འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ། ག༽

ས་ལས་བྱས་པའི་རང་བཞིན་རྣམ་པ་གཉིས་སུ་བརྗོད་དོ། །གཉིས་པ་ལྟུང་མེད་ནི། ལྷུང་བཟེད་ཚད་དང་ལྡན་པ་ཆུང་ངུའམ་ཆེན་པོའི་ཚད་ནི་གཞན་བསྙེན་པར་རྫོགས་པའི་དོན་གྱི་ཕྱིར་དུ་གཅིག་གམ་གཉིས་ཡིན་ཡང་རུང༌། མང་པོ་ཡིན་ན་ཡང་ནི་རུང་འཆང་བ་ལ་ནི་སྨད་པ་མེད་དོ། །གཉིས་པ་ལྷུང་བཟེད་ཚོལ་བ་ནི། ཉེ་དགའ་ལ་བཅས་ཏེ། བསོད་སྙོམས་པ་ཞིག་གིས་དད་པར་བྱས་པའི་སྤོས་འཚོང་གི་ཁྱེའུ་ཞིག་གིས། བསོད་སྙོམས་པ་དེ་ལ་དགེ་སློང་ལྷུང་བཟེད་མེད་པ་ཡོད་ན་ངས་འབུལ་ལོ་ཞེས་སྨྲས་པའི་དོན་བསོད་སྙོམས་པས་ཉེ་དགའ་ལ་བསྙད་པ་ན། ཉེ་དགས་ལྷུང་བཟེད་ཡོད་བཞིན་དུ་བསླངས་པ་ལ་བརྟེན་ནས་བཅས་པ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། ལྷུང་བཟེད་ལ་གུས་པར་བྱ་བའོ། །དང་པོ་ནི། ལྷུང་བཟེད་ལ་ལྷན་པ་གཅིག་སྦྱར་བའམ། གཉིས་དང་གསུམ་དང་བཞི་སྦྱར་བ་ཙམ་གྱིས་ནི་ལྷུང་བཟེད་སྤྱད་བཟོད་མེད་པའི་གྲངས་སུ་མི་འགྲོ་བས། ལྷན་པ་སྦྱར་བའི་རྒྱུ་མཚན་གྱིས་ལྷུང་བཟེད་གཞན་དག་བསླང་དུ་མི་རུང་ངོ༌། །ལྷན་པ་ལྔ་དང་དྲུག་ཕོག་པ་སོགས་ཡིན་ན་ཡོ་བྱད་ལ་ལྷག་པར་ཆགས་པ་དང་བྲལ་བའི་དགེ་བའི་སེམས་ཀྱིས་བག་ཡོད་པར་བྱས་ནས་འཚོ་བའི་ཡོ་བྱད་ཀྱི་དོན་དུ་ལྷུང་བཟེད་རིན་གྱིས་ཉོ་བ་ལ་ཉེས་པ་མེད་དོ། །བསོད་སྙོམས་པའི་ལྷུང་བཟེད་ཆག་སྟེ་གྱོ་དུམ་ལྟར་གྱུར་པ་ལ་བརྟེན་ནས་ལྷན་པ་ལྔ་ཕོག་ནས་གཞན་བཙལ་བར་གནང་ངོ༌། །འདི་ལ་ཡང་གཞི་ནི་ལྷུང་བཟེད་ཚད་ལྡན་སྤྱད་བཟོད་ཡོད་པའོ། །བསམ་པ་ནི་གཞན་སློང་བར་འདོད་པའོ། །སྦྱོར་བ་ནི་ལུས་ངག་གིས་གཞན་སློང་བར་རྩོམ་པའོ། །མཐར་ཐུག་ལག་ཏུ་ཐོབ་ནའོ། །གཉིས་པ་རྒྱས་པར་བཤད་པ་ལ་དོན་ལྡ་སྟེ། གླན་པར་བྱ་བའི་ལྷན་པ་དང༌། ལྟུང་མེད་ཀྱི་མཚན་ཉིད་དང༌། ལྟུང་བའི་མཚན་ཉིད་དང༌། ཕྱིར་བཅོས་ཀྱི་མཚན་ཉིད་དང༌། ལྷུང་བཟེད་ཀྱི་དབྱེ་བའོ། །དང་པོ་ནི། བསོད་སྙོམས་པའི་ལྷུང་བཟེད་རྡོལ་བ་ན་ཕྱེ་དང་འབྲས་ཆན་ཟགས་ཏེ། སྦྲང་བུ་འདུས་ནས་གཞན་གྱིས་འཕྱ་བ་ན། མགོན་མེད་ཟས་སྦྱིན་གྱིས་དགེ་སློང་དེ་ལ་འདི་ལྟ་བུའི་ལྷུང་བཟེད་གྱིས་དོན་མི་འགྲུབ་བོ་ཞེས་གསུངས་པ་ལ་བརྟེན་ནས་ལྷན་པ་གླན་པར་གསུངས་པས་ན་ལྷན་པ་སྙི་བ་གླན་པར་བྱས་པས་སྡོམ་བརྩོན་གྱིས་ལྷུང་བཟེད་བུག་རྡོལ་ཅན་ལ་མི་བརྟན་པའི་ལྷན་པ་གླན་པར་མི་བྱའོ། །མི་བརྟན་པའི་ལྷན་པ་གང་ཞེ་ན། རྒྱ་སྐྱེགས་ཀྱི་ཚིག་མ་དང༌། ཚོན་མོ་སྟེ་ཞ་ཉེ་ནག་པོ་དང་དེ་བཞིན་སྤྲ་ཚིལ་དང་བུ་རམ་དང་སའི་ཕྱེ་མས་ལྷན་པར་བྱ་བ་མ་ཡིན་ནོ། །འོ་ན་གང་གིས་གླན་པར་བྱ་ཞེ་ན། ལྷན་པ་བརྟན་པོ་གླན་པར་བྱ་བ་སྟེ། ལྕགས་ལས་བྱས་པའི་ལྷན་པ་རིང་པོ་ཞེས་གང་བརྗོད་པ་དང༌། ཡང་ན་རྡོའི་ཕྱེ་མ་དམ་པོར་སྦྱར་བ་ནི་ལྷན་པ་བརྟན་པ་ཉིད་དུ་བརྗོད་དོ། །ཐམ་ཕྲན་ནི་ལྕགས་གཟེར་མགོ་ལེབ་བོ། །ལྷན་ཐབས་ནི་ལྕགས་ཀྱི་ལྷན་པ་གྲུ་བཞི་ལ་སོགས་པ་ཉིད་ཆུ་སྲིན་སོ་ཡང་ནི་སྐུད་པ་ལྟ་བུར་བྱས་པའི་ལྕགས་ཀྱིས་བརྩེམས་པ་ཐོ་བས་ཀླེབས་པའོ། །འགྲེལ་ཆུང་ལས། ལྕགས་རལ་པ་ལྟ་བུར་བྱས་པའི་མཐའ་གཉིས་ཆར་སོག་ལེ་ཁ་བཏོད་ནས་ཐོ་བས་ཀླེབས་པ་ཞེས་ཟེར་རོ། །གཉིས་པ་ནི། ལྷུང་བཟེད་བཟང་པོ་འདོད་པས་ཀུན་ནས་བསླངས་ནས་ལྷུང་བཟེད་གཞན་བཙལ་ཏེ་ཕྱིས་བརྗེ་བར་བྱེད་ན་ཆོས་དང་མི་མཐུན་པས་ཉེས་པ་ཡོད་ལ། བཟང་པོ་འདོད་པ་མ་ཡིན་པའི་བསམ་པས་བཙལ་ནས་བརྗེ་བར་བྱེད་པ་ནི་ཆོས་དང་མཐུན་པ་ཉིད་ཀྱིས་ཡོངས་སུ་བརྗེ་བ་ཡིན་པས་འདི་ལ་ཉེས་པ་མེད་དོ་ཞེས་གསུངས་ཏེ། རྣམ་འབྱེད་ལས། བརྗེ་བས་ལེན་ན་ལྟུང་བ་མེད་དོ་ཞེས་གསུངས་པའི་དོན་ཏོ། །གསུམ་པ་ནི། དེ་བས་གཞན་དུ་ལྷུང་བཟེད་སྤྱད་བཟོད་ཡོད་བཞིན་དུ་བཟང་པོ་འདོད་པས་སླར་སློང་བའི་ཚེ་ན་ཉེས་བྱས་ཏེ། ལག་ཏུ་ཐོབ་པ་ན་ནི་སྤང་བའི་ལྟུང་བར་འགྱུར་རོ། །གང་ལ་བསླང་བར་བྱ་བའི་ཡུལ་ནི་ཉེ་དུ་མ་ཡིན་པའི་ཁྱིམ་བདག་ལ་འདོད་དོ། །བཞི་པ་ནི། ལྷུང་བཟེད་བཙལ་བས་མང་པོ་ཐོབ་ན་ཇི་ལྟར་བྱ་ཞེ་ན། མང་པོ་ལག་ཏུ་གྲུབ་ན་ཡང་སྤང་ལྟུང་མི་འབྱིན་པའི་བསམ་པ་དགེ་བས་ལྷུང་བཟེད་དུ་མའི་ནང་ནས་མཆོག་ཏུ་གྱུར་པ་ཞིག་དགེ་འདུན་ལ་བྲིམ་པར་བྱའོ། །བྲིམ་པའི་ཚུལ་ནི། འབྲིམ་པར་བྱེད་པའི་དགེ་སློང་ཞིག་བསྐོས་ནས་དེས་མཐར་ཆགས་སུ་བྲིམ་པར་བྱའོ། །ལྷུང་བཟེད་བྲིམ་པ་ན་ཐམས་ཅད་ཀྱི་སྙིགས་མར་ལུས་པ་ནི་བྱིན་གྱིས་བརླབས་པ་དང་མ་འབྲེལ་བ་དང་དགེ་སློང་རྣམས་ཀྱིས་སྤངས་བས་ལྷུང་བཟེད་འབྲེལ་མེད་ཞེས་བྱ་བ་ཡིན་ལ། ཐམས་ཅད་ཀྱི་སྙིགས་མར་ལུས་པའི་ལྷུང་བཟེད་ཐ་མ་དེ་ཡང་ནི་དགེ་སློང་དེ་ཡིས་ལུང་ནས་བཤད་པ་བཞིན་དུ་བཅང་པར་བྱ་སྟེ། ཟས་ལ་མི་སྤྱོད་ཀྱང་བྱི་དོར་དང་པོར་བྱ་ཞིང་ཡོ་བྱད་ཆེས་བཟང་བར་སྦྱར་རོ། །འོ་ན་མང་པོ་གྲུབ་པའི་ལྷག་མ་རྣམས་ཅི་ལྟར་བྱ་ཞེ་ན། དགེ་སློང་དུ་མ་ཟད་རབ་ཏུ་བྱུང་བ་འདི་པ་ཡན་ཆད་གང་ཡང་རུང་བ་ལ་སྤར་བར་བྱའོ། །ལྔ་པ་དབྱེ་བ་ལ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང་གསུམ་མོ། །དེ་དག་གི་ཚད་བསྟན་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ཆུང་ངུའི་ཚད་ནི། འབྲས་ཐུག་པོ་ཆེ་མ་ག་དྷཱ་ཡི་བྲེའུ་ཆུང་གང་འབྲས་ཆན་དུ་བྱས་པ་ན་སུམ་འཕེལ་དུ་གྱུར་པ་དང༌། འབྲས་ཟན་གྱི་སྤགས་ཚོད་མ་དང་བཅས་པ་ཁའི་ཁོར་ཡུག་ལ་མཐེ་བོའི་ལྟོ་གང་མ་གཏོགས་པའི་ལྷག་མ་ལ་ཤོང་བའོ། །གཞི་འགྲེལ་ལས། མཐེ་བོའི་སོར་གཅིག་སྟེ། མཐེ་བོའི་ཚིགས་དང་པོའི་ཕྱོགས་གཅིག་ནས་བརྩམས་ཏེ་ཚིགས་དེ་ཉིད་ཀྱིས་ཕྱོགས་གཅིག་གི་བར་དུ་ལྟོ་རོལ་ནས་གཞལ་བ་ཞེས་སོ། །བམ་པོ་ལྔ་པར། མཐེབ་སོར་གཅིག་སྟེ་མཐེ་བོའི་ཚིགས་དང་པོའི་ཟུར་ཡ་གཅིག་ནས་ལྟོ་རོལ་དུ་དཀྲིས་ཏེ་ཟུར་ཡ་གཅིག་ལ་ཐུག་པའོ་ཞེས་སོ། །མ་ག་དྷཱའི་བྲེའུ་ཆུང་གི་ཚད་ལ་ནི། རྣམ་འབྱེད་ཀྱི་འགྲེལ་པ་དང༌། གཞི་འགྲེལ་དང༌། རྒྱ་ཆེ་འགྲེལ་རྣམས་སུ། མ་ག་དྷཱའི་བྲེའུ་ཆུང་ལ་ནི་འབྲས་ཐུག་པོ་ཆེ་དྲུས་པ་མ་ག་དྷཱའི་སྲང་བཅུ་དྲུག་སྟེ། བོད་ཀྱི་སྲང་ཚད་དུ་བརྩི་ན་ནི་སྲང་སུམ་ཅུ་རྩ་གཉིས་ཡོད་དོ། །ཕུལ་ཚད་དུ་བརྩི་ན་བདུན་ཕུལ་དོ་དང་ཁྱོར་གང་ཡོད་དོ་ཞེའོ། །བོད་སྲང་ཉི་ཤུ་རྩ་བརྒྱད་ནི་དྲུག་ཕུལ་དོ་ཡིན་ནོ། །ཕྲན་ཚེགས་ཀྱི་འགྲེལ་པ་ལས། དྲུག་ཕུལ་ནི་སྲང་བརྒྱད་ཤོང་བ་ཡིན་ལ་ཞེའོ། །འདི་དག་འབྲས་ཆན་མ་བཙོས་པའི་དབང་དུ་བྱས་ལ་བཙོས་ན་སུམ་འགྱུར་དུ་བརྩི་བས་དེ་ཡང་བོད་ཀྱི་བྲེ་གང་དང་ཁྱོར་པ་གསུམ་ཡིན་པས་ཁྱོར་བ་ཉི་ཤུ་རྩ་བཞིའོ། །སྤགས་དེའི་སུམ་ཆ་ཡིན་པས་ཁྱོར་བ་སུམ་ཅུ་སོ་གཉིས་ཡིན་ནོ། །མའི་རྣམ་འབྱེད་དུ། སྤགས་བཞི་ཆར་བཤད་པ་ནི་ཐམས་ཅད་བསྡོམས་པའི་བཞི་ཆ་ལ་དགོངས་སོ། །བོད་ཀྱི་བྲེ་ཚད་དུ་བརྩིས་ན་བྲེ་ཕྱེད་དང་དོ་དང་ཁྱོར་བ་ཕྱེད་དོ། །བམ་ལྔ་ལས། འབྲས་དྲུས་པ་བྲེའུ་ཆུང་ཕྱེ་དང་ལྔ་ལ་བོད་ཀྱི་བྲེ་ཕྱེད་དང་དོ་ཡོད་དོ། །དེའི་ཆན་ནི་སུམ་འགྱུར་ཏེ། བྲེ་ཕྱེད་དང་ལྔ་ཡོད་དོ་ཞེས་པའོ། །འདི་ལྟར་ན་བོད་བྲེར་ཁྱོར་བ་ཉི་ཤུ་རྩ་གཅིག་ཤོང་བ་སྟེ། དེའི་ཕྱེད་ནི་ཁྱོར་བ་ཕྱེད་དང་བཅུ་གཅིག ཐམས་ཅད་བསྡོམས་པས་ཁྱོར་བ་སུམ་ཅུ་སོ་ཕྱེད་དང་གཉིས་སོ། །བམ་ལྔ་ལས། མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་དོ་ལ་ནི་བོད་ཀྱི་བདུན་ཕུལ་ཕྱེད་དང་བཞི་ཡོད་དོ། །མ་ག་དྷཱའི་བྲེའུ་ཆུང་དོ་ལ་ནི་བོད་ཀྱི་བདུན་ཕུལ་བཞི་དང་ཁྱོར་དོ་ཡོད་དོ་ཞེས་སོ། །ཚོད་མའི་ཚད་ནི་འགྲེལ་ཆུང་ལས་འབྲས་ཆན་གྱི་སུམ་ཆ་ཞེས་བཤད་པས། ཆན་དུ་བྱས་ནས་སུམ་འཕེལ་དུ་གྱུར་པའི་སུམ་ཆའོ། །རྒྱ་ཆེར་འགྲེལ་ལས། འདི་ལྟར་ཚོད་མ་དག་མང་བ་ཡིན་མོད་ཀྱི་ཞེས་པའི་དོན་ནི། དང་པོ་ཚོད་མར་མ་བཙོས་པའི་ཚད་ལས་ཅུང་ཟད་མང་པ་ལ་བཤད་པས་ན་རགས་རྩིས་ལ་གཉིས་ཀ་དོན་གཅིག་གོ །བོད་དག་གིས་ནི་འདིའི་དོན་ཁོང་དུ་མ་ཆུད་པར་སྣང་ངོ༌། །ཆེ་ཚད་ནི་འདི་དག་གི་ཉིས་འགྱུར་དུ་བརྩིའོ། །འབྲིང་ཚད་ནི་ཆེ་ཆུང་གཉིས་ཀྱི་བར་གང་ཡང་རུང་བའོ། །ཁྱོར་ཚད་དུ་བརྩིས་ན་ཚད་ངེས་པ་ཅན་དུ་འགྱུར་བས་ཁྱོར་བའི་ཚད་ཀྱིས་བརྩི་བར་བྱའོ། །བྲེ་ཚད་དང་སྲང་ཚད་ནི་ཡུལ་གྱི་བྱེ་བྲག་གིས་མ་ངེས་སོ། །གཉིས་པ་ཚིག་གི་དོན་ལ་ལྷུང་བཟེད་ཆེ་བའི་ཚད་ནི། ཕུ་ལུ་བདུན་གྱི་ཚད་ཀྱི་ཕུ་ལུ་དོ་དང་ཁྱོར་གང་ནི་མ་ག་དྷཱའི་བྲེའུ་ཆུང་གཅིག་ཡིན་ལ། བྲེའུ་ཆུང་དོའི་འབྲས་བཙོས་ནས་སུམ་འགྱུར་དུ་བརྩིས་པའི་འབྲས་ཟན་དང༌། དེའི་སུམ་ཆའི་ཚོད་མར་བཅས་པ་བླུགས་ནས་བཞག་པ་དེ་ལ་ནི་མཐེ་བོའི་ལྟོ་གང་གིས་མ་ཁེབས་པས་ལག་པས་བཀབ་པའི་ཚེ་མི་རེག་པ་དེ་ནི་ལྷུང་བཟེད་ཆེན་པོའི་ཚད་དུ་བརྗོད་དོ། །མ་ག་དྷཱའི་བྲེའུ་ཆུང་གང་སུམ་འགྱུར་དུ་བཙོས་པའི་ཟན་དང༌། དེའི་སུམ་ཆའི་ཚོད་མ་དང་བཅས་པ་ཤོང་བ་ལྷུང་བཟེད་ཆུང་ངུར་རབ་ཏུ་གྲགས་སོ། །ཆེ་ཆུང་འདི་དག་གཉིས་ཀྱི་བར་གང་ཡང་རུང་བ་དག་ནི་ལྷུང་བཟེད་འབྲིང་པོར་བརྗོད་དེ། ལྷུང་བཟེད་རྣམ་པ་གསུམ་མོ། །གསུམ་པ་ལྷུང་བཟེད་ལ་གུས་པར་བྱ་བ་ནི། གང་ཞིག་ལྷུང་བཟེད་གས་དང་རྡོལ་ན་དེ་ནི་གུས་པས་གླན་པར་བྱའོ། །ས་ལས་བྱས་པ་ཡིན་ན་ཟླ་ཕྱེད་ནས་བསྲེག་ཅིང༌། གཞན་ཡིན་ན་ཡང་ཟླ་བ་དྲུག་ནས་བསྲེག་ལ། བསྲེག་ཐབས་དང་བཅས་པ་མདོ་རྩ་བར་གསུངས་སོ། །དགེ་སློང་ཞིག་གིས་ལྷུང་བཟེད་ཀྱི་ལྷན་པ་མགར་བ་ལ་བཅོལ་བས་ཟིན་རྒྱུ་མ་བྱུང་ནས་ཡང་ཡང་བསྐུལ་དུ་ཕྱིན་པས། གཞན་དག་གིས། ངས་ཤེས་ཏེ་ལག་ཆ་མེད་ཟེར་བ་ལ་བརྟེན་ནས་ལྷུང་བཟེད་དེའི་ལྷན་པའི་ལས་བྱེད་པའི་ཚོགས་ཆས་ལག་ཆ་དག་ཀྱང་དགེ་འདུན་གྱི་གནས་ཁང་དུ་གཞག་པར་བྱའོ། །དགེ་སློང་ལམ་དུ་འགྲོ་བ་ན་ལྷུང་བཟེད་དང་བཅས་པས་འགྲོ་བར་བྱ་བ་ཡིན་ཏེ། ཟས་ལ་ལོངས་སྤྱོད་པའི་ཆེད་དུ་དགོས་པའི་ཕྱིར། གལ་ཏེ་ལྷུང་བཟེད་མེད་པ་དེ་ཉིད་དམ་གཞན་དུ་སྟེ་ཡོད་ཀྱང་རྐུན་མས་འཕྲོག་པའི་འཇིགས་པའམ། དོ་ནུབ་རང་གི་གནས་སུ་སླར་ལོག་པར་འདོད་པ་ཡིན་ན་མ་ཁྱེར་ནའང་རུང་ངོ༌། །གསུམ་པ་ཐ་ག་གཉིས་ལས་འཐག་ཏུ་འཇུག་པ་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ལ་གཞི་ནི་ཉེ་དུ་མ་ཡིན་པའི་ཐག་མཁན་ལ་ཆོས་གོས་འཐག་ཏུ་འཇུག་པའོ། །བསམ་པ་ནི་འཐག་ཏུ་འཇུག་པར་འདོད་པའོ། །སྦྱོར་བ་ནི་རང་ངམ་གཞན་བསྐོས་པས་གླ་མེད་པར་འཐག་ཏུ་འཇུག་པར་རྩོམ་པའོ། །མཐར་ཐུག་ལག་ཏུ་གྲུབ་པ་ནའོ། །ཚིག་དོན་ནི། ཉེ་དུ་མ་ཡིན་པའི་ཐག་མཁན་ལ་གླ་རྔན་མེད་པར་ཆོས་གོས་ཀྱི་རྒྱུ་རས་ཡུག་ལ་སོགས་པ་འཐག་ཏུ་འཇུག་ན་དགེ་སློང་ལྟུང་བ་དང་བཅས་སོ། །གཉིས་པ་ལྟུང་བ་མེད་པ་ནི། འཐག་ཏུ་འཇུག་པའི་ཡུལ་ཉེ་དུ་ཡིན་ནམ་གླ་རྔན་བྱིན་ན་ལྟུང་བ་མེད་པ་ཡིན་ནོ། །བཞི་པ་འཐག་པ་བསྐྱེད་པ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ནི། ངེས་པར་དགེ་སློང་གི་ཆེད་དུ་ཁྱིམ་བདག་གིས་ཆོས་གོས་འཐག་ཏུ་འཇུག་ན་དགེ་སློང་དེ་ཡིས་འཐག་པའི་གནས་དེར་སོང་སྟེ་འཐག་པ་བསྐྱེད་པའི་ཆེད་དུ་སྙན་པའི་ཚིག་གིས་བསྔགས་པ་བརྗོད་པ་ལ་བརྟེན་ནས་འཐག་པ་བསྐྱེད་པ་དེ་གྲུབ་ན་དེ་ཙམ་ལས་ལྟུང་བ་འབྱུང་ངོ༌། །འཐག་པ་ཅི་ལྟར་བསྐྱེད་པའི་ཚུལ་ནི། རས་ཡུག་ཞེང་ཆེ་བ་དང་ཐར་ཚགས་བཟང་བ་སོགས་ཀྱི་དོན་དུ་བསོད་སྙོམས་ཀྱི་ལྷག་རོལ་བྱིན་ནས་སམ་མ་བྱིན་ཡང་རུང་སྟེ། སྦྱིན་བདག་གིས་བསྒོ་བ་ལས་ལྷག་པར་འདོད་པ་མི་བསྐྱེད་དོ། །གལ་ཏེ་བསྐྱེད་པ་དེ་ལྟར་བྱེད་ན་ལག་ཏུ་ཐོབ་པའི་ཚེ་ན་སྡོམ་བརྩོན་ལ་སྤང་བར་འགྱུར་རོ། །དེའི་སྔོན་དུ་ནི་ཉེས་བྱས་སོ། །ཡང་འཐག་པ་ལ་ཁ་ཏ་མི་བྱེད་ཀྱང་དེར་ཡང་ཡང་འགྲོ་ན་ཉེས་བྱས་སོ། །ཡང་སྦྱིན་བདག་གིས་དགེ་སློང་ལ་ཁྱེད་ཀྱི་ཆོས་གོས་འཐག་ཏུ་བཅུག་ཡོད་པས་དེར་ཞལ་ཏ་མཛོད་ལ་ཤིན་ཏུ་བཟང་པོ་ཞིག་འོང་བ་མཛོད་ཅེས་དེ་ལྟར་བྱས་ན་གྲུབ་ཀྱང་ལྟུང་བ་མེད་དོ། །གཉིས་པ་རྒྱས་པར་བཤད་པ་ནི། ཉེ་དགའ་ལ་བཅས་པ་སྟེ། གཞི་ནི་ཉེ་དུ་མ་ཡིན་པའི་སྦྱིན་བདག་ལ་རང་གི་དོན་དུ་གོས་འཐག་ཏུ་འཇུག་པའོ། །བསམ་པ་འཐག་པ་བསྐྱེད་པར་འདོད་པའོ། །སྦྱོར་བ་འཐག་པ་སྐྱེད་པར་རྩོམ་དུ་འཇུག་པའོ། །མཐར་ཐུག་གྲུབ་ནས་ལག་ཏུ་ཐོབ་པ་ནའོ། །ཚིག་གི་དོན་ནི། ཞེང་ཆེ་བ་སོགས་གང་ཞེ་ན། རས་ཡུག་སོགས་ཞེང་ཆེ་བ་ནི་ཚད་ཆེན་པོ་སྟེ། མཉེན་པར་གྱུར་བ་ནི་ཤིན་ཏུ་འཇམ་པོ་ཞེས་བྱའོ། །ཐར་བཟང་བ་ཞེས་པ་ཉིད་ཀྱིས་ནི་ཞགས་པ་འཇུར་མདུད་མེད་པར་བསྟན་ཏོ། །ཚགས་བཟང་བ་ནི་ཐགས་གཞན་ལས་དམ་པའོ། །བསོད་སྙོམས་ཞེས་པ་དག་ཀྱང་འོག་ནས་འབྱུང་བ་འདིར་ཤེས་པར་བྱ་སྟེ། བཟའ་བ་དང་བཏུང་བ་སོགས་ལྷའི་རིགས་ཀྱི་ལག་ལས་བྱུང་བ་སྟེ་ཉེ་དགའ་ལ་བཙུན་མོ་ཕྲེང་ལྡན་མས་ཕུལ་བའི་ཧྭགས་ཀྱི་ལ་དུ་ལྟ་བུའོ། །ལྷའི་རིགས་ཀྱི་ཡ་ག་ལས་བྱུང་བའི་བཟའ་རྒྱུའི་སྟོན་མོ་དག་ནི་འཐག་པ་སྐྱེད་པར་བྱེད་པའི་དོན་དུ་ཐག་པ་དེའི་བརྒྱགས་སུ་སྦྱིན་བྱར་རྣམ་པར་ཤེས་སོ། །དགའ་བོ་ལ་བཅས་པ་ལྔ་པ་བྱིན་འཕྲོག་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ལ། ཡན་ལག་ལ་གཞི་ནི་གོས་སམ་ལྷུང་བཟེད་རང་དང་ལྟ་བ་དང་མཚན་མཐུན་པའི་དགེ་སློང་ལ་བྱིན་པ་དེ་ལེན་པར་འདོད་པའོ། །སྦྱོར་བ་རང་ངམ་གཞན་བསྐོས་པའི་ལུས་ངག་གིས་ལེན་པར་རྩོམ་པའོ། །མཐར་ཐུག་ཕ་རོལ་པོའི་ལུས་དང་བྲལ་བ་ནའོ། །ཚིག་དོན་ནི། ཆོས་གོས་དགེ་སློང་ལ་བྱིན་ནས་དུས་གཞན་དུ་སྦྱིན་བྱའི་ཡུལ་དེ་ལ་ཁྲོ་བ་དང་རང་གི་ཆོས་གོས་ལ་ཆགས་པའི་རྒྱུ་ཡིས་གོས་བྱིན་པ་དེ་འཕྲོག་པའི་བྱ་བ་རྩོམ་ན་ནི་ཉེས་བྱས་ཏེ། གཞན་དེ་ལ་མི་ཕན་པ་དང༌། བྱིན་པ་དེའི་རྒྱུས་འཁྲུག་ལོང་ལ་སོགས་པ་འབྱུང་བར་མཐོང་བས་ཕན་པར་འདོད་པས་འཕྲོགས་པ་ལ་ཉེས་པ་མེད་དོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། སྦྱོར་བའི་རབ་དབྱེ་དང༌། ལྟུང་བ་བསྐྱེད་དུས་སོ། །དང་པོ་ནི། འཕྲོག་ཚུལ་ལ་ལུས་ཀྱིས་འཕྲོག་པ་ནི། ལུས་ཀྱི་རབ་ཏུ་གཡོ་བ་ལག་པས་འཐེན་པ་སོགས་ཀྱིས་ལེན་པར་བྱེད་པའོ། །ངག་གི་གཡོ་བ་ཡིས་འཕྲོག་པར་བྱེད་པ་ཡང་ཁྱེར་ཤོག་ཅེས་ངག་གི་བརྗོད་པ་ཡིས་འཕྲོག་པར་བྱེད་པ་སྟེ། རྒྱུ་དེ་དག་གིས་འཕྲོག་པར་བྱེད་ན་ལུས་དང་ངག་གི་གཡོ་བ་གཉིས་ལས་གང་རུང་གཅིག་གིས་ཀྱང་རུང་སྟེ་གང་གིས་འཕྲོགས་ཀྱང་ལྟུང་བའོ། །གཉིས་པ་ལྟུང་བ་བསྐྱེད་དུས་ནི། འཕྲོག་པར་རྩོམ་པ་ན་ཅི་སྲིད་དུ་ཆོས་གོས་ཀྱི་གྲྭ་ཡང་ནི་ལུས་དང་བྲལ་བར་མ་གྱུར་པ་དེ་སྲིད་དུ་ཉེས་བྱས་ཙམ་ཡིན་ཏེ། གལ་ཏེ་གོས་ཕ་རོལ་པོའི་ལུས་དང་བྲལ་ན་སྤང་བའི་ལྟུང་བྱེད་ཡིན་ནོ། །འོ་ན་རིན་ཐང་ཚང་ན་ཕམ་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ་རང་གི་ཡིན་སྙམ་ནས་འཕྲོག་པས་སོ། །བྱིན་པ་འཕྲོག་ཚུལ་ནི་རྣམ་པ་གསུམ་སྟེ། རང་ཉིད་སེལ་པར་གྱུར་པ་དང༌། བློ་གྲོས་ངན་པས་བྱས་པ་དང༌། རིགས་པའི་དོན་གྱི་དབང་གིས་བྱས་པའོ། །དང་པོ་ནི་འདིར་དངོས་སུ་བསྟན་པའི་བྱིན་འཕྲོག་ཡིན་ལ། གཉིས་པ་ནི་ཕ་རོལ་པོ་ཡིད་ཆད་པར་གྱུར་ཅིག གནོད་པར་གྱུར་ཅིག་ཅེས་པས་འཕྲོག་པའོ། །གསུམ་པ་ནི་འདིར་ཕན་པར་འདོད་པས་ཉེས་པ་མེད་ཅེས་གསུངས་པ་ལྟ་བུའོ། །དྲུག་པ་སྟོན་ཟླ་ཐ་ཆུང་ཞེས་བྱ་བ་ནི་མཉན་ཡོད་དུ་དྲུག་སྡེ་ལ་བཅས་པ་སྟེ། འདིར་ཡན་ལག་ལ་གཞི་ནི་དབྱར་གནས་པ་ཁོ་ན་ལ་ཕུལ་བའི་རྒྱུ་ལས་བྱུང་བའི་རྙེད་པའོ། །བསམ་པ་ནི་རང་ལ་དབང་ཆ་ཡོད་པས་དབྱར་ནང་དུ་བགོ་བར་འདོད་པའོ། །སྦྱོར་བ་ནི་དབྱར་ནང་དུ་འགོད་པར་རྩོམ་པའོ། །མཐར་ཐུག་བགོས་ནས་ལག་ཏུ་ཐོབ་པའོ། །གཉིས་པ་ཚིག་གི་དོན་ལ་གསུམ་སྟེ། ལྟུང་བ་རྣམ་གཞག་དང༌། ལྟུང་མེད་དང༌། གང་དབང་བའི་གང་ཟག་གོ །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་བཤད་དོ། །དང་པོ་ནི། དབྱར་གནས་པ་ལ་ནི་དབྱར་གྱི་རྙེད་པ་ཉིད་དབྱར་ནང་དུ་རབ་ཏུ་འགྱེད་པར་བྱེད་ན་ནི་སྦྱོར་བ་ལ་ཉེས་བྱས་དང༌། དངོས་གཞི་ལ་སྤང་ལྟུང་དུ་འགྱུར་རོ། །ཡང་ན་དབྱར་གྱི་རྙེད་པ་གང་ཞེ་ན། དབྱར་ཟླ་བ་གསུམ་གྱི་ནང་དུ་གནས་པའི་དགེ་འདུན་རྣམས་ལ་ཕུལ་བའོ། །གལ་ཏེ་དབྱར་ཟླ་དེ་ནི་འདས་ནས་བགོས་སམ། དབྱར་གྱི་རྙེད་པ་དེ་མིན་པ་ནི་དབྱར་ནང་དུ་བགོས་ཀྱང་འདིར་གཏོགས་པའི་ལྟུང་བ་བསྐྱེད་པ་མིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བགོ་རུང་བའི་རྙེད་པ། བགོ་ཕྱིས་པའི་ལྟུང་བ། བགོ་རུང་བའི་དུས་དང༌། བགོ་སྔས་པའི་ལྟུང་བའོ། །དང་པོ་ནི། དབྱར་ནང་དུ་དབྱར་གྱི་རྙེད་པ་གང་ཡིན་པ་བདག་གིར་བྱེད་པར་མི་འདོད་དོ་ཞེས་སྤྱིར་བཏང་ནས། དམིགས་བསལ་ནི་ཆོས་སྦྱིན་གྱིས་ས་ག་མ་ལས་རྒྱུ་བླངས་ནས་རལ་གྱི་མཐུ་ཅན་གྱི་གནས་སུ་སྟོན་པ་དགེ་འདུན་དང་བཅས་པ་ཟླ་བ་གསུམ་སྤྱན་དྲངས་ནས་གོས་ཕུལ་བ་སྦས་པ་རུལ་བ་ལ་བརྟེན་ནས། ཆོས་གོས་སྦེད་པའི་གང་ཟག་བསྐོས་པ་མེད་པར་ནི་གཏད་པ་ལས་བྱུང་བའི་ཆོས་གོས་སམ། དབྱིག་ལ་སོགས་པ་དབྱར་ནང་གི་མཐའི་ཞག་བཅུ་ལུས་པའི་སྐབས་སུ་རུང་བ་ཡིན་ནོ། །གཏད་པ་ལས་བྱུང་བ་དུ་ཞེ་ན། འཆི་བའི་དོན་གྱི་ཕྱིར་བྱིན་པ་དང༌། འཆི་བ་ལ་བྱིན་པས་གཏད་པ་དང༌། ནད་པ་ལ་སྦྱིན་པ་དང༌། ནད་པ་ཉིད་ཀྱི་ཕྱིར་སྦྱིན་པ་དང༌། ལམ་ལ་འགྲོ་བར་ཆས་པས་གང་སྦྱིན་པ་འདི་དག་ནི་གཏད་པ་ལས་བྱུང་བ་རྣམ་པ་ལྔའོ། །གཏད་པ་ཞེས་པའི་དོན་ནི། སྦྱིན་བདག་གིས་དགག་དབྱེའི་གོང་རོལ་དུ་རྙེད་པ་གཏད་པའོ། །ལྔ་པོ་འདི་དག་ནི་དབྱར་ཟླ་བ་གསུམ་གནས་པའི་མཐའི་ཞག་བཅུའི་ནང་དུ་ནི་བགོས་ཀྱང་རུང་བ་ཉིད་ཡིན་ཏེ། དེ་ཡང་བར་ཆད་ཀྱི་དབང་གིས་སམ། ཡོན་བདག་གི་ཚིག་གིས་ཡིན་ན་རུང་བའི་དོན་ནོ། །གཉིས་པ་བགོ་ཕྱིས་པའི་ལྟུང་བ་ནི། སྦྱིན་བདག་གི་ཚིག་གིས་མ་གཏོགས་པར་དབྱར་གྱི་རྙེད་པ་སྦྱིན་པའི་དུས་དགག་དབྱེའི་ཕྱི་དེ་ཉིན་པར་ལས་འདས་པར་ནམ་ཡང་བཅངས་ན་དངོས་གཞིའི་ལྟུང་བར་འགྱུར་རོ། །སྦྱིན་པའི་དུས་ནི་དབྱར་གནས་པར་ཁས་བླངས་པ་སྔ་མ་ལ་ནི་སྟོན་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་ཚེས་བཅུ་དྲུག་གོ །དབྱར་གནས་པར་ཁས་བླངས་པ་ཕྱི་མ་ལ་ནི་སྟོན་ཟླ་ཐ་ཆུང་གི་ཉའི་ཕྱི་དེ་ཉིན་པར་ཚེས་བཅུ་དྲུག་གོ །གསུམ་པ་བགོ་རུང་བའི་དུས་ནི། ཆོས་གོས་སྦྱིན་པ་བགོ་རུང་བའི་དུས་ནི། མཁས་པ་སྟོན་པས་ཡང་དག་པར་བསྟན་པ་གང་དག་ནི་འདིར་དགག་དབྱེ་ཞག་བཅུ་ནས་བྱེད་པའི་ནང་རོལ་དུའོ། །བཞི་པ་བགོ་སྔས་པའི་ལྟུང་བ་ནི། ཞག་བཅུ་ལས་ལྷག་པ་ཞག་བཅུ་གཅིག་ཙམ་ནས་དགག་དབྱེ་བྱེད་པའི་གོང་རོལ་དུ་ནི་བགོ་རུང་བ་མིན་ནོ། །གཉིས་པ་ལྟུང་མེད་ནི། རྙེད་པ་འགོད་པའི་དུས་འདིར་སྦྱིན་བདག་རང་གིས་ལག་པས་འབུལ་ལོ་ཞེས་ཟེར་བ་ལ། སྦྱིན་བདག་དགག་དབྱེའི་དུས་སུ་མ་སླེབས་པས། གལ་ཏེ་སྦྱིན་བདག་གི་ཚིག་གིས་འཇོག་པར་བྱེད་དགོས་ན་ནི་དགག་དབྱེའི་ཕྱི་དེ་ཉིན་པར་ལས་ཕྱི་བར་གལ་ཏེ་འཇོག་ཀྱང་འགོད་ཕྱིས་པའི་སྐྱོན་དགེ་སློང་ལ་ནམ་ཡང་ཡོད་པ་མ་ཡིན་ནོ། །གསུམ་པ་གང་དབང་བའི་གང་ཟག་ནི། དགག་དབྱེའི་དུས་ཀྱི་རྙེད་པ་གང་ཡིན་པ་ཐམས་ཅད་དབྱར་གནས་པར་དམ་བཅས་པའི་གང་ཟག་ཡང་ཡིན་པ་དེ་དབང་ངོ༌། །གང་ཞིག་དབྱར་གནས་པར་དམ་མ་བཅས་པའང་གང་དང་ལྷན་ཅིག་དགག་དབྱེ་བྱས་ན་དེ་དག་ཀྱང་དབང་ངོ༌། །བདུན་པ་དགོན་པ་བ་ཞེས་པའི་སྡོམ་ཚིག་གི་དོན་ལ་ལྔ་སྟེ། བསླབ་བྱ་བསྟན་པ་དང༌། གནང་བའི་ཚད་དང༌། ཚད་ལས་འདས་པའི་ལྟུང་བ་དང༌། ཟླ་གཤོལ་ལ་དབྱར་གནས་ཕྱི་མ་བྱ་བ་དང༌། སྐབས་ཀྱིས་འཇིགས་པ་དུ་མར་འགྱུར་ཚུལ་ལོ། །དང་པོ་ནི། རི་བྲག་ཏུ་གནས་པའི་དགེ་སློང་དྲུག་ཅུ་ཆོམ་རྐུན་གྱིས་བཅོམ་པས་འཇིགས་པ་དང་བཅས་པའི་དགོན་པར་གནས་པ་ཡིས་ཆོས་གོས་གསུམ་པོ་དག་ལས་གང་ཡང་རུང་བ་གཅིག་དྲན་པ་དང་ལྡན་པས་ཁྱིམ་དུ་གཞག་པར་བྱ་སྟེ། ཅི་ལྟ་བུ་ཞིག་གིས་གཞག་པར་བྱ་ཞེ་ན། ཆོས་གོས་ལ་བག་ཡོད་པར་འདོད་པས་སོ། །གཉིས་པ་གནང་བའི་ཚད་ནི། དགེ་སློང་དག་ཆོས་གོས་བཞག་སར་ཉལ་ཞིང་སྐྱ་རེངས་ཤར་བ་ན་ཐུགས་མི་ཆེས་ན་བསྣམས་ལ་བཞུད་ཟེར་བ་སོགས་ལ་བརྟེན་ནས། དགོས་པའི་ཆེད་དུ་དགོན་པ་དང་ཆོས་གོས་བཞག་པའི་ཁྱིམ་ལས་གཞན་དུ་ཞག་དྲུག་འདས་པར་གནས་ཀྱང་ཉེས་པ་མེད་དོ་ཞེས་སྟོན་པས་གསུངས་སོ། །འདི་ནི་གནང་ལ་ཚད་གཟུང་ཡོད་པའོ། །གསུམ་པ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པས་དྲུག་སྡེ་དག་གིས་བསམས་བཞིན་དུ་ཞག་བདུན་དུ་ཡང་འབྲལ་བའི་སྐབས་དེ་སྟོན་པ་ལ་གསོལ་བ་ལ་བརྟེན་ནས་ཞག་དྲུག་འདས་པར་གནང་བའི་སྐབས་དེར་ཡང་རང་དང་མཚམས་གཅིག་པའི་ཆོས་གོས་ཀྱི་གནས་ལས་གྲོང་གཞན་དུ་གནས་ན་ཞག་བདུན་པའི་སྐྱ་རེངས་ཤར་ན་ལྟུང་བའོ། །ཡང་གནས་དེར་ཞག་བདུན་སོགས་མ་གནས་ན་སྲོག་གི་བར་ཆད་དུ་འགྱུར་བ་སོགས་ཡིན་ན་ཞག་བདུན་སོགས་གནས་ཀྱི་ཉེས་པ་མེད་དོ། །ཡང་འཇིགས་བཅས་ཀྱི་དགོན་པ་དེར་ནི་གྲོང་དུ་ཆོས་གོས་བཞག་ནས་ཡུན་རིང་དུ་གནས་ཀྱང་ཉེས་པ་མེད་དོ། །བཞི་པ་ཟླ་གཤོལ་ལ་དབྱར་གནས་ཕྱི་མ་བྱ་བ་ནི། གལ་ཏེ་ཟླ་གཤོལ་བྱུང་ན་ཟླ་བ་སྔ་ཕྱི་གང་ལ་དབྱར་གནས་འཆའ་བར་བྱེད་ཅེ་ན། དབྱར་ནང་དུ་ཟླ་གཤོལ་འབྱིན་པ་འཐོབ་པར་འགྱུར་ཏེ། དབྱར་འབྲིང་གཉིས་བྱུང་ན་དབྱར་འབྲིང་ཕྱི་མར་རབ་ཏུ་གྲགས་པ་ལ་ཐོབ་བོ། །ལྔ་པ་ནི། འཇིགས་པ་དང་བཅས་པ་ཞེས་བརྗོད་པ་འདི་ནི་གནས་གང་དུ་ངེས་པར་རྐུན་པོའི་འཇིགས་པ་དང་བཅས་པ་ལ་འདོད་དོ། །འོ་ན་སྟག་དང་སེང་གེ་སོགས་ཀྱི་འཇིགས་པ་ཡང་འདིར་བཤད་ཀྱི་འཇིགས་པར་འཛིན་པར་བྱ་བ་མིན་ནམ་ཞེ་ན། སྟག་དང་སེང་གེ་ལ་སོགས་པའི་འཇིགས་པ་ནི་དོགས་བཅས་ཀྱི་མིང་དུ་འདོད་པར་བྱ་ཡི། རྐུན་པོའི་འཇིགས་པ་དང་ཐ་དད་དོ། །ཤ་སྦྲང་ལ་སོགས་པའི་འཇིགས་པ་ནི་འཇིགས་བཅས་ཀྱི་དགོན་པ་ཞེས་པའི་སྐབས་ཀྱི་འཇིགས་པ་དང་ཐ་དད་ཡིན་པར་གསུངས་སོ། །ཡང་བར་ཆད་བརྒྱད་གསུངས་པ་ནི། མེ་དང༌། ཆུ་དང༌། རྒྱལ་པོ་དང༌། ཆོམ་རྐུན་དང༌། སེང་གེ་དང༌། མི་མ་ཡིན་དང༌། མི་དང༌། སྡིག་སྦྲུལ་ཏེ་དེ་དག་ཀྱང་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དུ་གྱུར་པ་ན་ནད་པ་ལ་སོགས་པ་གཞན་དག་གི་དཔེའོ་ཞེས་མདོ་སྡེ་འཛིན་པའི་དགེ་བའི་བཤེས་གཉེན་འཆད་དོ། །འདི་ལ་རྒྱུ་ཚོགས་རྣམས་གཞུང་དུ་ཕལ་ཆེར་བཤད་ལ། དངོས་པོ་རང་གི་ཆོས་གོས་གསུམ་ལས་གང་ཡང་རུང་བར་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས་པ་རུང་བ་ཚད་དང་ལྡན་པ། དགོས་པའི་དབང་གིས་གཞན་དུ་གཞག་པའོ། །དགག་བྱ་ནི་རྟགས་ཉམས་པའོ། །བརྒྱད་པ་རས་ཆེན་ལ། དོན་དངོས་དང༌། ཞར་ལ་སྲ་བརྐྱང་བཏིང་ཚུལ་ལོ། །དང་པོ་ནི། སོས་ཀའི་ཟླ་བ་གཉིས་ཡོད་པའི་ལྷག་མ་སྟེ། ཟླ་བ་ཕྱི་མ་ལ་ཁྲུས་བྱས་པའི་དུས་ན་དགོས་པའི་དོན་ལུས་སྦ་བའི་ཕྱིར་དུ་དབྱར་གྱི་རས་ཆེན་ཞེས་པའི་མིང་ཅན་གྱི་ཆོས་གོས་བརྟུལ་ཞུགས་ཅན་གྱིས་བཙལ་ལོ། །འཆང་བའི་དུས་ནི། རས་ཆེན་འདི་ནི་དབྱར་ཟླ་གསུམ་དག་ལས་འདས་ནས་ཀྱང་ཟླ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ། །སོ་ཀའི་ཟླ་བ་ཕྱི་མ་ལས་ཟླ་བ་གཅིག་གི་སྔ་བར་འཚོལ་ན་སྤང་བའི་ལྟུང་བར་འགྱུར་རོ། །དབྱར་ཟླ་གསུམ་དང་ཟླ་ཕྱེད་ལས་ལྷག་པར་འཆང་བ་ལ་ཡང་སྤང་བའི་ལྟུང་བར་འགྱུར་རོ། །དགག་དབྱེ་བྱས་ནས་ཟླ་ཕྱེད་ཀྱི་བར་དུ་བཅང་རུང་གི དེ་ལས་ལྷག་པར་བཅང་མི་རུང་བས་ན་འདི་འཆང་བའི་གནས་སྐབས་ནི་ཟླ་བ་ཕྱེད་དང་ལྔའོ། །འདི་ལའང་གཞི་ནི་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་དབྱར་གྱི་རས་ཆེན་བཙལ་བའོ། །བསམ་པ་ནི་འཚོལ་བར་འདོད་པའོ། །སྦྱོར་བ་ནི་འཚོལ་བར་རྩོམ་པའོ། །དངོས་གཞི་ནི་བཙལ་བའི་དུས་ཀྱི་སྔ་རོལ་དུ་ལག་ཏུ་ཐོབ་པའོ། །གཉིས་པ་ཞར་ལ་སྲ་བརྐྱང་བཏིང་བའི་ཚུལ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། སྲ་བརྐྱང་གི་ངོ་བོ། །གཏིང་བའི་ཚུལ་ལོ། །དང་པོ་ནི། དགེ་འདུན་སྤྱིའི་དོན་དུ་བྱིན་གྱིས་བརླབས་པའི་ཆོས་གོས་སོ། །ཅིའི་ཕྱིར་ཆོས་གོས་ལ་སྲ་བརྐྱང་ཞེས་བྱ་ཞེ་ན། སྲ་བརྐྱང་ནི་ཆོས་གོས་དྲུབ་པའི་གཞིའི་གཏན་པ་ལ་བྱ་ལ། དེའི་མིང་གིས་ཆོས་གོས་ལ་བཏགས་ནས་སྲ་བརྐྱང་ཞེས་བྱའོ། །བཏགས་པའི་དགོས་པ་ནི་བཞི་སྟེ། གཏན་པའི་སྟེང་དུ་ཆོས་གོས་གཏིང་བས་ཁ་དོག་གཅིག་ཏུ་འགྱུར་བ་ལྟར་འདིང་བ་པོ་དག་བློ་རྩེ་གཅིག་ཏུ་འགྱུར་བ་དང༌། གཏན་པའི་སྟེང་དུ་སྣམ་ཕྲན་དང་གླེགས་བུ་གནས་པ་ལྟར་འདིང་བ་པོའི་བྱིན་རླབས་གནས་པ་དང༌། གཏན་པས་ཆོས་གོས་མི་འཁུམས་པར་བྱེད་པ་ལྟར་འདིང་བ་པོ་བག་ཡངས་སུ་བྱེད་པས་བློ་མི་འཁུམས་པར་བྱེད་པ་དང༌། གཏན་པས་ཆོས་གོས་ལ་ཁྱབ་པ་ལྟར་འདིས་ཀྱང་འདིང་བ་པོ་ལ་ཕན་ཡོན་གྱིས་ཁྱབ་པར་བྱེད་པའོ། །གཉིས་པ་སྲ་བརྐྱང་བཏིང་བའི་ཚུལ་ནི། མཚམས་ནང་དུ་བློ་མཐུན་བྱས་ནས་དགེ་སློང་གཞན་ཞིག་ལ་གསོལ་བའི་ལས་ཀྱིས་རྒྱུ་གཏང་པར་བྱའོ། །དགེ་སློང་དེས་ཀྱང་ཁ་བསྒྱུར་བ་དང་དྲུབ་པ་སོགས་བྱས་ནས་ཟིན་པ་ན་དྲི་ཞིམ་པོས་བདུག་ནས་སྤྲོག་མའི་ནང་དུ་བཞག་སྟེ། དགེ་སློང་རེ་རེའི་མདུན་དུ་འདུག་སྟེ་བཏིང་ངོ་ཞེས་གོ་བར་བྱའོ། །གཞན་གྱིས་ནི། ལེགས་པར་བཏིང་ངོ༌། །ཤིན་ཏུ་བཏིང་ངོ་ཞེས་ལན་བྱའོ། །སྲ་བརྐྱང་བཏིང་བའི་བསླབ་བྱ་ནི། དུས་དུས་སུ་བསེང་བ་དང༌། མི་གཙང་བའི་ཁྲོད་དུ་མི་གཞག་གོ །སྲུང་བ་པོས་དེ་དང་ཞག་གཅིག་ཀྱང་འབྲལ་བར་མི་བྱ། གདིང་བའི་དུས་ནི་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གོ །གདིང་བའི་ཡུན་ཚད་ནི། སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས། དཔྱིད་ཟླ་ར་བའི་སྐར་མ་དབོའི་ཉའི་བར་ཟླ་བ་ལྔའོ། །ཆོས་གོས་སུམ་ཕྲུགས་ལོ་སྔ་མར་མ་བཏིང་བའི་གསར་པ་དག་གདིང་ངོ༌། །ལུང་ལས་ཆོས་གོས་གསུམ་མ་གསུངས་སོ་ཞེ་ན། ལུང་གཞི་ལས། བཙུན་པ་གང་ཟག་གི་སྣམ་སྦྱར་གྱིས་ཆོས་གོས་གཏན་པ་བཏིང་དུ་རུང་ངམ། ཉེ་བར་འཁོར་མི་རུང་ངོ༌། །གལ་ཏེ་དགེ་འདུན་ལ་ཕུལ་ན་ནི་རུང་ངོ༌། །བླ་གོས་དང་མཐང་གོས་ཀྱང་དེ་བཞིན་ནོ་ཞེས་གསུངས་པས། ཆོས་གོས་སུམ་ཕྲུགས་དགོས་པར་མངོན་ནོ། །གཉིས་པ་གཞུང་གི་དོན་ལ་བཞི་སྟེ། ཇི་ལྟར་གདིང་བའི་ཚུལ། གཏིང་བའི་ཕན་ཡོན། དུས་ཇི་སྲིད་དུ་གདིང་བ་དང༌། གདིང་བ་གང་ལ་འབྱུང་མི་འབྱུང་དཔྱད་པའོ། །དང་པོ་ནི། སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། གནས་བཅས་སུ་དབྱར་གནས་པ་རྣམས་གོས་དང་ལྷུང་བཟེད་ཐོགས་ཏེ། རྩ་སྟུག་པོ་དང་རྫབ་ཆེན་པོར་ཚ་བས་ངལ་ཞིང་ལུས་རྔུལ་གྱིས་གཡོགས་ནས་མཉན་ཡོད་དུ་འོངས་པ་ལ་བརྟེན་ནས་སྲ་བརྐྱང་གདིང་བ་གསུངས་ཏེ། རྒྱུ་ཇི་ལྟ་བུ་ལ་བྱ་ཞེ་ན། དགག་དབྱེའི་དུས་ཀྱི་རྙེད་པའི་གོས་ཤིན་ཏུ་བཟང་བས་བྱའོ། །སྲ་བརྐྱང་གདིང་བའི་ཚུལ་ཇི་ལྟར་ཞེ་ན། སྲ་བརྐྱང་གདིང་བའི་དོན་དུ་དགེ་འདུན་ཚོགས་པ་ལ་གསོལ་བ་འབའ་ཞིག་པའི་ལས་སྔོན་དུ་འགྲོ་བར་བྱས་ནས་སྲ་བརྐྱང་གདིང་བའི་ལས་བྱེད་པའི་དགེ་སློང་ལ་གསོལ་གཉིས་ཀྱི་ལས་ཀྱིས་སྲ་བརྐྱང་གདིང་བར་ཡང་དག་པར་བསྒོའོ། །མཚམས་ནང་དུ་གསོལ་གཉིས་ཀྱི་ལས་ཀྱིས་བློ་མཐུན་བྱས་ནས་ཚོགས་ཀྱིས་ཡང་དག་པར་བླངས་ནས་ནི་འཕགས་པའི་ཚོགས་དགེ་འདུན་གྱིས་གསོལ་བརྐྱང་པའི་ལས་ཉིད་ཀྱིས་སྲ་བརྐྱང་གདིང་བའི་རྒྱུ་གཏད་དོ། །གང་ལ་ན་སྲ་བརྐྱང་གདིང་བར་གསོལ་གཉིས་ཀྱིས་བསྐོས་ཤིང་སྲ་བརྐྱང་གདིང་བ་ལ་གུས་པར་བྱེད་པའི་དགེ་སློང་ལ་གཏད་དོ། །གཏད་པའི་རྗེས་དེ་ནས་དགེ་སློང་དེ་ཡིས་ཇི་ལྟར་རིགས་པར་རུང་བའི་ཚོན་གསུམ་གྱིས་ཁ་བསྒྱུར་བ་དང་དྲུབ་པ་ལ་སོགས་པ་བྱའོ། །སྲ་བརྐྱང་ལ་ནི་ཚོན་ཆེན་གྱིས་ཁ་བསྒྱུར་བ་ལ་ཡང་བྱིན་རླབས་འཆགས་སོ། །འདིར་འགྱུར་ནི། ཁ་བསྒྱུར་ལ་སོགས་བྱས་ནས་ནི། །ཞེས་བྱའོ། །ཁ་བསྒྱུར་བ་དང་དྲུབ་པ་ལ་སོགས་བྱས་ནས་ནི། དགེ་འདུན་གྱི་ཐད་དུ་སོང་ནས་ཚོགས་ཀྱི་དབུས་སུ་སྲ་བརྐྱང་གཏིང་བར་འགྱུར་གྱི། རང་རང་གི་ཆོས་གོས་ཀྱི་བྱིན་རླབས་ཕྱུང་ངོ་ཞེས་ཞུའོ། །དེ་ནས་འདིར་གསོལ་གཉིས་ཀྱི་ཆོ་གས་ཇི་ལྟ་བ་བཞིན་དུ་གདིང་བར་བྱ་སྟེ་ཆོས་གོས་སུམ་ཕྲུགས་སྤྲོག་མའི་ནང་དུ་ཁྱེར་ནས་དགེ་སློང་རེ་རེའི་མདུན་དུ་འདུག་སྟེ་བཏིང་ངོ་ཞེས་གོ་བར་བྱའོ། །གཞན་གྱིས་ཀྱང་གཏིང་ངོ༌། །ལེགས་པར་གཏིང་ངོ༌། །འདི་ལ་རྙེད་པ་དང་ཕན་ཡོན་གང་ཡིན་པ་བདག་གིའོ་ཞེས་ལན་བརྗོད་པར་བྱའོ། །གཉིས་པ་སྲ་བརྐྱང་བཏིང་བའི་ཕན་ཡོན་ནི། སྔ་འགྱུར་ལས། སྲ་བརྐྱང་གདིང་བ་དག་གིས་ནི། །དགེ་སློང་རྣམས་ལ་ཕན་ཡོན་མང༌། །ཞེས་གསུངས་པས། སྲ་བརྐྱང་གདིང་བ་དག་གི་དགེ་སློང་རྣམས་ལ་ནི་སྲ་བརྐྱང་བཏིང་བའི་ཕན་ཡོན་མང་ངོ་ཞེས་འགྲོ་ལ་ཕན་པར་བཞེད་པའི་སྟོན་པས་ཡང་དག་པར་གསུངས་སོ། །ཕན་ཡོན་གང་ཞེ་ན། ཞག་གཅིག་གི་འབྲལ་བ་དང༌། ཞག་བཅུའི་འཆང་སྤང་གི་ཉེས་པ་ཡང་མེད་པ་དང༌། ཟླ་བར་ངེས་པར་འཇོག་པ་དང༌། གོས་ལྷག་པོ་མ་བརྟགས་པར་འཆང་བ་དང༌། སྣམ་སྦྱར་མེད་པར་གྲོང་དང་ལྗོངས་སོགས་སུ་འཇུག་པ་དང༌། ཡང་ཡང་ཟ་བ་ཉིད་དང༌། འདུས་ཤིང་ཟ་བའི་ཉེས་པ་མེད་པ་དང༌། དགེ་སློང་ཟླ་བོ་ལ་བསྒོ་བ་མ་བྱས་པར་ཡང་གྲོང་དུ་འགྲོ་བ་ལ་ཉེས་པ་མེད་དོ། །གསུམ་པ་སྲ་བརྐྱང་དུས་ཇི་སྲིད་དུ་གདིང་བ་ནི། མར་ངོ་སྔོན་འགྲོའི་དབང་དུ་བྱ་སྟེ། སྨིན་དྲུག་གི་ཟླ་བ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས་དཔྱིད་ཟླ་ར་བ་ཁྲའི་ཟླ་བའི་བར་ཟླ་བ་ལྔ་ནི་སྲ་བརྐྱང་གདིང་བའི་དུས་སུ་སྟོན་པས་གསུངས་སོ། །བཞི་པ་གདིང་བ་གང་ལ་འབྱུང་མི་འབྱུང་དཔྱད་པ་ལ་གསུམ་སྟེ། རྙེད་པ་ཡོད་ལ་ཕན་ཡོན་མེད་པ། རྙེད་པ་དང་ཕན་ཡོན་གཉིས་ཀ་མེད་པ་དང༌། རྙེད་པ་དང་ཕན་ཡོན་གཉིས་ཀ་ཡོད་པའོ། །དང་པོ་ནི། མགུ་བ་སྤྱད་བཞིན་པ་དང༌། མགུ་བ་བྱས་ཀྱང་དབྱུང་བ་མ་བྱས་པ་དང༌། སྤོ་བ་སྤྱོད་བཞིན་པ་དང༌། སྤོ་བ་དེ་ལས་ལངས་ཀྱང་མགུ་བ་མ་བྱིན་པ་དང༌། དབྱར་ཟླ་བ་གསུམ་གནས་དགོས་པ་ལས་དབྱར་གནས་མ་རྫོགས་པ་དང༌། དབྱར་རལ་བ་དང༌། དབྱར་གནས་སྔ་ཕྱི་གཉིས་ལས་དབྱར་ཕྱི་མར་གནས་པ་དང༌། དེ་བཞིན་དུ་སྲ་བརྐྱང་བཏིང་བ་ལ་མངོན་དུ་མ་གྱུར་པ་ལྐོག་ཏུ་གྱུར་པར་གནས་པའི་དགེ་སློང་དང་དགེ་ཚུལ་དག་དང༌། བསླབ་པ་སྤྱོད་པར་བྱེད་བཞིན་པ་སྟེ་བཅུ་པོ་འདི་དག་ལ་ནི་ཇི་སྐད་བརྗོད་པའི་སྲ་བརྐྱང་གདིང་བའི་ཕན་ཡོན་མེད་དོ། །སྲ་བརྐྱང་གི་རྙེད་པ་དབང་བ་ཁོ་ན་མ་བཀག་གོ །གཉིས་པ་ནི། ལྟ་བ་དྲི་མ་ཅན་སྡིག་པའི་ལྟ་བ་འཆང་བ་དང༌། ཚུལ་ཁྲིམས་དྲི་མ་ཅན་ཕམ་པས་གོས་པ་དང༌། དགེ་སློང་གང་ཞིག་འཐབ་ཀྲོལ་སོགས་ཀྱི་རྒྱུས་དགེ་འདུན་གྱིས་གནས་དབྱུང་བྱས་ནས་རབ་ཏུ་སྤངས་བ་དང༌། ཆོས་ཕྱོགས་པ་དང་ཆོས་མ་ཡིན་གཉིས་སུ་གྱེས་པའི་དུས་སུ་ཆོས་མ་ཡིན་པའི་ཕྱོགས་སུ་ལྟུང་བ་དང༌། དེ་བཞིན་དུ་གནས་གཞན་དབྱར་གནས་བཅས་པ་སྟེ་ལྔ་པོ་འདི་དག་ལ་སྲ་བརྐྱང་གི་རྙེད་པ་དང་ཕན་ཡོན་ཡང་ནི་མེད་པར་གསུངས་སོ། །གསུམ་པ་ནི། སྲ་བརྐྱང་གཏིང་བ་ལ་གཏོགས་པ་འདིར་ནི་གང་བཟང་པོ་ཡན་ཏན་དང་ལྡན་པ་དང་མཁས་པ་ཀུན་ལ་སྲ་རྐྱང་བཏིང་བའི་ཡོན་ཏན་དང་རྙེད་པ་ཡང་ཡོད་དོ། །སྲ་བརྐྱང་དབྱུང་ཚུལ་ནི། སྲ་བརྐྱང་དབྱུང་བ་བྱས་ནས་ནི། །ཞེས་པའི་སྐབས་སུ་བསྟན་ཟིན་ཏོ། །དགུ་པ་བསྔོས་བསྒྱུར་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ནི། དགེ་འདུན་ལ་བསྔོས་པའི་རྙེད་པ་གང་དག་ཤེས་བཞིན་དུ་བརྟུལ་ཞུགས་ཅན་གྱི་དགེ་སློང་དག་གིས་རང་ལ་བསྒྱུར་ནས་དབང་བར་བྱེད་ན་སྤང་བའི་ལྟུང་བྱེད་ཀྱི་ལྕག་ཚན་གྱིས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །སྔ་འགྱུར་ལས། སྤང་བའི་ལྟུང་བྱེད་ལྕག་ཚན་གྱིས། །ཞེས་གསུངས་པ་ལྟར་བྱས་སོ། །འདི་ནི་ཉེ་དགའ་ལ་བཅས་པ་སྟེ། གཞི་ནི་ཁྱིམ་པས་ནོར་དགེ་འདུན་ལ་བསྔོས་པའོ། །བསམ་པ་ནི་གཞན་ལ་བསྔོས་པར་ཤེས་བཞིན་དུ་བདག་གིར་བྱེད་པར་འདོད་པའོ། །སྦྱོར་བ་རང་ལ་བསྒྱུར་བར་རྩོམ་པའོ། །མཐར་ཐུག་རང་དབང་བར་བྱས་པ་ནའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བསྒྱུར་བྱའི་རྙེད་པ། ན་སྨད་སེལ་བ། དངོས་གཞིའི་ལྟུང་བ། སེལ་བའི་དབྱེ་བའོ། །དང་པོ་བསྒྱུར་བྱའི་རྙེད་པ་ནི། གོས་དང་དབྱིག་ལ་སོགས་པ་ནོར་དང༌། བཟའ་བ་ལ་སོགས་པའི་ཟང་ཟིང་ཡང་བསྒྱུར་བྱའོ། །ཟས་དང་ནོར་གཉིས་ཀའང་དགེ་འདུན་གཞན་ལ་བསྔོས་པ་གང་ཟག་རང་ལ་བསྒྱུར་བ་ནི་སྤང་བའི་ལྟུང་བར་འགྱུར་བས་རབ་ཏུ་བཀག་པ་གསུངས་པ་ཡིན་ནོ། །འདུལ་བ་མདོ་རྩ་བ་ལས། གང་ཟག་ལ་བསྔོས་པའི་གོས་བསྒྱུར་བ་ལ་སྤང་བའི་ལྟུང་བར་འགྱུར། ཟས་བསྔོས་པ་བསྒྱུར་བ་ལ་ནི་སྦྱོར་དངོས་གཉིས་ཀར་ཉེས་བྱས་སུ་བཅས་སོ། །གཉིས་པ་ནི། ཚོགས་ཀྱི་རྙེད་པ་ཚོགས་གཞན་ལ་བསྒྱུར་བར་བྱེད་ཅིང༌། ཚོགས་གཞན་གྱི་རྙེད་པ་ཡང་ཚོགས་དེར་བསྒྱུར་བར་བྱེད་པའི་ཚུལ་གྱིས་རྙེད་པ་ཕན་ཚུན་བསྒྱུར་བར་བྱེད་ན་ཉེས་བྱས་དང་ནི་ཡང་དག་པར་ལྡན་པར་འགྱུར་རོ། །སྤང་ལྟུང་དངོས་གཞི་རུ་ནི་མི་བརྟག་གོ །དེ་ཅིའི་ཕྱིར་ཞེ་ན། ཅིག་ཤོས་ཀྱི་སྐལ་བ་བཅད་པ་མ་ཡིན་གྱི། ཕན་ཚུན་བསྒྱུར་བ་ཙམ་ཡིན་པའི་ཕྱིར། གསུམ་པ་ནི། དགེ་འདུན་ཕན་ཚུན་བློ་མཐུན་པ་བྱས་པ་ཉིད་ཀྱིས་དགེ་འདུན་གཞན་ལ་བསྔོས་པའི་རྙེད་པ་གང་ཟག་གིས་བདག་གིར་བྱ་བར་འདོད་ནས་སློང་བར་བྱེད་ན་སྦྱོར་བའི་དུས་ན་ཉེས་བྱས་ཡིན་ལ། ལག་ཏུ་ཐོབ་པའི་ཚེ་ན་སྤང་པའི་ལྟུང་བར་འགྱུར་རོ། །བཞི་པ་ནི། གང་ཟག་ལ་བསྔོས་པ་གཞན་ལ་བསྒྱུར་བ་དང༌། སྐུ་གཟུགས་གཞན་ལ་བསྔོས་པ་གཞན་དུ་བསྒྱུར་བ་དང༌། མཆོད་རྟེན་གཞན་ལ་བསྔོས་པ་གཞན་དུ་བསྒྱུར་བ་དང༌། དུད་འགྲོ་གཅིག་ལ་བསྔོས་པའི་རྩྭ་དུད་འགྲོ་གཞན་ལ་བསྒྱུར་བ་དང༌། ནམ་མཁའི་གདུགས་ལ་བསྔོས་པ་ས་ལ་བཞག་པ་ལ་བསྒྱུར་བ་དང༌། ནམ་མཁའ་ལ་བཞག་པའི་ཆར་ཁེབས་སོགས་ས་ལ་བཞག་པ་ཐེམ་སྐས་དང་ཀ་བ་སོགས་ལ་བསྒྱུར་བ་དང༌། ཁང་བཟངས་དང་ཁྱམས་ལ་སོགས་པ་ལ་བསྔོས་པ་ཁང་པ་གཞན་ལ་སོགས་པར་བསྒྱུར་བར་བྱེད་ན་ཉེས་བྱས་ཡིན་ནོ། །སྐུ་གཟུགས་གཞན་གྱི་རྒྱན་གཞན་ལ་གཡར་པོའི་ཚུལ་དུ་སྦྱིན་པ་ལ་ནི་ཉེས་པ་མེད་དོ། །བཅུ་པ་གསོག་འཇོག་ནི། རྒྱལ་པོའི་ཁབ་ཏུ་པི་ལིང་ཏའི་མཁན་བུ་དང་སློབ་མ་ལ་བཅས་པ་གསོག་འཇོག་ལ་གཉིས་ཏེ། གནང་བའི་ཚད་དང༌། ཚད་ལས་འདས་པའི་ལྟུང་བའོ། །དང་པོ་ནི། དང་པོར་སྔ་དྲོ་བྱིན་ལེན་བྱས་ནས་ནི། མར་དང་ཞུན་མར་དང་བུ་རམ་དང་སྦྲང་རྩི་སོགས་དགེ་སློང་གིས་ཞག་བདུན་བར་བྱིན་གྱིས་བརླབ་བོ། །མདོ་རྩ་བ་ལས་མར་དུས་སུ་རུང་བར་འཆད་པ་ནི་ནོར་བ་སྟེ། ཞུན་མར་ཡང་དུས་རུང་དུ་ཐལ་བར་འགྱུར་བས་སོ། །བྱིན་གྱིས་རློབ་པ་པོའི་དགེ་སློང་རང་གིས་རེག་ཀྱང་ལག་ཉར་མི་འགྱུར་ལ། དང་པོའི་སྦྱིན་ལེན་ལས་དུས་ཕྱིས་ཞག་ཏུ་འདས་ཀྱང་གསར་དུ་བྱིན་ལེན་བྱ་མི་དགོས་པར་རང་གིས་བླངས་ནས་སྤྱད་པར་བྱའོ། །དུས་ཇི་ཙམ་གྱི་བར་དུ་ཞེ་ན། ཞག་བདུན་གྱི་བར་དུ་ཡིན་ནོ། །གཉིས་པ་ནི། ཞག་བདུན་དེ་ལས་ལྷག་པར་སྤྱད་པར་བྱ་བ་མིན་ཏེ། དེ་ལས་ལྷག་པར་བཅངས་ན་སྤང་བའི་ལྟུང་བར་འགྱུར་རོ། །གལ་ཏེ་ཞག་གསུམ་བཞི་ལ་སོགས་པར་རོ་བསྐ་བ་དང་སླ་བ་དང་སྐྱུར་བ་ལ་སོགས་པར་འགྱུར་ན་ཇི་ལྟར་བྱ་ཞེ་ན། ཐོག་མར་ཞག་བདུན་པར་བྱིན་གྱིས་བརླབ་པར་བྱེད་ལ། ལོངས་སྤྱོད་པའི་མཚམས་ནི། རོ་བསྐ་བ་དང་སླ་བར་འགྱུར་བ་སོགས་ཀྱི་མཚམས་ཀྱི་བར་དུ་ཡིན་པས་བྱིན་གྱིས་རློབ་པའི་མཚམས་དང་ལོངས་སྤྱོད་པའི་མཚམས་ཐ་དད་དོ། །འདི་ལ་གཞི་ནི་མར་དང་ཞུན་མར་དང་བུ་རམ་སོགས་བཟའ་བའི་ཆེད་དུ་བྱིན་གྱིས་བརླབས་ནས་བྱིན་ལེན་བྱས་པ་ཡིན་ལ། བསམ་པ་ནི་རང་གི་ཆེད་དུ་འཇོག་འདོད་པའོ། །སྦྱོར་བ་ནི་འཇོག་པར་རྩོམ་པའོ། །མཐར་ཐུག་བྱིན་གྱིས་བརླབ་པའི་དུས་ལས་འདས་པའོ། །སྤང་བའི་ལྟུང་བ་བཤད་ཟིན་ཏོ། །གཉིས་པ་ཕྱིར་བཅོས་ལ་དོན་དངོས་དང༌། མ་བཅོས་པའི་ཉེས་པ་དང༌། སྤང་བའི་སྒྲ་དོན་ནོ། །དང་པོ་ནི། གང་ལ་སྤང་བར་བྱ་བའི་ཡུལ་ནི་སྡོམ་བརྩོན་སྤང་བའི་ལྟུང་བ་དེ་བཤགས་པའི་དོན་གྱི་ཚུལ་ལ་མཁས་པའི་དགེ་སློང་ལ། སྤང་ལྟུང་བྱུང་བའི་གང་ཟག་གིས་ཁྲུ་གང་ཡན་ཆད་སྤང་བར་འོས་པ་ཞག་གཅིག་སྤངས་ནས་ནི། དེ་ནས་སྤང་བའི་ལྟུང་བ་དེ་ལས་ལྡང་བའི་ཕྱིར་དུ་རྫས་སྤང་པ་དང་ནུབ་ཀྱིས་ཆོད་པར་བྱས་ནས་ལྟུང་བའི་བཤགས་པ་བྱའོ། །མཁས་པ་བདག་ཉིད་དམ་གཞན་གྱིས་སྤང་ལྟུང་བཤགས་པའི་དོན་དུ་སྤངས་པའི་གོས་ཚུར་ལ་གཏད་པར་བསྐུལ་བ་བྱས་ནས་ནི་ཉི་མ་གཉིས་པ་ལ་ནི་བླང་བར་བྱའོ། །གཉིས་པ་ཕྱིར་མ་བཅོས་པའི་ཉེས་དམིགས་ནི། སྔར་ཇི་ལྟར་གསུངས་པའི་བསླབ་བྱའི་བརྟག་པ་དག་མི་བྱེད་པ་ལས་སྤང་བའི་ལྟུང་བར་འགྱུར་རོ། །ཡང་ན་ལྟུང་བ་མི་འབྱུང་བའི་ཐབས་ཀྱི་བརྟག་པ་དག་མི་བྱེད་པ་ལས་སྤང་བའི་ལྟུང་བར་འགྱུར་ཞེས་བྱས་སོ། །སྤང་ལྟུང་དེས་མ་དག་ན་སྤང་བའི་ལྟུང་བ་བཅོས་པའི་དོན་དུ་ཆོས་གོས་དང་ལྷུང་བཟེད་སོགས་ཡོ་བྱད་ཀྱི་དངོས་པོ་ཅུང་ཟད་ཙམ་ཡང་དེ་དག་གིས་བདག་གི་དོན་དུ་གཞན་ལས་བླང་བར་མི་བྱའོ། །གསུམ་པ་སྤང་བའི་སྒྲ་དོན་ལ་གཉིས་ཏེ། ལྟུང་བ་སྤང་བ་དང༌། རྟེན་གྱི་རྫས་སྤང་བའོ། །དང་པོ་ནི། ལྟུང་བ་འདི་གང་ལས་བྱུང་བའི་རྟེན་གྱི་ཡོ་བྱད་ཡོད་བཞིན་དུ་སྤང་བར་བྱས་ནས། གཞན་དུ་ན་ལྟུང་བ་ལས་གྲོལ་བར་འགྱུར་བ་མ་ཡིན་ནོ། །གཉིས་པ་ནི། སྤང་བར་མ་བྱས་ན་ཞེས་གསུངས་པའི་སྤང་བར་བྱ་བ་གང་ཞེ་ན། སྤང་ལྟུང་འབྱུང་བའི་རྒྱུ་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ལ་སྤང་བར་བྱ་བར་བརྗོད་པས་ན་ཆོས་གོས་འདི་དག་སྤང་བར་ཡང་ནི་ཤེས་པར་བྱའོ། །གཉིས་པ་ལྟུང་བྱེད་འབའ་ཞིག་པ་ལ་གཉིས་ཏེ། མཚམས་སྦྱར་བ་དང༌། དངོས་ཀྱི་དོན་བཤད་པའོ། །དང་པོ་ནི། སྤང་བའི་ལྟུང་བྱེད་སུམ་ཅུ་པོ་བསླབ་བྱ་དང་བཅས་པ་བཤད་ཟིན་ནས། དེའི་རྗེས་སུ་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལུང་ལས་བསྟན་པ་རབ་ཏུ་གསལ་བར་བྱ། ལྟུང་བ་འདི་དག་བཤགས་པ་ལ་སྤང་བྲལ་སྔོན་དུ་གཏང་མི་དགོས་པས་འབའ་ཞིག་པ་ཞེས་བཤད་དོ། །གཉིས་པ་དངོས་ཀྱི་དོན་བཤད་པ་ལ། བཅུ་ཚན་དགུ་ཡོད་པའི་སྤྱི་སྡོམ་ནི། ཤེས་བཞིན་དང་ནི་ས་བོན་དང༌། །མ་བསྐོས་པ་དང་ཡང་དང་ཡང༌། །ཆུ་དང་ཁྱིམ་དང་བསམས་བཞིན་དང༌། །མགྲོན་མང་རྐུན་མ་མཆོད་སྟོན་ནོ། །ཞེས་པའོ། །བཅུ་ཚན་དགུའི་དང་པོ་ཤེས་བཞིན་གྱི་སྡེ་ཚན་བཅུ་ལ། སྡོམ་ནི། བརྫུན་སྐྱོན་དགེ་སློང་ཕྲ་མ་དང༌། །སྐྱོ་སྔོགས་བྱེད་དང་སྟོན་པ་དང༌། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་པའོ། །དང་པོ་ཤཱཀྱའི་བུ་ལག་རྒྱུད་ལ་བཅས་པ་བརྫུན་ལ་གཉིས་ཏེ། གླེང་གཞི་དང༌། བཅས་པའི་རང་བཞིན་ནོ། །དང་པོ་ལ་གཉིས་ཏེ། བྱུང་གླེང་དང༌། བཅས་གླེང་ངོ༌། །དང་པོ་ལ་གཉིས་ཏེ། དོན་དངོས་དང༌། དེ་ལ་སྨད་པའོ། །དང་པོ་ནི། རྒྱལ་པོའི་ཁབ་ཏུ་བཅོམ་ལྡན་འདས་ལ་དད་ནས་བལྟ་བར་འདོད་པའི་ཁྱིམ་པ་རབ་ཏུ་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཉིད་གང་ན་བཞུགས་ཞེས་སྒྲ་གཅན་འཛིན་ལ་དྲིས་པ་དང༌། གཞན་འོད་མའི་ཚལ་ན་བཅོམ་ལྡན་འདས་བཞུགས་བཞིན་དུ་གཞན་བྱ་རྒོད་ཕུང་པོའི་རི་དག་ཏུ་བཞུགས་སོ་ཞེས་ཉེ་བར་བསྟན་པ་ལས་བཅས་སོ། །དང་པོའི་དུས་སུ་བཅས་པ་མེད་དེ། རྣམ་འབྱེད་ལས། འདི་ནི་རེ་ཞིག་བྱུང་བ་ཙམ་ཡིན་གྱི། བསླབ་པའི་གཞི་བཅའ་བར་ནི་མ་མཛད་ཅེས་སོ། །འདི་ལ་ཡང་གཞི་ནི་ཕམ་པར་གྱུར་བའི་བརྫུན་གྱི་གནས་སྐབས་སུ་བསྟན་པ་བཞིན་ནོ། །དངོས་པོ་ནི་ལྟུང་བྱེད་ཀྱི་བརྫུན་ནོ། །ཀུན་སློང་ནི་འདུ་ཤེས་གཞན་དུ་བསྒྱུར་ཏེ་སྨྲ་བར་འདོད་པའོ། །སྦྱོར་བ་སྨྲ་བར་ཞུགས་པའོ། །མཐར་ཐུག་ཕ་རོལ་པོས་དོན་གོ་བ་ནའོ། །གཉིས་པ་དེ་ལ་སྨད་པ་ནི། སྔ་མ་དེ་བཞིན་དུ་མདོ་ལས་བཅས་པ་གཉིས་པ་ལ་སྟོན་པས་ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་སོ། །གསུངས་པ་གང་གི་དོན་ནི། ཆོས་གཅིག་ལས་འདས་པ་གང་ཡིན་པ་ནི་འཇིག་རྟེན་ཕ་རོལ་གྱི་དོན་སྤངས་པ་ཡིན་པས་སྨྲ་བ་པོ་འདི་ཡིས་སྡིག་པ་མི་བྱ་བ་མེད་དོ། །སྔ་འགྱུར་ལས། འཇིག་རྟེན་ཕ་རོལ་སྤངས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ཆོས་གཅིག་གང་ཞེ་ན། ལུས་ཅན་བརྫུན་དུ་སྨྲ་བའོ། །ལྕགས་ཀྱི་གོང་བུ་མེ་ལྕེ་འབར་བ་དག་ཟོས་པར་གྱུར་པ་ཆོག་སྟེ་བླའི། ཚུལ་ཁྲིམས་འཆལ་བ་ལུས་ངག་ཉེས་སྤྱོད་ལས་ཡང་དག་པར་མི་སྡོམ་པས་ཡུལ་འཁོར་གྱི་བསོད་སྙོམས་ཟ་བ་ནི་ཚུལ་དེ་ལྟར་མིན་ནོ། །གཉིས་པ་བཅས་གླེང་ནི། བསླབ་པའི་གཞི་ཡང་དག་པར་བསྒྲུབ་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བརྫུན་ཚིག་ངེས་པར་བཀག་གོ །འདིས་ནི་དགག་བཅས་བསྟན་ཏེ་ངེས་པར་བཀག་དགོས་པའི་དོན་ནོ། །གལ་ཏེ་མ་བཀག་ན་ཉེས་པ་བྱུང་ཡང་ལྟུང་བ་མེད་ཅེས་བརྫུན་དུ་སྨྲ་བར་འགྱུར་བས་སོ། །བརྫུན་གྱི་དང་པོ་ནི་སྨྲ་བའི་ཁྱུ་མཆོག་ཤཱཀྱ་ལག་རྒྱུད་ནས་བརྩམས་ཏེ་ལུས་ཅན་བརྫུན་དུ་སྨྲ་བ་རྣམས་ལ་རང་ལ་བདེན་པར་རློམ་པ་མེད་པར་ཤེས་བཞིན་དུ་སྨྲ་བའི་དགེ་སློང་ལ་ནི་ལྟུང་བྱེད་ཀྱི་བརྫུན་འབྱུང་བར་བརྗོད་དོ། །གཉིས་པ་བཅས་པའི་རང་བཞིན་ལ་གཉིས་ཏེ། ཞར་ལ་བརྫུན་གྱི་དབྱེ་བ། སྐབས་ཀྱི་བརྫུན་ངོས་གཟུང་བའོ། །དང་པོ་ལ་གཉིས་ཏེ། གྲངས་ཀྱི་སྒོ་ནས་དབྱེ་བ། ལྟུང་བའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོར་བཤད་པའོ། །དང་པོ་ནི། བརྫུན་ཚིག་རྣམ་པ་དགུ་ཡིན་པ་ནས། རྣམ་པ་གཉིས་ཀྱི་བར་དུ་དབྱེ་ཚུལ་བརྒྱད་ཡོད་པར་བརྗོད་དོ། །གཉིས་པ་ནི། སྡོམ་བརྩོན་དག་ལ་སྡོམ་པ་དྲུང་ནས་འབྱིན་པའི་ཆོས་ཕས་ཕམ་དང༌། ལ་སོགས་པས་བསྡུས་པ་ལྟུང་བ་ལྷག་མ་བཞི་སྟེ། ལྟུང་བ་སྡེ་ཚན་རྣམ་པ་ལྔའི་སྒོ་ནས་སྐུར་བ་འདེབས་པའི་བྱེ་བྲག་གིས་བརྫུན་ཚིག་རྣམ་པ་ལྔ་དང༌། ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བའི་སྒོ་ནས་སྐུར་པ་འདེབས་པའི་བརྫུན་སྨྲ་བ་བཞི་སྟེ། སྔ་མ་ལྔ་དང་བསྡོམས་པས་བརྫུན་ཚིག་དགུའོ། །ཞུ་བ་ལས་ལྟ་བ་ཉམས་པ་ནི་སྡིག་ལྟ་དྲུག་ཅུ་རྩ་གཉིས་ལས་གང་རུང་བྱུང་བའོ། །སྤྱོད་པ་ཉམས་པ་ནི་དགེ་སློང་གི་བསླབ་པ་ལ་མི་བསླབ་པའོ། །འཚོ་བ་ཉམས་པ་གང་ཞེ་ན། འཚོ་བ་ཡོངས་སུ་མ་དག་པའོ་ཞེས་སོ། །སྤྱོད་པ་དང་ཆོ་ག་ནི་དོན་གཅིག་གོ །འདི་དག་མ་ཉམས་པ་ལ་ཉམས་སོ་ཞེས་བརྫུན་ཚིག་སྨྲ་བའོ། །བརྫུན་ཚིག་རྣམ་པ་བརྒྱད་ནི་མ་མཐོང་བ་ལ་མཐོང་བ་དང༌། མ་ཐོས་པ་ལ་ཐོས་ཞེས་སོགས་བརྫུན་ཚིག་རྣམ་པ་གསུམ་ཡིན་ཏེ། བརྫུན་ཚིག་དེ་དག་གི་སྒོ་ནས་སྨྲ་བ་ལ་ལྟུང་བ་སྡེ་ལྔའི་སྒོ་ནས་སྐུར་བ་འདེབས་པའི་བརྫུན་ཚིག་རྣམ་པ་ལྔ་བསྣན་པས་བརྫུན་ཚིག་རྣམ་པ་བརྒྱད་ཅེས་འདོད་དོ། །སྡོམ་བརྩོན་བརྫུན་དུ་སྨྲ་བའི་བྱེ་བྲག་གང་ལ་སླར་ཡང་རྣམ་པ་བདུན་ཉིད་དུ་བརྗོད་དེ། གང་ཞེ་ན། ཚུལ་ཁྲིམས་དང༌། ལྟ་བ་དང༌། སྤྱོད་པའི་ཆོ་ག་དང༌། འཚོ་བ་ཉམས་པར་སྨྲ་བའི་བརྫུན་བཞི་དང༌། མཐོང་བ་དང༌། ཐོས་པ་དང༌། དོགས་པའི་སྒོ་ནས་བརྫུན་དུ་སྨྲ་བ་སྟེ་བདུན་ནོ། །ཡང་བརྫུན་དུ་སྨྲ་བ་དྲུག་ཏུ་བརྗོད་དོ། །དྲུག་གང་ཞེ་ན། མ་འོངས་པ་ན་སྨྲ་བར་འགྱུར་བ་དང༌། དེ་བཞིན་དུ་ད་ལྟ་སྨྲ་བཞིན་པ་དང༌། སྔར་སྨྲས་པ་ཞེས་བྱ་བའི་བརྫུན་ཚིག་གསུམ་དང༌། མཐོང་བ་དང༌། ལ་སོགས་པ་ཐོས་པ་དང༌། དོགས་པའི་བརྫུན་ཚིག་གསུམ་སྟེ་དྲུག་གོ །དེ་ལྟར་ཕྱི་མ་ཚུལ་ཁྲིམས་དང༌། ལྟ་བ་སོགས་ཀྱི་སྒོ་ནས་སྐུར་པ་འདེབས་པའི་བརྫུན་ཚིག་ཡ་གྱལ་རེ་རེ་བ་ཅན་རྣམས་དོར་བའི་ལྟུང་བ་སྡེ་ལྔ་ཡིས་སྐུར་བ་འདེབས་པའི་ཚིག་གི་དབྱེ་བས་བརྫུན་ཚིག་རྣམ་པ་ལྔའི་དབྱེ་བ་འདིར་ནི་ཤེས་པར་བྱ་བ་ཡིན་ལ། བཞི་ནི་ཚུལ་ཁྲིམས་སོགས་བཞི་ཡི་སྒོ་ནས་སྐུར་པ་འདེབས་པའོ། །གསུམ་ནི་མཐོང་ཐོས་སོགས་གསུམ་གྱི་སྒོ་ནས་སྐུར་པ་འདེབས་པའོ། །གཉིས་སུ་དབྱེ་བ་ནི་སྐུར་བ་འདེབས་པ་དང༌། སྒྲོ་འདོགས་པའི་དབྱེ་བ་རྣམ་པ་གཉིས་སོ། །བརྫུན་ཚིག་ངོ་བོ་ཇི་ལྟ་བུ་ཞེ་ན། བརྫུན་ཚིག་ཏུ་རབ་ཏུ་ཤེས་པར་བྱ་བའི་ངོ་བོ་ལ་ནི། འདུ་ཤེས་བསྒྱུར་ཏེ་བརྗོད་ནས་གཞན་གྱིས་དོན་གོ་བའོ། །གཉིས་པ་ལྟུང་བའི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོར་བཤད་པའོ། །དང་པོ་ནི། སླར་ཡང་ཕས་ཕམ་ལ་སོགས་ལྟུང་བ་སྡེ་ལྔའི་དབྱེ་བ་ལས། ཕས་ཕམ་དང་ལྷག་མའི་བརྫུན་ལ་སོགས་པ་རྣམ་པ་ལྔ་རུ་འགྱུར་བར་ཤེས་པར་བྱའོ། །གཉིས་པ་ལ་ལྔ་སྟེ། ཕམ་པར་འགྱུར་བའི་བརྫུན་དང༌། ལྷག་མར་འགྱུར་བ་དང༌། སྦོམ་པོར་འགྱུར་བ་དང༌། ཉེས་བྱས་སུ་འགྱུར་བ་དང༌། ལྟུང་བྱེད་དུ་འགྱུར་བའོ། །དང་པོ་ནི། གང་ཕས་ཕམ་གྱི་གནས་སུ་བརྗོད་པའི་རྫུན་ཚིག་སྔར་སྨྲས་པ་མཐའ་ཉིད་དུ་འགྱུར་བ་མི་ཆོས་བླ་མའི་བརྫུན་ནི་ཕས་ཕམ་ཉིད་དུ་འགྱུར་བའི་བརྫུན་ནོ། །གཞན་ལྷག་མ་སོགས་ཀྱི་བརྫུན་ལ་ནི་ཕས་ཕམ་དུ་འགྱུར་བར་ནམ་ཡང་མི་བཞེད་དོ། །གཉིས་པ་དགེ་འདུན་ལྷག་མར་འགྱུར་བའི་རྫུན་ཚིག་ནི། བག་ཙམ་གྱིས་སམ་གཞི་མེད་དུ་རྩ་བ་སྟེ་ཕམ་པས་སྐུར་བ་འདེབས་པའི་བརྫུན་ཚིག་གོ །གསུམ་པ་སྦོམ་པོའི་བརྫུན་ནི། ཆོས་དང་འདུལ་བ་ལ་ཆོས་དང་འདུལ་བ་མིན་ཞེས་པ་ལ་སོགས་པ་དེས་དགེ་སློང་གང་ཞིག་དགེ་འདུན་གྱི་དབུས་སུ་སྨྲ་ན་དེ་ལ་སྦོམ་པོར་འགྱུར་བའི་བརྫུན་ཚིག་ཅེས་ནི་རྣམ་པར་གཞག་གོ །བཞི་པ་ཉེས་བྱས་སུ་འགྱུར་བའི་བརྫུན་ནི་གསོ་སྦྱོང་གི་དུས་ཀྱི་ལས་དག་ལ་བབ་པ་ན། ཁྱེད་འདི་ལ་དག་གམ་ཞེས་གཞན་གྱིས་བརྗོད་པའི་ཚེ་ཁ་རོག་ཉེས་པ་སྦེད་པར་བྱེད་ན་ཉེས་བྱས་སུ་ནི་འགྱུར་བར་བརྗོད་དོ། །སྔ་འགྱུར་ལས། ཉེས་བྱས་སུ་ནི་འགྱུར་བར་བརྗོད། །ཅེས་སོ། །དེ་ལྟར་ཕམ་པ་སོགས་ཀྱི་བརྫུན་དེ་དག་བསྟན་པ་གང་དག་ནི་རྫུན་གྱི་ཚིག་ནི་རྣམ་པ་བཞི་ཞེས་བྱའོ། །ལྔ་པ་ནི། བཞི་པོ་དེ་ལས་གཞན་པའི་བརྫུན་ཚིག་ནི་ལྟུང་བྱེད་དུ་འགྱུར་བའི་བརྫུན་ཞེས་བྱ་བར་བསྟན་ཏོ། །གཉིས་པ་སྐབས་ཀྱི་བརྫུན་བསྟན་པ་ནི། མ་མཐོང་བ་དང་མ་ཐོས་པ་སོགས་ལ་མཐོང་བ་དང་ཐོས་པ་སོགས་སུ་སྨྲ་བ་དང༌། མཐོང་བ་དང་ཐོས་པ་སོགས་ལའང་དེ་ལས་བཟློག་པ་མ་མཐོང་བ་སོགས་སུ་ཤེས་བཞིན་དུ་ནི་སྨྲ་བར་བྱེད་ན་ཕ་རོལ་པོས་ཚིག་གི་དོན་རིག་པ་ན་ལྟུང་བྱེད་དུ་འགྱུར་བར་འདོད་དོ། །དྲུག་སྡེ་ལ་བཅས་པ་དྲུག་ལས། དང་པོ་སྐྱོན་ནས་སྨྲ་བའི་ལྟུང་བྱེད་ལ་གསུམ་སྟེ། གླེང་གཞི་དང༌། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ནི། འདས་པའི་དུས་ན་རི་བྲག་ཞིག་ན་ཞིང་པའི་བུ་མོ་ཤིང་ཐུན་པ་ཞིག་ལ་སྟེར་བའི་དཔང་པོ་གླང་ལ་བཅོལ་བས། དེས་རྭ་ཆག་ཅེས་སོགས་སྐྱོན་བརྗོད་པ་ལ་བརྟེན་ནས་དཔང་པོ་མི་བྱེད་པ་དང༌། ཤིང་རྟ་འདྲུད་པ་ལ་ཉེ་བར་སྤྱོད་པའི་དགའ་བྱེད་དང་ས་རི་གཉིས་ཀྱི་བེའུ་ལ་རུ་འདེལ་དང་ཁུ་ཡུ་ཞེས་བརྗོད་པས་ཁལ་ཁྱེར་མི་ཉན་པ་དང་གཞན་དུ་ཤོར་བ་ལ་བརྟེན་ནས་དུད་འགྲོ་གླང་ལ་ཡང་རྭ་ཆག་དང༌། མཇུག་རྡུམ་སོགས་སྐྱོན་ནས་བརྗོད་པ་ཚིག་ཏུ་སྨྲས་པ་ན་སེམས་ཞུམ་པས་ལས་བྱེད་པ་ལ་མི་བརྩོན་ན། ཤེས་ལྡན་མི་རྣམས་ལ་སྐྱོན་བརྗོད་པ་སྨྲས་ན་མི་དགའ་བ་ལྟ་སྨོས་ཅི་དགོས། སྐྱོན་བརྗོད་ན་གཞན་མི་དགའ་བ་དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པའི་བཅོམ་ལྡན་འདས་ཀྱིས་གཞན་གྱི་སྐྱོན་བརྗོད་པ་བཀག་གོ །འདི་ལ་ཡང་གཞི་ནི་ལྟ་བ་དང་མཚན་མཐུན་པའི་དགེ་སློང་གཞན་ནོ། །དངོས་པོ་ནི་ཡུལ་དེ་ན་སྐྱོན་དུ་བྱེད་པའོ། །ཀུན་སློང་བརྗོད་པར་འདོད་པའོ། །སྦྱོར་བ་སྐྱོན་སྨྲ་བར་རྩོམ་པའོ། །མཐར་ཐུག་གཞན་གྱིས་དོན་གོ་བའོ། །གཉིས་པ་ལྟུང་བ་ལ་གསུམ་སྟེ། བསྟན། བཤད། བསྡུ་བའོ། །དང་པོ་ནི། མི་རྣམས་ལ་ནི་སྐྱོན་བརྗོད་པའི་བསམ་པས་དགེ་སློང་གིས་གཞན་གྱི་སྐྱོན་བརྗོད་པ་ལ་ནི་ལྟུང་བྱེད་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། རིགས་ཀྱི་སྒོ་ནས་སྐྱོན་བརྗོད་པ་དང༌། བཟོ་དང༌། ལས་དང༌། རྟགས་དང༌། ནད་དང༌། ལྟུང་བ་དང༌། ཁྲོ་སོགས་ཀྱི་སྒོ་ནས་སྐྱོན་བརྗོད་པའོ། །དང་པོ་ནི་དགེ་སློང་གིས་རིགས་ཀྱི་སྒོ་ནས་སྐྱོན་བརྗོད་པའི་བསམ་པས་བྲམ་ཟེ་ལ་ནི་རིགས་དྲིས་ནས། ཁྱོད་ནི་བྲམ་ཟེ་རབ་བྱུང་ངམ་ཞེས་བརྗོད་པར་བྱེད་པ་དེ་ལ་ནི་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ། །ཡང་རིགས་ཀྱི་སྒོ་ནས་སྐྱོན་བརྗོད་པར་འདོད་པ་དེ་འདྲའི་སེམས་ཀྱིས་རྒྱལ་རིགས་ལའང་ཁྱོད་ནི་རྒྱལ་རིགས་རབ་བྱུང་ངམ་ཞེས་སྨྲ་བར་བྱེད་ན་ཉེས་བྱས་ཁོ་ནའོ། །འདི་ནི་སྐྱོན་བརྗོད་པའི་བསམ་པས་ཀུན་ནས་བསླང་བས་ཉེས་པ་ཅན་དུ་གཞག་གོ །དེ་བཞིན་དུ་རིགས་ཀྱི་སྒོ་ནས་སྐྱོན་བརྗོད་པའི་བསམ་པས་རྗེ་རིགས་དང་དམངས་རིགས་དག་ལ་ཡང་རིགས་ཀྱི་སྒོ་ནས་སྨྲ་བར་བྱེད་ན་སྨྲ་བ་པོའི་སྡོམ་བརྩོན་ལ་ནི་དངོས་གཞིའི་ལྟུང་བྱེད་ཉིད་ཡིན་ནོ། །ཡང་ཐག་མཁན་དང་ལྷ་རྟེན་བཟོ་མཁན་དང་ལྷྭམ་མཁན་དང་ཤིང་བཟོ་མཁན་དང་ཚེམས་བུ་མཁན་དང་སྨྱིག་མ་མཁན་ཏེ་མདའ་མཁན་དང༌། དེ་ལ་སོགས་པའི་རིགས་རྣམས་ཀྱི་སྒོ་ནས་སྐྱོན་ཡོངས་སུ་སྨྲ་ན་ལྟུང་བྱེད་དུ་བརྗོད་དོ། །བཟོའི་སྒོ་ནས་སྐྱོན་བརྗོད་པའི་བསམ་པས་ཀུན་ནས་བསླངས་ནས་ཁྱོད་ནི་རྫ་མཁན་རབ་བྱུང་ཞེས་པ་དང༌། མགར་བ་དང་ལས་བྱེད་པའི་བྲན་དང་ཀོ་ལྤགས་མཁན་དག་གོ་ཞེས་བརྗོད་ན་ཡང་དགེ་སློང་ཉམས་པ་དང་བཅས་པར་འགྱུར་རོ། །ལས་ཀྱི་སྒོ་ནས་བྱ་གཤོར་བ་དང་ཉ་པ་དང་རྔོན་པ་དང༌། བློའི་སྒོ་ནས་གཏུམ་པོ་སོགས་ཀྱི་སྒོ་ནས་སྐྱོན་བརྗོད་ན་ཡང་ཉམས་པ་དང་བཅས་པར་འགྱུར་རོ། །གཞན་ཡང་ལས་ཀྱི་སྒོ་ནས་ཁྱོད་ནི་བྲམ་ཟེའི་རིགས་ཡིན་ཏེ། ཁྱོད་ཀྱི་རིགས་ཀྱི་བྱ་བ་ནི་གཙང་སྦྲ་དང་རིག་བྱེད་སོགས་ལ་བསླབ་པར་བྱ་ཡི། ཁྱོད་ལ་དགེ་སློང་གིས་ཅི་ཞིག་བྱ་ཞེས་སྨྲ་ནའང་ཉེས་བྱས་ཉིད་དོ། །ཡང་སྐྱོན་བརྗོད་པའི་བསམ་པས་ཁྱོད་ནི་རྒྱལ་རིགས་ཡིན་པས། ཁྱོད་ཀྱི་ལས་མཚོན་ཆ་བཟང་ངན་དཔྱོད་པའི་རིགས་པ་དང༌། མདུང་དང་མདའ་དང་གླང་པོ་ཆེ་ཞོན་པ་ལ་སོགས་པ་ལ་སློབས་ཤིག་ཅེས་སྨྲ་བ་གང་ཡིན་པ་དེ་ལ་ཡང་ཉེས་བྱས་སོ། །དེ་བཞིན་དུ་རྗེ་རིགས་ཀྱི་ལས་གཞན་ལ་ལས་ཀྱི་བྱ་བ་སློབ་པ་དང༌། དམངས་རིགས་ཀྱི་ལས་ཞིང་རྨོ་བ་ལ་སོགས་པ་ལ་ངེས་པར་སྦྱར་བའི་སྒོ་ནས་སྐྱོན་བརྗོད་ན་ཡང་ལྟུང་བྱེད་དོ། །ཐག་མཁན་གྱི་ལས་དར་ལ་སོགས་པ་འཐག་པ་དང༌། སྨྱིག་མ་མཁན་གྱི་ལས་མདའི་སྒྲོ་འདོགས་པ་ལ་སོགས་པ་དང༌། མགར་བ་སོགས་ཀྱི་ལས་ལྕགས་བརྡུང་བ་ལ་སོགས་པའི་སྒོ་ནས་སྐྱོན་བརྗོད་པ་ལའང་ལྟུང་བྱེད་ཀྱི་ལྟུང་བར་བརྗོད་དོ། །ཡང་ལས་ཀྱི་སྒོ་ནས་སྐྱོན་བརྗོད་པའི་བསམ་པས་བྲམ་ཟེ་རང་གི་ལས་མཆོད་སྦྱིན་དང༌། གདོལ་པ་སོགས་ལ་ཁྱོད་ཀྱི་དང་པོའི་རང་གི་ལས་བྱོས་ཤིག་ཅེས་སྨྲ་ན་ཡང་འདུལ་བའི་དོན་ལ་མི་མཁས་པ་དེ་དག་ལ་སྔ་མ་བཞིན་དུ་ཉེས་བྱས་སུ་འགྱུར་བ་ཡིན་ལ། རྗེ་རིགས་སོགས་ཀྱི་ལས་ལ་སྦྱོར་བའི་སྒོ་ནས་སྐྱོན་བརྗོད་ན་ལྟུང་བྱེད་དོ། །རྟགས་ཀྱི་སྒོ་ནས་སྐྱོན་བརྗོད་པ་ནི། འཐེང་པོ་ཡིན་པ་སོགས་ལ་འཐེང་པོ་དང༌། ཞར་བ་དང་ལག་རྡུམ་དང་སྒུར་པོ་དང་མིའུ་ཐུང་དང་འོན་པ་དང་ལོང་བ་དང་ཞེས་སོགས་སྨྲ་ན་ཡང་ལྟུང་བྱེད་ཀྱི་མེའི་ནང་དུ་བསྲེག་པ་འཐོབ་བོ། །འཐེང་པོ་ལ་སོགས་མིན་པ་ལ་དེ་ལྟར་སྨྲ་ན་བརྫུན་དུ་སྨྲ་བའི་ལྟུང་བ་དང་གཉིས་ཆར་འགྱུར་རོ། །ནད་ཀྱི་སྒོ་ནས་སྐྱོན་བརྗོད་པ་ནི། ཁྱོད་ནི་མཛེ་ཅན་དང་ཁྲག་ནད་ཅན་དང་ལྐུགས་པ་དང་ཉམ་ཆུང་དང་གཡན་པ་དང་འོག་ཀྲོལ་ཏེ་སྐྱ་རྦབ་ཅན་དང༌། དེ་ལ་སོགས་པ་སྐྱོན་བརྗོད་པའི་ངན་ཚིག་རྣམས་སྨྲ་ན་སྡོམ་བརྩོན་ལ་ནི་ལྟུང་བྱེད་ཁོ་ནར་འདོད་དོ། །ལྟུང་བའི་སྒོ་ནས་སྐྱོན་བརྗོད་པ་ནི། ཁྱོད་ནི་མ་དག་པ་ལྟུང་བས་བཅོམ་པ་དང༌། གཞན་ལ་གནོད་པས་གདུག་པ་ཅན་དང༌། མི་རིགས་པ་བྱེད་པས་འགྱོད་པ་ཅན་དང༌། ཁྱོད་ནི་ཁྲོ་བའི་མེས་སེམས་རྒྱུད་བསྲེག་པ་ཞེས་སྨྲ་བ་སོགས་ལ་ཡང་ལྟུང་བྱེད་དེ་ཉིད་དོ། །དགེ་སློང་གིས་གཞན་ལ་སྐྱོན་བརྗོད་པའི་བསམ་པ་ཡིས་གཞན་ལ་བོང་བུ་དང་གླང་བུ་སོགས་ཀྱི་མིང་ཉིད་ཀྱིས་བོད་པའི་སྒོ་ནས་གཤེ་བར་བྱེད་ཅིང༌། རྒྱ་གང་སྟེ་བསམ་པ་རྩུབ་པ་ལ་སོགས་པ་ཀུན་ནས་ལྡང་བ་དྲག་པོས་དགེ་སློང་གིས་གཞན་ལ་སྤྱོ་ན་ལྟུང་བྱེད་ཀྱིས་རེག་པར་འགྱུར་རོ། །ཀུན་ནས་ལྡང་བ་ནི། རྒྱུད་བླ་མ་ལས། ཉོན་མོངས་པ་ཀུན་ལྡང་དྲག་དང༌། །ཞེས་གསུངས་པས་ཉོན་མོངས་པ་ནུས་པ་མཐུ་ལྡན་ལ་འདོད་དོ། །གསུམ་པ་དོན་བསྡུ་བ་ནི། རིགས་ལ་སོགས་པའི་སྒོ་ནས་སྐྱོན་བརྗོད་ན་ལྟུང་བར་འགྱུར་བ་དེ་ལྟར་ན་རིགས་དང་བཟོ་དང་ལས་རྣམས་དང་རྟགས་དང་ནད་དང་ལྟུང་བ་དང་ཁྲོ་བ་ལ་སོགས་པའི་ཚིག་གིས་གཞན་ལ་སྨྲ་བར་མི་བྱའོ། །གསུམ་པ་ལྟུང་མེད་ནི། གཞན་དག་གིས་ཐེ་ཚོམ་བསལ་བའི་དོན་དུ་སངས་རྒྱས་ཤཱཀ་ཐུབ་ཀྱི་གདུང་གང་ཡིན་ཞེས་དྲིས་པ་ན། ཤཱཀྱ་ཐུབ་པ་གང་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན་ནོ་ཞེས་སོགས་སྨྲ་བ་ལ་ནི་རིགས་ཀྱི་སྒོ་ནས་སྐྱོན་བརྗོད་པའི་ཉེས་པ་མེད་དོ། །ཕྲ་མ་ལ་ཡང་བསྟན། བཤད་གཉིས་ལས། དང་པོ་ནི། དགེ་སློང་གང་ཞིག་གཞན་འབྱེད་པའི་ཕྲ་མ་སྨྲ་ན་ཡང་ལྟུང་བྱེད་ཀྱི་ལྟུང་བ་འདི་ཉིད་དང་ཡང་དག་པར་ལྡན་ནོ། །ཡུལ་ནི་ཕ་རོལ་པོ་མཐུན་པའི་གང་ཟག་གོ །ཀུན་སློང་དབྱེ་བར་འདོད་པའོ། །སྦྱོར་བ་འབྱེད་པའི་ཚིག་སྨྲ་བར་རྩོམ་པའོ། །མཐར་ཐུག་དོན་གོ་བ་ནའོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། ཕྲ་མའི་མཚན་ཉིད། དཔེར་བརྗོད་དང༌། དབྱེ་བའོ། །དང་པོ་ལ་ཕྲ་མ་ནི་མཐུན་པའི་གང་ཟག་ཕ་རོལ་པོ་དབྱེ་བའི་ཕྱིར་དུ་སྨྲས་པའི་ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླངས་བའི་ཚིག་ཡིན་ནོ། །གཉིས་པ་ནི། དཔེར་ན་རིགས་ངན་འདྲེག་མཁན་དང༌། གྱོལ་པོ་ཞེས་སྨྲ་བར་འདུག་གོ །དེ་སྐད་དུ་སུ་ཞིག་སྨྲ་ཞེ་ན། སྨྲས་པ་དགའ་བྱེད་ཀྱིས་སྨྲས་སོ་ཞེས་ཟེར་བ་ལྟ་བུའོ། །འདི་ལ་ཡང་དེ་སྐད་ཟེར་བ་ལ་དེ་སྐད་དུ་སྨྲ་བ་ནི་ཕྲ་མ་ཁོ་ན་དང༌། མི་བདེན་བཞིན་དུ་སྨྲས་ན་བརྫུན་དང་ཕྲ་མ་གཉིས་ཆར་དུ་འགྱུར་ཞེས་ས་སྡེ་ལས་བཤད་དོ། །གསུམ་པ་ནི། གཞན་གྱིས་གྱོལ་པོ་ཞེས་ཟེར་རོ་ཞེས་པ་འདི་ནི་ཕྲ་མའི་ཕྱོགས་ཙམ་བསྟན་པ་སྟེ། ཕྲ་མའི་སྐབས་འདིར་ཡང་རང་བཞིན་དང་དབྱེ་བ་སོགས་ཐམས་ཅད་སྔ་མ་སྐྱོན་ནས་སྨྲ་བ་བཞིན་དུ་རིགས་དང་བཟོ་ལ་སོགས་པ་ཉིད་ཀྱི་སྒོ་ནས་སྨྲས་པ་ལ་ཉེས་བྱས་དང༌། སོགས་པ་ལྟུང་བྱེད་ཅི་རིགས་པར་ཤེས་པར་བྱས་ཏེ་དགེ་སློང་བློ་དང་ལྡན་པ་ཉིད་ཀྱིས་ཕྲ་མའི་ཚིག་སྤང་བར་བྱའོ། །སྐྱོ་སྔོགས་ལ་བསྟན། བཤད། བསྡུ་བ་གསུམ་ལས། དང་པོ་ནི། དགེ་འདུན་གང་ཞིག་མཆོག་སྟོན་པའི་འབྲས་བུ་གཅིག་པ་ཡིས་ནི་བློ་མཐུན་པར་གྱུར་པའི་ལས་བྱས་པ་ན། དགེ་སློང་འགའ་ཞིག་གིས་ལས་ལ་སྐྱོ་སྔོགས་བྱེད་ན་དགེ་སློང་དེས་དགེ་བ་ཟད་བྱེད་ཀྱི་ལྟུང་བ་འཐོབ་པར་འགྱུར་རོ། །སྐྱོ་སྔོགས་ཞེས་པ་ནི་དགེ་འདུན་གྱིས་བློ་མཐུན་བྱས་པའི་ལས་བཤིག་པར་འདོད་ནས་ཀླན་ཀ་བྱེད་པའོ། །གཞི་ནི་གཞན་དགེ་སློང་གཉིས་ཀྱི་རྩོད་པ་དགེ་འདུན་གྱིས་ཞི་བར་བྱས་པ་ལ་བྱ་ཞིང༌། དེ་བྱེད་པ་ལ་རང་ཉིད་ཀྱང་གཏོགས་པའོ། །ཀུན་སློང་སྐྱོ་སྔོགས་བྱེད་པར་འདོད་པའོ། །སྦྱོར་བ་ངག་གིས་སྔར་བྱས་པའི་ལས་བཤིག་པར་རྩོམ་པའོ། །མཐར་ཐུག་དོན་གོ་བ་ནའོ། །གཉིས་པ་བཤད་པ་ལ་ལྔ་སྟེ། དངོས་གཞི་བསྟན་པ་དང༌། སེལ་བ་བསྟན་པ་དང༌། དངོས་གཞི་གཞན་དང༌། སེལ་བ་གཞན་དང༌། གང་ཟག་གི་མཚན་ཉིད་དོ། །དང་པོ་ནི། མཆོག་སྟེ་འབྲས་བུའམ་སྟོན་པ་གཅིག་པའི་དགེ་འདུན་དག་གིས་བསམ་པ་གཅིག་པའི་སྒོ་ནས་འདུལ་བ་ལས་གསུངས་པའི་ཆོ་ག་བཞིན་དུ་འགྱེད་ཕྱིར་གྱི་རྩོད་པ་དང༌། ལྟུང་ཕྱིར་གྱི་རྩོད་པ་སོགས་རྣམ་པ་བཞིའི་དབང་དུ་བྱས་པའི་ཞི་བྱེད་ཆོས་བཞིན་དུ་བསྟན་པ་དེ་དག་གི་ལས་ལ་སྐྱོ་སྔོགས་བྱེད་པ་ཞེས་བྱ་བ་ནི་རང་ཉིད་ཀྱིས་འདུན་པ་ཕུལ་རྗེས་སུ་འདི་མ་ལེགས་ཞེས་རྩོད་པ་འདིའི་ཞི་བྱེད་ཀྱི་ཆོ་ག་རྫོགས་ནས་སྐྱོ་སྔོགས་བྱེད་ན་ལྟུང་བར་བཅས་སོ། །ཆོ་ག་རྫོགས་མ་རྫོགས་ཐེ་ཚོམ་གྱིས་ཀྱང་ཆོས་ཕྱོགས་སུ་ཞི་བ་ལ་སྐྱོ་སྔོགས་བྱེད་ན་ལྟུང་བ་དང་བཅས་སོ། །ཆོས་མ་ཡིན་གྱི་ཕྱོགས་སུ་ཞི་བ་ལ་སྐྱོ་སྔོགས་བྱེད་ན་ཉེས་བྱས་སོ། །དགེ་སློང་དང་དགེ་སློང་མ་རྩོད་པ་དང༌། དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་རྩོད་པ་ཞི་བར་བྱས་པ་ལ་སྐྱོ་སྔོགས་བྱེད་ན་ཉེས་བྱས་སོ། །གཉུག་མར་གནས་པ་དག་གིས་སྐྱོ་སྔོགས་བྱེད་ན་དངོས་གཞིར་འགྱུར་གྱི། གློ་བུར་བ་དག་གིས་སྐྱོ་སྔོགས་བྱེད་པ་ལ་ནི་ཉེས་བྱས་སོ་ཞེས་རྒྱ་ཆེར་འགྲེལ་ལས་བཤད་དོ། །གཉིས་པ་སེལ་བ་ནི། ཐོག་མར་འདུན་པ་ཕུལ་ནས་ལས་ཀྱིས་མ་བྱང་བ་ལ་བྱང་བར་བྱས་སམ་འོན་ཏེ་མ་བྱས་ཞེས་ཐེ་ཚོམ་གྱིས་སྐྱོ་སྔོགས་བྱེད་ན་ཡང་ཉེས་བྱས་སུ་འགྱུར་ཏེ། དེ་ལ་ནི་ཅིག་ཤོས་ལྟུང་བྱེད་ཀྱི་དངོས་གཞི་མིན་ཞེས་མཁས་པས་རྣམ་འབྱེད་ལས་གསུངས་སོ། །གསུམ་པ་དངོས་གཞི་གཞན་ནི། རྩོད་པ་བཞི་ལས་གཞན་འགྱེད་ཕྱིར་གྱི་རྩོད་པ་དག་གི་དབང་དུ་བྱས་པའི་ཞི་བྱེད་ལ་གཞན་མི་གདམས་པའི་ཕྱིར་གྱི་རྩོད་པའི་དབང་དུ་བྱས་པར་འདུ་ཤེས་པས་སྐྱོ་སྔོགས་བྱེད་ནའང་ལྟུང་བྱེད་དོ། །བཞི་པ་ནི། ཡང་རྫོགས་ཏེ་ཤད་ཀྱིས་བྱང་བ་ལ། མ་རྫོགས་པ་སྟེ་མ་བྱང་བར་འདུ་ཤེས་པས་སྐྱོ་སྔོགས་བྱེད་ན་ལྟུང་བའི་ཚུལ་ནི་སྔར་བཞིན་ཉེས་བྱས་སོ། །ལྔ་པ་གང་ཟག་གི་མཚན་ཉིད་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོ་བཤད་པའོ། །དང་པོ་ནི། གཉུག་མར་གནས་པ་དང༌། ལས་བྱེད་པ་དང༌། འདུན་པ་ཕུལ་བ་དང༌། ལྟ་བ་སྨྲ་བ་དང༌། གློ་བུར་བ་སྟེ་འདི་དག་ནི་གང་ཟག་ལྔ་ཞེས་ཡོངས་སུ་གྲགས་སོ། །གཉིས་པ་ནི། རྩོད་པ་དེའི་ཐོག་མ་དང་ཐ་མ་དང་དབུས་སུ་བྱུང་ཚུལ་གང་ཇི་ལྟ་བ་བཞིན་དུ་རིག་པ་དེ་དག་ནི་གཉུག་མར་གནས་པ་ཞེས་བྱའོ། །དགེ་སློང་གང་ཞིག་རྩོད་པ་ཞི་བྱེད་ཀྱི་ལས་ཀྱི་དབང་དུ་བྱས་པ་ལས། ལས་དེ་བྱེད་པ་དེ་ནི་ལས་བྱེད་པའི་གང་ཟག་ཅེས་བྱའོ། །རྩོད་པ་ཞི་བྱེད་ཀྱི་ལས་བྱེད་པ་དེར་ནི་དགེ་སློང་གང་གིས་ཁོ་བོ་ཡང་ལས་བྱེད་པ་དེ་ལ་འདུན་ནོ་ཞེས་པའི་ཚུལ་གྱིས་འདུན་པ་ཕུལ་བ་དེ་ནི་གང་ཟག་གོ །གང་ལྟ་བ་སྨྲ་བ་ཞེས་བྱ་བ་ནི་སྐྱོ་སྡོགས་བྱེད་འདོད་ཀྱི་བསམ་པ་མེད་པར་གང་དག་དགེ་འདུན་གྱི་དབུས་སུ་རང་གི་རྟོག་ཚུལ་ཞུ་བའི་ཚེ་ན། བདག་གིས་འདི་དང་འདི་ལྟར་མཐོང་གི གཞན་ནི་འདི་དང་འདི་ལྟར་མིན་ཞེས་རང་གི་ལྟ་བ་སྨྲ་བའོ། །རྩོད་པ་དེའི་ཐོག་མ་དང་ཐ་མ་དང་དབུས་སུ་བྱུང་ཚུལ་མི་ཤེས་པ་གནས་དེར་གསར་དུ་འོངས་པ་དེ་ནི་གློ་བུར་དུ་འོངས་པར་འདོད་དོ། །གསུམ་པ་དོན་བསྡུ་བ་ནི། གང་ཟག་ལྔ་ལས་གཉུག་མར་གནས་པ་སོགས་དང་པོ་རྣམ་པ་གསུམ་པོ་ཡིས་རྩོད་པ་ཞི་བྱེད་ཀྱི་ལས་ལ་ཆོས་ཕྱོགས་སུ་ཞི་བར་ཤེས་བཞིན་དང༌། ཐེ་ཚོམ་ཟ་བས་ཀྱང་རྩོད་ན་ལྟུང་བྱེད་དོ། །དམ་པའི་ལས་ཆོས་ཕྱོགས་སུ་རྩོད་པ་ཞི་བ་ལ་གང་ཟག་ཐ་མ་ལྟ་བ་སྨྲ་བ་དང་གློ་བུར་དུ་འོངས་པ་གཉིས་ཀྱིས་རྩོད་ན་ཉེས་བྱས་སོ། །ཆོས་སྟོན་པ་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ལ་བསྟན་བཤད་གཉིས་ལས། བསྟན་པ་ནི། དགེ་སློང་རྣམས་ཀྱིས་དགེ་སློང་མ་རྣམས་ལ་ཆོས་མ་བསྟན་པས་བསོད་སྙོམས་མ་ཕུལ་བའི་དུས་སུ་ཆོས་སྟོན་པ་གནང་བ་ན། ཚིག་ལྔའམ་དྲུག་གིས་ཆོས་བསྟན་དུ་རུང་གི སྨྲ་ཤེས་ཤིང་དོན་རིག་པའི་སྐྱེས་པ་ཁྲིམས་གྲོགས་སུ་མེད་པར་ནི་བུད་མེད་དག་ལ་ཚིག་དྲུག་ལས་ལྷག་པར་ཆོས་སྟོན་ན་ལྟུང་བྱེད་ཀྱི་སྐྱོན་དུ་འགྱུར་བ་ཡིན་ནོ། །འདི་ལ་ཡང་གཞི་ནི་ཁྲིམས་གྲོགས་མེད་པའི་བུད་མེད་ལ་ཆོས་སྟོན་པའོ། །བསམ་པ་ཚིག་དྲུག་ལས་ལྷག་པར་ཆོས་སྟོན་པར་འདོད་པའོ། །སྦྱོར་བ་ཚིག་དྲུག་ལས་ལྷག་པ་སྟོན་པར་རྩོམ་པའོ། །མཐར་ཐུག་བསྟན་ཟིན་པ་ནའོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། གནང་བའི་ཚད་དང༌། ཚད་ལས་འདས་པའི་ལྟུང་བའོ། །དང་པོ་ནི། ཚིག་ལྔ་གང་ཞེ་ན། རྩོམ་བྱེད་ཕུང་པོ་ལྔ་ལས་བརྩམས་ནས། གཟུགས་མཐའ་དག་མི་རྟག་ཅིང༌། དེ་བཞིན་དུ་ཚོར་བ་མཐའ་དག་མི་རྟག འདུ་ཤེས་མི་རྟག འདུ་བྱེད་མི་རྟག རྣམ་ཤེས་ཀྱང་མི་རྟག་ཅེས་པའི་ཚིག་ནི་ཚིག་ལྔར་མཁས་པས་ངེས་པར་རྟོགས་པར་བྱའོ། །ཚིག་དྲུག གང་ཞེ་ན། དབང་པོ་དྲུག་ལས་བརྩམས་ནས། མིག་མི་རྟག་ཅེས་པ་དང༌། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱང་མི་རྟག་ཅེས་པའི་ཚིག་འདི་ནི་ཚིག་དྲུག་བརྗོད་པ་ཡིན་པར་མཁས་པ་རྣམས་ཀྱིས་གསུངས་པ་ཡིན་ནོ། །ཐོག་མར་ཚིག་ལྔ་བསྟན་པར་བྱའོ་སྙམ་དུ་བསམས་ནས་ཤེས་བཞིན་དུ་ཚིག་དྲུག་བརྗོད་པར་བྱེད་ན་ལྟུང་བའོ། །དེ་བཞིན་དུ་ཐོག་མར་ཚིག་དྲུག་བསྟན་པར་བསམས་ནས་ཡང་ཤེས་བཞིན་དུ་བདུན་པ་རྗེས་སུ་སྟོན་ན་ཡང་ལྟུང་བའོ། །གཉིས་པ་ལྟུང་མེད་ནི། གཏམ་འབྲེལ་མེད་དྲུག་ལས་འདས་པར་སྨྲ་ན་ཡང་ཉེས་པ་མེད་དོ། །ཤིན་ཏུ་མྱུར་བར་སྨྲ་བ་ལ་ཡང་ཡུན་ཐུང་བས་དྲུག་ལས་འདས་པར་སྨྲ་ན་ཡང་ཉེས་པ་མེད་དོ། །ཨུཏྤ་ལའི་མདོག་ཅན་གྱིས་གོང་ནས་གོང་དུ་དྲིས་པ་ལ་བརྟེན་ནས་དྲིས་ལན་འདོད་པ་མཁན་བུད་མེད་ལ་ནི་ཞེ་འདོད་དང་མཐུན་པའི་རིགས་པ་དང་ལྡན་པའི་ལན་སྟོན་པ་ལ་ཉེས་པ་མེད་དོ། །དུས་ཁྲིམས་དབོག་པ་ལ་ཡང་ཚིག་དྲུག་ལས་འདས་པ་ལ་ཡང་ཉེས་པ་མེད་དོ། །གནས་ཐ་དད་དུ་གསུངས་པ་བསྡོམས་པས་ཚིག་དྲུག་ཏུ་ལྷག་པ་ལ་ཡང་ཉེས་པ་མེད་དོ། །འདོན་པ་ལ་ཡང་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ནི། དྲུག་སྡེས་དགེ་ཚུལ་ཚེར་མ་པ་དང་ཆེན་པོ་པ་དག་དང་མཉམ་པོར་འདོན་པ་སོགས་བྱས་པ་ལ་བརྟེན་ནས་དགེ་སློང་གིས་བསྙེན་པར་མ་རྫོགས་པ་དང་ཆོས་བརྗོད་པའི་ཚིག་མཉམ་པོར་བརྗོད་པ་ལས་ཀྱང་ལྟུང་བྱེད་དུ་འགྱུར་རོ། །འདི་ལ་གཞི་ནི་བསྙེན་པར་མ་རྫོགས་པའོ། །བསམ་པ་ནི་ཆོས་ཀྱི་ཚིག་མཉམ་པོར་བརྗོད་པར་འདོད་པའོ། །སྦྱོར་བ་ནི་ལྷན་ཅིག་ཏུ་འདོན་པར་རྩོམ་པ་ལ་ཞུགས་པའོ། །མཐར་ཐུག་ལྷན་ཅིག་ཏུ་འདོན་པ་གྲུབ་པ་ནའོ། །གཉིས་པ་ལྟུང་མེད་ནི། སློབ་པར་འདོད་པའི་བསམ་པས་རང་གི་ངག་གི་རྗེས་སུ་དགེ་ཚུལ་གྱི་ངག་གིས་འབྲངས་པ་ལ་ཉེས་པ་མེད་དོ། །འདོན་པ་བྱང་བའི་ཕྱིར་དང་ཁ་ཐོན་སྦྱོང་བའི་དོན་དུ་རང་གི་ངག་གི་རྗེས་སུ་དགེ་ཚུལ་གྱིས་འབྲང་བ་ལ་ཡང་ཉེས་པ་མེད་དོ། །གལ་ཏེ་དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལས་ལུང་ནོད་པར་བྱེད་དགོས་ན་ཅིག་ཆར་རམ་མཇུག་ཐོག་ཏུ་འདོན་ན་ཡང་ཉེས་བྱས་སོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ལ། དགེ་སློང་གཞན་འདི་ནི་གནས་ངན་ལེན་ཚུལ་ཁྲིམས་འཆལ་བ་དང་ལྡན་པའོ་ཞེས་པའི་ཚིག་ཚོགས་དགེ་འདུན་གྱིས་གནང་བ་མེད་པར་རང་དགར་བརྗོད་པར་མི་བྱའོ། །ཉེས་པ་མེད་པ་ནི་དགེ་སློང་དང་དགེ་སློང་མ་སྡིག་ཅན་བྲལ་བ་དང་གསལ་བ་ལྟ་བུ་ཁྱིམ་པ་རྣམས་སུན་འབྱིན་པ་དག་གི་གནས་ངན་ལེན་བརྗོད་པར་དགེ་འདུན་གྱིས་བསྐོས་པ་དག་གིས་ཁྱིམ་པ་རྣམས་ལ་དེ་གཉིས་ཀྱི་གནས་ངན་ལེན་གོ་བར་བྱས་ཀྱང་དགེ་འདུན་གྱིས་གནང་བས་ཉེས་པ་མེད་པ་ལྟ་བུའོ། །གཞི་ནི་དགེ་སློང་དང་དགེ་སློང་མ་གཞན་གྱི་གནས་ངན་ལེན་ནོ། །བསམ་པ་གནས་ངན་ལེན་བརྗོད་པར་འདོད་པའོ། །སྦྱོར་བ་དགེ་འདུན་གྱིས་མ་གནང་བར་གཞན་གྱི་གནས་ངན་ལེན་བརྗོད་པར་རྩོམ་པའོ། །མཐར་ཐུག་ཕ་རོལ་པོས་དོན་གོ་བ་ནའོ། །བརྗོད་པར་བྱ་བའི་གནས་ངན་ལེན་གང་ཞེ་ན། ཕས་ཕམ་པ་དང་དགེ་འདུན་ལྷག་མའི་ལྟུང་བ་ལ་གནས་ངན་ལེན་ཞེས་བརྗོད་དོ། །གནས་ངན་ལེན་འདི་གཉིས་ཀྱི་སྒོ་ནས་སྐུར་པ་འདེབས་པའི་ཚིག་ནི་གནས་ངན་ལེན་བརྗོད་པའོ། །མི་ཆོས་བླ་མ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། སྔ་འགྱུར་ལས། བསྙེན་པར་མ་རྫོགས་པ་རྣམས་ལ། །བདེན་པ་ཉིད་ཀྱི་བླ་མའི་ཆོས། །ཞེས་འབྱུང་སྟེ། ཡུལ་བསྙེན་པར་མ་རྫོགས་པའི་གང་ཟག་དགེ་ཚུལ་ལྟ་བུ་རྣམས་ལ་མིའི་ཆོས་བླ་མ་ཐོབ་པ་ལ་ཐོབ་བོ་ཞེས་བདེན་པ་ཉིད་ཀྱི་སྒོ་ནས་བླ་མའི་ཆོས་སྡོམ་བརྩོན་གང་ཞིག་གིས་སྨྲ་བར་བྱེད་ན་འདི་ལ་ཡང་ནི་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ། །མ་ཐོབ་པ་ལ་ཐོབ་པར་སྨྲས་ན་ཕམ་པར་འགྱུར་རོ། །སྨྲ་བའི་ཡུལ་ནི་བསྙེན་པར་མ་རྫོགས་པའོ། །བརྗོད་བྱ་མི་ཆོས་བླ་མ་བདེན་པའོ། །བསམ་པ་དེ་སྨྲ་བར་འདོད་པའོ། །སྦྱོར་བ་སྨྲ་བ་ལ་ཞུགས་པའོ། །མཐར་ཐུག་གཞན་གྱིས་དོན་གོ་བ་ནའོ། །གཉིས་པ་བཤད་པ་ལ། མིའི་ཆོས་བླ་མ་ཞེས་གསུངས་པ་འདིར་ནི། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། ཐེ་ཚོམ་དང༌། རྒོད་འགྱོད་དང༌། གཉིད་རྨུགས་རྣམས་ལ་སྒྲིབ་པ་རྣམ་པ་ལྔ་ཞེས་བརྗོད་ལ། འདི་རྣམས་ལ་མི་རྣམས་ཀྱི་ཆོས་སུ་བརྗོད་པར་བྱ་བར་ཐོས་སོ། །སྒྲིབ་པ་ལྔ་པོ་འདི་རྣམས་ཟད་པ་ལ་བླ་མའི་ཆོས་སུ་འདོད་དོ། །དེ་གང་ཞེ་ན། བསམ་གཏན་གྱི་དངོས་གཞི་རྣམས་སོ། །ཅིའི་ཕྱིར་བླ་མ་ཞེས་བརྗོད་ཅེ་ན། འདོད་ཁམས་ལས་བླ་མར་གྱུར་པས་བླ་མ་ཞེས་བྱའོ། །གོང་མའི་ཆོས་འདི་བདེན་པར་སྨྲ་ན་ཕ་རོལ་པོས་དོན་གོ་ན་ལྟུང་བྱེད་དོ། །རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་ལ་བཅས་པ་བཤེས་ངོར་བྱེད་པ་ནི། དགེ་འདུན་གྱིས་རྩོད་པ་སྨྲ་བར་མ་གནང་བར་དགེ་འདུན་གྱི་རྫས་གང་ཟག་ལ་སྟེར་བར་བྱེད་ཅེས་རྫས་བྱིན་ནས་སླར་རྩོད་པ་རྩོམ་ན་ནི་སྨྲ་བའི་ཡུལ་ལ་སྐུར་པ་གདབ་བྱའམ། གཞན་གང་ལ་སྨྲས་ཀྱང་སྡོམ་བརྩོན་ལ་རྩོད་པ་དེ་ཡང་ཟད་བྱེད་ཀྱི་ལྟུང་བ་ཉིད་དུ་འགྱུར་རོ། །བཤེས་ངོར་བྱེད་པ་ལ་དེ་ལྟར་བྱས་ཞེས་སྨྲས་ན་ལྟུང་བ་མེད་དོ། །ཡན་ལག་ལ་གཞི་ནི་དགེ་འདུན་དང་གྲོས་མཐུན་པར་དགེ་འདུན་གྱི་རྫས་གང་ཟག་ལ་གནང་བར་བྱེད་པའི་དགེ་སློང་ངོ༌། །ཀུན་སློང་སྐུར་པ་འདེབས་པར་འདོད་པའོ། །སྦྱོར་བ་སྐུར་པ་འདེབས་པར་རྩོམ་པའོ། །མཐར་ཐུག་དོན་གོ་བ་ནའོ། །ཁྱད་དུ་གསོད་པའི་ལྟུང་བྱེད་ནི་དྲུག་སྡེ་ལ་བཅས་པ་སྟེ། འདི་ལ་བཞི་སྟེ། དངོས་གཞི་དང༌། བསྟན་པའི་དགོས་པ་དང༌། སྦྱོར་བའི་དབྱེ་བས་ལྟུང་བ་དུ་མར་འགྱུར་ཚུལ་དང༌། ལུང་གི་ཁུངས་དང་སྦྱར་བའོ། །དང་པོ་ནི། ཟླ་བ་ཕྱེད་ཕྱེད་གསོ་སྦྱོང་བྱེད་པའི་དུས་ལ་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་ན་དྲུག་སྡེས་བསླབ་པ་ཕྲ་བ་གང་ཞིག་ཁྱད་དུ་གསད་པས། ཁྱད་དུ་གསད་པ་དེ་ལ་ཡང་དགེ་བ་ཟད་བྱེད་ཀྱི་ལྟུང་བར་འདོད་པ་ཡིན་ནོ། །ཞུ་བར། སོ་ཐར་ཀློག་པ་ནི་ལྔ་སྟེ། གསོལ་བ་བྱས་ནས་གླེང་གཞི་བཀླགས་ནས་ལྷག་མ་རྣམས་ཐོས་པར་འགྱུར་རོ་ཞེས་སྒྲོགས་པ་དང༌། གསོལ་བ་བྱས་ཏེ་ཕམ་པ་བཀླག དེ་གཉིས་དང་ལྷག་མ་བཀླག དེ་གསུམ་དང་མ་ངེས་པ་བཀླག རྒྱས་པར་བཀླག་པ་རྣམས་ཞེས་སོ། །འདི་ལ་ཡང་གཞི་ནི་གསོ་སྦྱོང་གི་དུས་སུ་སོ་སོར་ཐར་པའི་མདོ་འདོན་པའོ། །བསམ་པ་ནི་བསླབ་པ་ཕྲ་ཞིང་ཕྲ་བ་ཁྱད་དུ་གསོད་པར་འདོད་པའོ། །སྦྱོར་བ་ཁྱད་དུ་གསོད་པའི་ཚིག་སྨྲ་བར་རྩོམ་པའོ། །མཐར་ཐུག་གཞན་གྱིས་དོན་གོ་བ་ནའོ། །གཉིས་པ་བསྟན་པའི་དགོས་པ་ནི། བསླབ་པ་ཁྱད་དུ་གསོད་པ་ལྟུང་བྱེད་དུ་བཅས་པ་ལ་དགོས་པ་ཅི་ཡོད་ཅེ་ན། གསོ་སྦྱོང་བྱེད་པའི་སྐབས་འདིར་བསླབ་པ་ཕྲ་ཞིང་ཕྲ་བ་འདི་དག་ཡང་ཡང་ཉེ་བར་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་ཅེས་དྲུག་སྡེས་སྨོད་པ་ལྟ་བུ་གང་དག་ཉོན་མོངས་ཀྱི་དབང་གིས་བསླབ་པ་ཁྱད་དུ་གསོད་པའི་ཉེས་པ་དགག་པའི་ཕྱིར་ཡིན་ནོ། །གསུམ་པ་ནི། བསླབ་པའི་གྲངས་རྩིས་གདབ་པའི་ཕྱིར་སོ་ཐར་གྱི་མདོ་འདོན་པ་ཡིན་ནམ། དགེ་སློང་རྣམས་ཁྱད་དུ་གསོད་པའི་ཕྱིར་ཡིན་ནམ། དགེ་སློང་རྣམས་སེམས་བསྲེག་པའི་ཕྱིར་ཡིན་ནམ། སེམས་ཡོངས་སུ་གདུང་བའི་ཕྱིར་ཡིན་ནམ། དེ་བཞིན་དུ་དགེ་སློང་རྣམས་སྨ་འབེབས་པའི་དོན་དུ་འདོན་པ་ཡིན་ནམ་ཞེས་སོགས་ཀྱི་ཚིག་འདི་ལྟ་བུ་རེ་རེ་ལ་ཟད་བྱེད་ཀྱི་ལྟུང་བ་བསྐྱེད་དོ། །བཞི་པ་ལུང་གི་ཁུངས་དང་སྦྱར་བ་ནི། འདི་དག་གང་ལས་གསུངས་ཤེ་ན། ཕྲན་ཚེགས་ཀྱི་ལུང་དང༌། སོགས་པ་གླེང་གཞི་དང༌། ལུང་སིལ་བུ་སོགས་ལས་གསུངས་པ་སྟེ། ཇི་ལྟར་གསུངས་ཤེ་ན། ཇི་སྲིད་འདུལ་བའི་བསླབ་པ་དང་འབྲེལ་བས་སོ་ཐར་གྱི་མདོ་འདོན་པའི་གནས་སྐབས་དེར་ནི་དགེ་སློང་གིས་བསླབ་པ་ཕྲ་ཞིང་ཕྲ་བ་ཁྱད་དུ་གསོད་ན་དེ་ཉིད་ལྟུང་བྱེད་དང་བཅས་པར་འགྱུར་རོ། །མདོ་སྡེ་དང་མངོན་པའི་སྐབས་ལ་ཉེས་བྱས་དང༌། འདུལ་བའི་སྐབས་སུ་ལྟུང་བྱེད་དངོས་གཞིར་བཅས་སོ། །བཅུ་ཚན་གཉིས་པ་ལ། སྡོམ་ནི། ས་བོན་འཕྱ་བ་བསྒོ་བ་དང༌། །ཁྲི་དང་གདིང་དང་སྐྲོད་པ་དང༌། །ཕྱིས་གནོན་འབྱུང་དང་འདེབས་པ་དང༌། །རིམ་པ་གཉིས་སུ་བརྩིགས་པའོ། །དང་པོ་དྲུག་སྡེ་ལ་བཅས་པ་ས་བོན་དང་སྐྱེ་བ་འཇོམས་པ་ལ་གསུམ་སྟེ། བསྟན་པ་དང༌། བཤད་པ་དང༌། བསླབ་བྱའོ། །དང་པོ་ནི། དགེ་སློང་རང་ངམ་གཞན་བསྐོས་པ་ཉིད་ཀྱིས་ཀྱང་རུང༌། ནས་དང་སྲན་མ་ལ་སོགས་ས་བོན་གྱི་ཚོགས་མ་ལུས་པ་དང༌། རྩྭ་སྔོན་དང་སྐྱེ་ཤིང་སོགས་འབྱུང་པོའི་གནས་བསམ་བཞིན་དུ་འཇིག་པར་བྱེད་ན་ཐེ་ཚོམ་མེད་པར་གསལ་པོར་ལྟུང་བྱེད་བསྐྱེད་པ་ཉིད་དུ་འདོད་དོ། །འདི་ལ་ཡང་གཞི་ནི་ཕྱི་རོལ་གྱི་ས་བོན་དང༌། སྐྱེ་བ་ཁྱེའུ་ཁ་ཐོན་པ་སོགས་སོ། །ཀུན་སློང་འཇིག་པར་བྱེད་པར་འདོད་པའོ། །སྦྱོར་བ་འཇིག་པར་བྱེད་པར་རྩོམ་པའོ། །མཐར་ཐུག་འཇིག་པར་གྲུབ་པ་ནའོ། །གཉིས་པ་བཤད་པ་ལ་དྲུག་སྟེ། གཞིའི་ཁྱད་པར་དང༌། བསམ་པའི་དང༌། སྦྱོར་བའི་དང༌། སྦྱོར་དངོས་ཀྱི་ཚུལ་དཔྱད་པ་དང༌། དངོས་གཞི་དང༌། སེལ་བའོ། །དང་པོ་ལ་གཉིས་ཏེ། ས་བོན་འཇོམས་པ་དང༌། སྐྱེ་བ་འཇོམས་པའོ། །དང་པོ་ལ། རྩ་བའི་ས་བོན་དང༌། སྡོང་བུ་དང༌། ཐོག་གུ་དང༌། བཀས་པ་དང༌། ས་བོན་གྱི་ས་བོན་རྣམས་སོ། །དང་པོ་ནི། ས་བོན་གང་ཞིག་རྩ་བའི་ངོ་བོར་སྐྱེས་པ་དེ་ནི་རྩ་བའི་ས་བོན་ཞེས་བྱ་སྟེ། གང་ཞེ་ན། ཡུང་བ་དང་སྒེའུ་པའི་དང་གླ་སྒང་དང་ཤུ་དག་ལ་སོགས་སོ། །གཉིས་པ་ནི། སྡོང་པོའི་ས་བོན་དེ་ཡང་ནི་སྡོང་པོ་ཉིད་ས་གང་ལ་ལེགས་པར་བཙུགས་པས་སླར་ཡང་དེ་ལས་སྡོང་བུ་ཉིད་སྐྱེ་བ་སྟེ། གང་ཞེ་ན། ནྱ་གྲོ་དྷ་དང་ཨུ་དུམ་ཝཱ་ར་དང་ཨ་ཤྭ་ཏཱ་དང་ཀ་ར་བཱི་ར་དང་ཀ་པི་ཏ་ལ་སོགས་པ་རྣམས་སོ། །གསུམ་པ་ཐོག་གུའི་ས་བོན་ནི། ས་བོན་གང་ཞིག་བཅད་པའི་རྩེ་མོ་ཐོག་གུ་ཡང་ས་ལ་བཙུགས་པས་འཕེལ་ཞིང་སྐྱེ་བར་འགྱུར་བ་གང་ཡིན་པའོ། །གང་ཞེ་ན། ཀ་ཤི་ཀ་དང་སུར་ཤིང་དང་འདམ་བུ་དང་སྨྱུག་མ་སོགས་ཏེ་དེ་དག་ནི་ཐོག་གུའི་མིང་ཅན་གྱི་ས་བོན་ཡིན་ནོ། །བཞི་པ་ནི། བཀས་པའི་ས་བོན་ཇི་ལྟ་བུ་ཞེ་ན། བཀས་པས་སྐྱེ་བ་ནི་བཀས་པའི་ས་བོན་ཡིན་ཏེ། ཨརྫ་ཀ་དང་ཙ་བུ་དང་ཛཾ་བྷི་ར་དང་པཉྫི་ཀ་དང་ཞེས་སོགས་ཏེ་རྒྱ་སྐད་སོར་གཞག་གོ །ལྔ་པ་ས་བོན་གྱི་ས་བོན་ནི། ཏིལ་དང་མུད་ཀ་ར་དང་གང་ཡང་གཞན་ཏིལ་སོགས་དེ་འདྲའི་ས་བོན་གྱི་རིགས་ཀྱང་ས་བོན་གྱི་ས་བོན་ནོ། །ས་སྡེ་ལས་ས་བོན་གསུམ་གསུངས་ཏེ། འབྲས་བུ་ཕྱུང་ཟིན་པ་དང༌། མ་ཕྱུང་བ་དང༌། འབྲས་བུ་ཉེ་བར་གནས་པའོ། །གསུམ་པ་ནི། ས་བོན་ལྔ་ཆར་ལ་རེ་རེ་ལ་ཡང་གསུམ་གསུམ་དུ་ཡོད་དོ། །གཉིས་པ་སྐྱེ་བ་འཇོམས་པ་ལ་སྐྱེ་བ་ནི་འབྱུང་པོའི་མིང་གི་སྒྲ་ཡིས་བརྗོད་པར་བྱ་བ་ཅན་སེམས་ཅན་གྱི་རིགས་ཀུན་ལ་ངེས་པར་བརྗོད་པར་བྱ་བའོ། །གང་ཞེ་ན། འབུ་སྲིན་དང་ཕྱེ་མ་ལེབ་དང་སྤུར་བ་ལ་སོགས་པ་ཡིན་ལ། དེའི་གནས་ནི་ཤིང་དང་ཚང་ཚིང་དང་རྩ་ལ་སོགས་སུ་གྲགས་སོ། །གཉིས་པ་བསམ་པའི་ཁྱད་པར་ནི། ས་བོན་དང་སེམས་ཅན་གྱི་གནས་དེ་ལ་དེར་འདུ་ཤེས་པས་སམ་དེ་དག་ཡིན་མིན་ཐེ་ཚོམ་ཙམ་གྱིས་ཀྱང་ས་བོན་འཇོམས་པ་དང༌། སྐྱེ་གནས་ཀྱི་ཤིང་སོགས་གཅོད་ན་ལྟུང་བྱེད་དོ། །དེ་ལྟར་ས་བོན་དང༌། སེམས་ཅན་གྱི་སྐྱེ་གནས་རྩྭ་སྔོན་སོགས་དག་འཇོམས་པ་ན་འདི་ལ་ལྟུང་བར་འདོད་དོ་ཞེས་དོན་བསྡུས་སོ། །ས་བོན་གཞན་སྡོང་བུའི་ས་བོན་ལ་གཞན་རྩ་བའི་ས་བོན་ཉིད་དུ་འདུ་ཤེས་པའམ། ཐེ་ཚོམ་གྱིས་ཀྱང་ཉམས་པར་བྱས་པ་ན་ལྟུང་བར་འདོད་དེ། །ས་བོན་ཉམས་པར་བྱས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གསུམ་པ་སྦྱོར་བའི་ཁྱད་པར་ནི། དགེ་སློང་གིས་གཏུན་དུ་རྩ་བའི་ས་བོན་དང་སྡོང་བུའི་ས་བོན་སོགས་ས་བོན་རྣམ་པ་ལྔ་བླུགས་ནས་ཉམས་པར་བྱའོ་ཞེས་ལྷུར་ལེན་པའི་སྒོ་ནས་ཉམས་པར་བྱས་ན་ནི་ས་བོན་གྱི་བྱེ་བྲག་གིས་ལྟུང་བྱེད་ལྔ་འབྱུང་བ་ཉིད་དུ་འདོད་པ་ཡིན་ནོ། །གལ་ཏེ་ས་བོན་དེ་དག་བརྡུངས་ཀྱང་མ་ཉམས་ན་ནི་དེ་དག་ལ་ཉེས་བྱས་ཀྱང་ནི་རྣམ་པ་ལྔའོ། །ས་བོན་དེ་དག་མེར་འཇུག་ན་ཡང་ཉམས་ན་ལྟུང་བྱེད་དང༌། མ་ཉམས་ན་ཉེས་བྱས་སུ་འགྱུར་བའི་ཚུལ་དེ་ཉིད་ཡིན་ནོ། །དགེ་སློང་གིས་ཉམས་པར་བྱའོ་སྙམ་པའི་སེམས་དེ་ལྟ་བུས་ཁུ་ཚན་ལ་སོགས་པར་ས་བོན་བླུག་པ་ལ་ཡང་རུང་རྩྭ་སྔོན་ལ་འཆག་པར་བྱེད་པ་དག་ཀྱང་ཉམས་ན་ལྟུང་བྱེད་དང༌། མ་ཉམས་ན་ཉེས་བྱས་སོ། །ཉམས་པར་བྱ་བའི་སེམས་མེད་ན་དེ་ལྟར་བྱས་ཀྱང་ལྟུང་བ་མེད་ཅེས་རྒྱ་ཆེར་འགྲེལ་ལས་བཤད་དོ། །ཤིང་དང་རེ་ལྡེ་དང་རྡོ་ལ་སོགས་པ་སྔོ་གསར་པ་ལ་འདྲུད་པ་དང༌། སྔོ་གསར་པ་ལ་ཁུ་ཚན་དང་ཐུག་པ་ལ་སོགས་པ་འབོ་པ་ལ་ཡང་ཉམས་ན་ལྟུང་བྱེད་དང༌། མ་མཉམ་ན་ཉེས་བྱས་སུ་འདོད་པ་ཡིན་ནོ། །བཞི་པ་སྦྱོར་དངོས་ཀྱི་ཚུལ་དཔྱད་པ་ནི། སྟྭ་རེ་ལ་སོགས་པ་བསྣུན་པའི་སྦྱོར་བ་གཅིག་ཉིད་ཀྱིས་ཀྱང་འདིར་ཤིང་གཅིག་གཅོད་པར་བྱེད་པ་ན་དགེ་སློང་དེ་ལ་སྦྱོར་བ་ལ་ཉེས་བྱས་དང༌། དངོས་གཞི་ལ་ཟད་བྱེད་ཀྱི་ལྟུང་བ་གཅིག་འབྱུང་བ་ཡིན་ནོ། །བསྣུན་པའི་སྦྱོར་བ་ཡང་གཉིས་བྱས་པ་དག་གིས་སྡོམ་བརྩོན་ཤིང་དང་རྩ་སོགས་གཅིག་གཅོད་པར་བྱེད་པ་ན་སྦྱོར་བ་ལ་ཉེས་བྱས་གཉིས་དང༌། དངོས་གཞི་ལ་ལྟུང་བྱེད་གཅིག་གོ །ཅིའི་ཕྱིར་སྦྱོར་བའི་ཉེས་བྱས་ཀྱི་གྲངས་བཞིན་དུ་དངོས་གཞིའི་ལྟུང་བར་མི་འཇོག་ཅེ་ན། དངོས་གཞི་ནི་རྫས་ཀྱི་སྒོ་ནས་འཇོག་ཅིང་གཅད་བྱའི་རྫས་ཀྱང་གཅིག་ལས་མེད་པའི་ཕྱིར་སྦྱོར་བ་དང་གྲངས་མི་མཉམ་མོ། །དེ་ལྟར་ན་སྦྱོར་བའི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཉེས་བྱས་འདོད་དོ། །དངོས་གཞི་ལ་ནི་རྫས་ཀྱི་ཚད་ཀྱི་དབྱེ་བ་ཡིས་ཟད་བྱེད་ཀྱི་ལྟུང་བ་ཐ་དད་འཇོག་པར་འདོད་དོ། །ལྔ་པ་དངོས་གཞིའི་མཚན་ཉིད་ནི། ལོ་མ་ལ་སོགས་པའི་འདབ་མ་སྔོན་པོ་དང༌། མེ་ཏོག་དང་འབྲས་བུ་དང་མྱུ་གུ་ལ་སོགས་པ་ཁ་འབུས་པ་དང༌། ལོ་མ་ལ་སོགས་པའི་རྩ་བ་ཉིད་དང༌། སྡོང་བུ་དང༌། ཆུ་བ་སོགས་གཅོད་པ་དང༌། ཉ་ཕྱིས་འདོན་ཡང་ལྟུང་བྱེད་ཉིད་ཡིན་ནོ། །ཤིང་སོགས་ཀྱི་ཕྱིའི་ཤུན་པ་དང་འདབ་མ་སྐྱ་བོ་དང་མཚོ་སྐྱེས་དག་རྒྱས་ཟིན་པ་ཉིད་གཅོད་པ་ལ་ནི་ཉེས་བྱས་སུ་གསུངས་སོ། །ས་བོན་འཇོམས་པ་དང་སྐྱེ་བ་གཅོད་པའི་ལྟུང་བ་འབྱུང་བའི་ཚུལ་ཇི་སྐད་བརྗོད་པ་འདི་དག་ནི་མདོར་བསྡུས་པའི་ཚུལ་གྱིས་གསུངས་པ་ཡིན་ནོ། །རྒྱས་པར་གཞན་ལ་ཡང་སྦྱར་རོ། །རྒྱས་པར་བཤད་པ་བསྟན་ཟིན་ཏོ། །གསུམ་པ་བསླབ་བྱ་ལ་གཉིས་ཏེ། འཕྲལ་དུ་དགོས་པའི་བྱ་བ་བསྟན་པ་དང༌། ལས་ལ་ཤིང་གཅོད་ཚུལ་ལོ། །དང་པོ་ནི། སོ་ཤིང་དང་ལོ་མའི་རྩ་བ་དང་ཤུན་པའི་སྨན་དང་ཤིང་གི་འདབ་མ་དང་མེ་ཏོག་དང་འབྲས་བུ་སོགས་འདོན་དགོས་པ་བྱུང་ན་དགེ་སློང་གིས་གཞན་ལས་བླང་བར་བྱའོ། །ཇི་ལྟ་བུས་ཤེ་ན། རིལ་ཆོད་ཅིག་ཅེས་པ་དང༌། ཤོགས་ཤིག་ཆོད་ཅིག་ཅེས་སོགས་ཀྱི་ཚིག་སྤངས་ནས་རུང་བར་གྱིས་ཤིག་ཅེས་པའི་ཚིག་གིས་སོ། །ཡང་སྦྲང་ཚང་དང༌། ཞུ་བའི་འགྲེལ་པ་ལས་ས་ཞག་སྔོན་པོ་ཞེས་གསུངས་པ་ཤ་བ་ལ་ཉིད་དང༌། འབྲུག་བྱུང་བ་ན་འབྱུང་བ་ཤ་མོ་ཞེས་གྲགས་པ་དང༌། འབུ་སྲིན་གྱི་ཚང་ཡང་དབྱུང་བར་མི་བྱའོ། །དེ་བཞིན་དུ་བྱ་ཚང་དང༌། སྤང་ཤ་ཞེས་པ་གསེར་ཤར་གྲགས་པ་དང༌། བརྒྱ་ཡང་ནི་དབྱུང་བར་མི་བྱའོ། །ཐོག་མར་རུང་བ་བྱས་པས་འདབ་མ་གཅོད་པ་དང༌། རྩ་བ་ནས་འདོན་དུ་གཞུག་པ་སོགས་ལ་ཐམས་ཅད་དུ་ཡང་ཉེས་པ་ཡོད་པ་མ་ཡིན་ནོ། །རུང་བ་ནི་གཉིས་ཏེ། ཆེད་དུ་བྱས་པའི་རུང་བ་དང༌། རུང་བ་དང་འདྲ་བའོ། །དང་པོ་ནི། ཞག་བདུན་པ་དང༌། ཐུན་ཚོད་དུ་རུང་བ་ཕྱི་དྲོ་ལོངས་སྤྱོད་པའི་ཚེ་ཆུ་གྲང་མོ་གཏོར་བས་རུང་བར་བྱས་པ་དང༌། ཤིང་ཏོག་དང་ལ་ཕུག་ལྟ་བུ་ལ་སེན་མོས་རྨ་བྱས་པ་ལྟ་བུའོ། །གཉིས་པ་ནི། ཤིང་ཏོག་དང་ལ་ཕུག་ལ་ནེ་ཙོས་རྨ་དོད་པ་ལྟ་བུའོ། །དགོས་པའི་དོན་འདི་དག་ཤེས་པར་གྱིས་ཤིག་ཅེས་བརྗོད་ན་འདབ་མ་དང་མེ་ཏོག་སོགས་འདི་ནི་བླང་དུ་རུང་བ་ཡིན་ནོ། །གཉིས་པ་ལས་ལ་ཤིང་གཅོད་ཚུལ་ལ་གཉིས་ཏེ། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ལ་གཉིས་ཏེ། ཟང་ཟིང་གི་སྦྱིན་པས་ཡོངས་སུ་གཟུང་བ་དང༌། ཆོས་ཀྱི་སྦྱིན་པས་རྗེས་སུ་གཟུང་བའི་ཚུལ་ལོ། །དང་པོ་ནི། སྟོན་པ་འབྲོག་གནས་ན་བཞུགས་པའི་ཚེ་ན། ཤིང་མེད་པར་ལག་གི་གླས་མཁར་ལེན་མ་བྱས་པ་ན་ཆོ་ག་འདི་གསུངས་ཏེ། མཆོད་རྟེན་བརྩིག་པ་སོགས་གསར་བའི་ལས་བྱེད་པ་ལ། ལས་བྱེད་པ་པོ་ཉིད་ཀྱིས་ཞག་དུ་མའི་སྔོན་རོལ་ནས་ཤིང་གི་ལྷ་ལ་གནས་གཞན་ཚོལ་ལ་འདི་ནས་འཕོས་ཤིག་ཅེས་གསོལ་བ་གདབ་ཅིང༌། ཤིང་གི་དྲུང་དུ་དཀྱིལ་འཁོར་བཅས་ནས། གཏོར་མ་དང་མེ་ཏོག་ལ་སོགས་པས་ཆོ་ག་བཞིན་དུ་མཆོད་པར་བྱས་ལ། གཅོད་དུ་རུང་མི་རུང་དགུག་པའི་ཚུལ་དུ་གནས་པར་བྱ། སྔ་འགྱུར་ལས། ཆོ་ག་བཞིན་དུ་མཆོད་ནས་སོ། །ཞེས་འབྱུང་བ་ལྟར་ན། མེ་ཏོག་ལ་སོགས་པས་ཆོ་ག་བཞིན་དུ་མཆོད་ནས་གསོལ་བ་གདབ་པར་བྱའོ་ཞེས་པའོ། །གཉིས་པ་ཆོས་ཀྱི་སྦྱིན་པས་རྗེས་སུ་གཟུང་བ་ལ་གཉིས་ཏེ། སྤྱིར་བསྟན་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཆོས་ཉན་པ་སྦྱིན་པའི་མདུན་རོལ་དུ་རྒྱུན་ཆགས་གསུམ་པ་བྱས་ནས་དམ་ཆོས་ཉན་པ་སྦྱིན་པར་བྱ་སྟེ། ཆོས་བཤད་པར་བྱའོ། །རྒྱུན་ཆགས་གསུམ་པ་གང་ཞེ་ན། ཕྱག་འཚལ་བ་དང༌། མདོ་འདོན་པ་དང༌། སྨོན་ལམ་གདབ་པའོ། །དེ་ལ་ཆོས་ཇི་ལྟར་བཤད་ཅེ་ན། ཤིང་གི་ལྷ་དེ་ལ་དགེ་བའི་ལས་ལམ་བཅུ་པོ་བརྗོད་པར་བྱའོ། །དགེ་བའི་ལས་ལམ་བཅུ་ནི། སྲོག་གཅོད་པ་སོགས་ལུས་ཀྱི་མི་དགེ་བ་གསུམ་སྤོང་བ་དང༌། བརྫུན་ལ་སོགས་པ་ངག་གི་མི་དགེ་བ་བཞི་སྤོང་བ་དང༌། ཡིད་ཀྱི་བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་སྤོང་བའོ། །མི་དགེ་བའི་ལས་ལམ་ནི། དགེ་བཅུའི་བཟློག་ཕྱོགས་རྣམས་སོ། །དགེ་མི་དགེ་རྣམ་སྨིན་གྱིས་བརྗོད་པར་བྱ་སྟེ། དགེ་བས་ནི་མཐོ་རིས་སུ་འབྲས་བུ་བདེ་བ་སྟེར་བར་བྱེད་ལ། ཅིག་ཤོས་མི་དགེ་བས་ནི་ངན་སོང་དུ་ལྟུང་བ་མྱོང་བར་བྱེད་པ་ཡིན་ནོ་ཞེས་བརྗོད་དོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། ཤིང་ལ་སོགས་པ་ཆགས་པས་གཅོད་དུ་མི་སྟེར་བ་དག་ལ་སེར་སྣའི་སྐྱོན་ཡོད་པས་སེར་སྣའི་སྐྱོན་དང་བཅས་པ་བརྗོད་ཅིང༌། སྦྱིན་པའི་ཡོན་ཏན་ལེགས་པར་བརྗོད་པར་བྱའོ། །ཡོན་ཏན་གང་ཞེ་ན། ལྷ་གང་ཞིག་གི་གནས་སུམ་ཅུ་རྩ་གསུམ་ན་དགའ་བའི་ཚལ་དང༌། ཤིང་རྟ་སྣ་ཚོགས་ཀྱི་ཚལ་ལ་སོགས་པ་ཚལ་ཆེན་པོ་བཞི་རྣམས་སུ་ལྷ་མོའི་ཚོགས་རྣམས་དང་ལྷའི་བུ་རྣམས་ཀྱིས་ཡུན་རིང་དུ་རྩེད་འཇོའི་བདེ་བ་ཉམས་སུ་མྱོང་བ་དེ་ནི་སྦྱིན་པའི་འབྲས་བུར་གསུངས་སོ། །སེར་སྣའི་སྐྱོན་གང་ཞེ་ན། བཀྲེས་པ་དང་སྐོམ་པ་དང་ལུས་གདུང་བ་སོགས་ཀྱི་མེ་དག་གིས་ལུས་རིད་ཅིང༌། ལྕེ་དང་མགྲིན་པ་སྐམ་པའི་སྐལ་ངན་གྱི་འགྲོ་བར་འཁོར་བར་བྱེད་པ་དེ་ནི་ཐོག་མ་མེད་པའི་སྲིད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་པའི་བག་ཆགས་མཐུ་དང་ལྡན་པ། འགྲོ་བ་ངན་པ་ཀུན་ལ་ཁྱབ་པས་བྱེད་པ་ཡིན་ནོ། །འབྲས་བུ་ནི་ཡི་དྭགས་གང་མིའི་གཟུགས་དང་འདྲ་བ་བཀྲེས་སྐོམ་གྱི་སྡུག་བསྔལ་ཅན་ནོ། །མཆོག་ཏུ་དོན་མེད་པར་འགྱུར་བའི་བཀྲེས་སྐོམ་གྱི་སྡུག་བསྔལ་ཉམས་སུ་མྱོང་བ་ནི་སེར་སྣའི་འཚེ་བས་བྱས་པ་ཡིན་པར་འདོད་དོ། །སྦྱོར་བ་བསྟན་ཟིན་ཏོ། །གཉིས་པ་དངོས་གཞི་ལ། ཇི་སྐད་བརྗོད་པའི་སྦྱོར་བ་ཞག་བདུན་གྱི་གོང་ནས་བྱས་པས་ཤིང་ལས་ཁྲག་འཛག་པ་དང་འགུལ་བ་ལ་སོགས་པའི་སྒོ་ནས་རྣམ་འགྱུར་མི་སྟོན་ན་གཅོད་དུ་རུང་བའི་ཚུལ་འདི་ལེགས་པར་རིག་ནས་ནི་ཤིང་ཆེན་པོ་གཅད་པ་དང་གཤོག་པ་ལ་སོགས་པ་བྱའོ། །རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་ལ་བཅས་པ་འཕྱ་བ་ལ་བསྟན། བཤད། བསྡུ་བ་གསུམ་ལས། དང་པོ་ནི། དགེ་སློང་དགེ་འདུན་གྱི་ཞལ་ཏ་བྱེད་པ་ལ་རྣམ་པ་དུ་མའི་སྒོ་ནས་འཕྱ་བ་དང༌། དེར་མ་ཟད་གཞོགས་འཕྱས་ཀྱང་བྱེད་ན་སྔར་བཤད་པའི་བསྒོ་བ་ལས་གྱུར་པའི་ལྟུང་བ་འབྱུང་ཚུལ་ཇི་ལྟ་བ་བཞིན་དུ་འཕྱ་བའི་གནས་སྐབས་འདིར་ཡང་གཞན་གྱིས་གསོལ་བའི་ལས་ཀྱིས་ངན་པའི་གྲངས་སུ་བཅུག་ཀྱང་འཕྱ་བ་སོགས་བྱེད་ན་ལྟུང་བ་ཁོ་ནར་བརྗོད་དོ། །འདི་ལ་གཞི་ནི་དགེ་འདུན་གྱི་ས་བསྐོས་པའི་ཞལ་ཏ་པ་ལ་འཕྱ་བ་སོགས་ལ་བརྟེན་ནས་གསོལ་བའི་ལས་ཀྱིས་བདག་ཉིད་ངན་པའི་གྲངས་སུ་བཅུག་པའོ། །བསམ་པ་ནི་རང་གི་དོན་དུ་འཕྱ་བ་དང་གཞོགས་འཕྱས་བྱེད་པར་འདོད་པའོ། །སྦྱོར་བ་འཕྱ་བ་དང་གཞོགས་འཕྱས་སྨྲ་བ་ལ་ཞུགས་པའོ། །མཐར་ཐུག་དོན་གོ་བ་ནའོ། །གཞན་དོན་དུ་འཕྱ་བ་ལ་ནི་ཉེས་བྱས་སུ་བཤད་དོ། །ཆོས་ཀྱི་བཤེས་གཉེན་གྱིས། འཕྱ་བ་ནི་མིང་ནས་དངོས་སུ་སྨོས་པ་ཡིན་ལ། གཞོགས་འཕྱས་ནི་མིང་མ་སྨོས་པར་ཟུར་གྱིས་གོ་བར་བྱེད་པའོ། །གསོལ་བའི་ལས་ཀྱིས་ངན་པའི་གྲངས་སུ་མ་བགྲངས་པའི་གོང་རོལ་དུ་ནི་ཉེས་བྱས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཡུལ་གྱི་མཚན་ཉིད། ཡུལ་གྱི་དབྱེ་བའོ། །དང་པོ་ནི། ཞལ་ཏ་བྱེད་པ་འདི་དག་ལ་འཕྱ་བ་དང་གཞོགས་འཕྱས་བྱེད་པ་ཉིད་ཀྱི་དབང་དུ་བྱས་ནས་དགེ་སློང་གཞན་ལ་འཕྱ་བར་བྱེད་པའི་མཁན་པོ་ཡང་འདིར། གསོལ་བ་དང་གཉིས་ཀྱི་ལས་སྔོན་དུ་འགྲོ་བས་དགེ་འདུན་གྱིས་གང་བསྐོས་པའི་དགེ་སློང་གུས་པས་གནས་ཁང་གཏོད་པ་སོགས་ཀྱི་ལས་རིགས་མི་རིགས་ཀྱི་རྣམ་དབྱེ་ངེས་པ་དང་ལྡན་པ་དེ་ལ་དགེ་སློང་གཞན་གང་ཞིག་འཕྱ་བར་བྱེད་པ་ན་ཁྲོ་སེམས་ཀྱིས་འཕྱ་ན་ནི་ལྟུང་བྱེད་དོ། །ཅིག་ཤོས་ཁྲོ་སེམས་མེད་པ་ཉིད་ལ་ནི་ཉེས་བྱས་སོ། །སྔ་འགྱུར་ལས། དགེ་འདུན་གྱིས་ནི་གང་བསྐོས་པའི། །ཞེས་འབྱུང་བར་ལྟར་རོ། །ཡང་ལས་ལ་དགེ་འདུན་གྱིས་མ་བསྐོས་ཀྱང་ཞལ་ཏ་བའི་ལས་དེ་དག་བྱེད་བཞིན་པ་དང༌། ད་ལྟ་མི་བྱེད་ཀྱང་སྔར་བྱས་པ་དག་ལ་འཕྱ་ནའང་ལྟུང་བྱེད་དོ། །གཉིས་པ་ལ་གཉིས་ཏེ། དངོས་གཞིར་འགྱུར་བའི་ཡུལ་དང༌། སེལ་བར་འགྱུར་བའི་ཡུལ་ལོ། །དང་པོ་ནི། ཡུལ་གང་ལ་འཕྱ་བ་དང་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དུ་འགྱུར་ཞེ་ན། གཞན་ལ་གཙུག་ལག་ཁང་གཏོད་པ་དང༌། ཟས་ཟ་ས་འགྱེད་པ་དང༌། འོ་ཐུག་འགྱེད་པ་དང༌། འབྲས་བུ་སྟེ་བག་ཚོས་འགྱེད་པ་ཉིད་དང༌། ཉི་མ་སྔ་མའི་ལྷག་མ་ཕྱི་དེ་ཉིན་པར་འགྱེད་པ་ཡང་ནི་རུང༌། ཕྲན་ཚེགས་ཏེ་པར་བུར་དག་འདྲེན་པ་དང༌། སྣོད་སྤྱད་རྣམས་འབྲུབ་པ་དང༌། སྲ་བརྐྱང་གི་ཆོས་གོས་གསུམ་པོ་དག་ནི་སྦེད་པ་དང༌། དགེ་འདུན་ལ་ཆོས་གོས་རྣམས་ནི་འགྱེད་པ་དང༌། ཆར་པའི་གནོད་པ་ལས་སྐྱོབ་པའི་དབྱར་གྱི་རས་ཆེན་གྱི་མིང་ཅན་སྦེད་པ་དང༌། ཁང་པ་མཛེས་པར་འཆོས་པ་ཁང་སྐྱོང་དང༌། དེའི་མངག་གཞུག་སྟེ་གྲོགས་བྱེད་པ་དང་བཅུ་གཉིས་སོ། །གཉིས་པ་སེལ་བར་འགྱུར་བའི་ཡུལ་ནི། ཇི་སྐད་བརྗོད་པའི་གང་ཟག་བཅུ་གཉིས་པོ་ལ་འཕྱ་བ་དང་གཞོགས་འཕྱས་ཀྱིས་ལྟུང་བར་འགྱུར་བ་དེ་བཞིན་དུ་སྡེར་སྤྱད་འབྲིམས་པ་དང༌། རྩོད་པ་བྱུང་བ་འགོག་པ་དང༌། དགེ་འདུན་སོ་སོ་ལ་ཆུ་འབྲིམས་པ་དང༌། རྫས་ལ་གནོད་པ་བསྲུང་བའི་དོན་དུ་བྱ་རོག་དང་ནེའུ་ལེ་སོགས་སྐྲོད་པ་དང༌། དགེ་འདུན་སོ་སོ་ལ་མལ་སྟན་དང་འདུག་སྟན་སོགས་སྟོབས་པ་དང༌། ཧ་ཅང་ཟས་ལ་འདུན་པས་འཇིག་རྟེན་མ་དད་པ་འབྱུང་བ་བཟློག་པ་དང༌། ཉེ་བར་མཁོ་བའི་ལས་གཞན་ཡང་བྱེད་པ་འདི་དག་གསོལ་བ་དང་གཉིས་ཀྱི་ལས་གང་ཡིན་པས་དགེ་འདུན་གྱི་ནི་བསྐོ་བར་བྱའོ། །ཕྱི་མ་འདི་དག་ལ་འཕྱ་བ་དང་གཞོགས་འཕྱས་ཀྱིས་ནི་ཉེས་བྱས་སུ་འགྱུར་རོ། །དོན་བསྡུ་བ་ནི། གང་གི་ཕྱིར་གཙུག་ལག་ཁང་གཏོད་པ་ལ་སོགས་པ་དང་པོ་རྣམ་པ་བཅུ་གཉིས་པོ་བྱེད་པའི་ཞལ་ཏ་བ་ལ་ནི་འཕྱ་བ་དང་གཞོགས་འཕྱས་བྱས་པ་ཉིད་ཀྱིས་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་རྣམས་ལ་ལྟུང་བྱེད་དུ་འགྱུར་བར་དངོས་སུ་བསྟན་པའི་ཤུགས་ཀྱིས་ཕྱི་མ་རྣམས་ལ་སེལ་བར་ཤུགས་ལ་འཕངས་སོ། །གཞོགས་འཕྱས་དང་འཕྱ་བ་གཉིས་ཀྱི་ཁྱད་པར་གང་ཞེ་ན། འདིར་གཞོགས་འཕྱས་ནི། ཀུན་སློང་བརྩེ་བ་མེད་པས་ཀུན་ནས་བསླངས་པའི་ཚིག་ཟུར་གྱིས་སྐྱོན་གོ་བར་བརྗོད་པའོ། །འཕྱ་བ་ནི་ཀུན་སློང་བརྩེ་བ་མེད་པས་ཕ་རོལ་པོ་ལ་མིང་དངོས་སུ་སྨོས་པས་སྨོད་པའོ། །ཆོས་ཀྱི་བཤེས་གཉེན་གྱིས་ཀྱང་མིང་ནས་མི་འབྱིན་པར་ཟུར་གྱིས་སྨོད་པ་ནི་གཞོགས་འཕྱས་དང༌། མིང་དངོས་སུ་སྨྲོས་ནས་ཕ་རོལ་པོས་ཐོས་པར་འཕྱ་བ་ཞེས་བཤད་པ་འདི་དང་དོན་གཅིག་གོ །ཀོའུ་ཤཱམྦཱིར་འདུན་པ་ལ་བཅས་པ་བསྒོ་བ་རྣ་ལ་གཟོན་པ་ལ་གསུམ་སྟེ། དངོས་གཞི་དང༌། ལྟུང་མེད་དང༌། ན་སྨད་དོ། །དང་པོ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལས་བརྩམས་ཏེ། གླེང་བར་གཏོགས་པའི་བསྒོ་བ་ཡིས་ཚིག་རྣ་ལ་གཟོན་པ་ནི་ལྟུང་བའོ། །འདིར་བསྒོ་བ་ཞེས་བྱ་བ་ནི་ཁྱོད་ལ་ལྟུང་བ་འདི་ལྟ་བུ་ཡོད་པ་མ་ཡིན་ནམ་ཞེས་འདྲི་བར་བྱེད་པའི་ཚིག་ལ་བརྗོད་དོ། །རྣ་ལ་གཟོན་པ་ཞེས་བྱ་བ་ནི་འོན་པ་ལ་དྲིས་པ་ལྟ་བུ་མ་ཡིན་པར་གཞན་གྱིས་དྲིས་པའི་དོན་ངེས་པའི་སྒོ་ནས་ངན་སེམས་ཀྱིས་ལན་གཞན་ལོག་པར་སྨྲ་བའོ། །གཞན་ས་བརྐོའི་ལྟུང་བྱེད་དྲིས་པ་ན། གཞན་གྱི་སེམས་གདུང་བར་བྱ་བའི་ཕྱིར་དུ་ལན་གཞན་དུ་མེ་རེག་གི་ལྟུང་བའི་ལན་སྨྲ་བ་ཡང་ཡིན་ནོ། །འདི་ལ་གཞི་ནི་དགེ་སློང་གིས་ཚུལ་ཁྲིམས་ཀྱི་བསླབ་པ་ལས་བརྩམས་ཏེ་ཕྱིན་ཅི་མ་ལོག་པར་གླེང་བ་པོ་ཡིན་ལ། བསམ་པ་རྣ་ལ་གཟོན་པར་འདོད་པའོ། །སྦྱོར་བ་དྲིས་པའི་ལན་ལོག་པར་སྨྲ་བའོ། །མཐར་ཐུག་དོན་གོ་བ་ནའོ། །གཉིས་པ་ལྟུང་མེད་ནི། དགྲ་བོ་ཡིས་གསད་བྱའི་གང་ཟག་འདི་ནས་སོང་བ་མཐོང་ངམ་ཞེས་དྲིས་པའི་ཚེ། ངན་སེམས་ལས་གཞན་དུ་བསམ་པ་བཟང་པོས་འདི་སྐད་དུ། ནམ་མཁའ་འམ་སེན་མོ་བདག་གིས་མཐོང་ངོ༌། །དམ་པའི་དོན་དུ་སེམས་ཅན་མཐོང་བ་མིན་ཞེས་མཁས་པ་དག་གིས་གསད་བྱ་བ་སྐྱབས་པའི་དོན་དུ་ཁ་ནས་གཞན་བསླུ་ཚིག་དག་བརྗོད་པ་ལ་ནི་བཀག་པ་མེད་དོ། །གསུམ་པ་ན་སྨད་ནི། འདུལ་བ་ལས་བརྩམས་པའི་གླེང་བར་བྱ་བ་ལྟུང་བ་དྲིས་པའི་ཚེ་ན། རྣ་ལ་གཟོན་པའི་བསམ་པ་ཡིས་སྡོམ་བརྩོན་མི་སྨྲ་བར་འདུག་ན་ཉེས་བྱས་ཀྱི་ལྟུང་བ་ཡིས་ནི་ངན་སོང་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །རྣ་ལ་གཟོན་པ་ནི་གཉིས་ཏེ། ཚིག་གིས་རྣ་ལ་གཟོན་པ་དང༌། ཅང་མི་སྨྲ་བས་རྣ་ལ་གཟོན་པའོ། །མཐར་ལྟུང་བྱེད་དུ་འགྱུར་བ་ལ་ནི། ངག་སྨྲ་བར་འདོད་པས་ཚིག་གིས་རྣ་ལ་གཟོན་པ་དགོས་སོ། །ཅང་མི་སྨྲ་བའི་རྣ་ལ་གཟོན་པ་ལ་ཉེས་བྱས་ཁོ་ནའོ། །མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོ་ལ་བཅས་པ་གནས་མལ་ལ་གསུམ་སྟེ། ལྟུང་བ་དང༌། བསླབ་བྱ་དང༌། ལྟུང་མེད་དོ། །དང་པོ་ལ་བཞི་སྟེ། ལྟུང་བའི་དངོས་གཞི་དང༌། སེལ་བའི་མཚན་ཉིད་དང༌། ཕན་ཕུན་གྱི་དབྱེ་བ་དང༌། གཞན་ལ་ཉེས་པ་འབྱུང་ཚུལ་ལོ། །དང་པོ་ནི། དགེ་འདུན་གྱི་མལ་སྟན་ཟླུམ་པོ་དང༌། སྟན་ནང་ཚངས་ཅན་དང༌། རྐང་རྟེན་གྱི་ཁྲིའུ་དང༌། མལ་ཁྲི་ལ་སོགས་པ་བླ་གབ་སྟེ་ཐོག་མེད་པར་ཡལ་བར་བོར་ནས་ཀྱང་གང་ཟག་གཞན་ལ་སྡུས་ཤིག་ཅེས་མ་བཅོལ་བར་ཡང་ནི་དགེ་སློང་འགྲོ་ན་ཟད་བྱེད་ཀྱི་ལྟུང་བ་ཐོབ་བོ། །དགེ་འདུན་གྱི་གནས་མལ་ཞེས་དགར་པས་གང་ཟག་གི་གནས་མལ་ལ་ནི་དངོས་གཞི་མིན་ནོ། །གཞི་ནི་དགེ་འདུན་གྱི་གནས་མལ་བླ་གབ་མེད་པར་བོར་ཞིང་གཞན་ལ་ཡང་མ་བཅོལ་བའོ། །བསམ་པ་བསམས་བཞིན་དང་བརྗེད་པས་ཀྱང་རུང་ངོ༌། །སྦྱོར་བ་རང་གིས་མ་བསྡུས་པ་དང༌། གཞན་ལ་ཡང་མ་བཅོལ་བའོ། །མཐར་ཐུག་ཕན་ཕུན་དུ་གྱུར་པའོ། །མ་གྱུར་ཀྱང་ཉེ་འཁོར་ལས་འདས་པའོ། །གཉིས་པ་སེལ་བའི་མཚན་ཉིད་ནི། བརྟུལ་ཞུགས་ཅན་གྱི་དགེ་སློང་གིས་ནི་རང་ལ་བཅོལ་བའི་དགེ་འདུན་གྱི་ཁྲི་དང་ཁྲིའུ་སོགས་མ་བསྡུས་པར་ཡུལ་གཞན་དུ་འགྲོ་བ་ན། ཇི་སྲིད་ཁྲི་དང་ཁྲིའུ་ལ་སོགས་པ་བཞག་པའི་ཕྱིའི་མཚམས་ནས་བརྩམས་ཏེ། འདོམ་བཞི་བཅུ་རྩ་དགུ་མ་འདས་པ་དེ་སྲིད་དུ་ནི་ཉེས་བྱས་སོ། །གལ་ཏེ་ཕྱིའི་ཉེ་འཁོར་ལས་འདས་ནས་སླར་ལོག་པའི་ཚེ་ན། གནས་མལ་སོགས་མ་ཉམས་ན་ནི་ཉེས་བྱས་དང་ནི་ལྡན་པར་འགྱུར་ཏེ། མ་ལོག་པའི་ཚེ་ཕན་ཕུན་དུ་གྱུར་ན་ནི་དགེ་སློང་དེ་ལ་དགེ་བ་ཟད་བྱེད་ཀྱི་ལྟུང་བྱེད་བསྐྱེད་དོ། །རྒྱ་ཆེར་འགྲེལ་ལས། ཕན་ཕུན་དུ་གྱུར་ན་མཚམས་ལས་མ་འདས་ཀྱང་ལྟུང་བ་དངོས་གཞིར་འགྱུར་ལ། མཚམས་ལས་འདས་ན་ཕན་ཕུན་དུ་མ་གྱུར་ཀྱང་ལྟུང་བ་དངོས་གཞིར་བཤད། གཞུང་འདིའི་དོན་ནི། མཚམས་ལས་འདས་ཀྱང་དེའི་ཉིན་ཕྱིར་ལོག་པའི་དུས་སུ་ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སུ་འདོད་པ་མངོན་ནོ། །དགག་བྱའི་གཙོ་བོ་ཕན་ཕུན་དུ་གྱུར་པ་ཡིན་པས། དེ་མ་བྱུང་ན་ཉེས་པ་ཆུང་བར་དགོངས་སོ། །གསུམ་པ་ཕན་ཕུན་གྱི་དབྱེ་བ་ནི། མེའི་ཕན་ཕུན་དང༌། རླུང་གི་ཕན་ཕུན་དང༌། ཆར་པའི་ཕན་ཕུན་གྱི་དབྱེ་བས་ཕན་ཕུན་རྣམ་པ་གསུམ་དུ་ལུང་ལས་གསུངས་སོ། །གསུམ་པོ་གང་ཞེ་ན། མེ་ཡིས་སྟན་ལ་སོགས་པ་རིམ་པ་གཉིས་བར་ཚིག་ན་ནི་མེའི་ཕན་ཕུན་ཞེས་བྱའོ། །སྟན་ལ་སོགས་པ་རླུང་གིས་རིམ་པ་གཉིས་དག་ཟློག་ན་ནི་རླུང་གི་ཕན་ཕུན་ཉིད་ཅེས་བྱའོ། །མལ་སྟན་ལ་སོགས་པ་ཆར་ཆུ་ཡིས་རིམ་པ་གཉིས་པ་ཕིགས་ན་ཆར་པའི་ཕན་ཕུན་ཞེས་བྱ་བ་ཡིན་ནོ། །མེ་ལ་སོགས་པའི་ཕན་ཕུན་གྱི་ལྟུང་བའི་རྣམ་གཞག་འདི་ལ། གཙུག་ལག་ཁང་དུ་ཞུགས་པ་ན་ཕྱིའི་མཚམས་ལས་མ་འདས་པར་ལོག་པའི་ཚེ་ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་དང༌། སོགས་པའི་སྒྲས་བསྡུས་པ་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དངོས་གཞིར་འགྱུར་རོ་ཞེས་པའི་རྣམ་གཞག་དག་སྔ་མ་བཞིན་དུ་ཡང་དག་པར་བཤད་དོ། །བཞི་པ་གཞན་ལ་ཉེས་པར་འགྱུར་ཚུལ་ནི། གནས་མལ་སྦེད་པ་བརྗེད་ནས་རང་ཉིད་ལམ་དུ་རབ་ཏུ་ཞུགས་པ་ན་མ་བརྟུལ་བ་དེ་ལྟའི་གཞི་གལ་ཏེ་དྲན་པར་འགྱུར་ན། ཐག་ཉེ་ན་ལོག་ནས་བརྟུལ་ཞིང༌། ཅི་སྟེ་ཐག་རིང་བར་སོང་ན་དྲན་པ་དེའི་མོད་ལ་བདག་ནི་བྱིས་པའི་རང་བཞིན་ཐུབ་པའི་བསླབ་པ་བརྗེད་པའོ་ཞེས་བདག་ཉིད་ལ་ཡང་དག་པར་སྨད་ནས། དེ་ཡིས་ཇི་སྲིད་དུ་དགེ་སློང་གཞན་གནས་དེར་འགྲོ་བ་མཐོང་ན། དེའི་ཐད་དུ་ཉེ་བར་སོང་ནས་ནི། གནས་མལ་དང་མལ་སྟན་སྦ་བའི་ཕྱིར་དུ་གུས་པ་སྔོན་དུ་འགྲོ་བས་དགེ་སློང་དེ་ལ་གསོལ་བ་གདབ་པར་བྱའོ། །བསླབ་བྱ་འདི་ལྟར་ན། མཚམས་ལས་འདས་པ་ཙམ་གྱིས་ལྟུང་བྱེད་དངོས་གཞིར་མི་འགྱུར་བར་གསལ་ལོ། །གལ་ཏེ་དགེ་སློང་གཞན་དེ་ཡིས་བཅོལ་པའི་ཚིག་ཐོས་ནས་ཀྱང་གནས་མལ་སོགས་དེ་དག་སྦ་བརྟུལ་མི་བྱེད་ན། བཅོལ་བའི་ཡུལ་དགེ་སློང་དེ་ཡང་ལྟུང་བྱེད་ཀྱི་མདའ་ཕོག་པ་ཡིས་བྱས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །གལ་ཏེ་རང་ཉིད་སྦ་བརྟུལ་བྱེད་པའི་ཕྱིར་དུ་ལོག་པ་ལ་སྲོག་དང་ཚངས་སྤྱོད་ཀྱི་བར་གཅོད་ཡོད་ན། མ་ལོག་ཀྱང་ཉེས་པ་མེད་པར་བཤད་པས་མཚམས་ལས་འདས་པ་ཙམ་གྱིས་ལྟུང་བྱེད་དངོས་གཞི་མ་ཡིན་ནོ། །གཉིས་པ་བསླབ་བྱ་ལ་བཞི་སྟེ། གནས་མལ་གཡར་པོར་སྦྱིན་པ་དང༌། བྱིན་པ་བསྲུང་བའི་གང་ཟག་དང༌། བརྟུལ་པའི་རིམ་པ་དང༌། ཆོས་སྨྲ་བ་ལ་གུས་པར་བྱའོ། །དང་པོ་ནི། དགེ་སློང་རྣམས་ཁྱིམ་པས་མགྲོན་དུ་བོས་པའི་ཚེ་མི་འགྲོ་བ་དང༌། སྟན་གཡར་བོ་མ་བྱིན་པ་ལ་བརྟེན་ནས་ཁྱིམ་པས་དགེ་སློང་རྣམས་མགྲོན་དུ་བོས་པའི་ཚེ་འགྲོ་བར་བྱ་ཞིང་སྟན་ཡང་གཡར་བར་བྱ་བར་གསུངས་སོ། །ཁྱིམ་པ་ལ་འདུག་སྟན་ལ་སོགས་པ་གཡར་བ་ན་ཕན་ཚུན་དགེ་ཚུལ་དག་གམ་ཁྱིམ་པ་ཡིས་བསྐུར་བར་བྱ་ཡི། དགེ་སློང་རང་གིས་བསྐུར་བ་མ་ཡིན་ནོ། །ཡང་གཙུག་ལག་ཁང་དུ་ཁྱིམ་པ་རྣམས་ལྟད་མོ་ལ་ཕྱིན་ནས་ཟན་ཟ་བའི་དུས་སུ་སྟན་མ་གཡར་བའམ། ཟས་མ་རྫོགས་པར་སྟན་ཕྲོགས་པ་ལ་བརྟེན་ནས། གཙུག་ལག་ཁང་དུ་ཁྱིམ་བདག་ལྟད་མོ་ལ་ལྷགས་ནས་ཟན་ཟ་བའི་ཚེ་ན། ཟན་ཟ་བ་རྫོགས་ཀྱི་བར་དུ་འདུག་སྟན་སྦྱིན་པར་བྱ་ཞེས་གསུངས་སོ། །གཉིས་པ་ནི། ཁྱིམ་ནས་ལངས་ཏེ་ཕྱིན་པ་ན། སྟན་རྐུན་པོས་ཁྱེར་བ་ལ་བརྟེན་ནས་སྟན་དེ་དག་སྲུང་མཁན་གཞག་གོ །སྲུང་མཁན་དེ་ཡིས་བསྲུང་བའི་བར་དུ་ཡང་རང་གིས་ཀློག་པ་དང་བསམ་གཏན་སོགས་མ་ཉམས་པར་བྱས་ནས་བསྲུང་ངོ༌། །སྲུང་བ་པོ་ཇི་ལྟ་བུ་དགོས་ཤེ་ན། སྲུང་བ་པོ་ནད་པ་དང༌། ནད་གཡོག་དག་དང༌། ཤིན་ཏུ་རྒན་པོར་གྱུར་པ་དང༌། ཚུལ་ཁྲིམས་འཆལ་བ་དང༌། ནད་འཁོན་དང་བཅས་པ་དང༌། བསྙེན་པར་མ་རྫོགས་པ་དགེ་ཚུལ་མན་ཆད་ལ་ནམ་ཡང་སྟན་བསྲུང་བའི་ཡིད་བརྟན་མི་བྱའོ། །སྐྱོན་འདི་དག་དང་བྲལ་བའི་དགེ་སློང་སྲུང་མཁན་ལ་གཞག་གོ །གསུམ་པ་བརྟུལ་བའི་རིམ་པ་ནི། དགེ་སློང་རྒན་གཞོན་གཉིས་སྟན་གཅིག་ལ་འདུག་པ་ན་སྟན་དེ་དག་གསར་བུས་བརྟུལ་བར་བྱ་ཞིང༌། གལ་ཏེ་གཉིས་ཀ་གསར་བུ་ཡིན་ན་ནི་གང་ཕྱི་ནས་དོང་བས་ཏེ་ལངས་པས་སྟན་བརྟུལ་བར་བྱ་བ་ཡིན་ནོ། །བཞི་པ་བླ་མ་ལ་དམ་པའི་ཆོས་ཉན་པ་དང༌། ཀུན་དགའ་ར་བར་གསོ་སྦྱོང་ལ་འཚོགས་པ་ལ་སོགས་པའི་དུས་སུ་གནས་བརྟན་ཤིན་ཏུ་རྒས་པས་ལུས་ཤེད་ཆུང་བ་འཁྲད་མི་ཚུགས་པ་ཡིས་དགེ་སློང་གཞན་དང་ལྷན་ཅིག་ཏུ་འཚོགས་པ་ན་གང་དུ་འདུག་ས་དེར་འདུག་སྟན་གཞག་པར་བྱ། འགྱེལ་བ་བསྲུང་བ་ཉིད་ཀྱི་ཕྱིར་ཡང་རྒྱབ་རྟེན་གཞག་པར་བྱའོ། །འདུག་སྟན་དང་རྒྱབ་རྟེན་སོགས་གཞག་དགོས་པ་དེའི་ཕྱིར་སྒོ་གསུམ་ཐམས་ཅད་ཀྱིས་བསྙེན་བཀུར་གྱི་ཆོ་ག་ནི། བླ་མ་དང་སློབ་མ་གཉིས་ཀ་ལ་ཡང་ཕན་པར་འདོད་པས་བླ་མ་ལ་བརྟེན་ནས་བྱ་བར་མཁྱེན་མཆོག་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གསུམ་པ་ལྟུང་མེད་ལ་བཞི་སྟེ། གློ་བུར་གྱི་རྐྱེན་གྱིས་ཉེས་པ་མེད་པ། ཞར་ལ་ཉེ་འཁོར་གྱི་ཚད་བསྟན་པ། དགོས་པའི་རྐྱེན་གྱིས་ཉེས་པ་མེད་པ། ཡུལ་གྱི་སྟོབས་ཀྱིས་ཉེས་པ་མེད་པའོ། །དང་པོ་ནི། དགེ་སློང་གཞོན་ནུ་ཞིག་ཕྱི་རོལ་དུ་དོང་བའི་བར་ལ་དགེ་འདུན་གྱིས་གཙུག་ལག་ཁང་གི་སྒོ་བཅད་པས། ཁྱིམ་གཞན་དུ་གདུགས་ཚོད་ལ་སྔ་ཚོམས་སུ་སོང་བ་ན། གཞོན་ནུའི་གདུགས་ཚོད་བཅག་པས་རིངས་པའི་རྐྱེན་དག་བྱུང་བ་ན་རྩིག་པའི་རྩ་བའམ་ཤིང་གི་དྲུང་དུ་མལ་སྟན་བཞག་པ་ལ་ནི་ཉེས་པ་མེད་དེ། རྐྱེན་གྱི་དབང་གིས་གནང་བས་སོ། །དེས་ན་གློ་བུར་དུ་གང་ཟག་གཞན་གྱི་ཟན་གཅད་པར་མི་བྱའོ་ཞེས་གདམས་སོ། །གཉིས་པ་ཞར་ལ་ཉེ་འཁོར་གྱི་ཚད་བསྟན་པ་ནི། གནས་གང་དུ་སོང་ནས་མིག་གིས་བལྟ་བའི་ཡུལ་མིན་པར་གྱུར་པའམ། སྔར་གསུངས་པའི་ཆོས་གོས་ཀྱི་ཉེ་འཁོར་ཇི་སྲིད་པ་དེ་སྲིད་ཀྱི་ཚད་ཙམ་མལ་སྟན་གྱིའང་ཉེ་འཁོར་གྱི་ཚད་དུ་གཟུང་ངོ༌། །དེ་ཡང་རྩིག་པ་སོགས་ཀྱིས་བསྐོར་བ་ཡིན་ན་སྒོ་ཁང་ནས་འདོམ་བཞི་བཅུ་རྩ་དགུ་ནི་ཉེ་འཁོར་རོ། །གསུམ་པ་དགོས་པའི་རྐྱེན་གྱིས་ཉེས་པ་མེད་པ་ནི། འཁོར་བའི་སྡུག་བསྔལ་སྤངས་པས་ཤིན་ཏུ་བདེ་བའི་གནས་ཐར་པ་སྒྲུབ་པར་བྱེད་པའི་ཆོས་དགོས་འདོད་འབྱུང་བས་རིན་པོ་ཆེ་དང་འདྲ་བ་སྟོན་པ་ན། བཤད་པར་བྱ་བའི་སྟོན་པའི་བཀའ་ལ་མཆོད་པར་བྱ་བའི་བསམ་པས་སྟན་མཐོ་བ་དང་མཛེས་པ་ལ་འདུག་པར་བྱའོ། །ཁྲི་རྐང་ལ་སེང་གེའི་གདོང་བྲིས་པའི་སེང་གེའི་ཁྲི་ཡང་ཆོས་སྟོན་པ་ན་བཅང་བར་བྱའོ། །ཁྲིའི་ཁྱད་པར་ནི། གྲུ་བཞི་ངོས་རབ་ཏུ་མཉམ་པ་ལ་བདེ་བའི་སྟན་དང༌། རྒྱབ་རྟེན་དང༌། རྐང་རྟེན་དང༌། ཁྲི་ལ་འཛེག་པའི་སྐས་དང་བཅས་པ་དང༌། ཆུན་འཕྱང་དང་མཛེས་པའི་བླ་རེ་ལེགས་པར་བཀོད་པའི་སེང་གེའི་ཁྲི་ཡང་ཆོས་སྟོན་པའི་ཁྲིར་བཅང་བར་བྱའོ། །ཆོས་སྟོན་པ་དེའི་ཚེ་ནོར་ཡོད་པ་དག་གིས་ཕུལ་བའི་ཁྲི་ལ་འདུག་པར་རྗེས་སུ་གནང་པའི་ཕྱིར་རིན་པོ་ཆེའི་རྒྱན་ཀུན་གྱིས་མཛེས་པར་སྤྲས་ཤིང༌། བཟོ་ལེགས་པར་བྱས་པ་དེ་ལ་འདུག་པར་བྱ་བ་ཉིད་དོ། །བསམ་པ་ཇི་ལྟ་བུས་ཤེ་ན། འདུས་བྱས་ཐམས་ཅད་མི་རྟག་པར་ཡིད་ཆེས་པས་འདུག་པར་བྱའོ། །དེ་ལྟར་འདུས་བྱས་ཐམས་ཅད་མི་རྟག་པར་ཡིད་ལ་བྱེད་པ་དང༌། སྦྱིན་བདག་ལ་ཡང་བསོད་ནམས་གསོག་པའི་སྒོ་ནས་ཕན་པའི་ཕྱིར་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་མཛེས་པའི་ཁྲི་ལ་སྡོམ་བརྩོན་ཆོས་སྟོན་པ་ན་འདུག་པར་བྱའོ། །གསུམ་པ་ནི། ཡུལ་གྱི་སྟོབས་ཀྱིས་རིན་པོ་ཆེའི་ཁྲི་ལ་འདུག་པ་ལ་ཉེས་པ་མེད་པའི་གནས་སྐབས་ནི། གནོད་སྦྱིན་གྱི་གནས་དང༌། ཀླུའི་ཡུལ་དང༌། ལྷ་མིན་གྱི་གནས་དང༌། ལྷའི་ཡུལ་ལ་སོགས་པ་ལོངས་སྤྱོད་རིན་པོ་ཆེ་ལས་གྲུབ་པ་དག་ལ་རིན་པོ་ཆེའི་སྣོད་དང་ས་གཞི་ལ་སོགས་པ་ལ་རེག་ཀྱང་ལྟུང་བའི་སྐྱོན་མེད་དེ། གང་གི་ཕྱིར་ན་རིན་པོ་ཆེ་འདི་དག་ལྷ་ལ་སོགས་པ་དེ་དག་གི་བསོད་ནམས་ལས་དེ་དག་གི་ལོངས་སྤྱོད་རྩོལ་མེད་དུ་ལེགས་པར་གྲུབ་པའི་ཕྱིར་རོ་ཞེས་ཐུབ་པས་རྣམ་འབྱེད་ལས་གསུངས་པའི་ཕྱིར་རོ། །ལྷོ་ལམ་ནས་འོངས་པའི་དགེ་སློང་གཉིས་ལ་བཅས་པ་གདིང་བ་ལ་གཉིས་ཏེ། ལྟུང་བའི་རྣམ་གཞག ཇི་ལྟར་བསྟེན་པའི་ཚུལ་ལོ། །དང་པོ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། དགེ་འདུན་གྱི་གཙུག་ལག་ཁང་དག་ཏུ་སྡོམ་བརྩོན་གྱིས་རྩྭ་སོགས་བཏིང་ནས་ནི་མ་བསྡུས་ཤིང་གཞན་ལ་མ་བཅོལ་བར་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་པ་སོགས་ཀྱི་རྐྱེན་མེད་བཞིན་དུ་གྱི་ནར་ཡང་བོར་ནས་འགྲོ་བར་བྱེད་ན་ལྟུང་བའོ། །རྐྱེན་དེ་ལྟ་བུ་བྱུང་ན་ནི། མ་བརྟུལ་ཡང་ལྟུང་བ་མེད་དོ། །འདི་ལ་གཞི་ནི་དགེ་འདུན་གྱི་གཙུག་ལག་ཁང་སྲོག་ཆགས་སྐྱེ་བའི་ཉེས་དམིགས་ཡོད་པའི་སར་རང་ངམ་གཞན་བསྐོས་པས་རྩྭ་སོགས་གདིང་བར་བྱ་བ་བཏིང་ནས་མ་བསྡུས་པའོ། །བསམ་པ་ནི་ཤེས་བཞིན་དུའམ་བརྗེད་ཀྱང་རུང་ངོ༌། །སྦྱོར་བ་ནི་རང་གིས་མ་བསྡུས་པའམ། གཞན་ལ་མ་བཅོལ་བར་ཉེ་འཁོར་ལས་གཞན་དུ་འགྲོ་བར་རྩོམ་པའོ། །མཐར་ཐུག་ཉེ་འཁོར་ལས་འདས་པའོ། །གཉིས་པ་བཤད་པ་ལ་གཉིས་ཏེ། དངོས་གཞི་དང༌། སེལ་བའོ། །དང་པོ་ནི། མལ་སྟན་མ་བསྡུས་ན་ཉེ་འཁོར་ལས་མ་འདས་ཀྱང་ཕན་ཕུན་དུ་གྱུར་པ་ན་ལྟུང་བ་དང༌། འདས་ན་ཕན་ཕུན་དུ་མ་གྱུར་ཀྱང་ཉེས་བྱས་སུ་བཤད་པ་ཉིད་ཀྱི་རིགས་པ་འདི་ཡིས་མལ་སྟན་གྱི་རྗེས་ལ་བསྟན་པ་རྩྭ་སོགས་གདིང་བ་འདི་ལ་ཡང་འདུལ་བའི་ཆོ་ག་ལ་མཁས་པས་སྔ་མ་ཁོ་ན་ལྟར་ངེས་པར་ལྟུང་བ་ཉིད་དུ་འགྱུར་པར་བཤད་དོ། །གཉིས་བསེལ་བ་ནི། རི་བྲག་ཅིག་ཏུ་ཁྱིམ་བདག་གིས་གཞན་གྱིས་གདིང་བའི་རྩ་སོགས་མི་གཅང་བའི་ས་ཕྱོགས་སུ་བོར་བ་ལ་བརྟེན་ནས། གཙུག་ལག་ཁང་དུ་བསྡུ་དགོས་པའི་རྩྭ་སོགས་ཀྱི་གདིང་བ་ཡང་ཆུའི་ནང་དུ་དོར་ནས་གཞན་དུ་འགྲོ་བ་བྱས་སམ། ཁྱིམ་གཞན་དུ་བཏིང་བའི་རྩྭ་སོགས་ཀྱང་མི་བརྟུལ་ལམ། ཅི་དགའ་བར་མ་བརྟུལ་ན་ཉེས་བྱས་སོ། །ཡང་ན་ཁྱིམ་གཞན་དུ་རྩྭ་སོགས་བཏིང་བའང་ཁྱིམ་བདག་རྣམས་ལ་དྲིས་ནས་བརྟུལ་ཟེར་ནའང་མ་བརྟུལ་ལམ། ཁྱིམ་བདག་གིས་མ་བསྐོས་བར་ཆུའི་ནང་དུ་དོར་ནས་སམ། གཙུག་ལག་ཁང་དུ་གདིང་བ་ཐོབ་པ་སྟེ་དགོས་པའི་རྩྭ་སོགས་ཀྱང་ནང་དུ་མ་བརྟུལ་ན་ནི་ཉེས་བྱས་སོ་ཞེས་པ་སྔ་འགྱུར་ལྟར་བྱས་སོ། །གཉིས་པ་ཇི་ལྟར་བསྟེན་ཚུལ་ནི། བསམ་གཏན་པའི་འཆག་པའི་ས་རྒྱ་ཁྱོན་ཆེ་བ་དགོས་པས་ཁྲུ་ནི་བཅོ་བརྒྱད་ཀྱི་ཚད་དག་ཏུ་བྱའོ། །ཁ་ཏོན་པའི་འཆག་ས་ནི། བསམ་གཏན་པའི་འཆག་ས་ཙམ་མི་དགོས་པས་ཁྲུ་བཅུ་གཉིས་བྱའོ། །འཆག་ས་དེ་རྐང་འོག་ཏུ་རྩུབ་ན་བར་ཐང་སྟེ་རྩྭ་དང་ཤིང་བལ་ལ་སོགས་པ་གདིང་ངོ༌། །རླན་ཆེ་བའི་གནས་སུ་རྩྭ་སོགས་བཏིང་བ་ལས་གཞན་དུ་མ་བཏིང་ན་ནད་བསྐྱེད་པར་འགྱུར་བས་ན་ས་གཞི་དག་ཏུ་རྩྭ་གདིང་བར་བྱའོ། །འཆག་པའི་དུས་སུ་ཡང་སྤྱོད་ལམ་གཟོབ་པའི་བག་ཡོད་དང༌། བླང་དོར་ཕྱིན་ཅི་མ་ལོག་པའི་ཤེས་བཞིན་དང་བཅས་པས་གཅག་གོ །རླན་ཆུང་ན་གཏིང་བའི་རྩྭ་སོགས་ཟླ་བ་ཕྱེད་ཕྱེད་ཅིང་སྐྱོང་ནུལ་བྱའོ། །ས་རླན་ཆེ་ན་ཉིན་རེ་བཞིན་བླ་འོག་བསྒྱུར་བར་བཤད་དོ། །འཆར་ཀ་ལ་བཅས་པ་གཉིས་ཡོད་པ་ལས། དང་པོ་སྐྲོད་པ་ལ་གཉིས་ཏེ། རང་གིས་སྐྲོད་པ་དང༌། བཅོལ་ཏེ་སྐྲོད་པའོ། །དང་པོ་ནི། དགེ་སློང་གི་དགེ་འདུན་གྱི་གཙུག་ལག་ཁང་ནས་ནི་ཞེ་སྡང་བས་དགེ་སློང་གཞན་ཕྱིར་ལ་སྐྲོད་ན་སྐྲོད་པ་པོའི་དགེ་སློང་ལ་ནི་ལྟུང་བྱེད་འབྱུང་བར་གསུངས་སོ། །ཡང་མ་བསྐྲད་ན་བསྐྲད་བྱ་ཉིད་ལ་གནོད་པ་དང༌། དགེ་འདུན་འཁྲུགས་པ་ལ་སོགས་པ་དེ་འདྲའི་རྐྱེན་ཡོད་པ་ཅན་ཡིན་ན་ལྟུང་བ་སྐྱེད་བྱེད་དུ་མ་གཏོགས་སོ། །སྔ་འགྱུར་ལས། དེ་འདྲའི་སྐྱོན་ནི་མ་གཏོགས་སོ། །ཞེས་འབྱུང་བ་ལྟར་ལེགས་སོ། །འདི་ལ་ཡང་གཞི་ནི་དགེ་སློང་དགེ་འདུན་གྱི་གཙུག་ལག་ཁང་ནས་སྐྲོད་པའོ། །བསམ་པ་ནི་ཞེ་སྡང་བས་སྐྲོད་པར་འདོད་པའོ། །སྦྱོར་བ་གཞན་སྐྲོད་པ་ལ་ཞུགས་པའོ། །དངོས་གཞི་ཕྱི་རོལ་དུ་ཐོན་པའོ། །དགག་བྱ་གཞན་ལ་གནོད་པའོ། །གཉིས་པ་བཅོལ་ཏེ་སྐྲོད་པ་ལ་གཉིས་ཏེ། དགེ་སློང་ལ་བཅོལ་བ་དང༌། དགེ་སློང་མ་ཡིན་པ་ལ་བཅོལ་བའོ། །དང་པོ་ནི། གལ་ཏེ་རང་མིན་པའི་དགེ་སློང་གཞན་ལ་བཅོལ་ཏེ། སེམས་སྡང་པ་དང་བཅས་པས་དགེ་སློང་གཞན་སྐྲོད་དུ་འཇུག་ན་ཡང་དང་པོའི་སྐྲོད་དུ་འཇུག་བྱེད་དང༌། དངོས་སུ་སྐྲོད་མཁན་གྱི་དགེ་སློང་དེ་དག་གཉིས་ཀ་ལ་ཡང་ལྟུང་བྱེད་འབྱུང་བ་ཁོ་ནར་གསུངས་པ་ཡིན་ནོ། །གཉིས་པ་ནི། དགེ་སློང་རང་གིས་བསྐུལ་ནས་དགེ་ཚུལ་ལ་སོགས་རྣམས་ཀྱིས་ཀྱང་སྡོམ་བརྩོན་གཞན་སྐྲོད་དུ་འཇུག་པར་བྱེད་ན་སྐུལ་བྱེད་ཀྱི་དགེ་སློང་ལ་ནི་ལྟུང་བྱེད་དོ། །དགེ་ཚུལ་དེ་དག་ལ་ནི་འགལ་ཚབས་ཅན་ཏེ་ཉེས་བྱས་སོ། །མདོ་རྩ་བ་ལས་ནི། ཡང་དགེ་སློང་གིས་དགེ་སློང་མ་སོགས་སྐྲོད་ན་ཉེས་བྱས་དང༌། དགེ་སློང་གིས་ཁྱིམ་པ་བསྐོས་ནས་དགེ་སློང་སྐྲོད་དུ་འཇུག་ན་ཁྱིམ་པ་ལ་རང་བཞིན་གྱི་སྡིག་པ་བསྐྱེད་ལ། དགེ་སློང་གིས་ཁྱིམ་པ་སྐྲད་ན་ཉེས་བྱས་སོ་ཞེས་བཤད་དོ། །ཡང་འཆར་ཀ་ལ་བཅས་པ་ཕྱིས་གནོན་ལ་བསྟན། བཤད་གཉིས་ལས། དང་པོ་ནི། འཆར་ཀས་དགེ་སློང་གསར་བུ་ཞིག་བྲིད་ནས་དེས་ཁ་ཟས་ངན་པ་ཟོས་པ་ན་ཁ་འདོན་གྱིས་ཤིག་ཅེས་བསྐུལ་བ་དང༌། ཁ་ཟས་བཟང་པོ་ཟོས་པ་ན་བསམ་གཏན་བྱེད་དུ་བཅུག་པས་སམ། གྲང་བ་ན་བསིལ་ཡབ་ཀྱིས་གཡབས་པ་དང༌། དྲོ་བ་ན་རྩྭ་རུ་མེ་སྤར། བཤང་གཅིའི་སྐྱབས་མེད་པར་ཆོལ་ཟངས་སྦས། རི་ལུ་ཟོ་ཞིག་ཅེས་བྱས་ནས་མེ་ཁང་དུ་འཁྲུར་བཅུག་པ་སོགས་ཀྱིས་ཀྱང་རུང༌། དགེ་སློང་ལ་ནི་མཐོ་འཚམས་ན་ལྟུང་བྱེད་ཁོ་ནར་འགྱུར་བ་ཡིན་ནོ། །འདི་ལ་གཞི་ནི་དགེ་སློང་དགེ་འདུན་གྱི་གཙུག་ལག་ཁང་སོགས་སུ་སྔར་བར་ཞུགས་པའོ། །ཀུན་སློང་སྔ་ནས་གནས་པར་ཤེས་བཞིན་དུ་མཐོ་འཚམས་པར་འདོད་པའོ། །སྦྱོར་བ་མཐོ་འཚམས་པར་རྩོམ་པའོ། །མཐར་ཐུག་མཐོ་འཚམས་པའི་བྱ་བ་རྫོགས་པའོ། །དགག་བྱ་གཞན་ལ་གནོད་པའོ། །གཞན་གྱིས་བསྙེན་བསྐུར་འདྲེན་པའི་ས་དང༌། ཁྲུས་བྱེད་པའི་ཁང་པ་དང༌། ཁང་པའི་སྒོ་མོ་ཉིད་དང་ནི། གནས་ཁང་དང་མཛོད་དང་ཁང་བཟང་རྣམས་སུ་གནས་པའི་དགེ་སློང་སྔ་མ་ཉིད་ལ་སྔར་ཞུགས་པ་ཤེས་བཞིན་དུ། ཆེད་དུ་གཏད་ནས་ནི་འདུག་སྟན་དང་གནས་དང་གནས་མལ་སོགས་ལ་དགེ་སློང་སྔ་རོལ་ནས་གནས་པ་ལ་ལུས་དང་ངག་གིས་འཚེ་བར་བྱེད་པ་དང་ཕྱིས་གནོན་བྱེད་པ་ལ་ལྟུང་བྱེད་དོ། །ཉེ་དགའ་ལ་བཅས་པ་རྩ་བ་འབྱུང་བ་ལ་འདུག་པ་ལ་བསྟན། བཤད་གཉིས་ལས། དང་པོ་ལ་བསླབ་བྱ་ནི། གཙུག་ལག་ཁང་གི་སྟེང་གི་གནས་སུ་སྤང་ལེབ་དང༌། དེ་དང་འདྲ་བ་སོགས་ཀྱིས་ཕུབ་པ་ལ་འདུག་པར་བྱའོ། །གལ་ཏེ་འདུག་ཁྲིའི་རྐང་པ་དག་མནན་པས་ཐུར་དུ་འབྱུང་བའི་ཐོག་སྙི་བ་ལ་ནི་ཁྲི་རྐང་རྣོན་པོ་འཛུགས་པར་བྱས་ནས་འདུག་པ་ལ་ལྟུང་བྱེད་དུ་འདོད་དོ། །འདི་ལ་ཡང་གཞི་ནི་དགེ་འདུན་གྱི་གཙུག་ལག་ཁང་གི་ཡང་ཐོག་སྙི་བ་ལ་ཁྲི་རྐང་འཛུགས་པའོ། །བསམ་པ་ནི་ཁྲི་རྐང་གི་རྩ་བ་ཐོག་ལ་ཐལ་བྱུང་དུ་དབྱུང་བར་འདོད་པའོ། །སྦྱོར་བ་ནི་ཁྲི་རྐང་རྣོན་པོ་སྟེང་ཐོག་ཏུ་མནན་པའོ། །མཐར་ཐུག་ཐལ་བྱུང་དུ་སོང་ནའོ། །དགག་བྱ་གཙུག་ལག་ཁང་སོགས་ལ་གནོད་པའོ། །གཉིས་པ་བཤད་པ་ནི། ཁྲི་གང་གི་རྩ་བ་ཐུར་ལ་འབྱུང་བ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་སྟེང་གི་ཐོག་ཤིན་ཏུ་མ་ཁྲང་བ་མ་ཡིན་པར་སྙི་བ་ལ་ཁྲི་བཙུགས་ནས་སྟེང་དུ་ལུས་ཀྱི་ལྗིད་ཕབ་སྟེ་མནན་པས་རྩ་བ་ཕྱིར་འབྱུང་བའོ། །སྤང་ལེབ་སོགས་ཀྱིས་ཕུབ་པ་ལ་ལྟུང་བ་མེད་པ་དེ་བཞིན་དུ། གཙུག་ལག་ཁང་གི་ཐོག་ཤིན་ཏུ་སྲ་བར་ལེགས་པར་གནས་པ་དང་བཅས་པ་དང༌། ཁྲིའི་རྐང་རྟེན་རྡོ་ལེབ་སོགས་ཀྱིས་བྱས་པ་ལ་འདུག་པ་ཉིད་དང་ནི། ཁྲི་བཀན་ཏེ་བཞག་ནས་འདུག་པ་ལ་ཡང་འདིར་ནི་བཀག་པ་ཡོད་པ་མིན་ཏེ། འདུག་པར་མ་ཟད་ཉལ་བ་ལ་ཡང་ལྟུང་བ་མེད་པའི་ཚུལ་འདི་ཉིད་དོ། །ཡང་ཁྲི་རྐང་ལྕགས་ཀྱི་གཟེར་བུས་བསྡམས་པ་དང༌། ཁྲི་རྐང་གི་རྩ་བ་བརྟན་པོར་བྱས་པ་དག་ལ་འདུག་ཀྱང་རུང་ལ། ཁྲི་རྐང་རྩ་བ་བལ་བ་ཛ་སོགས་ཀྱིས་ལེགས་པར་བཅིངས་པ་དག་ལ་འདུག་ཀྱང་རུང་ངོ༌། །ཁྲི་རྐང་རྣོན་པོ་རྩེ་མོ་ཕུར་བུ་ལྟ་བུ་མནན་པས་ཐལ་བྱུང་དུ་འབྱུང་བ་ནི་བཀག་པ་ཡིན་ནོ། །ཀོའུ་ཤཱམྦཱིར་འདུན་པ་ལ་བཅས་པ་འདེབས་པ་ལ་གསུམ་སྟེ། དངོས་དང༌། ཞར་བྱུང་དང༌། བསླབ་བྱའོ། །དང་པོ་ནི། སྲོག་ཆགས་དང་བཅས་པའི་ཆུ་ཡིས་ནི་རྩྭ་དང་ཤིང་སོགས་ལ་རང་གི་འདེབས་པར་བྱེད་དམ། གཞན་འདེབས་སུ་འཇུག་པ་ཉིད་ཀྱང་རུང་སྟེ། སྡོམ་བརྩོན་ལ་ནི་ལྟུང་བྱེད་ཡིན་ནོ། །འདུ་ཤེས་ཀྱི་བྱེ་བྲག་གིས་ནི་སྲོག་ཆགས་དང་བཅས་པའི་ཚུལ་དེར་འདུ་ཤེས་སམ། སྲོག་ཆགས་ཡོད་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་ཀྱང་སྡོམ་བརྩོན་ཅན་ལ་ལྟུང་བར་འགྱུར་རོ། །སྲོག་ཆགས་མེད་པ་ལ་མེད་པར་འདུ་ཤེས་པས་འདེབས་པར་བྱེད་ན་ཉེས་པ་མེད་དོ། །ཐེ་ཚོམ་གཞན་གྱི་སྒོ་ནས་ཀྱང་ཉེས་བྱས་སུ་འགྱུར་བ་ཉིད་དུ་བསྟན་ཏེ། ཡོད་པ་ལ་ཕལ་ཆེར་མེད་སྙམ་པ་དང༌། མེད་པ་ལ་ཕལ་ཆེར་ཡོད་སྙམ་པའོ། །འདི་དག་ནི་འདུ་ཤེས་དྲུག་གི་སྒོ་ནས་ལྟུང་བ་ཡོད་མེད་དཔྱད་པའོ། །དེ་ལྟར་ལྟུང་བྱེད་གཉིས་དང༌། ལྟུང་མེད་གཉིས་དང༌། ཉེས་བྱས་གཉིས་སོ། །དེ་ལའང་གཞི་ནི་སྲོག་ཆགས་དང་བཅས་པའི་ཆུའོ། །བསམ་པ་ནི་སྲོག་ཆགས་དང་བཅས་པར་འདུ་ཤེས་པའམ། ཡོད་པ་ལ་ཐེ་ཚོམ་ཟ་བའོ། །སྦྱོར་བ་ནི་རང་གིས་སམ་འདེབས་སུ་འཇུག་པར་བྱེད་པའོ། །མཐར་ཐུག་སྲོག་ཆགས་ཤི་བ་ནའོ། །དགག་བྱ་སྲོག་ཆགས་ལ་གནོད་པའོ། །གཉིས་པ་ཞར་བྱུང་ནི། མི་རྒོད་བྲོས་པ་ཞིག་གིས་དགེ་སློང་ལ་ཆུ་འདྲེན་པའི་དཔྱང་ཐག་དང་ཆུ་སྣོད་མེད་པས་མི་རྒོད་རང་གི་ལྟོ་བ་དྲལ་ཏེ། དགེ་སློང་གིས་ཁྲག་འཐུང་བར་བྱས་པ་ལ་བརྟེན་ནས། ཆུ་དཀོན་པའི་ས་ཕྱོགས་སུ་བུམ་པ་དཔྱང་ཐག་དང་བཅས་པ་བྱས་ནས་ཁྲོན་པ་ནས་ཆུ་དྲངས་ཏེ་ཆུ་སློང་བ་ལ་སྟེར་བར་བྱེད་པ་ལ་ཉེས་པ་མེད་དོ། །གསུམ་པ་བསླབ་བྱ་ལ་གསུམ་སྟེ། རུང་བར་བྱས་པ་སྤྱད་པས་མདོར་བསྟན། སོ་སོར་ཕྱེ་སྟེ་རྒྱས་པར་བཤད། སྦྱིན་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ནི། ཆུ་རྙོག་པ་ཅན་ལ་སྲོག་ཆགས་ཡོད་མེད་རྟོག་ན་ཤིང་ཀ་ཏ་ཀའི་ལོ་མ་སོགས་ཀྱིས་ཆུ་དྭངས་པར་བྱས་ཏེ་བརྟག་པར་བྱའོ། །རྙོག་པ་ཉིད་དྭངས་པའི་ཚད་ནི་གང་དུ་ཆུ་ལ་བྱད་བཞིན་གྱི་གཟུགས་བརྙན་གསལ་བར་བལྟར་ཡོད་པའོ། །དྭངས་པར་བྱས་ཏེ་སྲོག་ཆགས་ཡོད་མེད་ལེགས་པར་བརྟགས་པ་དེ་ནི་འབད་པས་བཙགས་ནས་ནི་བཙགས་པའི་ཆུ་བཏུང་དུ་རུང་ངོ༌། །ཅིའི་ཕྱིར་ཞེ་ན། སྲོག་ཆགས་མེད་པར་ཤིན་ཏུ་དག་པར་གཏན་ལ་ཕབ་པས་སོ། །གཉིས་པ་སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པ་ལ་གསུམ་སྟེ། གང་སྤྱོད་པར་བྱ་བ་དང༌། ཇི་ལྟར་སྤྱོད་པའི་ཚུལ་དང༌། རུང་མི་རུང་གི་དབྱེ་བའོ། །དང་པོ་ལ་གསུམ་སྟེ། དག་པའི་ཆུའི་དབྱེ་བ། ཆུ་ཚགས་ཀྱི་དབྱེ་བ། བརྟག་པ་ལ་གུས་པར་བྱ་བའོ། །དང་པོ་ནི། དགེ་སློང་གི་བཏུང་བྱ་དག་པ་ལྔས་རུང་བར་བྱས་པའི་ཆུ་ལྔ་ཡང་དག་གཟུང་ངོ༌། །ལྔ་གང་ཞེ་ན། སྔར་སྲོག་ཆགས་འབྱུང་མ་མྱོང་བའི་ཁྲོན་པ་ཁྲོན་པ་རྣམ་དག བཀོད་མའི་ཆུ་མིག་ནས་བྱུང་བ་བཀོད་མས་རྣམ་པར་དག་པ་དང༌། ཞབས་ཚགས་ཅན་ལ་སོགས་ཆུ་ཚགས་དམ་པོས་བཙགས་པ་ཆུ་ཚགས་ཀྱིས་དག་པར་བྱས་པ་དང༌། དགེ་འདུན་མཐུན་པས་བསྐོས་པའི་དགེ་སློང་གིས་བརྟགས་པ་དགེ་འདུན་གྱིས་དག་པར་བྱས་པ་དང༌། དགེ་སློང་ཚུལ་ཁྲིམས་དང་ལྟ་སྤྱོད་དང་འཚོ་བ་མ་ཉམས་པས་བརྟགས་པ་གང་ཟག་གིས་དག་པར་བྱས་པའོ། །གཉིས་པ་ནི། ཆུ་ཚགས་ཀྱང་རྣམ་པ་ལྔའོ། །ལྔ་གང་ཞེ་ན། རིལ་ཚགས་ཞེས་བྱ་བའི་དབྱིབས་ཀྱི་རྣམ་པ་ནི། འོད་ལྡན་ལས། རིལ་ཚགས་ནི་ཟླུམ་པོ་ཁ་གཉིས་པའོ་ཞེས་སོ། །དེ་བཞིན་དུ་གྲོལ་བར་བྱེད་པའི་རས་ནི་བསལ་ཚགས་ཏེ། འགྲེལ་ཆུང་ལས་ནས་ཆུ་ལ་སྦངས་བ་འཚིར་བ་ལ་བཤད་དོ། །གྲུ་གསུམ་པ་ནི་གྲུ་གསུམ་ཡོད་པའོ། །རིལ་བ་ཞབས་ཚགས་ཅན་ཏེ་རིལ་བའི་ཞབས་སུ་ཚགས་བྱས་པའོ། །བུམ་ཚགས་གཅེའུ་ཅན་དང་ཞེས་བྱ་བ་ནི། མདོ་རྩ་བར། དེ་ནི་བུམ་པའི་དབྱིབས་ཅན་པདྨའི་སྦུ་གུ་ལྟ་བུ་དང་ལྡན་པ་འོག་སྦུབས་ཅན་ཡིན་ནོ་ཞེས་བཤད་ལ། འགྲེལ་པ་ལས། བུམ་པའི་སྦུབས་ནས་པདྨའི་སྙིང་པོ་ལྟ་བུའི་འབུར་བ་བྱས་པ་ལ་བུ་ག་མང་དུ་བཏོད་པ་ཞེའོ། །གསུམ་པ་བརྟག་པ་ལ་གུས་པར་བྱ་བ་ནི། ཡུན་ཇི་སྲིད་དུ་བརྟག་ཅེ་ན། ཇི་སྲིད་ཆུ་འདི་དག་པར་ངེས་པའི་བར་དུ་རྩེ་གཅིག་པའི་བློ་ཡིས་རྒྱུན་དུ་སྟེ་ཡུན་རིང་པོར་འབད་པས་ཆུ་རྣམས་ལ་སྲོག་ཆགས་ཡོད་མེད་ཡོངས་སུ་བརྟག་སྟེ། འོན་ཀྱང་སྣོད་བླ་འོག་ཡང་ཡང་བསྒྱུར་ནས་བརྟག་པ་མིན་ནོ། །ཡུན་ཇི་སྲིད་བརྟག་པའི་ཡུན་ཚད་ནི། བ་ལང་དྲུག་གིས་འདྲེན་པའི་ཤིང་རྟ་སྨྱུག་མས་གང་བ་ཡུལ་མ་ག་དྷཱ་པའི་གྲོང་གཅིག་ཡོངས་སུ་འཁོར་བའི་དུས་གང་གི་ཚད་དེར་ཆུ་དེ་ལ་སྲོག་ཆགས་ཡོད་མེད་ཡོངས་སུ་བརྟག་གོ །ཡང་བརྟག་པ་དེ་ལ་སྣོད་ཀྱི་སྐྱོན་ལ་སོགས་པ་ཡིས་གལ་ཏེ་སྲོག་ཆགས་ཡོད་མེད་ཐེ་ཚོམ་དང༌། ལེགས་པར་མ་བརྟགས་པའི་འགྱོད་པ་སྐྱེས་ཏེ་སྲོག་ཆགས་ཡོད་པར་དོགས་ན་ཆུ་དེ་ནི་སླར་ཡང་བརྟག་པར་བྱས་ཏེ་ཐེ་ཚོམ་མེད་པར་བྱས་ནས་ཡོངས་སུ་སྤྱད་དོ། །ཡང་དགེ་སློང་འགྲོ་བ་ན་རྒྱང་གྲགས་ལྔའི་བར་དག་ཏུ་སོང་ནས་ཕྱིན་པའི་ས་དེ་ན་ནི་སྲོག་ཆགས་ལས་གྲོལ་བྱེད་ཀྱི་རས་ལ་སོགས་པའི་ཆུ་ཚགས་ལྔ་པོ་གང་ཡང་རུང་བ་ཞིག་ཡོད་པ་ཡིན་ན་འགྲོ་རུང་ལ། ཆུ་ཚགས་མེད་ཀྱང་སླར་དེ་མ་ཐག་ཏུ་ལོག་པར་འདོད་པའི་བསམ་པ་ཡིས་དཔག་ཚད་ཕྱེད་དུ་འགྲོ་བ་ལ་ཉེས་པ་མེད་དོ། །རང་ལ་ཆུ་ཚགས་དངོས་སུ་མེད་ཀྱང་ཡིད་བརྟན་པའི་གྲོགས་ལ་ཡོད་པ་ལ་ནི་ཆུ་ཚགས་དངོས་སུ་ཡོད་པ་དང་དོན་མཐུན་པས་ཤིན་ཏུ་རྒྱང་རིང་དུ་སོང་ཡང་ཉེས་པ་མེད་དོ། །ཆུ་བོ་འབབ་པའི་རྒྱུན་ཕྱོགས་བཞིན་དུ་འགྲོ་བ་ལ་ནི་སྔ་རོལ་དུ་བརྟགས་པའི་ཆུ་འཐུང་བ་ལ་ཉེས་པ་མེད་ལ། དང་པོའི་འབབ་ཆུ་ཆུ་གཞན་དང་མ་འདྲེས་ན་རྒྱང་གྲགས་རེ་རེར་སོང་བ་ན་བརྟག་པར་བྱ་ཞིང༌། གཞན་དང་འདྲེས་ན་ནམ་འདྲེས་པའི་མགོ་རྩོམ་པ་ནས་བརྟག་པར་བྱའོ། །ཆུ་བོའི་རྒྱུན་ལས་བཟློག་པའི་ཕྱོགས་སུ་འགྲོ་བ་ཡིས་ནི་འཇུག་ངོགས་རེ་རེར་སོང་བ་ན་བརྟག་པར་བྱའོ། །རྒྱུན་གྱི་བཟློག་ཕྱོགས་སུ་འགྲོ་བའི་དུས་སུ་ཆུ་གཞན་དང་ནི་འདྲེས་པ་ལའང་སྔར་བསྟན་པའི་ཚུལ་བཞིན་དུ་འཇུག་ངོགས་རེ་རེར་བརྟག་དགོས་པ་འདི་ཉིད་དུ་ཤེས་པར་བྱའོ། །གཉིས་པ་ཇི་ལྟར་སྤྱོད་པའི་ཚུལ་ལ་གསུམ་སྟེ། ཆོ་ག་གང་གིས་སྤྱད་པ་དང༌། སྣོད་གང་དུ་སྤྱད་པ་དང༌། སྣོད་མི་ཉམས་པར་བྱ་བའོ། །དང་པོ་ནི། ཁྲོན་པ་ལ་སོགས་པ་ལས་ཆུ་བླངས་ནས་ཆུ་དེ་བདག་པོ་གང་གི་ཡིན་པའི་ཆེད་དང༌། ཆུ་དེའི་ལྷག་པའི་ལྷའི་ཕྱིར་དུ་བདེ་གཤེགས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ། རྒྱལ་པོ་སྦྱིན་བདག་ཉིད་དང་ནི། །ཞེས་སོགས་འདོན་ནོ། །གཉིས་པ་ནི། ལོ་མ་དང་འདབ་མ་ལ་སོགས་པ་ཡོད་ན་ཆུས་གང་བའི་བུམ་པའི་ཁ་ནི་བཟློག་པ་ཡིས་དུས་ནམ་ཡང་ཆུ་བཏུང་བར་མི་བྱ་སྟེ་ཞེས་གསུངས་སོ། །དམིགས་བསལ་ལ་ཆུ་འཐུང་བའི་སྣོད་ལོ་མ་དང་འདབ་མ་ལ་སོགས་པ་མ་རྙེད་ན་དབེན་པར་ཁ་བཟློག་ནས་འཐུང་བ་ལ་ཉེས་པ་མེད་དོ། །གསུམ་པ་ནི། རིལ་ཚགས་དང་བླམ་ཚགས་ལ་སོགས་པའི་ཁ་དག་ནི་འདབ་མ་དང་ལོ་མ་སོགས་ཀྱིས་ངེས་པར་དགབ་པ་བྱ་ལ་ཆུ་འཐུང་བ་དེའི་རྗེས་སུ་བུམ་པ་སོགས་མ་བཀབ་པར་ཡལ་བར་དོར་ན་ཉེས་བྱས་ཡིན་ནོ། །བུམ་པ་ལ་སོགས་པའི་སྣོད་ལ་དྲི་མ་ཡོད་པ་ནི་རབ་ཏུ་འབད་པས་བཀྲུ་བར་བྱ་ལ། སྐམ་པར་འོས་པའི་བུམ་པ་གཤེར་བ་དང་ཕམ་པ་སོགས་ནི་དུས་ཇི་སྲིད་དུ་སྤྱོད་དུ་རུང་བའི་དོན་དུ་ཉེ་བར་བསྐོམ་མོ། །ཇི་ལྟར་སྤྱོད་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་ནི་རུང་མི་རུང་གི་དབྱེ་བ་ལ་བཞི། གང་ཟག་གང་གི་སྒོ་ནས་རུང་མི་རུང་དང༌། དངོས་པོའི་སྒོ་ནས་རུང་མི་རུང་དང༌། དམིགས་བསལ་བསྟན་པ་དང༌། སྣོད་གང་དུ་རུང་མི་རུང་ངོ༌། །དང་པོ་ནི། ཁྱིམ་པས་ཆུ་ལ་སྲོག་ཆགས་ཡོད་མེད་བརྟག་པ་ཁྱིམ་པ་ཉིད་ལ་རུང་སྟེ། དགེ་ཚུལ་གྱིས་ནི་སྤྱད་དུ་མི་རུང་ངོ༌། །དགེ་ཚུལ་གྱིས་སྲོག་ཆགས་ཡོད་མེད་ལེགས་པར་བརྟགས་པ་ནི་ཁྱིམ་པ་དང་དགེ་ཚུལ་གཞན་ལའང་སྤྱད་བྱ་ཉིད་དུ་འགྱུར་བ་ཡིན་ནོ། །དགེ་སློང་དེ་ཡིས་སྲོག་ཆགས་ཡོད་མེད་རྣམ་པར་བརྟགས་པ་ནི་ཁྱིམ་པ་ཡན་ཆད་གང་ལ་ཡང་རུང་སྟེ། གང་གི་ཕྱིར་ན་དགེ་སློང་གིས་བརྟགས་པ་ནི་ཤིན་ཏུ་དག་པའི་ཕྱིར་རོ། །རྟོག་བྱེད་ཀྱི་དགེ་སློང་ཡང་བསླབ་པ་ལ་ཡང་དག་པར་གནས་པས་བརྟག་དགོས་སོ། །བསླབ་པ་ལ་ཡང་དག་པར་གནས་པ་ལས་གཞན་དུ་བསླབ་པ་ལ་གཡེལ་བས་བརྟགས་ཀྱང་སྤྱད་དུ་རུང་བ་མིན་ནོ། །གཉིས་པ་ནི། ཁྲོན་པ་དང་རྫིང་བུ་ལ་སོགས་པའི་ཆུ་རྣམས་ཟས་ལ་སོགས་པས་དྲི་མ་ཅན་དུ་གྱུར་ན་ཐེ་ཚོམ་མེད་པར་ཆུ་དེ་ཆུ་ཚགས་ཀྱིས་བཙགས་ནས་ནི་ཆུ་ཚགས་དེ་ཡིས་ཟས་ཀྱི་རྟོག་པ་དེ་མེད་པར་བྱའོ། །ཁྲོན་པ་དང་བུམ་པ་སོགས་ཀྱི་ནང་གི་ཆུ་གང་དུས་རུང་གི་དྲི་ཙམ་ཡོད་པ་ཁྱིམ་པ་རྣམས་ཀྱིས་ཡོངས་སུ་བརྟག་པར་བྱས་པས་དག་པ་གང་ཡིན་པ་དེའི་གནས་སྐབས་ཤེས་པར་བྱས་ནས་ནི་དུས་མ་ཡིན་པར་ཡང་སྤྱད་དུ་རུང་ངོ༌། །གསུམ་པ་ནི། ཆུ་མེད་པ་བ་གླང་གི་ལྷས་ལ་སོགས་པར་དགེ་སློང་སོང་བའི་ཚེ་ན་ཆུ་གཏན་མེད་དམ། ཆུ་ཉུང་བ་ཞོག་ཆུའམ་འོ་མ་ལ་སོགས་པ་ཉིད་ཀྱིས་ཀྱང་རྐང་པ་བཀྲུར་རུང་བས་ཆུའི་བྱ་བ་འགྲུབ་བོ། །བཞི་པ་ནི། བཤང་པ་དང་ཆང་དང་གཅི་བའི་སྣོད་དག་བཏུང་བར་བྱ་བའི་ཆུ་ཡི་སྣོད་དུ་རྣམ་པར་སྤང་བར་བྱའོ། །མར་ཁུ་དང་སྣུམ་བག་ཡོད་པ་ལ་སོགས་པའི་སྣོད་ལ་ཆུ་སྣོད་བྱེད་དགོས་པ་བྱུང་ན་ཐོག་མར་མེ་ཡིས་དང༌། དེ་ནས་ཆུ་ཡིས་དྲི་མ་ཡོངས་སུ་སྦྱང་ངོ༌། །སྣོད་ཁ་སྦུབས་པའི་དུས་སུ་ཉ་དང་རུས་སྦལ་གྱིས་སྣོད་བལྡགས་པའི་གཤེར་གྱི་དྲི་མ་ཡོད་པ་ལ་ནི་དྲི་མ་སྤང་པའི་ཕྱིར་མེ་དང་ཆུས་རུང་བར་བྱས་པའི་སྣོད་ཀྱི་ཆུ་ནི་སྐོམ་པའི་དུས་ལ་དུས་མ་ཡིན་པར་ནི་སྤྱད་དོ། །གསུམ་པ་ནི་སྦྱིན་ཚུལ་གྱིས་མཇུག་བསྡུ་བ་ནི། སྔོན་དགེ་སློང་མཛེས་པ་ཞིག་གིས་བུད་མེད་ལ་བུམ་པའི་ཆུ་ཁ་ནང་དུ་རྒྱུན་བསྲིང་བས་བུད་མེད་དགེ་སློང་ལ་ཆགས་ནས་ཆོག་ཟེར་མ་ཕོད་ནས་ཤི་བར་གྱུར་པ་ལ་བརྟེན་ནས་བུད་མེད་དག་ལ་དགེ་སློང་གིས་ཆུ་ལ་སོགས་པ་བླུད་པར་འདོད་པ་ན་རྒྱུན་བསྲིང་བའི་ཚུལ་གྱིས་སྦྱིན་པར་མི་བྱ་སྟེ། བུད་མེད་ལ་ཀུན་ནས་ཆགས་སེམས་ཀྱིས་ཀྱང་སྦྱིན་པར་བྱ་བ་མིན་ནོ། །ཀོའུ་ཤཱམྦཱིར་དྲུག་སྡེ་ལ་བཅས་པ་རིམ་པ་གཉིས་སུ་བརྩིག་པ་ལ། སྒྲུབ་ཚུལ་དང༌། ལྟུང་བའི་རྣམ་གཞག་དང༌། ལྟུང་མེད་དོ། དང་པོ་ནི། ཁང་པ་བྱེད་པར་འདོད་པ་སྒོ་ལེབ་ལ་སོགས་པའི་སྒོ་ཆ་དང༌། ལྷུང་བཟེད་སོགས་འཇོག་པའི་ངོས་ཁུང་དག་དང་ནི་རྨང་གཞི་བརྟན་པོ་དང༌། ཆུ་ཁུང་བཏོད་པ་དང༌། སྐར་ཁུང་དང་འབབ་སྟེགས་དང་བཅས་པའི་གཙུག་ལག་ཁང་ཆེན་པོ་བྱ་བ་ཡིན་ནོ། །ཆར་དང་རླུང་བཟློག་པའི་ཕྱིར་དུ་སྟེང་ནས་བརྩིག་འཕྲོ་མནན་པར་བྱ་བ་ནི་རྩྭ་དང་བཅས་པའི་འཇིམ་པའི་གོང་བུ་དག་གཉིས་སམ་གསུམ་གྱི་བར་དུ་སྟེ། དེ་ཙམ་ཉིན་གཅིག་ལ་གཞག་ཏུ་རུང་ངོ༌། །གཉིས་པ་ནི། ཉི་མ་གཅིག་ལ་ཕ་གུ་རིམ་པ་གསུམ་པོ་དེ་ལས་ལྷག་པར་གང་འཇོག་པར་བྱེད་པ་ནི་དགེ་སློང་ལ་ངེས་པར་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ། །འདི་ལ་གཞི་ནི་གཞི་མི་བརྟན་པ་དང་ཆུ་ཁུང་སོགས་མ་བཏོད་པར་གཙུག་ལག་ཁང་བརྩིག་པའོ། །ཀུན་སློང་བརྩིག་པར་འདོད་པ། སྦྱོར་བ་རང་ངམ་གཞན་བསྐོས་པའོ། །མཐར་ཐུག་རིམ་པ་ལྷག་པར་འཁོར་བའོ། །གསུམ་པ་ལྟུང་མེད་ནི། ཐམས་ཅད་སོ་ཕག་དང་རྡོ་བ་དག་གིས་སམ། ཐམས་ཅད་ཤིང་ལས་བྱེད་ན་ཉིན་གཅིག་ལ་རིམ་པ་གསུམ་ལས་ལྷག་ཀྱང་ལྟུང་བའི་ཉེས་པ་མེད་དོ། །བཅུ་ཚན་གསུམ་པ་ལ། སྡོམ་ནི། མ་བསྐོས་ཉི་མ་ནུབ་པ་དང༌། །ཟས་དང་ཆོས་གོས་གཉིས་དག་དང༌། །དོན་མཐུན་གྲུ་དང་དབེན་གཉིས་དང༌། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་པའོ། །དང་པོ་དྲུག་སྡེ་ལ་བཅས་པ་མ་བསྐོས་པར་སྟོན་པ་ལ་གསུམ་སྟེ། ལྟུང་བ་དང༌། གདམས་པའི་དབྱེ་བ་དང༌། སྟོན་པའི་མཚན་ཉིད་དོ། །དང་པོ་ནི། ཆོས་ལྔ་དང་ལྡན་པའི་དགེ་སློང་དགེ་སློང་མ་རྣམས་ལ་ཆོས་འདོམས་པ་བསྐོ་བར་བྱ་སྟེ། ཆོས་ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་ནི་ཕམ་པ་མ་བྱུང་བ་ཡིན་ལ། རྣམ་འབྱེད་ཀྱི་འགྲེལ་པ་ལས། ཐོས་པ་འཛིན་པ་ནི་ཚིག་མི་བརྗེད་པའོ། །ཐོས་པ་བསགས་པ་ནི་བསམ་པས་དོན་མི་བརྗེད་པའོ་ཞེས་པའི་ཁྱད་པར་དང༌། གནས་བརྟན་རྒྱལ་ཚབ་ལྟ་བུ་ནི་བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལོན་པའོ། །ཚིག་ཕུན་སུམ་ཚོགས་པ་དང་ནི་ལྡན་པ་ནི། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། རིག་པ་དང་གྲོལ་བར་སྨྲ་བ་ལ་བྱེད་དོ། །སུན་མ་ཕྱུང་བ་ནི་ལུས་ཀྱིས་དགེ་སློང་མ་ལ་རེག་པས་སུན་མ་ཕྱུང་བའོ། །ཆོས་ལྔ་པོ་འདི་དང་ལྡན་པའི་དགེ་སློང་ལ་དགེ་འདུན་གྱིས་བསྐོས་པ་དག་ནི་དགེ་སློང་མ་ལ་ཆོས་འདོམས་པའི་གང་ཟག་ཏུ་འོས་པས་ཏེ། ཆོས་ལྔ་དང་ལྡན་པ་ལས་གཞན་དུ་མི་ལྡན་པ་གཞན་གྱིས་ཆོས་སྟོན་ན་ལྟུང་བ་ཉིད་ཡིན་ནོ། །ཆོས་ལྔ་དང་ལྡན་ཡང་དགེ་འདུན་གྱིས་མ་བསྐོས་པར་སྟོན་ན་ལྟུང་བའོ། །འདི་ལ་ཡང་གཞི་ནི་དགེ་སློང་མའོ། །བསམ་པ་ནི་ཆོས་ལྔ་དང་མི་ལྡན་པར་ཆོས་སྟོན་པར་འདོད་པའོ། །སྦྱོར་བ་གཞན་གྱིས་མ་བསྐོས་པར་ཆོས་སྟོན་པར་རྩོམ་པའོ། །མཐར་ཐུག་ཆོས་བསྟན་ནས་དོན་གོ་བའོ། །དགག་བྱ་འཁྲིག་པའི་རྒྱུར་གྱུར་པ་དང༌། གཉིས་ཀ་ལ་སྐུར་པ་འོང་བའོ། །གཉིས་པ་གདམས་པའི་དབྱེ་བ་ལ་གཉིས་ཏེ། བཀའ་དང༌། བསྟན་བཅོས་སོ། །དང་པོ་ནི། མདོ་སྡེ་དང༌། འདུལ་བ་དང༌། ཆོས་མངོན་པ་སྟེ། མདོ་སྡེའི་རྒྱན་ལས། གནས་རྣམས་དང་ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ལྟུང་དང་འབྱུང་དང་ལྡང་བ་དང༌། །ངེས་པར་འབྱུང་དང་གང་ཟག་དང༌། །བཅས་པ་དང་ནི་རབ་དབྱེ་དང༌། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །མངོན་དུའི་ཕྱིར་དང་ཡང་ཡང་དང༌། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པ་ལྟར་རོ། །འདི་དག་ནི་རྩོད་པ་མེད་པར་འདྲེན་པ་ཡིས་གདམས་པ་ཡིན་པར་གསུངས་པ་ཡིན་ནོ། །གསུམ་པོ་འདི་དག་ནི་བཀའ་ཡིན་ཏེ། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེ་འབྲེལ་ཞིང༌། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང༌། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན་ཞེས་གསུངས་པ་ལྟར་རོ། །སྡེ་སྣོད་གསུམ་པོ་འདི་དག་དང་འབྲེལ་བའི་དོན་ནི། ལྷག་པའི་སེམས་དང༌། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་རབ་ཏུ་སྟོན་པ་ནི་རྩོད་པ་མེད་པར་འདྲེན་པ་ཡིས་གདམས་པ་ཡིན་པར་གསུངས་པ་ཡིན་ནོ་ཞེས་གཉིས་ཀ་ལ་སྦྱར་རོ། །གཉིས་པ་ནི། བཀའ་ལས་གཞན་བསྟན་བཅོས་འདི་ནི་གདམས་པ་གཉིས་པར་ཡང་ནི་སླར་ཡང་གསུངས་པ་ཡིན་ནོ། །གང་ཞེ་ན། འཕགས་པ་གནས་བརྟན་གྱིས་བསྟན་པའི་ཚིག་འཕགས་པའི་ཚོགས་ཀྱིས་བཞེད་པའི་ཐར་པ་ཐོབ་པའི་ཐབས་སྟོན་པའོ། །རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་གསུང་བཞིན་སྤྱི་བོས་བླངས། །ཞེས་སོ། །གསུམ་པ་སྟོན་པའི་མཚན་ཉིད་ནི། སྟོན་པ་པོ་སྡེ་སྣོད་གསུམ་ཁ་ཏོན་དུ་ཐོན་པ། དེ་ཡང་མེད་ན་སོ་ཐར་ཐོན་པ། དེ་ཡང་མེད་ན་དགེ་སློང་མའི་ཕམ་པ་བརྒྱད་དང་ལྕི་བའི་ཆོས་བརྒྱད་ཐོན་པ། དེ་ཡང་མེད་ན་འདི་ལྟར་བརྗོད་ནུས་པ་སྟེ། ཐོག་མར་ཆོས་སྟོན་པར་བསྐོས་པའི་དགེ་སློང་གིས་འདི་ལྟར་བརྗོད་དེ། དགེ་སློང་མའི་དགེ་འདུན་ཁྱེད་རྣམས་ཐམས་ཅད་ཡོངས་སུ་དག་གམ་ཞེས་དྲི་བ་བྱས་ནས། ཁྱེད་རྣམས་ལ་གདམས་ངག་རྗེས་སུ་སྟོན་པ་ནི་དགེ་སློང་དུ་ཡང་སྤྲོ་བ་མེད་ལ། འོན་ཀྱང་ཁྱེད་རྣམས་ངན་སོང་གསུམ་དུ་འགྲོ་བ་ལ་འཇིགས་པར་བྱེད་པས་ཐུབ་པའི་བསྟན་པ་ལ་ཞུགས་པའི་སྲིང་མོ་རྣམས་ཀྱིས་ཇི་ལྟར་ཁས་བླངས་པའི་བསླབ་པ་མི་འཁྲུགས་པར་རྟག་ཏུ་ནི་བག་ཡོད་པར་སྒྲུབས་ཤིག་ཅེས་འདོམས་པའོ། །སྔར་གནས་བརྟན་རྒྱལ་ཚབ་ལྟ་བུ་ཞེས་གསུངས་པ་གང་ཞེ་ན། གང་ལེགས་པར་གསུངས་པའི་འདུལ་བ་དེ་ལ་རྒྱལ་སྲིད་ཅེས་བརྗོད་དེ། གདུལ་བྱའི་འགྲོ་བ་ལ་རྗེས་སུ་བརྩེ་བས་གདུལ་བྱ་འདུལ་བའི་དོན་དུ་བསྟན་པའི་ཕྱིར། འདུལ་བ་ལ་རྒྱལ་སྲིད་དུ་བརྗོད་པ་དེ་ལྟར་ན་དགེ་སློང་འདི་ནི་འདུལ་བ་ལེགས་པར་འཛིན་པ་སྟེ་འདུལ་བ་ལ་དབང་བསྒྱུར་བས་དགེ་སློང་ལ་རྒྱལ་པོ་ལྟ་བུ་ཞེས་བྱའོ། །དགའ་བྱེད་ལ་བཅས་པ་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་རྣམས་ལ་ཆོས་སྟོན་པ་ལ་གསུམ་སྟེ། གནང་བའི་ཚད་དང༌། ཚད་ལས་འདས་པའི་ལྟུང་བ་དང༌། ལྟུང་མེད་དོ། །ཚུལ་ལྡན་གྱི་དགེ་འདུན་རྣམས་ཀྱིས་རེ་ཞིག་གདམས་ངག་གདམས་པར་དགེ་འདུན་འདོད་པ་མཐུན་པས་བསྐོས་པས་ཀྱང་འཇིག་རྟེན་པའི་མིག་དང་འདྲ་བའི་ཉི་མ་ཇི་སྲིད་མ་ནུབ་ཀྱི་བར་དུ་གདམས་ངག་བསྟན་པར་བྱའོ། །གཉིས་པ་ནི། ནུབ་ནས་ནི་མ་ཡིན་ཏེ། ཉི་མ་ནུབ་པ་ལ་ནུབ་པ་དེར་ནི་འདུ་ཤེས་སམ་ཐེ་ཚོམ་ཟ་བཞིན་པ་ཉིད་ཀྱིས་ཀྱང་གདམས་ངག་དང་རྗེས་སུ་གདམས་པ་སྟོན་ན་ཟད་པར་བྱེད་པའི་ལྟུང་བྱེད་དང་ནི་ཡང་དག་ལྡན་ནོ། །འདི་ལ་ཡུལ་ནི་དགེ་སློང་མ་རྣམས་སོ། །བསམ་པ་ནི་ཉི་མ་ནུབ་པ་ལ་ནུབ་པར་འདུ་ཤེས་པའམ་ཐེ་ཚོམ་ཟ་བཞིན་པའོ། །སྦྱོར་བ་ནི་ཆོས་སྟོན་པ་ལ་ཞུགས་པའོ། །མཐར་ཐུག་སྟོན་པ་རྫོགས་པའོ། །དགག་བྱ་སྔ་མ་བཞིན་ནོ། །སེལ་བ་ནི། རང་གླིང་གི་ཉི་མ་མ་ནུབ་པ་ལ་ནུབ་པར་འདུ་ཤེས་སམ། ཐེ་ཚོམ་ཟ་བཞིན་པ་ཉིད་ཀྱིས་ཀྱང་སྟོན་པར་བྱེད་ན་ངེས་པར་ཉེས་བྱས་ཀྱི་མདའ་ཡིས་ཕོག་པའི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །གསུམ་པ་ལྟུང་མེད་ནི། ཆར་པ་འབབ་པའི་སྟོབས་ཀྱིས་ཉི་མ་ནུབ་པ་མ་ཚོར་བ་དང༌། དབྱར་ཁང་གི་སྒོའང་སྒོ་དང་ཉེ་བར་ཡང་གལ་ཏེ་ཆར་འབབ་པར་གྱུར་ན་ཤིན་ཏུ་ཡུན་རིང་དུ་གདམས་ངག་འདོམས་པ་ལ་ནི་ཉི་མ་ནུབ་ནས་ཀྱང་ལྟུང་བ་མེད་པར་གསུངས་སོ། །ཉེ་དགའ་ལ་བཅས་པ་ཟས་ངོར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་ལ་གསུམ་སྟེ། བསླབ་བྱ་དང༌། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ནི། དགེ་སློང་དགའ་བྱེད་ལ་སྐྱེ་དགུའི་བདག་མོ་ལ་ཆོས་སྟོན་ཅིག་ཅེས་བསྐོས་པ་ལྟར་ཆོས་བསྟན་པས་ཅུང་ཟད་མ་གོ་བའི་དོན་འདྲི་མ་ནུས་པ་ལ་བརྟེན་ནས་མི་འཇིགས་པའི་རྒྱུར་བསྙེན་བཀུར་བྱ་བར་གསུངས་པ་ནི། དགེ་སློང་མ་མཁས་པ་རྣམས་ཀྱིས་བླ་མ་ལ་ཆོས་འདྲི་བའི་དོན་དུ་ཅི་ནུས་པས་བསྙེན་བཀུར་བྱའོ། །བླ་མ་ཡིས་ཀྱང་བསྙེན་བཀུར་སྤྱད་པར་བྱ་སྟེ། དགེ་སློང་མ་དེ་ཡི་སྤྲོ་བ་བསྐྱེད་པ་དང༌། སྦྱིན་བདག་གི་བསོད་ནམས་དག་སྤེལ་བར་བྱ་བའི་ཕྱིར་དུའོ། །འདི་ལ་ཡང་ཡུལ་ནི་ཟས་ངོར་ཆོས་སྟོན་པ་མ་ཡིན་པའི་དགེ་སློང་ངོ༌། །བསམ་པ་སྐུར་པ་འདེབས་པའོ། །སྦྱོར་བ་སྐུར་བ་གདབ་བྱའི་མིང་ནས་སྨོས་ནས་ཟས་ཅུང་ཟད་ཙམ་གྱི་ཕྱིར་དུ་ཆོས་སྟོན་ནོ་ཞེས་སྨྲ་བའོ། །མཐར་ཐུག་དོན་གོ་བ་ནའོ། །དགག་བྱ་ནི་བསམ་པ་དང་ངག་གི་ཉེས་པ་འབྱུང་བའོ། །གཉིས་པ་ལྟུང་བ་ནི། ཕྲག་དོག་གི་དྲི་མས་བསྐོས་པའི་སེམས་ཀྱིས་ཀུན་ནས་བསླངས་ནས་ཟས་ངོར་ཆོས་སྟོན་པ་མ་ཡིན་པ་དེ་ལ་དེ་ལྟར་སྟོན་ནོ་ཞེས་སྨོད་པར་བྱེད་པའི་དགེ་སློང་ཉེ་དགའ་ལྟ་བུ་ནི་ལྟུང་བས་ཀུན་ནས་བསླང་བའི་དམྱལ་བའི་མེ་རང་ལུས་ལ་སྤོར་བར་བྱེད་པ་ཡིན་ནོ། །གསུམ་པ་ལྟུང་མེད་ནི། ལྟུང་བ་ཡོད་པ་ལས་ཡང་ན་ལྟུང་བ་མེད་པ་ནི། ཟང་ཟིང་འདོད་པའི་སྲེད་པའི་དབང་དུ་གྱུར་པ་ཁོ་ནས་དགེ་སློང་མའི་ཚོགས་ལ་གདམས་ངག་དང་རྗེས་སུ་བསྟན་པ་གདམས་པར་བྱེད་ན་ཟས་ངོར་ཆོས་སྟོན་པ་བྱེད་དོ་ཞེས་བདེན་པར་སྨྲ་བར་བྱེད་པ་ཡིན་ན་སྐུར་འདེབས་ཀྱི་ཉེས་པ་ཡོད་པ་མ་ཡིན་ནོ། །ཆོས་གོས་གཉིས་ཞེས་གསུངས་པ་ལ་དོན་གཉིས་ཏེ། ཆོས་གོས་བྱེད་པ་དང༌། ཆོས་གོས་སྟེར་བའོ། །དང་པོ་ནི། འཆར་ཀ་ལ་བཅས་པ་སྟེ། རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མའི་ཆོས་གོས་དགེ་སློང་གིས་བཟོ་བར་བྱེད་ན་བཟོ་རྫོགས་པ་ན་ལྟུང་བྱེད་དོ། །འདི་ལ་ཡུལ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པའོ། །ཀུན་སློང་བཟོ་བྱེད་པར་འདོད་པའོ། །སྦྱོར་བ་བཟོ་བྱེད་པ་ལ་ཞུགས་པའོ། །མཐར་ཐུག་བཟོ་གྲུབ་པ་ནའོ། །དགག་བྱ་གཞན་གྱིས་སྐུར་པ་འདེབས་པའོ། །གཉིས་པ་ཆོས་གོས་སྟེར་བ་ནི། མཉན་ཡོད་དུ་དེད་དཔོན་ལས་རབ་ཏུ་བྱུང་བའི་དགེ་སློང་ལ་བཅས་པ་སྟེ། ཉེ་དུ་མ་ཡིན་པའི་དགེ་སློང་མ་འདི་ལ་བོར་རླག་བྱུང་བ་དང་བསྙེན་རྫོགས་བྱས་པའི་དུས་དང་གོས་བརྗེ་བ་དང་དགེ་སློང་མའི་དགེ་འདུན་ལ་ཕུལ་བ་མ་གཏོགས་པར་གོས་སྟེར་བར་བྱེད་ནའང་ལྟུང་བྱེད་དུ་རྗེས་སུ་བསྟན་པ་ཁོ་ནའོ། །འདི་ལ་ལའང་ཡུལ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པའོ། །ཀུན་སློང་གོས་སྟེར་བར་འདོད་པའོ། །སྦྱོར་བ་ལུས་ངག་གིས་སྟེར་བར་བྱེད་པའོ། །མཐར་ཐུག་དགེ་སློང་མས་ལག་ཏུ་ཐོབ་པ་ནའོ། །དགག་བྱ་སྐུར་པ་འདེབས་པའོ། །དྲུག་སྡེ་ལ་བཅས་པ་ལ་གསུམ་ལས། དང་པོ་དོན་མཐུན་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་གསུམ་སྟེ། ལྟུང་བ་དང༌། ལྟུང་མེད་དང༌། བསླབ་བྱའོ། དང་པོ་ནི། དགེ་སློང་འགྲོན་ལམ་དུ་འགྲོ་བ་ན། དགེ་སློང་མ་གཅིག་དང་གཉིས་དང་དུ་མའི་འགྲོན་གྲོགས་བྱེད་པ་ན། རྒྱང་གྲགས་རེ་རེ་སོང་བ་ན་ལྟུང་བྱེད་རེ་རེ་དང༌། རྒྱང་གྲགས་ཕྱེད་ན་ཉེས་བྱས་རེ་རེ་འབྱུང་བས་ན་སྟོན་པས་བཀག་གོ །འདི་ལ་ཡུལ་ནི་འཇིགས་བཅས་མ་ཡིན་པའི་དུས་ཀྱི་དགེ་སློང་མ་དང་ལྷན་ཅིག་ཏུ་འགྲོ་བའོ། །ཀུན་སློང་ལྷན་ཅིག་ཏུ་འགྲོ་བར་འདོད་པའོ། །སྦྱོར་བ་འགྲོ་བར་རྩོམ་པའོ། །གང་གི་ཚེ་ན་མཐར་ཐུག་རྒྱང་གྲགས་རེ་རེ་འདས་པ་ན་ལྟུང་བྱེད་རེ་རེའོ། །རྒྱང་གྲགས་ཕྱེད་ཕྱེད་འདས་པ་ན་ཉེས་བྱས་རེ་རེའོ། །དགག་བྱ་གཞན་གྱིས་སྐུར་པ་འདེབས་པའོ། །གཉིས་པ་ནི། དགེ་སློང་མང་པོས་རྒྱལ་པོའི་ཁབ་ཏུ་དབྱར་གནས་བྱས་ནས་སྟོན་པ་ལ་ཕྱག་འཚལ་དུ་འགྲོ་བའི་དུས་སུ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དང་མ་འགྲོགས་པར་མཉན་ཡོད་དུ་སོང་བས་ཆོམ་རྐུན་གྱིས་བཅོམ་པ་ལ་བརྟེན་ནས། ཆོམ་རྐུན་དང་སྟག་ལ་སོགས་པའི་འཇིགས་པ་དང་བཅས་པའི་ལམ་དུ་དགེ་སློང་མ་དང་འགྲོགས་ཀྱང་ལྟུང་བར་མི་འདོད་དོ། །གསུམ་པ་ནི། དགེ་སློང་དང་དགེ་སློང་མ་རྣམས་ལམ་དུ་ན་བ་ན་གཅིག་གིས་གཅིག་སྐྱུར་བ་ལ་བརྟེན་ནས་དགེ་སློང་རྣམས་ཀྱིས་དགེ་སློང་མ་ལམ་དུ་ན་བ་ན་ཁུར་བོར་བར་བྱ་བའམ། དགེ་སློང་ཡང་ནི་ལམ་དུ་ན་བ་ན་དགེ་སློང་མས་ཁུར་བར་བྱ་སྟེ། ཁུར་བྱེད་གཞན་ཡེ་ནས་མེད་པར་གྱུར་ནའོ། །མཚན་མཐུན་པ་རྣམས་ནི་ཕན་ཚུན་ཁུར་བ་ལ་སྐྱོན་ཅུང་ཟད་ཀྱང་མེད་དོ། །གཉིས་པ་ཞར་བྱུང་ནི། དགེ་སློང་ཕ་མ་གཉིས་ཀྱིས་རང་རང་གིས་ཁུར་བའི་ལམ་རྒྱགས་གཅིག་གིས་ཁུར་བ་གཅིག་གིས་མ་ཟོས་པས་བསོད་སྙོམས་ཀྱིས་ཕོངས་པ་ལ་བརྟེན་ནས་དགེ་སློང་མ་ཡིས་ཁྱེར་འོངས་པའི་ལམ་རྒྱགས་དགེ་སློང་མས་རེག་ཀྱང་དགེ་སློང་ལ་ནི་ལག་ཉར་མི་འགྱུར་བས་སྤྱད་དུ་རུང་ངོ༌། །དགེ་སློང་གིས་ཁྱེར་འོངས་པའི་ལམ་རྒྱགས་དེ་ལ་ཡང་དགེ་སློང་མ་ལ་ལག་ཉར་མི་འགྱུར་བས་དགེ་སློང་མས་སྤྱོད་པ་ལ་རྣམ་པ་ཀུན་ཏུ་བཀག་པ་མེད་དོ། །དགེ་སློང་དང་དགེ་སློང་མ་རྣམས་ཕན་ཚུན་གཅིག་གིས་གཅིག་བྱིན་ལེན་ཡང་བྱར་རུང་ངོ༌། །དྲུག་སྡེས་དགེ་སློང་མ་བཅུ་གཉིས་སྡེ་དང་གྲུ་ལ་ལྷན་ཅིག་ཏུ་ཞུགས་པ་ལ་བརྟེན་ནས་བཅས་པར་གྲུར་འགྲོ་བ་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ནི། དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་ཆུ་ཡི་རྒྱུན་ཕྱོགས་སུ་གྲུར་འཇུག་པ་ན་ལྟུང་བའོ། །ཡང་རྒྱུན་གྱི་བཟློག་ཕྱོགས་སུ་ཞུགས་པ་ན་བཅས་པ་ཡང་ཆུའི་བཟློག་ཕྱོགས་སུ་གྲུར་འཇུག་པ་ལ་ཡང་ལྟུང་བ་འབྱུང་བས་སྟོན་པས་བཀག་པ་ཡིན་ནོ། །གཉིས་པ་ལྟུང་མེད་ནི། ཆུ་ཀླུང་གནས་ཅན་གྱི་ཕ་རོལ་ཐིབ་ཅན་གྱི་ཀུན་དགའ་ར་བར་གཉིས་ཀའི་དགེ་སློང་བདུན་སྤྱན་དྲངས་པ་ན་དགེ་སློང་དང་ལྷན་ཅིག་གྲུར་མ་ཞུགས་པས་དགེ་སློང་མ་ཞིག་གི་གདུགས་ཚོད་ཆག་ནས་བཅས་པ་མཛད་དོ། །འཇིགས་པ་དང་བཅས་པ་ཡིན་ན་གྲུ་གཅིག་ལ་ཞུགས་ནས་ཐད་ཀར་འགྲོ་ཡང་ཉེས་པ་མེད་ལ། ཡང་ཆུ་འགྲམ་ན་འཇིགས་པ་དང་བཅས་ན་གྲུ་གཅིག་ཏུ་འགྲོ་ཡང་ཉེས་པ་མེད་དོ། །འདི་ལ་ཡུལ་དང་བསམ་སྦྱོར་སོགས་སྔ་མ་ལྟར་རོ། །འཆར་ཀ་མཉན་ཡོད་དུ་སོང་བ་ན་སྦེད་མའི་ཁྱིམ་དུ་སོང་སྟེ། སྦེད་མ་དང་ཁང་པ་གཅིག་ཏུ་འདུག་པ་ལ་བརྟེན་ནས་བཅས་པ་དབེན་པ་ན་འདུག་པ་ནི། སྐྱེ་བོའི་རྒྱུན་ལུགས་མེད་པའི་དབེན་པར་དགེ་སློང་གཅིག་བུད་མེད་གཅིག་དང་ལྷན་ཅིག་ཏུ་འདུས་པས་གནས་པར་མི་བྱ་སྟེ། གལ་ཏེ་ལྷན་ཅིག་ཏུ་འདུག་ན་འདོམ་གང་ཙམ་གྱིས་ཆོད་ཀྱང་ས་ལ་འདུག་པ་ཙམ་གྱིས་ལྟུང་བའོ། །ཡང་འཆར་ཀ་སྦེད་མ་དང་ལྷན་ཅིག་ཏུ་འགྲེང་བ་ལ་བརྟེན་ནས་དབེན་པར་བུད་མེད་དང་ཁྱད་པར་དགེ་སློང་མ་དང་ལྷན་ཅིག་ཏུ་འགྲེང་ན་ཡང་ལྟུང་བའོ། །འདི་ལ་ཡང་གཞི་ནི་དབེན་པར་གནས་པའི་བུད་མེད་དོ། །བསམ་པ་ནི་ལྷན་ཅིག་ཏུ་འདུག་པ་དང་འགྲེང་བར་འདོད་པའོ། །སྦྱོར་བ་དེ་དག་རྩོམ་པའོ། །མཐར་ཐུག་འདུག་པ་དང་འགྲེང་བ་འགྲུབ་པ་ནའོ། །དགག་བྱ་མི་ཚངས་སྤྱོད་དང་སྐུར་བ་འདེབས་པའོ། །དྲུག་སྡེས་མུ་གེ་བྱུང་བའི་དུས་སུ་ཡང་དག་པ་མ་ཡིན་པའི་ཡོན་ཏན་བརྗོད་པའི་སྒོ་ནས་སྦྱིན་བདག་དད་པ་ཅན་ལ་དགེ་སློང་མས་རང་ལ་ཟས་སྦྱོར་དུ་བཅུག་པ་ལ་བརྟེན་ནས་བཅས་པ་སྦྱོར་དུ་བཅུག་པའི་ཟས་ཟ་བ་ལ་གཉིས་ཏེ། ལྟུང་མེད་དང༌། ལྟུང་བའོ། །དང་པོ་ལ་གཉིས་ཏེ། དུས་ཀྱིས་ལྟུང་བ་མེད་པ་དང༌། ཡོན་ཏན་གྱིས་ལྟུང་བ་མེད་པའོ། །དང་པོ་ནི། མཉན་ཡོད་དུ་ཁྱིམ་བདག་གིས་སྤྱན་དྲངས་ཏེ་བསོད་སྙོམས་ལ་འཇུག་པ་ན། སྦོམ་དགའ་མོས་དགེ་སློང་ཁྱོད་ཀྱི་བསྔགས་པ་བརྗོད་དོ་ཞེས་པ་ཐོས་པ་ན་དགེ་སློང་ཕྱིར་ལོག་ནས་ཟན་བཅད་པ་ན། དགེ་སློང་གིས་ནི་ཟང་ཟིང་གི་ཟས་དགེ་སློང་མ་ཡིས་སྦྱོར་དུ་བཅུག་པ་ནི་སྔར་ཡང་ཡང་མགྲོན་དུ་གཉེར་བ་ཡིས་ཡོངས་སུ་སྤྱོད་པ་ལ་ཉེས་པ་མེད་དོ། །མགྲོན་དུ་གཉེར་བ་ཡིན་ཡང་ཡོན་ཏན་གྱིས་ལྟུང་བ་མེད་པ་ལ་གསུམ་སྟེ། བསྟན་པ་དང༌། བཤད་པ་དང༌། བསྡུ་བའོ། །དང་པོ་ལ། སྦྱོར་དུ་བཅུག་པའི་སྒོ་ནས་རྣམ་པ་གཉིས་ཏེ། སྒྲུབ་པའི་ཡོན་ཏན་བརྗོད་པ་ཡིས་སྦྱོར་དུ་བཅུག་པ་དང༌། ཐོས་པའི་ཡོན་ཏན་བརྗོད་པ་ཡིས་སྦྱོར་དུ་བཅུག་པའོ། །སྒྲུབ་པ་ནི་རྒྱུན་དུ་ཞུགས་པ་ཐོབ་པ་ནས་བཟུང་སྟེ། ཇི་སྲིད་དགྲ་བཅོམ་ཐོབ་པར་གྱུར་གྱི་བར་རོ། །ཐོས་པ་ནི་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་ཉིད་ཀྱང་སྟེ། ཐོས་པ་དང་ལྡན་པའོ། །གསུམ་པ་བསྡུ་བ་ནི། སྒྲུབ་པ་དང་ཐོས་པའི་ཡོན་ཏན་དེ་ཉིད་ཡོད་པར་བདེན་པར་སྨྲ་བ་ཡིན་ན་ནི་དེའི་སྒོ་ནས་སྦྱོར་དུ་བཅུག་པ་ཡོངས་སུ་སྤྱད་ཀྱང་ཉེས་པ་མེད་དོ། །སྒྲུབ་པ་དང་ཐོས་པའི་ཡོན་ཏན་ཡོད་པར་མི་བདེན་བཞིན་དུ་སྨྲ་བ་ཡིས་ཟས་ཀྱི་རྙེད་པ་སྦྱོར་དུ་བཅུག་པ་ཟོས་ན་ལྟུང་བའོ། །མགྲོན་དུ་བོས་པ་ལ་ཡང་ལྷག་པར་སྦྱོར་དུ་བཅུག་པ་ཟོས་ན་ལྟུང་བྱེད་དོ། །འདི་ལ་ཡང༌། གཞི་ནི་ཉེ་དུ་མ་ཡིན་པ་དང༌། མགྲོན་དུ་གཉེར་པ་མ་ཡིན་པར་ཟས་སྦྱོར་དུ་བཅུག་པའོ། །བསམ་པ་ནི་ཟ་བར་འདོད་པའོ། །སྦྱོར་བ་ནི་ཟ་བར་རྩོམ་པའོ། །མཐར་ཐུག་མགུལ་དུ་མིད་པ་ནའོ། །དགག་བྱ་གཞན་གྱི་ཟས་ལ་གནོད་པ་དང་མ་དད་པའོ། །བཅུ་ཚན་བཞི་པ་ལ། སྡོམ་ནི། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབ་པ་དང༌། །འདུས་དང་དུས་མིན་གསོག་འཇོག་དང༌། །ཁ་ནས་མིད་དང་བསོད་པ་ཉིད། །ཅེས་པའོ། །དང་པོ་ནི། ཡངས་པ་ཅན་དུ་དྲུག་སྡེ་ལ་བཅས་པ་ཡང་ཡང་ཟ་བ་ལ་གསུམ་སྟེ། དངོས་གཞི་དང༌། སེལ་བ་དང༌། བསླབ་བྱའོ། །དང་པོ་ནི། སྡོམ་བརྩོན་གང་དག་གནང་བའི་དུས་མ་གཏོགས་པར་དུས་གཞན་དུ་ཟས་མངོན་པར་འདོད་པ་ཡིས་ཡང་ཡང་ཟ་ན་ལྟུང་བྱེད་ཡིན་ནོ། །ན་བའི་དུས་ནི་ནད་ཀྱི་ཚོར་བས་གཟིར་བའོ། །ཆོས་གོས་ཀྱི་དུས་ནི་མགྲོན་དུ་བོས་པའི་དུས་སུ་ཆོས་གོས་ཀྱི་རྒྱུ་འབུལ་བ་སྟེ། མཉན་ཡོད་དུ་ཁྱིམ་བདག་གཅིག་གིས་བསྙེན་གནས་བྱས་པའི་དུས་སུ་དགེ་སློང་རྣམས་ཀྱིས་ཟན་མ་ཟོས་པར་རང་ཉིད་ཀྱིས་ཟན་མི་ཟ་བར་དམ་བཅས་ནས་དགེ་སློང་རྣམས་སྔ་མའི་ཟས་ཟོས་ཟིན་ནས་ཡང་ཡང་ཟ་བའི་ལྟུང་བས་འཇིགས་ནས་ཕྱི་མའི་ཟས་ལ་འདོད་པ་ལ་མ་འོངས་པས། རས་ཡུག་འབུལ་ལོ་ཞེས་སྨྲས་ཀྱང་འབོད་པ་དང་དུ་མ་བླངས་པས་ཁྱིམ་བདག་གི་ཟན་ཆད་པ་ལ་བརྟེན་ནས་འདི་གནང་ངོ༌། །དགེ་འདུན་དང་མཆོད་རྟེན་གྱི་ལས་བྱེད་པའི་དུས་སུ་བཀྲེས་ཀྱང་མི་ཟ་བ་ལ་བརྟེན་ནས་ལསཾ་དུསཾ་དངཾ༌། ༴ཾ ལམ་ལ་འགྲོ་བའི་དུས་སུ་ཡང་ཡང་ཟ་བ་གནང་ངོ༌། །འདི་ལ་གཞི་ནི་ཉེ་དུ་མ་ཡིན་པའི་ཁྱིམ་བདག་གིས་མགྲོན་དུ་བོས་པ་གཉིས་པ་ཁས་ལེན་པའོ། །བསམ་པ་ནི་མགྲོན་དུ་འབོད་པ་གཉིས་པའི་རྙེད་པ་བཟའ་བར་འདོད་པའོ། །སྦྱོར་བ་ནི་བཟའ་བར་རྩོམ་པའོ། །མཐར་ཐུག་མགུལ་དུ་མིད་པ་ནའོ། །འདི་ལ་མུ་གེའི་དུས་མ་ཡིན་པ་དང༌། ཕྱི་མ་ལ་རྙེད་པ་མེད་པ་དང༌། །སྲ་བརྐྱང་བཏིང་བ་མ་ཡིན་པ་ཞིག་ཡན་ལག་ཏུ་དགོས་སོ། །དགག་བྱ་ཟས་ལ་འདོད་པ་ཆེ་བ་དང་གཞན་མ་དད་པའོ། །གཉིས་པ་སེལ་བ་ལ་གསུམ་སྟེ། དུས་བཞིའི་སེལ་བ་སྤྱིར་བསྟན། ཆོས་གོས་ཀྱི་སེལ་བ་བྱེ་བྲག་ཏུ་བཤད། དེའི་རྒྱུ་མཚན་འགོད་པའོ། དང་པོ་ནི། ནད་པ་ཞེས་སོགས་གསུངས་པ་གང་ཞེ་ན། ཟས་ལན་གཅིག་ཟོས་པས་ནད་མི་འཚོ་བ་དེ་ནི་ནད་པ་ཞེས་བྱའོ། །ཆོས་གོས་ཀྱི་དུས་གང་ཞེ་ན། ཡུལ་ནི་ཕྱོགས་བཞིར་ཁྲུ་གང་སྟེ། ཁྲུ་གྲུ་བཞི་ཙམ་མགྲོན་འབོད་པའི་སར་སྟེར་བ་ཉིད་ཀྱིས་ཀྱང་ཆོས་གོས་ཀྱི་དུས་སུ་འདོད་དོ། །ལས་ཀྱི་དུས་ནི་གཙུག་ལག་ཁང་ངམ་མཆོད་རྟེན་དག་གི་ཆེད་ལ་ཡང་ཁྲུ་གང་ངམ་རེ་ལྡེ་ཙམ་ཡང་རུང་བ་ལ་འཇིམ་བྱུག་པ་དག་གམ་ས་ཀུན་ནས་སྙོམས་པར་བྱེད་ན་ལས་ཀྱི་དུས་བརྗོད་པ་ཡིན་ནོ། །ལམ་དུས་ནི་སྡོམ་བརྩོན་དཔག་ཚད་ཕྱེད་ཙམ་དུ་སོང་ནས་ནི་སླར་ཡང་ལོག་པ་ན་དེ་ནི་ལམ་གྱི་དུས་ཞེས་བྱ་སྟེ། ནད་ཀྱི་དུས་དང༌། ཆོས་གོས་དང༌། ལས་དང༌། ལམ་གྱི་དུས་སུ་བསྟན་པ་བཞི་པོ་འདིའི་གནས་སྐབས་སུ་དགེ་སློང་གིས་ཡང་ཡང་ཟ་བ་ལ་ཉེས་པ་མེད་དོ། །ཡང་ཡང་ཟ་བའི་དོན་ནི་མགྲོན་དུ་འབོད་པ་སྔ་ཕྱི་གཉིས་ཀ་ལ་ཡང་ཟས་ཟ་བའོ། །གཉིས་པ་ནི། མགྲོན་དུ་འབོད་པ་སྔ་ཕྱི་གཉིས་ལས་དང་པོ་ལ་ཟས་ཟོས་ཀྱང་ཕྱི་མ་ལ་ཆོས་གོས་ཀྱི་འབུལ་བ་ཡོད་ན་ཆོས་གོས་དང་བཅས་པར་འབོད་པ་ལ་ཕྱི་མ་ལ་འགྲོ་བ་ཡང་རྗེས་སུ་གནང་བས་ཉེས་པ་མེད་དོ། །ཕྱི་མ་ལ་ཆོས་གོས་མེད་པར་ནི་འོང་བར་ཁས་མི་བླང་ངོ༌། །ཕྱི་མའི་ཟས་འབའ་ཞིག་ལ་འབོད་པ་དང་དུ་བླངས་ན་ཉེས་བྱས་ཡིན་ནོ། །ཟོས་ན་ལྟུང་བྱེད་དོ། །མགྲོན་དུ་འབོད་པ་དང་པོར་གོས་ཀྱི་འབུལ་བ་མེད་པ་དང་ཕྱི་མ་གོས་ཀྱི་འབུལ་བ་དང་བཅས་པ་ཡིན་གྲང་ན་གང་གི་ཕྱིར་སྟོན་མོ་གཉིས་ཀ་ཡང་ཟ་བ་ལ་ནི་དགག་པ་མེད། ཕྱི་མའང་ཞེས་པའི་འང་གི་སྒྲ་ནི་སྔ་འགྱུར་ལ་མེད་དོ། །མགྲོན་དུ་འབོད་པ་དང་པོ་ཡང་ནི་གོས་ཀྱི་འབུལ་བ་དང་བཅས་ལ། ཕྱི་མའང་གོས་ཀྱི་འབུལ་བ་དང་བཅས་པ་ཡིན་ན་ནི་མགྲོན་དུ་འབོད་པ་གཉིས་ཀ་ལ་ཡང་ཅི་འདོད་དུ་བཟའ་བ་བཀག་པ་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། རང་གི་ཆོས་གོས་བོར་ནས་མེད་པར་གྱུར་པ་ལ་འབུལ་བའི་གོས་དང་བཅས་པ་དང་དུ་ལེན་པ་ནི་ཀུན་མཁྱེན་ཐུགས་རྗེ་ཅན་གྱིས་རྗེས་སུ་གནང་བར་མཛད་དེ། གོས་ནི་ཀུན་ཏུ་རྩོལ་བ་མ་བྱས་པར་མི་རྙེད་པའི་ཕྱིར། གསུམ་པ་བསླབ་བྱ་ནི། ཁྱིམ་པས་གྲོང་དུ་དགེ་འདུན་རྣམས་མགྲོན་དུ་གཉེར་བ་ན། དགེ་བསྐོས་ཀྱིས་དགེ་འདུན་མཐའ་དག་ལ་ཡུལ་འདིར་ཁྱིམ་བདག་འདི་ཞེས་བྱ་བས་མགྲོན་དུ་འབོད་དོ་ཞེས་གོ་བར་བྱས་ནས་གཙུག་ལག་ཁང་སྐྱོང་གི་རྒན་པོ་དག་གིས་སྐབས་སུ་བབ་པའི་དུས་སུ་གཎྜི་བརྡུང་དུ་གཞུག་པར་བྱས་ནས། དགེ་སློང་རང་གི་སྡེ་པ། དགེ་སློང་དང༌། དགེ་སློང་མ་དང༌། དགེ་སློབ་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། གློ་བུར་དུ་ལྷགས་པའི་སྡེ་པ་གཞན་མཐོང་བ་ལ་ཡང་མགྲོན་དུ་འགྲོ་བའི་ཆེད་དུ་བསྐུལ་བར་བྱ་སྟེ། གཞན་དུ་སྟེ་བསྐུལ་བར་མ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ། །དྲུག་སྡེ་ལ་བཅས་པ་གསུམ་གྱི་དང་པོ་འདུག་གནས་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ནི། དགེ་སློང་གིས་ཁྱིམ་པ་གནས་པའི་མུ་སྟེགས་པའི་འདུག་གནས་སུ་འདུག་ནས་གནས་དེར་ནི་གཡོས་པའི་ཁ་ཟས་ཞག་གཅིག་གནས་ནས་བཟར་རུང་གི ཞག་གཅིག་ལས་ལྷག་པར་གནས་ནས་ཟོས་ན་ནི་ནད་པ་ལས་གཞན་ལ་ལྟུང་བར་འགྱུར་རོ། །ནད་པ་ལ་གནང་བ་ནི། ཤཱ་རིའི་བུ་འཁོར་ལྔ་བརྒྱ་དང་བཅས་པ་འདུག་གནས་དེར་ཕྱིན་ཏེ་ཡུན་རིང་དུ་གནས་ཤིང་ཆོས་བསྟན་པས། གདུགས་ཚོད་ཡོལ་ཞིང་རླུང་གིས་རོ་རྒྱབ་ན་བཞིན་དུ་མ་བསྡད་པས་ནད་པ་ལས་གཞན་ལ་འགྱུར་རོ་ཞེས་སོ། །ནད་པས་ནི་ཞག་གཅིག་ལས་ལྷག་པར་གནས་ཀྱང་གནང་ངོ༌། །ནད་པ་མིན་པས་ནི་ཉིན་ཞག་གཉིས་པར་གནས་ན་ཉེས་བྱས་ཡིན། བཟའ་བ་ཟོས་ན་ལྟུང་བྱེད་དེ། གནས་གཞན་ནས་དེར་ཟས་ཁྱེར་འོངས་ནས་ཟ་ན་ཡང་ལྟུང་བྱེད་དོ། །ཡང་འདུག་གནས་དེ་ཕྱི་ནང་གཉིས་ཀའི་ཐུན་མོང་པ་ཡིན་ན་ཉེས་བྱས་སོ། །ཡང་མུ་སྟེགས་དེ་དག་ལ་ཕན་གདགས་པ་དང་ལྟ་བ་ལས་དབྲལ་བའི་ཕྱིར་ཡིན་ན་ཉེས་པ་མེད་དོ། །འདི་ལ་ཡང་གཞི་ཉེ་དུ་མ་ཡིན་པའི་ཁྱིམ་པའི་གནས་མུ་སྟེགས་པའི་འདུག་གནས་སུ་གཏོགས་པ་ན་ཞག་གཅིག་ལས་ལྷག་པར་གནས་པའོ། །བསམ་པ་ནི་ཟས་གཉིས་པ་ཟ་བར་འདོད་པའོ། །སྦྱོར་བ་ནི་ཟས་གཉིས་པ་ཟ་བར་རྩོམ་པའོ། །མཐར་ཐུག་མགུལ་དུ་མིད་པ་ནའོ། །དགག་བྱ་འཐབ་རྩོད་འབྱུང་བའོ། །གཉིས་པ་ལྟུང་མེད་ནི། སྤྱིར་ན་འགྲོ་བ་ཐམས་ཅད་ཀྱི་རྗེ་བོ་སྟོན་པས་ཉེ་དུ་འབྲེལ་བའི་ཁྱིམ་ཁོ་ན་ལ་ལན་བརྒྱར་བཟའ་བ་ཟོས་ཀྱང་ནི་ལྟུང་བའི་དྲི་མ་ཡོད་པ་མ་ཡིན་པར་གསུངས་སོ། །ཁྱིམ་གཞན་དུ་ནི་ཅི་རིགས་པའོ། །ཕྱི་དང་ཞེས་པ་ནི་ཉེ་དགའ་ལ་བཅས་པ་སྟེ། འདི་ལ་བསྟན། བཤད་གཉིས་ལས། དང་པོ་ནི། སྦྱིན་བདག་གིས་ཅི་བདེར་སྟོབ་པ་མ་ཡིན་པར་དགེ་སློང་གི་ཉེ་དུ་མ་ཡིན་པའི་ཁྱིམ་ནས་ཕྱེ་དང་ཁུར་བ་ཡིས་གང་བའི་ལྷུང་བཟེད་རབ་ཚད་གཉིས་སམ། ཡང་ན་འབྲིང་ཚད་གསུམ་ལས་ལྷག་པར་ལེན་ན་ལྟུང་བྱེད་ཡིན་ནོ། །འདི་ལ་ཡང་གཞི་ནི་ཅི་བདེར་སྟོབ་པ་ཡང་མ་ཡིན། ཉེ་དུ་ཡང་མ་ཡིན་པའི་ཁྱིམ་ནས་བསོད་སྙོམས་ལེན་པའོ། །བསམ་པ་ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པར་འདོད་པ། སྦྱོར་བ་ལེན་པར་རྩོམ་པ། མཐར་ཐུག་རྫོགས་པ་ནའོ། །དགག་བྱ་ནི་སྦྱིན་བདག་ལ་གནོད་པ་དང༌། གཞན་མ་དད་པའོ། །གཉིས་པ་བཤད་པ་ལ་བཞི་སྟེ། གནང་བའི་ཚད་གཟུང་བ་དང༌། ཚད་ལས་འདས་པའི་ལྟུང་བ་དང༌། ལྟུང་མེད་དང༌། བསླབ་བྱའོ། །དང་པོ་ནི། ལྷུང་བཟེད་ཆེན་པོ་གཉིས་དང་དུ་ལེན་པ་ནི་ལྟུང་བ་ཡོད་པ་མིན་ཞེས་མཐར་སྦྱར་རོ། །ལྷུང་བཟེད་ཆུང་ངུ་གཉིས་དང་ཆེན་པོའི་ཕྱེད་ཀྱི་ཚད་ལེན་པ་ལའང་ལྟུང་བ་ཡོད་པ་མིན། ལྷུང་བཟེད་ཆུང་ངུ་གསུམ་གྱི་ཚད་ལེན་པ་ལའང་ལྟུང་བ་ཡོད་པ་མིན་ཞེས་པ་དང༌། སྔར་འབྲིང་པོ་གཉིས་སུ་གང་བསྟན་པའི་འབྲིང་པོ་གཉིས་ཀྱི་ཚད་ལེན་པ་ལ་ཡང་ལྟུང་བ་ཡོད་པ་མིན། ཡང་འབྲིང་པོ་གཉིས་དང་ཆུང་ངུའི་གཅིག་ལེན་པ་ལ་ཡང་ལྟུང་བ་ཡོད་པ་མིན། ལྷུང་བཟེད་ཆེན་པོའི་ཚད་གཅིག་དང་ཆུང་ངུ་གཅིག་གི་ཚད་ལེན་པ་ལ་ཡང་ལྟུང་བ་ཡོད་པ་མིན་ནོ། །འབྲིང་པོ་གཉིས་དང་ཆུང་ངུ་གཅིག་ཅེས་པའི་གཞུང་ཚིག་འདི་ནི་སྔ་འགྱུར་ལ་མི་སྣང་ངོ༌། །ཡང་འགྱུར་གཅིག་ལ་ཆེན་པོ་གཉིས། ཆུང་ངུ་གཅིག་ཅེས་པ་ཡང་སྣང་ངོ༌། །གཉིས་པ་ལ་གཉིས་ཏེ། སེལ་བ་དང༌། དངོས་གཞིའོ། །དང་པོ་ནི། ལྷུང་བཟེད་འབྲིང་པོ་གསུམ་དུ་ལེན་པར་བྱེད་པ་ལ་ནི་ཉེས་བྱས་ངེས་པར་ཐོབ་པ་ཡིན་ནོ། །གཉིས་པ་དངོས་གཞི་ནི། སྔར་བསྟན་པ་བཞིན་དུ་ལྷུང་བཟེད་རབ་ཚད་དོའམ་ཡང་ན་འབྲིང་ཚད་གསུམ་ཡོངས་སུ་གང་བ་ལས་གཞན་དེ་ལས་ལྷག་པ་ལེན་པ་ལ་དགེ་སློང་ལ་ནི་ལྟུང་བྱེད་ཡིན་ནོ། །གསུམ་པ་ལྟུང་མེད་ནི། ཅི་བདེར་སྟོབ་པ་མིན་པ་ལས་གཞན་དུ་ཅི་བདེར་སྟོབ་པར་བྱེད་པའི་ས་ནས་ལྷུང་བཟེད་གང་བ་ཆེ་ཚད་གཉིས་ལས་ལྷག་པ་དང་འབྲིང་ཚད་གསུམ་ལས་ལྷག་པར་ལེན་པར་བྱེད་པ་ལ་ཉེས་པ་མེད། ཕན་སེམས་ཀྱིས་ཉེ་དུའི་ཁྱིམ་ལས་ལྷུང་བཟེད་གང་བ་ཇི་ཙམ་ལེན་པ་ལ་ཉེས་པ་ཡོད་པ་མིན་ཏེ། ཞུ་བ་ལས། གནས་དེ་ཉིད་དུ་འདུག་སྟེ་ཟ་ན་ཇི་སྙེད་ཟོས་ཀྱང་ལྟུང་བ་མེད་དོ་ཞེས་བཤད་དོ། །བཞི་པ་བསླབ་བྱ་ནི། གནང་བའི་ཚད་དང་ཉེ་དུ་ལས་ལྷག་པར་བླངས་བ་དེ་རྣམས་ཀྱང་རང་དང་ལྷན་ཅིག་གནས་པའི་དགེ་སློང་རྣམས་ལ་བགོ་བཤའ་བྱའོ། །བཅའ་བ་སྤངས་པ་བཟའ་བ་ནི། མཉན་ཡོད་དུ་དྲུག་སྡེ་ལ་བཅས་པ་སྟེ། འདི་ལ་བསྟན། བཤད་གཉིས་ལས། དང་པོ་ལ་སྤངས་པ་ནི་གཉིས་ཏེ། ཟས་བརྩམས་པའི་སྟན་སྤངས་པ་དང༌། ཟས་སྤངས་པའོ། །སྟན་སྤངས་པ་དང་བཟའ་བ་སྤངས་ནས་གང་ཟ་བའི་དགེ་སློང་རྣམས་བསླབ་པའི་གནས་ལ་མ་བརྟགས་པའི་ལྟུང་བ་འབྱུང་བ་ཡིན་ནོ། །གལ་ཏེ་ཟས་སྤངས་ནས་ཕྱིས་ཟ་ན་ངེས་པར་ལྟུང་བར་འདོད་དམ་ཞེ་ན། ལྷག་བོར་གྱི་ཆོ་ག་བྱས་ན་མ་ཡིན་ལ། ལྷག་བོར་ལེགས་པར་མ་བྱས་པར་སྤངས་པའི་ཟས་ཟ་བ་དེ་ལ་ལྟུང་བྱེད་ངེས་པར་འབྱུང་བ་ཉིད་དུ་འདོད་དོ། །འདི་ལ་གཞི་ནི་ཟས་བརྩམས་པའི་སྟན་དང༌། ཟས་སྤངས་པའོ། །བསམ་པ་ནི་སྤངས་པ་ཟ་བར་འདོད་པའོ། །སྦྱོར་བ་ནི་སྤངས་པ་ཟ་བར་རྩོམ་པའོ། །མཐར་ཐུག་མགུལ་དུ་མིད་པ་ནའོ། །དགག་བྱ་ཟས་ལ་ཧ་ཅང་ཆགས་པ་དང་མ་དད་པ་བསྐྱེད་པའོ། །གཉིས་པ་བཤད་པ་ལ་བཞི་སྟེ། བཟའ་བའི་དངོས་པོ་དང༌། སྤངས་པའི་ཚད་དང༌། ལྷག་པོར་གྱིས་མཚན་ཉིད་དང༌། ལྟུང་བའི་མཚན་ཉིད་དོ། །དང་པོ་ནི། བཟའ་བར་བྱ་བ་སྤངས་ནས་འདིར་སླར་ཡང་བཟའ་བར་ནམ་ཡང་རྗེས་སུ་མ་གནང་ངོ༌། །བཟའ་བ་སྤངས་ནས་སླར་ཡང་བཟའ་བ་རྗེས་སུ་མ་གནང་བར་མ་ཟད་འདིར་བཅའ་བ་སྤངས་ནས་སླར་འཆའ་བ་ཉིད་ཀྱང་རྗེས་སུ་མ་གནང་ངོ༌། །བཟའ་བ་གང་ཞེ་ན་བཟའ་བ་ནི་རྣམ་པ་ལྔ་སྟེ། ནས་དང་གྲོ་ལ་སོགས་པ་འབྲུ་སྣ་ཚོགས་པའི་ཆན་དང༌། ཟན་དང༌། ཤ་དང༌། ཕྱེ་དང༌། ཁུར་བ་རྣམས་སོ། །བཅའ་བ་གང་ཞེ་ན། བཅའ་བ་ཡང་ནི་རྣམ་པ་ལྔ་སྟེ། རྩ་བ་དང༌། སྡོང་བུ་དང༌། མེ་ཏོག་དང༌། འབྲས་བུ་དང༌། ལོ་མ་རྣམས་སོ། །ལུང་གི་སྐབས། གང་དུ་ཟང་ཟིང་ཞེས་བྱ་བར་བརྗོད་པ་ནི་བཟའ་བ་ལྔ་པོ་རྣམས་སུ་ཤེས་པར་བྱའོ། །གཉིས་པ་སྤངས་པའི་ཚད་ནི། སྤངས་པ་གང་ཞེ་ན། ཟས་དེ་ཡོད་པ་དང༌། སྟེར་བ་སྟེ་སྟོབ་པ་དང༌། ཟས་ཟ་བ་དེའི་རྣམ་འགྱུར་ཏེ་བཟའ་བར་བརྩམས་པ་དང༌། ཟས་སྤངས་པ་དང༌། སྟན་ནི་བོར་ནས་སྤྱོད་ལམ་ཉམས་པ་སྟེ་གནས་ནི་རྣམ་པ་ལྔ་པོ་འདི་དག་ལ། དགེ་སློང་གིས་སྤངས་པ་ཞེས་བྱ་བར་བརྗོད་དོ། །སྤངས་པ་ལྔ་བཤད་པ་ལས་གཞན་དུ་ལྔ་པོ་འདི་དག་མིན་པ་ལ་སྤངས་པའི་དོན་ཡོད་པ་མ་ཡིན་ནོ། །རེ་ཞིག་ཆོག་གོ་ཞེས་པའི་ཚིག་དང་ལྡན་པ་ཡིས་ནི་ཟས་ཀྱིས་ཚིམ་པར་གྱུར་པའི་མཐར་ཕྱིན་པ་སྟོན་པ་ཡིན་ཏེ། ཟས་ཀྱིས་ཚིམ་པས་ཆོག་གོ་ཞེས་པའི་ཚིག་སྨྲས་པའི་ཕྱིར། རེ་ཞིག་གི་སྒྲ་སྦྱར་བས་ནི་གཏན་ནས་སྤངས་པ་མ་ཡིན་པར་བསྟན་ཏོ། །དེ་བཞིན་དུ་རེ་ཞིག་སོང་ཞིག་ཅེས་བྱ་བ་ལ་སོགས་པ་བརྗོད་པ་ཡིས་སྤངས་པར་གྱུར་ཀྱང་རེ་ཞིག་གི་སྒྲས་གཏན་ནས་སྤངས་པ་མ་ཡིན་པས་ཟོས་པ་ལ་ཉེས་པ་མེད་དོ། །རེ་ཞིག་གི་སྒྲ་མ་སྦྱར་ན་སྤངས་པ་ལྔ་པོ་དེ་དག་ལ་ཟོས་ན་ཉེས་པ་ཡོད་དོ། །གསུམ་པ་ལྷག་བོར་གྱིས་མཚན་ཉིད་ལ་གཉིས་ཏེ། ལྷག་བོར་དགོས་པ་དང༌། མི་དགོས་པའོ། །དང་པོ་ལ་བཞི་སྟེ། གནས་གང་དུ་བྱ་བ་དང༌། སྤྱོད་ལམ་ཇི་ལྟ་བུས་དང༌། ཆོ་ག་གང་གིས་བྱ་བ་དང༌། ལྷག་བོར་གྱི་དོན་ནོ། །དང་པོ་ནི། ཁྱིམ་བདག་གཅིག་གིས་སངས་རྒྱས་ལ་སོགས་པ་གདུགས་ཚོད་ལ་སྤྱན་དྲངས་པ་ན་ནད་གཡོག་གིས་ནད་པའི་སྐལ་བ་བླངས་པ་ནད་པ་མི་ཟ་ཞིང་ནད་གཡོག་གིས་ཟས་སྤངས་པས་ཀུན་དགའ་ར་བའི་ནང་དུ་ཕུང་པོར་བཞག་པ་བྱ་རོག་གིས་ཟ་བ་ན་སྒྲ་བྱུང་བ་གསན་ནས་ལྷག་བོར་བྱ་བར་གསུངས་ཏེ། ལྷག་བོར་བྱ་བའི་ཡུལ་གྱི་གློ་ནས་ལྷག་བོར་བྱ་བ་མ་ཡིན་ཞིང༌། རྒྱབ་ནས་ལྷག་བོར་བྱ་བ་མིན། པང་དུ་ལྷག་བོར་བྱ་བ་ཡང་མ་ཡིན་ལ། ནམ་མཁར་བྱ་བ་ཡང་མིན་ནོ། །དཀྱིལ་འཁོར་དག་གི་སྟེང་དུ་ཡང༌། །ནམ་ཡང་ལྷག་བོར་མི་བྱའོ། །ཅི་སྟེ་ན། རགས་པ་མཚམས་གཞན་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་སྦྱོང་ལམ་ཇི་ལྟ་བུས་བྱ་བ་ནི། ལྷག་བོར་ཞུ་མཁན་གྱིས་འབད་པས་ཆུ་ཡིས་ལག་པ་རབ་ཏུ་བཀྲུས་ནས་ལྷག་བོར་བྱ་བའི་ཁ་ཟས་དེ་ནི་ལག་ཏུ་ཡོངས་སུ་བླངས་ལ། ལྷག་བོར་བྱེད་པ་པོའི་དགེ་སློང་ཡང་དང་པོའི་འདུག་ས་མ་བོར་བར་དགེ་སློང་གིས་ཟས་གང་ཁམ་གཉིས་གསུམ་ཟོས་ནས་ལྷག་མར་བྱས་པ་གཞན་ལ་སྟེར་བ་དེ་ནི་ལྷག་བོར་བྱེད་པ་པོ་ཡིན་ནོ། །འགྱུར་རྙིང་ལས། འདུག་ས་མ་བོར་དགེ་སློང་གིས། །གང་ཟོས་དེ་ནི་ལྷག་བོར་ཡིན། །ཞེས་པ་ལྟར་རོ། །འགྱུར་གསར་ལས། འདུག་ས་མང་པོར་དགེ་སློང་གིས། །གང་ཟོས་དེ་ནི་ལྷག་བོར་མིན། །ཞེས་འབྱུང་བ་ལྟར་ན། འདུག་ས་མང་པོར་ཟས་གང་ཟོས་པའི་དགེ་སློང་གིས་ནི་ལྷག་བོར་བྱ་བ་དེ་ནི་མིན་ཏེ། སྤྱོད་ལམ་ཉམས་པས་སོ་ཞེས་པའོ། །འོན་ཀྱང་སྔ་འགྱུར་ལྟར་ལེགས་པར་མངོན་ནོ། །ཡང་ན་སྔ་འགྱུར་ལ་ཕྱི་མ་ཁ་བསྐང་བ་དང༌། འགྱུར་གསར་པ་ལ་སྔ་འགྱུར་གྱིས་ཁ་བསྐངས་ན་ལེགས་སོ། །ལྷག་བོར་བྱེད་པའི་དགེ་སློང་གིས་ཟོས་པའི་ལྷག་མ་བོར་བ་ནི་ལྷག་བོར་ཞེས་བྱའོ། །གསུམ་པ་ཆོ་ག་གང་གིས་བྱ་བ་ནི། ལྷག་བོར་ཞུ་བ་པོའི་དགེ་སློང་གུས་པས་ལྷག་བོར་བྱེད་པ་པོའི་དགེ་སློང་དེའི་མདུན་དུ་ནི་ཙོག་པུར་འདུག་ནས་འདི་སྐད་བརྗོད་དེ། བཙུན་པ་བདག་ལ་དགོངས་ཤིག བདག་མིང་འདི་ཞེས་བགྱི་བས་སྤངས་པའི་ཟས་དག་ལྷག་བོར་བྱས་པའི་བཟའ་བ་དག་བཟའ་བར་འཚལ་བས། འདི་ནི་བདག་གི་ཕུན་སུམ་ཚོགས་པའི་བཟའ་བ་དང་བཅའ་བ་ལ་སོགས་པ་རུང་བ་སྟེ། ལྷག་བོར་མཛད་པར་དགོངས་ནས་ཅུང་ཟད་གསོལ་ཅིག་ཅེས་གུས་པ་དང་བཅས་པས་བརྗོད་པར་བྱ། ཆོ་ག་ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་འཚལ་མ་སྤངས་ཤིང་མཐར་ཐུག་བར་བགྱིས་བ་ལས། བཅའ་བ་དང་བཟའ་བ་རྙེད་ཅིང་འཚལ་ན་ལྷག་བོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ་ཞེས་སོ། །བྱེད་པ་པོའི་དགེ་སློང་དེས་ཀྱང་ཟས་དེ་ལ་ཁམ་གཉིས་སམ་ཁམ་གསུམ་ཙམ་གྱི་ཕུད་ཟོས་ནས། ཞུ་མཁན་དེ་ལ་ཁྱོད་ཀྱིར་གྱུར་གྱི་སོང་ཞིག ཇི་ལྟར་བདེ་བར་ནི་ཟས་འདི་དག་རྣམས་ནི་བཟའ་བར་གྱིས་ཤིག ཅེས་བརྗོད་དོ། །ཡུལ་ཟས་མ་སྤངས་པ་ཁོ་ན་ཞིག་དགོས་སམ་ཞེ་ན། མི་དགོས་ཏེ། ཡུལ་དེ་ནི་ཟས་ཟོས་ནས་སྤངས་པ་དང༌། གནས་ནས་མ་ལངས་པས་སྤྱོད་ལམ་མ་ཉམས་པར་འདུག་པ་ཉིད་ཀྱིས་ལྷག་བོར་བྱས་པ་ལ་ནི་ཡོན་ཏན་ཅན་གྱི་དགེ་སློང་དེའི་མདུན་དུ་འདུག་ནས་ཆོ་ག་སྔ་མ་བཞིན་དུ་བྱའོ། །ལྷག་བོར་བྱེད་པ་པོས་ཟས་ཟ་བ་ཁོ་ན་དགོས་སམ་ཞེ་ན། ལྷག་བོར་བྱེད་པ་པོ་དེ་ཡིས་ཟས་དེའི་ཕུད་མ་ཟོས་པ་ན་ཡང་ཟས་དེ་ལ་ལྷག་བོར་དེ་ནི་བྱ་བར་རུང་སྟེ། ལྷག་བོར་ཞུ་བ་དེ་ལ་སོང་ལ་འདི་ནི་ཅི་བདེར་ཟོ་ཞིག་ཅེས་པའི་ཚུལ་འདི་ནི་ལྷག་བོར་གྱི་ཆོ་གར་བརྗོད་དོ། །གཉིས་པ་ལྷག་བོར་མི་དགོས་པ་ནི། སྡོམ་བརྩོན་གྱི་དགེ་སློང་དག་གིས་མགུལ་བར་བཏུང་བར་བྱ་བ་འོ་མ་དང་ཞོ་ལ་སོགས་པ་ལ་སྤངས་ཀྱང་ལྷག་བོར་གྱི་ཆོ་གའི་ཚུལ་འདིས་ངེས་པར་བརྟག་མི་དགོས་སོ། །ལྷག་བོར་གྱི་མཚན་ཉིད་བསྟན་ཟིན་ཏོ། །བཞི་པ་ལྟུང་བའི་མཚན་ཉིད་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། སེལ་བའོ། །དང་པོ་ནི། ནས་ལ་སོགས་པའི་ཐུག་པ་ལ་ནི་སྤངས་པ་ཡོད་པ་ཁོ་ན་སྟེ། ཐུག་པ་ཇི་ལྟ་བུ་ལ་ཞེ་ན། ཐུག་པ་སོར་མོས་མནན་པ་ན་སོར་རྗེས་ཡོད་པར་མངོན་པ་དང༌། ཐུག་པ་གང་གི་སྟེང་དུ་ནི་སླ་བར་གནས་ལ། གང་གི་གཏིང་ནི་བསྐ་བར་གནས་པར་མཐོང་བར་གནས་པའི་བསྐ་མོ་དེ་མཛུབ་མོས་ལྷག་པར་བྱེད་དགོས་པ་ལའོ། །སྤངས་པ་ལ་སྤངས་པ་དེར་ནི་འདུ་ཤེས་པས་ཟོས་སམ། སྤངས་མ་སྤངས་ཐེ་ཚོམ་ཟ་བཞིན་པ་ཉིད་ཀྱིས་ལོངས་སྤྱོད་ཀྱང་རུང༌། སྤངས་པ་ཟ་བའི་ལྟུང་བྱེད་ཀྱིས་དམྱལ་བའི་ལམ་ལ་འཇུག་པས་ལས་རྣམས་ཀྱིས་ཡོངས་སུ་སྦྱོང་བར་བྱེད་དོ། །ཐུག་པ་དངོས་དང་སྐྱོ་མ་དངོས་ལ་ནི་སྤངས་པ་ཟ་བའི་དངོས་གཞི་མེད་དོ། །མདོ་རྩ་བར། ཁ་གཟར་གྱེན་དུ་འགྲེང་མི་ཐུབ་པའི་ཐུག་པ་དག་ནི་ཐུག་པ་ཉིད་དོ། །སོར་མོ་ལྔ་མི་མངོན་པ་ནི་སྐྱོ་མའོ་ཞེས་པ་ལྟར་རོ། །གཉིས་པ་སེལ་བ་ནི། ཟས་གང་དུ་མ་སྤངས་པར་ཡང་ནི་གང་གི་ཕྱིར་སྤངས་པར་འདུ་ཤེས་པས་ཟོས་སམ་མ་སྤངས་པ་ལ་ཐེ་ཚོམ་ཟ་བ་ཁོ་ན་ཡིས་ཟོས་ཀྱང་རུང་སྟེ་ཉེས་བྱས་ཀྱི་སྡུག་བསྔལ་སྟེར་བྱེད་ཡིན་ནོ། །རྒན་ཞུགས་ལ་བཅས་པ་སྤངས་པ་སྟོབ་པ་ལ། མི་རུང་བར་སྟོབ་ན་ལྟུང་བར་བསྟན། རུང་བ་བསྟེན་ཚུལ། གཏོར་མ་སྦྱིན་པའི་ཆོ་གའོ། །དང་པོ་ནི། དགེ་སློང་གང་ཞིག་གིས་ཟས་རབ་ཏུ་སྤངས་ནས་ལྷག་བོར་མ་བྱས་པར་དགེ་སློང་གཞན་ཞིག་གིས། གང་གི་ཕྱིར་དགེ་སློང་སྔ་མ་ལ་ལྟུང་བ་འབྱུང་བར་བྱའོ་སྙམ་པའི་ངན་སེམས་ཀྱི་བསམ་པ་ཡིས་བཟའ་བ་སྟོབ་པར་བྱེད་ན་སྟོབ་པར་བྱེད་པ་པོའི་དགེ་སློང་ལ་ལྟུང་བྱེད་དོ། །འདི་ལ་ཡང་གཞི་ནི་དགེ་སློང་ཕ་རོལ་པོ་སྤངས་པ་ཟ་བར་འདོད་པའོ། །བསམ་པ་ནི་གཞན་ལ་ངན་སེམས་ཀྱིས་ལྟུང་བ་བསྐྱེད་པར་འདོད་པའོ། །སྦྱོར་བ་ལྷག་བོར་མ་བྱས་པ་ལ་བྱས་པར་སྨྲ་བའོ། །མཐར་ཐུག་ལྷག་བོར་མ་བྱས་པ་བསྟབས་ནས་ཕ་རོལ་པོ་གཞན་གྱིས་ཟོས་ནའོ། །དགག་བྱ་བརྫུན་གྱི་ཉེས་པའོ། །གཉིས་པ་རུང་བ་བསྟེན་པའི་ཚུལ་ལ་བཞི་སྟེ། སྨན་ཇི་ལྟར་བསྟེན་པའི་ཚུལ། སྨན་གྱི་གནས་རུང་ཁང་བྱ་བ་དང༌། ཆོ་ག་གང་གིས་སྤྱད་པ་དང༌། དེ་དག་གི་དམིགས་བསལ་ལོ། །དང་པོ་ལ་གསུམ་སྟེ། སྤྱིར་བསྟེན་ཚུལ་དང༌། སྨན་བཞིར་དབྱེ་བ་དང༌། ཤའི་སྨན་བསྟེན་ཚུལ་ལོ། །དང་པོ་ལ་བཞི། དངོས་གཞི་སྦྱང་ཚུལ་དང༌། སྦྱོར་བ་བླང་ཚུལ་དང༌། གཞན་རྗེས་སུ་གཟུང་ཚུལ་དང༌། བླང་ཚུལ་ལ་དམིགས་བསལ་ལོ། །དང་པོ་ནི། དགེ་སློང་ཞིག་གིས་ལྷུང་བཟེད་ལ་རྐང་པ་གཏད་ནས་ཟས་ཟོས་པ་ལ་བརྟེན་ནས་ལྷུང་བཟེད་རང་གི་རྐང་པ་གཉིས་དག་གིས་མནན་ནས་ནམ་ཡང་ལྷུང་བཟེད་ནས་ཟས་བཟའ་བར་མི་བྱའོ། །གལ་ཏེ་ཟོས་ན་ནད་པ་མ་ཡིན་པར་ལུས་བདེ་བར་གནས་པ་ཡིན་ན་ལྟུང་བར་འགྱུར་ཏེ། ནད་ཅན་མ་ནུས་པ་དག་ལ་ཉེས་པ་མེད་དོ། །ཡང་མཆིལ་ལྷྭམ་གྱོན་ནས་བཟའ་བ་དག་བཟའ་བར་མི་རུང་ལ། དགེ་སློང་ནད་པ་ཡིན་ན་མ་གཏོགས་ལ། ནད་པ་དེས་ཀྱང་མཆིལ་ལྷྭམ་གྱི་སྟེང་དུ་རྐང་པ་གཞག་གི དེ་ལས་གཞན་དུ་ན་མཆིལ་ལྷྭམ་གྱོན་ནས་ཟས་བཟའ་བར་བྱ་བ་མིན་ནོ། །གཉིས་པ་སྦྱོར་བ་བླང་ཚུལ་ལ་དྲུག་སྟེ། བྱིན་ལེན་གྱི་མཚན་ཉིད་དང༌། འདྲེས་པ་ལ་ཇི་ལྟར་བྱ་བ་དང༌། བྱིན་ལེན་འཇིག་པ་བསྲུང་བ་དང༌། རྒན་པ་ལ་མ་གུས་པ་སྤང་བ་དང༌། བྱིན་ལེན་དག་མ་དག་གི་དབྱེ་བ་དང༌། དམིགས་ཀྱིས་བླང་དུ་རུང་མི་རུང་ངོ༌། །དང་པོ་ལ་དོན་དངོས་དང༌། དོགས་གཅོད་དོ། །དང་པོ་ནི། ཟས་འདྲེན་བྱེད་ཀྱིས་ལེན་པ་པོའི་རྒྱབ་དང༌། རྒྱང་རིང་ན་གནས་པས་ཟས་འདྲེན་པར་བྱ་བ་མིན་པ་དང༌། ལེན་པ་པོའི་གློ་དང་བྱིན་ལེན་ཐོབ་པའི་ཆོ་ག་མི་ཤེས་པས་ཀྱང་བྱ་བ་མིན་པ་དང༌། ལེན་མཁན་གྱི་དགེ་སློང་རང་གིས་ལུས་ཆེར་བསྐྱོད་ནས་བླང་བར་མི་བྱ་ལ། ལག་པ་གཉིས་མ་བཀན་པར་ཁ་ཕུབ་པས་ཀྱང་ལེན་པ་མིན་ནོ། །འོ་ན་སྦྱོར་བ་ཇི་ལྟ་བུས་ལེན་པར་བྱ་ཞེ་ན། ཟས་འདྲེན་པ་པོ་རྒྱང་རིང་དུ་གནས་པ་མ་ཡིན་གྱི། ཉེ་བར་གནས་པ་དང་སྟེ། རྩིག་པ་ལ་སོགས་པ་རགས་པ་མཚམས་གཞན་དང༌། མེས་ཆོད་པ་མེ་མཚམས་གཞན་དང༌། ཆུས་ཆོད་པ་ཆུ་མཚམས་གཞན་མིན་པ་དང༌། འདྲེན་པ་པོ་མདུན་དུ་འདུག་པ་དང༌། བྱིན་ལེན་ཐོབ་པའི་ཆོ་ག་ཤེས་པ་ལས་དགེ་སློང་གིས་ལག་པ་གཉིས་པོ་དག་བཀན་པ་ཡིས་ཟས་ལེགས་པར་བླང་བར་བྱ། གཉིས་པ་དོགས་གཅོད་ནི། ཟས་ལེན་པའི་དུས་སུ་ལྷུང་བཟེད་བཟེད་པ་ན་ལྷུང་བཟེད་ཀྱི་གཞིར་ལྟུང་བ་དང༌། ལྷུང་བཟེད་ཀྱི་གཞིར་བཟེད་པ་ན་ལྷུང་བཟེད་དུ་ལྟུང་བས་འགྱོད་དེ་ཟས་མི་ཟ་བ་ལ་བརྟེན་ནས་ལྷུང་བཟེད་ཀྱི་གཞི་བཟེད་པར་གྱུར་པ་ན་བྱིན་གྱིས་བརླབས་པར་གྱུར་པའི་ལྷུང་བཟེད་ཀྱི་ནང་དུ་བཟའ་བ་གང་ཞིག་ལྟུང་བར་གྱུར་པ་དེ་ནི་བྱིན་ལེན་བྱས་པ་ཡིན་པས་ཐེ་ཚོམ་མེད་པའི་སེམས་ཀྱིས་དེ་བཟའ་བར་རུང་ངོ༌། །འདི་ནི་གཞན་བཟེད་པ་ལ་གཞན་དུ་ལྷུང་ན་བྱིན་ལེན་མི་འཐོབ་བོ་སྙམ་པའི་དོགས་པ་གཅོད་པའོ། །གཉིས་པ་འདྲེས་པ་ལ་ཇི་ལྟར་བྱ་བ་ལ་གཉིས་ཏེ། རྡུལ་གྱི་དབྱེ་བ་དང༌། དེ་དག་རུང་མི་རུང་ངོ༌། །དང་པོ་ལ་རྡུལ་ནི་བཅུ་སྟེ། མེ་ཏོག་དང་འབྲས་བུ་ནི་བཅའ་བའི་རྡུལ་ཏེ་རྡུལ་གཉིས་སོ། །ཟན་ནི་བཟའ་བའི་རྡུལ་ཏེ་གསུམ་པའོ། །བཏུང་བ་ནི་བཞི་པའོ། །བཟའ་བ་དང་བཅའ་བས་སྦགས་པའི་གོས་ཀྱང་རུང་སྟེ་ལྔ་པའོ། །གང་ཞིག་གསོག་འཇོག་ཏུ་གྱུར་པ་ནི་དྲུག་པའོ། །གསོག་འཇོག་དེ་ལས་གཞན་གསོག་འཇོག་ཏུ་མ་གྱུར་པའི་རུང་བ་ནི་བདུན་པའོ། །བྱིན་ལེན་མ་བྱས་པ་མི་ཤ་ལ་སོགས་པ་གང་དག་མི་རུང་བ་ནི་བརྒྱད་པའོ། །ལེགས་པར་བརྟགས་པ་བྱིན་ལེན་བྱས་པ་སོགས་འདི་དག་དང་དགུ་པོ་སྟེ། རྡུལ་བཅུ་པ་ནི་ས་རྡུལ་གྱི་རྡུལ་ཡིན་ནོ། །གཉིས་པ་རུང་མི་རུང་ནི། རྡུལ་བཅུ་པོ་དེ་དག་གི་ནང་ནས་དུས་རུང་གི་རྡུལ་འདྲེས་ཀྱང་གཟུགས་གསལ་པོ་མ་ཡིན་པའི་བཏུང་བ་ལ་སོགས་པ་དེ་དག་ཕྱི་དྲོ་སྤྱོད་པ་ལ་ནི་ཉེས་པ་མེད་དོ། །ཡང་གསོག་འཇོག་བྱས་པའི་ཟས་དེ་དང་གང་བྱིན་ལེན་མ་བྱས་པའི་ཟས་དེ་ཡིས་གོས་དང་ལྷུང་བཟེད་སོགས་འབགས་པར་གྱུར་ན་བཀྲུའོ། །བཀྲུ་བ་ལས་གཞན་དུ་མ་བཀྲུས་པར་སྣོད་སོགས་སུ་བཟའ་བཏུང་བྱས་ན་ཉེས་བྱས་སུ་འགྱུར་བ་ཡིན་ནོ། །གསུམ་པ་བྱིན་ལེན་འཇིག་པ་སྲུང་བ་ནི། ལན་ཚྭ་དང་ཟས་ལ་སོགས་པ་བྲིམས་ཏེ་བྱིན་ལེན་བྱས་ནས་ནི་བསྙེན་པར་མ་རྫོགས་པ་གསར་བུས་བླང་བ་དང་རེག་པར་མི་བྱ་སྟེ་བྱིན་ལེན་འཇིག་པས་སོ། །ཟས་ལ་མི་མཐུན་པ་སྟེ་མི་རུང་བ་འདྲེས་པ་མེད་པར་ནི་གནང་བའི་སྐབས་ཇི་ལྟ་བ་བཞིན་གྱི་དུས་སུ་སྤྱད་པར་བྱ་བར་ངེས་པར་བསྟན་ཏོ། །བཞི་པ་རྒན་པ་ལ་མ་གུས་པ་སྤང་བ་ནི་གང་ཞིག་རྒན་པོས་ཟས་མ་ཟོས་པའི་གོང་དུ་མ་ཟོས་པར་ངེས་པའམ། ཐེ་ཚོམ་གྱིས་ཀྱང་ནི་ཟན་ཟ་བ་དེ་ལ་ཉིན་ཞག་རེ་རེ་ལ་ཉེས་བྱས་ངེས་པར་འཕེལ་བ་ཡིན་ནོ། །ལྔ་པ་བྱིན་ལེན་དག་མ་དག་གི་དབྱེ་བ་ནི། ལག་ཉར་བླངས་པ་ལ་སོགས་པ་ཡིན་མིན་བརྟགས་པས་མི་རུང་བ་ཡིན་ན་ངེས་པར་གཞན་ལ་ཕྱིར་བྱིན་པ་དང༌། ཟས་གང་ཡང་རུང་བ་དེ་ནི་སྦྱིན་བདག་ཟས་དེ་ལ་སྲེད་པས་བཅིངས་པ་ན་སྲེད་པ་ཅུང་ཟད་ཅིག་ཞུགས་པའི་སྦྱིན་བདག་གཅིག་གིས་བྱིན་པའི་ཟས་དེ་ནི་བྱིན་ལེན་བྱས་ཀྱང་ཟས་དེ་ལ་སྦྱིན་བདག་དེ་ཆགས་པར་ཤེས་ན་དེའི་ཚེ་དགེ་སློང་གིས་སྤྱད་པར་རུང་བ་མ་ཡིན་ནོ། །སྦྱིན་པ་པོ་ཡིས་ལྟས་པ་མེད་པར་གང་ཡོངས་སུ་བཏང་བ་ལེན་པས་ཐོབ་པ་དེ་ནི་བྱིན་ལེན་དག་པ་སྟེ། ལེན་པ་པོའི་དགེ་སློང་གིས་ཟོས་པ་ན་ཡང་ཉེས་པ་མེད་དོ། །དྲུག་པ་དམིགས་ཀྱིས་བླང་དུ་རུང་མི་རུང་ནི། ང་ལ་ཟས་བཤམས་པ་འདི་ལས་འདི་དག་བྱིན་ཅིག་ཅེས་འདྲེན་པ་པོ་ལ་དགེ་སློང་གིས་སྨྲ་བར་མི་རུང་ངོ༌། །རིགས་པས་ཐོབ་པའི་སྐལ་བར་འོས་པ་གང་བྱིན་པ་དེ་ཉིད་བཟའ་བར་བྱ་ཡི། གཞན་གདམས་ནས་བཟའ་བར་བྱ་བ་ནི་མ་ཡིན་ནོ། །འོན་ཀྱང་ནད་པས་གང་ལ་གང་ཕན་གདམ་པ་ལ་ཉེས་པ་མེད་དོ། །གསུམ་པ་གཞན་རྗེས་སུ་གཟུང་ཚུལ་ནི། མཉན་ཡོད་དུ་ལྷག་མ་ཁྱི་ལ་མ་བྱིན་པས་རེ་བ་ཆད་དེ་ཁྱི་ཤི་བ་ལ་བརྟེན་ནས་ཞེས་སློབ་དཔོན་དག་འཆད་ལ། ཕྲན་ཚེགས་ལས་ཁྭ་རྣམས་ལ་ཆང་བུ་བྱིན་པས་བྱ་རོག་ཁྲོས་ནས་ཆོམ་རྐུན་པ་ལ་དེ་ལྟར་སྨྲས་པས་སོ་ཞེས་སོ། །སྡོམ་བརྩོན་དགེ་སློང་གིས་ཟས་ཟོས་ནས་ལྷག་མའི་ཆང་བུ་ཡང་ནི་སེམས་ཅན་བྱེ་བྲག་པ་ཞིག་ལ་དམིགས་པའི་ཁྱད་པར་མི་བྱ་ཡི། ཅི་བདེར་གཞག་གོ །ཡང་མཉན་ཡོད་དུ་ལྷག་མ་ཝ་རྣམས་ལ་རྒྱུན་དུ་སྟེར་བ་ན། བྱ་རོག་རྣམས་འདུས་པ་དེ་དག་བསྐྲད་དེ། དེ་དག་ལ་མ་བྱིན་པས་བྱ་རོག་ཁྲོས་ཏེ་དགེ་སློང་འདི་ལ་གསེར་ཡོད་དོ་ཞེས་སྨྲས་པས་ཆོམ་རྐུན་པས་དགེ་སློང་དེའུ་གསད་པ་ལ་བརྟེན་ནས་བྱ་རོག་ལ་སོགས་པ་འདི་ཁོ་ན་ལ་སྟེར་ཞེས་དམིགས་པའི་ཀུན་སློང་གི་ཁྱད་པར་མི་བྱའོ། །བཞི་པ་བླང་ཚུལ་ལ་དམིགས་བསལ་ནི། དགེ་སློང་སྡེ་སོ་སོར་ཆད་དེ་འོངས་པ་ལ་ཁྱིམ་བདག་གིས་ཟས་བྲིམས་པས་ཁྱིམ་བདག་བྲེལ་ནས་སྟོན་པས་ཚོགས་སུ་ཞུགས་ནས་བཟའ་བར་བྱའོ་ཞེས་གསུངས་པ་ན། དགེ་སློང་ན་བ་ཞིག་གི་ནད་གཡོག་ཟས་ནོད་དུ་སོང་བ་རེ་ཞིག་ཏུ་མ་འོངས་པ་ལ་བརྟེན་ནས་འདི་རྣམས་གསུངས་ཏེ། གློ་བུར་དུ་ལྷགས་པ་དང་གཞན་དུ་འགྲོ་བར་འདོད་པ་དང་དགེ་བསྐོས་དང་ནད་པ་དང་ནད་པ་དེའི་ནད་གཡོག་ཉིད་ལ་ཡང་བཟའ་བ་དགེ་འདུན་གྱིས་མ་ཟོས་པའི་སྔ་རོལ་དུ་ནི་སྦྱིན་པར་བྱ་བར་གནང་ངོ༌། །གཉིས་པ་སྨན་བཞིར་དབྱེ་བ་ལ་གསུམ་སྟེ། །གནང་བའི་སྒོ་ནས་མདོར་བསྟན། མཚན་ཉིད་ཀྱིས་རྒྱས་པར་བཤད། སྤྱད་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི་གྲོ་བཞིན་སྐྱེས་ལ་འདི་བསྟེན་དགོས་པ་བྱུང་བས་དེ་ཉིད་ཀྱི་དབང་དུ་བྱས་ནས་བཏུང་བའི་སྨན་དགེ་འདུན་ལ་ཡང་གནང་ངོ༌། །དེ་ཡི་ཕྱིར་ན་བཏུང་བ་དེའི་དོན་དུ་ཞིང་དག་གཟུགས་ཅན་སྙིང་པོས་དགེ་འདུན་ལ་ཕུལ་བར་ལུང་ཞུ་བ་ལས་བཤད་དོ། །གཉིས་པ་བཤད་པ་ལ་བཞི། དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང༌། འཚོ་བའི་བར་དུ་བཅང་བའོ། །དང་པོ་ནི། བཀྲེས་པའི་ནད་སེལ་བ་ལ་གཙོ་བོར་གྱུར་ཅིང་གུང་ཚིགས་ཚུན་ཆད་ཁོ་ནར་བྱེ་བྲག་མེད་པར་བསྟེན་དུ་རུང་བ་སྟེ། དགེ་སློང་རྣམས་སྟོན་ཀའི་ནད་ཀྱིས་ཉེན་པ་ལ་བརྟེན་ནས་འབྲས་ཆན་དང་ཐུག་པ་དང་ཟན་དྲོན་དང་ཉ་ཤ་དང་གཞན་རུང་བའི་ཤ་དག་ནི་དགེ་སློང་གིས་སྤྱད་དུ་རུང་བ་སྟེ། འཚོ་བ་སྟེ་སྲོག་བསྲུང་བའི་ཕྱིར་དུའོ། །འབྲས་ཆན་སོགས་འདི་དག་ནི་བཟའ་བར་བྱ་བའི་དུས་རུང་གི་སྨན་དུ་གསུངས་སོ། །ཞུ་བར་ཐུག་པ་བཅུ་གསུངས་ཏེ། འོ་མའི་དང༌། ཞོའི་དང༌། ཤའི་དང༌། དར་བའི་དང༌། མར་གྱི་དང༌། འབྲུ་མར་གྱི་དང༌། ཏིལ་གྱི་དང༌། བལ་སྲན་གྱི་དང༌། སེའུའི་དང༌། ཆུའི་ཐུག་པ་རྣམས་སོ། །བཟའ་བ་ལྔ་ལ། ཐུག་པ་དང༌། ཉ་ཤ་དང༌། ནས་ཆན་དང༌། འབྲས་ཕྱེ་དང༌། ཁུར་བ་རྣམས་བགྲངས་སོ། །གཉིས་པ་ཐུན་ཚོད་དུ་རུང་བ་ནི། སྐོམ་པའི་ནད་སེལ་བ་ལ་གཙོ་བོར་གྱུར་ཅིང་ཐུན་ཚོད་ཀྱི་མཐའ་ནུབ་ཕྱོགས་ཀྱི་དམར་འོད་ཡལ་བའི་མཚམས་ཚུན་ཆད་ཁོ་ནར་རང་གིས་བྱིན་གྱིས་བརླབས་ནས་བསྟེན་པར་བྱ་བའོ། །སྟོན་པ་རྫིང་བུ་དལ་གྱིས་འབབ་ཏུ་རྒྱལ་ཆེན་བཞི་ལ་ཆོས་སྟོན་པ་དྲང་སྲོང་ཀེ་ནའི་བུས་ཐོས་པས་ཕྱིར་མི་འོང་ཐོབ་ནས་བཏུང་བའི་རྒྱུ་བརྒྱད་ཕུལ་བ་ནི། རྒུན་འབྲུམ་དང༌། ཨ་ཤྭཏྠ་དང༌། འབྲ་གོ་དང༌། ཀུ་ཤུ་དང༌། ཆུ་ཤིང་གི་འབྲས་བུ་དང༌། རྩུབ་འགྱུར་ནི་བ་རུ་ཤཀ་ཅེས་ལུང་ལས་འབྱུང་ངོ༌། །ཨུ་དུམྦཱ་ར་དང༌། རྒྱ་ཤུག་དག་ནི་བཏུང་བར་རྗེས་སུ་བསྔགས་པ་ཡིན་ལ། འདི་དག་རྣམས་ནི་ཁྱིམ་པའམ་དགེ་ཚུལ་རྣམས་ཀྱིས་ཆུའི་ནང་དུ་ལེགས་པར་མཉེ་ཞིང་ཚགས་ཀྱིས་ཡོངས་སུ་བཙག་གོ །གཞུང་འདིས་ནི་སྦྱར་ཚགས་བྱེད་པའི་སྔ་རོལ་དུ་ལག་ཉ་འགེགས་བྱེད་ཀྱི་བྱིན་ལེན་བྱ་བར་འདོད་པ་བཀག་པ་ཡིན་ནོ། །རྒུན་འབྲུམ་ལ་སོགས་པ་ལས་བྱུང་བའི་བཏུང་བ་འདི་དག་ནི་རུང་བ་ཐུན་ཚོད་པ་སྟེ། བྱིན་ལེན་བྱས་ནས་ནུབ་ཕྱོགས་ཀྱི་དམར་འོད་ཡལ་བའི་མཚམས་ཀྱི་ཐུན་ཚོད་ཀྱི་བར་དུ་སྤྱད་དུ་རུང༌། གལ་ཏེ་མཚན་མོ་ནད་པ་སྐོམ་པར་གྱུར་ན་ཇི་ལྟ་བུ་བྱ་ཞེ་ན། ཡང་བྱིན་ལེན་བྱས་ནས་ཐུན་མཚམས་ལས་འདས་ནས་ལོངས་སྤྱོད་ཀྱང་ཉེས་པ་མེད་དོ། །འོ་ན་བཏུང་བ་ཐུན་ཚོད་པར་བཤད་པ་དང་འགལ་ལོ་ཞེ་ན། དང་པོར་བྱིན་གྱིས་བརླབས་པའི་མཐའི་མཚམས་གཟུང་བ་ཡིན་གྱི། དེ་ལས་འདས་ནས་ཡང་བྱིན་གྱིས་བརླབ་ཏུ་མི་རུང་བ་ནི་མིན། སྐྱུར་པོ་དང་ཞོའི་ཁ་ཆུའང་དེ་བཞིན་དུ་ཐུན་ཚོད་པའོ། །གསུམ་པ་ཞག་བདུན་པ་ནི། འདུ་བའི་ནད་སེལ་བ་ལ་གཙོ་བོར་གྱུར་ཅིང་ཞག་བདུན་ཚུན་ཆད་ཁོ་ནར་རང་གིས་བྱིན་གྱིས་བརླབས་པ་བསྟེན་པར་བྱ་བ་ནི་འབྲུ་མར་དང༌། བུ་རམ་དང༌། སྦྲང་རྩི་དང༌། མར་དག་ནི་ཞག་བདུན་པར་བསྟེན་པར་བྱ་བའི་སྨན་དུ་གསུངས་སོ། །མདོ་རྩ་བར། མར་དུས་རུང་དང༌། ཞུན་མར་ཞག་བདུན་པར་གསུངས་ཀྱང༌། ཞུ་བར། ནད་པ་ལ་མར་བསྟེན་དགོས་པ་བྱུང་བ་ལ་ཞག་བདུན་པར་བྱིན་གྱིས་བརླབས་ཏེ་སྤྱད་པས་སོས་པ་ལ་བརྟེན་ནས་གནང་བ་དེ་དང་མཐུན་པར་འདིར་གསུངས་སོ། །འབྲུ་མར་ཡང་དེ་བཞིན་ནོ། །བུ་རམ་ནི་གྲོང་ཐི་བ་ཅན་གྱི་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེས་བུ་རམ་དྲངས་ནས་ལྷག་མ་ཁྱེར་བས་དད་པ་ལ་བརྟེན་ནས་གནང་ངོ༌། །ཤ་ཁ་ར་དག་དང༌། བྱེ་མ་ཀ་ར་སོགས་འདི་དག་ནི་བུ་རམ་གྱི་ལྦུ་བ་ཆུ་ལ་བསྡུས་པ་སྟེ་འདི་ཡང་ཞག་བདུན་པའོ། །བཞི་པ་འཚོ་བའི་བར་དུ་བཅང་བ་ལ་བསྟན། བཤད། བསྡུ་བ་གསུམ་ལས། དང་པོ་ནི། སྨན་སྔ་མ་གསུམ་ལས་གཞན་ཡང་ཇི་སྲིད་འཚོ་བའི་བར་གྱི་སྨན་ནི་མ་ཤིའི་བར་གྱི་སྨན་ཏེ། འདུ་བའི་ནད་སེལ་བ་ལ་གཙོ་བོར་གྱུར་ཅིང་ཇི་སྲིད་འཚོའི་བར་དུ་རང་གིས་བྱིན་གྱིས་བརླབས་ནས་བསྟེན་པར་བྱ་བའོ། །ཇི་སྲིད་འཚོ་བའི་སྒྲ་ནད་སོས་ཀྱི་བར་ལ་འཆད་པ་ནི་ནོར་བའོ། །སུམ་བརྒྱ་པ་ལས། ཇི་སྲིད་མ་ཤི་བར་བཅང་ལ། །ཞེས་གསུངས་སོ། །འདི་དག་ནི་རྩ་བ་དང་སྡོང་བུ་སོགས་སྦྱར་བ་ཚུལ་བཞིན་དུ་ནི་ནད་ཞི་བའི་དོན་དུ་བྱིན་གྱིས་བརླབས་ཏེ། ཇི་སྲིད་འཚོའི་བར་དུ་ཡོངས་སུ་སྤྱད་པར་རུང་བ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ། རྩ་བའི་སྨན་ནི་གླ་སྒང་དང་སྒེའུ་གཤེར་དང་ཤུ་དག་ལ་སོགས་པའོ། །སྡོང་བུར་ཡོངས་སུ་གྲགས་པའི་སྨན་ནི་ཙནྡན་དང་ཐང་ཤིང་དང་སླེ་ཏྲེས་དང་ཡུང་བ་དང་པདྨ་དཀར་པོ་དང་དབྱི་མོ་དང་སྐྱེར་པ་ལ་སོགས་པའོ། །མདོ་རྩ་བ་ལས་ནི་ཡུང་བ་རྩ་བའི་སྨན་དུ་བཤད་དོ། །ལོ་མའི་སྨན་ནི་འདབ་མ་བདུན་པ་དང་པ་ཏོ་ལ་དང་བ་ཤ་ཀ་དང་ནིམ་པ་ལ་སོགས་པའོ། །དེ་དག་གི་མེ་ཏོག་ཀྱང་ཡིན་ནོ། །མཉན་ཡོད་དུ་དགེ་སློང་ནད་པ་ལ་སྨན་པའི་ངག་གིས་བསྒོ་བ་ལ་བརྟེན་ནས་འབྲུའི་སྨན་ལྔ་གནང་སྟེ། འབྲུའི་སྨན་ནི་ན་ལེ་ཤམ་དང་སྐྱུ་རུ་ར་དང་ཨ་རུ་ར་དང་བ་རུ་ར་དང་པི་པི་ལིང་ལ་སོགས་པའོ། །དེ་བཞིན་དུ་ཤིང་ཀུན་དང་སྐྲ་ཚིལ་དང་རྒྱ་སྐྱེགས་དང་ཟང་ཆུ་དག་ཀྱང་ཇི་སྲིད་འཚོའི་སྨན་ནོ། །ཐལ་བའི་སྨན་ནི་ཏིལ་གྱི་ཐལ་བ་དང་ནས་ཀྱི་ཚིག་མ་དང་ལ་སོགས་པ་ཕུབ་མའི་ཐལ་བ་དང་ཤིང་བ་རྫི་ཀ་དང་བ་ཤི་ཀའི་ཐལ་བ་སྟེ་འགྱུར་བྱེད་ལྔའོ། །དེ་བཞིན་དུ་རྒྱམ་ཚ། ལན་ཚ། ལན་ཚ་སྨུག་པོ། ཁ་རུ་ཚ། རྒྱ་མཚོའི་ལན་ཚ་སྟེ་ཚྭ་ལྔ་ཡང་ཇི་སྲིད་འཚོའི་སྨན་ཡིན་ནོ། །སྨན་ཁུ་བའམ་བསྐ་བའི་སྨན་ནི་ཨ་སྨྲ་དང་ཨ་མྲའི་ནང་ཤུན་དང་འདབ་མ་བདུན་པའི་ཤུན་པ་དང་ཤི་རི་ཤའི་ཤུན་པ་དག་གི་སྨན་རྣམས་ནི་ཇི་སྲིད་འཚོ་བའི་སྨན་ཞེས་བྱའོ། །གསུམ་པ་དོན་བསྡུ་བ་ནི། སྨན་ག་འདི་འདྲའི་རིགས་གཞན་དག་ནི་ཇི་སྲིད་འཚོ་བའི་སྨན་ཞེས་བྱ་སྟེ། འདི་དག་སྤྱིར་བཟའ་བའི་དོན་དུ་བཅང་བར་བྱ་བ་མིན་པའི་ཕྱིར་དང༌། ཟོས་ཀྱང་བཀྲེས་པ་མི་སེལ་བའི་སྨན་ཡིན་པའི་ཕྱིར། གསུམ་པ་སྤྱད་ཚུལ་གྱིས་དོན་བསྡུ་བ་ནི། རྒུན་འབྲུམ་དང་བལ་པོའི་སེའུ་དང་འབྲ་གོ་དང་ཨ་མྲ་དང་སྟ་སྒ་ལ་སོགས་འབྲས་བུ་དང་ཨུཏྤལ་དང་གླ་སྒང་ལ་སོགས་རྩ་བ་དག་གི་སྨན་ནི་མཁས་པས་དུས་སུ་རུང་བར་གསུངས་སོ། །ཤཱ་རིའི་བུ་རླུང་ནད་ཅན་ལ་མོའུ་གལ་གྱི་བུས་སྟེར་བར་བརྩམས་པས། དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་སོགས་འདི་དག་ནི་ཕན་ཚུན་འདྲེས་པར་གྱུར་པ་ན་དུས་སུ་རུང་བ་སོགས་སྔ་མ་སྔ་མའི་དབང་དུ་བྱས་ནས་ཡོངས་སུ་སྤྱད་པ་ལ་ཉེས་པ་མེད་དོ། །འདི་ནི་དུས་རུང་དང་ཐུན་ཚོད་དུ་རུང་བ་འདྲེས་ན་དུས་སུ་རུང་བའི་དབང་དུ་བྱས་ནས་སྤྱད་པ་དང༌། ཐུན་ཚོད་དུ་རུང་བ་དང་ཇི་སྲིད་འཚོ་བ་འདྲེས་ན་ཐུན་ཚོད་དུ་རུང་བའི་དབང་དུ་བྱས་ནས་སྤྱོད་ཅེས་པའི་དོན་ནོ། །གསུམ་པ་ཤའི་སྨན་བསྟེན་ཚུལ་ལ། མཉན་ཡོད་དུ་དགེ་སློང་རླུང་ནད་ཅན་གྱིས་ཤའི་སྨན་བསྟེན་དགོས་པ་བྱུང་བ་ལ་བརྟེན་ནས་ཉའི་ཚིལ་ཞག་དང༌། རུས་སྦལ་གྱི་ཚིལ་ཞག་དང༌། ཕག་པའི་ཚིལ་ཞག་དང༌། ཉ་སྒོང་དང༌། ཆུ་སྲིན་བྱིས་པ་གསོད་དང༌། དོམ་དང་རི་བོང་དང་ཕག་རྒོད་དང་དྲེད་ཀྱི་ཚིལ་ཞག་བྱིན་ལེན་བྱས་པ་རླུང་ནད་ཅན་གྱིས་སྤྱོད་དུ་རུང་ངོ༌། །བྱེ་མ་སྐྱེས་སྨྱོ་བ་ལ་ཤའི་སྨན་བསྟེན་དགོས་པ་བྱུང་ཞིང༌། ཤ་རྗེན་སྐྱུག་བྲོ་བ་ལ་བརྟེན་ནས་ནད་པའི་སྐབས་འདིར་ཤ་རྗེན་ཟ་བ་དག་ལ་དར་གྱིས་མིག་བསྒྲིབས་ཤིང༌། དྲི་ཞིམ་རྫས་ཀྱི་ཕྱེ་མ་དང་བཅས་པ་སྦྱིན་པར་བྱའོ། །འདི་ཡང་སྨན་པའི་ངག་གིས་ཤ་རྗེན་ཟོས་ན་ནད་སོས་སོ་ཞེས་གནང་ན་ཡིན་གྱི། དེ་ལས་ཕར་ནི་རུང་བ་མ་ཡིན་ནོ། །ཤ་ནི་བཟའ་བར་བྱ་བ་མིན་པ་མི་དང་ལྟོ་འཕྱེ་དང་གླང་པོ་དང༌། བཱ་རཱ་ཎ་སཱིར་སྡེ་ཅན་གྱི་ཆུང་མས་དགེ་སློང་ནད་པ་ལ་མོ་རང་གི་བརླའི་ཤ་བྱིན་ཏེ་སོས་ནས་བརྩོན་པས་དགྲ་བཅོམ་པ་ཐོབ་ཀྱང་མི་ཤ་བཀག་གོ །ཡུལ་ཙམ་པ་ཀ་ན་དྲང་སྲོང་གར་གའི་རྫིང་འགྲམ་ན་བཞུགས་པའི་ཚེ་ཡུལ་ཙམ་པ་ཀའི་ཀླུས་དུས་བཟང་ལ་བསྙེན་གནས་བླངས་ནས་ལུས་བཏང་བའི་ཤ་དྲུག་སྡེས་ཟོས་པ་ཀླུའི་ཆུང་མས་ཞུས་པས་ལྟོ་འཕྱེའི་ཤ་བཀག་གོ །གསལ་རྒྱལ་གྱི་གླང་པོ་ཆེའི་ཤ་དྲུག་སྡེས་ཟོས་པས་གླང་པོ་ཆེའི་ཤ་བཀག་གོ །སོགས་པས་བསྔོས་པའི་ཤ་ལ་སོགས་པ་བསྡུའོ། །བདག་གི་ཕྱིར་དུ་བསད་པར་མཐོང་ཐོས་དོགས་གསུམ་མེད་པ་ནི་རྣམ་གསུམ་དག་པའི་ཤའོ། །ཤ་མི་རུང་བ་དུ་མ་ཡོད་པ་འབྲིམས་པའི་ཚེ་ན་དགེ་སློང་མཁས་པ་རྣམས་ཀྱི་གྲལ་མགོ་མས་འདི་ནི་གང་གི་ཤ་ཞེས་དྲིས་ལ། གལ་ཏེ་སྔ་མས་མ་དྲིས་ན་འོག་མ་རྣམས་ཀྱིས་དྲིའོ། །གཉིས་པ་སྨན་གྱི་གནས་རུང་ཁང་བྱ་བ་ལ་བཞི་སྟེ། གནས་གང་དུ་བྱ་བ་དང༌། ཆོ་ག་གང་གིས་བྱ་བ་དང༌། མ་བྱས་པའི་ཉེས་དམིགས་དང༌། རུང་བའི་ཆོ་ག་གཞན་བསྟེན་པའོ། །དང་པོ་ནི། མཆོད་རྟེན་གྱི་དྲུང་དུ་རུང་ཁང་བྱས་པས་མཆོད་རྟེན་དུ་བས་མ་རུངས་པར་བྱས་པ་ལ་བརྟེན་ནས་མཆོད་རྟེན་གྱི་ཉེ་འཁོར་དང༌། མུ་གེའི་ཚེ་ཡངས་པ་ཅན་པས་འབྲིམས་པའི་དུས་སུ་དགེ་སློང་ཞལ་ཏ་པར་བསྐོས་པ་ཞིག་གིས་བླ་གབ་མེད་པར་ཟས་བཙོས་པ་ཆར་གྱིས་མ་རུངས་པར་བྱས་པ་ལ་བརྟེན་ནས་བླ་གབ་མེད་པ་དང༌། སྒོ་ཁང་དང་བང་རིམ་དང་ཆུའི་གནས་ཁྲུས་ཁང་དང་བསྲོ་ཁང་དང༌། རྒྱལ་པོའམ་མུ་སྟེགས་པའི་ཁྱིམ་བདག་རྣམས་ཀྱི་ཁྱིམ་དང༌། གནས་ཁང་དང༌། དགེ་སློང་མའི་གནས་ཁང་སོགས་དག་ཏུ་བཟའ་བ་དང༌། སོགས་པ་ནམ་འཚེད་པ་རྣམ་པར་སྤངས་ཏེ་རུང་ཁང་མི་བྱའོ། །དམིགས་བསལ་དུ་ཕྱེ་བ་ལས་གཞན་པའི་གནས་སུ་བྱའོ་ཞེས་ཤུགས་ལ་བསྟན་ནོ། །གཉིས་པ་ཆོ་ག་གང་གིས་བྱ་བ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། མདོ་རྩ་བ་ལས། རུང་ཁང་བྱིན་གྱིས་བརླབ་པའི་དུས་བཞི་གསུངས་ཏེ། དུས་དང་པོ་ནི་ཁང་པ་བརྩིག་པའི་དུས་སུ་ཐོག་མར་སོ་ཕག་འགྲམས་པའོ། །དུས་གཉིས་པ་ནི་སོ་ཕག་བཀྲམ་ནས་མཇུག་མ་རྫོགས་པའི་བར་རོ། །དུས་གསུམ་པ་ནི་ཁང་པ་གསར་པ་མཐར་ཕྱིན་པའི་འོག་རོལ་དུ་དགེ་སློང་ཞུགས་ནས་མ་བྲལ་བའོ། །དུས་བཞི་པ་ནི་སྔར་གྱི་དགེ་སློང་རྣམས་མེད་པར་གྱུར་པའི་གནས་སྐབས་སུ་དགེ་སློང་གསར་པ་གཞན་ཕྱིན་མ་ཐག་ངལ་བསོ་བ་ཙམ་ཡང་མ་བྱས་པའི་གནས་སྐབས་སོ། །དུས་དང་པོར་བྱིན་གྱིས་བརླབས་པའི་རུང་ཁང་ལ་ནི་མིང་བཏེག་པའི་མཐའ་ལས་བྱུང་བ་ཞེས་བྱའོ། །དུས་གཉིས་པ་ལ་ནི་སེམས་བསྡུས་པའི་མཐའ་ལས་བྱུང་བ་ཞེས་བྱའོ། །དུས་གསུམ་པ་ལ་ནི་ལས་ཀྱི་མཐའ་ལས་བྱུང་བ་ཞེས་བྱའོ། །དུས་བཞི་པར་བྱིན་གྱིས་བརླབས་པའི་རུང་ཁང་ལ་ནི་འཕྲལ་ལས་བྱུང་བའི་གནས་ཞེས་བྱའོ། །དུས་དང་པོ་གཉིས་ཀྱི་གནས་སྐབས་སུ་ནི་གང་ཟག་གིས་ཀྱང་བྱིན་གྱིས་བརླབ་ཏུ་རུང་ལ། གང་ཟག་ནི་ལག་གི་གླས་སོ། །དུས་གསུམ་པ་ལ་ནི་གསོལ་གཉིས་ཀྱི་ལས་ཀྱིས་སོ། །དུས་བཞི་པ་ལ་ནི་གནས་དེར་ཕྱིན་པ་ཐམས་ཅད་ཀྱིས་རུང་བའི་ཁང་པར་འགྱུར་རོ་ཞེས་གཅིག་ཆར་དུ་བརྗོད་པས་བྱིན་གྱིས་བརླབ་བོ། །འགྲེལ་ཆུང་ལས་ནི། མཚམས་ཆེན་པོ་གཅིག་གི་དགེ་འདུན་ཀུན་འདུས་ནས་རུང་ཁང་གཅིག་བྱིན་གྱིས་བརླབས་པས་མཚམས་ནང་གི་རུང་ཁང་ཀུན་བྱིན་གྱིས་བརླབས་པར་འགྱུར་ཞེས་བཤད་དོ། །གཞུང་འདིར་ནི་རུང་བའི་ཁང་པ་ལྔར་གསུངས་ཏེ། དང་པོར་རྩོམ་པའི་མཐའ་ཅན། གཉིས་པ་སེམས་གཏོད་པའི་མཐའ་ཅན། གསུམ་པ་བ་ལང་ལྷས་ལྟ་བུའི་གནས། བཞི་པ་ཚིག་གི་མཐའ་ཅན་གྱི་གནས། ལྔ་པ་ཆོ་ག་ལས་བྱུང་བའི་མཐའ་ཅན་ནོ། །དང་པོ་ནི་སོ་ཕག་འབྲེམས་པའི་དུས་སུ་བྱིན་གྱིས་བརླབས་པ་ཡིན་ལ། གཉིས་པ་ནི་ཕྱེད་ཟིན་པའི་དུས་སུ་བྱིན་གྱིས་བརླབས་པའོ། །གསུམ་པ་ནི་གཙུག་ལག་ཁང་མང་པོའི་སྒོ་སོ་སོར་བཏོད་པ་རུང་ཁང་གཅིག་ཏུ་བྱིན་གྱིས་བརླབས་པའོ། །བཞི་པ་ནི་སྔར་གྱི་གཙུག་ཁང་རྙིང་པ་བྱིན་གྱིས་བརླབས་པའོ། །ལྔ་པ་ནི་དགེ་འདུན་མཐུན་པས་གསོལ་གཉིས་ཀྱི་ལས་ཀྱིས་བྱིན་གྱིས་བརླབས་པའོ། །གཉིས་པ་ཚིག་གི་དོན་ལ་མདོར་བསྟན་པ་ནི། རུང་ཁང་བྱ་བར་འདོད་པ་ན་སེམས་བསྡུས་པ་དང་ངག་ཏུ་བརྗོད་པའི་ཆོ་ག་ལ་སོགས་པ་ཡིས་རུང་བར་བྱས་པའི་གནས་ནི་རྣམ་པ་ལྔའོ། །ལྔ་གང་ཞེ་ན། རྩོམ་པའི་མཐའ་ཅན་དང༌། སེམས་གཏོད་པའི་མཐའ་ཅན་དང༌། བ་ལང་ལྷས་ལྟ་བུའི་གནས་དང༌། ཚིག་གི་མཐའ་ཅན་དང༌། ཆོ་གའི་མཐའ་ཅན་ནོ། །འདི་དག་གནས་གང་དུ་བྱ་ཞེ་ན། ནད་གཡོག་གཅིག་གིས་ཤིང་དྲུང་དུ་འབྲས་བཅོས་པས་ཁྭ་ཏའི་རྟུག་པས་མ་རུངས་པར་གྱུར་པ་ལ་བརྟེན་ནས་དགེ་འདུན་གྱི་ཟས་ཀྱི་གནས་ཀྱི་དོན་དུ་གཙུག་ལག་ཁང་དུ་བྱ་བར་འདྲེན་པས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་རུང་བའི་གནས་རྣམ་པ་ལྔ་ལས། དང་པོ་རྩོམ་པའི་མཐའ་ཅན་ནི། གཙུག་ལག་ཁང་གི་གཞི་འདིངས་པའི་ཐིག་བརྐྱངས་ནས་འགྲམ་གྱི་སོ་ཕག་ཉེ་བར་འཇོག་པ་ན། དེའི་ལས་བྱེད་པའི་ལག་གི་གླ་མཁས་པ་ཡིས་གནས་དེ་ན་གནས་པ་ཀུན་ལ་ཕན་པར་འདོད་པའི་སེམས་བསྐྱེད་སྔོན་དུ་འགྲོ་བར་བྱ་བ་ཉིད་ཡིན་པས། ཕན་འདོད་ཀྱི་སེམས་སྔོན་དུ་བཏང་ནས་ཁང་པ་དེ་ཚོགས་དགེ་འདུན་གྱི་རུང་བའི་གནས་སུ་བྱ་བའི་ཕྱིར་དུ་ནི་ས་ཕྱོགས་འདི་ནི་ཡང་དག་པར་བྱིན་གྱིས་བརླབ་བོ། །བྱིན་གྱིས་བརླབས་པ་དེའི་ཚིག་ནི། གཞི་འདི་དག་དགེ་འདུན་གྱི་རུང་བའི་གནས་སུ་འགྱུར་རོ་ཞེས་པ་འདི་དག་ཏུ་ཡང་ནི་ལན་གསུམ་དུ་བརྗོད་དོ། །གཉིས་པ་སེམས་གཏོད་པའི་མཐའ་ཅན་ནི། གོང་དུ་བསྟན་པ་དེ་ལྟར་སེམས་བསྐྱེད་པ་སྔོན་དུ་འགྲོ་བར་བྱས་ནས་གཙུག་ལག་ཁང་གི་ཕྱེད་ཙམ་ཟིན་པ་ན་ལས་བྱེད་པའི་ལག་གི་གླ་པས་དགེ་འདུན་རྣམས་ཀྱི་མདུན་དུ་འདུག་ནས་གནས་འདི་ལ་རུང་བའི་ཁང་པ་བྱའོ་སྙམ་དུ་འདི་ལ་སེམས་རྩེ་གཅིག་ཏུ་རབ་ཏུ་སྡུས་ཤིག་ཅེས་ལག་གླ་ཡིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །རྒྱ་ཆེར་འགྲེལ་ལས། དང་པོ་གཉིས་ལ་གང་ཟག་གིས་བྱིན་གྱིས་བརླབ་པར་རུང་བར་བཤད་ཀྱང༌། འདིར་ནི་གཉིས་པའི་གནས་སྐབས་སུ་དགེ་འདུན་གྱིས་བྱིན་གྱིས་བརླབ་པར་བཤད་དོ། །ཁང་པ་འདི་ཉིད་དགེ་འདུན་གྱི་ཟས་འཚེད་པ་སོགས་ཀྱི་གནས་ཉིད་དུ་མཁས་པའི་ཡིད་ལ་མཛེས་པའི་དངོས་པོར་བྱིན་གྱིས་བརླབ་བོ། །ཚུལ་དེ་ལྟར་བསྒྲུབས་པའི་ཁང་པ་ལ་ནི་སེམས་བསྡུས་པའི་མཐའ་ལས་བྱུང་བར་མཁས་པས་གསུངས་སོ། །སྔ་འགྱུར་ལས། དེ་ལྟར་བསྒྲུབས་ལ་སེམས་བསྡུས་པའི། །མཐའ་ལས་བྱུང་བར་མཁས་པས་གསུངས། །ཞེས་གསུངས་པ་ལེགས་སོ། །གསུམ་པ་བ་ལང་ལྷས་ལྟ་བུའི་གནས་ནི། གཙུག་ལག་ཁང་ཆེན་པོ་སྣ་ཚོགས་པ་མང་པོ་དག་སྒོ་ཐ་དད་དུ་བཏོད་པ་དག་ན་ནི་རུང་ཁང་གཅིག་ཏུ་ལེགས་པར་བྱ་བ་སྟེ། སྒོ་ཀུན་ནས་བ་ལང་ལྷས་བཞིན་ནོ། །བཞི་པ་ཚིག་གི་མཐའ་ཅན་ནི། གཙུག་ལག་ཁང་རྙིང་པ་སྒོ་ལ་སོགས་པ་ཉམས་པར་གྱུར་ཅིང་དགེ་སློང་སྔ་མ་རྣམས་ཀྱིས་བོར་བ་དག་ལ་རུང་ཁང་བྱེད་ན། དགེ་སློང་འཕྲལ་དུ་བྱུང་བར་གྱུར་པའི་ཚིག་གི་མཐར་གང་ལ་རུང་ཁང་བྱ་བར་འདོད་པ་དེ་ལ་གཞི་འདི་ནི་དགེ་སློང་གི་རུང་བའི་ཁང་པར་འགྱུར་རོ་ཞེས་སླེབ་མ་ཐག་ཏུ་ཐམས་ཅད་ཀྱིས་ཅིག་ཅར་དུ་བརྗོད་པས་བྱིན་གྱིས་བརླབ་པར་བརྗོད་དོ། །ལྔ་པ་ཆོ་གའི་མཐའ་ཅན་ནི། གཞན་ཡང་དགེ་འདུན་རྣམས་འདོད་པའི་དོན་ལ་བསམ་པ་གཅིག་པ་དང༌། གསོལ་གཉིས་ཀྱི་ལས་བརྗོད་པ་སྔོན་དུ་འགྲོ་བར་བྱས་ནས་དགེ་འདུན་བློ་མཐུན་པས་ལས་དག་གི་ཆོ་ག་ཤེས་པས་བྱིན་གྱིས་བརླབ་པ་ཞེས་བྱའོ། །གང་གི་ཚེ་བྱིན་གྱིས་བརླབ་ཅེ་ན། གནས་ཁང་ཡོངས་སུ་རྫོགས་པར་བྱས་པ་དེའི་དུས་ལའོ། །དེ་ནི་གནས་དེར་དགེ་སློང་གཅིག་ཞུགས་ནས་གནས་པ་དང་མ་བྲལ་གྱི་བར་གྱི་དུས་དེ་ལ་བྱའོ། །གསུམ་པ་མ་བྱས་པའི་ཉེས་དམིགས་ནི། དེ་ལྟར་སྡོམ་བརྩོན་གྱིས་ནི་ཟས་འཚེད་པ་སོགས་ཀྱི་གནས་རུང་ཁང་གང་དག་མ་བྱས་ན་གང་ཞིག་མཚམས་ནང་དུ་བཙོས་པའི་ཟས་དང༌། ཞག་ལེན་པ་ཡང་སྤྱད་དུ་རུང་བ་མ་ཡིན་ནོ། །མཚམས་བཙོས་དང་ཞག་ལོན་ནི། སྟོན་པ་ཀ་ཤི་ན་ལྗོངས་རྒྱུ་བའི་དུས་སུ་ནད་ཀྱིས་ཐེབས་པ་ན་སྨན་པའི་ངག་ལ་བརྟེན་ནས་ཀུན་དགའ་བོས་སྨན་དྲངས་པ་ལ་བརྟེན་ནས་ཞག་ལོན་དང་མཚམས་བཙོས་ཀྱི་ཉེས་པ་མི་འབྱུང་བའི་དོན་དུ་རུང་ཁང་བྱིན་གྱིས་བརླབ་པ་གསུངས་སོ། །བཞི་པ་རུང་བའི་ཆོ་ག་གཞན་བསྟན་པ་ལ་ལྔ་ཚན་གཉིས་ལས། ལྔ་ཚན་དང་པོ་ནི། ས་བོན་སེན་མོས་ཉམས་པར་བྱས་པ་དང༌། ནེ་ཙོའི་མཆུས་ཉམས་པར་བྱས་པ་དང༌། མེ་དང༌། མཚོན་སོགས་ཀྱིས་ཉམས་པར་བྱས་པ་དང༌། ས་བོན་རྙིང་པ་དང་ལྔའོ། །ལྔ་ཚན་གཉིས་པ་ནི། ཁབ་ལ་སོགས་པས་དབུག་པ་དང༌། ལག་པའི་སོར་མོས་བརྟོལ་བ་དང༌། མཚོན་སོགས་ཀྱིས་བཅད་པ་དང༌། གཤེག་པའི་མིང་ཅན་གྱི་ས་བོན་བཅས་པའང་རུང་བར་བྱས་པའི་གྲངས་སུ་གཏོགས་པས་སྤྱད་དུ་རུང་བ་ཡིན་ནོ། །འདི་ནི་རྣམ་འབྱེད་ལས་རུང་བར་བྱས་པ་ལྔ་ཚན་གཉིས་སུ་ཕྱེ་བའི་དོན་ནོ། །གསུམ་པ་ཆོ་ག་གང་གིས་སྤྱད་པ་ལ་དྲུག་སྟེ། དུས་རུང་གི་ཟས་སྤྱད་པའི་ཚུལ། ཞར་ལ་སྨན་བསྟེན་པའི་ཆོ་ག བསོད་སྙོམས་ལ་འཇུག་པའི་ཆོ་ག མགྲོན་དུ་བོས་པའི་ཆོ་ག ཕོངས་པའི་ཚེ་ཇི་ལྟར་བསྒྲུབ་པ། འདྲེས་པ་ལ་ཇི་ལྟར་བསྒྲུབ་པའི་ཆོ་གའོ། །དང་པོ་ལ་ལྔ། དག་པར་བྱས་ཏེ་བཟའ་བ་དང༌། ཟོས་ནས་ཡོན་བཤད་པ་དང༌། གྲལ་མཛེས་པར་བྱ་བ་དང༌། མཚན་མོའི་འཆད་ཉན་བྱེད་ཚུལ་དང༌། ཟས་ལ་འགྲོ་ཞིང་ལྡོག་ཚུལ་ལོ། །དང་པོ་ནི། མུ་སྟེགས་དཔལ་སྦེད་ཀྱིས་དགེ་འདུན་རྣམས་ལ་ཟས་དུག་ཅན་དྲངས་པ་ལ་བརྟེན་ནས་ཟས་འདྲེན་པ་ན་རྒན་པོའི་མདུན་དུ་འདྲེན་པ་ཡིས་སྃ་པྲ་བ་ཏ་ཞེས་བརྗོད་པར་བྱའོ། །འདི་དོན་བཞི་ལ་འཇུག་སྟེ། ཟས་འདི་ཁྱོད་དབང་བ་ཡིན་ནོ་ཞེས་པ་དང༌། ཁྱོད་དང་དགེ་འདུན་གྱིས་ལོངས་སྤྱོད་ཅིག་ཅེས་པ་དང༌། འདི་ལ་མི་རུང་བ་མི་ཤ་སོགས་ཀྱིས་གོས་པ་མེད་དོ་ཞེས་པ་དང༌། དུག་ལ་སོགས་པ་དང་མ་འདྲེས་པའོ་ཞེས་སོ། །སྃ་པྲ་བ་ཏ་ཞེས་པའི་སྒྲ་དེ་བརྗོད་པའི་དགོས་པ་ནི་བཟའ་བ་དང་བཏུང་བ་རྣམས་ཤིན་ཏུ་དག་པར་བྱ་བའི་ཕྱིར་ཡིན་ནོ། །དགེ་འདུན་གྱི་གནས་བརྟན་གྱིས་ཀྱང་ས་མ་ཙ་རི་ཞེས་བརྗོད་པར་བྱའོ། །འདི་ནི་དོན་བཞི་ལ་འཇུག་སྟེ། བདེན་པར་སྙོམས་པར་བྲིམས་ཤིག་ཅེས་པ་དང༌། མཉམ་པོར་སྤྱོད་ཅིག་ཅེས་པ་དང༌། ཟས་འདི་ལུས་ལ་གནས་ཀྱི་བར་དུ་བདེན་པ་བཞི་སྒོམས་ཤིག་ཅེས་པ་དང༌། ཟས་དང་སྦྱིན་བདག་གཉིས་ལ་མ་ཆགས་ཤིག་ཅེས་པའོ། །ཟས་ཟ་བ་ན་བདག་ཉིད་ལ་ནད་པ་དང༌། ཟས་ལ་སྨན་གྱི་འདུ་ཤེས་སོགས་ཤེས་བཞིན་དང་ལྡན་པས་བཟའ་བར་བྱ་ཞིང་གནས་པར་བྱའོ། །གཉིས་པ་ཟོས་ནས་ཡོན་བཤད་བྱ་བ་ནི། དགེ་སློང་དག་ཟས་ཟོས་ནས་ཕྱིར་སོང་བའི་དུས་སུ་ཁྱིམ་བདག་ཆོས་ཉན་འདོད་པས་བལྟས་པ་ན་དགེ་སློང་གཅིག་ཀྱང་མེད་པ་ལ་བརྟེན་ནས་ཟས་ཟོས་ནས་ཀྱང་ནི་དུད་འགྲོ་ལ་བྱིན་ཡང་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་འཕེལ་བ་ལ་སོགས་པའི་ཡོན་བཤད་བྱའོ། །འདོད་པ་མཐུན་པའི་ནགས་སུ་སྟོན་པ་བྱོན་པ་བྲམ་ཟེ་པདྨའི་སྙིང་པོས་ཐོས་ནས་སྟོན་པ་འཁོར་དང་བཅས་པ་གདན་དྲངས་ནས་གདུགས་ཚོད་དྲངས་པ་ན་ཡོན་བཤད་བྱེད་ཀྱི་བར་རྒན་ཞུགས་ཀྱིས་ཏིལ་གྱི་མར་ཁུ་ཟོས་པས་ཡོན་བཤད་པ་ལ་ནི་འཇུག་པ་ན་དགེ་སློང་གང་གིས་ཀྱང་བཟའ་བར་མི་རུང་ངོ༌། །ཡང་ཡོན་བཤད་བྱེད་པ་དེ་མ་ཐོས་ཤིང་མ་གོ་བ་ལ་ནི་ཉེས་པ་མེད་དོ། །ཡོན་བཤད་པའི་དུས་དེ་ལས་གཞན་པའི་དུས་དེར་དུས་མ་ཡོལ་ན་ཅི་བདེ་བར་བཟའ་བར་བྱའོ། །ཡོན་བཤད་ཀྱི་བར་ལ་མ་ཟོས་ན་དུས་ཡོལ་ནས་ཟས་ཆག་ན་ཡོན་བཤད་ཀྱི་ཚིགས་བཅད་དང་པོ་བརྗོད་པ་ན་དེ་ལ་ནི་རྣ་བ་ཉེ་བར་གཏད་དེ། རེ་ཞིག་ཟས་མི་ཟ་བར་ཅུང་ཟད་བསྡད་ནས་ཀྱང་དེ་ནས་ཚིགས་བཅད་ཀྱི་མཐར་ཡང་མི་ཟ་བར་ཚིགས་བཅད་ཐ་མའང་ཉན་པར་བྱེད་ན་དེར་ཟ་བ་ལ་བཀག་པ་མེད་དོ། །སྔ་འགྱུར་ལས། ཚིགས་བཅད་ཐ་མའང་ཉན་པ་ཡིས། །ཟ་བ་ལ་ནི་ཉེས་པ་མེད། །ཅེས་པ་ལྟར་རོ། །ཡོན་བཤད་པ་དེ་སུས་བྱ་སྙམ་ན། དགེ་འདུན་གྱི་གནས་བརྟན་ནམ། དེས་མ་ནུས་ན་གཉིས་པས་སོ། །ཡང་ན་དགེ་འདུན་གྱི་ནི་རྒན་པོས་བྱ་བའམ། རྒན་པོས་མ་ནུས་ན་དེའི་འོག་མས་སོ། །དེས་ཀྱང་མ་ནུས་ན་ཡོན་བཤད་པར་ནུས་པ་དང་ལྡན་པའི་དགེ་སློང་གཞན་གྱིས་ཀྱང་བརྗོད་དོ། །མང་ཉུང་ཇི་ཙམ་བྱ་ཞེ་ན། སྦྱིན་བདག་རྣམས་ཀྱིས་མང་ཉུང་ཇི་ལྟར་འདོད་པ་དང་ཉན་པ་པོའི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱང་བཤད་དོ། །སྔ་འགྱུར་ལས་ཀྱང༌། བསམ་པ་ཇི་བཞིན་ཆོས་ཀྱང་བཤད། །ཅེས་པ་ལྟར་རོ། །སྦྱིན་བདག་ཆོས་ཉན་པར་འདོད་ན་བསྐོས་པའི་དགེ་སློང་གིས་ཆོས་བཤད་དོ་ཞེས་གསུངས་པ་ན། བསྐོས་པའི་དགེ་སློང་གཅིག་པུ་བཞག་སྟེ་དོང་བ་ན་སྦྱིན་བདག་གི་ཉེ་དུ་དབང་ཆེ་བ་མང་པོ་འདུས་ཏེ་ཆོས་ཉན་པ་ལ་བརྟེན་ནས་འདི་གསུངས་ཏེ། གང་ཞིག་ཆོས་ནི་འཆད་པ་པོ་ལ་ཡང་ཉེར་གནས་དང་གཡོག་འཁོར་གྱི་དོན་དུ་ནི་དེར་དགེ་སློང་རྣམས་ནི་སྦྱིན་པར་བྱ་སྟེ། ཆོས་སྟོན་པའི་དགེ་སློང་གཅིག་བུ་གྲོང་དུ་མཛེས་པ་མ་ཡིན་ནོ། །གསུམ་པ་ནི། མགོན་མེད་ཟས་སྦྱིན་གྱིས་ཞུས་ནས་འདི་གནང་སྟེ། དགའ་སྟོན་གྱི་དུས་ཀྱི་ཚེ་སྟོན་པའི་སྐུ་གཟུགས་ནི་ཆེ་ཆུང་གང་ཡང་རུང་བ་ཞིག་རྒན་པོའི་གོང་དུ་རྟག་ཏུ་གཞག་གོ །དེ་ཅིའི་ཕྱིར་ཞེ་ན། སྟོན་པ་དགེ་འདུན་དང་བཅས་པ་ནི་དམ་ཆོས་ཀྱི་སྒྲོན་མེས་འཇིག་རྟེན་གསུམ་སྣང་བར་བྱེད་པའི་ཁྱབ་བདག་ཡིན་པའི་ཕྱིར། བཞི་པ་ནི། མཚན་མོ་ཆོས་ཉན་པ་ན་པང་དུ་སྦྲུལ་བྱུང་བས་སྔངས་ནས་མཚན་མོ་སྒྲོན་མེ་མེད་པར་ནི་ཆོས་ཉན་པ་དང་བཤད་པར་མི་བྱའོ། །དེར་སྲོག་ཆགས་ལྟུང་བས་དབྱར་གྱི་དུས་སུ་སྒྲོན་མེ་དེ་ལ་རྟག་ཏུ་ནི་འོད་ཁང་མིག་བརྒྱ་པ་ཡིས་དགབ་བོ། །མདོ་རྩ་བར། སྨྱིག་མའི་གཟེབ་བམ་ལྷང་ཚེར་དཀར་པོས་བཀབ་པ་དག་ཅེས་སོ། །ལྔ་པ་ཟས་ལ་འགྲོ་ཞིང་ལྡོག་ཚུལ་ནི། ཁྱིམ་གཞན་ནས་ཁྱིམ་གཞན་དུ་དགེ་སློང་རྣམས་དགོས་པའི་དབང་གིས་མགྲོན་དུ་བོས་པ་ན། ཁང་བཟང་དུ་འགྲོའི་སྦྱིན་བདག་གིས་གནང་བ་ལས་གཞན་དུ་ནམ་ཡང་ཁང་བཟང་དེ་ནས་དགེ་སློང་དེ་དག་ཡོན་བཤད་མ་ཟིན་གྱི་བར་འགྲོ་བར་མི་བྱའོ། །ཁང་བཟང་དེར་ཕྱིན་པའི་འཕགས་པའི་དགེ་འདུན་རྣམས་ཀྱིས་ཀྱང་ཚུལ་བཞིན་དུ་ཅི་བདེར་བཟའ་བ་ཟོས་ནས་ནི་སྦྱིན་བདག་གིས་འགྲོ་བར་གནང་བའི་གནས་སྐབས་ཐོབ་ནས་འགྲོ་བར་བྱེད་པ་ལ་ནི་ཉེས་པ་མེད་དོ། །གཉིས་པ་ཞར་ལ་སྨན་བསྟེན་པའི་ཆོ་ག་ནི། བ་ལང་ལ་སོགས་པའི་ཤ་དང༌། ཉ་ལ་སོགས་པ་འཇིག་རྟེན་ན་དམ་པའི་སྐྱེ་བོ་རྣམས་ཀྱིས་མ་སྨད་པ་རྣམ་གསུམ་དག་པའི་ཤ་གང་དག་དགེ་སློང་གི་ལྷུང་བཟེད་དུ་འོངས་པ་དེ་དག་བཟའ་བར་བྱ་སྟེ། རུང་བའི་ཤ་དེ་འདྲ་ཟོས་པས་ལྟུང་བར་མི་འགྱུར་རོ། །ཡངས་པ་ཅན་དུ་སྡེ་དཔོན་ཆེན་པོའི་ཆེད་དུ་བྱས་པའི་ཤ་སྡེ་དཔོན་གྱིས་བདེན་པ་མཐོང་ནས་མ་ཟོས་པ་དགེ་སློང་གཞན་གྱིས་ཟོས་པས་མུ་སྟེགས་པས་འཕྱ་བ་ལ་བརྟེན་ནས། གང་ཞིག་དགེ་སློང་སོགས་ལ་དམིགས་ནས་ཆེད་དུ་བྱས་པའི་ཤ་མཐོང་ངམ་ཐོས་སམ་དོགས་པ་སྐྱེས་པ་ནི་དགེ་སློང་གིས་ནམ་ཡང་བཟའ་བར་བྱ་བ་མིན་པར་འགྲོ་བ་ཀུན་ལ་ཕན་པར་བཞེད་པའི་སྟོན་པས་གསུངས་སོ། །ཤའི་རོ་ལ་བརྐམ་པས་སྲོག་ཆགས་གསོད་པར་བྱེད་པ་ནི་སྙིང་རྗེ་མེད་པའི་བསམ་པས་ཀུན་ནས་བསླངས་པ་ཡིན་པས་སྤང་ངོ༌། །གང་ཞིག་སྲོག་གནས་པའི་ཆེད་དུ་རྣམ་གསུམ་དག་པའི་ཤ་བཟའ་བ་ལ་ཉེས་པ་མེད་དོ། །དྲུག་སྡེ་དག་གི་སྤྱོད་པ་ནི། དུ་བ་གང་ན་འཐུལ་བ་དང༌། བྱ་རྒོད་གང་ན་ལྡིང་བར་རྟོག་པས་ཉེ་དགའ་སྔར་ལངས་ཏེ་ཁང་ཐོག་ཏུ་འཛེགས་ཏེ་བརྟགས་པ་ན། ཕྱོགས་ཤིག་ན་བྱ་རྒོད་ཅིག་ལྡིང་ནས་དེར་ཕྱིན་པ་ན་སྟག་གིས་ནགས་ཐིབས་པོ་ཞིག་ན་ཤ་ཟོས་པའི་ལྷག་མ་སྦས་པ་ཉེ་དགས་ཁྱེར་ཏེ། རྒྱལ་བྱེད་ཚལ་དུ་འོངས་པ་ན། སྟག་དེ་ཡང་དེའི་དྲི་སྣོམ་ཞིང་རྒྱལ་བྱེད་ཚལ་གྱི་སྒོ་དྲུང་གི་བར་དུ་འོངས་ནས་དེར་སྟག་གིས་སྒྲ་འབྱིན་ཏོ། །དེ་སྟོན་པས་གསན་པ་ཀུན་དགའ་བོ་ལ་སྨྲས་པས་ཀུན་དགའ་བོས་ཇི་ལྟར་གྱུར་པའི་ཚུལ་སྟོན་པ་ལ་གསོལ་བས་དགེ་སློང་དག་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ནི་རི་དྭགས་བཟང་པོ་ཡིན་པས་ཤ་ཟོས་ནས་ལྷག་མ་བོར་ནས་འགྲོ་ཡི་སྟག་གིས་ནི་ལྷག་མ་སྦེད་པ་ནམ་ཡང་མི་གཏོང་བས་དགེ་སློང་གིས་སྟག་གི་གོད་མ་ནམ་ཡང་མི་བཟའ་སྟེ། ཟོས་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ལ་བརྟེན་ནས་སྟག་གི་མཆེ་བས་བཟུང་ནས་བསད་པའི་ལྷག་མའི་ཤ་ནི་གཟུང་བར་མཐོང་ངམ་ཐོས་སམ་དོགས་པ་ཉིད་ཡིན་ན་ཡང་དེ་ནི་དགེ་སློང་གིས་བཟའ་བར་མི་བྱ་སྟེ། སྟག་དེ་ཡིས་ནམ་ཡང་བསམ་པས་མི་གཏོང་བས་དེ་བླངས་ན་དུད་འགྲོ་ལས་བརྐུས་པར་འགྱུར་བའི་ཕྱིར་རོ། །མཉན་ཡོད་དུ་དགེ་སློང་ཞིག་བདེན་པ་མཐོང་བའི་སྐལ་པ་ཡོད་ཀྱང་སྒོག་སྐྱ་ཟོས་ནས་ཁ་ཕྱིར་བལྟས་ཏེ་ལན་གསུམ་ཆོས་ཉན་ཡང་བདེན་པ་མཐོང་བའི་སྣོད་དུ་མ་གྱུར་པས་སྒོག་སྐྱ་ལ་སོགས་པའི་སྨན་རྣམས་ནི་ནད་པ་དག་གི་ནད་ལ་ཕན་ན་རྗེས་སུ་གནང་བ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ནད་པ་ལ་གནང་ཞེ་ན། གང་གི་ཕྱིར་ཚེ་སྲོག་ནི་དགེ་བའི་ཆོས་བྱེད་པ་རྣམས་ཀྱི་དགེ་བའི་སྣོད་ཡིན་པའི་ཕྱིར་རོ། །མི་ན་བ་དང་དྲི་ཚོར་བས་མ་དད་པ་སྐྱེ་བའི་སྐབས་ལ་ནི་བཀག་གོ །དགེ་སློང་ནད་པས་སྒོག་པ་ཟོས་པ་ན་གང་དུ་དགེ་སློང་གཞན་རྣམས་ཀྱིས་སྒོག་པའི་དྲི་ཚོར་བ་ལ་མ་དད་པ་ཡིས་དྲི་མི་སྣོམ་པ་སྟེ་ཚོར་བར་མི་འདོད་ན་བླ་མ་དེ་ལ་དགོས་པ་ཉེ་བར་སྦྱོར་བ་ཉེར་གནས་རྣམས་ཀྱིས་ཀྱང་གནས་ཀྱི་བླ་མའི་ནད་སེལ་བའི་དོན་དུ་བསྙེན་བཀུར་བྱ་བའི་རྒྱུར་ཤེས་པར་བྱས་ནས་ལྐོག་ཏུ་བྱའོ། །ནད་པས་སྒོག་པ་ཟོས་པའི་བྱ་བ་རྫོགས་པའི་མཐར་ཡང་ནི་ལུས་ནི་དྲི་མས་རྣམ་པར་དག་པར་བྱའོ། སྒོག་པའི་དྲི་མ་མ་སངས་པར་གཙུག་ཁང་དུ་ཞུགས་པ་ལ་བརྟེན་ནས་ནམ་སྒོག་པའི་དྲི་མའི་ལྷག་མ་མེད་པ་ན་སླད་གཙུག་ལག་ཁང་དུ་འཇུག་པར་བྱའོ། །དུས་ཇི་ཙམ་ནས་སྒོག་པའི་དྲི་མ་མེད་པར་འགྱུར་ཞེ་ན། རིམ་པ་བཞིན་དུ་སྒོག་སྐྱ་ནི་ཟོས་ནས་ནུབ་མོ་བདུན་གྱིས་དག་པར་གསུངས། བྲེག་བཙོང་ནི་ནུབ་མོ་གསུམ་གྱིས་དང༌། དེ་བཞིན་དུ་ཀེའུ་ཡང་ནི་ཟོས་ནས་ནུབ་གཅིག་གིས་དག་པར་གསུངས་སོ། །གསུམ་པ་བསོད་སྙོམས་ལ་འཇུག་པའི་ཆོ་ག་ནི། སྔོན་བསོད་སྙོམས་པ་ཞིག་གིས་ནང་དུ་བསོད་སྙོམས་ལ་ཞུགས་པ་ན། བུད་མེད་གཉིད་ལོག་པ་ཞིག་ལ་འཁྲིག་པ་སྤྱོད་པའི་སྣང་བ་བྱུང་སྟེ། སྐད་ངན་ཆེར་བྱུང་བས་དགེ་སློང་སྐྲག་སྟེ་བྲོས་པས་ཕྱི་སྒོ་དང་ནང་སྒོ་འཛོལ་ནས་ནང་དུ་ཕྱིན་པ་ན་སྐྱེས་པས་ཚོར་ནས་རབ་བྱུང་ཁྱོད་གང་ནས་འདིར་འོངས་བྱས་ཀྱང་སྤ་བཀོང་ནས་ཅི་ཡང་མི་ཟེར་རོ། །ཁྱིམ་བདག་དེས་བལྟས་པ་ན་ཆུང་མ་ལ་ཚུལ་མི་སྡུག་པ་མཐོང་ནས་ངའི་བུད་མེད་ལ་ཁྱོད་ཀྱིས་འཁྲིག་པ་སྤྱད་དོ་ཞེས་སྨྲས་ནས་བརྡུངས་པ་ལ་བརྟེན་ཏེ། དགེ་སློང་བསོད་སྙོམས་དག་ལ་འཇུག་པ་ན་ཁང་བཟང་གི་སྒོ་མང་པོ་ནས་རྒྱུ་བ་བྱ་དགོས་པ་བྱུང་ན། སྒོ་མི་ནོར་བར་བྱ་བའི་ཕྱིར་ཟས་ལ་སོགས་པའི་མཚན་མ་སྒོར་གཞག་གོ །གང་གིས་ན་ཡང་ཕྱིར་ལྡོག་པར་འདོད་པ་དག་གིས་སོ། །དགག་བྱ་དེ་ལྟར་གྱུར་པ་ལ་བརྟེན་ནས་ཁང་པར་འཇུག་པའི་ཚེ་སྒྲ་བྱའོ་ཞེས་གསུངས་པས་ན། ནང་གི་སྦྱིན་བདག་ལ་སྒྲས་གོ་བར་བྱ་བའི་དོན་དུ་སྒྲ་དང་ལྡན་པའི་འཁར་གསིལ་ཁྱེར་བར་བྱ་སྟེ། འཁར་གསིལ་གྱི་སྒྲ་དེ་ཡིས་སྦྱིན་བདག་ལ་སྒོ་དྲུང་དུ་བསོད་སྙོམས་ལ་ཕྱིན་པར་གོ་བར་བྱའོ། །ཁྱི་ལ་སོགས་པས་འཚེ་བར་བྱས་ན་འཁར་གསིལ་གྱིས་ཁྱི་དང་བ་ལང་ལ་སོགས་པ་དག་ལ་སྡིགས་སོ། །བརྡེག་པར་ནི་ནམ་ཡང་མི་བྱའོ། །མཉན་ཡོད་དུ་ལ་ཕུག་སོགས་ཟོས་པའི་ཟས་ཀྱི་སྒྲ་སོལ་སོལ་དང་ཅག་ཅག་ཟེར་བ་སོགས་ཐོས་པས་སྔོན་གར་མཁན་དུ་གྱུར་བའི་དགེ་སློང་ཞིག་གིས་དགེ་སློང་སོལ་སོལ། དགེ་སློང་ཅག་ཅག་ཅེས་སོགས་ངག་ཏུ་སྨྲས་ནས་གར་བྱས་པ་ལ་བརྟེན་ནས་བཟའ་བར་བྱ་བའི་རྩ་བ་དང་འབྲས་བུ་སོགས་དག་བསོད་སྙོམས་ཀྱི་དུས་སུ་རྙེད་ན། དལ་གྱིས་དལ་གྱིས་ལག་པས་དུམ་བུར་བྱས་སམ་མཉེས་སམ་དུམ་བུར་བསིལ་ནས་ནི་དགེ་སློང་གིས་ལུས་ངག་དུལ་བའི་སྒོ་ནས་གྲོང་ཡུལ་དུ་བཟའ་བར་བྱའོ། །བཞི་པ་མགྲོན་དུ་བོས་པའི་ཆོ་ག་ནི། དགེ་སློང་རྣམས་མགྲོན་དུ་བོས་པའི་ཚེ་དགོས་པ་ཁྱད་པར་ཅན་མེད་པར་རྒན་གཞོན་འཆོལ་བའི་གྲལ་གྱིས་ཟས་མི་བཟའོ། །དུས་མ་ཡིན་པའི་ཟན་དག་ཀྱང་མི་བཟའོ། །དགེ་སློང་ནད་པས་ནི་སྨན་པ་ལ་དྲིས་ནས་གནང་ན་བཟའ་རུང་ངོ༌། །མུ་གེ་ཤིན་ཏུ་ཆེ་བའི་དུས་ན་ནི་མགྲོན་དུ་གཉེར་བ་ཤིན་ཏུ་མང་པོ་བྱུང་ཡང་དང་དུ་བླངས་ལ། སྦྱིན་བདག་གིས་ལེགས་པར་གནང་བ་ཡིན་ན་ནི་དགེ་སློང་ཟླ་བོ་གཞན་དང་བགོ་བཤའ་བྱས་པ་ཡིས་ཡོངས་སུ་སྤྱད་དུ་རུང་ངོ༌། །རང་ཉིད་གཙོ་བོར་མགྲོན་དུ་བོས་པའི་དགེ་སློང་གིས་ཕྱེད་ཟོས་པའི་ལྷག་མ་ཡིན་ཀྱང་ཟས་ཀྱིས་ཕོངས་པའི་དགེ་སློང་གཞན་ལ་སྦྱིན་པར་བྱ་སྟེ། ཚངས་པར་སྤྱོད་པ་དབུལ་ཞིང་ཕོངས་པ་ཡིན་མིན་གྱི་རྣམ་དབྱེ་ལ་རབ་ཏུ་མཁས་པ་དེས་དབུལ་ཞིང་ཕོངས་པ་དག་ཉམ་ང་བ་མུ་གེའི་དུས་དག་གི་ཚེ་ཡོངས་སུ་བསྐྱང་ངོ༌། །རྒྱུ་མཚན་ནི་ཐུབ་པའི་བསྟན་པ་དང་འཕྲད་པ་དང༌། དལ་འབྱོར་གྱི་སྲོག་ནི་ཉི་མ་གཅིག་ཀྱང་རྙེད་པར་དཀའ་བས་སོ། །ཡུན་རིང་དུ་འཚོ་བར་འདོད་པའི་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་གིས་ཀྱང་ལྷག་མ་གང་ཡོངས་སུ་སྤྱོད་དོ། །གལ་ཏེ་ལྷུང་བཟེད་བུག་རྡོལ་སོགས་ཡོད་པའི་འཕན་ཅན་དུ་ཟས་སྤྱོད་དགོས་པ་བྱུང་ན་ཁུ་ཚིགས་དག་ཡོད་པར་མཐོང་བ་ན་དངོས་པོ་གང་ཡང་རུང་བ་ཞིག་གིས་ཁུ་ཚིགས་དེ་བསལ་ནས་ལྷུང་བཟེད་ལན་གསུམ་གྱི་བར་དུ་བཀྲུས་ཏེ། དེ་ནས་ཟས་ཀྱི་སྣོད་དུ་སྤྱོད་དོ། །ཟས་ཟོས་ནས་ཁའི་དྲི་མ་རགས་པ་ནི་ས་དང་ལྕི་བ་སོགས་ཀྱིས་ཡོངས་སུ་སྦྱོང་ངོ༌། །དྲི་མ་ཕྲ་བ་ནི་ཆུ་ཁྱོར་བ་གསུམ་མམ་དེ་ལས་ལྷག་པས་ཀྱང་བཀྲུ་བཤལ་བྱས་པའི་སྒོ་ནས་ཡོངས་སུ་དག་པར་བྱའོ། །ཡང་ཟས་བྱིན་ལེན་བྱས་པ་དགེ་སློང་གིས་མ་བཟུང་བ་ལ་དགེ་སློང་མིན་པས་རེག་གམ་མ་རེག་ཅེས་བལྟ་བར་བྱ། རེག་མ་རེག་ཐེ་ཚོམ་མེད་པར་མ་རེག་པར་ངེས་ན་བཟའོ། །དགེ་སློང་མ་ཡིན་པས་མ་རེག་པ་ལས་གཞན་དུ་རེག་པར་གྱུར་པ་ལྟ་ན་སླར་ཡང་བྱིན་ལེན་བྱེད་དགོས་པ་ལ་ལྟོས་པ་ཡིན་ཏེ། སྔར་གྱི་བྱིན་ལེན་ཞིག་པའི་ཕྱིར་རོ། །ལྔ་པ་ཕོངས་པའི་ཚེ་ཇི་ལྟར་བསྒྲུབ་པའི་ཆོ་ག་ནི། གལ་ཏེ་དགེ་སློང་དག་ལམ་དུ་སོང་བའི་ཚེ་ན་ལམ་རྒྱགས་དག་ཁུར་ཁྱེར་བར་བྱེད་པ་བསྙེན་པར་མ་རྫོགས་པ་སུའང་མེད་པ་ན་ཇི་ལྟར་བྱ་ཞེ་ན། ཕྱིས་གཞན་དང་བརྗེ་བའི་འདུ་ཤེས་ཀྱིས་རང་ཉིད་ཀྱིས་ནི་ཁུར་བར་བྱར་རུང་ངོ༌། །སྔ་འགྱུར་ལས། ཁུར་བ་སུ་ཡང་མེད་པ་ན། །ཞེས་གསུངས་པ་ལེགས་སོ། །གལ་ཏེ་བརྗེ་མཁན་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། བྱིན་ལེན་མ་བྱས་པར་དགེ་སློང་རང་གིས་ལག་ཉར་གྱུར་པ་དག་གཞན་སུ་ཡང་བརྗེ་བ་དག་མེད་པ་ན་ཞེས་པ་སྟེ། སྔ་འགྱུར་ལས། བརྗེ་བ་སུ་ཡང་མེད་ན་ནི། །ཞེས་གསུངས་པ་ལྟར་ལེགས་པས། བརྗེ་བའི་ཡུལ་སུ་ཡང་མེད་ན་ནི་ཉི་མ་དང་པོར་ཟན་བཅད་ནས་བསྙུང་བར་བྱ། ཉི་མ་གཉིས་པ་ལ་ནི་སྤར་མོ་མར་ཕུབ་པ་གང་ཙམ་བཟའ་ཡི། དེ་ལས་ལྷག་པར་བཟའ་བར་བྱ་བ་མིན་ནོ། །ཉི་མ་གསུམ་པར་ནི་སྤར་བ་བཀན་པ་གཉིས་ཀྱི་ཚད་བཟའོ། །དེ་ལས་བར་ནི་ཅི་བདེར་བཟའ་བར་བྱའོ། །གལ་ཏེ་ཟན་མེད་དེ་བཀྲེས་པར་གྱུར་ན་ཇི་ལྟར་བྱ་ཞེ་ན། རང་ཉིད་ཀྱིས་ཤིང་ཐོག་ལ་སོགས་པ་འབད་པས་བཏོག་པ་ལ་སོགས་པ་རང་གིས་བསྒྲུབས་ནས་ཀྱང་བཟའ་བར་བྱ་སྟེ། སྲོག་བསྲུང་བར་འདོད་པས་སོ། །སྤྱིར་ས་བརྐོ་བ་བཀག་ཀྱང་དགེ་སློང་བཀྲེས་ནས་འཆི་ལ་ཐུག་པ་ཡིས། ས་བརྐོས་ནས་ནི་ལོ་མ་ལ་སོགས་པའི་རྩ་བ་བླངས་ཏེ་གཅད་པའམ། སྤྱིར་ཤིང་ལ་མི་གང་ལས་མཐོ་བ་འཛེག་པ་བཀག་ཀྱང་ཤིང་ལ་འཛེག་ནས་འབྲས་བུ་བླངས་ཏེ་བཀྲེས་པ་བསལ་བའི་དོན་གྱི་ཕྱིར་དུ་སྤྱད་དོ། །ས་བརྐོ་སོགས་འདི་དག་ནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་ལ།                              རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*