབྲས་བུའི་རྒྱུའོ། །སོ་སོར་བརྟགས་ནས་གནས་ཚུལ་རྙེད་པ་སྒོམ་པ་ལས་རྒྱུ་གཞན་སོ་སོར་མ་བརྟགས་པའི་སྒོམ་པ་གང་ཡིན་པ་དེས་ནི་སྒྲིབ་གཉིས་ཞི་བར་གྱུར་པའི་མྱང་འདས་ཐོབ་པར་མི་འགྱུར་རོ་ཞེས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་ལས་ཀྱང་སོ་སོར་རྟོག་པའི་ཤེས་རབ་དགོས་ཞེས་འབྱུང་སྟེ། དངོས་གཞིའི་མི་རྟོག་པའི་ཤེས་རབ་སྒོམ་པ་ལ་ལྷག་མཐོང་གི་སྦྱོར་བ་སོ་སོར་རྟོག་པའི་ཤེས་རབ་ལ་ཞུགས་པར་བྱས་ནས་ལྷག་མཐོང་ལ་གནས་དགོས་ཀྱང༌། ལམ་ཉམས་སུ་ལེན་པར་འདོད་པའི་གང་ཟག་གཞན་དག་ལྷག་མཐོང་གི་སྦྱོར་བ་ཆོས་རྣམས་ཀྱི་གནས་ཚུལ་ལ་སོ་སོར་རྟོག་པའི་ཤེས་རབ་ལ་མི་འཇུག་ན་བདུད་ཀྱི་ལས་སོ་ཞེས་འབྱུང་ངོ༌། །འདིས་ནི་བསམ་བྱུང་གིས་བསྡུས་པའི་སོ་སོར་རྟོག་པའི་ཤེས་རབ་ལྷག་མཐོང་གི་སྦྱོར་བ་ཡིན་པར་གསལ་བར་བསྟན་ཏོ། །གསུམ་པ་ལྷག་མཐོང་གི་ངོ་བོ་ལ་ལོག་རྟོག་དགག་པ་ནི། གལ་ཏེ་ཅི་ཆོས་རྣམས་ཀྱི་གནས་ཚུལ་ལ་བསམ་པར་བྱ་བ་དང་དྲན་པར་བྱ་བ་མེད་པས་ན་ཅི་ཡང་མི་བསམ་པ་དང་ཡིད་ལ་མི་བྱ་བ་ཉིད་ལྷག་མཐོང་ངོ་ཞེ་ན། མ་ཡིན་ཏེ། ལྷག་མཐོང་ནི་སོ་སོར་རྟོག་པའི་ངོ་བོ་ཉིད་ཡིན་པར་འཕགས་པ་དཀོན་མཆོག་སྤྲིན་དང༌། དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་བཀའ་སྩལ་ཏོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་པ་ཞེས་པ་ནས་འབྱུང་ངོ་ཞེས་པའི་བར་རོ། །དེའི་དོན་ནི། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ལྷག་མཐོང་གིས་ཕྱི་ནང་གི་ཆོས་རྣམས་ལ་སོ་སོར་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོགས་ནས་སྒོམ་པ་ནི་སྤྲོས་པའི་མཚན་མ་མེད་པར་རྟོགས་པ་ལ་འཇུག་པ་དག་གོ་ཞེས་སོ། །འདིས་ཀྱང་ལྷག་མཐོང་གི་ངོ་བོ་སོ་སོར་རྟོག་པའི་ཤེས་རབ་ཏུ་བསྟན་ཏོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་ལྷག་མཐོང་གི་ངོ་བོ་སོ་སོར་རྟོག་པའི་ཤེས་རབ་ཡིན་ནོ་ཞེས་འབྱུང་ངོ༌། །ཇི་ལྟར་ན། བློ་གྲོས་ཆེན་པོ་ཤེས་རབ་ལྷག་མཐོང་གི་བློས་ཞིབ་པར་བརྟགས་ན་རང་དང་སྤྱིའི་མཚན་ཉིད་གང་ཡང་མི་རྟོགས་ཏེ། གང་གི་ཕྱིར་ན་བརྟགས་ན་ཆོས་གང་ཡང་མི་རྙེད་པའི་ཕྱིར། དེས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་འབྱུང་ངོ༌། །གལ་ཏེ་ཆོས་རྣམས་ཀྱི་གནས་ཚུལ་ལ་ཤེས་རབ་ཀྱིས་ཡང་དག་པར་སོ་སོར་རྟོག་པ་ལ་ལྷག་མཐོང་ཞེས་མི་བྱ་ན། དེ་ལྟར་ན་བཅོམ་ལྡན་འདས་ཀྱི་མདོ་སྡེ་གོང་དུ་དྲངས་པ་དེ་དང་དེ་དག་ལས་ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའི་རྒྱུ་ཅན་དུ་རྣམ་པ་དུ་མར་བཀའ་སྩལ་པ་དེ་དག་དང་འགལ་བར་འགྱུར་རོ། །ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་མི་འདོད་ན་ལུང་དུ་མ་དང་འགལ་བ་དེ་ལྟ་བས་ན་བདག་ནི་ཤེས་རབ་ཆུང་ངུ་བརྩོན་འགྲུས་ཆུང་ངུ་སྟེ། གསུང་རབ་མང་དུ་ཐོས་པ་ཡོངས་སུ་ཚོལ་བར་མི་ནུས་སོ་ཞེས་དེ་སྐད་དུ་སྨྲ་བར་རིགས་ཀྱི། བཅོམ་ལྡན་འདས་ཀྱི་མང་དུ་ཐོས་པ་བསྔགས་པའི་ཕྱིར་ན་དུས་ཐམས་ཅད་དུ་ཆོས་རྣམས་ལ་སོ་སོར་རྟོག་པ་དེ་སྤང་བར་ནི་མི་རིགས་སོ། །བཞི་པ་ལུང་དང་འགལ་བའི་རྩོད་པ་སྤང་བ་ནི། ཚངས་པས་ཞུས་པའི་མདོ་ལས་ཀྱང༌། ཤེས་རབ་ཀྱིས་མི་དཔྱོད་པར་མི་རྟོག་པ་སྒོམ་པར་བཀའ་སྩལ་ཏེ། གང་དག་བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ལ་སེམས་པར་བྱས་ནས་ཡོད་མེད་དུ་སྤྱོད་པར་ཞུགས་པ་འདི་དག་ནི་ཚུལ་བཞིན་མ་ཡིན་པའོ་ཞེས་འབྱུང་ངོ༌། །དེ་བས་ན་སོ་སོར་རྟོག་པ་སྔོན་དུ་སོང་བ་མེད་པར་ཡིད་ལ་མི་བྱ་བར་མི་རྟོག་པ་སྒོམ་པ་ཡིན་ནོ་ཞེ་ན། དེ་སྐད་གསུངས་པ་དེ་ལ་ནི་ཡང་དག་པར་རམ་དོན་དམ་པར་མ་སྐྱེས་པའི་ཆོས་རྣམས་ལ་རང་བཞིན་གྱི་སྐྱེ་བར་ཡོངས་སུ་བཏགས་ཏེ་ཉན་ཐོས་དང་སོགས་པ་མུ་སྟེགས་པ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་དེ་དག་ལ་མི་རྟག་པ་དང་སྡུག་བསྔལ་བའི་ཚུལ་དུ་བདེན་པར་སེམས་པར་བྱེད་པ་དེ་དག་ནི་གཟུགས་ལ་སོགས་པ་ཟག་བཅས་ཀྱི་ཕུང་པོ་ལ་བདེན་པར་སྒྲོ་འདོགས་པ་དང༌། མྱ་ངན་ལས་འདས་པའི་དུས་སུ་སྔར་རང་བཞིན་གྱིས་ཡོད་པར་བཟུང་བའི་ཕུང་པོ་དེ་ཉིད་མེད་དོ་ཞེས་སྐུར་པ་འདེབས་པའི་མཐའ་དེ་དག་ལ་སེམས་པ་འཇུག་པས་ཚུལ་བཞིན་མ་ཡིན་པ་སེམས་པར་འགྱུར་ཏེ། དེ་བས་ན་དེ་དགག་པའི་ཕྱིར་མདོ་དེར་ཚིག་དེ་སྐད་བཀའ་སྩལ་གྱི་གནས་ཚུལ་ལ་ཡང་དག་པར་སོ་སོར་རྟོག་པ་དེ་དགག་པ་ནི་མ་ཡིན་ཏེ། རྣལ་འབྱོར་ལ་འཇུག་པའི་དུས་སུ་ཡང་དག་པའི་དོན་ལ་ཤེས་རབ་ཀྱིས་སོ་སོར་རྟོག་དགོས་པ་དེ་མདོ་སྡེ་ཀུན་ལས་ཀྱང་བཀའ་སྩལ་པའི་ཕྱིར་རོ། །སོ་སོར་རྟོག་པའི་ཤེས་རབ་དགོས་པ་དེ་དག་ཚངས་པས་ཞུས་པའི་མདོ་དེ་ཉིད་ལས་ཀྱང་བཀའ་སྩལ་ཏེ། བྱང་ཆུབ་སེམས་དཔའ་མིང་དཔའ་སེམས་ཞེས་བྱ་བ་ཉིད་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་ཞེས་པ་ནས་འབྱུང་ངོ་ཞེས་པའི་བར་རོ། །མདོ་དེའི་དོན་ནི། བྱང་ཆུབ་སེམས་དཔའ་གང་ཕྱི་ནང་གི་ཆོས་ཐམས་ཅད་ལ་སེམས་ཀྱིས་ཞིབ་ཏུ་རྣམ་པར་དཔྱད་ནས་སེམས་པར་བྱེད་ཀྱང་གང་ཟག་དེ་མཚན་མར་འཛིན་པས་མ་སྨད་མ་ཉམས་ན་དེའི་སླད་དུ་གང་ཟག་དེ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ་ཞེས་སོ། །ཡང་མདོ་དེ་ཉིད་ལས་གསུངས་སོ་ཞེས་སྦྱར་རོ། །དོན་ནི། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་དང་ལྡན་པ་ལགས། བཀའ་སྩལ་པ། དུས་གང་གི་ཚེ་ཐམས་ཅད་མཁྱེན་པའི་སེམས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རབ་ཏུ་བརྟགས་ནས་ཆོས་གང་ཡང་མ་དམིགས་སོ་ཞེས་གསུངས་སོ། །ཡང་མདོ་དེ་ཉིད་ལས་ཚུལ་བཞིན་དུ་ཕྱི་ནང་གི་ཆོས་རྣམས་ལ་ཤེས་རབ་ཀྱིས་སོ་སོར་རྟོག་པ་དེ་དག་ནི་ཡང་དག་པའི་དོན་རྟོགས་པའི་བློ་གྲོས་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ། །ཡང་མདོ་དེ་ཉིད་ལས་ཞེས་པ་ནས་གསུངས་སོ་ཞེས་སྦྱར་རོ། །དོན་ནི། རྣལ་འབྱོར་པ་དེ་དག་ནི་ཕྱི་ནང་གི་ཆོས་རྣམས་ལ་སྒྱུ་མ་ལྟ་བུ་དང་སྨིག་རྒྱུ་ལྟ་བུར་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱིས་རྣམ་པར་འབྱེད་དོ། །རབ་ཏུ་འབྱེད་དོ་ཞེས་བཤད་དོ། །དེ་ལྟར་ཚངས་པས་ཞུས་པའི་མདོ་ལས་གང་དང་གང་དུ་བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ལ་ཞེས་པ་ལ་སོགས་པའི་ཚིག་ཐོས་ནས་མདོ་དེ་དང་དེར་ཐོས་པ་དང་བསམ་པའི་ཤེས་རབ་ཙམ་ཁོ་ནས་དེ་ཁོ་ན་ཉིད་རྟོགས་པར་གང་དག་སེམས་པའི་གང་ཟག་དེ་དག་གི་མངོན་པའི་ང་རྒྱལ་དགག་པའི་ཕྱིར། ཆོས་རྣམས་ལ་ཐོས་པ་དང་བསམ་པའི་བློས་སེམས་པར་བྱེད་པ་ཙམ་གྱིས་དེ་ཁོ་ན་ཉིད་དོན་ཇི་ལྟ་བ་བཞིན་དུ་མི་རྟོགས་ཀྱི། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ནི་བསྒོམས་པའི་སྟོབས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་དགོས་པ་ཉིད་དུ་སྟོན་པར་བྱེད་དོ། །ཁྱོད་ཀྱིས་ཁུངས་སུ་བཀོད་པའི་ཚངས་པས་ཞུས་པའི་མདོ་དེ་ཉིད་ཀྱི་དོན་ནི། ཚུལ་བཞིན་མ་ཡིན་པ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་ཚུལ་གྱིས་ཡུལ་ལ་སེམས་པ་དགག་པར་བྱེད་པའི་དོན་དུ་ཁོང་དུ་ཆུད་པར་བྱ་ཡི། གང་བསྒོམ་པར་བྱ་བའི་གནས་ཚུལ་གྱི་དོན་ལ་ཤེས་རབ་ཀྱིས་ཡང་དག་པར་སོ་སོར་རྟོག་པ་དགག་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་མ་ཡིན་པར་ལུང་དེས་སོ་སོར་རྟོག་པའི་ཤེས་རབ་འགོག་པར་འདོད་ན་ནི། རིགས་པ་དང་ལུང་ཤིན་ཏུ་མང་པོ་དང་འགལ་བར་འགྱུར་ཏེ། ལུང་རིགས་ནི་སྔར་བཤད་པ་བཞིན་ནོ། །གལ་ཏེ་ཐོས་བསམ་གྱི་གནས་སྐབས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་ཀྱང་སྒོམ་པའི་དུས་སུ་ཡོངས་སུ་བརྟགས་པའི་དོན་སྒོམ་པ་མ་ཡིན་གྱི། ཅི་ཡང་ཡིད་ལ་མི་བྱེད་པའི་ཚུལ་གྱིས་སྒོམ་མོ་ཞེ་ན། མ་ཡིན་ཏེ། ཡང་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་བརྟགས་ནས་རྟོགས་པ་གང་ཡིན་པ་དེ་ཉིད་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཐོས་བསམ་གྱིས་གཏན་ལ་ཕབ་པ་སྒོམ་པ་ལས་གཞན་དུ་ནི་མ་ཡིན་ཏེ། ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ཉིད་བསྒོམ་དགོས་པས་སོ། །དཔེར་ན་ཐོག་མར་རྟའི་དཀྱུས་ས་བསྟན་ནས་དེ་ཉིད་ལ་ཐོགས་མེད་དུ་རྒྱུག་པ་བཞིན་ནོ། །ཐོས་བསམ་གྱིས་གཏན་ལ་ཕབ་པ་ཉིད་བསྒོམ་དགོས་པ་དེ་ལྟ་བས་ན་སྒོམ་པ་ལ་འཇུག་པའི་ཐོག་མར་བསྒོམ་བྱའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སོ་སོར་བརྟག་པར་བྱའོ། །གལ་ཏེ་སོ་སོར་རྟོག་པའི་བློ་ནི་རྟོག་པ་ཡིན་པས་དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཇི་ལྟར་འབྱུང་ཞེ་ན། ཐོས་བསམ་གྱི་ཤེས་རབ་ཀྱིས་གཏན་ལ་ཕབ་པའི་དོན་ལ་སོ་སོར་རྟོག་པའི་བློ་དེ་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཤེས་བྱའི་གནས་ཚུལ་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པའི་ངོ་བོ་ཡིན་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་འཛིན་སྟངས་མཐུན་པ་ཡིན་པས་ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་པ་ཡིན་ནོ། །དེ་ལྟ་བས་ན་དེའི་བློའི་རྒྱུན་གོམས་པར་བྱས་པ་དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་འདོད་པས་སོ་སོར་རྟོག་པའི་ཤེས་རབ་དེ་ལ་བརྟེན་པར་བྱའོ། །ཡུལ་ལ་མངོན་པར་ཞེན་པའི་ཆ་གོམས་པར་བྱེད་པ་མ་ཡིན་ཀྱང་རང་བཞིན་མེད་པར་རྟོགས་པའི་འཛིན་སྟངས་ཀྱི་ཆ་ནས་གོམས་པར་བྱེད་དོ། །འོ་ན་ཞེན་པ་རྟོག་པའི་ཆ་གང་གིས་སྤོང་ཞེ་ན། ཡུལ་གྱི་དོན་སྤྱི་ལ་ཡུལ་གྱི་རང་གི་མཚན་ཉིད་དུ་ཞེན་པའི་རྣམ་པར་རྟོག་པ་ཞེན་པའི་ཆ་དེའང༌། ཡང་དང་ཡང་དུ་བསྒོམས་པའི་སྟོབས་ཀྱིས་ཡང་དག་པའི་ཆ་ཇེ་གསལ་ཇེ་གསལ་དུ་འགྲོ་བའི་ཡེ་ཤེས་ཀྱི་མེ་བྱུང་ན་དེ་ཉིད་ཀྱིས་སྤོང་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་དྲུད་པ་ལས་མེ་བྱུང་བས་ཤིང་དེ་གཉིས་ཀ་སྲེག་པར་བྱེད་པ་དེ་བཞིན་དུ་ཞེན་པའི་ཆ་དེ་ཡང་ཕྱིས་བསྒོམས་སྟོབས་ཀྱིས་ཡུལ་ཇེ་གསལ་ཇེ་གསལ་དུ་འགྲོ་བའི་ཡེ་ཤེས་དེ་ཉིད་ཀྱིས་བསྲེག་པར་འགྱུར་རོ། །དེ་ཡང༌། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམས་གྱུར་པ། །སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་བུ། །ཞེས་པ་ལྟར། ཡུལ་ཡང་དང་ཡང་དུ་ཤིན་ཏུ་གོམས་པར་བྱས་པ་ནི་ཡུལ་གྱི་རྣམ་པ་ཤིན་ཏུ་གསལ་བའི་བློ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དང༌། རྣམ་པར་རྟོག་པ་ཞེན་པའི་ཆ་ནི་ཡུལ་མི་གསལ་བ་ཡིན་པས་གཉེན་པོ་གསལ་བ་དང་འགལ་བར་གྲུབ་པས་སྤང་གཉེན་དུ་འཐད་དོ། །སྦྱོར་ལམ་མཉམ་གཞག་ངོ་བོ་རྣམ་རྟོག་ཡིན་ཡང་ཡུལ་གྱི་རྣམ་པ་ཇེ་གསལ་ཇེ་གསལ་དུ་འགྱུར་བས་ཞེན་པའི་རིམ་གྱིས་ལྡོག་ཅིང༌། བདག་མེད་རྟོགས་པའི་རྟོགས་རིགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རིགས་རྒྱུན་དུ་གནས་འགྱུར་བ་ཡིན་ནོ། །གཞན་དག་གིས་ཚུལ་འདི་ལྟ་བུ་ཁོང་དུ་མ་ཆུད་པར་སྦྱོར་ལམ་མཉམ་གཞག་ནི། གཟུང་རྟོག་དང་འཛིན་རྟོག་མངོན་འགྱུར་གྱི་གཉེན་པོ་བྱེད་པས་སྒྲ་དོན་འདྲེས་འཛིན་གྱི་རྟོག་པར་མི་འཐད་དོ་ཞེས་སྨྲས་པའི་ལོག་པར་རྟོག་པའང་རྒྱང་རིང་དུ་སྤངས་སོ། །སོ་སོར་རྟོག་པའི་ཤེས་རབ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་བྱུང་ནས་རྟོག་པའི་བུད་ཤིང་བསྲེག་པའི་ཚུལ་འདི་ནི་འཕགས་པ་དཀོན་མཆོག་བརྩེགས་པ་ལས་བཀའ་སྩལ་ཏོ། །ལྔ་པ་དགེ་བའི་སྤྱོད་པ་འདོར་བ་དགག་པ་ལ་གསུམ་སྟེ། ལས་ཟད་པས་གྲོལ་བར་འདོད་པ་དགག་པ་དང༌། དགེ་བའི་སྤྱོད་པ་མི་འདོད་པ་ལུང་གིས་དགག་པ་དང༌། ཐབས་ཀྱི་དགེ་བ་མི་འདོད་པ་ལ་ཉེས་པ་བརྗོད་པའོ། །དང་པོ་ནི། ཡང་དགེ་བ་ལ་སོགས་པའི་ཐབས་ཀྱི་དགེ་བའི་ལས་ཅི་ཡང་མི་བྱའོ་ཞེས་ཟེར་བ་དེ་ནི་ལུང་དང་རིགས་པས་མི་འཐད་དེ། དགེ་བའི་ལས་མི་བྱའོ་ཞེས་དེ་སྐད་སྨྲ་བས་ནི་རང་གི་ཞེ་འདོད་ལས་ཟད་ནས་གྲོལ་བར་འགྱུར་རོ་ཞེས་འདོད་པར་སོང་བས། མུ་སྟེགས་ཀུན་ཏུ་འཚོ་བའི་སྨྲ་བ་སྟེ་གྲུབ་མཐའ་ཁས་བླངས་པར་འགྱུར་རོ། །མུ་སྟེགས་ཀུན་ཏུ་འཚོ་བས་ནི་ཉོན་མོངས་པ་སྤོང་བ་ལ་ཆེད་དུ་མི་གཉེར་བར་ལས་ཟད་པའི་ཕྱིར་དུ་འབད་པས་གྲོལ་བར་འདོད་དོ། །བཅོམ་ལྡན་འདས་ཀྱི་གསུང་རབ་ལས་ནི་རྒྱུ་ཉོན་མོངས་པ་ཟད་ནས་གྲོལ་བ་ཐོབ་པར་འགྱུར་བར་གསུངས་ཀྱི་ལས་ཐམས་ཅད་ཟད་པར་བྱས་ནས་གྲོལ་བ་ཐོབ་པར་འགྱུར་བ་གསུངས་པ་ནི་མེད་དོ། །རིགས་པ་ཅི་ཡོད་ཅེ་ན། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་མ་ལུས་པ་ཟད་པར་བྱེད་མི་ནུས་ཏེ། དེ་མཐའ་ཡས་པའི་ཕྱིར་རོ། །ངན་སོང་ལ་སོགས་པར་སྐྱེས་པའི་དུས་སུ་ཡང་ལས་མི་དགེ་བ་དེའི་འབྲས་བུ་ལ་སྤྱོད་པའི་ཚེ་སླར་ལས་གཞན་ཡང་འབྱུང་སྟེ། རྒྱུ་ཉོན་མོངས་པ་མ་སྤངས་པའི་ཕྱིར་རོ། །ཉོན་མོངས་པ་མེད་པར་མ་གྱུར་ཏེ་ཉོན་མོངས་པ་དེ་རྒྱུར་གནས་ན་ལས་དགག་པར་མི་ནུས་པའི་ཕྱིར་ཏེ། དཔེར་ན་མར་མེ་མ་འགགས་ན་དེའི་འོད་མི་འགག་པ་བཞིན་ནོ། །གལ་ཏེ་ཉོན་མོངས་པ་ཟད་པར་བྱས་ནས་གྲོལ་བ་ཐོབ་པར་བྱེད་དོ་ཞེ་ན། གང་ལྷག་མཐོང་ལ་སྐུར་བ་འདེབས་པ་དེ་ལ་ནི་ཉོན་མོངས་ཀྱི་གཉེན་པོ་མེད་པས་ཉོན་མོངས་པ་ཟད་པར་འགྱུར་བ་མི་སྲིད་དོ། །ཞེས་སྔར་ཇི་སྐད་བསྟན་པ་བཞིན་ནོ། །ཅི་སྟེ་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་དུ་ལྷག་མཐོང་རྒྱུད་ལ་བསྟེན་པར་བྱའོ་སྙམ་དུ་སེམས་ན་ནི་ལྷག་མཐོང་གིས་ཉོན་མོངས་པ་སྤོང་བ་དེའི་ཚེ་ཉོན་མོངས་པ་ཟད་པ་ཉིད་ཀྱིས་གྲོལ་བ་ཐོབ་པར་འགྱུར་ཏེ། དེ་བས་ན་ལས་ཟད་པའི་ཕྱིར་དུ་གཉེན་པོ་སྒོམ་པ་ལ་ཚེགས་བྱ་བ་དོན་མེད་པར་འགྱུར་རོ། །རྣམ་འགྲེལ་ལས་ཀྱང༌། ལས་ཟད་དུལ་བ་དོན་མེད་ཡིན། །ཞེས་གསུངས་སོ། །མི་དགེ་བའི་ལས་ཀྱིས་ནི་ངན་སོང་དུ་འཕེན་པས་ན་མི་བྱའོ་ཞེས་བྱ་བ་དེ་ནི་རིགས་ན། དགེ་བའི་ལས་ཅིའི་ཕྱིར་དགག གལ་ཏེ་ངན་སོང་དུ་ལྷུང་བར་མི་བྱེད་ཀྱང་མཐོ་རིས་སུ་འཁོར་བར་བྱེད་པས་འཁོར་བའི་རྒྱུ་ལས་མ་འདས་པས་ན་དགག་པ་སྐད་དུ་བྱས་ནའང་དེ་ནི་མི་རུང་སྟེ། བདག་ལ་སོགས་པར་རྟོག་པའི་ཕྱིན་ཅི་ལོག་གི་བློས་ཀུན་ནས་བསླངས་པའི་དགེ་བ་གང་ཡིན་པ་དེ་ཉིད་འཁོར་བར་འཕེན་པར་བྱེད་པ་ཡིན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཀྱི་ལས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་ནི་འཁོར་བར་འཕེན་པར་བྱེད་པའི་རྒྱུ་མ་ཡིན་ནོ། །འཁོར་བའི་རྒྱུ་མི་བྱེད་པར་བྱང་ཆུབ་ཐོབ་བྱེད་ཀྱི་རྒྱུར་འགྱུར་བ་དེ་སྐད་དུ་འཕགས་པ་ས་བཅུ་པ་ལས་ཀྱང་བཀའ་སྩལ་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ཉིད་བསྔོ་བ་ལ་སོགས་པས་ཡོངས་སུ་སྦྱང་བར་བྱ་བའི་བྱེ་བྲག་གིས་ན་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཉིད་སྒྲུབ་པར་བྱེད་དོ་ཞེས་འབྱུང་ངོ༌། །གཉིས་པ་དགེ་བའི་སྤྱོད་པ་མི་འདོད་པ་ལུང་གིས་དགག་པ་ནི། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་གསུངས་སོ་ཞེས་སྦྱར་རོ། །མདོའི་དོན་བཤད་པ་ནི། ཕྱོགས་སོ་སོ་ནས་འབབ་པའི་ཆ་ཀླུང་ཆེན་པོ་ཐམས་ཅད་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་པ་ན་ཆུའི་ཕུང་པོ་དབྱེར་མེད་རོ་གཅིག་ཏུ་གྱུར་པ་བཞིན་དུ་བྱང་ཆུབ་སེམས་དཔའ་ལུས་ངག་ཡིད་གསུམ་གྱི་སྒོ་སྣ་ཚོགས་ནས་དགེ་བ་བསགས་པའང་ཐབས་ཤེས་རབ་གཉིས་ཀྱིས་ཟིན་པ་ན་ཐམས་ཅད་མཁྱེན་པ་ཉིད་དུ་རོ་གཅིག་པར་འགྱུར་རོ་ཞེས་གསུངས་པས་ན་ཐམས་ཅད་མཁྱེན་པའི་རྒྱུར་སྒོ་དུ་མ་ནས་དགེ་བ་སོག་དགོས་པར་གསུངས་པ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་རྣམས་ཀྱི་གཟུགས་ཀྱི་སྐུ་དང༌། སྣོད་བཅུད་ཀྱི་ཞིང་ཡོངས་སུ་དག་པ་དང༌། འོད་མཐའ་ཡས་པ་དང་ལྡན་པ་དང༌། འཁོར་ཕུན་སུམ་ཚོགས་པ་དང༌། ལོངས་སྤྱོད་ཆེན་པོ་ལ་སོགས་པ་གཟུགས་སྐུ་ལ་བརྟེན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ཉིད་ཡིན་པར་མདོ་སྡེ་ས་བཅུ་པ་དང༌། དཀོན་མཆོག་བརྩེགས་པ་ལ་སོགས་པ་དེ་དག་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་དག་དང་ཡང་དགེ་བའི་སྤྱོད་པ་མི་དགོས་ཞེས་པ་འགལ་བར་འགྱུར་རོ། །དགེ་བའི་སྤྱོད་པ་བཀག་པས་ནི་བསོད་ནམས་ཀྱི་ཚོགས་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པའང་བཀག་པར་འགྱུར་ཏེ། དགེ་བའི་སྤྱོད་པ་ཐམས་ཅད་བཀག་པས་སོ། །སོ་ཐར་གྱི་སྡོམ་པ་སོགས་བཀག་པ་དེའི་ཕྱིར། གང་ཟག་དེའི་མགོའི་སྤུ་དང་ཁ་སྤུ་བྲེགས་ནས་ཐུབ་པའི་བརྟུལ་ཞུགས་བཟུང་བའི་དོན་དུ་ཆོས་གོས་ངུར་སྨྲིག་འཆང་བ་ལ་སོགས་པ་དོན་མེད་པར་འགྱུར་རོ། །དགེ་བའི་ལས་བསོད་ནམས་ཀྱི་ཚོགས་མངོན་པར་འདུ་བྱ་བ་ལ་མི་ཆགས་པར་གྱུར་ན། འཁོར་བ་ལ་སྙིང་རྗེ་ཆེན་པོས་མི་ཕྱོགས་པ་དང༌། ཁྱད་པར་དུ་སེམས་ཅན་གྱི་དོན་བྱ་བ་ལ་ཀུན་ཏུ་མི་ཕྱོགས་པ་བསྟེན་པར་འགྱུར་ཏེ། དགེ་བའི་སྤྱོད་པ་ཐམས་ཅད་བཀག་པའི་ཕྱིར་རོ། །སེམས་ཅན་གྱི་དོན་བཀག་ན་བྱང་ཆུབ་རྒྱུ་ཚོགས་བཀག་པ་དེའི་ཕྱིར། ཚོགས་གཉིས་དེའི་འབྲས་བུ་བྱང་ཆུབ་ཀྱི་རྒྱང་རིང་དུ་སྲིངས་པར་འགྱུར་རོ། །སེམས་ཅན་གྱི་དོན་སྤངས་ན་བྱང་ཆུབ་མི་འཐོབ་པའང་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་བཀའ་སྩལ་ཏེ། སེམས་ཅན་གྱི་དོན་བྱ་བ་ལ་མི་ཕྱོགས་པ་དང༌། འདུ་བྱེད་མངོན་པར་འདུ་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་ལུང་མ་བསྟན་ཏེ་ཞེས་བཀའ་སྩལ་ཏོ། །འདིའི་དོན་ནི་གཞན་དོན་ལ་མི་ཕྱོགས་པ་དང༌། གཞན་དོན་གྱི་ལས་བྱེད་པ་ལ་མི་ཕྱོགས་པ་ནི་བདུད་ཀྱི་ལས་ཡིན་ནོ་ཞེས་པའི་དོན་ནོ། །འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང་བསྟན་ཏོ་ཞེས་སྦྱར་རོ། །གང་ན། རང་ཉིད་མྱ་ངན་ལས་འདས་པ་ལ་གཞོལ་བར་འདོད་པས་སྙིང་རྗེ་ཆེན་པོས་འཁོར་བ་ན་གནས་པའི་སེམས་ཅན་རྗེས་སུ་འཛིན་པ་ལ་མི་ཕྱོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆལ་བའི་ཚུལ་ཁྲིམས་ཀྱི་མཆོག་ཡིན་ནོ་ཞེས་པའོ། །ཡང་མདོ་དེ་ཉིད་ལས་གསུངས་སོ་ཞེས་སྦྱར་རོ། །གང་ན། སྙིང་རྗེས་འཁོར་བའི་སེམས་ཅན་ཡོངས་སུ་འཛིན་པ་ནི་ཚུལ་ཁྲིམས་ཀྱི་མཆོག་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་བྱང་ཆུབ་ཐོབ་པ་ལ་ཐབས་དང་ཤེས་རབ་ཟུང་འཇུག་དགོས་ཞེས་བཀའ་སྩལ་ཏོ། །ཇི་ལྟར་བཀའ་སྩལ་ཞེ་ན། སྙིང་རྗེ་ཆེན་པོ་སོགས་ཐབས་ཀྱིས་ནི་གཞན་དོན་དུ་སྲིད་པའི་འགྲོ་བར་འགྲོ་བ་ལྷ་མི་དག་གི་སྐྱེ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐར་པ་ཐོབ་པར་བྱེད་པའི་ཐབས་སོ། །སྙིང་རྗེ་སོགས་ཐབས་དང་བྲལ་བའི་ཤེས་རབ་ཀྱིས་ནི་བྱང་ཆུབ་ཆེན་པོ་མི་འཐོབ་པས་ན་འཆིང་བའོ། །སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བའི་ཐབས་ཀྱང་བྱང་ཆུབ་ཐོབ་བྱེད་ཀྱི་རྒྱུར་མི་འགྱུར་བས་ན་འཆིང་བའོ། །འོ་ན་བྱང་ཆུབ་ཆེན་པོ་ཐོབ་པའི་ཐབས་གང་ཞེ་ན། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བཅས་པའི་ཐབས་ནི་ཐར་པའི་རྒྱུའོ། །སྙིང་རྗེ་སོགས་ཐབས་དང་བཅས་པའི་ཤེས་རབ་ཀྱང་ཐར་པ་ཐོབ་པར་བྱེད་པའི་རྒྱུའོ་ཞེས་པའོ། །གསུམ་པ་ཐབས་ཀྱི་དགེ་བ་མི་འདོད་པ་ལ་ཉེས་པ་བརྗོད་པ་ནི། འཕགས་པ་ནམ་མཁའ་མཛོད་ལས་ཀྱང་གསུངས་སོ་ཞེས་སྦྱར་རོ། །འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་སྐྱེས་ནས་གཞན་གྱི་དོན་འདོར་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་སོ་ཞེས་སོ། །མདོ་ཀུན་ལས་བཏུས་པ་ལས་ཀྱང་བསྟན་ཏོ་ཞེས་སྦྱར་རོ། །ལུང་གི་དོན་བཤད་པ་ནི། གང་ཟག་འགའ་ཞིག་འདུས་མ་བྱས་མྱ་ངན་ལས་འདས་པ་ལ་སླར་ཡང་ཐོབ་འདོད་སྐྱེས་པས་སོ་སོར་རྟོག་ལ། འདུས་བྱས་ཀྱི་དགེ་བས་ཀྱང་ཡོངས་སུ་སྐྱོ་བ་ནི་བདུད་ཀྱི་ལས་སོ། །ཅི་སྟེ་ཞེ་ན། འདུས་བྱས་ཀྱི་དགེ་བ་སྤངས་ན་མྱ་ངན་ལས་འདས་པ་མི་འཐོབ་པས་སོ། །བདུད་ཀྱི་ལས་སོ་ཞེས་པ་ནི་བྱང་ཆུབ་ཐོབ་པའི་གེགས་སོ་ཞེས་པའི་དོན་ནོ། །བྱང་ཆུབ་སེམས་དཔའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་པར་ཡང་རབ་ཏུ་ཤེས་ལ་སྟོང་ཉིད་འབའ་ཞིག་ལ་གཞོལ་བས་ཕ་རོལ་ཏུ་ཕྱིན་པའི་ལམ་གཞན་ཡང་ཡོངས་སུ་མི་ཚོལ་ན་བདུད་ཀྱི་ལས་སོ་ཞེས་སོ། །དགེ་བའི་སྤྱོད་པ་འདོར་བ་དགག་པ་བསྟན་ཟིན་ཏོ། །དྲུག་པ་ལུང་གི་དགོངས་པ་གཞན་དུ་རྟོག་པ་དགག་པ་ལ་གསུམ་སྟེ། མདོ་སྡེ་ཀུན་ལས་བཏུས་ཀྱི་ལུང་གི་དོན་ལ་ལོག་པར་རྟོག་པ་དགག ཕུང་པོ་གསུམ་པའི་མདོའི་དོན་ལ་ལོག་པར་རྟོག་པ་དགག ཚངས་པས་ཞུས་པའི་མདོའི་དོན་ལ་ལོག་པར་རྟོག་པ་དགག་པའོ། །དང་པོ་ནི། མདོ་སྡེ་ཀུན་ལས་བཏུས་པ་དེ་ཉིད་ལས། ཕར་ཕྱིན་དྲུག་ལ་བདེན་པར་ཞེན་པ་བདུད་ཀྱི་ལས་སུ་བཤད་པ་མིན་ནམ་ཞེ་ན། མདོ་དེ་ཉིད་ལས། སྦྱིན་པ་ལ་སེམས་མངོན་པར་ཞེན་པ་ན་ཤེས་རབ་ཀྱི་བར་ལ་སེམས་མངོན་པར་ཞེན་པ་ནི་བདུད་ཀྱི་ལས་སོ་བཤད་པ་དེ་ལའང་སྤྱིར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྒྱུད་ལ་བསྟེན་པ་དགག་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། སེམས་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་མངོན་པར་ཞེན་པའི་གང་ཟག་ལ་དགོངས་ནས་སེམས་གཟུང་བ་དང་འཛིན་པ་ལ་བདེན་པར་མངོན་པར་ཞེན་པ་ཡུལ་ལ་བདེན་པ་དམིགས་པ་ཅན་གྱི་སྦྱིན་པ་ལ་སོགས་པ་གནས་ཚུལ་ལས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་གང་ཡིན་པ་དེ་དགག་པ་ལ་དགོངས་ཏེ་བཤད་དོ། །དེ་ཅིས་ཤེས་ཞེ་ན། བདེན་པར་ཕྱིན་ཅི་ལོག་ཏུ་ཞེན་པས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པ་ནི་བདེན་པར་མངོན་པར་ཞེན་པའི་དྲི་མས་སྦགས་པ་ཡོངས་སུ་དག་པར་མི་འགྱུར་ཏེ་བདུད་ཀྱི་ལས་སོ་ཞེས་བཤད་པ་ཡིན་ནོ། །སྦྱིན་སོགས་ལ་བདེན་པར་ཞེན་པའི་ཆ་བཀག་པ་དེ་ལྟ་མ་ཡིན་པར་སྦྱིན་སོགས་སྤྱི་ལྡོག་ནས་བཀག་ན་བསམ་གཏན་ཡང་རྒྱུད་ལ་བསྟེན་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་ཁྱོད་བསམ་གཏན་སྤངས་པས་ཅི་ཡང་ཡིད་ལ་མི་བྱེད་པའི་བསམ་གཏན་ཡང་མི་སྒོམ་པར་འགྱུར་རོ། །བསམ་གཏན་རྒྱུད་ལ་མི་བསྟེན་པ་དེ་ལྟར་གྱུར་པར་འདོད་ན་ཁྱོད་ལྟར་ན་ཐར་པའི་རྒྱུ་མེད་པས་ཐར་པ་ཐོབ་པར་ཡང་ཇི་ལྟར་འགྱུར། སྦྱིན་སོགས་ལ་སྤྱོད་པ་བཀག་པ་མ་ཡིན་གྱི། སྦྱིན་སོགས་ལ་བདེན་པར་ཞེན་པ་བཀག་པ་ལ་དགོངས་པ་དེའི་ཕྱིར་ན། བདེན་པར་དམིགས་པ་ཅན་སེམས་མཚན་མ་སྣ་ཚོགས་སུ་བདེན་པར་འདུ་ཤེས་པས་སྦྱིན་པ་ལ་སོགས་པ་གང་ཡིན་པ་དེ་ནི་བདེན་འཛིན་གྱི་རྟོག་པས་བསླད་པས་ན་ཡོངས་སུ་དག་པ་མ་ཡིན་པར་བསྟན་པའི་ཕྱིར། འཕགས་པ་ནམ་མཁའ་མཛོད་ལས་ཀྱང་བཤད་དོ་ཞེས་སྦྱར་རོ། །ཇི་ལྟར་ན་སེམས་ཅན་ཕྱིན་ཅི་ལོག་གི་བློས་ཀུན་ནས་བསླངས་པའི་ལས་མཚན་མ་སྣ་ཚོགས་པའི་བདེན་པར་འདུ་ཤེས་ཅན་གྱི་སྦྱིན་པ་ལ་སོགས་པ་ནི་བདུད་ཀྱི་ལས་སོ་ཞེས་བཤད་དོ། །གཉིས་པ་ཕུང་པོ་གསུམ་པའི་མདོའི་དོན་ལ་ལོག་རྟོག་དགག་པ་ནི། གལ་ཏེ་ཕུང་པོ་གསུམ་པའི་མདོ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ཉིད་བཤགས་པར་བྱ་བར་བཤད་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། ཕུང་པོ་གསུམ་པའི་ཡོངས་སུ་བསྔོ་བ་ལས་ཀྱང་བཀའ་སྩལ་པ། གང་བདག་གིས་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང༌། བསམ་གཏན་དང་ཤེས་རབ་མཉམ་པ་ཉིད་དུ་མ་འཚལ་ནས་དམིགས་པར་ལྷུང་བས་སྦྱིན་པ་སྩལ་པ་དང༌། ཚུལ་ཁྲིམས་མཆོག་ཏུ་འཛིན་པས་ཚུལ་ཁྲིམས་བསྲུངས་པ་དང༌། བདག་དང་གཞན་དུ་འདུ་ཤེས་པས་བཟོད་པ་བསྒོམས་པ་ལ་སོགས་པ་གང་ལགས་པ་དེ་དག་ཐམས་ཅད་སོ་སོར་བཤགས་པར་བགྱིའོ་ཞེས་འབྱུང་བ་གང་ཡིན་པ་དེ་ལ་ཡང་དགོངས་པ་འདི་ཡིན་ཏེ། བདེན་པར་དམིགས་པ་ཅན་གྱི་བློ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་མ་རྟོགས་པས་སྣ་ཚོགས་སུ་བདེན་པར་འདུ་ཤེས་པའི་སྒོ་ནས་ཕྱི་ཅི་ལོག་ཏུ་མངོན་པར་ཞེན་པས་ཀུན་ནས་བསླང་བའི་ཕྱིར། སྦྱིན་པ་ལ་སོགས་པ་བདེན་འཛིན་གྱི་དྲི་མས་ཡོངས་སུ་དག་པ་མ་ཡིན་པ་ཙམ་གྱི་ཕྱིར་བཤགས་བྱར་བཤད་པ་ཡིན་གྱི་དུས་དང་གནས་སྐབས་ཐམས་ཅད་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྒྱུད་ལ་བསྟེན་པ་དགག་པ་མ་ཡིན་ནོ། །བདག་དང་བདག་གིར་འཛིན་པས་ཀུན་ནས་བསླང་བའི་བདེན་པར་ཞེན་པའི་སྦྱིན་སོགས་བཤགས་བྱར་དགོངས་པ་དེ་ལྟ་མ་ཡིན་པར་སྤྱིར་བཀག་ན་བདེན་པར་དམིགས་པ་ཅན་ཕྱིན་ཅི་ལོག་ཏུ་གྱུར་པའི་བདེན་འཛིན་འབའ་ཞིག་གིས་བསླད་པར་གྱུར་པ་སྦྱིན་སོགས་དམིགས་ཀྱིས་གསལ་དགོས་པ་མ་ཡིན་གྱི་སྤྱིར་སྦྱིན་པ་ལ་སོགས་པ་ཐམས་ཅད་བྱེ་བྲག་མེད་པར་དགག་པ་བྱེད་པར་འགྱུར་རོ། །བདེན་པར་ཞེན་པའི་སྦྱིན་སོགས་དམིགས་ཀྱི་གསལ་བས་ན་སྦྱིན་སོགས་སྤྱི་ལྡོག་ནས་བཀག་པ་མ་ཡིན་པར་མངོན་ནོ། །གསུམ་པ་ཚངས་པས་ཞུས་པའི་མདོའི་དོན་ལ་ལོག་པར་རྟོག་པ་དགག་པ་ནི། གལ་ཏེ་ཚངས་པས་ཞུས་པའི་མདོ་ལས་ཀྱང༌། སྤྱོད་པ་ཇི་སྙེད་པ་དག་ཐམས་ཅད་ནི་ཡོངས་སུ་རྟོག་པའོ། །ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ནི་སྤྱོད་པ་ཐམས་ཅད་རྟོག་པ་གསུངས་ལ། རྟོག་པ་ཡང་སྤང་བྱ་ཡིན་པས་ན། མདོ་འདིས་དགེ་བའི་སྤྱོད་པ་འདོར་བར་དངོས་སུ་གསུངས་སོ་ཞེ་ན། དེ་སྐད་གསུངས་པའི་མདོ་གང་ཡིན་པ་དེ་ལ་ཡང་སྐྱེ་བ་དང་འགག་པ་ལ་སོགས་པར་བློས་རྣམ་པར་རྟོག་པའི་སྒོ་ནས་སྤྱོད་པ་ལ་འཇུག་པའི་སྐབས་ཀྱི་དབང་དུ་བྱས་པ་ཡིན་པས་སྤྱོད་པ་དེ་ལ་ནི་ཡོངས་སུ་རྟོག་པ་ཉིད་དུ་བཤད་ཀྱི། བདེན་འཛིན་གྱི་མཚན་མ་མེད་པར་གནས་ཤིང་གཞན་དོན་གྱི་སྤྱོད་པ་སོགས་ལ་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ལ་གནས་པའི་ས་བརྒྱད་པ་ཡན་ཆད་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་དགོངས་ནས་ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་བོ་ཞེས་ལུང་བསྟན་པ་ཡིན་ཏེ། ཇི་སྐད་བརྗོད་པའི་སྤྱོད་པ་དེ་ལས་གཞན་དུ་དགེ་བའི་སྤྱོད་པ་སྤྱི་ལྡོག་ནས་བཀག་པ་ནི་མ་ཡིན་ནོ་ཞེས་བྱའོ། །དེས་ན་རྟོག་པ་དང་འདྲེས་མ་འདྲེས་ཀྱི་སྤྱོད་པའི་ཁྱད་པར་གྱི་ས་མཚམས་དེ་ཙམ་བསྟན་ཏེ། སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱང་དོན་དམ་པར་མ་སྐྱེས་པར་སྒྱུ་མ་ལྟ་བུའི་ཚུལ་དུ་རྟོགས་པ་ཡོངས་སུ་བསྟན་པའི་སྐབས་ཀྱི་སྤྱོད་པ་མི་བྱ་བར་ནི་བཀའ་མ་སྩལ་ཏོ། །མདོའི་དགོངས་པ་དེ་ལྟ་མ་ཡིན་པར་དགེ་བའི་སྤྱོད་པ་སྤྱིར་འགོག་པ་ལ་སྦྱོར་ན། འོ་ན་མར་མེ་མཛད་དང་མཇལ་ནས་ས་བརྒྱད་པ་ཐོབ་པ་ཉིད་ཀྱི་སྔ་ལོགས་སུ་སངས་རྒྱས་གང་དག་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་བསྙེན་བཀུར་མཛད་པའི་སངས་རྒྱས་དེ་དག་གི་མཚན་གྱི་གྲངས་བཅོམ་ལྡན་འདས་ཀྱིས་བསྐལ་པར་ཡང་བརྗོད་པར་མི་སྤྱོད་པའི་བསྙེན་བཀུར་བྱ་བའི་ཡུལ་སངས་རྒྱས་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྔོན་བྱང་ཆུབ་སེམས་དཔའི་གནས་སྐབས་ན་བཞུགས་པའི་སྦྱིན་པ་ལ་སོགས་པ་དགེ་བའི་སྤྱོད་པ་ཅིའི་ཕྱིར་དགག་པ་མ་མཛད། སངས་རྒྱས་མར་མེ་མཛད་ཀྱིས་ཀྱང་དེའི་ཚེ་བཅོམ་ལྡན་འདས་ཤཱཀ་ཐུབ་ཀྱི་དགེ་བའི་སྤྱོད་པ་དགག་པ་མ་མཛད་པ་ཁོ་ན་སྟེ། དེས་ན་མར་མེ་མཛད་དང་གང་བསྙེན་བཀུར་བའི་སངས་རྒྱས་གཞན་དག་གིས་ཀྱང་ཤཱཀྱ་ཐུབ་པའི་སྔོན་གྱི་དགེ་བའི་སྤྱོད་ལ་དགག་པ་མ་མཛད་པ་ཉིད་ཀྱིས་དགེ་བའི་སྤྱོད་པ་གདོན་མི་ཟ་བར་བྱ་དགོས་སོ། །གང་གི་ཚེ་ཤཱཀྱ་ཐུབ་པ་མར་མེ་མཛད་དང་མཇལ་བའི་དུས་སུ་ས་བརྒྱད་པ་ལ་གནས་ཤིང་མར་མེ་མཛད་ཀྱིས་དགེ་བའི་སྤྱོད་པ་དགག་པ་མ་མཛད་པར་སྤྲོས་པ་ཞི་བ་དང་མཚན་མ་མེད་པའི་སྤྱོད་པ་ལ་གནས་པ་དེ་གཟིགས་ནས་དེའི་ཚེ་བཅོམ་ལྡན་འདས་མར་མཛད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཚོང་འདུས་ཀྱི་ལྡུམ་རར་བྱང་ཆུབ་ཏུ་ལུང་བསྟན་གྱི་ས་བརྒྱད་པ་ཐོབ་པའི་དུས་དེ་ན་དེའི་དགེ་བའི་སྤྱོད་པ་བཀག་པ་ནི་མ་ཡིན་ནོ། །དེའི་དུས་སུ་ཐབས་ལ་མཁས་པའི་སྤྱོད་པ་མ་བཀག་པ་ཅིས་ཤེས་ཞེ་ན། ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པར་གནས་པ་མཆོག་ཏུ་གྱུར་པ་ནི་སངས་རྒྱས་ཀྱིས་གཞན་གྱི་དོན་སྒྲུབ་པའི་དགེ་བའི་སྤྱོད་པ་བསྒྲུབ་དགོས་ཞེས་མ་བསྐུལ་ན་ས་བརྒྱད་པ་དེ་ཉིད་དུ་གཞན་དོན་རྒྱུན་ཆད་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་དུ་འོང་ངོ་ཞེས་ས་བཅུ་པའི་མདོ་ལས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཐབས་ཀྱི་སྤྱོད་པ་ལ་མི་བསྟེན་པར་དགག་པ་མཛད་དོ། །གལ་ཏེ་རྣམ་པ་ཐམས་ཅད་དུ་ཀུན་རྫོབ་ཐབས་ཀྱི་དགེ་བའི་སྤྱོད་པ་དེ་མི་བྱ་བར་གྱུར་ན་ནི་སྔར་བརྗོད་པའི་ལུང་རིགས་ཐམས་ཅད་དང་འགལ་བར་འགྱུར་རོ། །བདུན་པ་ཐེག་ཆེན་གྱི་ལམ་གྱི་རང་བཞིན་བསྟན་པ་ལ་བཞི་སྟེ། ཐེག་ཆེན་གྱི་རང་བཞིན་རྣམ་པར་གཞག་པ། གཞན་གྱིས་སྨྲས་པའི་རྩོད་སྤོང་དགག་པ། ཚུལ་གཅིག་ཁོ་ནས་བྱང་ཆུབ་པ་དགག་པ། ཐབས་ཤེས་གཉིས་ཀ་དགོས་པར་བསྟན་པའོ། །དང་པོ་ནི། ཡང་ཚངས་པས་ཞུས་པའི་མདོ་དེ་ཉིད་ལས་གསུངས་པ། སྙིང་རྗེས་གཞན་དོན་དུ་སྦྱིན་པ་ཡང་སྦྱིན་པར་བྱེད་ལ། སྦྱིན་པ་དེའི་རྣམ་པར་སྨིན་པ་ཡང་རང་དོན་དུ་མི་རེ། གཞན་དོན་དུ་ཚུལ་ཁྲིམས་ཀྱང་བསྲུངས་ལ་དེ་ཡང་བདེན་པར་སྒྲོ་འདོགས་པས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །ཚངས་པ་ཞེས་བོས་ནས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་སངས་རྒྱས་ཀྱིས་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །ཆོས་བཞི་པོ་དེ་དག་གང་ཞེ་ན། འཁོར་བར་གཞན་དོན་དུ་ཚོགས་གསོག་པའི་ཕྱིར་དུ་སྐྱེ་བ་དཔག་ཏུ་མེད་པ་འཛིན་པ་དང༌། ཚོགས་རྫོགས་པའི་ཡན་ལག་སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་པའི་ཞིང་དུ་བྱས་ནས་རིམ་གྲོ་དང་མཆོད་པ་དཔག་ཏུ་མེད་པ་བྱེད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །གལ་ཏེ་དགེ་བའི་སྤྱོད་པ་མི་འདོད་ན་འདི་དག་ཐམས་ཅད་དང་ཡང་འགལ་ལོ། །གཉིས་པ་གཞན་གྱིས་སྨྲས་པའི་རྩོད་སྤོང་དགག་པ་ནི། སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་ནི་དབང་པོ་རྟུལ་པོ་ཁོ་ནས་སྤྱད་པར་བྱའི། དབང་པོ་རྣོན་པས་ནི་མ་ཡིན་ནོ་ཞེས་བརྗོད་ན། དེ་སྐད་བརྗོད་པ་ནི་མི་རུང་སྟེ། འདི་ལྟར་ས་དང་པོ་ནས་བཟུང་སྟེ་ས་བཅུ་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་སྤྱོད་པ་རྣམས་ལ་འཇུག་དགོས་པར་འབྱུང་གི ཕ་རོལ་དུ་ཕྱིན་པ་ལྷག་མ་རྣམས་ཀྱང་ཀུན་ཏུ་མི་སྤྱོད་པ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ས་བཅུ་པོ་རྣམས་ཀྱང་སྦྱིན་སོགས་ལྷག་མ་རྣམས་ལ་སྤྱོད་པ་ནི་དབང་པོ་རྟུལ་པོའོ་ཞེ་ན། ས་བཅུ་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པ་ལ་ཁྱད་པར་མེད་ལ། ཐམས་ཅད་དབང་པོ་རྟུལ་ཞེས་བྱ་བར་ཡང་མི་རུང་སྟེ། འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་གནས་པ་ས་བརྒྱད་པ་ཐོབ་པའི་བྱང་སེམས་ཉིད་ཀྱིས་གཏོང་བ་དང་གཏོང་བ་ཆེན་པོ་དང་རབ་ཏུ་གཏོང་བ་དག་ཀྱང་བྱའོ་ཞེས་བཀའ་སྩལ་ཏོ། །འདི་ནི་ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔས་ཀྱང་སྤྱིར་སྦྱིན་པ་གཏོང་བ་དང༌། དེ་ལས་ཀྱང་ཁྱད་པར་དུ་ཤིན་ཏུ་གཅེས་པ་གཏོང་བ་གཏོང་བ་ཆེན་པོ་དང༌། ལུས་དང་སྲོག་ཀྱང་གཏོང་བ་དག་བྱའོ་ཞེས་པའི་དོན་ཡིན་པས་སྦྱིན་སོགས་ནི་དབང་པོ་རྟུལ་པོ་ཁོ་ནའི་ཆོས་ནི་མ་ཡིན་ལ། ས་བརྒྱད་པ་ཐོབ་པ་ནི་དབང་པོ་རྟུལ་པོ་མ་ཡིན་པར་འདོད་དོ། །མདོ་ཀུན་ལས་བཏུས་པ་ལས་ཀྱང་དབང་པོ་རྣོན་པོས་ཕར་ཕྱིན་དྲུག་ལ་སྤྱོད་པར་བཤད་དེ། ཇི་སྐད་དུ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ཡིན་ནོ་ཞེས་བསྔགས་ཏེ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལས་མགྱོགས་པ་ནི་གཞན་མེད་དོ། །འདིས་དོན་ཅི་བསྟན་ཅེ་ན། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ནི་དབང་པོ་རྣོན་པོ་ཁོ་ན་ཡིན་ལ། དེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་བཤད་པས་སྦྱིན་སོགས་ཕར་ཕྱིན་དྲུག་ནི་དབང་པོ་རྟུལ་པོ་ཁོ་ནའི་མ་ཡིན་པར་ངེས་སོ་ཞེས་བསྟན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་ས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཐོབ་པའི་ལམ་ལ་ཤིན་ཏུ་མྱུར་དུ་འཇུག་པའི་སངས་རྒྱས་ཀྱི་ལམ་གཞན་ནི་མེད་དོ། །དེ་བས་ན་དབང་པོ་རྣོ་རྟུལ་ཐམས་ཅད་ཀྱི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་མ་གཏོགས་པ་གཞན་མེད་དོ། །འདིས་ཇི་ལྟར་སངས་རྒྱས་ཐོབ་པའི་ལམ་ལ་འཇུག་ཅེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་པས་གསེར་གྱི་གཡའ་རིམ་གྱིས་འདག་པ་བཞིན་དུ་སེམས་ཀྱི་རྒྱུད་དྲི་མས་རིམ་གྱིས་འདག་པར་འགྱུར་རོ། །ཞེས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ལམ་ལ་འཇུག་གོ་ཞེས་མདོ་སྡེ་དུ་མ་ལས་བཀའ་སྩལ་ཏོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་རིམ་པས་དྲི་མ་རིམ་གྱིས་བྱང་ནས་སངས་རྒྱས་ཀྱི་ས་ལ་འཇུག་པ་འཕགས་པ་ལང་ཀར་གཤེགས་པ་དང་ས་བཅུ་པ་ལ་སོགས་པའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་གང་གི་ཚེ་དེ་བཞིན་ཉིད་རྟོགས་པའི་ཤེར་ཕྱིན་ལ་གནས་པར་གྱུར་པ་དེའི་ཚེ་ས་དང་པོར་ཆུད་པ་ཡིན་ཏེ། ས་དང་པོའི་རྗེས་དེ་ནས་རིམ་གྱིས་ས་གཉིས་པ་ལ་སོགས་པ་ས་གོང་མ་གོང་མ་རྣམས་ཡོངས་སུ་སྦྱངས་ནས་མཐར་དེ་བཞིན་གཤེགས་པའི་ས་ལ་འཇུག་གོ་ཞེས་བཀའ་སྩལ་ཏོ། །སངས་རྒྱས་ཀྱི་ས་ལ་འཇུག་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ས་བཅུ་གདོན་མི་ཟ་བར་དགོས་པ་དེའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་སེམས་དཔའི་ས་ལས་མ་གཏོགས་པར་སངས་རྒྱས་ཀྱི་གྲོང་ཁྱེར་དུ་གཅིག་ཅར་འཇུག་པའི་སྒོ་དེ་ལས་ལྷག་པ་གཞན་མེད་དེ། ཕ་རོལ་ཏུ་ཕྱིན་པ་དང་ས་བཅུས་སངས་རྒྱས་འཐོབ་ཀྱི། དེ་ལས་གཞན་ལ་རག་མ་ལས་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་དང་ལུང་ལ་སོགས་པ་གང་ལས་ཀྱང་དེ་ལས་ལྷག་པའི་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་བཀའ་མ་སྩལ་ཏོ། །གལ་ཏེ་ཅི་ཡང་ཡིད་ལ་མི་བྱེད་པ་དང་དྲན་པ་མེད་པའི་བསམ་གཏན་ཉིད་ཀྱི་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་པས་བསམ་གཏན་དེ་བསྟེན་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྒྱུད་ལ་བསྟེན་པར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་ཁེགས་པའི་ཕྱིར། དེའི་ཕྱིར་ན་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གཞན་གྱི་སྤང་བྱ་མེད་པས་སོ་སོར་བསྟེན་མི་དགོས་པ་སྐད་དུ་བྱས་ནའང་མི་རུང་སྟེ། བསམ་གཏན་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་འདུས་པས་གཞན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་འབད་པས་ཆོག་པས་དེ་ལྟར་གྱུར་དུ་ཟིན་ན། སངས་རྒྱས་ལ་མཆོད་པའི་དོན་དུ་བ་ལང་གི་ལྕི་བའི་དཀྱིལ་འཁོར་བྱས་ནས་ཕུལ་བའི་ནང་དུ་ཡང་ཕ་རོལ་དུ་ཕྱིན་པ་དྲུག་འདུས་པས་ན་བ་ལང་གི་ལྕི་བའི་དཀྱིལ་འཁོར་འབའ་ཞིག་བྱ་བར་འདོད་དགོས་སོ། །དེ་ལྟ་ན་བསམ་གཏན་ལ་སོགས་པ་མི་བྱ་བར་ཐལ་བར་འགྱུར་རོ། །གལ་ཏེ་བསམ་གཏན་ལ་མཉམ་པར་བཞག་པའི་དུས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་མི་འབྱུང་བས་ན་དེས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་འགྱུར་རོ་ཞེ་ན། ཉན་ཐོས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པའི་གནས་སྐབས་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་ཀྱི་མཚན་མ་ལ་སོགས་པ་ཀུན་ཏུ་མི་འབྱུང་བའི་ཕྱིར། སྙོམས་འཇུག་དེ་ལ་གནས་པ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་ཐལ་བར་འགྱུར་རོ། །དེ་ལྟ་ན་ཉན་ཐོས་འགོག་པ་ལ་སྙོམས་པར་ཞུགས་པ་ལ་ཡང་ཕ་རོལ་དུ་ཕྱིན་པ་དྲུག་རྫོགས་པ་དེའི་ཕྱིར། ཉན་ཐོས་འགོག་པ་ལ་སྙོམས་པར་ཞུགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་ཆུང་གི་བྱེ་བྲག་མེད་པ་དང༌། སངས་རྒྱས་འཐོབ་པ་མྱུར་བུལ་གྱི་བྱེ་བྲག་མེད་པར་བསྟན་དགོས་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་གཅིག་པུས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་མི་འགྱུར་བས་ན་བྱང་ཆུབ་སེམས་དཔའ་གནས་སྐབས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཆར་སོ་སོར་ཡོངས་སུ་རྫོགས་པར་བྱ་དགོས་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རེ་རེར་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པའི་ཚུལ་གྱིས་ཐམས་ཅད་ལ་སློབ་དགོས་པར་བཀའ་སྩལ་གྱི། ཕ་རོལ་དུ་ཕྱིན་པ་གཅིག་ཁོ་ན་ལ་བསྟེན་པར་མ་གསུངས་སོ། །གསུམ་པ་ཚུལ་གཅིག་ཁོ་ནས་བྱང་ཆུབ་པ་དགག་པ་ནི། སྟོང་ཉིད་འབའ་ཞིག་ལ་བརྟེན་གྱི་ཕ་རོལ་དུ་ཕྱིན་པ་ལ་གཞན་ཉམས་སུ་མི་ལེན་པ་ལ་ཉེས་པ་དུ་མ་ཡོད་པ་དེ་སྐད་དུ། འཕགས་པ་ཆོས་ཐམས་ཅད་ཤིན་ཏུ་རྒྱས་པ་ལས་ཀྱང་བཀའ་སྩལ་ཏེ་ཞེས་པ་ནས། དེ་དག་ནི་སྤྱོད་པ་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་ཞེས་པའི་བར་དུ་སྦྱར་རོ། །མདོ་དེའི་དོན་བཤད་ན། བྱམས་པ་ཞེས་བོས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་ཡང་དག་པར་སྒྲུབ་པ་འདི་ནི་ཆེད་དུ་བྱ་བ་རྫོགས་པའི་བྱང་ཆུབ་ཐོབ་པ་ཉིད་ཀྱི་ཕྱིར་ཡིན་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་སྒྲུབ་པ་དེ་ལ་ཡང་མི་བླུན་པོ་དག་འདི་སྐད་དུ་བྱང་ཆུབ་སེམས་དཔས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་ལྷུར་ལེན་པའི་ཚུལ་གྱིས་བསླབ་པར་བྱ་ཡི། དེའི་དོན་ཡང་ཤེར་ཕྱིན་གྱིས་ཉོན་མོངས་ཀྱི་རྩ་བ་བདེན་འཛིན་བཅད་པས་ཉོན་མོངས་ལས་གྲོལ་བར་འགྱུར་བས་དེ་ལས་དགོས་པ་ལྷག་པ་གཞན་ཅི་ཞིག་ཡོད། དེས་ན་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང༌། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ལ་གཞན་དག་ལ་སུན་འབྱིན་པར་སེམས་སོ། །མ་ཕམ་པ་ཞེས་བྱམས་པ་ལ་བོས་ནས་འདི་ཇི་སྙམ་དུ་སེམས། ང་ཀ་ཤི་ཀའི་རྒྱལ་པོ་པདྨར་གྱུར་པ་གང་ཡིན་པ་དེས་བི་ཤྭོ་ཀརྨ་ཕུག་རོན་ཞིག་ཏུ་སྐྱེ་བ་བླངས་པའི་དུས་སུ་ཕུག་རོན་བསྐྱབ་པ་ཉིད་ཀྱི་ཕྱིར་དུ་རང་གི་ཤ་བྱ་ཁྲ་ལ་བྱིན་པ་གང་ཡིན་པ་དེ་ཤེས་རབ་འཆལ་པ་ཡིན་ནམ་ཞེས་གསུངས་སོ། །བྱམས་པས་ལན་གསོལ་པ། བཅོམ་ལྡན་འདས་དེ་ནི་ཤེས་རབ་འཆལ་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཞེས་བོས་ནས། ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་དཔག་ཏུ་མེད་པ་གང་དག་བསགས་པའི་དགེ་བའི་རྩ་བ་དེ་དག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་གནོད་པར་གྱུར་ཏེ་ཞེས་གསུངས་སོ། །བྱམས་པས་ལན་གསོལ་པ། བཅོམ་ལྡན་འདས་དགེ་བའི་རྩ་བ་དཔག་ཏུ་མེད་པ་བསགས་པ་དེ་ནི་བྱང་ཆུབ་ལ་གནོད་པ་བྱེད་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། མ་ཕམ་པ་ཞེས་བོས་ནས། ཁྱོད་ཀྱིས་ཀྱང་སྔོན་ཚེ་སྔ་མ་རྣམས་སུ་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། དེ་བཞིན་དུ་བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དག་པར་བསྒྲུབས་ན་དེ་ལ་མི་བླུན་པོ་དེ་དག་འདི་སྐད་དུ་ཚུལ་གཅིག་ཁོ་ནས་བྱང་ཆུབ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ཚུལ་གྱིས་སོ་ཞེས་ཟེར་ཏེ། དེ་སྐད་སྨྲ་བ་དེ་དག་ནི་ཚོགས་གཉིས་ལ་སྐུར་པ་བཏབ་པས་སྤྱོད་པ་ཡོངས་སུ་མ་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །ཐབས་ཀྱིས་མ་ཟིན་པའི་ཤེས་རབ་འབའ་ཞིག་གིས་སངས་རྒྱས་ཐོབ་པར་མི་འགྱུར་ན། གང་ཐོབ་པར་འགྱུར་ཞེ་ན། སྟོང་པ་ཉིད་འབའ་ཞིག་གོམས་པར་བྱས་པ་ལ་བརྟེན་ནས། ཉན་ཐོས་བཞིན་དུ་དམན་པའི་མྱ་ངན་ལས་འདས་པའི་མཐར་ལྟུང་བར་འགྱུར་རོ། །ཐབས་དང་བྲལ་བའི་ཤེས་རབ་ཀྱིས་ནི་སངས་རྒྱས་མི་འཐོབ་པ་དེའི་ཕྱིར་ན། སངས་རྒྱས་ཐོབ་པར་འདོད་པས་ཐབས་དང་བཅས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་རྒྱུད་ལ་བསྟེན་པར་བྱའོ། །སངས་རྒྱས་ཐོབ་པ་ལ་ཐབས་དང་ཤེས་རབ་གཉིས་ཀ་དགོས་ཀྱི་ཤེས་རབ་འབའ་ཞིག་གིས་མི་འཐོབ་པ་དེ་བས་ན་རང་བསླབ་པ་གསུམ་ལ་གནས་ནས་གདུལ་བྱ་གཞན་དེ་ལ་འགོད་པས་ན་སློབ་དཔོན་ཞེས་བྱ་ལ། ཀླུ་དང་ཆོས་མཚུངས་ལྔ། སྲིད་སྒྲུབ་དང་ཆོས་མཚུངས་གཉིས་ཏེ། ཁྱད་པར་བདུན་དང་ལྡན་པས་ཀླུ་སྒྲུབ་ཞེས་པ་ཉིད་ཀྱི་ཞལ་སྔ་ནས་ཀྱང་ཐབས་དང་བྲལ་བའི་བྱང་ཆུབ་སེམས་དཔས་ཆོས་ཟབ་མོ་སྟོང་པ་ཉིད་འབའ་ཞིག་སྒོམ་པ་ལ་མངོན་པར་བརྩོན་པར་མི་བྱའོ་ཞེས་གསུངས་སོ། །འདིར་ཀླུ་སྒྲུབ་ཀྱིས་དྲངས་པའི་ལུང་ཡང་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལ་སོགས་ཀྱི་ཁུངས་སུ་བཤད་ཀྱི། ལུང་དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པ་ཉིད་ཀྱི་བཀའ་ནི་མ་ཡིན་ནོ། །ཐབས་ཀྱིས་མ་ཟིན་པའི་ཤེས་རབ་འབའ་ཞིག་ལ་བརྟེན་པ་ལ་ལུང་རིགས་དུ་མས་གནོད་པས་ན་རིགས་པ་དང་ལུང་དང་ལྡན་པའི་བཅོམ་ལྡན་འདས་ཀྱི་གསུང་རབ་ནས་གསུངས་པའི་ཐབས་ཤེས་ཟུང་འཇུག་གི་ལམ་བཏང་ལ། འགྲོ་བ་བླུན་པོ་གཞན་གྱི་ཚིག་བདེན་པར་བཟུང་བར་མི་རིགས་སོ། །སུ་ཞིག་གིས་ན་ལེགས་ཉེས་དཔྱོད་པ་ལ་མཁས་པ་རྟོགས་པ་དང་ལྡན་པའི་གང་ཟག་གཞན་གྱིས་སོ། །བཞི་པ་ཐབས་ཤེས་གཉིས་ཀ་དགོས་པར་བསྟན་པ་ལ་གཉིས་ཏེ། ལུང་གིས་སྒྲུབ་པ་དང༌། སྐབས་ཀྱི་ཉེ་བར་བསྡུ་བའོ། །དང་པོ་ནི། འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང༌། སྦྱིན་པ་ལ་སོགས་པ་དགེ་བ་མཐའ་ཡས་པ་དག་དང་ལྡན་པས་ཐབས་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་རྟོགས་པ་ལ་ནན་ཏན་བྱས་པའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་གསུངས་ཏེ། སྟོང་པ་ཉིད་འབའ་ཞིག་སྒོམ་པ་ལ་བརྟེན་པར་ནི་གསུངས་པ་མ་ཡིན་ནོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་ཐབས་དང་ལྡན་པའི་ཤེས་རབ་བཀའ་སྩལ་ཏེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་བློན་པོས་ཟིན་པའི་རྒྱལ་པོ་རྣམས་དགོས་པ་ཐམས་ཅད་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས་པས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ་ཞེས་འབྱུང་ངོ༌། །ཐབས་ཀྱིས་ཟིན་ན་སངས་རྒྱས་ཀྱི་མཛད་པ་བྱེད་ཅེས་དངོས་སུ་བསྟན་ནས། ཤུགས་ལ་ཐབས་ཀྱིས་མ་ཟིན་ན་སངས་རྒྱས་ཀྱི་མཛད་པ་མི་བྱེད་ཅེས་ཤུགས་ལ་བསྟན་པ་དེ་བས་ན། སྟོང་པ་ཉིད་སྒོམ་པ་འབའ་ཞིག་བསྟེན་ན་དམན་པའི་མྱ་ངན་ལས་འདས་པ་ལ་འཇུག་པར་འགྱུར་དུ་འོང་ངོ་ཞེས་གསལ་བར་བྱས་སོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་ཐབས་དགོས་པར་བཀའ་སྩལ་ཏེ། མཐའ་གཅིག་ཏུ་སེམས་དམིགས་པ་མེད་པ་སྟོང་པ་ཉིད་རྟོགས་པ་ཙམ་ལ་བརྟེན་པར་མི་བྱ་ཡི། ཤེས་རབ་ཏུ་མ་ཟད། ཐབས་ལ་མཁས་པ་ལ་ཡང་བརྟེན་པར་བྱའོ་ཞེས་གསུངས་སོ། །མདོའི་ཚིག་གང་གིས་བསྟན་ཅེ་ན། མདོ་ཚིག་དུ་མ་ཡོད་པ་ལས། མདོ་ཚིག་གོང་མ་ནི་རིགས་ཀྱི་བུ་འདི་ལྟ་སྟེ་ཞེས་པ་ནས་དབང་ཐོབ་པ་ཞེས་རྒྱ་ཆེས་གསུངས་ནས་ཞེས་པའི་བར་རོ། །མདོ་དེ་ཉིད་ཀྱི་དོན་བཤད་པ་ནི། དཔེར་ན་མེ་ནི་རྒྱུ་བུད་ཤིང་ལས་འབར་བར་འགྱུར་ཏེ། རྒྱུ་བུད་ཤིང་མེད་ན་མེ་ཞི་བར་འགྱུར་རོ། །དཔེ་དེ་བཞིན་དུ་དམིགས་པའི་མཚན་མ་ཡོད་པ་ལས་དམིགས་བྱེད་ཀྱི་སེམས་འབར་བར་འགྱུར་གྱི། དམིགས་པའི་ཡུལ་མེད་ན་དེ་ལ་དམིགས་པའི་སེམས་ཞི་བར་འགྱུར་རོ། །དེ་སྐད་གསུངས་པས་དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པའི་མཚན་མ་ཡོངས་སུ་དག་པས་དམིགས་པའི་ཡུལ་དང་ཡུལ་གྱི་མཚན་མ་ཐམས་ཅད་གདོད་མ་ནས་ངོ་བོ་ཉིད་ཀྱིས་ཉེ་བར་ཞི་བར་ཡང་ཤེས་ལ། སྟོང་པ་ཉིད་འབའ་ཞིག་ལ་གཞོལ་བའང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དགེ་བའི་རྩ་བ་ལ་དམིགས་པ་ལ་ཡང་ཞི་བར་མི་བྱེད་དེ། སྒྱུ་མ་ལྟ་བུའི་ཚུལ་གྱི་སྣང་ཙམ་མངོན་པར་དགེ་བ་ལ་སྤྱོད་པའི་ཕྱིར་རོ། །ཉོན་མོངས་པ་ལ་དམིགས་པའང་ཤེས་རབ་ཀྱི་ངོ་བོ་ཉིད་མེད་པར་རྟོགས་ནས་འབྱུང་བར་མི་བྱེད་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སློབ་པའང་འཇོག་པར་མི་བྱེད་དོ། །ཤེས་རབ་ཀྱིས་སྟོང་པ་ཉིད་དུ་དམིགས་པ་ལ་སོ་སོར་རྟོག་པར་བྱེད་དེ། དམིགས་པའི་ཡུལ་རྣམས་སྟོང་པ་ཉིད་དུ་རྟོགས་པས་སོ། །འོན་ཀྱང་ཐབས་ཀྱིས་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཡུལ་དུ་བྱས་ནས་སྙིང་རྗེ་ཆེན་པོས་ཀྱང་བལྟ་འོ། །རིགས་ཀྱི་བུ་ཐབས་ཤེས་ཟུང་འབྲེལ་དགོས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཐོབ་པས་དམིགས་པ་བདེན་པ་གཉིས་ལ་དབང་ཐོབ་པ་ཞེས་རྒྱ་ཆེར་གསུངས་སོ། །མདོའི་ཚིག་བར་པའི་དོན་སྟོན་པ་ནི། ཡང་བཀའ་སྩལ་པ་ཞེས་སོགས་གསུངས་ཏེ། སྣང་སྟོང་གཉིས་ལ་སྤེལ་མར་བསླབས་པས་སྣང་བ་ལ་བརྟེན་ནས་ལམ་ཉམས་སུ་ལེན་པའི་ཚུལ་ལ་མཁས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སྣང་བའི་དམིགས་པ་གང་ཅི་ཡང་རུང་སྟེ་བློའི་ཡུལ་དུ་གྱུར་པ་ཐམས་ཅད་ནི་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་ཕྱིར་དུ་སྣང་ལ་རང་བཞིན་མེད་པའི་ཚུལ་དུ་ཡུལ་དུ་བྱེད་དགོས་པས་ན་ཆོས་གང་ཡང་སྣང་ཙམ་བློའི་ཡུལ་དུ་མི་གནས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གང་གིས་དམིགས་པ་ཐམས་ཅད་སྒྲོ་འདོགས་དཔྱོད་པའི་ཚུལ་གྱིས་རེ་རེ་ནས་བསླབས་ནས་བསླབ་པའི་དགེ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་ནི། བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་སྟེ། བྱང་ཆུབ་སེམས་དཔའི་གཞན་དོན་གྱི་རྩོམ་པའི་ཆོས་ཐམས་ཅད་ནི་བྱང་ཆུབ་ཐོབ་བྱེད་ཀྱི་རྒྱུ་ཚོགས་ཡིན་པས་བྱང་ཆུབ་ཀྱི་རྗེས་སུ་སོང་བར་མཐོང་ངོ་ཞེས་གསུངས་སོ། །དེ་ཉིད་དཔེའི་སྒོ་ནས་སྟོན་པའི་མདོ་ཕྱི་མ་བཤད་པ་ནི་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དངོས་པོ་ཅི་ཡོད་པ་གང་དག་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དུ་མི་འགྱུར་བ་དེ་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་དམིགས་པ་གང་ཅི་ཡང་རུང་ཐམས་ཅད་མཁྱེན་པའི་རྒྱུ་ཐམས་ཅད་སློབ་སྟེ། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ནའང་ཡོད་མ་ཡིན། །ཞེས་པ་ལྟར་རོ། །དེ་བས་ན་བྱང་ཆུབ་ལ་ཕན་འདོགས་པའི་ཡན་ལག་མ་ཡིན་པར་གྱུར་བའི་ཆོས་མཐོང་བ་མེད་དོ་ཞེས་རྒྱ་ཆེར་འབྱུང་ངོ༌། །དེ་བཞིན་དུ་མདོ་སྡེ་མཐའ་ཡས་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱི་ཚུལ་སྒྲུབ་པ་ལ་མཐའ་ཡས་པ་བསྟན་ཏོ། །བྱང་ཆུབ་སེམས་དཔའི་ཐབས་ཤེས་ཀྱི་སྒྲུབ་ཚུལ་མཐའ་ཡས་པ་བསྟན་པ་དེ་ལ་བདག་ཉིད་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་སློབ་པ་ལ་བརྩོན་འགྲུས་རྩོམ་མི་ནུས་སུ་ཟིན་ཀྱང་གཞན་དག་ལ་སྦྱིན་སོགས་ཐབས་ཀྱི་ཆ་དགག་པ་དེ་སྐད་བསྟན་པར་མི་རིགས་སོ། །དེ་ལྟར་བྱས་ན་བདག་གཞན་ཐམས་ཅད་ལ་གནོད་པས་བདག་དང་གཞན་ལ་འཁུ་བ་སྟེ། མི་མཐུན་པ་བྱས་པར་འགྱུར་རོ། །གཉིས་པ་སྐབས་ཀྱི་དོན་བསྡུ་བ་ནི། བྱང་ཆུབ་སེམས་དཔའི་ལམ་ལ་སློབ་པ་ལ་ཐབས་ཤེས་ཟུང་འཇུག་གོང་དུ་བསྟན་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཅི་ནས་ཀྱང་ཆོས་ཅན་མཐའ་ཡས་པའི་གནས་ཚུལ་ལ་རིགས་པས་ཡང་དག་པར་སོ་སོར་རྟོག་པར་བྱ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སློབ་བོ། །རྗེས་ཐོབ་དུ་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་མཐའ་དག་སྒྲུབ་པར་བྱའོ་ཞེས་རིགས་པ་དང་ལུང་མཐའ་ཡས་པ་དག་གིས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལམ་ལ་སློབ་པ་ལ་ཐབས་དང་ཤེས་རབ་གཉིས་ཀ་ལ་སློབ་མི་དགོས་པར་འདོད་པ་ལུང་དང་རིགས་པས་མི་འཐད་པ་དེའི་ཕྱིར། དོན་ལ་དཔྱོད་པའི་རྟོག་པ་དང་ལྡན་པས་དུག་བཞིན་དུ་སྤང་ངོ༌། །གང་ན། གསུང་རབ་ལ་ཐོས་པ་ཉུང་བ་དོན་ལ་མི་མཁས་བཞིན་དུ་མངོན་པའི་ང་རྒྱལ་ཅན་ཧྭ་ཤང་ལྟ་བུ་ལ་སོགས་པ་རྣམས་ཀྱི་ཚིག་དུག་བཞིན་དུ་སྤང་ངོ༌། །འོ་ན་ཇི་ལྟར་བྱ་ཞེ་ན། སློབ་དཔོན་ཀླུ་སྒྲུབ་དང་དེའི་དངོས་ཀྱི་སློབ་མ་ལེགས་ལྡན་འབྱེད་ལ་སོགས་པ་སྐྱེ་བོ་མཁས་པའི་ཚིག་སྡུག་བསྔལ་སེལ་བར་བྱེད་པས་བདུད་རྩི་དང་འདྲ་བའི་རྗེས་སུ་འཇུག་པར་འདོད་པས་འདི་ལྟར་ལམ་ཉམས་སུ་བླང་བར་བྱ་སྟེ། སེམས་ཅན་མཐའ་དག་ལ་དམིགས་ཏེ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་ནས་སྒྱུ་མ་མཁན་རང་གིས་སྤྲུལ་པའི་སྒྱུ་མ་སྣང་ལ་རང་བཞིན་མེད་པར་ཤེས་པ་བཞིན་དུ་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པས་བློ་ཕྱིན་ཅི་ལོག་ཏུ་མ་གྱུར་པས་དགེ་བའི་རྩ་བ་ཇི་སྙེད་བསགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པ་དགེ་བའི་སྤྱོད་པ་མཐའ་དག་ལ་བརྩོན་པ་གཞན་དོན་དུ་བསམ་སྦྱོར་གཉིས་ཀས་འགྲོ་བ་མ་ལུས་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པ་ལ་མངོན་པར་བརྩོན་པར་བྱ་སྟེ། ཇི་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་འབྱུང་བ་ལྟ་བུའོ་ཞེས་སྦྱར་བར་བྱའོ། །དེའི་དོན་བཤད་པ་ནི། དཔེར་ན་སྒྱུ་མའི་མཁན་པོ་ཞིག་གིས་སྤྲུལ་པ་བྱས་ནས་སྤྲུལ་པ་དེ་ཡོངས་སུ་བཅིངས་པ་ལས་ཐར་བར་བྱ་བའི་ཕྱིར་དུ་བརྩོན་པ་བྱེད་པ་དེས་ནི་སྔ་ནས་སྤྲུལ་པ་དེ་རང་བཞིན་མེད་པར་ཤེས་པས་སྤྲུལ་པ་དེ་ལ་བདེན་པར་ཆགས་པ་མེད་དོ། །དཔེ་དེ་བཞིན་དུ་འདོད་པ་དང་གཟུགས་མེད་པ་ལ་སོགས་པ་སྟེ་སྲིད་གསུམ་སྤྲུལ་པ་དང་འདྲ་བར་ཤེས་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་རྒྱུའི་ཐབས་ལ་མཁས་པས་ཤེས་སོ། །སྤྲུལ་པ་ལྟ་བུར་མི་བདེན་པར་ཤེས་ཀྱང་འགྲོ་བ་ཡོངས་སུ་སྒྲོལ་བའི་ཆེད་དུ་བརྩོན་པའི་གོ་བགོས་ཏེ་གཞན་གྱི་དོན་བྱེད་དོ། །འོ་ན་འགྲོ་བ་ལ་བདེན་པར་འཛིན་ནོ་ཞེ་ན། འགྲོ་བ་ཐམས་ཅད་སྤྲུལ་པ་དེ་ལྟར་དུ་སྔ་ནས་ཤེས་པས་བདེན་པར་ཞེན་པ་མེད་དོ་ཞེས་འབྱུང་བ་ལྟ་བུའོ། །བཞི་པ་ལམ་བསྒོམས་པའི་འབྲས་བུ་བསྟན་པ་ནི། བསམ་པ་དང་སྦྱོར་བས་ཐབས་ཤེས་ཟུང་འཇུག་ལ་སློབ་ཚུལ་གོང་དུ་རྒྱས་པར་བསྟན་པ་དེ་ལྟར་ཐབས་དང་ཤེས་རབ་རྟག་ཏུ་བསྟེན་ཅིང་གུས་པར་བྱས་ཏེ། དེ་ཅི་སྟེ་ཞེ་ན། ཐབས་དང་ཤེས་རབ་གོམས་པར་བྱས་པ་དེ་ཡི་སེམས་ཀྱི་རྒྱུད་ཚོགས་སྦྱོར་དུ་རིམ་གྱིས་སྒྲིབ་པ་དངོས་སུ་སྤང་རུང་དང་གཉེན་པོ་དངོས་སུ་སྐྱེ་རུང་དུ་ཡོངས་སུ་སྨིན་པ་ན་ས་དང་པོ་འཐོབ་ཅིང་གོང་ནས་གོང་དུ་དྲི་མ་ཤིན་ཏུ་རབ་ཏུ་རྣམ་པ་དག་པའི་ཡེ་ཤེས་ཀྱི་སྐད་ཅིག་མ་རིམ་གྱིས་བྱུང་བས་དེ་ལ་བརྟེན་ནས་ཡང་དག་པའི་དོན་རིགས་པས་གཏན་ལ་ཕབ་པ་ལ་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་དུ་རབ་ཏུ་བསྒོམས་པས་སྒོམ་པ་རབ་ཀྱི་མཐར་ཐུག་པར་གྱུར་པ་ན་བག་ཆགས་ཀྱི་མཐུས་གཟུང་འཛིན་ཐ་དད་དུ་སྣང་བ་ལ་མངོན་པར་ཞེན་པ་བཅོམ་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཐོང་སྤང་གི་རྟོག་པའི་དྲྭ་བ་མཐའ་དག་དང་བྲལ་བར་གྱུར་པ་ཆོས་ཀྱི་དབྱིངས་རྟོགས་པ་དང་དོན་སྤྱི་མ་བསྒྲིབས་པ་ཤིན་ཏུ་གསལ་བར་གྱུར་པ་ཉོན་མོངས་པའི་དྲི་མ་མེད་ཅིང་རྣམ་པར་རྟོག་པའི་རླུང་གིས་མི་གཡོ་བ་རླུང་གིས་བསྐྱོད་པ་མེད་པའི་མར་མེ་དང་འདྲ་བ་འབྱུང་སྟེ། དེ་ལྟར་བྱུང་བ་དེའི་ཚེ་དངོས་པོའི་མཐའ་དེ་བཞིན་ཉིད་ལ་དངོས་སུ་དམིགས་པ་ཐོབ་པར་གྱུར་ཏེ། ས་བཅུ་ལས་ས་དང་པོའང་ཐོབ་པ་ཡིན་ནོ། །ལམ་ལྔ་ལས་མཐོང་བའི་ལམ་ལའང་ཞུགས་པ་ཡིན་ནོ། །ས་དང་པོ་དང་མཐོང་བའི་ལམ་རྫོགས་པའི་རྗེས་ཐོགས་དེ་ནས་ས་དང་ལམ་དེའི་གོང་མའི་ས་གཉིས་པ་དྲི་མ་མེད་པ་ལ་སོགས་པ་རྣམས་མངོན་པར་རྟོགས་པའི་རྒྱན་ལས་བཤད་པའི་ཡོངས་སུ་སྦྱོང་བ་བཅུ་དང་བརྒྱད་ལ་སོགས་པས་ཡོངས་སུ་སྦྱངས་ནས་དེ་དག་ཏུ་རིམ་གྱིས་གསེར་གྱི་གཡའ་སྦྱངས་ནས་དག་པར་འགྱུར་པ་བཞིན་དུ་སྒྲིབ་པ་རྣམ་པ་གཉིས་སེམས་རྒྱུད་ལ་ཡོངས་སུ་བསགས་པའི་ཆ་ཤས་ཙམ་ཡང་མ་ལུས་པར་གནས་གྱུར་ལ། ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ཡེ་ཤེས་ཐོབ་ནས་ཡོན་ཏན་མ་ལུས་པའི་གཞིར་གྱུར་པ་སངས་རྒྱས་ཀྱི་ས་ཐོབ་པར་ཡང་འགྱུར་ཏེ། རང་དང་གཞན་གྱི་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་མཐར་ཐུགས་པ་ཡང་ཐོབ་པ་ཡིན་ནོ། །རྒྱས་པར་བཤད་པ་བསྟན་ཟིན་ནོ། །གཉིས་པ་དོན་བསྡུ་བ་ནི། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཐོབ་པ་ནི་ཇི་སྐད་རྒྱས་པར་བཤད་པའི་དབུ་མའི་ལམ་ལ་རག་ལས་པ་དེ་ལྟ་བས་ན་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པས་ལམ་ཐབས་ཤེས་ཟུང་འཇུག་གི་དབུ་མའི་ལམ་ལ་བརྩོན་པར་བྱའོ། །བཞི་པ་བཤད་པའི་བསོད་ནམས་བསྔོ་བ་ནི། གོང་དུ་བསྟན་པ་དེ་ལྟར་ཐབས་ཤེས་ཟུང་འཇུག་གི་དབུ་མའི་ལམ་བཤད་པས་དབུ་མའི་ལམ་ནི་ཐོབ་པར་ཤོག གང་གིས་ན། སྐྱེ་བོ་མ་ལུས་པ་ཡིས་སོ། །རྒྱུ་གང་གིས་ན། བདག་གིས་དབུ་མའི་ལམ་བཤད་པའི་བསོད་ནམས་གང་ཡིན་པ་དེ་ཡིས་སོ། །ལྔ་པ་བཤད་པ་ལ་འཇུག་པར་གདམས་པ་ནི། གང་ཟག་དམ་པ་ཕྲག་དོག་ལ་སོགས་པའི་དྲི་མ་ཐག་རིང་དུ་སྲིངས་པའི་ཕྱིར། བློ་གཟུ་བོར་གནས་པ་དང༌། ཆུས་ཡོངས་སུ་གང་བའི་མཚོ་ཆུས་མི་ངོམས་པ་དང་འདྲ་བར་མང་དུ་ཐོས་པའི་ཡོན་ཏན་རྣམས་ཀྱིས་མི་ངོམས་པ་དག་གིས་ལེགས་ཉེས་ཀྱི་དོན་རྣམ་པར་ཕྱེ་ནས་མཁས་པ་ལེགས་པར་བཤད་པ་རྣམས་འཛིན་པར་བྱེད་པ་ནི། བྱ་ངང་པའི་རྒྱལ་པོས་ཆུ་དང་འོ་མ་འདྲེས་པ་ལ་སྐྱོན་གྱི་ཆུ་དོར་ནས་རབ་ཏུ་དགའ་བས་འོ་མ་ལེན་པ་བཞིན་དུ་བྱ་བ་ཡིན་པས་དེ་ལྟ་བས་ན་བླང་དོར་སྤྱོད་པ་ལ་མཁས་པའི་སྐྱེ་བོ་རྣམས་ཀྱིས་ཕྱོགས་ལྷུང་གི་ཚེར་མས་བློ་མིག་དཀྲུགས་པའི་ཡིད་དུག་བཞིན་དུ་སྤངས་ལ་ལེགས་པར་བཤད་པ་མཐོང་ན་བྱིས་པ་ལས་ཡང་ལེགས་པར་བཤད་པ་ཐམས་ཅད་བླང་བར་བྱ་བ་ཁོ་ནར་བྱའོ་ཞེས་གདམས་སོ། །སྒོམ་པའི་རིམ་པ་ཨཱ་ཙརྻ་སློབ་དཔོན་ཀ་མ་ལ་ཤཱི་ལས་ཐ་མར་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་སྟེ་ཤེས་རབ་གོ་ཆ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིར་འབད་དགེ་བ་མཁའ་ལྟར་ཡངས་པ་དང༌། །རབ་འབྱམས་ཞིང་གི་རྡུལ་སྙེད་ཐོབ་པ་ཡིས། །བདག་དང་དུས་གསུམ་ཕ་མ་འགྲོ་བ་ཀུན། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །འཆད་པ་ངག་གི་འོད་ཟེར་བློ་ཡིས་པདྨོའི་གཉེན། །རྩོད་པ་ཡང་དག་རིགས་པའི་གློག་འོད་རབ་འཁྱུག་ལ། །རྩོམ་པ་ལེགས་བཤད་སྐྱོན་བྲལ་མཁས་པའི་ཡིད་འཕྲོག་ཅིང༌། །སྨྲ་བའི་ཁྱུ་མཆོག་ཡང་དག་རིགས་པ་སྨྲ་བའི་དབང༌། །མི་འཇིགས་སྤོང་པའི་མཁྱེན་ལྡན་སྨྲ་བའི་གདོང་ལྔ་པ། །པདྨའི་ངང་ཚུལ་གསུང་རབ་འཆི་མེད་རྔ་བོ་ཆེ། །འཇིག་རྟེན་གསུམ་ན་ཐར་པའི་ལམ་བཟང་སྟོན་པའི་སྒྲ། །སྐལ་ལྡན་འགྲོ་བར་ལེགས་བཤད་བདུད་རྩིའི་དགའ་སྟོན་འགྱེད། །ལུང་དང་གཙུག་ལག་རིགས་པས་ཐམས་ཅད་མཁྱེན་པའི་ལམ། །མ་ནོར་གསལ་བར་སྟོན་པ་རྨད་བྱུང་བསྟན་བཅོས་ཀྱི། །དགོངས་དོན་ཚུལ་བཞིན་ལུང་དང་རིགས་པས་རྣམ་འབྱེད་པ། །རིག་གནས་བརྒྱ་ཡི་སྤྲིན་སྔོན་ཐར་ལམ་འབྲུག་སྒྲ་ལྡན། །དྭང་བའི་མཚོ་ལ་ཀུ་མུད་མཛེས་པ་རྒྱས་གྱུར་པ། །སྤྲིན་བྲལ་མཁའ་ལ་རྒྱུ་སྐར་དབང་པོ་མཐོང་བ་བཞིན། །ལེགས་བཤད་འདི་མཐོང་མཁས་པའི་འཛུམ་ཟེར་གསལ་བར་འགྱུར། །སྟོབས་ལྡན་སྟོབས་ཀྱི་གླང་པོས་གླང་པོ་གཞན་བཞིན་དུ། །ལེགས་བཤད་འདི་ཡིས་སྨྲ་ངན་གཞན་རྣམས་ཟིལ་གྱིས་གནོན། །གཞན་གྱིས་སྦྱར་བའི་བསྟན་བཅོས་མུན་སྤྲུལ་ཕྲེང་བ་དག །ལམ་གྱི་ཚུལ་ལ་རབ་རྨོངས་གོ་རིམ་འཁྲུགས་གྱུར་ཏེ། །མྱོས་པའི་ཚིག་གི་སྤྲོས་པའི་ཁུར་གྱིས་ངལ་གྱུར་པ། །ཕ་རོལ་བསླུ་བྱེད་དུག་བཞིན་རིང་དུ་སྤང་བར་བྱ། །མ་ནོར་ཤིང་རྟའི་ལམ་བཟང་སྔོན་མེད་སྟོན་མཛད་པ། །སྨྲ་བའི་ངག་གི་ཉི་མ་དེང་ནས་ཤར་བར་གྱུར། །དམ་པ་ཕྲག་དོག་རིང་སྤངས་མཁས་པའི་སྐྱེ་བོ་རྣམས། །མཁའ་ལ་སྤྲིན་མཐོང་རྨ་བྱའི་གར་གྱིས་དགའ་བར་མཛོད། །གཟུངས་དང་ཏིང་འཛིན་འཕགས་པའི་ཡོན་ཏན་མཆོག་ལྡན་ཞིང༌། །སྲིད་པའི་རྒྱ་མཚོ་ལས་བརྒལ་འཁོར་ཚོགས་རབ་རྒྱས་པ། །གནས་བརྟན་ཆེན་པོ་རྣམས་ཀྱིས་ལེགས་བཤད་ཆུ་གཏེར་འདི། །ཉི་མའི་ཟེར་བཞིན་ཕྱོགས་རྣམས་ཀུན་ཏུ་རྒྱས་པར་མཛོད། །མཁྱེན་རབ་ནམ་མཁའི་ཁྱོན་ལྟར་ཀུན་ཏུ་མཐའ་ཡས་ཤིང༌། །ཚད་མེད་ཐུགས་རྗེའི་འོད་དཀར་འགྲོ་ལ་རྒྱས་གྱུར་པ། །ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག །ཅེས་སྒོམ་པའི་རིམ་པ་ལེགས་པར་བཤད་པ་ཐེག་པ་ཆེན་པོའི་ལམ་མ་ནོར་བ་གསལ་བར་སྟོན་པ་འདི་ནི་ཧྭ་ཤང་མ་ཧཱ་ཡ་ན་དང་དེའི་རྗེས་སུ་འཇུག་པའི་ལོག་པར་རྟོགས་པ་བསལ་བའི་དོན་དུ། སའི་མངའ་བདག་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསྐུལ་ནས། འཛམ་བུའི་གླིང་གི་རྒོལ་བ་ཐམས་ཅད་ཚར་གཅོད་ནུས་པའི་སྟོབས་དང་ལྡན་པ་མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས་སྒོམ་པའི་རིམ་པ་རྣམ་པ་གསུམ་མཛད་ནས་ལོག་རྟོག་གི་མུན་པ་བསལ་བར་མཛད་མོད། འོན་ཀྱང་དུས་རིང་ཞིག་ནས་སློབ་དཔོན་ཧྭ་ཤང་གི་གྲུབ་མཐའི་མིང་ལ་སྐྱོན་དུ་ལྟ་ཞིང༌། དེའི་དོན་གྱི་ཆ་ལ་གཙོ་བོར་ལྷུར་ལེན་པར་བྱེད་པ་དག་གིས་བོད་ཁམས་འདིར་ཀུན་ཏུ་ཁྱབ་པར་གྱུར་པ་དེ་དག་གི་ལོག་རྟོག་བསལ་ནས་ཡང་དག་པའི་ལམ་ལ་འགོད་པའི་ཆེད་དུ་ལམ་ཉམས་སུ་ལེན་པའི་གནད་ཀྱི་མན་ངག་རྣམས་འདིར་ལུང་དང་རིག་པས་གསལ་བར་བཤད་པ་འདི་ནི། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་བ་ན་རཏྣ་མ་ཧཱ་སྠ་ཝི་རའི་ཞལ་སྔར་གནད་ཀྱི་མན་ངག་རྣམས་ཐོས་པའི་ལེགས་བཤད་ཀྱིས་ཀྱང་བརྒྱན་ཏེ་བཤད་པ་འདི་ནི་མང་དུ་ཐོས་པའི་བློ་ཅན་ལུང་དང་རིགས་པའི་དབང་ཕྱུག སྒྲ་དང་ཚད་མ་དང་སྙན་ངག་གི་ཚུལ་ལེགས་པར་རིགས་པ་མྱང་སྟོད་དགོན་གསར་བའི་སློབ་དཔོན་ཞྭ་ལུ་བ་སངས་རྒྱས་དཔལ་གྱིས་བསྐུལ་བའི་ངོར། རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིགས་གིས་བྱང་ཆུབ་གླིང་དུ་སྦྱར་བའི་ཡི་གེ་པ་ནི་ཡར་ཀླུང་པ་དྷརྨ་ཤྲཱི་བྷ་དྲས་བགྱིས་སོ། །ཤྲཱི་པུཎྱ་ཏིང་འཛིན་བསམ་གཏན། ཞུས་དག་གོ། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply