འདིར་བཅས་པའི་ཁ་མ་ཐོ་བ་ནི་གནས་སྐབས་རྐྱེན་དབང་གིས་རྗེས་སུ་གནང་ངོ༌། །རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་ཚུལ་ཁྲིམས་དང་ལྡན་པ་སྲོག་འཆོར་བ་ལ་ཐུག་ཀྱང་གནང་བ་མིན་ནོ། །དྲུག་སྡེས་ལྷུང་བཟེད་གཅིག་ནས་ཅིག་ཅར་དུ་ཟོས་པ་ན་དྲུག་ཅར་གྱི་ལག་པ་ཅིག་ཆར་དུ་འདོམས་ནས་ལྷུང་བཟེད་ཆག་པ་ལ་བརྟེན་ནས་སྣོད་གཅིག་ནས་ཟ་བ་བཀག་ལ། གལ་ཏེ་ཉེ་དུས་སྣོད་གཅིག་ནས་ཟ་བར་འདོད་པར་གྱུར་ན་དྲན་ཤེས་བཞིན་གྱིས་ཟིན་པས་ལེགས་པའི་བློས་ཉེ་དུ་དང་ལྷན་ཅིག་ཏུ་བཟར་རུང་བ་ཁོ་ནའོ། །གལ་ཏེ་འཇིགས་པ་དང་བཅས་པའི་ལམ་དུ་རིམ་གྱིས་ཟ་བའི་ལོང་མེད་ཅིང་སྣོད་གཞན་མེད་ན་དགེ་ཚུལ་དང་ཡང་སྣོད་གཅིག་ཏུ་བཟར་རུང་བ་ཉིད་དོ། །དགེ་སྦྱོང་སྟེ་དགེ་ཚུལ་དང་ལྷན་ཅིག་ཟ་བའི་དུས་ཀྱི་ཚེ་ཡང་དགེ་སློང་གིས་ལྷུང་བཟེད་ལག་པ་གཡོན་པས་བཟུང་ཞིང༌། དགེ་ཚུལ་གྱིས་ཟས་ལ་ཁམ་གཅོད་པ་ལ་སོགས་པ་བྱེད་པའི་དུས་སུ་རྟག་ཏུ་དྲན་ཤེས་བཞིན་དང་ལྡན་པས་ལྷུང་བཟེད་ལག་པས་བསྲུང་ངོ༌། །ཁྭ་ཏ་སོགས་ཀྱིས་རེག་པ་ནི་བྱིན་ལེན་ཞིག་པས་བཟར་མི་རུང་ངོ་སྙམ་པའི་དོགས་པ་བསུ་བ་ནི། ཡང་གང་དུ་བག་མེད་པའི་བྱ་ཁྭ་ཏའི་མཆུ་དག་གིས་ཟས་ལ་རེག་པར་གྱུར་པ་ན་མཆུ་རེག་པའི་ཉེ་འཁོར་དོར་ནས་ནི་བཟའ་བ་དེ་ལ་རུང་མི་རུང་བརྟག་མི་དགོས་སོ། །མར་དང་འབྲུ་མར་དང་བུ་རམ་དང་སྦྲང་རྩི་སོགས་དང༌། གཞན་ཡང་དགེ་འདུན་གྱི་ཟས་དགེ་སློང་རང་གིས་ཁྱེར་ནས་དྲན་པ་བརྗེད་པ་ཡིས་གནས་གང་དུ་ལུས་པ་དེ་ནི་ལག་ཉར་གྱུར་ཏོ་སྙམ་པས་དོར་བར་མི་རུང་སྟེ། ལག་ཉར་མ་གྱུར་པའི་ཕྱིར་ཏེ། བརྗེད་པས་སོ། །མདོ་རྩ་བ་ལས་ནོར་བ་དང་བརྗེད་པས་ལག་ཉར་མི་འགྱུར་བར་བཤད་པ་ལྟ་བུའོ། །གལ་ཏེ་དྲན་པ་སྐྱེས་ན་དེ་མ་ཐག་ཏུ་ས་ལ་འཇོག་དགོས་སོ། །མི་འཇོག་ན་ལག་ཉར་འགྱུར་རོ། །གལ་ཏེ་དགེ་སློང་གིས་རེག་ཀྱང་བརྗེད་པས་ལག་ཉར་མ་གྱུར་པའི་རུང་བ་དེ་ནི་ཚོགས་སམ་གང་ཟག་གིས་ཀྱང་རུང་ཡོངས་སུ་བླང་ངོ༌། །མདོ་རྩ་བ་ལས་ནོར་བ་དང་བརྗེད་པས་ནི་དགེ་སློང་གིས་གནས་གཅིག་ནས་སྤོས་ནས་གཞན་དུ་བཞག་ཀྱང་ལག་ཉར་མི་འགྱུར་བར་བཤད་པ་ལྟར་རོ། །ཡང་དགེ་འདུན་གྱི་ཆེད་དུ་མཁར་ལེན་བྱས་པ་འཕྲོ་ལ་ལུས་ན། གྲོགས་དགེ་འདུན་གྱིས་ཀྱང་བྱེད་དགོས་པའི་ཕྱིར་ན་མཁར་ལེན་གྱི་ལས་ཀྱི་དུས་ལ་བབ་པ་ན་ཐོག་མར་ཟས་ལེགས་པར་ཟོས་ནས་ལས་ལ་འཇུག་པར་བྱའོ། །མདོ་རྩ་བར། གལ་ཏེ་དགུན་ཡིན་ན་ཟས་ཀྱི་འོག་རོལ་དུའོ། །གལ་ཏེ་སོས་ཀ་ཡིན་ན་ཟས་ཀྱི་མདུན་རོལ་དུའོ་ཞེས་སོ། །དྲུག་པ་འདྲེས་པ་ལ་ཇི་ལྟར་བསྒྲུབ་པའི་ཆོ་ག་ནི། བུ་རམ་དང་འབྲས་ཕྱེ་ལྟ་བུ་ཞག་བདུན་པ་དང་དུས་རུང་འདྲེས་པར་གྱུར་པ་ན། གང་འབྲས་ཕྱེ་འདྲེས་པའི་ཕྱོགས་གཙང་མའི་ཆུ་ཡིས་ཡོངས་སུ་སྦྱངས་ནས་ཕྱི་དྲོ་ལྟ་བུ་དུས་མིན་པར་ཡང་སྤྱོད་པ་ལ་དུས་རུང་གི་ཟས་ཟོས་པ་ཉིད་ཀྱི་ཉེས་པ་ཡོད་པ་མ་ཡིན་ནོ། །ཐུན་ཚོད་དུ་རུང་བ་བུར་ཆུ་ལ་སོགས་པའི་སྨན་ནི་འབྲས་ཕྱེ་སོགས་དུས་སུ་རུང་བ་དང་འདྲེས་པར་གྱུར་པ་ལོངས་སྤྱོད་པ་ན་དུས་མ་ཡིན་པ་ཕྱི་དྲོ་ལ་སོགས་པར་མི་སྤྱད་ཅིང་ལག་པས་རེག་ནས་བྱིན་ལེན་མ་བྱས་པར་ནི་རུང་བ་མིན་ནོ། །དེ་བཞིན་དུ་ཐུན་ཚོད་དུ་རུང་བའང་དེ་ལས་གཞན་ཞག་བདུན་པ་དང་འདྲེས་ན་ནི་ཐུན་ཚོད་ཁོ་ནར་སྤྱད་པར་བྱ་ཡི། དེ་ལས་གཞན་ཞག་བདུན་པར་ནི་སྡོམ་བརྩོན་གྱིས་སྤྱད་པར་བྱ་བ་མིན་ནོ། །བྱིན་ལེན་མ་བྱས་པར་ཡང་སྤྱད་པར་བྱ་བ་མིན་ནོ། །ཞག་བདུན་པ་ཡང་ཇི་སྲིད་དུ་འཚོ་བར་སྤྱད་པའི་ཟས་དང་དམིགས་པ་སྟེ་མངོན་དུ་གྱུར་པ་དང་འདྲེས་ན་ཡང་ཞག་བདུན་པར་ནི་སྤྱད་པར་བྱ་སྟེ། དེ་ལས་དུས་ལྷག་པར་སྤྱད་པར་བྱ་བ་མ་ཡིན་པས་སྔ་མ་སྔ་མའི་དབང་དུ་བྱས་ནས་སྤྱད་ཅིང༌། བྱིན་ལེན་ཡང་ངེས་པར་བྱའོ། །ཆོ་ག་གང་གིས་སྤྱད་པའི་ཚུལ་བསྟན་ཟིན་ཏོ། །འདུལ་བའི་ཚིག་ལེའུར་བྱས་པ་ལས། བམ་པོ་བཞི་པ་སྟོན་པ་ནི། བཞི་པ་དེ་དག་གི་དམིགས་བསལ་ལ་གསུམ་སྟེ། ནད་པ་མིན་ཡང་བྱིན་གྱིས་བརླབ་པ་སྤྱད་པ་དང༌། ཟས་དང་འདྲེས་ཀྱང་ཕྱི་དྲོ་སྤྱད་པ་དང༌། རྙེད་དཀའ་ཞིང་ཕོངས་ན་སྤངས་བ་ཟ་བ་གནང་བའོ། །དང་པོ་ནི། མཉན་ཡོད་དུ་ཁྱིམ་བདག་ལུག་ཅེས་བྱ་བ་ལ་དྲོ་ཡོལ་གྱི་བར་དུ་ཆོས་བཤད་པས་ཉི་མ་ཡོལ་ནས་གདུགས་ཚོད་མ་གསོལ་བ་ལ་བརྟེན་ནས་ཞག་བདུན་པ་སྤྱད་པར་གནང་སྟེ། ཞག་བདུན་པའི་ཟས་བུ་རམ་གང་དགེ་སློང་གཅིག་གིས་རང་གིས་སྤྱོད་པར་བྱ་བའི་ཕྱིར་དུ་བྱིན་གྱིས་བརླབས་ཏེ། འོ་ན་རང་གིས་སྤྱད་པར་བྱ་བའི་ཕྱིར་བྱིན་གྱིས་བརླབས་པས་གཞན་གྱིས་སྤྱད་པར་མི་རུང་ངམ་ཞེ་ན། རང་ལས་གཞན་ཡིན་ཡང་ཕན་ཚུན་ཡིད་གཅུགས་པར་གྱུར་པའི་གང་ཟག་ལྔ་པོ་རྣམས་ལ་རྗེས་སུ་གནང་ངོ༌། །ལྔ་གང་ཞེ་ན། ནད་པ་ཉིད་དང༌། སྔ་དྲོའི་ཟན་ཆད་པ་དང༌། དགེ་བསྐོས་དང༌། ལག་གི་གླ་དང༌། ལམ་དུ་ཞུགས་པའོ། །ལྔ་པོ་འདི་ལས་གཞན་དག་ལ་ནི་སྦྱིན་དུ་རུང་བ་མ་ཡིན་ནོ། །གཉིས་པ་ནི། དུས་རུང་གི་ཟང་ཟིང་ཕྲ་མོ་འདྲེས་པའི་བུ་རམ་ཆུ་ཡིས་མཉེས་ནས་ནི་ཚགས་མ་དག་གིས་བཙགས་ནས་སྡོམ་བརྩོན་དག་གིས་སྐོམ་དུ་འཐུང་བ་ནི་དུས་མིན་པར་ཡང་རུང་བའོ། །སྔ་འགྱུར་ལས། བུ་རམ་ཆུ་ཡིས་མཉེས་ནས་ནི། །ཞེས་འབྱུང་བ་ལྟར་ལེགས་སོ། །གསུམ་པ་ནི། མཉན་ཡོད་དུ་མུ་གེས་ཉམ་ང་བའི་དུས་ན། དགེ་སློང་རྣམས་ཀྱིས་ལྟོ་འགྲངས་བ་མ་རྙེད་དེ་ཉལ་བ་ལ་བརྟེན་ནས་རྙེད་དཀའ་བའི་དུས་སུ་ནི་འབྲས་བུ་དང་མེ་ཏོག་ལ་སོགས་ཡིད་འཕྲོག་པའི་བཟའ་བར་བྱ་བ་གང་ཡིན་དག་རྙེད་ན་ལན་གཅིག་སྤང་བར་བྱས་ཀྱང་ནི་བཟའ་བར་འདོད་ན་དགེ་སློང་གིས་བཟའ་བར་གནང་བ་ཡིན་ནོ། །བསོད་སྙོམས་ཐོབ་པ་གྲོང་ཡུལ་དུ་བཟར་རུང་ངམ་ཞེ་ན། བསོད་སྙོམས་ཡང་དག་ཐོབ་པའི་ཚེ་ན། སྦྱིན་བདག་གིས་འདི་ཉིད་དུ་གསོལ་དགོས་ཞེས་སྨྲ་ན་གཙུག་ཁང་ལས་གཞན་བསོད་སྙོམས་པ་ཡིས་སྤྱོད་ཡུལ་གྱི་ཁྱིམ་དུ་གནས་ཏེ་ཟ་བ་ནི་རུང་སྟེ། སྦྱིན་བདག་གི་བསོད་ནམས་སྤེལ་བར་བྱ་བའི་ཕྱིར་དུའོ། །སླར་ཡང་ཉི་མ་དེ་ལ་ཟ་བར་འདོད་པ་ལྟ་ན། སྤྱོད་ཡུལ་གྱི་གྲོང་དག་ནས་བསོད་སྙོམས་ཀྱི་ཟས་ཁྱེར་འོངས་ནས་ནི་གཙུག་ལག་ཁང་དུ་བཟའ་བར་བྱའོ། །སྤྱིར་སྔ་མར་བླངས་པས་ཕྱི་མ་བླང་དུ་མི་རུང་མོད་ཀྱི། མུ་གེའི་དུས་དག་ཏུ་ནི་སྔོན་བླངས་སོ་སྙམ་པའི་བསམ་པ་སྐྱེས་ཀྱང་ཕྱི་མ་བླང་དུ་རུང་བ་ཡིན་ནོ། །ཡང་བསོད་སྙོམས་ཀྱི་དུས་སུ་ཁྱིམ་དུ་ཟོས་པའི་ལྷག་མ་དག་གལ་ཏེ་སྦྱིན་བདག་གིས་འདི་སྣོམས་ཤིག་ཅེས་སྦྱིན་བདག་གིས་བསྐུར་ན། སྔར་བླངས་སོ་སྙམ་པའི་བསམ་པ་སྐྱེས་པ་ཡིས་ཀྱང་ཉམ་ང་བ་མུ་གེའི་དུས་ན་ལྷག་མ་བསྐུར་བ་དེ་ཡང་སྤྱད་དུ་རུང་ངོ༌། །འདི་ནི་ཡང་ཡང་ཟ་བ་དང་སྤངས་བ་ཟ་བའི་ཉེས་པ་འབྱུང་ངམ་སྙམ་པའི་དོགས་པ་བསུ་བའོ། །ཞུ་བ་ལས། ཀུན་དགའ་བོ་ལོ་ཉེས་ཤིང་དཀོན་ལ་རྙེད་དཀའ་བའི་ཚེ་དགེ་སློང་རྣམས་ལ་དངོས་པོ་བརྒྱད་གནང་བ་འདི་ལྟ་སྟེ། ནང་དུ་གཞག་པ་དང༌། ནང་དུ་བཙོས་པ་དང༌། རང་གིས་བཙོས་པ་དང༌། དགེ་སློང་གིས་བཙོས་པ་དང༌། སྔ་དྲོ་བྱིན་ལེན་མ་བྱས་པ་དང༌། དེ་ནས་སླར་ཁྱེར་བ་དང༌། ནགས་ཀྱི་ཚི་གུ་ཅན་དང༌། རྫིང་བུའི་རྣམས་སོ་ཞེས་གསུངས་ཤིང༌། ནགས་ཀྱི་ཚི་གུ་ནི་ཤིང་ཏོག་ལ་སོགས་པ་རྣམས་ཡིན་ལ། རྫིང་བུའི་ནི་པདྨའི་རྩ་བའོ། །རུང་བ་བསྟེན་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་གཏོར་མ་སྦྱིན་པའི་ཆོ་ག་ནི། གཙུག་ལག་ཁང་དུ་གནས་པའི་གནས་སྐབས་ཀུན་ཏུ་ཡང་གནོད་སྦྱིན་ཟས་འདོད་པ་རྣམས་ལ་ཟས་གྱི་ཕྱིར་དུ་གཏོར་མ་སྦྱིན་ནོ། །དུས་ཇི་ཙམ་ན་ཞེ་ན། སྔ་དྲོ། ཕྱི་དྲོ། གུང་ཚིགས་ཀྱི་དུས་གསུམ་ཀུན་ཏུ་ཡང་ནི་གཏོར་མ་སྦྱིན་ཏེ། གནོད་སྦྱིན་རྣམས་ནི་དུས་དང་དུས་མིན་པར་ཟ་བ་ཉིད་ཀྱི་ཕྱིར་རོ། །གཙུག་ལག་ཁང་གི་གནོད་སྦྱིན་དུ་མ་ཟད། བུ་ལྔ་བརྒྱ་དང་བཅས་པའི་འཕྲོག་མ་ལའང་བདེར་གཤེགས་ཀྱིས་གཏོར་མ་སྦྱིན་པར་གསུངས་ཏེ། གཙུག་ལག་ཁང་ནི་བསྲུང་བར་བྱ་བའི་ཕྱིར་དང༌། བསྟན་པ་ཡང་ནི་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་རོ། །འཕྲོག་མ་ནི་རྒྱལ་པོའི་ཁབ་ཀྱི་གནོད་སྦྱིན་ས་ཏའི་བུ་མོ་དགའ་བྱེད་མའོ། །རྒྱལ་པོའི་ཁབ་ཏུ་ལྷས་བྱིན་ལ་བཅས་པ་འདུས་ཤིང་ཟ་བ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། ན་བ་དང༌། སོགས་པ་ལས་ཀྱི་དུས་དང༌། ལམ་གྱི་དུས་མ་གཏོགས་པར་མཚམས་ནང་གི་དགེ་འདུན་བྱིངས་པོ་ལས་ལོགས་ཤིག་ཏུ་འདུས་ཤིང་ཟ་ན་ལྟུང་བྱེད་དོ། །འདི་ལ་ཡང་གཞི་ནི་ཟས་ཟ་བའི་གནས་སོ་སོར་ངེས་པ་མ་ཡིན་པར་མཚམས་ནང་གཅིག་གི་དགེ་འདུན་ལས་ལོགས་ཤིག་ཏུ་ཟ་བའོ། །བསམ་པ་ནི་ལོག་ཤིག་ཏུ་བཟའ་བར་འདོད་པའོ། །སྦྱོར་བ་ཟོས་པ་དང༌། མཐར་ཐུག་མགུལ་དུ་མིད་པ་དང༌། དགག་བྱ་དགེ་འདུན་བྱེ་བའོ། །གཉིས་པ་བཤད་པ་ལ་བཞི་སྟེ། གཞིའི་མཚན་ཉིད་དང༌། གནང་བའི་དུས་དང༌། འདུ་ཤེས་ཀྱི་མཚན་ཉིད་དང༌། ལྟུང་མེད་དོ། །དང་པོ་ནི། འདུས་ནས་བཟའ་བར་བྱ་བའི་ཟས་ལས། དགེ་འདུན་ལ་གང་ཅུང་ཟད་བྱིན་པའམ། ཡང་ན་དགེ་འདུན་བྱིངས་པོས་ཟ་བའི་ཟས་དེ་ལས་ཅུང་ཟད་བླངས་ཏེ་ཟ་བ་དེ་ལ་འདུས་ཤིང་ཟ་བའི་ལྟུང་བ་མེད་དོ། །གློ་བུར་བའི་བཟའ་བ་དང༌། གཉུག་མ་སྟེ་ནར་མའི་བཟའ་བ་གང་ལ་འདུས་ཤིང་ཟ་བར་བྱེད་ན་དེ་ལ་ཡང་འདུས་ཤིང་ཟ་བའི་ལྟུང་བར་འདོད་དོ། །གཉིས་པ་ནི། དགེ་སློང་ནད་པ་རྣམས་ཁོ་ན་ལ་སྨན་པས་ཞལ་ཚུལ་དྲངས་པ་མི་ཟ་བ་ལ་བརྟེན་ནས་ན་བའི་དུས་སུ་ལྟུང་བ་མེད་པར་གསུངས་སོ། །མཆོད་རྟེན་ལ་སོགས་པའི་ལས་བྱེད་པ་བཀྲེས་པས་ཉལ་བ་རྣམས་ཁོ་ན་ལ་ཞལ་ཚུལ་བྱིན་པ་མི་ཟ་བ་ལ་བརྟེན་ནས་ལས་ཀྱི་དུས་སུ་ལྟུང་བ་མེད་པར་གསུངས་སོ། །རི་བྲག་ཅིག་ཏུ་དོན་མཐུན་དུ་སོང་བ་རྣམས་ཀྱིས་འགའ་ཞིག་གིས་དགེ་སློང་བཞི་ལ་བསོད་སྙོམས་དྲངས། གཞན་རྣམས་ཀྱིས་ལྔ་ལ་དྲངས་པ་མི་ཟ་བ་ལ་བརྟེན་ནས་ལམ་གྱི་དུས་སུ་ལྟུང་བ་མེད་པར་གསུངས་སོ། །འདི་དག་ནི་སྔར། ནད་དང་ཆོས་གོས་ལས་དང་ལམ། །དེ་མ་གཏོགས་པར་སྡོམ་བརྩོན་ནི། །ཞེས་པའི་སྐབས་སུ་རབ་ཏུ་བསྟན་ཟིན་པ་ཉིད་དོ། །དགེ་སློང་རབ་ཏུ་མང་པོ་དང་དོན་མཐུན་དག་ལྷན་ཅིག་གྲུར་ཞུགས་ནས་ལྗོངས་རྒྱུར་དོང་བ་ན། རི་བྲག་ཅིག་ཏུ་ཕྱིན་ཏེ། ཁོ་བོ་ཅག་གིས་འདིར་བསོད་སྙོམས་བསྡུ་བའི་བར་དུ་སྡོད་ཅིག་ཅེས་སྨྲས་པ་དང༌། དོན་མཐུན་རྣམས་ན་རེ། གྲུའི་ཤུལ་འདི་འཇིགས་པ་ཆེ་བས་བདག་ཅག་གིས་བཤོས་གསོལ་ཟིན་གྱི། ཁྱེད་རྣམས་ཀྱིས་ཀྱང་གསོལ་ལ་བྱོན་ཅིག་ཅེས་སྨྲས་པ་ན། འདུས་ཤིང་ཟ་བའི་ཉེས་པ་འབྱུང་ངོ་སྙམ་པས་མི་ཟ་བ་ལ་བརྟེན་ནས་གྲུ་དང་གྲུ་ཆེན་པོ་གཟིངས་སུ་ཞུགས་པ་ལ་སོགས་པ་ནས། དཔག་ཚད་ཕྱེད་ཙམ་གྱི་ལམ་དུ་སོང་ནས་ནི་དེ་ནས་སླར་ལོག་ནས་གལ་ཏེ་ཟ་བར་བྱེད་ན་ཡང་དགེ་སློང་ལ་འདུས་ཤིང་ཟ་བའི་ལྟུང་བ་ཡོད་པ་མ་ཡིན་ནོ། །གཙུག་ཕུད་ཀྱི་དུས་སྟོན་ལ་སོགས་པར་དགེ་སློང་ཧ་ཅང་མང་བས་སྦྱིན་བདག་ལ་ལས་ཉི་ཤུ་ལ་དྲངས། ལ་ལས་སུམ་ཅུ་ལ་དྲངས་པ་མི་ཟ་བ་ལ་བརྟེན་ནས། གལ་ཏེ་སྦྱིན་བདག་སོ་སོ་བ་མང་པོས་དགེ་སློང་རྣམས་ལ་སོ་སོར་འདྲེན་ན་སྦྱིན་བདག་དག་གི་ནུས་པ་ཆེ་ཆུང་དང་སྦྱར་བའི་ངོར་བྱས་ནས་སོ་སོར་སྤྱད་པར་གནང་ངོ༌། །འདི་ནི་སྦྱིན་བདག་གིས་སོ་སོར་བྱིན་པ་སོ་སོར་སྤྱད་པར་གནང་བའི་དུས་ནི་ལྔ་པའོ། །ན་བ་དང༌། ལས་དང༌། ལམ་དང༌། གྲུར་ཞུགས་པ་སོགས་བཞི་གསུངས་པའི་རྗེས་ཐོག་ཏུ་བསྟན་པས་ན་ལྔ་པའོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་ཞང་པོ་ཀུན་ཏུ་འཚོ་བའི་ནང་དུ་རབ་ཏུ་བྱུང་བ་ཞིག་འོད་མའི་ཚལ་ན་ཡོད་པས་དགེ་སློང་ཉི་ཤུའམ་ཉི་ཤུ་རྩ་ལྔ་ལ་གདུགས་ཚོད་གསོལ་ཟེར་བ་མ་ཟོས་པ་ལ་བརྟེན་ནས་མུ་སྟེགས་ཀྱི་དགེ་སྦྱོང་གིས་སྦྱིན་བདག་ལ་ཞུས་ནས། སྦྱིན་བདག་དེ་ཡིས་གལ་ཏེ་དགེ་སློང་གི་ཚན་པ་དམིགས་ཀྱིས་ཕྱེ་བ་ལ་བརྟེན་ན་སྦྱིན་པ་དག་དེ་དག་གི་དད་པ་ཁྱད་པར་དུ་སྤེལ་བའི་ཕྱིར་དུ་བཟའ་བར་བྱ་བར་གནང་བ་ཉིད་དོ། །གསུམ་པ་འདུ་ཤེས་ཀྱི་མཚན་ཉིད་ནི། མཚམས་ནང་ལ་མཚམས་ནང་དེར་འདུ་ཤེས་པའམ། ཐེ་ཚོམ་ཟ་བ་ཙམ་གྱིས་ཀྱང་མཚམས་ནང་དེར་ལོགས་ཤིག་ཏུ་ཟོས་ན་ལྟུང་བྱེད་ཡིན་ནོ། །ཡང་དགེ་སློང་འགའ་ཞིག་ཕྱོགས་གཞན་དུ་སོང་ན། དེར་གནས་པའི་དགེ་སློང་ཀུན་གྱི་ཟས་དུས་ཀྱི་ཚེ་དེ་དག་སླེབ་བམ་མ་སླེབ་ཅེས་མ་དྲིས་པར་ཟོས་ནའང་དགེ་འདུན་དེ་དག་ལ་ལྟུང་བྱེད་ཡིན་ནོ། །བཞི་པ་ལྟུང་མེད་ནི། འོག་ནས་འབྱུང་བ་གསུམ་པོ་འདི་ལ་ནི་འདུས་ཤིང་ཟ་བའི་ཉེས་པ་མེད་དོ། །གསུམ་གང་ཞེ་ན། སྔོན་ཉིད་ནས་དགེ་སློང་རྣམས་གནས་གཅིག་ཏུ་མ་འདུས་པར་སོ་སོར་འདུག་ནས་ཟ་བ་ལ་སོགས་པ་གནས་སོ་སོར་ངེས་པས་ཐོབ་པ་ནི་དང་པོའོ། །གཙུག་ལག་ཁང་གཅིག་ཉིད་དུའང་ཐོག་མ་ནས་ཕྱོགས་ཐ་དད་དུ་ཟ་བ་ནི་གཉིས་པའོ། །སྦྱིན་བདག་རྣམས་ཀྱིས་སོ་སོར་གསོལ་བར་ཞུ་ཞེས་སྦྱིན་བདག་རྣམས་ཀྱི་འདོད་པའི་ངོར་བྱས་ནས་སོ་སོར་ཟ་བ་ནི་གསུམ་པ་སྟེ། འདི་དག་ལ་བཀག་པ་ཡོད་པ་མ་ཡིན་ནོ། །མཉན་ཡོད་དུ་གཞོན་ནུ་བཅུ་བདུན་སྡེ་ལ་བཅས་པ་དུས་མ་ཡིན་པར་ཁ་ཟས་ཟ་བ་ནི། རང་གནས་པའི་གླིང་གི་ཉི་མ་ཕྱེད་ཀྱི་དུས་ནས་ཕར་བཟུང་སྟེ། ཞག་ཕྱི་མའི་སྐྱ་རེངས་དང་པོ་མ་ཤར་གྱི་བར་དུ་དགེ་སློང་གིས་བཟའ་བ་གང་ཡང་རུང་བ་ཟ་བར་བྱེད་ན་ལྟུང་བྱེད་ཀྱི་འཁོར་ལོས་རྣམ་པར་འཇོམས་སོ། །གལ་ཏེ་སྐྱེ་གླིང་དབང་བཙན་ནམ། གནས་གླིང་དབང་བཙན་པར་བྱེད་ཅེ་ན། དང་པོ་ལྟར་ན། འཛམ་བུ་གླིང་དུ་སྐྱེས་པ་ཞིག་གི་རྫུ་འཕྲུལ་གྱིས་བ་ལང་སྤྱོད་དུ་ཕྱིན་པ་ན་ཟས་བཟར་མི་རུང་བར་འགྱུར་ཏེ། སྐྱེ་གླིང་ལས་ཉི་མ་ཡོལ་བའི་ཕྱིར། གཉིས་པ་ལྟར་ན། འཛམ་བུ་གླིང་དུ་གནས་པ་ཞིག་གིས་དྲོ་ཡོལ་ནས་ནུབ་བ་ལང་སྤྱོད་དུ་ཕྱིན་པའི་ཚེ་ཟས་བཟར་མི་རུང་བར་ཐལ། དང་པོའི་གནས་གླིང་ལས་ཉི་མ་ཡོལ་བའི་ཕྱིར་དང༌། ཡང་དེ་ནས་དྲོ་ཡོལ་ནས་རྫུ་འཕྲུལ་གྱིས་བྱང་སྒྲ་མི་སྙན་དུ་ཕྱིན་པའི་ཚེ་ན་ཡང་དྲོ་བཟར་མི་རུང་བར་ཐལ། དང་པོའི་གནས་གླིང་ལས་ཉི་མ་ཡོལ་བའི་ཕྱིར་ཞེ་ན། དྲོ་གཅིག་ཟ་བའི་དབང་དུ་བྱས་པའི་དང་པོའི་གནས་གླིང་གཙོ་ཆེའོ། །ནམ་ཕྱེད་ཉི་མ་ནུབ་པ་དང༌། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་འབྱུང་བས་འཛམ་བུ་གླིང་དུ་ཉི་མ་ནུབ་ནས་ཅུང་ཟད་སོང་བ་དང༌། ནུབ་ཏུ་ཉི་མ་ཡོལ་བ་གཉིས་དུས་གཅིག་པས་ན་འཛམ་བུ་གླིང་ན་ཉི་མ་ཡོལ་བ་ན། རྫུ་འཕྲུལ་གྱིས་ནུབ་ཏུ་ཕྱིན་ཀྱང་དུས་མ་ཡོལ་བར་མི་འགྱུར་རོ། །འདི་ལ་གཞི་ནི་དུས་རུང་གི་ཟས་སོ། །བསམ་པ་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །དགག་བྱ་རྒྱགས་པའོ། །ནག་པོ་ཆེན་པོ་ལ་བཅས་པ་གསོག་འཇོག་བྱས་ཏེ་ཟ་བ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། བཟའ་བ་དང་བཅའ་བ་དང་བཏུང་བ་ལ་སོགས་གསོག་འཇོག་བྱས་པ་དགེ་སློང་གིས་ཟོས་ན་ལྟུང་བྱེད་དོ། །གཞི་ནི་སྨན་རྣམ་པ་བཞི་ལས་གང་ཡང་རུང་བ་ཞིག་རང་དང་རང་འདྲ་བས་གསོག་འཇོག་བྱས་པའོ། །བསམ་པ་འདུ་ཤེས་མ་འཁྲུལ་པ་ཟ་བར་འདོད་པའོ། །སྦྱོར་བཾ་ཟཾ་བརཾ་རྩོམཾ་པཾ། མཐར་ཐུག་ཟོས་པ་ནའོ། །དགག་བྱ་དམ་པ་དག་གིས་སྨད་པ་དང༌། མ་དད་པ་སོགས་སོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། གསོག་འཇོག་གི་དབྱེ་བ། ཕྱེ་བ་སོ་སོའི་དོན། བསླབ་བྱ་དང་དམིགས་བསལ་ལོ། །དང་པོ་ནི། སྔ་དྲོ་དང་ཕྱི་དྲོ་གཉིས་སུ་ལོངས་སྤྱོད་པའི་དབྱེ་བས་གསོག་འཇོག་དེ་ནི་རྣམ་པ་གཉིས་སུ་གསུངས་སོ། །གཉིས་པ་ཕྱེ་བ་སོ་སོའི་དོན་ནི། དུས་སྔ་དྲོར་སྤྱོད་པར་བྱ་བ་གུང་ཚིགས་ཀྱི་སྔ་རོལ་དུ་བྱིན་ལེན་བྱས་པ་ནི་གུང་ཚིགས་འདས་པ་ན་གསོག་འཇོག་ཏུ་འགྱུར་བས་ཕྱི་དྲོ་སྤྱོད་པ་བཀག་པ་ཡིན། ཕྱི་དྲོ་བྱིན་ལེན་བྱས་པ་ནི་ཐུན་ཚོད་ལས་འདས་པ་ན་གསོག་འཇོག་ཏུ་འགྱུར་པས་ཐུན་ཚོན་ལས་འདས་པ་སྤྱད་པར་རུང་བ་མ་ཡིན་ནོ། །ཐུན་ཚོད་ལས་འདས་པ་ནི། འགྲེལ་ཆུང་ལས། ཉི་མ་ནུབ་སྟེ་དམར་ཐག་ཆད་པའོ་ཞེས་སོ། །གསུམ་པ་བསླབ་བྱ་ནི། ཆོས་གོས་དང༌། ལྡེའུ་མིག་ཀྱོག་པོ་དང༌། ལྷུང་བཟེད་དང་ལྷུང་བཟེད་དམན་པ་ཚད་དུ་མ་ལོངས་པ་ལའང་ལག་པ་ཟས་ཀྱིས་འབགས་པས་མི་རེག་སྟེ། མི་རེག་པའི་ཚུལ་དེ་ལའང་རྐྱེན་གྱི་དབང་གིས་ནི་མ་གཏོགས་སོ། །བྱིཾན་ལེནཾ་མཾ་བྱསཾ་པཾར་བཟཾའ་བཾ་ལཾ་བསྟན། བཤད་གཉིས་ལས། དང་པོ་ནི། སྡོམ་བརྩོན་གང་ཞིག་བཟའ་བ་དང་བཅའ་བ་སོགས་བྱིན་ལེན་མ་བྱས་པར་ཟ་བར་བྱེད་ན་དགེ་སློང་དེ་ཡི་བསླབ་པ་ཟད་བྱེད་དོ། །བྱིན་ལེན་མ་བྱས་པ་བཀག་པས་དགོན་པ་བ་ཞིག་ལ་ཆུ་དང་སོ་ཤིང་སྟོབ་པ་མེད་པས་དགོན་པའི་གནས་མལ་བོར་བ་ལ་བརྟེན་ནས་ཆུ་དང་སོ་ཤིང་ནི་བྱིན་ལེན་དགོས་པའི་ཁོངས་སུ་མ་གཏོགས་སོ། །གཞི་ནི་དུས་སུ་རུང་བ་སོགས་སྨན་བཞི་པོ་བྱིན་ལེན་མ་བྱས་པའོ། །བསམ་པ་བྱིན་ལེན་མ་བྱས་པར་འདུ་ཤེས་པས་བཟའ་བར་འདོད་པའོ། །སྦྱོར་བ་ཟ་བར་རྩོམ་པ་ནའོ། །མཐར་ཐུག་ཟོས་པ་ནའོ། །དགག་བྱ་མ་བྱིན་ལེན་གྱི་རྒྱུར་འགྱུར་བ་སོགས་སོ། །གཉིས་པ་བཤད་པ་ལ་ལྔ་སྟེ། གང་སྤྱད་པ་བྱ་བ་དང༌། དུས་དྲན་བྱ་བ་དང༌། བསླབ་བྱ་དང༌། བྱིན་ལེན་འཇིག་པ་དང༌། འཐོབ་པའི་རྒྱུའོ། །དང་པོ་ནི། སྟོན་པ་བསྙུང་དྭངས་མ་ཐག་ཁྱིམ་བདག་གིས་འབྲས་ཆན་མ་ཚོས་པ་བསྐུར་བ་ཀུན་དགའ་བོས་བཙོས་ཏེ་དྲངས་པས་དགྱེས་པ་ལ་བརྟེན་ནས། གང་ཞིག་དོན་ལ་མ་ཚོས་པ་ལ་ཚོས་པ་དང་འདྲ་བ་བསོད་སྙོམས་པ་ཡིས་རྙེད་པ་ན་སྲ་བ་རྗེན་པ་ཉིད་ནི་སུམ་ཆ་བངས་པ་ན་ཚོས་པ་ཡིན་པས་བྱིན་ལེན་བྱ་བར་རུང་ངོ༌། །སུམ་ཆ་མ་བངས་པའི་སྔོན་རོལ་དུ་ནི་རྗེན་པ་དང་མ་བྲལ་བས་མ་ཚོས་པའོ། །ཉ་ཤ་དང་ཤ་དང་འབྲས་བུ་སོགས་ཁ་དོག་སྔར་ལས་གཞན་དུ་ཡོངས་སུ་གྱུར་པ་ན་རྗེན་པ་དང་བྲལ་བའོ། །བའི་འོ་མ་སོགས་ནི་ལན་གསུམ་འཁོལ་བ་དང་རྗེན་པ་དང་བྲལ་བའོ། །རྗེན་པ་དང་བྲལ་བ་ན་བྱིན་ལེན་བྱ་བར་རུང་བ་ཉིད་དོ། །དགེ་སློང་གིས་རེག་ནས་ལག་ཉར་གྱུར་པ་ནི་བྱིན་ལེན་མི་བྱ་སྟེ། བཟར་མི་རུང་བས་སོ། །ཉམ་ང་བ་མུ་གེ་ལ་སོགས་པའི་དུས་ན་ལག་ཉར་གྱུར་པ་ཟོས་ཀྱང་དགག་པ་མེད་དོ། །གོང་དུ་སོ་ཤིང་ཞེས་གསུངས་ན། རྒྱུ་གང་ལ་བྱ་ཞེ་ན། སོ་ཤིང་དག་བྱེད་ན་འདབ་མ་ཅན་ལ་འོ་མ་ཅན་ནི་ཡོངས་སུ་སྤངས་ནས་དེ་མ་ཡིན་པའི་ཤིང་ལ་བྱའོ། །གཉིས་པ་དུས་དྲན་བྱ་བ་ནི། དགེ་སློང་རྣམས་ལ་སྦྱིན་བདག་གིས་གལ་ཏེ་བཟའ་བ་ལག་ཏུ་མ་གཏད་པར་དཀྱིལ་འཁོར་གྱི་སྟེང་དུ་བཞག་ན་ནི་བྱང་སྒྲ་མི་སྙན་གྱི་གླིང་དུ་དངོས་པོ་ལ་བདག་ཏུ་བཟུང་བ་མེད་པས་གཅིག་གིས་གཅིག་ལ་སྟེར་མི་དགོས་པའི་ཕྱིར་དེར་འདུ་ཤེས་པའི་དབང་དུ་བྱས་ནས་དུས་ཡོལ་བར་གྱུར་ནས་ཀྱང་ནི་བཟའ་བར་བྱ། སྔ་འགྱུར་ལས། སྒྲ་མི་སྙན་པའི་དབང་བྱས་ནས། །ཞེས་གསུངས་པ་ལྟར་རོ། །མདོ་རྩ་བ་ལས། ཤིན་ཏུ་བཀྲེས་པ་ཡིན་ན་ཞེས་སོ། །དཀྱིལ་འཁོར་གྱི་སྟེང་དུ་བཞག་པས་བྱིན་ལེན་མ་བྱས་ཀྱང་རུང་ཞེས་གསུང༌། རྣམ་འབྱེད་དང་ཞུ་བ་མང་ཤོས་ལས་དེ་ལ་ནི་གཞག་པའི་བྱིན་ལེན་ཞེས་ཐ་སྙད་བྱས་སོ། །རྣམ་འབྱེད་དང་ཞུ་བ་ལས་བྱིན་ལེན་ལྔ་གསུངས་ཏེ། ལག་པ་ཡིས་ནི་ལག་པ་དང༌། །ཞེས་སོགས་རྩ་ཚིག་གིས་ཟིན་པ་བཞི་དང༌། ཐུ་བ་དང་ལྷུང་བཟེད་སོགས་སུ་གཞག་པ་དང་ལྔའོ། །གསུམ་པ་བསླབ་བྱ་ནི། མགུལ་དུ་མིད་པའི་ཟས་ལ་སོགས་པ་མ་ཡིན་ན་ཁ་བཀྲུ་བའི་ཆུ་ལ་སོགས་པ་འདི་ལ་བྱིན་ལེན་མི་བྱ་ཞིང༌། ཇི་སྲིད་འཚོ་བའི་བར་དུ་བསྒྲུབས་པའི་སྨན་ལ་ནི་བྱིན་རླབས་མ་བྱས་པར་མི་བཅང་ངོ༌། །ཡང་ཟས་ལ་སྦྲང་མ་ལ་སོགས་པས་རེག་པ་ན་བྱིན་ལེན་ཞིག་གོ་སྙམ་ནས་ཟས་བོར་བ་ལ་བརྟེན་ནས་ཚང་ནི་གསོག་པར་མི་ནུས་པའི་སྦྲང་མ་དག་གིས་རེག་པའམ། སེམས་ཅན་ཏི་ཏི་ཀ་ལ་སོགས་པ་དག་གིས་རེག་པ་ནི་རེག་པའི་ཆ་དོར་ནས་ལྷག་མ་སྤྱད་པར་བྱའོ། །ནམ་གྲུ་སོ་ཉི་ཅན་གྱིས་བཤང་བའི་སར་ཡང་སྦྲང་མ་མཐོང་ལ། ཁ་ཟས་ཀྱི་སྟེང་དུ་ཡང་སྦྲང་མ་མཐོང་བས་བཤང་བའི་སྦྲང་མ་དེ་ཉིད་འདི་ཡིན་ནོ་སྙམ་ནས་ཟས་མ་ཟོས་ཤིང༌། དེ་ལ་བརྟེན་ནས་དགེ་སློང་གཞན་རྣམས་ཀྱིས་ཀྱང་མ་ཟོས་པ་ལ་བརྟེན་ནས་ཀྱང་གསུངས་སོ། །བཞི་པ་བྱིན་ལེན་འཇིག་པའི་རྒྱུ་ནི། བྱི་བ་སོགས་ཚང་གསོག་པར་ནུས་པ་ཉིད་ཀྱིས་རེག་ན་བྱིན་ལེན་ངེས་པར་འཇིག་པས་བྱིན་ལེན་གསར་དུ་བྱ་དགོས་སོ། །བྱིན་ལེན་བྱེད་པའི་ཚུལ་ནི་མུ་བཞི་སྟེ་འདྲེན་པ་པོའི་ལག་པས་དགེ་སློང་གི་ལག་པར་སྟེར་བ་དང༌། འདྲེན་པ་པོའི་ལག་པ་དེ་དང་འབྲེལ་བའི་སྣོད་དེས་དགེ་སློང་གི་ལག་པ་ལ་བྱིན་པ་དང༌། ལག་པས་དེ་དང་འབྲེལ་བའི་སྣོད་དག་ཏུ་ཡང་བྱིན་ལེན་བྱ་བ་དང༌། ཡང་འདྲེན་པ་པོའི་སྣོད་གང་ཡང་རུང་བ་ཡིས་དགེ་སློང་གི་ལག་པ་དེ་དང་འབྲེལ་བའི་སྣོད་དག་ཏུ་ཡང་བྱིན་ལེན་བྱའོ། །ཐག་ཤིན་ཏུ་ཉེ་བས་སྟེར་དུ་མི་བདེ་ན་བར་རྒྱང་རིང་ན་ཡང་བྱིན་ལེན་བྱ་བར་རུང་བ་ཉིད་དོ། །གླང་པོ་སོགས་ཀྱིས་དགེ་སློང་ལ་ཤིང་ཐོག་ཕུལ་བ་མི་ལེན་པ་ལ་བརྟེན་ནས། དགེ་སློང་འདི་ལ་གླང་པོ་ཅང་ཤེས་དང་སྤྲེའུ་ཡིས་ཀྱང་བྱིན་ལེན་བྱར་རུང་ངོ༌། སྤྱིར་སྟོབ་པར་བྱ་བའི་ཡུལ་དམའ་བར་གནས་པ་ཡིན་ཡང་སྤྲེའུ་ཡིས་ཤིང་རྩེ་ནས་ཤིང་ཐོག་བསྐྱུར་བ་ཡང་བྱིན་ལེན་ཐོབ་པའི་ཁོངས་སུ་གཏོགས་སོ། །ལྔ་ཚན་གྱི་ལུང་ལས། བྱིན་ལེན་འཇིག་པའི་རྒྱུ་ནི། ཕྲོགས་དང་འདྲིལ་དང་རེག་པ་དང༌། །བསྔོས་དང་དགེ་སློང་མིན་གྱུར་དང༌། །དངོས་པོར་གྱུར་དང་སྐྱེ་བར་གྱུར། །དོར་བས་ཀྱང་ནི་བྱིན་ལེན་འཇིག །ཅེས་སོ། །ཞུ་བ་མང་ཤོས་ལས། ཕྲོགས་པ་དང༌། ཤོར་བ་དང༌། བོར་བ་དང༌། སླར་བབས་པ་དང༌། དུས་བྱས་པ་སྟེ་ལྔས་བྱིན་ལེན་འཇིག་ཅེས་སོ། །སེར་སྐྱར་དྲུག་སྡེ་ལ་བཅས་པ་བསོད་པ་སློང་བ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། མར་དང་འོ་མ་དང་ཞོ་དང་ཤ་དང་ཉ་ཤ་ལ་སོགས་པ་བསོད་པ་དག་དགེ་སློང་བདག་ཉིད་ཀྱིས་ལོངས་སྤྱོད་པའི་དོན་དུ་དགེ་སློང་ལུས་ན་བ་སོགས་མིན་པ་བདེ་བར་གནས་པས་བླང་བར་བྱ་བ་མིན་པ་སྟེ། སྟོན་མོའི་དུས་དག་ཏུ་ནི་དགེ་སློང་ནད་པས་སློང་བར་བྱེད་པ་ལ་ལྟུང་བ་མེད་དོ། །འདི་ལ་གཞི་ནི་ཉེ་དུ་མ་ཡིན་པའི་ཁྱིམ་བདག་གོ །བསམ་པ་བཟས་བསོད་པ་སློང་བར་འདོད་པའོ། །སྦྱོར་བ་སློང་བར་རྩོམ་པའོ། །མཐར་ཐུག་བླངས་ནས་ཟོས་པ་ནའོ། །དགག་བྱ་འདོད་པ་ཆེ་བ་དང་གཞན་མ་དད་པ་སོགས་སོ། །གཉིས་པ་བཤད་པ་ལ་གཉིས་ཏེ། དངོས་གཞི་དང༌། ལྟུང་མེད་དོ། །དང་པོ་ནི། དགེ་སློང་མིན་པ་ཡིས་ཁྱིམ་བདག་ལ་ཟས་བསོད་པ་སློང་བ་ན་ཉེས་བྱས་ཡིན་ལ། ཟོས་ན་ལྟུང་བྱེད་ཡིན་ནོ། །གཉིས་པ་ལྟུང་མེད་ནི། སྤྱོད་ཡུལ་དུ་དགེ་་སློང་བསོད་སྙོམས་དག་ལ་རྒྱུ་བ་ན་འདི་དང་འདི་བྱིན་ནོ་ཞེས་མི་སྨྲ་བར་ཁ་རོག་འདུག་སྟེ་གནས་པ་ལ་སྦྱིན་བདག་གིས་ཅི་སྦྱིན་ཞེས་འདྲི་བ་ལ་ནི་བཟང་ངན་ཇི་ལྟར་འདོད་པ་བླང་བར་བྱའོ། །བཅུ་ཚན་ལྔ་པ་ལ། སྡོམ་ནི། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམས་དཀྲུགས་འགྲོ་བ་དང༌། །བརྡེག་དང་གཟས་དང་གནས་ངན་ལེན། །ཞེས་སོ། །དང་པོ་ནི། ཀོའུ་ཤཱམྦིར་འདུན་པ་ལ་བཅས་པ་ལ་གསུམ་སྟེ། འདི་ལ་ལྟུང་བ་དང༌། ལྟུང་མེད་དང༌། སྤྱོད་ཡུལ་མཚོན་ཏེ་བསྟན་པའོ། །དང་པོ་ནི། སྲོག་ཆགས་དང་བཅས་པའི་ཆུ་རྣམས་ལ་ལུས་ཀྱི་ཕྱི་རོལ་དུ་སྤྱོད་པ་ཁྲུས་ལ་སོགས་དང༌། ནང་དུ་སྤྱོད་པ་འཐུང་བར་བརྗོད་པ་ཡིས་ནམ་དུ་ཡང་ཡོངས་སུ་སྤྱོད་པ་ནི་བཀག་པ་ཡིན་པས་ན་སྤྱོད་ན་འདིར་ནི་ལྟུང་བྱེད་ཀྱི་ལྟུང་བ་ཡིན་ནོ། །གཉིས་པ་ལྟུང་མེད་ནི། གཞན་རས་ལ་སོགས་པས་ལེགས་པར་ཡོངས་སུ་བཙགས་ཏེ་སྤྱད་པའོ། །གསུམ་པ་སྤྱོད་ཡུལ་མཚོན་ཏེ་བསྟན་པ་ནི། ཕྱི་རོལ་གྱི་དགོས་པར་སྤྱད་པའི་བྱེ་བྲག་རྩ་དང་ཁང་པ་སོགས་དག་ལ་འདེབས་པ་རྣམས་ལ་ལྟུང་བ་འབྱུང་ཚུལ་གང་དག་ནི་སྔར་འདེབས་པའི་སྐབས་སུ་བཤད་ཟིན་པས་འདིར་ནི་སླར་ཡང་མ་བྲིས་སོ། །འཆར་ཀ་ལ་བཅས་པ་འདུག་འགྲེང་ལ་གཉིས་ཏེ། སོ་སོའི་དབྱེ་བ་དང༌། ཐུན་མོང་གི་མཚན་ཉིད་དོ། །དང་པོ་ལ་འདུག་པ་ནི། སྐྱེས་པས་བུད་མེད་གང་ཞིག་ལོངས་སྤྱོད་པར་བྱེད་པའི་ཁྱིམ་གང་ཞིག་རྩིག་པ་དང་ཡོལ་བ་སོགས་ཀྱི་སྐྱབས་དང་བཅས་པར་ནི་དགེ་སློང་གིས་རྐྱེན་དབང་མ་གཏོགས་པར་འདུག་པ་བཀག་པ་ཡིན་ནོ། །གཞི་ནི་འཁྲིག་པ་སྤྱོད་པ་ལ་ཞུགས་པའི་སར་ཉེ་བར་གནས་པ། བསམ་པ་ཕྱིས་གནོན་བྱ་བར་འདོད་པ། སྦྱོར་བ་ཉེ་བར་གནས་པར་རྩོམ་པ། མཐར་ཐུག་མངོན་སུམ་དུ་འདུག་པ། དགག་བྱ་ཕ་རོལ་པོའི་འདོད་པ་སོགས་ལ་གནོད་པའོ། །འགྲེང་པ་ལ་ཡང་གཞན་སྔ་མ་དང་འདྲ་ལ། བསམ་པ་ཉནཾ་རྣཾ་བྱེད་པར་འདོད་པ། སྦྱོར་བ་འགྲེང་བར་རྩོམ་པ། མཐར་ཐུག་ཕ་རོལ་པོས་ཚོར་བ། དགག་བྱ་གཞན་གྱི་འདོད་པ་ལ་གནོད་པའོ། །སྐྱེས་པས་བུད་མེད་ལོངས་སྤྱོད་པའི་ས་དང་ཉེ་བར་གནས་པ་ཡང་རྐྱེན་དབང་མ་གཏོགས་པར་བཀག་པ་ཡིན་ནོ། །དགེ་སློང་ཚུལ་དེ་ལྟ་བུ་དང་ཉེ་བའི་སར་འདུག་པ་དང་འགྲེང་བ་ནི་སྲོག་གི་བར་ཆད་དུ་འགྱུར་བ་སོགས་ཀྱི་རྐྱེན་དབང་ལས་གཞན་དུ་ལྟུང་བ་ཡིན་ནོ། །གཉིས་པ་ཐུན་མོང་གི་མཚན་ཉིད་ནི། ལོངས་སྤྱོད་དང་བཅས་པ་གང་ཞེ་ན། གནས་གང་དུ་སྐྱེས་པ་བུད་མེད་དང་བཅས་པ་སེམས་ཕན་ཚུན་ཆགས་པ་དང་ལྡན་པས་འདོད་པར་སྤྱོད་པ་གྱུར་པ་དེ་ནི་ལོངས་སྤྱོད་ཅེས་བྱ་བར་བསྟན་ཏེ། བུད་མེད་སྐྱེས་པས་ལོངས་སྤྱོད་པས་སོ། །དེའི་གནས་ལ་ནི་ལོངས་སྤྱོད་དང་བཅས་པའི་གནས་ཞེས་བྱའོ། །ཀུན་དགའ་བོ་ལ་བཅས་པ་གཅེར་བུ་པ་ལ་ཟས་ལ་སོགས་པ་སྟེར་བ་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ནི། མུ་སྟེགས་རྣམས་ལ་གཞན་སྟེར་དུ་བཅུག་པ་མ་ཡིན་པར་རང་ཉིད་ཀྱིས་ལག་གིས་བཟའ་བ་དང་བཅའ་བ་སོགས་མི་སྦྱིན་ཏེ། གལ་ཏེ་བྱིན་ན་ལྟུང་བྱེད་དོ། །གཉིས་པ་ལྟུང་མེད་ནི། མུ་སྟེགས་ཀྱི་ལྟ་བ་ལས་ལྡོག་པའི་དོན་དུ་སྟེར་བ་ཡིན་ན་ནི་ལག་པས་དུམ་བུར་བསིལ་བར་བྱས་ཏེ་སྦྱིན་པར་རྗེས་སུ་གནང་ངོ༌། །སྟེར་བའི་དུས་སུ་ཡང་དེའི་སྣོད་ནི་ས་ལ་མ་བཞག་པར་ཁོ་རང་གིས་བཟུང་བ་ལ་སྦྱིན་ན་ཉེས་བྱས་སོ། །བསམ་པ་ཡང་སྙིང་རྗེའི་བསམ་པ་དང་ལྡན་པས་སྦྱིན་པར་བྱ་ཡི། ནམ་ཡང་གུས་པའི་ཕྱིར་དུ་ནི་མ་ཡིན་ནོ། །དགོས་པ་མུ་སྟེགས་པ་དེ་ནི་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཡིན་ནོ། །མའི་རྣམ་འབྱེད་དུ། གལ་ཏེ་སློང་ན་དེ་ལ་འདི་སྐད་ཅེས་སློང་ཕོར་ས་ལ་ཞོག་ཅིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བཞག་ན་སྦྱིན་པར་བྱའོ། །འོན་ཏེ་མ་བཞག་ན་སྦྱིན་པར་མི་བྱའོ་ཞེས་སོ། །དྲུག་སྡེ་ལ་བཅས་པ་གསུམ་ལས། དང་པོ་དམག་ལ་བལྟ་བ་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ནི། འགྲན་ཟླ་དང་འཐབ་ཏུ་ཆས་པའི་དམག་སོགས་ལ་དགེ་སློང་གིས་བལྟ་བའི་ཕྱིར་དུ་ནམ་ཡང་མི་འགྲོ་སྟེ། གལ་ཏེ་ཕྱིན་ན་ལྟུང་བའོ། །འདི་ལ་གཞི་ནི་ཡན་ལག་བཞི་པའི་དམག་ཚོགས་སོ། །བསམ་པ་བལྟ་བར་འདོད་པའོ། །སྦྱོར་བ་འགྲོ་བར་རྩོམ་པའོ། །མཐར་ཐུག་མཐོང་བ་ནའོ། །དགག་བྱ་ཆགས་སྡང་འཕེལ་བའོ། །གཉིས་པ་ལྟུང་མེད་ནི། འཇིགས་པས་དམག་གི་ནང་དུ་འབྲོས་དགོས་པའམ། རྒྱལ་པོས་བོས་པ་སོགས་དེ་ལྟ་བུའི་རྐྱེན་དབང་དག་གིས་སོང་བར་གྱུར་པ་ལ་ནི་བཀག་པ་མེད་དོ། །གཉིས་པ་དམག་གི་ནང་ན་གནས་པ་ནི། གལ་ཏེ་ཆོས་དང་དགེ་འདུན་གྱི་བྱ་བ་ལ་དགོས་པས་དམག་གི་ནང་དུ་སོང་ཡང་དེ་ན་ནུབ་གཉིས་ལས་ཕར་ནུབ་གསུམ་སོགས་མི་གནས་སོ། །དགོས་པ་གྲུབ་ཟིན་ནས་ཀྱང་གནས་ན་ལྟུང་བའོ། །གསུམ་པ་དམག་བཤམ་པ་དཀྲུག་པར་བྱེད་པ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། གལ་ཏེ་ཡུན་རིང་དུས་སུ་ནང་དུ་གནས་དགོས་པ་བྱུང་ནའང་བསླབ་བྱའི་ཆོ་ག་ནི། དགེ་སློང་གང་ཞིག འཇིགས་པས་སམ་རྒྱལ་པོའམ་བློན་པོའམ་མཛའ་བཤེས་ཀྱི་ཚིག་གིས་ཀྱང་རུང་སྟེ། ཡུན་རིང་གི་དུས་སུ་དམག་གི་ནང་དུ་གནས་པ་ནའང་རྟ་དང་གླང་པོ་དང་ཤིང་རྟ་སོགས་ལ་ཆེད་དུ་མི་བལྟའོ། །སྔ་འགྱུར་ལས། ཡུན་རིང་དུས་སུ་ནང་དུ་ནི། །གནས་པའང་གང་ཞིག་འཇིགས་པས་སམ། །ཞེས་གསུངས་པ་ལྟར་ལེགས་སོ། །དམག་ཚོགས་རྣམས་ཀྱི་བཀོད་པ་འབྲུའི་ཁ་ལྟ་བུ་དང༌། ཤིང་རྟའི་ཁ་ལྟ་བུ་དང༌། ཟླ་གམ་གྱི་རྣམ་པ་ལྟ་བུ་དང༌། ནམ་མཁའ་ལྡིང་གི་རྒྱལ་མཚན་ལྟ་བུ་དང༌། དཔུང་དང་རྒྱལ་མཚན་མཆོག་གི་བཀོད་པ་ཡང་རྒྱལ་པོ་དང་བློན་པོས་བཤམས་པ་དཀྲུག་པར་མི་བྱའོ། །གཞི་ལ་སོགས་པ་སྔ་མ་བཞིན་སྦྱར་རོ། །གཉིས་པ་བཤད་པ་ནི། བཀོད་པ་དང་དཔུང་ཞེས་སོགས་གསུངས་པ་དེ་ལ། དཔུང་གི་མཆོག་ནི་གནས་གང་དུ་གླང་པོ་ཆེ་དང༌། རྟ་བ་དང༌། ཤིང་རྟ་དང༌། དཔུང་བུ་ཆུང་གི་ཚོགས་འདུས་པའོ། །དེའི་བཀོད་པ་ནི་སྤྲས་པ་ལ་བྱའོ། །གང་དུ་གནས་པའི་རྒྱལ་མཚན་མཆོག །ཅེས་པ་དེ་ནི་རྒྱལ་མཚན་མཆོག་གི་རྣམ་པར་བཀོད་པ་ཞེས་བྱ་བ་སྟེ། ཁྱུ་མཆོག་དང༌། ཆུ་སྲིན་དང༌། སེང་གེ་དང༌། ཀླུའི་རྒྱལ་མཚན་ནོ། །རྒྱལ་མཚན་དེ་དག་གི་རྒྱན་གྱིས་སྤྲས་པའོ། །འཆར་ཀ་ལ་བཅས་པ་བརྡེག་པ་དང༌། གཟས་པ་ལ་གསུམ་སྟེ། དངོས་ཀྱི་དོན་དང༌། སེལ་བ་དང༌། ལྟུང་མེད་དོ། །དང་པོ་ནི། སྡོམ་བརྩོན་གྱིས་ཁྲོས་པའི་སེམས་ཀྱིས་དགེ་སློང་གཞན་ལ་བརྡེག་པར་བྱེད་པར་མི་རུང་ལ། འདྲེན་པ་སྟོན་པས་དགེ་སློང་རྣམས་ལ་བླ་མར་བྱ་དགོས་པའི་དབང་དུ་བྱས་ནས་བརྡེག་པ་བཀག་པ་དེ་བཞིན་དུ་བརྡེག་པར་གཟས་པའང་བཀག་གོ །བརྡེག་པའི་སྐབས་འདིར་ནི་སོར་མོ་ཐམས་ཅད་ཀྱིས་མ་ཟད་སོར་མོ་གཅིག་གིས་ཀྱང་དགེ་སློང་ལ་བརྡེག་པར་བྱེད་ན་ཟད་བྱེད་ཀྱི་ལྟུང་བར་འདོད་དོ། །དེ་བཞིན་དུ་མགོ་བོ་དང་ཁུ་ཚུར་དང་རྐང་པ་དང་ལག་པ་དང་རྡོ་བ་དང་དབྱུག་པ་དང་བོང་བ་ལ་སོགས་པས་བརྡེག་ནའང་ལྟུང་བྱེད་དོ། །ཕྱགས་མ་ལ་སོགས་ཀྱིས་བརྡེག་ནའང་དེའི་ཉག་མའི་གྲངས་ཇི་སྙེད་པ་དེ་སྙེད་ལུས་ལ་རེག་པའི་གྲངས་ཀྱི་ལྟུང་བྱེད་འབྱུང་བར་གསུངས། སུ་ཞིག་ལ་ཞེ་ན། སྡོམ་བརྩོན་གྱི་དགེ་སློང་དག་ལའོ། །དེ་བཞིན་དུ་སྲན་ལྗང་དྲུང་པོ་སོགས་ཀྱིས་བརྡེག་ནའང་ལྟུང་བྱེད་ཁོ་ནར་བརྗོད་དོ། །འདི་ལའང་གཞི་ནི་དགེ་སློང་ངོ༌། །བསམ་པ་ཞེ་སྡང་གིས་བརྡེག་པར་འདོད་པའོ། །སྦྱོར་བ་བརྡེག་པ་ལ་ཞུགས་པའོ། །མཐར་ཐུག་རེག་ནའོ། །དགག་བྱ་གཞན་གྱི་ལུས་ལ་གནོད་པའོ། །གཟས་པ་ལ་ཡང་གཞི་དང་བསམ་པ་སྔར་དང་འདྲ་ལ། སྦྱོར་བ་བརྡེག་པར་གཟས་པ་དང༌། མཐར་ཐུག་ཕ་རོལ་གྱིས་ཚོར་ནའོ། །དགག་བྱ་གཞན་ནི་དགའ་བའོ། །གཉིས་པ་སེལ་བ་ནི། བརྡེག་པའི་སྐབས་འདིར་བརྡེག་བྱ་ཕྱགས་མ་སོགས་དེ་ནི་ལུས་ལ་མ་ཕོག་པར་འཕངས་པ་ན་ཡང་ཉེས་བྱས་ཉིད་དོ། །གསུམ་པ་ལྟུང་མེད་ནི། ཕན་སེམས་ཀྱི་བློས་མ་རུངས་པའི་སློབ་མ་སོགས་གདུལ་བའི་ཕྱིར་དུ་བརྡེག་པ་དང་གཟས་པ་ལ་ནི་ལྟུང་བ་མེད་དོ། །གཞན་ཡང་སྔགས་ཀྱི་ནུས་པ་གྲུབ་པའི་མཐུ་ལྡན་གྱི་དགེ་སློང་དག་གིས་འདྲེ་ནད་ཅན་ལ་བརྡེག་པ་དང༌། གཟས་པའང་ལྟུང་བར་མི་འགྱུར་རོ། །ཉེ་དགའ་ལ་བཅས་པ་གནས་ངན་ལེན་འཆབ་པ་ལ་གསུམ་སྟེ། སྤྱིར་བཏང་དང༌། དམིགས་བསལ་དང༌། གནས་ངན་ལེན་ངོས་གཟུང་བའོ། །དང་པོ་ནི། དགེ་སློང་ཟླ་བོ་རྣམས་ཀྱི་གནས་ངན་ལེན་རང་གིས་མཐོང་ངམ་ཤེས་ནས་ལྟུང་བ་འཆོས་པ་ལ་མི་བསྐུལ་བར་འཆབ་པ་ཡང་བཀག་སྟེ། འདི་ལ་ཡང་གཞི་ནི་དགེ་སློང་ཟླ་བོའི་ལྟུང་བའོ། །བསམ་པ་འཆབ་པར་འདོད་པའོ། །སྦྱོར་བ་འཆབ་པ་ལ་ཞུགས་པའོ། །མཐར་ཐུག་ཉིན་མཚན་འདས་པ་ནའོ། །དགག་བྱ་ཚུལ་ཁྲིམས་མ་དག་པར་འགྱུར་བའོ། །གཉིས་པ་དམིགས་བསལ་ནི། རྩོད་པ་སོགས་ཀྱི་འཇིགས་པས་བཅབ་པ་ནི་མ་གཏོགས་སོ། །རྩོད་པ་སོགས་ཀྱི་འཇིགས་པ་འབྱུང་བར་གྱུར་ན་གནས་ངན་ལེན་ནི་བཅབ་པར་བྱ་བ་ཉིད་དོ། །གསུམ་པ་གནས་ངན་ལེན་ངོས་གཟུང་བ་ནི། འཆབ་པའི་ལྟུང་བ་བསྐྱེད་པའི་གནས་ངན་ལེན་གང་ཞེ་ན། ཕས་ཕམ་པ་ཉིད་གཙོ་བོར་བྱས་ནས་ཇི་སྙེད་ཀྱི་ལྟུང་བར་བརྗོད་པ་དག་བཅབས་ན་བསླབ་པའི་གཞི་འདི་ལ་དེ་སྙེད་ཀྱི་གྲངས་ཀྱི་གནས་ངན་ལེན་བཅབས་པའི་ལྟུང་བ་འབྱུང་ཞེས་མཁས་པས་གསུངས་སོ། །མདོ་མཛད་པས་ནི། ཕམ་ལྷག་བཅབས་པ་ཁོ་ན་ལ་ལྟུང་བྱེད་དུ་མཛད་མོད། འོན་ཀྱང་གཞུང་འདི་ཉིད་ནས་འབྱུང་བ་ཉིད་ལེགས་པར་སེམས་སོ། །འོ་ན་གཞན་གྱི་ཉེས་བྱས་ཀྱི་ལྟུང་བ་བཅབས་པ་ལ་ཡང་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། ཚུལ་ཁྲིམས་མ་དག་པར་འགྱུར་བས་དགག་བྱའི་ཉེས་དམིགས་ཆེ་བས་འགྱུར་རོ། །བཅུ་ཚན་དྲུག་པ་ལ། སྡོམ་ནི། བདེ་དང་མེ་དང་འདུན་པ་དང༌། །བསྙེན་པར་མ་རྫོགས་ཆོས་སྨྲ་དང༌། །དགེ་ཚུལ་ཁ་དོག་མ་བསྒྱུར་དང༌། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་གསུངས་པའི་དང་པོ་ཉེ་དགའ་ལ་བཅས་པ་ཟས་གཅོད་པ་ནི། ཉོན་མོངས་པ་ངན་སེམས་དང་བཅས་པའི་སེམས་ཀྱིས་ཟས་དུས་དེར་ནད་པ་མ་ཡིན་པའི་དགེ་སློང་ལ་དུས་ནམ་ཡང་ཟན་གཅད་པར་མི་བྱའོ། །ཅི་སྟེ་སེམས་དེ་ལྟ་བུས་ཟན་གཅོད་པར་བྱེད་ན་ཟད་བྱེད་ཀྱི་ལྟུང་བའོ། །འདི་ལའང་གཞི་ནི་ཁྱིམ་པས་དགེ་སློང་ལ་སྦྱོར་བ་ཟན་ནོ། །བསམ་པ་ངན་སེམས་ཀྱིས་གཅོད་དུ་འཇུག་པར་འདོད་པའོ། །སྦྱོར་བ་གཞན་གཅོད་པ་ལ་བསྐུལ་བའོ། །མཐར་ཐུག་གཞན་གྱིས་ཟས་གཅོད་དགོས་པར་གོ་བའོ། །དགག་བྱ་གཞན་གྱི་འཚོ་བ་ལ་གནོད་པའོ། །རྒྱལ་པོའི་ཁབ་ཏུ་དྲུག་སྡེ་ལ་བཅས་པ་མེ་ལ་རེག་པ་ལ་གསུམ་སྟེ། དངོས་གཞི་དང༌། སེལ་བ་དང༌། ལྟུང་མེད་དོ། །དང་པོ་ནི། དཀོན་མཆོག་གསུམ་ལ་སོགས་པ་ལ་དགོས་པའི་དུས་མ་གཏོགས་པར་རྩྭ་དང་ཤིང་ལ་སོགས་པ་ལ་མེ་དག་གིས་ཉེ་བར་སྤོར་བར་བྱེད་པ་ནི་ལྟུང་བ་འབྱུང་བས་སྨད་པར་གསུངས་སོ། །གཉིས་པ་སེལ་བ་ནི། ཡང་དགེ་སློང་གིས་ཁང་པ་ལ་མེ་ཤོར་བ་སོགས་གསོད་པ་དང༌། གྲང་བས་ཉེན་ནས་བསྲོ་བ་དག་ཉམ་ང་བའི་དུས་ན་རེག་ཀྱང་ཉེས་པ་མེད་དོ། །ཡང་སྐྲ་དང་སེན་མོ་དང་སྤུ་དང་ངར་སྣབས་དང་མཆིལ་མ་དང་ལུད་པ་རྣམས་མེ་ལ་འཇུག་པ་དང་མེ་ལྕེ་དང་མེ་མ་མུར་ལ་རེག་པ་ལ་ཉེས་བྱས་སུ་འགྱུར་རོ། །དགོས་པས་གནང་བ་ནི་མ་གཏོགས་སོ། །གསུམ་པ་ལྟུང་མེད་ནི། གནང་བའི་དུས་གང་ཞེ་ན། སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་གྱི་དོན་དང༌། ཕ་མའི་དོན་དང༌། ཚངས་པ་མཚུངས་པར་སྤྱོད་པ་ཉིད་ཀྱི་དོན་དང༌། བླ་མའི་དོན་དང༌། ཆོས་ཀྱི་དོན་དུ་ནི་རེག་ཀྱང་ཉེས་པ་མེད་དེ། གནས་སྐབས་འདི་དག་ནི་རེག་པའི་དུས་སུ་བརྗོད་པ་ཡིན་ནོ། །འདུན་པ་དང་དགའ་བོ་ལ་བཅས་པ་འདུན་པ་ཕྱིར་བསྒྱུར་ནི། དགེ་འདུན་གྱི་ལས་ལ་འདུན་པ་འབུལ་ལོ་ཞེས་སྨྲས་ནས་ནི། དགེ་འདུན་གྱི་ལས་ནི་བྱེད་པར་ཉེ་བ་ན་སྡོམ་བརྩོན་དགེ་སློང་གིས་སྔར་རང་གིས་འདུན་པ་འབུལ་བ་སླར་ཡང་བླངས་ནས་མི་འབུལ་ན་དགེ་སློང་དེ་ནི་ལྟུང་བས་འཇོམས་པ་ཡིན་ནོ། །མདོ་རྩ་ལས། ལས་འདི་ཡང་དགེ་སློང་ཁོ་ན་ལ་བྱ་བའི་ལས་སུ་བཤད་དོ། །འདི་ལའང་གཞི་ནི་དགེ་འདུན་གྱིས་དགེ་སློང་གི་ཆེད་དུ་ཆོས་ལྡན་གྱི་ལས་བྱེད་པ་ན་འདུན་པ་ཕུལ་བའོ། །བསམ་པ་འདུན་པ་ཕུལ་བ་ཕྱིར་ལེན་པར་འདོད་པའོ། །སྦྱོར་བ་ལེན་པར་རྩོམ་པའོ། །མཐར་ཐུག་བླངས་པ་དང༌། དགག་བྱ་དགེ་འདུན་གྱི་ལས་ལ་གནོད་པའོ། །ཉེ་དགའ་ལ་བཅས་པ་བསྙེན་པར་མ་རྫོགས་པ་དང་ནུབ་གཉིས་ལས་ལྷག་པར་ཉལ་བ་ལ། ལྟུང་བ་དང༌། བསླབ་བྱའོ། །དང་པོ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། ཤཱ་རིའི་བུའི་དགེ་ཚུལ་སྲས་སྒྲ་གཅན་འཛིན་དང་ནུབ་གཉིས་ལྷན་ཅིག་ཉལ་དུ་གནང་བ་ན། ནུབ་གཉིས་ཉལ་དུ་རུང་ན་གསུམ་པའང་རུང་ཞེས་ཉེ་དགས་དགེ་ཚུལ་ཚེར་མ་དང༌། ཆེན་པོ་དང་ལྷན་ཅིག་ནུབ་གསུམ་ཉལ་བ་ལ་བརྟེན་ནས། དགེ་སློང་གིས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ནུབ་གཉིས་ལྷན་ཅིག་ཏུ་ཉལ་དུ་རུང་ལ། དེ་ལས་ཕར་ནུབ་གསུམ་པ་སོགས་ལ་ནི་རུང་བ་མ་ཡིན་ཏེ། གལ་ཏེ་ནུབ་གསུམ་པ་སོགས་ལ་ལྷན་ཅིག་ཏུ་ཉལ་ན་ལྟུང་བ་བསྐྱེད་དོ། །འདི་ལའང་གཞི་ནི་བསྙེན་པར་མ་རྫོགས་པའོ། །བསམ་པ་ལྷན་ཅིག་ཏུ་ཉལ་བར་འདོད་པའོ། །སྦྱོར་བ་ཉལ་པར་རྩོམ་པའོ། །མཐར་ཐུག་ཞག་གསུམ་འདས་པ་ནའོ། །དགག་བྱ་བསྙེན་པར་རྫོགས་མ་རྫོགས་མགོ་མཉམ་དུ་ཐལ་བ་དང༌། འདོད་ཆགས་དང་བྲལ་བ་ལ་གནོད་དོ། །གཉིས་པ་བཤད་པ་ལ་གཉིས་ཏེ། གནས་ཀྱི་མཚན་ཉིད་དང༌། དུས་ཀྱི་མཚན་ཉིད་དོ། །དང་པོ་ནི། ཉལ་བའི་གནས་ཀྱི་ཁྱིམ་ནི་བཞི་སྟེ། རིམ་པ་བཞིན་དུ་དཔེར་བརྗོད་ན། ཁྱིམ་དང་པོ་ནི་སྐར་ཁུང་མ་གཏོགས་པའི་སྟེང་ཐམས་ཅད་གཡོགས་ཤིང༌། སྒོ་མ་གཏོགས་པ་ཐམས་ཅད་བསྐོར་བའི་ཁྱིམ་ནི་གནས་ཁང་མཐའ་ཀུན་ནས་བསྐོར་ཞིང་གཡོགས་པ་བཞིན་ནོ། །སྟེང་ཕལ་ཆེར་གཡོགས་ཤིང་སྒོ་མ་ཡིན་པ་ཀུན་ནས་བསྐོར་བའི་ཁྱིམ་ནི་ངོས་བཞི་པའི་ཁྱམས་བཞིན་བརྟག་གོ །སྐར་ཁུང་མ་གཏོགས་པ་ཐམས་ཅད་གཡོགས་ཤིང་ཕལ་ཆེར་ཏེ་མཐའ་གསུམ་ཙམ་བསྐོར་བའི་ཁྱིམ་ནི་ངོས་གསུམ་པའི་ཁྱམས་བཞིན་ནོ། །སྟེང་ཕལ་ཆེར་ཏེ་སུམ་གཉིས་ཙམ་གཡོགས་ཤིང་མཐའ་སུམ་གཉིས་ཙམ་བསྐོར་བའི་ཁང་པ་དང་ཁང་བཟང་ནི་ངོས་གཉིས་པའི་ཁྱམས་ཏེ་རིམ་པ་བཞིན་ནོ། །གཉིས་པ་དུས་ཀྱི་མཚན་ཉིད་ནི། དེ་ལྟར་སོ་སོར་ངོས་གཟུང་བའི་ཁྱིམ་ནི་བཞི་པོ་རུ་དགེ་སློང་སྡོམ་བརྩོན་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བར་བྱེད་ན་ཉི་མ་གསུམ་པའི་ཐ་མ་སྐྱ་རེངས་ཀྱི་འོད་ཤར་པའི་ཚེ་ན་གསལ་པོར་ལྟུང་བ་བསྐྱེད་པ་ཡིན་ནོ། །སྐྱ་རེངས་ནི་རྣམ་པ་གསུམ་དུ་འདོད་དེ། དང་པོ་སྔོན་པོ་དང༌། གཉིས་པ་སེར་པོ་དང༌། གསུམ་པ་དམར་པོ་སྟེ། སྐྱ་རེངས་དང་པོ་སྔོན་པོ་ཉིད་ཤར་པའི་ཚེ་ནའང་ལྟུང་བར་འགྱུར་ན་གཞན་གཉིས་པོ་དག་གི་ཚེ་ན་སྨོས་ཅི་དགོས། སྐྱ་རེངས་སྔོན་པོ་ནི། འོད་ལྡན་ལས། མཚན་མོའི་བརྒྱད་ཆ་ལུས་པ་ན་འཆར་ཞེས་སོ། །གཉིས་པ་བསླབ་བྱ་ལ་གསུམ་སྟེ། དགག་པའི་བསླབ་བྱ་དང༌། དགག་སྒྲུབ་གཉིས་ཀའི་བསླབ་བྱ་དང༌། སྒྲུབ་པའི་བསླབ་བྱའོ། །དང་པོ་ནི། གནས་གང་དུ་བསྙེན་པར་མ་རྫོགས་པས་བསྙེན་པར་རྫོགས་པར་བརྗོད་པའི་སྒྲ་དང༌། དོན་སོ་སོར་གོ་བའི་ཁྱམས་དང༌། ཁང་བཟང་ལ་སོགས་པ་དེ་འདྲ་དེར་ཡང་སྡོམ་བརྩོན་གྱིས་ནི་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཉལ་དུ་རུང་བ་མ་ཡིན་ནོ། །གཉིས་པ་དགག་སྒྲུབ་གཉིས་ཀའི་བསླབ་བྱ་ལ་བཞི་སྟེ། སྣང་བཅས་སུ་ཉལ་དུ་རུང་མི་རུང་དང༌། ཉིན་མོ་ཉལ་དུ་དུ་རུང་མི་རུང་དང༌། ཁྲི་གཅིག་ལ་ཉལ་དུ་རུང་མི་རུང་དང༌། མུན་ཁྲོད་དུ་ཕྱག་བྱ་བའི་བསླབ་བྱའོ། །དང་པོ་ནི། འཁྲུ་ནད་ཅན་གྱི་རྐང་པ་ལ་མུན་པར་བཤང་བ་ལ་སོགས་གོས་པ་ལ་བརྟེན་ནས་སྣང་བ་དང་བཅས་པའི་གནས་སུ་ནི་ཉལ་བ་ནད་པ་དག་ལ་རྗེས་སུ་གནང་སྟེ། དེར་མ་ཟད་ནད་པ་དེའི་ནད་གཡོག་དག་ཀྱང་ཉལ་དུ་གནང་ངོ༌། །དེར་གནང་བ་ན་རྒན་ཞུགས་མིན་པས་ཀྱང་དེར་ཉལ་བ་ལ་བརྟེན་ནས་ནད་པ་དང་ནད་གཡོག་དེ་ལས། སོགས་པ་གཞན་གྱིས་ནི་ནམ་ཡང་ཉལ་བར་གནང་བ་མིན་ནོ། །གཉིས་པ་ཉིན་མོ་ཉལ་དུ་རུང་མི་རུང་ནི། མི་ན་བ་ལ་ནི་བསྙེན་པར་མ་རྫོགས་པ་དང་གནས་གཅིག་ཏུ་ཉིན་མོ་ཉལ་བ་སྟོན་པས་བཀག་པ་ཡིན་ནོ། །བསམ་གཏན་དང་ཀློག་པའི་ལས་དང་ལྡན་པ་ལ་བརྩོན་འགྲུས་བསྐྱེད་པས་གཉིད་ཀྱིས་རྨྱ་ནས་སྟོབས་ཆུང་དག་ལ་ཉིན་མོ་ཡུད་ཙམ་ཉལ་བ་རྗེས་སུ་གནང་བ་ཡིན་ནོ། །གསུམ་པ་ཁྲི་གཅིག་ཏུ་ཉལ་དུ་རུང་མི་རུང་ནི། བསྙེན་པར་རྫོགས་པ་གཉིས་སམ་གསུམ་པོ་དག་གིས་ཀྱང་རུང་ཁྲི་གཅིག་ལ་ནི་ཉལ་བར་མི་བྱ་ལ། དགེ་སློང་མང་པོ་ལྗོངས་རྒྱུ་བ་ན་ཁྲི་རེ་རེ་མ་རྙེད་ནས་ཁྲི་ཤིན་ཏུ་རྒྱ་ཆེན་པོ་ཡིན་ན་གོས་དང་ཡོལ་བ་སོགས་ཀྱིས་བར་བཅད་ནས་ཉལ་བ་རྗེས་སུ་གནང་བ་ཡིན་ནོ། །བཞི་པ་མུན་ཁྲོད་དུ་ཕྱག་བྱ་བའི་བསླབ་བྱ་ནི། ཆམ་པ་ན་བའི་མཁན་པོ་ལ་མུན་ཁུང་དུ་ཕྱག་བྱས་པས་དེའི་ལུད་པ་དཔྲལ་པ་ལ་གོས་པ་ལ་བརྟེན་ནས། མུན་ཁུང་དག་ཏུ་ཕྱག་བྱེད་པའི་ཚེ་མགོ་བོ་ས་ལ་གཏུགས་ནས་བླ་མ་ལ་ཕྱག་མི་བྱའོ། །འོ་ན་ཕྱག་མི་བྱའམ་ཞེ་ན། མུན་ཁུང་དེར་ནི་ཚིག་གིས་ཕྱག་འཚལ་ལོ་ཞེས་བྱ་བའམ། ཡང་ན་ངེས་པར་ཡིད་ཀྱིས་གུས་པས་ཕྱག་བྱའོ། །འོད་ལྡན་ལས་ཚིག་གི་ཕྱག་དང་ཚངས་པའི་ཕྱག་གཅིག་པར་བཤད་དོ། །གསུམ་པ་སྒྲུབ་པའི་བསླབ་བྱ་ནི། ལམ་དུ་ནུབ་མོ་དགེ་ཚུལ་དོར་བ་སྟག་ལ་སོགས་པས་འཚེ་བར་བྱས་པ་ལ་བརྟེན་ནས་གལ་ཏེ་དགེ་ཚུལ་དང་ལྷན་ཅིག་ཏུ་ལམ་དུ་འོངས་པའི་དུས་སུ་ཉལ་དགོས་པ་བྱུང་ཡང་གཉིད་མི་ལོག་གོ །གལ་ཏེ་གཉིད་མི་ལོག་པར་མི་ནུས་ན། མྱུར་དུ་ལྡང་བའི་བློས་སྐྱིལ་ཀྲུང་དག་བཅིངས་ཏེ་ཅུང་ཟད་གཉིད་ལོག་ཏུ་རུང་ངོ༌། །ནམ་ཡང་གཉིད་མི་ལོག་པར་མི་ནུས་པ་ལ་ནི་ཉེས་པ་མེད་དོ། །དགེ་སློང་སྡིག་ཅན་གྱིས་དགེ་ཚུལ་ནུབ་མོ་གནས་སུ་མ་བཞག་པར་ཕུད་པས་དེ་ལ་གང་དུ་ཉལ་དྲིས་པས། སྒོ་ཁང་དུ་ཉལ་ཟེར་བ་མཁན་པོས་ཐོས་ནས་དུས་ཐམས་ཅད་དུ་ནི་དགེ་ཚུལ་དག་ནི་འབད་པས་བསྐྱང་བར་བྱ་སྟེ། སངས་རྒྱས་ཀྱི་ལྗོན་ཤིང་མྱུ་གུ་ལྟ་བུ་ཡིན་ལ། དེ་ནི་དགྲ་བཅོམ་སྐྱེ་བའི་སྒོ་ང་ལྟ་བུ་ཡིན་ནོ། །བོང་རྫི་ལས་རབ་ཏུ་བྱུང་བའི་དགེ་སློང་འཆི་ལྟས་ལ་བཅས་པ་སྡིག་ལྟ་འཛིན་པ་ནི། དགེ་སློང་བློ་གྲོས་དམན་པ་ལོག་ལྟ་ཅན་གང་དག་དང་དགེ་སློང་དང་དགེ་ཚུལ་གྱིས་ལྷན་ཅིག་ཏུ་གནས་ངན་ལེན་བྱས་པ་ལས་དུས་ཕྱིས་དགེ་སློང་གིས་བཤགས་འོས་བཤགས་ཤིང༌། བསྡོམ་འོས་རྣམས་བསྡམས་པས་རྫུ་འཕྲུལ་སོགས་ཐོབ་སྟེ་ནམ་མཁའ་ལ་ཕྱིན་པའི་གྲིབ་མ་ལ་སྔར་གྱི་དགེ་ཚུལ་དེ་མེ་ཏོག་འཐུ་ཞིང་གནས་པའི་སྟེང་དུ་བྱུང་བ་མཐོང་ནས། དགེ་ཚུལ་གང་ཡང་འདི་སྐད་ཅེས་སྟོན་པས་འདོད་པ་ལ་འདོད་ཆགས་སོགས་སྤྱད་པས་བར་དུ་གཅོད་པར་བསྟན་མོད་ཀྱི། འོན་ཀྱང་བར་དུ་གཅོད་པ་མིན་ཏེ། ངེད་དང་ལྷན་ཅིག་གནས་ངན་ལེན་བྱེད་བྱེད་པ་དག་གིས་ཀྱང་རྫུ་འཕྲུལ་སོགས་ཐོབ་ཟེར་ན། དེ་སྐད་སྨྲ་བ་དེ་འདིར་ལན་གསུམ་གྱི་བར་དུ་དེ་ལྟར་མ་ཟེར་ཞེས་བཟློག་པར་བྱ་སྟེ། དེ་ལྟར་བཟློག་པས་ཀྱང་ལྟ་བ་ངན་པ་དེ་མི་གཏོང་ན་ལོག་ལྟ་འདི་ལས་ལྷག་པའི་སྡིག་པ་ཡོད་པ་མ་ཡིན་པས་དགེ་སློང་སྡིག་ལྟ་འཛིན་པ་དེ་གནས་དབྱུང་བྱས་ནས་རྒྱང་རིང་པོར་སྤང་བར་བྱས་ལ་དགེ་ཚུལ་བསྙིལ་བར་བྱའོ། །དགེ་སློང་ལ་གནས་དབྱུང་དང༌། དགེ་ཚུལ་ལ་བསྙིལ་བའི་ཐ་སྙད་ཀྱི་ཁྱད་པར་ནི། བསྟན་པ་ལ་ཞུགས་པ་རྫོགས་པ་དང༌། མ་རྫོགས་པའོ། །འདི་ལའང་གཞི་ནི་ལོག་ལྟ་སྐྱེས་པའི་དགེ་སློང༌། བསམ་པ་སྡིག་ལྟ་མི་གཏོང་བར་འདོད་པ། སྦྱོར་བ་གཞན་གྱིས་བཟློག་ཀྱང་མི་ཉན་པ། མཐར་ཐུག་གཞན་གྱིས་བཟློག་པའི་བརྗོད་པ་གསུམ་པ་རྫོགས་པ་ནའོ། །དགག་བྱ་ལོག་ལྟ་སྐྱེ་བའོ། །ཉེ་དགའ་ལ་བཅས་པ་སྤངས་པའི་རྗེས་ཕྱོགས་དང༌། བསྙིལ་བ་སྡུད་པ་ལ་སྤྱིར་བཏང་དང༌། དམིགས་བསལ་ལོ། །དང་པོ་ལ་ཡང་བསྟན། བཤད་གཉིས་ལས། དང་པོ་ནི། ཉེ་དགས་བསྙིལ་བ་དེ་དག་དང་སྨྲ་བ་སོགས་བྱས་པ་ལ་བརྟེན་ནས་ལྟ་བ་ལ་ཉམས་པའི་དགེ་སློང་དང་དགེ་ཚུལ་དེ་དག་ལ་སྨྲ་བ་དང་ཡང་དག་པའི་དོན་ནམ་ཡང་སྨྲ་བར་མི་བྱའོ། །གནས་གཅིག་ཏུ་གནས་པ་དང་ལོངས་སྤྱོད་ལ་སོགས་ཀྱང་ལྷན་ཅིག་ཏུ་མི་བྱའོ། །གལ་ཏེ་བྱེད་ན་ལྟུང་བར་འགྱུར་རོ། །འདི་ལ་གཞི་ནི་སྡིག་ལྟ་འཛིན་པའི་དགེ་སློང་དང་དགེ་ཚུལ་གནས་དབྱུང་དང་བསྙིལ་བ་བྱས་པའོ། །བསམ་པ་ལྷན་ཅིག་ཏུ་གནས་ཤིང་ལོངས་སྤྱོད་པར་འདོད་པའོ། །སྦྱོར་བ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཕྱོགས་གཅིག་ཏུ་བྱེད་པའོ། །མཐར་ཐུག་བྱ་བ་རྫོགས་པ་ནའོ། །དགག་བྱ་སྡིག་པ་འཕེལ་བའོ། །གཉིས་པ་བཤད་པ་ལ་བཞི། སྨྲ་བ་དང༌། ཡང་དག་པར་སྨྲ་བ་དག་གནས་དང༌། ལོངས་སྤྱོད་ཀྱང་ལྷན་ཅིག་ཏུ་མི་བྱ་ཞེས་གསུངས་ན། བཞི་པོ་དེ་དག་གང་ཞེ་ན། ཡང་དག་པར་སྨྲ་བ་ནི་ཁ་ཏོན་ལྷན་ཅིག་ཏུ་བྱེད་པ་ཡིན་ལ། སྨྲ་བ་ནི་ཀློག་པ་ལྷན་ཅིག་ཏུ་བྱེད་པ་ཡིན་པར་འདོད་དོ། །གནས་པ་གཅིག་པ་ནི་འདུག་ས་ལྷན་ཅིག་ཏུ་བྱེད་པའོ། །ལོངས་སྤྱོད་གཅིག་པ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་གཅིག་ཏུ་བྱེད་པའོ། །དམིགས་བསལ་ནི། གང་དག་ལྟ་བ་ངན་པ་ལས་བཟློག་པའི་ཆེད་དུའམ་རང་གི་ཉེ་དུ་ཡིན་པའམ་ནད་པ་ཡིན་ན་ནི་སྨྲ་བ་དང་ཡང་དག་པར་སྨྲ་བ་ལ་སོགས་པ་ཡང་རྗེས་སུ་གནང་ངོ༌། །ལོངས་སྤྱོད་ནི་ནམ་ཡང་གཅིག་ཏུ་བྱ་བ་མ་ཡིན་ནོ། །རྒྱལ་པོའི་ཁབ་ཏུ་དྲུག་སྡེ་ལ་བཅས་པ་ཁ་དོག་མ་བསྒྱུར་བར་གྱོན་པ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། གལ་ཏེ་ཆོས་གོས་གསར་པ་གཞན་ལས་རྙེད་པ་ན་ཁ་དོག་ངན་པ་སྔོན་པོ་སོགས་སུ་བྱས་ཏེ་བཅང་ངོ༌། །ཆུ་ཚགས་མ་གཏོགས་པ་རང་གི་གོས་དཀར་པོ་ཚད་ལྡན་ཕྱི་རོལ་དུ་གྱོན་ན་ལྟུང་བའོ། །གཞི་ནི་ཁ་མ་བསྒྱུར་བའི་གོས། བསམ་པ་གྱོན་པར་འདོད་པ། སྦྱོར་བ་གྱོན་པར་རྩོམ་པ། མཐར་ཐུག་ལུས་ལ་གྱོན་པ་ནའོ། །དགག་བྱ་རྟགས་འདྲེས་ནས་ཉེས་དམིགས་ལ་འཇུག་པའོ། །གཉིས་པ་བཤད་པ་ནི། དཀར་པོ་ཞེས་པ་དེ་ཡང་གསར་པར་དགོངས་ཏེ་བཤད་ལ། ཁ་དོག་ངན་པ་ཡང་རང་བཞིན་གྱིས་ངན་པ་དང༌། བཅོས་མའི་ངན་པ་གཉིས་ལས། བཅོས་མའི་ངན་པ་ཡང་རྣམ་པ་གསུམ་སྟེ། སྔོན་པོ་དང༌། བཙག་ཏུ་གྲགས་པ་དང༌། ངུར་སྨྲིག་གིས་ཁ་བསྒྱུར་བའོ། །སྔོན་པོ་ནི་རྒྱ་ཆེར་འགྲེལ་ལས་རམས་སུ་བཤད་དོ། །ངུར་སྨྲིག་ནི་མེ་ཏོག་གི་ཁུ་བ་དང་འབྲུའི་ཁུ་བ་དང་འདབ་མའི་ཁུ་བ་དང་ཤུན་པའི་ཁུ་བས་སེར་པོར་ཁ་བསྒྱུར་བ་ལ་འདོད་དོ། །རྣམ་འབྱེད་ཀྱི་འགྲེལ་པ་ལས། ངུར་སྨྲིག་ནི་སེར་པོའོ་ཞེས་སོ། །གཞན་མདོག་བཟང་པོ་ཚོན་ཆེན་བརྒྱད་ཀྱིས་ཁ་བསྒྱུར་བ་ནི་རུང་བ་མ་ཡིན་ནོ། །ཚོན་ཆེན་བརྒྱད་ནི་བཤད་ཟིན་ཏོ། །ཡངས་པ་ཅན་དུ་དྲུག་སྡེ་ལ་བཅས་པ་རིན་པོ་ཆེ་ལ་རེག་པ་ལ་གསུམ་སྟེ། ཉེས་དམིགས་དང༌། ལྟུང་བ་དང༌། བསླབ་བྱའོ། །དང་པོ་ནི། དྲག་པོ་སྦྲུལ་གདུག་རེག་པ་ཡི། །དུག་ལ་རྟག་ཏུ་རེག་བླ་ཡི། །ཞེས་གསུངས་ཏེ། དུག་དྲག་པོ་ཅན་གྱི་སྦྲུལ་གདུག་པ་ཅན་གྱི་སོས་རེག་པའི་དུག་ལ་རྟག་ཏུ་རེག་པ་ནི་བླ་ཡི། རིན་པོ་ཆེ་ལ་རེག་པ་དང་རིན་པོ་ཆེའི་མིང་གིས་སྨོས་པ་ལ་རེག་པ་ནི་དེ་ལྟར་མིན་པར་ལྟུང་བྱེད་དུ་འགྱུར་རོ། །གཞི་ནི་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པའོ། །བསམ་པ་འདུ་ཤེས་མ་འཁྲུལ་བས་རེག་པར་འདོད་པའོ། །སྦྱོར་བ་རང་ངམ་གཞན། མངོན་སུམ་དུ་བསྐོས་པའོ། །མཐར་ཐུག་རེག་ནའོ། །དགག་བྱ་ལོངས་སུ་འཆོས་པ་དང༌། རྒྱགས་པ་སོགས་སོ། །གཉིས་པ་ལྟུང་བ་ནི། རེག་ན་ལྟུང་བར་འགྱུར་བའི་རིན་པོ་ཆེ་གང་ཞེ་ན། ནོར་བུ་དང་མུ་ཏིག་དང་བྱེ་རུ་དང་ས་ལེ་སྦྲམ་སོགས་སོ། །རིན་པོ་ཆེ་དེ་རུ་མིང་གིས་སྨོས་པ་ཡང༌། གཡུལ་འགྱེད་པ་ལ་དགོས་པའི་ཡན་ལག་རལ་གྲི་དང་མདའ་ལ་སོགས་པའི་མཚོན་ཆ་སོགས་དང༌། རོལ་མོར་སྤྱད་པར་བྱ་བའི་ཡན་ལག་རྔ་ཟླུམ་སོགས་སོ། །རྣམ་འབྱེད་ལས། ཀུན་དགའ་བོ་དེ་ལྟ་བས་ན་ཀུན་དགའ་ར་བར་གཏོགས་པ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཞེས་གསུངས་པའི་ཀུན་དགའ་ར་བར་གཏོགས་པ་ནི་དེའི་ཕྱི་ཡིན་ལ། གནས་ཁང་དུ་གཏོགས་པ་ནི་ཀུན་རའི་ནང་ཡིན་པའི་ཕྱིར་གཙུག་ལག་ཁང་དང་སྐྱེད་མོས་ཚལ་ཐམས་ཅད་ནི་ནང་གི་གནས་སུ་བརྗོད་པ་ཡིན་ཞིང༌། ཀུན་རར་གཏོགས་པ་ནི་ཕྱི་ཡིན་ལ། ནང་མ་ཡིན་པ་ཀུན་རར་གཏོགས་པ་ནི་སླར་ཡང་གཙུག་ལག་ཁང་སོགས་དེ་དག་གི་ཕྱི་རོལ་གྱི་ཉེ་འཁོར་ཡིན་པར་ལུང་ལས་གསུངས་སོ། །མིག་ཕུག་པའི་ནོར་བུ་དང་མུ་ཏིག་སོགས་ལ་རེག་པ་ནི་ལྟུང་བྱེད་དངོས་ཡིན་ལ། མིག་མ་ཕུག་པའི་ནོར་བུ་སོགས་དང༌། མཆིང་བུ་ལ་རེག་ཀྱང་ཉེས་བྱས་ཉིད་དོ། །རོལ་མོའི་ཡན་ལག་པི་ཝང་དང་གླིང་བུ་དང་རྔ་ཟླུམ་སོགས་དང༌། མཚོན་ཆའི་ཡན་ལག་མདའ་དང་གཞུ་ལ་སོགས་པ་དག་ཀྱང་ཡན་ལག་ཚང་བ་ལ་རེག་པར་བྱས་ན་ལྟུང་བྱེད་ཡིན་ལ། མ་ཚང་པ་ལ་རེག་པ་ནི་ཉེས་བྱས་ཡིན་ནོ། །རོལ་མོའི་ཡན་ལག་ཚང་བ་ནི་སྒྲ་འབྱིན་པ་ཡིན་ལ། མ་ཚང་བ་ནི་སྒྲ་མི་འབྱིན་པའོ། །མཚོན་ཆའི་ཡན་ལག་མདའ་ལ་སོགས་པ་མདེའུ་ཡོད་མེད་སོགས་ནི་ཡན་ལག་ཚང་བ་དང་མ་ཚང་བའོ། །མཚོན་ཆ་ལ་རེག་པའི་སྐབས་འདིར་གོ་ཆ་ལ་སོགས་པ་ལ་དགེ་སློང་གིས་རེག་ན་ཉེས་བྱས་བསྐྱེད་པ་ཡིན་ནོ། །གཞན་གཡུལ་དུ་ཆས་པའི་མདའ་གཞུ་ལ་སོགས་པའི་མཚོན་ཆ་ལ་རེག་ན་ལྟུང་བ་འབྱུང་བ་ལྟ་ཅི་སྨོས། སྐུ་གདུང་རིང་བསྲིལ་དང༌། ཤ་རི་རམ་དང་བཅས་པའི་མཆོད་རྟེན་དང༌། སྐུ་གཟུགས་ལ་རེག་ན་ལྟུང་བྱེད་བསྐྱེད་དེ། སྐུ་གདུང་མེད་པའི་མཆོད་རྟེན་དང༌། སྐུ་གཟུགས་ལ་གང་རེག་པའི་དགེ་སློང་དེ་ལ་ཉེས་བྱས་ཀྱི་མདའ་ཡིས་རེག་པར་འགྱུར་རོ། །གསུམ་པ་བསླབ་བྱ་ནི། གར་དང་གླུ་དང་རོལ་མོ་དང་ངག་འཁྱལ་ལ་སོགས་ཀྱང་དགེ་སློང་གིས་མིག་གིས་བལྟ་བ་དང་རྣ་བས་ཉན་པའི་ཡུལ་དུ་བཀག་གོ །འཐབ་མོ་དང་བྲེ་མོ་དང་དོན་མིན་པའི་གཏམ་སོགས་ཀྱིས་ཉེས་པ་འབའ་ཞིག་བསྐྱེད་ཀྱི། ཉེས་པ་ཞི་བར་མི་བྱེད་དོ། །སྔ་འགྱུར་ལས། འཐབ་མོ་བྲེ་མོ་གཏམ་སོགས་ཀྱིས། །ཉེས་པ་འབའ་ཞིག་ཞི་མི་བྱེད། །ཅེས་གསུངས་པ་ལྟར་རོ། །དགེ་སློང་གང་ཞིག་གར་དང་གླུ་ལ་སོགས་པ་ལ་ཆགས་བཞིན་པས་མཆོད་རྟེན་ལ་བསྐོར་བ་དང་ཕྱག་བྱེད་ན་བསྐོར་བ་དེར་འགྲོ་བའི་གོམ་པ་རེ་རེར་ཡང་ཉེས་བྱས་ཀྱི་ཕུང་པོ་རེ་རེ་གསོག་གོ །ཆགས་པས་གཟུགས་ལ་བལྟ་བ་དང༌། སྒྲ་ཉན་པ་སོགས་ལ་ཉེས་པ་ཡོད་པ་དེའི་ཕྱིར་ཡང་སྲིད་པ་ཟད་པར་འདོད་པའི་དགེ་སློང་རྣམས་ཀྱིས། གཟུགས་སྡུག་པ་དང༌། སྒྲ་སྙན་པ་སོགས་ལ་ཆགས་པའི་སེམས་བསྐྱེད་པ་སོགས་སུ་ནམ་ཡང་མི་བྱའོ། །རི་དྭགས་འཛིན་གྱི་མ་ས་ག་མའི་ཁང་པར་བཞུགས་པའི་ཚེ། དེའི་རྒྱན་གྱི་ཐུམ་པོ་བུ་མོས་ལུས་པ་ཀུན་དགའ་བོས་རྙེད་དེ་སྦས་པས་ས་ལེ་སྦྲམ་ལ་སོགས་པ་དང༌། རིན་པོ་ཆེར་སྨོས་པ་གང་སྐྱེད་མོས་ཚལ་གང་དུ་རྙེད་པ་ན་རྩྭ་དང་ལོ་མ་ལ་སོགས་དག་གིས་བཀབ་ནས་ནི་ཞག་བརྒྱད་ཀྱི་བར་དུ་བསྲུང་སྟེ་ཉ་ར་བྱའོ། །གང་ཟག་སུ་དག་ངའི་ཡིན་ནོ་ཞེས་དོན་དུ་གཉེར་བ་བྱུང་ན་ཐོག་མར་རྫས་དེའི་མཚན་མ་དྲིས་ནས་ངོས་ཟིན་ན་བསྟན་པར་བྱའོ། །གལ་ཏེ་སུ་ཡང་དོན་དུ་གཉེར་བ་མེད་ན་དགེ་འདུན་གྱི་ནང་ཉིད་དུ་བདག་པོ་བརྟག་པའི་ཕྱིར་དུ་ཟླ་བ་དྲུག་ཏུ་གཞག་གོ །སྔོན་དགེ་སློང་གིས་ནོར་བུ་རིན་པོ་ཆེའི་རྐྱལ་པ་རྙེད་ནས་འདི་འདྲ་སྟོར་བ་མེད་དམ་ཞེས་བྱས་པས། མི་ཞིག་གིས་ངའི་ཡིན་ཟེར་ནས་ཁྱེར་བའི་རྗེས་སུ་བདག་པོ་བྱུང་བ་ལ་བརྟེན་ནས་གཞན་གྱིས་རྫས་ཀྱི་ཁ་དོག་གི་མཚན་མ་དང༌། ཁྱད་པར་འདི་འདྲ་དང༌། རྟགས་འདི་འདྲ་ཡོད་དོ་ཞེས་སོགས་ཀྱིས་མཚོན་ན་སྦྱིན་ནོ། །ཁྱད་པར་རྟགས་ཀྱི་སྒོ་ནས་མཚོན་པ་མིན་ན་རྫས་དེ་ནི་བརྟན་པའི་དངོས་པོར་བྱ་སྟེ། དགེ་འདུན་གྱི་ལོངས་སྤྱོད་ཀྱི་ཕྱིར་དུའོ། །སྔ་འགྱུར་ལས། གལ་ཏེ་སྣོད་དུ་བྱས་ནས་ཀྱང༌། །ཞེས་གསུངས་པས། གལ་ཏེ་རིན་པོ་ཆེ་ས་ལེ་སྦྲམ་ལྟ་བུ་གཞོང་པ་ལ་སོགས་པའི་སྣོད་དུ་བཟོ་བྱས་ནས་ཀྱང༌། བདག་པོ་དེས་ཐོས་ནས་བློ་ཆུང་བ་དག་གིས་སློང་བར་བྱེད་ན། དེ་ལ་དེ་ནི་རིན་གྱིས་སམ། །ཞེས་གསུངས་པ་ལྟར། རྫས་དེ་ནི་བདག་པོ་དེ་ལ་རིན་བྱིན་པ་ཉིད་ཀྱིས་སམ། ཡང་ན་སྦྱིན་པར་བྱ། སྐྱེད་སློང་ན་སྐྱེད་ནི་ནམ་ཡང་མིན་ནོ། །འགྱུར་གསར་ལྟར་ན། གལ་ཏེ་འདོད་དབང་བྱས་ནས་ཀྱང༌། །ཞེས་གསུངས་པས། གལ་ཏེ་ཡང་འདོད་པའི་དབང་དུ་བྱས་ཏེ་ལོངས་སྤྱོད་ཟིན་ཀྱང་ཞེས་སྦྱར་རོ། །རྒྱལ་པོའི་ཁབ་ཏུ་དྲུག་སྡེ་ལ་བཅས་པ་ཁྲུས་བྱེད་པ་ལ་གསུམ་སྟེ། ལྟུང་བ་དང༌། ལྟུང་མེད་དང༌། བསླབ་བྱའོ། །དང་པོ་ནི། སྡོམ་བརྩོན་གྱིས་གནང་བའི་དུས་མ་གཏོགས་པར་ཟླ་བ་ཕྱེད་ཀྱི་ནང་རོལ་དུ་ལུས་རིལ་པོ་ཁྲུས་བྱེད་པ་ནི་སྟོན་པས་བཀག་གོ །གཞི་ནི་ཆུར་ལུས་ཕྱེད་ནུབ་པའོ། །དུས་ནི་སོས་ཀའི་ཟླ་བ་ཕྱེད་དང་གཉིས་དང༌། དབྱར་གྱི་ཟླ་བ་སྔ་མ་གཅིག་མ་གཏོགས་པ་དང༌། ཟླ་བ་ཕྱེད་ཕྱེད་ཀྱི་སྔ་རོལ་དུའོ། །བསམ་པ་ཁྲུས་བྱེད་འདོད་དོ། །སྦྱོར་བ་ཁྲུས་བྱེད་པ་ལ་འཇུག་པའོ། །མཐར་ཐུག་ཆུའི་ནང་དུ་ཕྱིན་པའོ། །དགག་བྱ་གཞན་མ་དད་པའོ། །གཉིས་པ་ལྟུང་མེད་ལ་གཉིས་ཏེ། གནང་བའི་དུས་དང༌། དུས་ལས་འདས་པའོ། །དང་པོ་ནི། མ་གཏོགས་པ་ནི་གང་ཞེ་ན། སྨན་པས་བསྒོས་པ་ལ་བརྟེན་ནས་ན་བ་དང༌། མཆོད་རྟེན་གྱི་ལས་བྱས་པས་འདམ་རྫབ་ཀྱིས་གོས་པ་ལ་བརྟེན་ནས་ལས་དང༌། ལམ་དུ་སོང་ཞིང་འོངས་ནས་ཆད་པས་དུབ་པ་ལ་བརྟེན་ནས་ཉལ་བ་དང༌། རླུང་གི་འཚུབས་མའི་རྡུལ་ཚུབས་ཀྱིས་གོས་པ་ལ་བརྟེན་ནས་རླུང་དང༌། ཆར་གྱིས་ལྡར་པས་ཆར་དང་རྫི་ཆར་གྱིས་ལུས་ཁྲ་བོར་གྱུར་པ་ལ་བརྟེན་ནས་དེ་དག་ཚོགས་པའི་དུས་སུ་ཁྲུས་བྱས་པ་ལ་སྐྱོན་མེད་དོ། །ན་བའི་སྐབས་སུ་གནང་བ་གང་ཞེ་ན། ན་བའི་དུས་སུ་གནང་བའི་སྐབས་ནི། ནད་གང་ཡང་རུང་བ་དེ་ལས་སོས་པར་གྱུར་ནའོ། །ལས་དང་ལམ་གྱི་དུས་ནི་ཡང་ཡང་ཟ་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །རླུང་དུ་གྲགས་པའི་དུས་བསྟན་པ་ནི། རླུང་དུ་གྲགས་པའི་དུས་དེ་ཡང་གང་དུ་ཆོས་གོས་སྣེའུ་ནི་རླུང་གིས་བཟློག་པར་བྱེད་པའོ། །ཆར་པའི་དུས་སུ་གྲགས་པ་ནི། ལུས་ལ་ཆར་ཐིགས་གཉིས་གསུམ་ཕོག་པ་ཡིན་པ་ནའོ། །སྔ་འགྱུར་ལས། ཆར་པ་ཞེས་གྲགས་ལུས་ལ་ནི། །ཆར་ཐིགས་གཉིས་ཕོག་པ་ཡང་ངོ༌། །ཞེས་གསུངས་པ་ལྟར་རོ། །རླུང་དང་ཆར་པ་འདྲེས་པའི་དུས་ནི། རླུང་ཆར་དེ་དག་ཚོགས་པའི་དུས་ཞེས་བྱའོ། །གཞན་ཡང་ཚ་བའི་དུས་སུ་གནང་ཞེས་གསུངས་ན། ཚ་བའི་དུས་ཞེས་པ་གང་ཞེ་ན། སོས་ཀའི་དུས་སུ་ཟླ་བ་ཕྱེད་དང་གཉིས་དང༌། དབྱར་གྱི་ཟླ་བ་སྔ་མ་གཅིག་སྟེ་ཟླ་བ་ཕྱེད་དང་གསུམ་ལའོ། །གཉིས་པ་དུས་ལས་འདས་པ་ནི། ཆོས་གོས་མ་ལུས་པ་བཞག་ནས་ཁྲུས་བྱེད་པར་འདོད་པས་ཆུར་ཞུགས་ཏེ་ལྟེ་བ་ལ་མ་སླེབས་པར་ཁྲུས་བྱས་ན་ཉེས་བྱས་ཏེ། ལྟེ་བ་ནུབ་པ་འཁྲུས་བྱས་ན་དགེ་སློང་དེ་ལ་ནི་ངེས་པར་ཟད་བྱེད་ཀྱི་ལྟུང་བ་འབྱུང་བ་ཡིན་ནོ། །གཉིས་པ་ལྟུང་མེད་ནི། ཆུ་ལྟེ་བར་སླེབ་པར་སོང་ཡང་ཆུ་བོའི་ཕ་རོལ་དུ་བརྒལ་བ་དང༌། བརྒྱལ་བ་ལ་སོགས་ལ་དྲན་པ་རྙེད་པའི་དོན་དུ་ཆུ་འདེབས་པར་བྱེད་ཀྱང་རུང་པ་དང༌། གྲུ་ལ་སོགས་པ་མེད་པའི་གནས་སྐབས་འགའ་ཞིག་ཏུ་ཡང་ཆུ་ཀླུང་ཟབ་མོ་དག་བརྒལ་བ་ལ་ཉེས་པ་མེད་དོ། །ཡང་དགེ་སློང་གྲུར་ཞུགས་ནས་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཆུ་བོ་དག་ལ་འགྲོ་བ་ན་ཆུ་ནང་དུ་བཤང་གཅི་སོགས་དོར་བར་བྱེད་པའམ་གཞན་དུ་ཕྱིའི་རྒྱ་མཚོ་ལ་འགྲོ་བ་ལ་ཡང་རུང་བཤང་གཅི་སོགས་ཆུ་ནང་དུ་འདོར་བར་བྱེད་པ་ལ་བཀག་པ་མེད་དོ། །གསུམ་པ་བསླབ་བྱ་ནི། ཁྲུས་བྱེད་པའི་དུས་སུ་འཇུག་ངོགས་གང་དུ་བུད་མེད་ཁྲུས་བྱེད་དམ། རྒྱལ་པོའམ། དེའི་དམག་དང༌། སྐྱེས་བུ་གཡོན་ཅན་ཁྲུས་བྱེད་པའི་འཇུག་ངོགས་དེ་ལ་ནི་དགེ་སློང་གིས་ཁྲུས་བྱེད་པ་རྒྱང་རིང་དུ་སྤང་བར་བྱ། ཆུ་ལ་རྩེད་མོ་བྱེད་པའི་དོན་དུ་ཆུ་གཏིང་རིང་པོ་ལ་འོག་ཏུ་བྱི་འཛུལ་ལམ། ཡང་ན་ཆུའི་སྟེང་དུ་ཉ་བརྒལ་ལམ། ཆུ་ལ་རྐྱལ་བ་སོགས་ཀྱང་མི་བྱའོ། །གལ་ཏེ་དགེ་སློང་གིས་རྐྱལ་སློབ་པར་འདོད་པའམ་ནད་དང་བྲལ་བར་འདོད་པ་ཡིས་སྐྱེ་བོའི་རྒྱུན་ལུགས་ཀྱིས་ཤིན་ཏུ་དབེན་པའི་གནས་སུ་ནི་ཆུ་ལ་རྐྱལ་ལ་སོགས་པ་ཀུན་ཏུ་སྤྱད་ཀྱང་རུང་ངོ༌། །བཅུ་ཚན་བདུན་པ་ལ། སྡོམ་ནི། དུད་འགྲོ་འགྱོད་པ་སོར་མོ་དང༌། །རྩེ་དང་ལྷན་ཅིག་སྔངས་བྱེད་དང༌། །སླེད་དང་གདེང་མེད་གཞི་མེད་དང༌། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཞེས་པ་འཆར་ཀ་ལ་བཅས་པ་གཉིས་ལས། དང་པོ་དུད་འགྲོ་གསོད་པ་ནི། སྡོམ་བརྩོན་དགེ་སློང་གིས་ཤེས་བཞིན་དུ་རང་ངམ་གཞན་བསྐོས་པ་ཉིད་ཀྱིས་ཀྱང་རུང༌། དུད་འགྲོའི་སྐྱེ་གནས་གང་གསོད་ཅིང་ཤི་བ་ན་ལྟུང་བྱེད་ཀྱི་མེ་ལྕེ་ཡིས་རེག་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །གཞི་ནི་ཐ་མལ་པའི་མིག་ལམ་དུ་སྣང་བའི་དུད་འགྲོའོ། །བསམ་པ་གསོད་པར་འདོད་པ། སྦྱོར་བ་གསོད་པར་རྩོམ་པ། མཐར་ཐུག་ཤི་བ་ནའོ། །དགག་བྱ་གཞན་གྱི་སྲོག་ལ་གནོད་པའོ། །གཞན་འགྱོད་པ་བསྐྱེད་པ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། ཉོན་མོངས་པ་དང་བཅས་པའི་སེམས་ཀྱིས་ནི་ཤེས་བཞིན་དུ་ཚངས་སྤྱོད་དང་བཅས་པ་རྣམས་ལ་ནི་འགྱོད་པ་བསྐྱེད་པར་བྱེད་ན་ལྟུང་བྱེད་དུ་འགྱུར་བས་ངེས་པར་བཀག་སྟེ། དེ་ལས་གཞན་དུ་ནི་འགྱུར་བ་མིན་ནོ། །འདི་ལ་གཞི་ནི་དགེ་སློང་ངོ༌། །བསམ་པ་འགྱོད་པ་བསྐྱེད་པར་འདོད་པའོ། །སྦྱོར་བ་འགྱོད་པ་བསྐྱེད་པའི་ཚིག་སྨྲ་བའོ། །མཐར་ཐུག་ཕ་རོལ་པོས་གོ་བ་ནའོ། །དགག་བྱ་གཞན་གྱི་སྡོམ་པའི་བར་ཆད་དོ། །གཉིས་པ་བཤད་པ་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ནི། ཁྱོད་ལ་བསྙེན་རྫོགས་ཀྱི་སྡོམ་པ་གང་ན་ཡོད་དེ། ཁྱོད་བསྙེན་པར་རྫོགས་པ་ན་ལོ་ཉི་ཤུ་མ་ལོན་པས་ནའོ། །ཁྱོད་ལ་བསྙེན་རྫོགས་ཀྱི་སྡོམ་པ་མ་ཆགས་ཏེ། མཁན་པོའང་ཚུལ་ཁྲིམས་འཆལ་པ་ཡིན་པའི་ཕྱིར་དང༌། ཁྱོད་ཀྱི་བསྙེན་རྫོགས་བྱེད་པའི་གནས་སྐབས་དེ་ནི་མཚམས་ཀྱི་ཕྱི་རོལ་ཡིན་པའི་ཕྱིར་རོ། །དེ་ལ་སོགས་པ་གཞན་འགྱོད་པ་བསྐྱེད་པའི་དོན་དུ་ནི་སྨྲ་བར་བྱེད་ན་སྨྲ་བ་པོ་དེ་ལ་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ། །གཉིས་པ་ལྟུང་མེད་ནི། ལོ་མ་ཚང་བ་སོགས་བདེན་པའི་སྐྱོན་དུ་འགྱུར་བ་བརྗོད་པ་ན་ཉེས་པ་མེད་དོ། །བཅུ་བདུན་སྡེ་ལ་བཅས་པ་སོར་མོས་ག་ག་ཚིལ་བྱེད་པ་ལ་ལྟུང་བ་དང༌། ལྟུང་མེད་གཉིས་ལས། དང་པོ་ནི། བློ་ཆུང་ཞིང་གཞོན་པ་དག་གིས་དགེ་སློང་ལ་རྩེ་བའི་ཕྱིར་དུ་རང་གིས་སོར་མོ་གཅིག་གིས་ཀྱང་གཡའ་སྒོག་ན་ལྟུང་བྱེད་དུ་འགྱུར་ན་སོར་མོ་དུ་མས་གཡའ་སྒོག་པ་ལྟ་སྨོས་ཀྱང་ཅི་དགོས། གཉིས་པ་ལྟུང་མེད་ནི། ལུས་ཀྱི་གནས་འདི་ན་སྨེ་བ་ནག་པོ་དག་འདུག་གོ་ཞེས་སོར་མོས་སྟོན་པ་དག་ལ་ཉེས་པ་མེད་དོ། །གཞི་ལ་སོགས་པ་སྔ་མ་དང་ཆ་མཚུངས་སུ་སྦྱར། ཡང་གཞོན་ནུ་བཅུ་བདུན་སྡེ་ལ་བཅས་པ་ཆུ་ལ་རྩེ་བ་ལ་གཉིས་ལས། དང་པོ་ནི། དགའ་བ་དང་གཡེང་བས་ཆུ་ལ་རྩེད་མོ་དག་བྱེད་ན་ཟད་བྱེད་ཀྱི་ལྟུང་བར་འགྱུར་བ་ཡིན་ནོ། །རྩེ་ཚུལ་ནི། དེ་ཡང་ཆུའི་ཕ་རོལ་ཏུ་ཕར་བརྒལ་པ་དང༌། ཚུ་རོལ་དུ་ཚུར་བརྒལ་བར་བྱེད་པ་སོགས་སོ། །གཉིས་པ་ནི། ཆུ་ལ་བྱེ་མ་རྡོལ་བརྡེག་པ་དང༌། གསེག་མ་སོགས་བརྡེག་པ་ནི་ཉེས་བྱས་སོ། །འདི་ལ་ཡང་གཞི་ནི་འཇིག་རྟེན་ན་ཆུར་གྲགས་པ་ལ་བརླ་མན་ཆད་ནུབ་པའོ། །བསམ་པ་རྩེ་བར་འདོད་པའོ། །སྦྱོར་བ་བརྒལ་བར་རྩོམ་པའོ། །མཐར་ཐུག་བརྒལ་བ་ནའོ། །དགག་བྱ་སྲོག་ལ་གནོད་པའོ། །མ་འགགས་པ་ལ་བཅས་པ་བུད་མེད་དང་ལྷན་ཅིག་ཉལ་བ་ལ་གཉིས། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། བདག་པོ་སྐྱེས་པ་དང་ཁྲིམས་གྲོགས་ཀྱིས་མ་བསྲུངས་པའི་བུད་མེད་དང་ལྷན་ཅིག་ཏུ་ཁང་པའི་ནང་དུ་དགེ་སློང་གིས་ཉལ་དུ་མི་རུང་སྟེ། གལ་ཏེ་ཉལ་ན་ལྟུང་བ་བསྐྱེད་ལ། ཡང་བུད་མེད་དང་དགེ་སློང་གི་བར་གྱི་སྒོ་བཅིངས་ཏེ་དགེ་སློང་གི་ངོས་ནས་བསྡམས་ནས་ཉལ་བ་ལ་ནི་ཉེས་པ་མེད་དོ། །འདི་ལ་ཡང་གཞི་ནི་བདག་པོས་མ་བསྲུངས་པའི་བུད་མེད་དང་ལྷན་ཅིག་གནས་པའོ། །བསམ་པ་ཉལ་བར་འདོད་པ། སྦྱོར་བ་ཉལ་བར་རྩོམ་པ། མཐར་ཐུག་མཚན་མོའི་མཐའ་འདས་པ་ནའོ། །དགག་བྱ་འཁྲིག་པའི་རྒྱུར་འགྱུར་བའོ། །གཉིས་པ་བཤད་པ་ལ་བཞི་སྟེ། གྲོགས་ཀྱི་མཚན་ཉིད། གནས་ཀྱི་མཚན་ཉིད། སྦྱོར་བའི་མཚན་ཉིད། མཐར་ཐུག་གི་མཚན་ཉིད་དོ། །དང་པོ་ནི། བུད་མེད་དང་ཉལ་བའི་སྐབས་འདིར་ནི་ཁྲིམས་གྲོགས་ནི་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་དོན་གང་ཞིག་མ་ནོར་བར་སོ་སོར་རྟོགས་པ་དང་ལྡན་པའོ། །གང་ལྷན་ཅིག་ཏུ་ཉལ་བ་ན་ལྟུང་བ་བསྐྱེད་པའི་གཞི་བུད་མེད་ཅེས་པ་དེ་ནི་མིར་གཏོགས་པའི་མོ་ཡིན་ནོ་ཞེས་ཤེས་རབ་ལྡན་པས་ཡང་དག་གསུངས་སོ། །གཉིས་པ་གནས་ཀྱི་མཚན་ཉིད་ནི། གནས་སྟེང་ཐམས་ཅད་གཡོགས་པ་དང༌། མཐའ་ཐམས་ཅད་ཡོངས་སུ་བསྐོར་བ་ཞེས་སོགས་ཏེ། བྱ་བ་འདི་ཡང་སྔ་མ་ནུབ་ལྷག་གི་སྐབས་སུ་བསྟན་པ་བཞིན་ནོ། །གསུམ་པ་སྦྱོར་བའི་མཚན་ཉིད་ནི། ཉལ་བར་བརྗོད་པ་གང་ཡིན་པ་དེ་ནི་གློ་ས་ལ་ཕབ་པའོ། །བཞི་པ་མཐར་ཐུག་གི་མཚན་ཉིད་ནི། སྡོམ་བརྩོན་གཉིད་ཀྱིས་ནོན་པའི་དུས་སུ་གཉིད་ཀྱིས་རེག་པའི་རླུང་གིས་སྤར་བའི་ལྟུང་བྱེད་ཀྱི་མེ་གང་ཡིན་པས་དགེ་སློང་ཀུན་ནས་བསྲེག་པར་བྱེད་པ་ཡིན་ནོ། །མདོ་རྩ་བ་ལས། མཚན་མོའི་མཐར་སོན་ན་ལྟུང་བ་ཡིན་གྱི། ཉལ་བ་ཙམ་དང་གཉིད་ལོག་པ་ཙམ་ནི་མིན་ནོ་ཞེས་གསུངས་པ་ནི་དངོས་གཞི་མ་ཡིན་པ་ལ་དགོངས་སོ། །གཉིས་པ་ལྟུང་མེད་ནི། གནས་ཁང་ཁྱམས་ལ་སོགས་སུ་བུད་མེད་དག་གང་ན་ཡོད་པའི་སྐས་སོགས་བརྟུལ་ཞིང་སྲུང་བྱེད་ཀྱི་ཁྲིམས་གྲོགས་བཞག་ནས་དགེ་སློང་ཉལ་བ་ལ་ནི་སྨད་པ་མེད་དོ། །སྤྱིར་བསྲུང་བ་ལ་གསུམ་སྟེ། མདོ་རྩ་བ་ལས། སྒོ་བཅད་ནས་བསྐོར་བ་དང༌། སྲུང་བྱེད་དགེ་སློང་གཞན་གཞག་པ་དང༌། ཤམ་ཐབས་ཀྱི་མདུད་པ་བོར་བའོ་ཞེས་སོ། །ཁྱད་པར་དགེ་སློང་ཉིན་མོ་ཉལ་བའི་ཆོ་ག་ཡང་ནི་ཐབས་འདི་ཡིན་ཏེ། ཤམ་ཐབས་ཀྱི་སྣེ་མོ་ལ་མདུད་པ་བོར་ནས་ཉལ་བ་ནི་ཉེས་པ་མེད་པར་སྟོན་པས་རྗེས་སུ་གནང་ངོ༌། །བོར་པ་ལས་གཞན་དུ་མ་བོར་བར་ཉལ་ན་ཉེས་བྱས་སུ་འགྱུར་བ་ཡིན་ནོ། །འཆར་ཀ་ལ་བཅས་པ་སྡངས་བྱེད་ལ་གསུམ། དངོས་གཞི་དང༌། སེལ་བ་དང༌། ལྟུང་མེད་དོ། །དང་པོ་ནི། དགེ་སློང་རང་ངམ་གཞན་བསྐོས་པས་ཀྱང་རུང་སྟེ། དགེ་སློང་གཞན་སྔངས་པར་བྱེད་པ་སྟོན་པས་བཀག་གོ །བླ་མ་དང་སེམས་ཅན་ཀུན་ལ་མི་འཇིགས་པ་སྦྱིན་པར་མཛད་པའི་སངས་རྒྱས་ལ་དམིགས་ནས་གནོད་བྱེད་ཀྱི་ཤ་ཟ་དང༌། གནོད་སྦྱིན་ལ་སོགས་པའི་སྡིག་པ་ཅན་གྱི་གཟུགས་ནི་བཟུང་ནས་ཀྱང་དེའི་གཟུགས་དང་སྒྲ་དང་དྲི་རྣམས་ཀྱི་སྒོ་ནས་སྔངས་པར་བྱེད་པ་ལ་ཟད་བྱེད་ཀྱི་ལྟུང་བར་འགྱུར་རོ། །གཞི་ནི་འགྱོད་པ་བསྐྱེད་པ་དང་འདྲ་ལ། བསམ་པ་སྔངས་པར་བྱེད་པར་འདོད་པ། སྦྱོར་བ་འཇིགས་པ་བསྐྱེད་པ་ལ་འཇུག་པ། མཐར་ཐུག་དོན་གོ་བ་ནའོ། །དགག་བྱ་གཞན་གྱི་ལུས་སྲོག་ལ་གནོད་པའོ། །གཉིས་པ་སེལ་བ་ནི། གྱ་ནོམ་ལྷའི་གཟུགས་དང་དྲི་ཟ་དང་བྲམ་ཟེ་ལ་སོགས་འཇིགས་པ་ཡིས། ཁྱོད་ནི་བཟུང་ནས་གསད་ཅེས་བརྗོད་པས་གལ་ཏེ་ཕ་རོལ་པོ་དང་བརྡ་ཕྲད་ན་ཉེས་བྱས་ཡིན་ནོ། །གསུམ་པ་ལྟུང་མེད་ནི། གལ་ཏེ་གཞན་ལ་ཕན་པར་འདོད་པས་སྡིག་པ་བྱས་ན་མི་བཟད་པའི་སྡུག་བསྔལ་ཅན་དུ་ལྟུང་ངོ་ཞེས་པའི་འཇིགས་པ་བསྐྱེད་པའི་ཕྱིར་དུ་གལ་ཏེ་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་གཟུགས་སྟོན་པར་བྱེད་པ་ལ་ཉེས་པ་མེད་དོ། །དྲུག་སྡེ་ལ་བཅས་པ་སྦེད་པ་ནི། དགེ་སློང་གིས་དགེ་སློང་གཞན་གྱི་ལྷུང་བཟེད་དམ་ཆོས་གོས་ལ་སོགས་པའི་ཡོ་བྱེད་ཀྱི་དངོས་པོ་དུས་ནམ་དུ་ཡང་བཞད་གད་ཀྱི་དབང་དུ་བྱས་ནས་ས་དང་ལོ་མ་སོགས་ཀྱི་གསེབ་ཏུ་སྦེད་པ་ནི་བཀག་གོ །མདོ་རྩ་བ་ལས་ནི་དགེ་ཚུལ་གྱི་གོས་ལ་སོགས་པ་སྦས་ནའང་ལྟུང་བར་བཤད་དོ། །འདིར་ནི་དགེ་སློང་གི་ཞེས་བྱེ་བྲག་བཀར་ནས་གསུངས་པས་དགེ་སློང་དགོས་པར་མངོན་ནོ། །གཞི་ནི་དགེ་སློང་གི་འཚོ་བའི་ཡོ་བྱད་དོ། །བསམ་པ་སྦེད་པར་འདོད་པའོ། །སྦྱོར་བ་སྦེད་པ་ལ་ཞུགས་པ། མཐར་ཐུག་སྦེད་པ་གྲུབ་པ་ནའོ། །དགག་བྱ་མ་བྱིན་ལེན་སོགས་ཀྱི་རྒྱུར་འགྱུར་བ་སོགས་སོ། །ཉེ་དགའ་ལ་བཅས་པ་གདེང་མེད་པར་སྤྱོད་པ་ནི། དགེ་སློང་གིས་ཆོས་གོས་གཡར་བོར་བྱིན་པ་ལ་གདེང་མེད་པར་ལོངས་སྤྱོད་ན་ནི་ལྟུང་བྱེད་དོ། །གལ་ཏེ་དགེ་སློང་རང་གི་ཡིད་བརྟན་པའི་མཛའ་བོའམ་མཆོད་འོས་སམ་བླ་མས་ནི་གདེང་མེད་པར་སྤྱད་ཀྱང་ཉེས་པ་མེད་དོ། །འདི་ལ་ཡང་གཞི་ནི་གཡར་བའི་གོས་སོ། །བསམ་པ་གདེང་མེད་པར་སྤྱོད་པར་འདོད་པའོ། །སྦྱོར་བ་གདེང་མེད་པར་སྤྱོད་པར་རྩོམ་པའོ། །མཐར་ཐུག་གཞན་གྱི་གོས་ཉམས་པའོ། །དགག་བྱ་གཞན་ལ་གནོད་པའོ། །རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་ལ་བཅས་པ་གཞི་མེད་དུ་སྐུར་བ་འདེབས་པ་ནི། སྡོམ་བརྩོན་གྱིས་དགེ་འདུན་ལྷག་མའི་ཉེས་པས་དག་པའི་དགེ་སློང་གཞན་ལ་འདིས་དགེ་འདུན་ལྷག་མ་སྤྱད་དོ་ཞེས་པའི་ཚུལ་གྱིས་སྐུར་པ་འདེབས་པར་བྱེད་ན་སྐུར་པ་འདེབས་པ་པོ་ལ་ལྟུང་བྱེད་ཉིད་དུ་ངེས་པར་བསྟན་ཏོ། །ཕྱི་མ་ལྟུང་བྱེད་རྣམས་ཀྱིས་སྐུར་ན་ཉེས་བྱས་དང༌། ཉེས་བྱས་ཀྱིས་སྐུར་པ་འདེབས་ན་ཉེས་བྱས་ཕྲ་མོའོ། །གཞི་ནི་ལྷག་མ་བཅུ་གསུམ་གང་རུང་གིས་སྐུར་པ་འདེབས་པའོ། །ལྷག་མ་གཞན་ཕམ་པས་སྐུར་པ་འདེབས་པའི་སྐབས་བཞིན་ནོ། །ཐ་ག་པ་ཆད་ལ་ངན་གྱི་བུས་བུད་མེད་དང་འགྲོགས་ཏེ་ཕྱིན་པ་ལ་བཅས་པ་སྐྱེས་པ་མེད་པར་ལམ་དུ་འགྲོ་བ་ལ། ལྟུང་བ་དང༌། བསླབ་བྱ་དང༌། ལྟུང་མེད་དོ། །དང་པོ་ལ་དངོས་དང༌། སེལ་བ་གཉིས་ལས། དང་པོ་ནི། དགེ་སློང་གིས་ལམ་དུ་འགྲོ་བ་ན། བླང་དོར་གྱི་དོན་རིག་པའི་སྐྱེས་པ་ཁྲིམས་གྲོགས་སུ་ཡང་མེད་པར་ནི་བུད་མེད་དང་འགྲོགས་ནས་རྒྱང་གྲགས་ཀྱི་ཚད་ཙམ་དུ་འགྲོ་བར་མི་བྱ། ཅི་སྟེ་རྒྱང་གྲགས་གྱི་ཚད་ཙམ་དུ་འགྲོགས་ནས་འགྲོ་ན་དགེ་སློང་དེའི་སྤྱི་བོར་ལྟུང་བྱེད་ཀྱི་གནམ་ལྕགས་འབབ་པར་འགྱུར་རོ། །སྡོམ་བརྩོན་དགོན་པ་ལས་གྲོང་དེར་བུད་མེད་དང་འགྲོགས་ནས་རྒྱང་གྲགས་ཙམ་དུ་ནམ་སོང་བའི་དུས་སུ་ངེས་པར་ལྟུང་བྱེད་ཉིད་དུ་འགྱུར་རོ། །གཉིས་པ་སེལ་བ་ནི། གྲོང་གང་གི་ལམ་ཕྱེད་དུ་ཕྱིན་པ་ཙམ་ན་ཉེས་བྱས་ཙམ་དུ་བརྗོད་པ་ཡིན་ནོ། །འདི་ལ་ཡང་གཞི་ནི་ཁྱིམ་པ་མོ། བསམ་པ་ལམ་དུ་འགྲོགས་པར་འདོད་པའོ། །སྦྱོར་བ་ལམ་དུ་ལྷན་ཅིག་ཏུ་ཞུགས་པའོ། །མཐར་ཐུག་རྒྱང་གྲགས་འདས་པ་ནའོ། །དགག་བྱ་མི་ཚངས་སྤྱོད་ཀྱི་རྒྱུར་འགྱུར་བ་སོགས་སོ། །གཉིས་པ་བསླབ་བྱ་ནི། དགེ་སློང་རང་ཉིད་བུད་མེད་དང་སྔ་ཕྱིར་བྱས་ནས་ནི་བུད་མེད་ལམ་མི་ཤེས་པ་ལ་ལམ་བསྟན་པར་བྱའོ། །གསུམ་པ་ལྟུང་མེད་ནི། འཇིགས་པས་ཉམ་ང་བའི་ལམ་དུ་བུད་མེད་དག་ཁྲིད་ན་ལྟུང་བར་མི་འགྱུར་རོ། །བཅུ་ཚན་བརྒྱད་པ་ལ། སྡོམ་ནི། རྐུ་དང་ཉི་ཤུ་མ་ལོན་དང༌། །བརྐོ་དང་མགྲོན་དང་བསླབ་པ་དང༌། །འཐབ་དང་ཅི་སྨྲ་འགྲོ་བ་དང༌། །མི་གུས་ཆང་འཐུང་དུས་མིན་པའོ། །ཞེས་པའི་དང་པོ་མགྲོན་ལམ་དུ་འགྲོ་བའི་དགེ་སློང་ལ་བཅས་པ་རྐུན་མ་དང་ལྷན་ཅིག་འགྲོ་བ་ལ་བསྟན། བཤད་གཉིས་ཀྱི། དང་པོ་ནི། དགེ་སློང་གང་ཞིག་རྐུན་མའི་གྲོགས་དང་འགྲོགས་ནས་རྒྱང་གྲགས་འདས་པར་འགྲོ་ན་དེ་ལའང་ལྟུང་བྱེད་ཀྱིས་རེག་པར་འགྱུར་རོ། །འདི་ལའང་གཞི་ནི་ཆོམ་རྐུན་ནོ། །བསམ་པ་འགྲོགས་པར་འདོད་པའོ། །སྦྱོར་བ་ལམ་དུ་ལྷན་ཅིག་ཞུགས་པའོ། །མཐར་ཐུག་རྒྱང་གྲགས་འདས་པ་ནའོ། །དགག་བྱ་གཞན་མ་དད་པ་སོགས་ཀྱི་ཉེས་པའོ། །གཉིས་པ་བཤད་པ་ལ་གཉིས་ཏེ། ལྟུང་མེད་དང༌། མཚན་ཉིད་དོ། །དང་པོ་ནི། རྐུན་མ་དང་འགྲོགས་པའི་གནས་སྐབས་འདི་ལ་ཡང་ནི། གལ་ཏེ་བུད་མེད་དང་འགྲོགས་ནས་འགྲོ་བའི་སྐབས་སུ་སྔར་བསྟན་པ་བཞིན་སྔ་ཕྱིར་བྱས་ནས་སོང་ན་ཉེས་པ་མེད་དོ། །རྐུན་མ་མ་ཡིན་ཡང་གཡོ་སྒྱུ་ཅན་དང་འགྲོགས་ན་ཉེས་བྱས་སུ་བཤད་དེ། མདོ་རྩ་བ་ལས། ཟོལ་པ་དག་དང་འགྲོགས་ན་ཉེས་བྱས་སོ་ཞེས་སོ། །གཉིས་པ་མཚན་ཉིད་ནི། རྐུན་མ་དག་དང་འགྲོགས་ན་ཞེས་བཤད་པའི་རྐུན་མ་གང་ཞེ་ན། ཚོང་པའི་ཤོ་གམ་དང་གྲུ་རྫས་ལ་སོགས་པ་འཕྲོག་པར་བྱེད་པ་སོགས་ནི་རྐུན་མར་འདོད་ན། གྲོང་འཇོམས་པ་དང་ལམ་དུ་འགྲོན་པོ་སོགས་གང་དག་འཇོམས་པར་བྱེད་པའི་དྲག་པོ་ཆོམ་རྐུན་པ་སོགས་ནི་རྐུན་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། མོའུ་གལ་གྱི་བུ་ལ་བཅས་པ་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ་ལ་བཞི་སྟེ། བསྙེན་པར་རྫོགས་པར་མི་རུང་བའི་རྒྱུ་མཚན། བསྙེན་པར་རྫོགས་པར་བྱས་པའི་ལྟུང་བ། བསམ་པའི་ཁྱད་པར་གྱིས་ལྟུང་བ་མེད་པ་དང༌། བྱ་བ་ཐམས་ཅད་ལ་ངེས་པས་འཇུག་པའོ། །དང་པོ་ནི། ལོ་ནི་ཉི་ཤུ་མ་ལོན་པ་འདི་བསྙེན་པར་རྫོགས་པར་མི་བྱ་བར་ལུང་ལས་བརྗོད་དེ། དོན་གང་གི་ཕྱིར་ན། བཀྲེས་སྐོམ་ལ་སོགས་པའི་གནོད་པ་མི་བཟོད་ཅིང༌། མི་བརྟན་པའི་ལུས་དང་བློ་ཅན་ཡིན་པའི་ཕྱིར། འདི་ལའང་གཞི་ནི་སྐྱེས་པ་ལོ་ཉི་ཤུ་མ་ལོན་པའོ། །བསམ་པ་ལོ་ཉི་ཤུ་མ་ལོན་པར་ཤེས་པའོ། །སྦྱོར་བ་བསྙེན་པར་རྫོགས་པར་རྩོམ་པའོ། །མཐར་ཐུག་བརྗོད་པ་གསུམ་པ་རྫོགས་པ་ནའོ། །དགག་བྱ་སྡོམ་པ་གནས་པའི་བར་ཆད་དོ། །གཉིས་པ་ནི། བསྙེན་པར་རྫོགས་པར་བྱས་པའི་ལྟུང་བ་བསྒྲུབ་བྱ་གང་ཞིག་ལོ་མ་ཚང་བར་སྨྲ་བ་དག་དེར་མ་ཟད། མཁན་པོས་ལོ་མ་ཚང་བ་ལ་དེར་ཤེས་བཞིན་དུ་ཡང་བསྙེན་པར་རྫོགས་པར་བྱེད་ན་རྫོགས་པར་བྱེད་པ་པོའི་མཁན་པོ་དེ་དག་ཟད་བྱེད་ཀྱི་ལྟུང་བར་ལྡན་ནོ། །ལོ་ཚང་མ་ཚང་ཐེ་ཚོམ་ཟོས་པ་ཉིད་ཀྱིས་ཀྱང་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བར་བརྗོད་དོ། །གསུམ་པ་བསམ་པའི་ཁྱད་པར་གྱིས་ལྟུང་བ་མེད་པ་ནི། བསྒྲུབ་བྱ་གང་ཞིག་ལོ་མ་ཚང་ཡང་ཚང་བར་རློམ་པའི་བློས་ལོ་ནི་ཚང་བར་སྨྲས་པ་ལ་བརྟེན་ནས་མཁན་པོས་བསྙེན་པར་རྫོགས་པར་བྱས་པ་ལ་ལྟུང་བ་ཡོད་པ་མ་ཡིན་ནོ། །མཁན་པོས་ལོ་ཚང་བ་ལ་ཚང་བར་འདུ་ཤེས་པ་དང་བསྒྲུབ་བྱ་གང་ཡང་ལོ་ཚང་བར་སྨྲ་བ་དག་ལ་བསྙེན་པར་རྫོགས་པར་བྱས་ཀྱང་ལྟུང་བ་མེད་དོ། །མཁན་པོས་ཚང་བར་ངེས་ན་བསྒྲུབ་བྱ་ཐེ་ཚོམ་སྐྱེས་པ་ཅན་ཉིད་ཀྱིས་ཀྱང་ཚང་བར་སྨྲ་བ་ལ་ཡང་བསྙེན་པར་རྫོགས་པར་བྱེད་པ་དེ་ལ་ལྟུང་བ་མེད་པ་ཉིད་དོ། །སྔ་འགྱུར་ལས། ཐེ་ཚོམ་སྐྱེས་ཀྱང་སྨྲ་བ་ལ། །ཞེས་འབྱུང་བ་ལེགས་སོ། །བཞི་པ་བྱ་བ་ཐམས་ཅད་ལ་ངེས་པར་འཇུག་པ་ནི། གོང་དུ་བསྟན་པ་དེ་ལྟར་བྱ་བ་རྣམས་ལ་འདུ་ཤེས་གཙོ་ཆེ་ཞེས་པ་འདིར་ནི་བསྙེན་པར་རྫོགས་པ་ལ་མཚོན་ནས་ཕྱོགས་ཙམ་ཞིག་མདོར་བསྡུས་ནས་བསྟན་པ་ཡིན་ནོ། །བསྟན་པ་དེས་ན་བརྟུལ་ཞུགས་དང་བཅས་པའི་བློ་ལྡན་རྣམས་ཀྱིས་བྱ་བ་ལ་འཇུག་པ་ན་ཤིན་ཏུ་ངེས་པ་དང་བཅས་པས་བྱའོ། །མདོ་རྩ་བ་ལས། འདུ་ཤེས་གཙོ་ཆེ་ཞེས་གསུངས་པའི་དོན་ཐམས་ཅད་འདི་ལ་དགོངས་པ་ཡིན་ནོ། །དྲུག་སྡེ་ལ་བཅས་པ་ས་བརྐོ་པ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། དགེ་སློང་གིས་ཤེས་བཞིན་དུ་རང་གིས་ས་མི་བརྐོའོ། །གཞན་ཡང་བརྐོར་མི་གཞུག་གོ །སོ་ཕག་འབའ་ཞིག་པ་དག་དང༌། ཕྱོགས་ཀུན་ནས་བྱེ་མ་ཉིད་ཡིན་ན་ཉེས་པ་མེད་དོ། །འདི་ལའང་གཞི་ནི་འཇིག་རྟེན་ལ་གྲགས་པའི་སའོ། །བསམ་པ་བརྐོ་བར་འདོད་པའོ། །སྦྱོར་བ་རང་ངམ་གཞན་བསྐོས་ནས་བརྐོར་གཞུག་པའོ། །མཐར་ཐུག་གཞི་དང་བྲལ་བའོ། །དགག་བྱ་སྲོག་ཆགས་ལ་གནོད་པའོ། །གཉིས་པ་བཤད་པ་ལ་གསུམ་སྟེ། གཞིའི་མཚན་ཉིད་དང༌། སྦྱོར་བའི་དབྱེ་བ་དང༌། ཀུན་སློང་གི་སེལ་བའོ། །དང་པོ་ནི། ས་ནི་རྣམ་པ་གཉིས་སུ་གྲགས་ཏེ། གཉིས་གང་ཞེ་ན། བརྐོས་པའི་རྗེས་སུ་ཆར་བས་སྲ་བར་བསྐྱེད་པར་བྱེད་པ་དང༌། བསྐྱེད་པར་བྱེད་པ་མ་ཡིན་པའོ། །ཆར་འབབ་པའི་རྗེས་སུ་གྱུར་པ་ལ་ཟླ་བ་དྲུག་གིས་སྲ་ཞིང་འཐས་པར་སྐྱེ་བ་སྟེ། འདིར་བརྐོས་པས་ལྟུང་བ་བསྐྱེད་པ་ལ་ནི་སྐྱེད་བྱེད་ཀྱི་སར་ངེས་པ་ཡིན་ནོ། །ས་མང་ཞིང་བྱེ་མ་ཉུང་བ་བརྐོས་ན་ཡང་ལྟུང་བྱེད་དོ། །བྱེ་མ་ལྷག་པར་བྱས་པ་དང༌། གསེག་མ་དང་ནི་རྡོ་བ་ལྷག་པར་བྱས་པའི་ས་ལ་བརྐོས་ན་ཉེས་བྱས་སུ་འགྱུར་ཏེ། སླར་སྲ་བར་མི་སྐྱེ་བའི་ཕྱིར་རོ། །སྲ་བར་སྐྱེ་མི་སྐྱེའི་བྱེ་བྲག་གིས་ལྟུང་བྱེད་དང་ཉེས་བྱས་གཉིས་སུ་འདུལ་བའི་དེ་ཁོ་ན་ཉིད་རིག་པས་བཤད་དོ། །གཉིས་པ་སྦྱོར་བའི་དབྱེ་བ་ནི། ས་གཞི་འཐས་པ་དང༌། རྩིག་པའི་ངོས་ལ་ཕུར་པ་བརྡེགས་ན་ལྟུང་བྱེད་ཡིན་ནོ། །ཕུར་པ་དེ་ཉིད་འདོན་པར་བྱེད་པ་དང༌། གནོན་པ་དང་སའི་འདམ་བསྐྱོད་པར་བྱེད་པ་ལ་ཉེས་བྱས་སོ། །སྔ་འགྱུར་ལས། དེ་ནི་འདོན་པར་བྱེད་པ་དང༌། །ཞེས་པ་ལྟར་ལེགས་སོ། །ཕུར་པ་བརྡེག་པ་ལ་ལྟུང་བྱེད་ཡིན་པ་དེ་བཞིན་དུ་རྩིག་པའམ་ངོས་ཀྱི་ཞལ་ཞལ་ལམ། ཆུ་ངོགས་རྡེབ་པར་བྱེད་ནའང་ཟད་བྱེད་ཀྱི་ལྟུང་བར་འགྱུར་རོ། །ས་ཆད་པའམ་གས་པའམ་ཉིལ་ནས་ཉམས་པ་ལའང་རྐོ་བར་བྱེད་ན་ཉེས་བྱས་སུ་འདོད་དོ། །གསུམ་པ་ཀུན་སློང་གི་སེལ་བ་ནི། འགྲོ་བར་འདོད་པས་རྐང་པ་བཏེག་པའི་ཞར་ལ་ཆུ་འགྲམ་གྱི་འདམ་བསྐྱོད་པ་ལ་ནི་ཉེས་པ་མེད་དོ། །རྩིས་ཀྱི་དོན་དུ་རི་མོ་ནི་སའམ་རྩིག་ངོགས་སུ་འབྲི་བ་དང༌། སྐྱེད་མོས་ཚལ་ལ་སོགས་པར་རྒྱུ་བ་ན་ས་འཇིག་པ་མིན་ན་ཆར་པའི་དུས་སུ་སའི་ངོས་ལ་རི་མོ་འབྲི་བ་རུང་བ་ཉིད་ཡིན་ནོ། །སྔ་འགྱུར་ལས། འཇིག་པ་མེད་ན་ཆར་པ་ཡི། །དུས་སུ་རུང་བ་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར་ལེགས་སོ། །སེར་སྐྱར་དྲུག་སྡེ་ལ་བཅས་པ་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པ་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ལ་བསྟན། བཤད་གཉིས་ལས། བསྟན་པ་ནི། སྦྱིན་བདག་གིས་མགྲོན་དུ་བོས་པ་ན། དབྱར་གྱི་ཟླ་བ་བཞི་ལས་ནི་ལྷག་པར་འདུག་པར་ཁས་མི་བླང་ངོ༌། །འདི་ལ་གཞི་ནི་སྦྱིན་བདག་གིས་མགྲོན་དུ་གཉེར་བའོ། །བསམ་པ་ཟླ་བ་བཞི་ལས་ལྷག་པར་ཡང་འདུག་ནས་ཟ་བར་འདོད་པའོ། །སྦྱོར་བ་ཟས་བླངས་པའོ། །མཐར་ཐུག་མགུལ་དུ་མིད་པ་ནའོ། །དགག་བྱ་ཆོག་མི་ཤེས་པ་སོགས་སོ། །གཉིས་པ་བཤད་པ་ལ་བཞི། གནང་བའི་དུས་བསྟན་པ་དང༌། དུས་ལས་འདས་པའི་ལྟུང་བ་དང༌། སྦྱོར་བའི་དབྱེ་བ་དང༌། གཞིའི་དབྱེ་བའོ། །དང་པོ་ནི། རྒྱལ་པོའི་ཁབ་ཏུ་གཟུགས་ཅན་སྙིང་པོས་སྟོན་པ་འཁོར་དང་བཅས་པ་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་པ་ན། ཕྱིས་ལྷག་པ་རྣམས་བདག་ཅག་མ་བོས་སྙམ་ནས་བསོད་སྙོམས་བྱས་པས་སྦྱིན་བདག་གིས་ཡང་ཡང་མགྲོན་དུ་འབོད་དོ་ཞེས་པ་དང༌། གཤེགས་སྟོན་ལ་བོས་པའི་ཕྱིར་ཉིན་བསོད་སྙོམས་བྱས་པས་རྟག་ཏུ་མགྲོན་དུ་བོས་པ་དང༌། རྒྱལ་པོ་བྱ་བྱེད་མང་ལ། བདག་ཅག་བྱ་བྱེད་ཉུང་བས་མི་མཐུན་སྙམ་ནས་འབོད་པ་ལ་མ་ཕྱིན་པར་བསོད་སྙོམས་བྱས་པས་རྒྱལ་པོས་དུས་ཀྱི་མགྲོན་དུ་འབོད་ཅེས་པ་དང༌། པི་ལིན་ཏའི་བུས་སྔ་རོལ་དུ་རང་གི་མག་པ་བྲམ་ཟེས་ཟླ་བ་བཞིར་བོས་པས་རྒྱལ་པོས་འབོད་པ་ལ་མ་ཕྱིན་པ་ན། སྦྱིན་བདག་སོ་སོས་སོ་སོ་མགྲོན་དུ་འབོད་པ་ལ་ནི་གཉིས་ཀ་བསྡོམས་པས་དུས་ལས་ལྷག་པར་ཟོས་ཀྱང་ལྟུང་བ་སྐྱེད་པ་ལ་མ་གཏོགས་སོ། །གཟུགས་ཅན་སྙིང་པོས་སྟོན་པ་འཁོར་དང་བཅས་པ་ཟླ་བ་བཞིར་སྤྱན་དྲངས་པའི་རྗེས་སུ། པི་ལིན་ཏའི་བུ་ལ་རང་གི་གཉེན་གྱིས་མགྲོན་དུ་བོས་པ་ན། སྔར་རྒྱལ་པོས་མ་བོས་སོ་ཞེས་སྨྲས་ནས་མ་གནང་ཞིང༌། སྟོན་པ་ལ་རང་གི་གཉེན་གྱི་སར་ཟླ་བ་བཞི་འགྲོའམ་ཞེས་ཞུས་པས་སྟོན་པས་གནང་བས་སྦྱིན་བདག་སོ་སོས་སོ་སོ་མགྲོན་དུ་བོས་པ་ལ་ནི་ལྟུང་བ་བསྐྱེད་པ་ལ་མ་གཏོགས་སོ་ཞེས་བྱའོ། །སྦྱིན་བདག་གཅིག་གིས་མགྲོན་དུ་བོས་པ་ན་ཟླ་བ་བཞི་ལས་ལྷག་ན་ལྟུང་བ་བསྐྱེད་པར་འགྱུར་པ་ཡིན་གྱི། སྦྱིན་བདག་སོ་སོས་སོ་སོར་བོས་ནས་གཉིས་ཀ་ལ་ཕྱིན་པ་ལ་ནི་མ་ཡིན་ནོ་ཞེས་པའི་དོན་ནོ། །ཡང་ཡང་བོས་པ་སོགས་བཞི་པོ་གང་ཞེ་ན། གནས་གང་དུ་རྟག་ཏུ་མགྲོན་དུ་གཉེར་བས་འབོད་པ་གང་ཡིན་པ་ནི་རྟག་ཏུ་འབོད་པ་ཉིད་དུ་འདོད་དོ། །དགེ་སློང་ཐ་དད་པ་རྣམས་སྦྱིན་བདག་ཐ་དད་ཀྱིས་ཐ་དད་དུ་བོས་པ་ནི་སོ་སོར་མགྲོན་དུ་བོས་པ་ཉིད་དུ་བརྗོད་དོ། །སྔ་འགྱུར་ལས། སོ་སོར་མགྲོན་དུ་འབོད་པ་ནི། །སོ་སོར་ཐ་དད་ཉིད་ལ་བརྗོད། །ཅེས་འབྱུང་བ་ལྟར་ལེགས་སོ། །དུས་སུ་འབོད་པ་ནི། ཇི་སྲིད་བསོད་སྙོམས་འདོད་པའི་དུས་སུ་འབོད་པའོ། །ཡང་ཡང་དུ་འབོད་པ་ཞེས་བརྗོད་པ་ནི་ཡང་ཡང་མགྲོན་དུ་གཉེར་བའོ། །གཉིས་པ་དུས་ལས་འདས་པའི་ལྟུང་བ་ནི། གནས་སྐབས་བཞི་པོ་འདི་དག་ཏུ་མགྲོན་དུ་བོས་པ་མ་གཏོགས་པར་དུས་ལས་འདས་པར་འདུག་ན་གསལ་པོར་ལྟུང་བྱེད་ཉིད་དུ་བརྗོད་དོ། །གསུམ་པ་སྦྱོར་བའི་དབྱེ་བ་ནི། སྡོམ་བརྩོན་དག་གིས་ཟས་གྱ་ནོམ་པ་ལ་བོས་བཞིན་དུ་ཟས་དམན་པ་སློང་བར་བྱེད་ན་སློང་བའི་ཚེ་ན་ཉེས་བྱས་དང༌། ཟས་དེ་ལོངས་སྤྱོད་པའི་དུས་ནའང་ཉེས་བྱས་སོ། །ཟས་དམན་པ་ལ་བོས་པ་ན་ཟས་བཟང་པོ་སློང་བ་ནི་ཇི་སྲིད་སློང་བའི་དུས་སུ་ཉེས་བྱས་ཡིན་ལ། དངོས་སུ་ལོངས་སྤྱོད་པ་ལ་ནི་ཟད་བྱེད་ཀྱི་ལྟུང་བར་བརྗོད་པ་ཡིན་ནོ། །བཞི་པ་གཞིའི་དབྱེ་བ་ནི། འོ་མ་ལ་མགྲོན་དུ་བོས་པའི་དུས་སུ་ཤ་དང་ཞོ་སློང་བ་དང༌། ཡང་ན་འོ་མ་ལ་བོས་པའི་དུས་སུ་མར་སློང་ན་སློང་བའི་ཚེ་ན་ཉེས་བྱས་ཏེ། ཟོས་ན་ནད་པ་མ་གཏོགས་པ་ལ་ལྟུང་བྱེད་དོ། །གཉིས་པ་ལྟུང་མེད་ནི། སྦྱིན་བདག་དད་པ་ཆེན་པོ་དང་ལྡན་པ་དང༌། ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་སྦྱིན་པ་གཏོང་བར་ལ་ཞུམ་སེམས་སམ་འཇིགས་པ་མེད་པའི་བློ་དང་ལྡན་པ་དེ་ལ་ནི་དུས་ལས་ལྷག་པར་དང་དུ་ལེན་པ་ལ་བཀག་པ་མེད་དེ། ཡུན་རིང་དུ་སྦྱིན་བདག་གི་བསོད་ནམས་སྤེལ་བའི་ཕྱིར་དུའོ། །རྒྱལ་པོའི་ཁབ་ཏུ་དྲུག་སྡེ་ལ་བཅས་པ་བསླབ་པ་ལ་ཉེར་འཇོག་སྤོང་པ་ལ་གསུམ་སྟེ། ལྟུང་བ་དང༌། བསླབ་བྱ་དང༌། ལྟུང་མེད་དོ། །དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། མགྲོན་ལ་རིང་དུ་འདུག་པའི་བསླབ་བྱ་སྒྲོག་པ་ལ་ལམ་དུ་བུ་ཆུང་བཏང་བས་ལམ་དུ་དྲུག་སྡེ་དང་ཕྲད་པས་མགྲོན་དུ་ཡུན་རིང་དུ་འདུག་པའི་བསླབ་པ་འདི་ལ་ཁྱོད་ཀྱིས་བསླབ་པར་བྱ་ཞེས་གང་གི་ཚེ་དགེ་སློང་གིས་རབ་ཏུ་བསྐུལ་བ་དེའི་ཚེ་ལན་དུ་དྲུག་སྡེ་དག་གིས་སྒྲོག་པ་པོ་དེ་ལ་ཁྱོད་ནི་བྱིས་པའོ། །རྨོངས་པའོ་ཞེས་སོགས་ཀྱིས་སྨོད་ན་བློ་ཆུང་དེ་ནི་ལྟུང་བྱེད་ཀྱི་དབྱུག་པ་ཕོག་ནས་ངེས་པར་འགྱེལ་བར་འགྱུར་རོ། །སྔ་འགྱུར་ལས། དེ་ལ་བྱིས་པ་སོགས་ཀྱིས་སྨོད། །ཅེས་པ་ལྟར་ལེགས་སོ། །འཇིགས་པ་ནི་གནས་ངན་སོང་དུ་ལྟུང་ཞིང་དམྱལ་བའི་མེ་རབ་ཏུ་འབར་བའི་སྒོ་ནས་ནི་མེ་དེ་ཡིས་བློ་གཡེང་བར་འགྱུར་རོ། །འདི་ལའང་གཞི་ནི་དགེ་སློང་གི་སྡོམ་པ་དང་ལྡན་པས་བསླབ་པ་ལ་སློབ་པར་བསྐུལ་བའོ། །བསམ་པ་སྐུལ་བ་པོ་ལ་སྨོད་པར་འདོད་པའོ། །སྦྱོར་བ་དག་གིས་སྨོད་པའོ། །མཐར་ཐུག་ཕ་རོལ་པོས་དོན་གོ་བ་ནའོ། །དགག་བྱ་བསླབ་པ་ལ་མ་དད་པ་སྐྱེ་བའོ། །གཉིས་པ་བཤད་པ་ནི། བྱིས་པ་དང་རྨོངས་པ་སོགས་སྨོས་པའི་དོན་ཅི་ཞེ་ན། བྱིས་པ་ཞེས་བྱ་བ་ནི་ངན་སེམས་ཅན་ཞེས་བྱ་བའི་དོན་ནོ། །རྨོངས་པ་ཞེས་པའི་དོན་ནི་མདོ་སྡེ་དང་མངོན་པ་སོགས་ལ་མི་མཁས་པའོ། །མི་གསལ་བ་ཞེས་པ་དེ་ནི་འདུལ་བའི་ཚིག་ལ་སྟེ། མི་མཁས་པ་ཞེས་པ་ནི་འདུལ་བའི་དོན་ལའོ། །སྔ་འགྱུར་ལས། མི་མཁས་དེ་ནི་དོན་ལའོ། །ཞེས་སོ། །བསླབ་བྱ་ཡིན་པར་ཤེས་བཞིན་དུ་སྐུལ་བ་པོ་ལ་བྱིས་པ་དང་རྨོངས་པ་སོགས་ཀྱི་ཚིག་རྣམས་ལས་ནི་རེ་རེས་ཀྱང་བཟློག་པ་ན་དམྱལ་བའི་མེར་འཇུག་པར་བྱེད་པའི་ལྟུང་བྱེད་ཀྱིས་ནི་དགེ་སློང་ངན་སོང་དུ་ལྟུང་ངོ༌། །སྔ་འགྱུར་ལས། བྱིས་དང་རྨོངས་སོགས་ཚིག་ལས་ནི། །རེ་རེ་ཡིས་ཀྱང་བཟློག་པ་ན། །དམྱལ་བའི་མེར་ནི་འཇུག་བྱེད་པའི། །ལྟུང་བྱེད་ཀྱིས་ནི་དགེ་སློང་ལྟུང༌། །ཞེས་འབྱུང་བ་ལྟར་ལེགས་སོ། །གཉིས་པ་བསླབ་བྱ་ནི། གང་ལ་སྨྲ་བར་བྱ་བའི་ཡུལ་དེ་ཡིས་བསླབ་པ་སྒྲོག་པ་པོ་དེའི་ཚིག་བཟུང་ནས་ནི་མཁས་པ་དག་ལ་དོན་ཡིན་མིན་འདྲི་བར་བྱས་ནས་མཁས་པའི་ཚིག་གིས་རྣམ་པར་ཕྱེ་བའང་བྱ་བ་སྟེ། ཅིའི་ཕྱིར་ཞེ་ན། དེ་ནི་ལོང་བ་དང་འདྲ་བ་རྣམས་ཀྱིས་ཚད་མར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ལྟུང་མེད་ནི། ཡང་ན་རང་ཉིད་མཁས་པ་མིན་ཡང་གཞན་གྱིས་བསླབ་པ་ལ་བསྒོ་བ་དེ་དག་བརྫུན་པ་ཉིད་དུ་ཤེས་ན་ནི་གཞན་ཡང་བྱིས་པ་ཞེས་པ་དང་རྨོངས་པ་ཞེས་པ་ལ་སོགས་པའི་ཚིག་གིས་ཀྱང་བདེན་པའི་དོན་སྨྲ་བ་ལ་ཉེས་པ་མེད་དོ། །སྔ་འགྱུར་ལས། བདེན་པར་སྨྲ་ལ་ཉེས་པ་མེད། །ཅེས་གསུངས་སོ། །ཉེ་དགའ་ལ་བཅས་པ་ཉན་རྣ་བྱེད་པ་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། འཆར་ཀས་དགྲ་བཅོམ་པ་ཐོབ། ནབས་སོ་དང་འགྲོ་མགྱོགས་གཉིས་དུས་ལས་འདས། འདུན་པ་ཀཽ་ཤཱམྦིར་སོང༌། དགའ་བོ་དང་ཉེར་དགའ་དགེ་འདུན་གྱི་དབུས་ན་འདུག་པའི་ཚེ་ན། ཉེ་དགའ་ལ་རྩོད་ཕྱིར་གྲོས་བྱེད་པ་དག་ལ་ཉེ་དགས་ཉན་རྣ་བྱས་པ་ལ་བཅས་པ་སྟེ། ཕན་ཚུན་སེམས་མི་མཐུན་པའི་དགེ་སློང་གང་ལ་གླགས་སམ་ཀླན་ཀའི་སྐབས་འཚོལ་ཞིང་ཅོ་འདྲི་བར་བྱེད་པའི་གྲོས་རྩོམ་པ་ལ་ཁ་རོག་པ་ཉན་ནས་འདུག་ན་ནི་དགེ་སློང་དེ་ཡང་ལྟུང་བྱེད་དག་དང་ཡང་དག་ལྡན་ནོ། །སྔ་འགྱུར་ལས། ལྟུང་བྱེད་དག་དང་ཡང་དག་ལྡན། །ཞེས་སོ། །གཞི་ནི་དབེན་པར་བདག་ཉིད་ལ་རྩོད་པའི་ཕྱིར་དགེ་སློང་རྣམས་གྲོས་བྱེད་པ། བསམ་པ་ཉན་རྣ་བྱེད་པར་འདོད་པ། སྦྱོར་བ་ཉན་རྣ་བྱེད་པ་ལ་ཞུགས་པ། མཐར་ཐུག་དོན་གོ་བ་ནའོ། །དགག་བྱ་ཞེ་སྡང་འཕེལ་བའོ། །གཉིས་པ་བཤད་པ་ལ་གཉིས། སེལ་བ་དང༌། དངོས་གཞིའོ། །དང་པོ་ནི། གནས་ཁང་དང་ཁྱམས་ལ་སོགས་པར་གཞན་གསང་གཏམ་དག་བྱེད་པའི་ཚེ་སེ་གོལ་སོགས་ཀྱི་སྒྲ་བརྡ་མ་བྱས་པར་ཞུགས་པས་ན་སྒྲ་དོན་གྱི་གཙོ་བོ་ནི་གོ་བར་མ་ཐོས་ཀྱང་སྒྲ་ཉན་པ་ཙམ་ལ་ཉེས་བྱས་སུ་འགྱུར་རོ། །གཉིས་པ་དངོས་གཞི་ནི། དེ་ལྟར་ཁང་བཟང་དང་སྐས་དང་སྒོ་དང་ལམ་དུ་འཇུག་པའི་ཚེ་སྔར་བཤད་པ་དེ་ལྟར་ཉན་རྣ་བྱེད་ན་ཚུལ་ལྡན་ལ་ལྟུང་བྱེད་དེ། སྔར་ཕན་ཚུན་མི་མཐུན་ཞེས་པ་དང༌། སྒྲ་བརྡ་མ་བྱས་པར་ཞེས་པའི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་ལྟུང་མེད་ནི། འཐབ་མོ་ཞི་བར་བྱ་བའི་ཕྱིར་དུ་ཉན་རྣ་བྱེད་པ་ལ་ནི་ཉེས་པ་མེད་དོ། །དགའ་བོ་ལ་བཅས་པ་མི་སྨྲ་བར་འགྲོ་བ་ནི། གསོལ་བའི་ལས་དང༌། སོགས་པ་བརྗོད་པའི་ལས་ཆོས་ནི་གཏན་ལ་འབེབས་པའི་གཏམ་བྱེད་པའི་ཚེ་སྡོམ་བརྩོན་གྱིས་ལས་གྲལ་གྱི་དགེ་སློང་གཞན་ལ་མི་སྨྲ་བར་ལས་དེ་བོར་ནས་འགྲོ་བར་མི་བྱའོ། །གལ་ཏེ་འགྲོ་ན་ལས་ཀྱི་གེགས་སུ་མ་གྱུར་ཏམ་ཞེས་བསམ་པས་གཞན་ལ་རབ་ཏུ་བསྒོ་བར་བྱའོ། །དགེ་སློང་གིས་ཚུལ་དེ་ལྟར་མི་བྱེད་ན་མྱུར་དུ་ལྟུང་བྱེད་ཀྱི་རྒྱ་མཚོར་ལྟུང་ངོ༌། །ཆོས་དང་མི་མཐུན་པའི་ལས་ལ་ནི་སོང་ཡང་ཉེས་བྱས་སོ། །གཞི་ནི་དགེ་སློང་གི་ཆོས་ལྡན་གྱི་ལས་ལ་འདུན་པ་མ་ཕུལ་བའོ། །བསམ་པ་འདུན་པ་མ་ཕུལ་བར་འགྲོ་བར་འདོད་པའོ། །སྦྱོར་བ་འགྲོ་བ་ནའོ། །མཐར་ཐུག་ཉེ་འཁོར་ལས་འདས་ནའོ། །དགག་བྱ་དགེ་འདུན་གྱི་ལས་མི་འཆགས་པའོ། །རྒྱལ་པོའི་ཁབ་ཏུ་གླང་ཆེན་ལྷས་ཀྱི་བུ་ནག་པ་ལ་བཅས་པ་མ་གུས་པ་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ལ་བསྟན་བཤད་གཉིས་ལས། བསྟན་པ་ནི། དགེ་འདུན་གྱིས་ཚུལ་བཞིན་དུ་བསྒོ་བ་ལ་ཤད་སྦྱང་མ་བྱས་པར་མ་གུས་པས་གཅོག་ན་ལྟུང་བྱེད་དོ། །གཉིས་པ་བཤད་པ་ནི། ཡུལ་དགེ་འདུན་དང་གང་ཟག་གཉིས་ལས་དགེ་འདུན་ལ་མ་གུས་པ་ནི་ལྟུང་བྱེད་དུ་བརྗོད་དོ། །གང་ཟག་དག་ལ་ནི་ཉེས་བྱས་སོ། །ཡང་དགེ་འདུན་གྱི་ནང་ན་གཙུག་ལག་ཁང་སྐྱོང་གི་ཚིག་ནི་དགེ་འདུན་གྱི་ཚིག་དང་འདྲ་བས་ཚིག་ནི་རབ་ཏུ་བཟློག་ན་ལྟུང་བར་འགྱུར་རོ། །སྔ་འགྱུར་ལས། དགེ་འདུན་ནང་ན་དགེ་བསྐོས་ཀྱི། །ཚིག་ནི་རབ་ཏུ་བཟློག་པ་ཡང༌། །ཞེས་འབྱུང་བ་ལྟར་ན། དགེ་འདུན་གྱི་ནང་ན་དགེ་བསྐོས་ཀྱི་ཚིག་ནི་དགེ་འདུན་གྱི་ཚིག་དང་འདྲ་བས་དགེ་སློང་གཞན་གྱིས་བཟློག་པ་ཡང་ལྟུང་བྱེད་དོ། །སྔ་འགྱུར་ལས། དོན་མེད་པ་ཡི་ཚིག་ལ་ནི། །ཞེས་གསུངས་སོ། །དགེ་འདུན་ལས་གཞན་བླ་མ་དང་དགེ་འདུན་གྱི་ནང་ནས་རྒན་པོ་དང་གང་ཟག་གཞན་གྱི་ཚིག་ལ་བཟློག་ཀྱང་ལྟུང་བྱེད་མིན་ནོ། །གཉིས་པ་ལྟུང་མེད་ནི། དོན་མེད་པའི་ཚིག་ལ་རབ་ཏུ་བསྒོ་བ་ལ་ནི་རིགས་པས་ཤད་ཀྱིས་སྦྱང་བ་ཡི་སྒོ་ནས་ཟློག་པར་བྱེད་ན་སྨྲ་བ་པོ་ལ་ནི་འདིར་ལྟུང་བ་མེད་པར་གསུངས་པ་ཡིན་ནོ། །ཁྱིམ་བདག་རྟོགས་ལྡན་གྱི་བུ་ལེགས་འོངས་ལ་བཅས་པ་ཆང་འཐུང་བ་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ནི། འབྲུའམ་བཅོས་པའི་ཆང་མྱོས་པར་འགྱུར་བ་དག་ནི་ཀུ་ཤའི་རྩེ་མོ་ཙམ་ཡང་འཐུང་བ་སྤང་ངོ༌། །ཆང་དེ་དག་རང་གིས་འཐུང་ངམ་གཞན་ལ་སྟེར་བ་ཡང་སྟེར་བ་དང་འཐུང་བ་གཉིས་ཀ་བག་མེད་པའི་ཁང་ཆེན་དུ་འཇུག་པ་ཡིན་ནོ། །གལ་ཏེ་ཁའི་ནད་སེལ་བ་ལ་ཕན་ན། ཁའི་མཁུར་ཕུག་ཏུ་ཅུང་ཟད་བསྲེལ་བ་ཙམ་ལ་ཉེས་པ་མེད་དོ། །སྨན་པའི་ངག་གིས་ནད་ལ་ཕན་ཞེས་སྨྲ་ན་འཐུང་ངམ་ཞེ་ན། སྨན་པའི་ངག་གིས་འཐུང་ཞེས་བསྐུལ་ཡང་འཐུང་བར་ནི་སྲོག་ལ་བབ་ཀྱང་འདོད་པར་མི་བྱའོ། །འདི་ལ་ཡང་གཞི་ནི་མྱོས་པའི་རྫས་སོ། །བསམ་པ་འཐུང་བར་འདོད་པའོ། །སྦྱོར་བ་འཐུང་བར་རྩོམ་པའོ། །མཐར་ཐུག་མགུལ་དུ་མིད་པ་ནའོ། །དགག་བྱ་བྱ་བ་མ་ཡིན་པ་ལ་འཇུག་པའོ། །གཉིས་པ་བཤད་པ་ལ་བཞི་སྟེ། མཚན་ཉིད་དང༌། ལྟུང་མེད་དང༌། ལུང་ཚིག་བཤད་པ་དང༌། སེལ་བའི་དབྱེ་བའོ། །དང་པོ་ནི། འབྲུའི་ཆང་གང་ཞེ་ན། ཕབས་དང་འབྲས་ཕྱེ་དང་ཟན་གྱི་ཚོགས་ཀྱི་རྣམ་འགྱུར་གྱི་བྱེ་བྲག་ལས་སྐྱེས་པ་འཇིག་རྟེན་པ་དག་གི་བཏུང་བའི་ཁྱད་པར་གང་ཡིན་པ་དེ་ནི་འབྲུའི་ཆང་ཞེས་བྱའོ། །སྡོང་བུ་དང་མེ་ཏོག་དང་འབྲས་བུ་དང་རྩ་བ་དང་འདབ་མ་རྣམས་ཀྱི་ཁུ་བ་རྣམས་ནི་ནུས་པ་ཡོངས་སུ་གྱུར་ནས་མྱོས་བྱེད་ཀྱི་ནུས་པ་ཅན་དུ་གྱུར་པ་ནི་བཅོས་པའི་ཆང་དུ་ལུང་ལས་ངེས་པར་བསྟན་ཏོ། །རྒྱུ་སྦྲང་རྩི་དང་རྒུན་འབྲུམ་སོགས་ལས་བྱུང་བའོ། །དྲི་མེད་འོད་དུ་ཆང་ལྔ་གསུངས་ཏེ། སྦྲང་རྩི་ལས་བྱུང་བ་སྦྲང་ཆང༌། བུ་རམ་གྱི་ཆང༌། འབྲས་ཆང༌། ཤིང་ལས་བྱུང་བའི་ཆང༌། དེ་ལས་གཞན་པའི་ཆང་ཞེས་པ་རྣམས་སོ། །སྦྱར་བའི་ཆང་ནི། ཨ་རུ་ར་དང་བུ་རམ་སོགས་གསར་དུ་འདུས་པ་ལས་བྱུང་བའོ། །གཉིས་པ་ལྟུང་མེད་ནི། གང་གི་ཚེ་ཆང་མ་རེད་པ་དང་ནུས་པ་ཉམས་ནས་སྐྱུར་པོར་སོང་བ་ཡིས་ནི་མྱོས་བྱེད་ཀྱི་ནུས་པ་ཟད་པས་ན་དེའི་ཚེ་འཐུངས་ཀྱང་ཉེས་པ་མེད་དེ། ཆང་གི་རྒྱུ་མཚན་སྤངས་པའི་ཕྱིར་རོ། །མྱོས་བྱེད་ནི་འོད་ལྡན་དུ། གང་ཞིག་སྤྱད་ན་བྱ་བ་དང་བྱ་མིན་མི་ཤེས་པ་ཞེས་སོ། །ཡང་སུ་ལུ་ཀ་དང་ཞོའི་ཁ་ཆུ་དང་སུག་ཏ་སོགས་སྐྱུར་པོར་གྱུར་པ་དག་བཙགས་ནས་ཆུ་བསྲེས་ཏེ་བཏུང་བའི་དོན་དུ་བྱེད་པ་ནི་དུས་མ་ཡིན་པར་ཕྱི་དྲོ་ཡང་བཀག་པ་མེད་དོ། །སུ་ལུ་ཀ་ཞེས་སོགས་སྨོས་པ་གང་ཞེ་ན། འབྲུའི་ཆང་སྐྱུར་པོར་གྱུར་པ་ནི་སུ་ལུ་ཀར་ཡོངས་སུ་གྲགས་སོ། །གང་བཅོས་པའི་ཆང་སྐྱུར་པོར་གྱུར་པ་ནི་སུག་ཏ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །སྔ་འགྱུར་ལས། སུག་ཏ་ཞེས་ནི་བརྗོད་པ་ཡིན། །ཞེས་སོ། །གསུམ་པ་ལུང་ཚིག་བཤད་པ་ནི། མྱོས་བྱེད་ཐམས་ཅད་ཆང་ཡིན་ནམ་ཞེ་ན། ཀོ་ཊ་པ་སོགས་དང་གླ་གོར་ཞོ་ཤ་སོགས་མྱོས་བྱེད་ཡིན་ཡང་ཆང་ཡིན་པ་བཀག་པའི་ཕྱིར་འབྲུའི་ཆང་དང་བཅོས་པའི་ཆང་ཞེས་ཆང་གི་སྒྲ་བྱེ་བྲག་ཏུ་སྨོས་སོ། །མ་རེད་པ་དང་ཉམས་པ་ལ་ནི་ཆང་གི་དངོས་པོ་བཟློག་པའི་ཕྱིར་དུ་མྱོས་འགྱུར་ཞེས་བྱེ་བྲག་ཏུ་སྨོས་སོ། །བཞི་པ་སེལ་བའི་དབྱེ་བ་ནི། ཆང་གི་མདོག་དང༌། དེ་བཞིན་དུ་དྲི་དང་རོ་མྱོང་བ་དག་གིས་ཀྱང་གལ་ཏེ་འཐུངས་པའི་དུས་སུ་མྱོས་པའི་ནུས་པ་ཟད་ན་ཆང་གི་དངོས་པོ་མེད་པས་འཐུངས་ཀྱང་དངོས་གཞི་མི་བསྐྱེད་ཀྱི། ཉེས་བྱས་བསྐྱེད་པའི་གཞིར་འདོད་དོ། །དེ་ལྟར་མྱོས་པའི་ནུས་པ་ཟད་ན་ཆང་གི་ཁ་དོག་དང་དྲི་ལ་སོགས་པ་གསུམ་འདྲ་བ་དང༌། ཁ་དོག་དང་དྲི་གཉིས་འདྲ་བ་དང༌། ཁ་དོག་གཅིག་པུ་འདྲ་བ་འཐུངས་ཀྱང་ཉེས་བྱས་སོ། །དེ་ལྟར་ཆང་དང་ཁ་དོག་སོགས་གསུམ་འདྲ་བ་དང༌། གཉིས་འདྲ་བ་དང༌། དེ་བཞིན་དུ་ཁ་དོག་གཅིག་པུ་འདྲ་བ་ལ་ནི་འཐུངས་ཀྱང་མྱོས་པའི་ནུས་པ་མེད་པས་འདི་རྣམས་ལ་ཉེས་བྱས་སུ་བཞག་གོ །རྩ་བ་དང་སྡོང་བུ་དང་མེ་ཏོག་དང་འབྲས་བུ་དང་འདབ་མ་ཡང་ནི། མྱོས་བྱེད་ཀྱི་ནུས་པ་དང་ལྡན་པ་ཟོས་ན་འགལ་ཚབས་ཅན་དུ་འགྱུར་ལ། ཕབས་དང་ཟན་ཆང་བསྲེས་པ་དག་ཟོས་ནའང་འགལ་ཚབས་ཅན་དུ་འགྱུར་རོ། །འཆར་ཀ་ལ་བཅས་པ་དུས་མ་ཡིན་པར་གྲོང་དུ་འགྲོ་བ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། དགེ་སློང་གི་སྡོམ་པ་ལ་གནས་པའི་སྡོམ་བརྩོན་གྱིས་གྲོགས་དགེ་སློང་ཡོད་བཞིན་དུ་མ་སྨྲས་པར་དུས་མིན་པ་ཕྱི་དྲོ་གྲོང་དུ་འཇུག་ན་རང་གི་ཆོས་གོས་ཡོད་པའི་སར་མེ་ཤོར་བ་སོགས་དེ་འདྲའི་རྐྱེན་ཡོད་པ་ལ་ཉེས་པ་མེད་དེ། རྐྱེན་དབང་ལས་གཞན་དུ་དུས་མིན་པར་གྲོང་དུ་འཇུག་ན་དགེ་བ་ཟད་པའི་ལྟུང་བ་འཐོབ་པར་འགྱུར་རོ། །གཞི་ནི་རྐྱེན་དབང་མ་གཏོགས་ཤིང་གྲོགས་ལ་མ་སྨྲས་པར་ཕྱི་དྲོ་གྲོང་དུ་འགྲོ་བའོ། །བསམ་པ་དུས་མིན་དུ་གྲོང་དུ་འགྲོ་བར་འདོད་པ། སྦྱོར་བ་གྲོང་དུ་ཕྱིན་པའོ། །མཐར་ཐུག་སྒོ་གཏན་དང་ཉེ་འཁོར་གྱི་མཐའ་ལས་འདས་པའོ། །དགག་བྱ་གཞན་གྱི་འདོད་པ་དང་རང་གི་ལུས་སྲོག་ལ་གནོད་པའོ། །གཉིས་པ་བཤད་པ་ལ་གཉིས་ཏེ། མཚན་ཉིད་དང༌། ཀུན་སློང་ངོ༌། །དང་པོ་ནི། དུས་མིན་པ་གང་ཞེ་ན། རང་གནས་པའི་གླིང་ལས་ཉི་མ་ཕྱེད་ཀྱི་མཚམས་ནས་ཕར་འདས་ནས་ཕྱི་མའི་སྐྱ་རེངས་མ་ཤར་བའི་བར་ནི་དུས་མ་ཡིན་པ་ཞེས་འདོད་པ་སྟེ། འདི་ནི་དུས་དང་དུས་མ་ཡིན་པའི་རྣམ་དབྱེ་ལ་མཁས་པའི་སྟོན་པས་གསུངས་སོ། །གཉིས་པ་ཀུན་སློང་ནི། དགེ་སློང་གིས་དུས་མིན་པར་འདུ་ཤེས་བཞིན་དུ་གྲོང་དུ་འཇུག་པར་བྱེད་ན་ལྟུང་བྱེད་ཀྱིས་རྣམ་པར་འཇོམས་སོ། །དེར་མ་ཟད་དུས་ཡིན་མིན་ཐེ་ཚོམ་སྐྱེས་པ་ཉིད་ཀྱིས་འཇུག་ཀྱང་ངོ༌། །དུས་ལ་དུས་མིན་དུ་འདུ་ཤེས་པ་དང༌། དུས་ལ་དུས་ཡིན་མིན་ཐེ་ཚོམ་ཟ་བས་འཇུག་པ་གཉིས་ལ་ནི་ཉེས་བྱས་ཡིན་ནོ། །བཅུ་ཚན་དགུ་པ་ལ། སྡོམ་ནི། ཟས་བཅས་སྐྱ་རེངས་ད་གདོད་དང༌། །ཁབ་རལ་དང་ནི་ཁྲི་རྐང་དང༌། །གདལ་དང་གདིང་དང་གཡན་པ་དང༌། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་པའི་དང་པོ་ཉེ་དགའ་ལ་བཅས་པ་ཟས་བཅས་ལ། ལྟུང་བ་དང༌། ལྟུང་མེད་གཉིས་ཀྱི་དང་པོ་ནི། ཉེ་དགའི་ངག་གི་དབང་གིས་ཁྱིམ་པ་རྣམས་ཀྱིས་ཁྱིམ་དུ་དགེ་སློང་རྣམས་བདག་ཉིད་གང་གི་ཕྱིར་དུ་མགྲོན་དུ་བོས་པ་ན་བདག་མ་སླེབས་ཀྱང་དགེ་འདུན་ལ་དུས་མ་ཡོལ་བར་ཟས་དྲོངས་ཤིག་ཅེས་མ་བརྗོད་པར་དགེ་སློང་དེ་ནི་སྔ་དྲོ་ཁྱིམ་གཉིས་ལས་ལྷག་པ་དང༌། ཕྱི་དྲོ་ཁྱིམ་གསུམ་ལས་ལྷག་པར་ཁྱིམ་གཞན་དག་ཏུ་ནི་ནམ་ཡང་དེ་ལྟར་འགྲོ་བར་མི་བྱའོ། །ཕྱི་དྲོ་གྲོང་བཞིར་རྒྱུས་ན་ལྟུང་བའོ། །གཞི་ནི་ཁྱིམ་པས་སྔ་དྲོ་དུས་རུང་གི་ཟས་ལ་བོས་པའོ། །བསམ་པ་རང་མ་སླེབས་ཀྱང་འདྲེན་པར་མ་བསྒོ་བར་ཁྱིམ་གསུམ་ལ་སོགས་པ་ལ་རྒྱུ་བར་འདོད་པའོ། །སྦྱོར་བ་ཕྱིན་པའོ། །མཐར་ཐུག་སྒོ་གཏན་དང་ཉེ་འཁོར་གྱི་མཐའ་ལས་འདས་པའོ། །དགག་བྱ་དགེ་འདུན་གྱི་ལོངས་སྤྱོད་ལ་གནོད་པའོ། །གཉིས་པ་ལྟུང་མེད་ནི། བདེན་པའི་ཚིག་གིས་འཕགས་པའི་ཚོགས་ལ་བདག་མ་སླེབས་ཀྱང་ཅི་བདེར་ནི་དྲོངས་ཞེས་པ་དང༌། ཅི་བདེར་གདུགས་ཚོད་གསོལ་ཞེས་སྨྲས་ནས་སྦྱིན་བདག་གིས་ཀྱང་འགྲོ་བར་གནང་ན་སྔ་དྲོ་གྲོང་གཉིས་ལས་ལྷག་པ་དང༌། ཕྱི་དྲོ་གྲོང་གསུམ་ལས་ལྷག་པ་དེར་སོང་བ་ལ་ཡང་ཉེས་པ་མེད་དོ། །འཆར་ཀ་ལ་བཅས་པ་རྒྱལ་པོའི་ཕོ་བྲང་དུ་སྐྱ་རེངས་མ་ཤར་བར་འགྲོ་བ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། ལུས་བདེ་བར་གནས་པའི་དགེ་སློང་གང་ཞིག་རྒྱལ་པོའམ་བཙུན་མོའི་འཁོར་གྱི་སྒོ་གཏན་ནམ། དེར་མ་ཟད་དེའི་ཉེ་འཁོར་ཉིད་ལ་ཡང་སྐྱ་རེངས་གསུམ་ལས་ཐ་མ་མ་ཤར་བར་འདས་ན་དགེ་སློང་དེ་ཡང་སྡིག་བྱེད་ཀྱི་ལྟུང་བ་ཅན་ཡིན་ནོ། །སྐབས་གཞན་སྔོ་རེངས་ལ་ནམ་ལངས་པའི་དང་པོར་བྱེད་ཀྱང༌། འདིར་ནི་ཐ་མ་སེར་རེངས་ལ་བཤད་དོ། །འདིར་སྒོ་གཏན་གྱི་མཐའ་ནི་རྩེ་མོ་ཕུག་ལོགས་སུ་བསྟན་པའི་རྩེ་མོའི་མཐའོ། །ཉེ་འཁོར་གྱི་མཐའ་ནི་ཕྱི་ལོགས་སུ་བསྟན་པའི་རྩེ་མོའི་མཐའོ། །འདིར་གནས་ཀྱི་མཐའ་གཉིས་སྨོས་པའི་སྒོ་གཏན་གྱི་མཐའ་ནི་སྒོ་མ་བཅད་པའི་བཙུན་མོའི་གནས་ཀྱི་དང་པོ་ཡིན་ལ། ཉེ་འཁོར་གྱི་མཐའ་ནི་སྒོ་བཅད་པའི་བཙུན་མོའི་གནས་ཀྱི་དང་པོ་ཡིན་ནོ། །གཞི་ནི་ནམ་མ་ལངས་པར་རྒྱལ་པོའི་བཙུན་མོའི་གནས་སུ་འགྲོ་བའོ། །བསམ་པ་འགྲོ་བར་འདོད་པའོ། །སྦྱོར་བ་ཕྱིན་པ་ནའོ། །མཐར་ཐུག་སྒོ་གཏན་ནམ་དེའི་ཉེ་འཁོར་འདས་པ་ནའོ། །དགག་བྱ་རིན་པོ་ཆེ་སོགས་སྟོར་བ་བརྐུས་སམ་སྙམ་པའོ། །གཉིས་པ་བཤད་པ་ལ་གསུམ་སྟེ། མཚན་ཉིད་དང༌། ཀུན་སློང་དང༌། ལུང་གི་ཚིག་བཤད་པའོ། །དང་པོ་ནི། དང་པོ་གྲོང་ཁྱེར་དང༌། གཉིས་པ་རྒྱལ་པོའི་ཕོ་བྲང་དང༌། གསུམ་པ་བཙུན་མོའི་འཁོར་གྱི་གནས་དག་གི་སྒོ་གཏན་དང་དེ་དང་ཉེ་བ་ལ་ནི་ཉེ་འཁོར་ཞེས་ནི་བརྗོད་པ་ཡིན། གཉིས་པ་ཀུན་སློང་ནི། དགེ་སློང་སྡོམ་བརྩོན་གྱིས་ནི་ནམ་མ་ལངས་པར་གནས་པ་ལ་མ་ལངས་པའི་འདུ་ཤེས་ཀྱིས་གྲོང་ཁྱེར་གྱི་སྒོ་གཏན་ལས་འདས་པ་ལ་ཉེས་བྱས་བསྐྱེད་པར་འགྱུར་བ་ཡིན། ནམ་མ་ལངས་པ་ལ་དེ་རུ་འདུ་ཤེས་སམ་མ་ལངས་པར་ཐེ་ཚོམ་ཟ་བ་ཉིད་ཀྱིས་ཀྱང་མིའི་བདག་པོའི་སྒོའམ། བཙུན་མོའི་འཁོར་གྱི་གནས་དག་ཏུ་སྒོ་གཏན་ནམ་ཉེ་འཁོར་གྱི་མཐའ་ལས་འདས་པ་ལ་ནི་ཟད་བྱེད་ཀྱི་ལྟུང་བ་ཉིད་ཀྱིས་རེག་གོ །ཅིག་ཤོས་ལངས་པ་ལ་མ་ལངས་པ་དག་ཏུ་འདུ་ཤེས་པས་སམ་ཐེ་ཚོམ་ཟ་བས་འདས་པ་ཐམས་ཅད་ལ་ཡང་ཉེས་བྱས་སོ། །གསུམ་པ་ལུང་ཚིག་བཤད་པ་ནི། རྒྱལ་པོའི་ཕོ་བྲང་དུ་མཚོན་མོ་ནང་དུ་རིན་པོ་ཆེ་བཀྲམ་ནས་མ་བསྡུས་པར་འོད་ཀྱིས་བྱ་བ་བྱེད་པ་ལ་མཚན་མོ་དང༌། །བསྡུས་པ་ལ་ཉིན་མོར་བྱེད་པས། ལུང་ལས་རིན་པོ་ཆེ་མ་བསྡུས་པ་ཞེས་བྱ་བ་གསུངས་པ་ནི་རིན་པོ་ཆེ་སྦ་བར་མ་བྱས་པ་དང༌། གནས་ནས་བརྟུལ་བར་མ་བྱས་པ་ལ་བརྗོད་དོ། །དྲུག་སྡེ་ལ་བཅས་པ་བསླབ་པ་ལ་ཁྱད་དུ་གསོད་པ་ད་གདོད་ཤེས་སོ་ཞེས་སྐུར་པ་འདེབས་པ་ནི། ཟླ་བ་ཕྱེད་ཕྱེད་ཀྱི་དུས་སུ་སོ་སོ་ཐར་པ་ཡང་ཡང་དུ་ཐོས་ནས་ཀྱང༌། བསླབ་བྱ་འདི་དག་ནི་མདོ་རུ་གཏོགས་པ་དང༌། དགེ་སློང་གི་ཆོས་སུ་རང་བྱུང་སྟོན་པ་དག་གིས་བསྟན་པའི་རྣམ་གཞག་བྱས་པ་དེ་དག་མ་ལུས་པ་ཇི་ལྟ་བ་བཞིན་དུ་བདག་གིས་ད་གདོད་ཤེས་ཀྱི། སྔར་མ་ཤེས་ཞེས་བསྟིང་ཚིག་གིས་དེ་ལྟར་གོ་བར་བྱེད་པའི་སྡོམ་བརྩོན་ཚུལ་འཆོས་ཅན་དེ་ལ་ནི་ལྟུང་བྱེད་ཀྱིས་རེག་པར་འདོད་དོ། །གཞི་ནི་རང་ཉིད་སོ་ཐར་ཡང་ཡང་ཐོས་པའོ། །བསམ་པ་བསླབ་པ་ཁྱད་དུ་གསོད་པར་འདོད་པ། སྦྱོར་བ་ངག་གིས་སྨྲས་པ་ནའོ། །མཐར་ཐུག་དོན་གོ་བའོ། །དགག་བྱ་ཉེས་པ་ཆེའོ། །དགེ་སློང་དུ་མ་ལ་བཅས་པ་ཁབ་རལ་ལ་ལྔ་སྟེ། ལྟུང་བ་དང༌། བཤགས་པའི་ཚུལ་དང༌། ཁབ་རལ་བྱ་ཚུལ་དང༌། ཉེར་མཁོ་གཞན་བྱ་ཚུལ་དང༌། བསླབ་བྱའོ། །དང་པོ་ནི། དགེ་སློང་རྣམས་ཀྱིས་ཁབ་རལ་གྱི་རྒྱུ་གང་བཟང་ཞེས་ཁབ་རལ་མཁན་ལ་དྲིས་པ་ན། གླང་པོ་ཆེའི་རུས་པ་བཟང་ཞེས་པ་ལ་བརྟེན་ནས་གླང་པོ་ཆེའི་རུས་པ་དང་བ་སོ་དང་རྭའི་རང་བཞིན་ལ་བློ་ངན་གང་ཞིག་ཁབ་རལ་བྱེད་པ་དེ་ནི་འདིར་ལྟུང་བྱེད་ཀྱི་ཆུ་སྲིན་གྱི་ཁར་རང་ཉིད་ལྟུང་བར་བྱེད་པར་འདོད་པ་ཡིན་ནོ། །གཞི་ནི་དཀོན་ཞིང་རིན་ཆེ་བ་གླང་པོ་ཆེའི་རུས་པ་སོགས་ལས་བྱས་པའི་ཁབ་རལ། བསམ་པ་བཟོ་བར་འདོད་པ། སྦྱོར་བ་རང་ངམ་གཞན་བསྐོས་པས་བྱེད་དུ་འཇུག་པ། མཐར་ཐུག་བཟོ་ཡོངས་སུ་རྫོགས་པའོ། །དགག་བྱ་འདོད་པ་ཆེ་བའོ། །གཉིས་པ་བཤགས་པའི་ཚུལ་ནི། གལ་ཏེ་བ་སོ་སོགས་ལ་ཁབ་རལ་བྱས་ན་ཡང་མ་བཅག་ན་ལྟུང་བ་མི་འདག་པས་དགེ་སློང་དེའི་ཁབ་རལ་བཅག་ནས་ནི་ལྟུང་བ་དེ་ནི་བཤགས་པར་བྱའོ། །གསུམ་པ་ཁབ་རལ་བྱ་ཚུལ་ནི། རིགས་ཤིང་འཐད་པའི་ཁབ་རལ་བྱེད་པ་དེ་ལ་བྱ་བའི་ཆོ་ག་ནི་འདི་ཡིན་ཏེ། གློ་ནས་ཁ་དབྱེར་རུང་བ་འཆང་བའི་རྣམ་པ་དང༌། ནང་གི་ཁབ་དེ་དང་འཚམ་པའི་ཚད་སྦུ་གུ་ཅན་དང༌། གྲིའི་ཤུབས་ཀྱང་གྲི་གུ་དེའི་ཚད་དང་ཡང་དག་པར་ལྡན་པའོ། །ཚད་དེ་ལས་གཞན་དུ་ཤིན་ཏུ་རིང་བ་དང་ཐུང་བ་ནམ་ཡང་བྱ་བ་མིན་ནོ། །བཞི་པ་ཉེར་མཁོ་གཞན་བྱ་བའི་ཚུལ་ནི། ཁབ་ཀྱང་རྣམ་པ་བཞི་སྟེ། ཟངས་མ་དང༌། འཁར་བ་དང༌། ར་གན་དང༌། ལྕགས་ལས་བྱས་པ་རྣམས་སོ། །གྲི་གུ་ཉིད་ནི་ལྕགས་ལས་བྱ་བ་ཁོ་ནར་གསུངས་སོ། །སྔ་འགྱུར་ལས། རབ་དང་འབྲིང་དང་ཐ་མ་དང༌། །ཞེས་པས། དེ་ལ་ནི་རབ་འབྲིང་ཐ་མ་གསུམ་དུ་འདོད་དོ། །རབ་ཚད་ནི་སོར་བརྒྱད་དུ་ཤེས་པར་བྱ་སྟེ། ཐ་མའི་ཚད་ནི་སོར་བཞི་ཡིན་ནོ། །འབྲིང་ནི་དེ་གཉིས་ཀྱི་བར་གང་ཡང་རུང་བའོ། །གྲི་གུ་དབྱིབས་ཇི་ལྟར་བྱ་ཞེ་ན། གྲི་གུ་ནི་བྱ་གག་སྟེ། ཁྱིམ་བྱའི་གཤོག་པ་ལྟ་བུའི་རྣམ་པའི་དབྱིབས་སུ་བྱ་བ་ཡིན་ནོ། །ལྔ་པ་བསླབ་བྱ་ནི། གང་གི་ཚེ་དགེ་སློང་རིངས་པར་གྱུར་ཀྱང་གྲོང་གཞན་དུ་འགྲོ་བ་ན་འགྲོ་བའི་གནས་དེར་ཁབ་གཅིག་ཙམ་ངེས་པར་འཁྱེར་བར་བྱ་སྟེ། དགོས་པ་ཁབ་ཀྱི་བསླབ་བྱ་བསྲུང་བར་བྱ་བའི་ཕྱིར་དུའོ། །ཉེ་དགའ་ལ་བཅས་པ་ཁྲི་རྐང་ལ་གཉིས་ཏེ། ལྟུང་བ་དངོས་དང༌། ཕྱིར་བཅོས་སོ། །དང་པོ་ནི། དགེ་འདུན་གྱི་ཁྲི་དང་ཁྲིའུ་སོགས་བྱེད་ན་ཁྲིའི་རྐང་པའི་ཚད་ལ་ནི་བདེ་གཤེགས་ཀྱི་སོར་མོ་ཉིད་ཀྱི་ཚད་ཀྱིས་གཞལ་བའི་སོར་བརྒྱད་ཀྱི་ཚད་བྱའོ། །སོར་བརྒྱད་ལས་ལྷག་པར་བྱས་ན་དགེ་སློང་ལ་ལྟུང་བར་འགྱུར་བས་སོར་བརྒྱད་ལས་ལྷག་པར་མི་བྱའོ། །དགེ་འདུན་གྱི་ཁྲི་ཞེས་བྱེ་བྲག་ཏུ་དགར་བས་གང་ཟག་གི་ཁྲི་ལ་ལྷག་ཀྱང་ལྟུང་བ་མེད་དོ། །བདེ་གཤེགས་ཀྱི་སོར་བརྒྱད་ལ་ཁྲུའི་ཚད་ཇི་ལྟར་བྱ་ཞེ་ན། བདེ་བར་གཤེགས་པའི་སོར་བརྒྱད་ལ་མི་འབྲིང་པོའི་ཁྲུ་གང་གི་ཚད་དུ་འདོད་པ་ཡིན་ནོ། །གཞི་ནི་དགེ་འདུན་གྱི་ཁྲི་དང་ཁྲིའུའོ། །བསམ་པ་ཚད་ལས་ལྷག་པར་བྱེད་འདོད་པའོ། །སྦྱོར་བ་རང་ངམ་གཞན་བྱེད་དུ་འཇུག་པའོ། །མཐར་ཐུག་བཟོ་རྫོགས་པ་ནའོ། །དགག་བྱ་དགེ་འདུན་གྱི་རྫས་ལ་གནོད་པའོ། །གཉིས་པ་ཕྱིར་བཅོས་ནི། ཁྲུ་གང་གི་ཚད་དེ་ལས་ལྷག་པར་བྱས་ན་དགེ་སློང་གིས་ལྷག་པོ་བཅད་ནས་ལྟུང་བ་སོ་སོར་བཤགས་པར་བྱའོ། །མ་བཅད་ན་བཤགས་ཀྱང་ལྟུང་བ་མི་འདག་གོ །ཉེ་དགའ་ལ་བཅས་པ་གདལ་བ་ལ་བཞི་སྟེ། ལྟུང་བ་དང༌། གདལ་བྱ་དང༌། བཤགས་པ་དང༌། གདལ་བའི་དོན་ནོ། །དང་པོ་ནི། དགེ་སློང་གིས་གཞན་ལ་མཐོ་འཚམ་པའི་དོན་དུ་དགེ་འདུན་གྱི་གནས་མལ་དང་མལ་སྟན་དང་ཁྲི་དང་ཁྲིའུ་སོགས་ལ་ཤིང་བལ་དང་བལ་ལ་སོགས་པ་གདལ་བར་མི་བྱའོ། །གལ་ཏེ་གདལ་ན་དགེ་སློང་དེ་ལ་དགེ་བ་ཟད་བྱེད་ཀྱི་ལྟུང་བར་འགྱུར་རོ། །གང་ཟག་གི་གནས་མལ་སོགས་ལ་དངོས་གཞི་མིན་ནོ། །གཞི་ནི་དགེ་འདུན་གྱི་གནས་མལ་དང་ཁྲིའུ་སོགས་སོ། །བསམ་པ་ཤིང་བལ་སོགས་གདལ་བར་འདོད་པ། སྦྱོར་བ་རང་ངམ་གཞན་བྱེད་དུ་བཅུག་པའོ། །མཐར་ཐུག་གནས་མལ་སོགས་ལ་གོས་པའོ། །དགག་བྱ་གནས་མལ་སོགས་ཆུད་ཟ་བའོ། །གཉིས་པ་གདལ་བྱ་ནི། རས་བལ་དང༌། ལུག་བལ་དང༌། ཤིང་ཀ་ཤའི་བལ་དང༌། ཤིང་ཤལ་མ་ལའི་བལ་ཡང་གདལ་བྱར་གཟུང་ངོ༌། །གསུམ་པ་བཤགས་པ་ནི། གང་གདལ་བའི་རས་བལ་ལ་སོགས་པའི་དངོས་པོ་དེ་ནི་བསྡུས་ནས་ལྟུང་བ་བཤགས་པར་བྱ་བ་ཡིན་ནོ། །མ་བསྡུས་ན་མི་འདག་གོ །བཞི་པ་གདལ་བའི་དོན་ནི། རས་བལ་དང་ཤིང་བལ་ལ་སོགས་པ་གནས་མལ་གྱི་སྟེང་དུ་འགྲེམས་པར་བྱེད་པ་གང་ཡིན་པ་དེ་ནི་འདིར་གདལ་བའི་དོན་དུ་ཤེས་པར་བྱའོ། །གདལ་བ་ཐམས་ཅད་མ་ཡིན་གྱི། དངོས་པོ་གང་དང་འབྲེལ་བས་དགེ་སློང་གི་གོས་དག་མཛེས་པར་མི་འགྱུར་བར་སྐྱ་ཐིབ་ཐིབ་ཏུ་སོང་བའོ། །དགེ་སློང་དུ་མ་ལ་བཅས་པ་གདིང་བ་ལ་གཉིས་ཏེ། ལྟུང་བ་དངོས་དང༌། ཕྱིར་བཅོས་སོ། །དང་པོ་ནི། དང་པོ་མཐོ་དོ་བར་བཅས་པ་ལ། འཆར་ཀ་ལུས་ཆེ་བས་གདིང་བས་མ་ཁྱབ་པར་རྐང་པའི་ངོས་སུ་ལོ་མའི་ཆུན་པོ་བཞག་པ་སྟོན་པས་གཟིགས་པས། གདིང་བའི་སྲིད་དུ་བདེ་བར་གཤེགས་པའི་མཐོ་གསུམ་དུ་གསུངས་པས་ཕལ་པའི་ཁྲུ་ཕྱེད་དང་ལྔའོ། །ཚད་དེ་ལས་ལྷག་པར་བྱ་བ་མིན་ཏེ། གལ་ཏེ་བྱས་ན་ལྟུང་བྱེད་དོ། །ཞེང་དུ་སྟོན་པའི་མཐོ་ཕྱེད་དང་གཉིས་ཡོད་པ་སྟེ། ཚད་དེ་ལ་བརྟུལ་ཞུགས་ཅན་གྱིས་གདིང་བ་བྱའོ། །སྤྱིར་ཁྲུས་འཇལ་བ་ཐམས་ཅད་ལ་ཚད་ལས་ཁྲུ་ཕྱེད་ཀྱིས་ལྷག་ན་ལྟུང་བ་ཡིན་ལ། སོར་གྱིས་འཇལ་བ་ཐམས་ཅད་ལ་སོར་ཕྱེད་ཀྱིས་ལྷག་ནའོ། །འདི་ལ་གཞི་ནི་གདིང་བའོ། །བསམ་པ་ཚད་ལས་ལྷག་པར་བྱེད་པར་འདོད་པ། སྦྱོར་བ་རང་ངམ་གཞན་བྱེད་དུ་བཅུག་པ། མཐར་ཐུག་བཟོ་རྫོགས་པ་ནའོ། །དགག་བྱ་འདོད་པ་ཆེ་བའོ། །གཉིས་པ་ཕྱིར་བཅོས་ནི། ཚད་ལས་ལྷག་པའི་ལྟུང་བ་ནི་གང་ལ་བཤགས་པར་བྱེད་པ་ན་ལྷག་པོ་བཅད་ནས་བཤགས་པར་བྱའོ། །བཤགས་ཡུལ་ཚུལ་ལྡན་དེས་ཀྱང་ཁྱོད་ཀྱིས་ནི་ལྷག་པོ་བཅད་དམ་ཞེས་དྲི་བར་བྱས་ནས་བཤགས་པ་བྱེད་དུ་འཇུག་གོ །གཡན་པ་དགབ་པ་ནི། གཡན་ནད་ཅན་གྱི་དགེ་སློང་རབ་ཏུ་མང་པོ་ལ་བཅས་པ་ལ། ལྟུང་བ་དང༌། ཕྱིར་བཅོས་གཉིས་ལས། དང་པོ་ནི། དགེ་སློང་དག་གི་གཡན་པ་དགབ་པའི་ཚད་ནི། སྟོན་པ་འདི་ཉིད་ཀྱི་མཐོའི་དབང་དུ་བྱས་ནས་ཆུར་བཞི་དང་ཞེང་དུ་མཐོ་གཉིས་སུ་བསྔགས་པ་སྟེ། དེ་ལས་ཚད་ལྷག་ན་ལྟུང་བྱེད་དོ། །གཉིས་པ་ཕྱིར་བཅོས་ནི། ལྷག་པོ་བཅད་ནས་བཤགས་པར་བྱ་ཞིང༌། བཤགས་ཡུལ་གྱིས་ཀྱང་བཅད་དམ་ཞེས་དྲི་བར་བྱའོ། །འདི་ནི་ཁབ་རལ་སོགས་ཐམས་ཅད་ལ་སྦྱར། གཞི་ལ་སོགས་པ་ཡང་སྔར་བཞིན་དུ་སྦྱར་རོ། །དབྱར་གྱི་གོས་རས་ཆེན་ཞེས་བྱ་བ་ནི། འཇལ་བྱེད་ཀྱང་སྔ་མ་དང་འདྲ་སྟེ། གང་གི་ཕྱིར་ན་སྟོན་པའི་མཐོ་ཡི་སྒོ་ནས་འཇལ་བས་སོ། །སྲིད་དུ་སྟོན་པའི་མཐོ་དྲུག་ཡིན་པར་ཤེས་པར་བྱ་སྟེ། ཕལ་པའི་ཁྲུ་དགུའོ། །རྒྱར་ནི་སྟོན་པའི་མཐོ་ཕྱེད་དང་གསུམ་ཡིན་ཏེ། ཕལ་པའི་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །གཞི་ལ་སོགས་པ་སྔར་བཞིན་ནོ། །ཉེ་དགའ་ལ་བཅས་པ་བདེ་གཤེགས་ཀྱི་ཆོས་གོས་ནི། སྟོན་པའི་ལུས་ཙམ་མེད་པར་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་ཆོས་གོས་མི་བྱ་སྟེ། སྟོན་པའི་ཆོས་གོས་དང་མཉམ་པའམ་ལྷག་པར་བྱས་ན་ཡང་ལྟུང་བའོ། །སྟོན་པའི་ཆོས་གོས་ཀྱི་ཚད་གང་ཞེ་ན། སྟོན་པའི་ཆོས་གོས་དེ་ལ་ནི་སྲིད་དུ་སྟོན་པའི་མཐོ་བཅུ་དང་ཞེང་དུ་དྲུག་གོ །འདི་ལ་ཕལ་པའི་ཁྲུ་བཅོ་ལྔ་དང༌། དགུ་ཡོད་དོ། །གཞི་ནི་སྟོན་པའི་ཆོས་གོས་དང་མཉམ་པའམ་ཚད་ལས་ལྷག་པའོ། །བསམ་པ་ཚུལ་དེ་ལྟར་བཟོ་འདོད་པའོ། །སྦྱོར་བ་རང་ངམ་གཞན་བྱེད་དུ་བཅུག་པའོ། །མཐར་ཐུག་བཟོ་གྲུབ་པའོ། །དགག་བྱ་བླ་མ་ལྟར་འཆོས་པའོ། །ལྟུང་བྱེད་འབའ་ཞིག་པ་བསྟན་ཟིན་ཏོ། །གཉིས་ཀའི་ཐུན་མོང་གི་སྒྲ་དོན་བསྟན་པ་ནི། བསླབ་པ་ཉམས་པར་བྱེད་པའི་བྱིས་པ་གང་དག་སྡུག་བསྔལ་ཤིན་ཏུ་མི་བཟད་པ་དང་ལྡན་པའི་ངན་སོང་གསུམ་དག་ཏུ་ངེས་པར་ལྟུང་བར་བྱེད་པ་དེའི་ཕྱིར་ལྟུང་བྱེད་ཅེས་བྱའོ། །འཇིགས་པ་བརྒྱ་ཕྲག་དུ་མ་བསྐྱེད་པས་ན་ཡང་ལྟུང་བྱེད་ཅེས་བྱའོ། །གཉིས་པ་སོ་སོར་བཤགས་པ་ལ་གཉིས་ཏེ། མཚམས་སྦྱར་དང༌། དོན་དངོས་གཏན་ལ་དབབ་པའོ། །དང་པོ་ནི། ལྟུང་བྱེད་རྣམས་ཡང་དག་པར་བཤད་ཟིན་ནས་ཀྱང༌། སླར་ཡང་དེའི་རྗེས་ཐོག་ཏུ་སོ་སོར་བཤགས་པ་རྣམ་པ་བཞི་རང་གི་མཚན་ཉིད་ཀྱི་དབྱེ་བ་ཡིས་བརྗོད་པར་བྱའོ། །གཉིས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ། ལྟུང་བའི་རྣམ་གཞག་དང༌། ཕྱིར་བཅོས་སོ། །དང་པོ་ལ། སྡོམ་ནི། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །བསླབ་པ་རྣམས་དང་དགོན་པ་ནི། །བདེ་གཤེགས་ཕན་པར་གསུངས་པ་ཡིས། །སོ་སོར་བཤགས་པར་བྱ་བར་གསུངས། །ཞེས་སོ། །དང་པོ་རྒྱལ་པོའི་ཁབ་ཏུ་ཉེ་དགའ་ལ་བཅས་པ་དགེ་སློང་མ་ལས་ཟས་ལེན་པ་ནི། སྡོམ་བརྩོན་བསོད་སྙོམས་བྱེད་པའི་དུས་ཀྱི་རང་གི་སྤྱོད་ཡུལ་གྱི་གྲོང་དང་གྲོང་གི་ཉེ་འཁོར་དུ་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་བསོད་སྙོམས་བླངས་ནས་ནི་དགེ་སློང་མ་དང་རང་ཉིད་གཉིས་ཆར་གྲོང་ན་གནས་བཞིན་པས་ཟོས་ན་སོ་སོར་བཤགས་པར་བྱ་བའི་ལྟུང་བ་ཡིན་ནོ། །རྒྱ་ཆེར་འགྲེལ་ལས་ནི། སྦྱིན་པ་མོ་དང་ལེན་པ་གཉིས་ཀ་ལ་ལམ་པོ་ཆེ་ན་འདུག་པ་ཡན་ལག་ཏུ་དགོས་ཞེས་བཤད། ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་བླངས་ཀྱང་དགེ་སློང་རང་གནས་སུ་ཟ་ན་ལྟུང་བ་མེད། དགེ་སློང་མ་མེད་པར་དེས་གྲོང་དུ་བཞག་པའི་ཟས་ལེན་པ་ལ་ཡང་ལྟུང་བ་མེད་ཅེས་བཤད་དོ། །གཞུང་འདིར་ནི་རང་གི་སྤྱོད་ཡུལ་དུ་ཞེས་བཤད་པས། རང་གི་སྤྱོད་ཡུལ་དུ་བླངས་ནས་ཟོས་ཀྱང་ལྟུང་བ་འབྱུང་བ་ལྟར་སྣང་ངོ༌། །ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་ཟས་བླངས་ན་དེ་དང་འདྲིས་པའི་དགག་བྱ་ཡོད་པ་ལ་དགོངས་པར་མངོན་ནོ། །གཞི་ནི་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་བསོད་སྙོམས་ལེན་པར་བྱེད་པའོ། །བསམ་པ་བདག་ཉིད་གྲོང་ན་འདུག་པས་ཟ་བར་འདོད་པའོ། །སྦྱོར་བ་ལེན་ཅིང་ཟ་བའོ། །མཐར་ཐུག་མགུལ་དུ་མིད་པའོ། །དགག་བྱ་སྐུར་པའི་རྒྱུར་འགྱུར་བའོ། །གཉིས་པ་དྲུག་སྡེ་ལ་བཅས་པ་ཁྱིམ་གཞན་དུ་དགེ་སློང་མས་བསྒོ་བཤམ་བྱས་པ་ཟ་བ་ལ་བཞི་སྟེ། བཟློག་པའི་ཚུལ་དང༌། མ་བཟློག་པའི་ཉེས་པ་དང༌། བཤགས་པ་དང༌། ལྟུང་མེད་དོ། །དང་པོ་ནི། སྦྱིན་བདག་གི་ཁྱིམ་གང་དག་ཏུ་དགེ་སློང་རྣམས་ཟས་གསོལ་བའི་ཚེ་ན། གལ་ཏེ་དགེ་སློང་མ་གང་ཞིག དགེ་སློང་འདི་ལ་མར་བྱིན། གཞན་འདི་དག་ལ་ཟས་གཞན་བྱིན་ཞེས་སོགས་སྨྲ་ན་དགེ་སློང་རྣམས་ནི་ཟན་ཟ་བའི་བར་དུ་སྲིང་མོ་མ་སྨྲ་ཞེས་ལེགས་པར་བཟློག་པར་བྱའོ། །དགེ་འདུན་དེ་དག་ལས་གཅིག་གིས་ཀྱང་བཟློག་ཚིག་མི་སྨྲ་ན་ནི་ཟས་ཟ་བ་པོའི་དགེ་འདུན་ཀུན་ལ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱུང་བ་ཡིན་ནོ། །གང་ལ་སྦྱིན་པར་སྨྲ་བའི་ཡུལ་ནི། ནང་གི་གནས་དང༌། བར་དང༌། ཕྱིའི་གནས་ནི་གསུམ་ཀར་གདུགས་ཚོད་གསོལ་བ་རྣམས་སོ། །གང་གིས་བཟློག་ཅེ་ན། དགེ་འདུན་གྱི་ནི་གནས་བརྟན་ནམ། ཡང་ན་དགེ་འདུན་གྱི་གསར་བུ་ཀུན་གྱིས་བཟློག་ཚིག་བརྗོད་པར་བྱའོ། །བཟློག་ཚིག་ནི་དགེ་སློང་མ་འདི་ནི་དགེ་སློང་རྣམས་ཟས་གསོལ་གྱི་བར་དུ་མ་སྨྲ་བར་འདུག་ཅིག་ཅེས་པའོ། །གཉིས་པ་མ་བཟློག་པའི་ཉེས་པ་ནི། ནང་ན་གནས་པ་ལ་དགེ་སློང་མ་བསྒོ་བཤམ་བྱེད་པ་ན་མ་བཟློག་གམ་ཞེས་དགེ་སློང་ཕྱི་རོལ་ན་ཡོད་པ་རྣམས་ཀྱིས་དྲིའོ། །བར་ན་གནས་པའི་ཟས་ཟ་བ་རྣམས་ཀྱིས་ནི་གལ་ཏེ་མ་དྲིས་པར་ཟོས་ན་ལྟུང་བ་དངོས་ཡིན་ནོ། །ཕྱི་རོལ་ན་གནས་པས་བར་ལ་གནས་པ་རྣམས་ལ་མ་དྲིས་པར་ཟོས་པ་ལ་ཉེས་བྱས་སོ། །གལ་ཏེ་བར་དང་ཕྱི་ན་གནས་པ་རྣམས་གཅིག་ཀྱང་དྲི་བ་དང་བཟློག་ཚིག་མི་སྨྲ་བར་ཟོས་ན་དགེ་འདུན་གྱི་གནས་བརྟན་དང་གསར་བུ་ལ་སོགས་པ་ཀུན་ལ་སོ་སོར་གཤགས་པར་བྱ་བ་ཡིན་ནོ། །གསུམ་པ་བཤགས་པ་ནི། ལྟུང་བ་དེ་ཡང་སྡོམ་བརྩོན་གཅིག་གི་མདུན་དུ་བཤགས་པར་བྱ་སྟེ། དཔེར་ན་ལྟུང་བྱེད་ཇི་ལྟ་བ་བཞིན་དུའོ། །བཞི་པ་ལྟུང་མེད་ནི། དགེ་སློང་མ་རང་གནས་པའི་དབྱར་ཁང་དུ་རང་གིས་སྦྱར་བའི་ཟས་ལ་བསྒོ་བཤམ་བྱེད་པ་ལ་བཀག་པ་མེད་དེ། ཟས་དེ་ནི་དགེ་སློང་མ་དེའི་རང་གི་རྫས་ལ་སྦྱར་བའི་ཕྱིར་རོ། །ཕན་ཚུན་བསྒོ་བ་མི་ཐོས་པའི་ཁང་བཟང་རྒྱ་ཆེན་འགར་ཡང་བསྒོ་བཤམ་བྱེད་པ་ལ་ཉེས་པ་མེད་དོ། །འདི་ལ་ཡང་གཞི་ནི། ཁྱིམ་པའི་གནས་སུ་དགེ་སློང་མས་ཟས་མི་སྙོམས་པར་བསྒོ་བཤམ་བྱེད་པའོ། །བསམ་པ་བཟའ་བར་འདོད་པའོ། །སྦྱོར་བ་ཟ་བར་རྩོམ་པའོ། །མཐར་ཐུག་མགུལ་དུ་མིད་པ་ནའོ། །དགག་བྱ་གཞན་མ་དད་པའོ། །གསུམ་པ་ཡངས་པ་ཅན་དུ་དྲུག་སྡེ་ལ་བཅས་པ་ཁྱིམ་གྱི་བསླབ་པ་དྲལ་བ་ལ་གསུམ། ལྟུང་བ་དང༌། ལྟུང་མེད་དང༌། བསླབ་བྱའོ། །དང་པོ་ནི། དགེ་འདུན་བློ་མཐུན་པས་གསོལ་བའི་ལས་ཀྱིས་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པ་ལ་སློབ་པའི་ཁྱིམ་པ་བསླབ་པའི་སྡོམ་ཅན་གྱིས་ཁྱིམ་གང་དུ་སྔར་མགྲོན་དུ་མ་བོས་ན་དགེ་སློང་བྲུ་བས་ཉེན་ན་ཡང་དེ་ལས་ཟན་ལ་སོགས་པ་མི་བཟའོ། །དེ་ལས་གང་ལེན་པ་བཀག་པ་ནི། མར་དང་ཞོ་དང་འོ་མ་དང་སྦྲང་རྩི་དང་བུ་རམ་གྱི་བཏུང་བ་དང་ཉ་ཤ་དང་ཤ་དང་ཤ་སྐམ་དང་མར་དང་བཅས་པ་བཀག་པ་ཡིན་ནོ། །འདི་ལའང་གཞི་ནི་ཁྱིམ་གྱི་བསླབ་པ་བྱིན་པའི་ཁྱིམ་ལས་ཟས་ལེན་པའོ། །བསམ་པ་ཟས་ཟ་བར་འདོད་པའོ། །སྦྱོར་བ་ཟས་ཟ་བར་རྩོམ་པའོ། །མཐར་ཐུག་མགུལ་དུ་མིད་ནའོ། །དགག་བྱ་སྦྱིན་བདག་ལ་གནོད་པ་དང༌། དགེ་འདུན་གྱི་ཁྲིམས་དྲལ་བའོ། །གཉིས་པ་ལྟུང་མེད་ནི། སྡེ་དཔོན་སེང་གེའི་ཆུང་མས་ལོ་མ་སོགས་ཕུལ་བ་ལ་བརྟེན་ནས། བསླབ་པའི་སྡོམ་ཅན་གྱི་ཁྱིམ་དུ་ལོ་མ་དང་མེ་ཏོག་དང་འབྲས་བུ་སོགས་ཕུལ་ན་དང་དུ་ལེན་པ་ལ་འགལ་བ་མེད་དོ། །དམག་དཔོན་སེང་གེའི་ཆུང་མས་ཞུས་པ་ལ་བརྟེན་ནས་དམ་པའི་ཆོས་སྟོན་པ་ན། །མལ་སྟན་སྤྱོད་པ་ལ་ཡང་ཉེས་པ་མེད་དོ། །གསུམ་པ་བསླབ་བྱ་ནི། སྡོམ་བརྩོན་དག་གིས་ཁྱིམ་གཞན་དུ་བཟའ་བ་ཟོས་ནས་བཟའ་བའི་ལྷག་མ་བསླབ་པའི་སྡོམ་ཅན་གྱི་ཁྱིམ་དུ་འོངས་ནས་བྱིས་པ་རྣམས་ལ་སྦྱིན་ནོ། །རིལ་པོར་བྱིན་པ་ལ་སྦྱིན་བདག་གཞན་མ་དགའ་བ་ལ་བརྟེན་ནས་དུམ་བུར་བགོས་ཏེ་སྦྱིན་པར་བྱ་ཞེས་གསུངས། བྱིས་པ་ལ་བྱིན་པས་ཚུལ་ལྡན་ལ་ནི་བྱིས་པ་དེ་དག་དགའ་བར་འགྱུར་རོ། །བཞི་པ་སེར་སྐྱར་དྲུག་སྡེ་ལ་བཅས་པ་མ་བརྟགས་པར་ཟ་བ་ནི། གང་ཞིག་ཆོམ་རྐུན་གྱི་འཇིགས་པ་དང་བཅས་པའི་དགོན་པའི་གཙུག་ལག་ཁང་ན་གནས་པའི་དགེ་སློང་རྣམས་ཀྱིས་གྲོང་ལས་རྒྱང་གྲགས་འཕགས་པའི་ཕྱི་རོལ་དུ་འོངས་ནས་བཟའ་བ་ལེན་པ་ནི་བཀག་པ་ཡིན་ནོ། །ཟས་དེ་ཐོབ་ནས་རྒྱང་གྲགས་སུ་འཕགས་པ་དེར་རམ། སྔར་གྱི་གནས་ལས་གཞན་དུ་ཁྱེར་ཏེ་ཟ་བའམ། གཙུག་ལག་ཁང་དུ་དགེ་འདུན་རྣམས་དང་ལྷན་ཅིག་ཏུ་མི་ཟ་བར་ལོགས་ཤིག་ཏུ་དགར་ནས་ཟ་བ་ལ་ཡང་དགེ་སློང་ལ་ནི་ལྟུང་བར་འགྱུར་རོ། །ཆོམ་རྐུན་ཡོད་མེད་བརྟག་པའི་ཕྱིར་ནགས་ཉུལ་ནས་མེད་པར་ངེས་པ་ན་ཕྱི་རོལ་དུ་འཕགས་ནས་ཟ་བ་ནི་ལྟུང་བ་སྐྱེད་བྱེད་དུ་མ་གཏོགས་སོ། །ནགས་མ་ཉུལ་བར་ཟ་ན་དགེ་སློང་ལ་སོ་སོར་བཤགས་པའི་ལྟུང་བར་འགྱུར་རོ། །འདི་ལའང་གཞི་ནི་ནགས་མ་ཉུལ་བར་འཇིགས་བཅས་ཀྱི་གནས་གཙུག་ལག་ཁང་ནས་ཕྱི་རོལ་དུ་འཕགས་ཏེ་ཟས་ཟ་བའོ། །བསམ་པ་ཟས་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པ་ནའོ། །དགག་བྱ་ཆོམ་རྐུན་གྱིས་བཅོམ་པ་སོགས་སོ། །དངོས་ཀྱི་དོན་གཏན་ལ་དབབ་པ་བསྟན་ཟིན་ཏོ། །གཉིས་པ་ཕྱིར་བཅོས་ནི། སོར་བཤགས་བཞིའམ་གཉིས་དང་གཅིག་ལ་སོགས་པ་དེ་ལྟར་བྱས་ན། གང་བྱུང་བའི་མིང་ནས་སྨོས་ནས་ཅི་རིགས་པར་ཀུན་དགའ་ར་བར་འཚོགས་པའི་སྡོམ་བརྩོན་ཀུན་གྱི་མདུན་དུ་བདག་ལ་མི་རིགས་པ་སྨད་པའི་གནས་སོ་སོར་བཤགས་པར་བྱ་བ་བྱུང་ངོ་ཞེས་སོ་སོར་བཤགས་པར་བྱའོ། །སོར་བཤགས་བསྟན་ཟིན་ཏོ། །གསུམ་པ་ཉེས་བྱས་བཤད་པ་ལ་གཉིས་ཏེ་མཚམས་སྦྱར་བ་དང༌། དངོས་ཀྱི་དོན་ནོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟར་ལུང་གང་དུ་སོ་སོར་བཤགས་པ་རྣམ་པ་བཞི་གསུངས་པ་ཇི་ལྟ་བ་བཞིན་བཤད་ཟིན་ནས་ནི་ཞེས་པའོ། །གཉིས་པ་དངོས་ཀྱི་དོན་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། ད་ནི་གང་ཞིག་བསླབ་པར་བྱ་བའི་ཆོས་མང་པོའི་སྐབས་སུ་སོན་པ་སྟེ་སྐབས་སུ་བབ་པ་བསྟན་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སོ་སོའི་མཚན་ཉིད། སྤྱོད་ལམ་ཕུན་ཚོགས་སུ་བྱ་བ། དེའི་འཐད་པའོ། །དང་པོ་ལ་སྡེ་ཚན་དགུ་སྟེ། དང་པོ་གོས་བགོ་བའི་སྡེ་ཚན་ནི། ཤམ་ཐབས་ལ་ནི་རྣམ་པ་བདུན། །སྟོད་གཡོགས་ལ་ཡང་རྣམ་པ་གསུམ། །ཞེས་པའི་དང་པོ་ཝཱ་རཱ་ཎ་སིར་ལྔ་སྡེ་ལ་ཆོས་བསྟན་པས་བདེན་པ་མཐོང་ཡང་སྟོད་གཡོགས་དང་སྨད་གཡོགས་གྱོན་མ་ཤེས་པ་ལ་བརྟེན་ནས་བཅས་པ། ཤམ་ཐབས་གྱོན་པ་ན། སྟེང་གི་ཡ་མཐའ་དེ་ནི་མཉམ་པར་བྱས་ནས་ཤིན་ཏུ་ཟླུམ་པོར་བགོ ཧ་ཅང་བརྩེངས་པ་པུས་མོ་ལས་ཐལ་བ་མ་ཡིན་པ་དང༌། ཧ་ཅང་འཇོལ་པ་ལོང་བུ་ལ་སླེབ་པ་མ་ཡིན་པར་བགོ་བར་བརྗོད་དོ། །གླང་པོའི་སྣ་ལྟར་མདུན་དུ་འཕྱང་བ་མ་ཡིན་པ་དང༌། ཏ་ལའི་ལོ་མ་ལྟར་གློ་རུ་ལྟེབས་པ་བགོ་བར་མི་འདོད་དོ། །སྦྲུལ་མགོའི་གདེངས་ཀ་ལྟ་བུ་མདུན་གྱི་སྟེང་ལོགས་གཞན་ལས་རིང་བ་དང༌། སྦྲུལ་གྱི་མགོ་བོ་ལྟར་རྩེ་མོ་རོང་རོང་པོ་ཉིད་ཀྱང་བྱ་བ་མིན་ནོ། །བརྟུལ་ཞུགས་ལྡན་པས་ཤམ་ཐབས་གྱོན་པའི་ཚེ་ན་ནི་འབྲུའི་ཕུར་མ་ལྟར་སྐེ་རགས་ཀྱི་གསེབ་ནས་ལྷུག་ལྷུག་པོར་བྱུང་བར་མི་བགོ སློབ་དཔོན་ཤེས་རབ་བྱེད་དང་ཡོན་ཏན་འོད་ནི་ཤམ་ཐབས་ཀྱི་སྣ་དང་སྐེ་རགས་ལྟེ་བ་ལས་མཐོར་མི་རུང་ཞེས་སོགས་བཤད་དོ། །སྟོད་གཡོགས་བླ་གོས་ཟླུམ་པོར་མིན་པ་དང༌། སྟོབས་ཀྱི་ལྷ་གྱད་བཞིན་དུ་ཤིན་ཏུ་བརྩེངས་པ་དང་ཧ་ཅང་འཇོལ་བར་བགོ་བར་མི་བྱའོ། །གཉིས་པ་སྤྱོད་ཡུལ་དུ་རྒྱུ་བའི་སྡེ་ནི། ཤིན་ཏུ་བསྡམ་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོངས་ལ་སོགས་པ་རྣམ་པ་ལྔ། །ལུས་ལ་སོགས་པ་རྣམ་པ་ལྔ། །ཞེས་པ་ལས་དང་པོ་ནི། རྐང་ལག་བསྐྱོད་པ་མ་ཡིན་པར་ཤིན་ཏུ་སྡོམ་པ་དང༌། ཆོས་གོས་བསྡུས་ཤིང་ཕྲག་པ་ལ་གཟར་བ་མ་ཡིན་པར་ལེགས་པར་བགོ་བ་དང༌། འགྲོ་བའི་ཚེ་རྒྱང་མིག་མི་བལྟ་བར་གཉའ་ཤིང་གང་ཙམ་བལྟ་བ་དང༌། བརྟུལ་ཞུགས་ཅན་གྱིས་གྲོང་དུ་བསོད་སྙོམས་ལ་རྒྱུ་བ་ན་སྒྲ་བསྐྱུང་བ་དང༌། སེམས་མ་ཡེངས་པར་ལྟ་བ་ཡིས་ནི་འཇུག་པར་བྱ། མགོ་གཡོགས་ལ་སོགས་རྣམ་པ་ལྔ་ནི་མགོ་གཡོགས་པ་དང༌། ཤམ་ཐབས་བརྫེས་པ་ཡིས་གྲོང་དུ་འཇུག་པར་མི་བྱའོ། །ཆོས་གོས་ཕྲག་པ་ལ་མི་གཟར་བ་དང༌། ལག་པ་མདུན་ནས་གཉའ་གོང་དུ་བསྣོལ་ནས་གཟེད་པར་མི་བྱའོ། །ལུང་དུ་འདིའི་སྐབས་ན་ལག་པ་ལྟག་པར་མི་བསྣོལ་ཞེས་འབྱུང་ངོ༌། །རྟིང་པ་བཙུགས་ཏེ་རྐང་པའི་བྲང་བཏེག་ནས་ཙོག་བུར་འགྲོ་བར་མི་བྱའོ། །དེ་བཞིན་དུ་རྐང་པའི་བྲང་གིས་འགྲོ་བར་མི་བྱའོ། །ལག་མགོ་དཀུར་བརྟེན་ནས་གྲུ་མོ་སྙུང་སྙུང་པོར་མི་བྱའོ། །མཆོངས་ལ་སོགས་པ་རྣམ་པ་ལྔ། །ཞེས་པ་ནི་དྲུག་སྡེས་རིག་མ་ལ་མཆོངས་པས་སྡོམ་བརྩོན་གྱིས་མཆོངས་པ་ལ་སོགས་པ་དང༌། རྐང་པ་བགྲད་པ་དང་གོམ་པ་ཧ་ཅང་ཆེ་བར་མི་བྱ་ཞིང༌། གྲོང་དུ་བསོད་སྙོམས་ལ་འགྲོ་བའི་དུས་སུ་གཞན་དང་ལག་པ་མི་སྦྲེལ་བ་དང་ཕྲག་པ་མི་སྤྲད་དོ། །ལུས་ལ་སོགས་པ་རྣམ་པ་ལྔ་ནི་ལུས་བསྒྱུར་བ་དང་ལག་པ་དང་མགོ་བོ་དག་བསྒྱུར་ཞིང་ཀྱོགས་པས་གྲོང་དུ་བསོད་སྙོམས་ལ་མི་འཇུག་གོ །གསུམ་པ་སྟན་ལ་འདུག་པའི་སྡེ་ལ་འདིར། འདུག་པར་བྱ་བ་དགུ་དག་དང༌། །ཞེས་གསུངས་པས་འཆར་ཀས་གཏུམ་མོའི་ཁྱིམ་དུ་ཁྲི་ལ་བུ་ཆུང་ཉལ་བའི་སྟེང་དུ་བསྡད་པས་བུ་ཆུང་དུས་བྱས་པ་ལ་བརྟེན་ནས་བཅས་པ་མ་བརྟག་པར་སྟན་ལ་འདུག་པ་དང༌། འོག་གི ཁྱིམ་དུ་མཉམ་གཞག་མིན་མི་འདུག །ཞེས་པ་འདིར་སྦྱར་རོ། །བྲམ་ཟེ་གཙང་སྦྲ་འདོད་པའི་ཁྱིམ་དུ་མ་བསྒོ་བར་མི་འདུག་ཅེས་པ་དང༌། སེར་སྐྱར་གྲགས་འཛིན་གྱིས་འཆར་ཀ་ལ་མཐོ་འཚམས་ཤིང༌། འཆར་ཀས་དེའི་ཁྲི་ལ་ལྗིད་ཕབ་ནས་བཅགས་པས། ལུས་ཀུན་གྱི་ནི་ལྗིད་མི་དབབ། །ཅེས་བྱའོ། །རྐང་པ་གཡས་པ་ཡིས་ནི་རྐང་པ་གཡོན་པ་དང་བསྣོལ་བར་མི་བྱ། ལོང་བུ་དང་ལོང་བུ་གཞན་བསྣོལ་བར་མི་བྱ། འདི་ནི་རྐང་མགོ་གཉིས་བསྣོལ་བའོ། །རྐང་པ་ཁྲིའི་སྟེང་ནས་མི་བརྐྱང་ཞིང་ཁྲིའི་འོག་ཏུ་མི་དགུག་ཅིང༌། བྱིན་པ་མི་གདངས་ཤིང་བསྣོལ་བར་མི་བྱའོ། །འདི་ལ་ལུང་ནས། འདོམ་མི་སྣང་བར་སྟན་ལ་འདུག་པར་བྱ་ཞེས་སོ། །བརླ་ཡང་གཅིག་གི་སྟེང་དུ་གཅིག་བཞག་པའི་ཚུལ་གྱིས་བསྣོལ་བར་མི་བྱ། ཁྱིམ་དུ་མཉམ་གཞག་གི་འདུག་སྟངས་སྐྱིལ་ཀྲུང་མིན་པར་མི་འདུག་གོ །བཞི་པ་ཟས་བླང་བའི་སྡེ་ནི། བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་པ་ལ་རྒན་ཞུགས་ལ་བཅས་པ་གྲོགས་གཞན་གྱི་ལྷུང་བཟེད་ལ་འཕྱ་བའི་ཚུལ་གྱིས་བལྟ་བར་མི་བྱ། གཞན་གྱི་ཟས་ལ་མཐར་ཆགས་སུ་བལྟ་བར་མི་བྱ། སྣོད་ཚོད་མས་ཁེངས་པར་འབྲས་ཆན་བཟེད་པ་ལ་བརྟེན་ནས། ཚོད་མ་དང་སྣོད་ཀྱི་ཁ་མཉམ་པར་ཁེངས་པའི་ནང་དུ་ཟས་གཞན་མི་བཟའ། ཡང་ན། ཚོད་མ་དང་ཟན་མཉམ་པར་མི་བཟའ་བར་མི་བྱ་སྟེ། ཚོད་མ་སུམ་ཆ་ཙམ་དང་འབྲས་ཆན་སུམ་གཉིས་ཙམ་ཡིན་པའི་ཕྱིར། ལྷུང་བཟེད་ཆན་གྱིས་ཕྱུར་བུར་གྱུར་པ་ཡིས་ཡོངས་སུ་བླང་བར་མི་བྱ་ཞིང༌། སྔར་བླངས་པའི་ཟས་ཀྱི་སྟེང་དུ་ལྷུང་བཟེད་མི་གཞག་གོ །བཟའ་བ་ཉེ་བར་མི་སྟོབ་པར་སྔ་རོལ་ཏུ་ལྷུང་བཟེད་བཟེད་པར་མི་བྱའོ། །ཚོད་མ་ཞིམ་དུས་སུ་སླར་ཡང་ཚོད་མ་འདོད་པས་ཚོད་མ་ལ་ཆན་གྱིས་དགབ་པ་དང༌། ཡང་བཟློག་སྟེ་ཚོད་མས་ཆན་ལ་དགབ་པ་སོགས་ཕན་ཚུན་དགབ་པར་མི་བྱའོ། །བདུན་པོ་འདི་དག་གི་སྟེང་དུ་ཟས་ལེགས་པར་བསླང་བ་བསྣན་པས་བརྒྱད་དོ། །འདི་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟང་པདྨ་ཅན་ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་པར་ཚོད་མ་རྐྱང་པ་ལ་བོས་པས་བཅས་སོ། །ལྔ་པ་ཟས་ཟ་བའི་སྡེ་ནི། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་འབྱེད་པ་ལྔ། །ལག་པ་བལྡག་ལ་སོགས་པ་ལྔ། །ཞེས་སོ། །དེ་དག་གི་དོན་སྟོན་པ་ནི། ཟས་ཀྱི་རོ་ལ་ཆགས་པས་མི་བཟའ་ཞིང་ཟས་ཤིན་ཏུ་མང་པོ་ཡང་བཟའ་བར་བྱ་བ་མ་ཡིན་ནོ། །ཟས་ལ་མ་གུས་པ་དང་ཟས་ལ་བརྙས་པ་དང་བཅས་པས་ཀྱང་མི་བཟའོ། ཁམ་ཧ་ཅང་ཆེ་བས་ཀྱང་མ་ཡིན་ལ་ཧ་ཅང་ཆུང་བ་ཡང་མི་བྱའོ། །རྒན་ཞུགས་ལ་བཅས་པ་ཁམ་ནི་མ་གཟས་ཀྱི་བར་དུ་ནི་ཁ་གདང་བར་མི་བྱའོ། །འགྲམ་མི་བསྐྱོད་པ་ནི་འགྲམ་མི་སྤོ་བའོ། །དགེ་སློང་གིས་ཟས་ཀྱིས་ཁ་བཀང་ནས་སྨྲ་བར་མི་བྱའོ། །ཙུག་ཙུག་ལ་སོགས་པ་རྣམ་པ་ལྔ་ནི། ཟས་ལ་སྒྲ་ཆེས་གསལ་བ་ཅག་ཅག་ཟེར་བས་བཟའ་བ་མིན་ནོ། །མངར་བ་ལ་ཙུག་ཙུག་ཞེས་ཀྱང་མི་བྱ་སྟེ། ཚ་བ་ལ་ཕུ་ཕུ་ལ་སོགས་པ་ཀུན་ཀྱང་མི་བྱ། ཚ་བ་ལ་གྲང་ངོ་ཞེས་ཧུ་ཧུ་ཞེས་ཀྱང་མི་བྱའོ། །དགེ་སློང་གིས་ཟས་ལ་འཕྱས་མི་གདགས་སོ། །འབྲུ་ནས་ཐ་དད་འབྱེད་པ་ལྔ་ནི། འབྲུ་ཐ་དད་དུ་ཕྱེ་ནས་མི་བཟའོ། །འགྲམ་པ་ཟས་ཀྱིས་མི་དགང་ཞིང༌། ཁམ་ནི་འཕྲོ་བཅད་པ་ཡིས་བཟའ་བར་མི་བྱ། རྐནཾ་སྒྲཾ་མིཾ་བཏོཾག་གཾོ །ཟས་ནི་ཟ་བའི་ཚེ་ནམ་ཡང་ལྕེ་བརྐྱང་བ་ཡིས་བཟའ་བ་མ་ཡིན་ནོ། །ལག་པ་བལྡག་ལ་སོགས་པ་ལྔ་ནི། ལག་པ་ལ་ཟས་འཁར་བ་དག་ནི་ལྕེ་ཡིས་མི་བལྡག་ཅིང༌། ལྷུང་བཟེད་ལ་ཟས་འགོས་པ་ཡང་ནི་སོར་མོས་བྱོགས་པར་མི་བྱའོ། །ལག་པ་ལ་ཟས་ཀྱིས་གོས་པ་སྤྲུག་པར་མི་བྱའོ། །དྲུག་སྡེས་ལྷུང་བཟེད་ལ་ཆུ་བསྐྱོམས་ཏེ་གཏོར་བས་ལྷུང་བཟེད་བསྐྱོམས་པར་མི་བྱའོ། །ཡང་དྲུག་སྡེས་ཟས་མཆོད་རྟེན་གྱི་རྣམ་པར་བྱས་ཏེ་བཅོམ་ནས་ཟ་བ་ལ་བརྟེན་ནས་མཆོད་རྟེན་གྱི་རྣམ་པར་བྱས་ཏེ་བཅོམ་ནས་ནི་བཟའ་བར་མི་བྱའོ། །དྲུག་པ་ལྷུང་བཟེད་སྤྱོད་པའི་སྡེ་ནི། འཕྱ་བ་ལ་སོགས་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་དྲུག །ཅེས་པ་དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་སྨད་པའི་དོན་དུ་མིག་མི་བལྟའོ། །ལག་པ་ཟས་དང་བཅས་པ་ཡིས་ཆུ་ཡི་སྣོད་དག་ལ་གཟུང་བར་མི་བྱའོ། །ཟས་དང་བཅས་པའི་ཆུ་ཡིས་ནི་དྲུང་ན་གནས་པ་ལ་གཏོར་བར་མི་བྱའོ། །ཁྱིམ་བདག་རྟོགས་ལྡན་གྱི་ཁང་པར་དྲུག་སྡེས་ཆུ་དང་ཟས་ལྷག་གཏོར་བ་ལ་བརྟེན་ནས་ཟས་དང་བཅས་པའི་ཆུ་དང་ཟས་ཀྱི་ལྷག་མ་ནི་ལྷུང་བཟེད་ཀྱིས་དོར་བར་མི་བྱའོ། །ཁྱིམ་པ་ལ་དྲིས་ནས་ཁྱིམ་པས་བཀྲུ་བཤལ་དོར་བར་རྗེས་སུ་གནང་ན་ནི་ཁྱིམ་གཞན་དུ་བཀྲུ་བཤལ་དོར་བ་ལ་ཉེས་པ་མེད་དོ། །འདིར་ལྷུང་བཟེད་དུ་ཟས་བླུག་སྟེ་མདོར་ཞེས་གསུངས། ལྷུང་བཟེད་ལ་ཡང་རྣམ་པ་དྲུག །ཅེས་པ་ནི། ལྷུང་བཟེད་གང་ཁར་མི་གཞག་ཅིང༌། གཡང་ཁ་དང༌། དཀན་ངོས་སུ་ཡང་མི་གཞག་གོ །ལྷུང་བཟེད་ལངས་ནས་ལམ་གྱི་གཞི་མདོར་བཀྲུ་བར་མི་བྱའོ། །རྫའི་ལྷུང་བཟེད་ཀྱིས་འབབ་ཆུ་དྲག་ཏུ་འབབ་པའི་རྒྱུན་ལས་བཟློག་ནས་ཆུ་ནི་བླང་བར་མི་བྱ་སྟེ། ལྷུང་བཟེད་ཀུན་ཏུ་མི་རྙེད་པའི་ཕྱིར། ཡང་འོག་གི་གཞི་མེད་པའི་ཕྱོགས་སུ་མི་གཞག་གོ །བདུན་པ་ཆོས་བཤད་པའི་སྡེ་ནི། འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་བཞོན་པ་ལྔ། །ལག་ན་འཁར་བ་ལ་སོགས་དྲུག །ཅེས་པ་སྟེ། ཉེ་བར་འཁོར་གྱིས་འདུལ་བ་གསུངས་པ་ན་འདུས་པ་ཤིན་ཏུ་ཆེ་བས་སྐད་མ་ཐོས་པའི་དུས་སུ་སྤྱོད་ལམ་རྣམ་པ་བཞིས་ཆོས་བཤད་པར་གནང་བ་ན། དྲུག་སྡེས་ཀྱང་དེ་ལྟར་བྱས་པས་སྟོན་པས་བསྐལ་པ་བརྒྱ་སྟོང་དུ་མར་བསྒྲུབས་པའི་ཆོས་ཆུད་གསོན་ནམ་ཞེས་པ་ལ་བརྟེན་ནས་མི་ན་བཞིན་དུ་འདུག་པ་ལ་འགྲེང་བས་ཆོས་བཤད་པར་བྱ་བ་མིན་ལ། ཉན་པ་པོ་ཉལ་བ་ལ་ནི་འདུག་པས་ཆོས་བཤད་པ་ཡང་མིན། འདུག་སྟན་དམའ་མོ་ལ་འདུག་པས་ཉན་པ་པོ་མཐོན་པོ་ལ་འདུག་པ་དང༌། ཉན་པ་པོ་སྔོན་ལ་སོང་ནས་འཆད་པ་པོ་ཕྱི་བཞིན་འོངས་པས་ཀྱང་ཆོས་མི་བསྟན་ནོ། །དེ་བཞིན་དུ་ཉན་པ་པོ་ལམ་དུ་འགྲོ་བཞིན་པ་ལ་འཆད་པ་པོ་ལམ་མིན་པ་ཟུར་ལ་འདུག་པས་ཀྱང་འཆད་པར་བྱ་བ་མིན་ནོ། །ཉན་པ་པོ་ལམ་གྱི་དབུས་ནས་འགྲོ་བ་ལ་ཡང་ཟུར་ནས་འཆད་པར་བྱ་བ་མ་ཡིན་ནོ། །དོ་ཀེར་ཅན་ལ་སོགས་པ་ལྔ། །ཞེས་པ་ནི། ཉན་པ་པོ་མགོ་བོ་ལ་ཞྭ་ཐོགས་པ་དང༌། ཅོད་པན་ཐོགས་པ་དང༌། མགོ་བོ་ལ་ཕྲེང་བ་ཐོགས་པ་དང༌། མགོ་ལ་གོས་ཀྱི་གཙུག་ཏོར་བྱས་པ་ཅན་དང༌། དོ་ཀེར་ཅན་ལ་ཆོས་བཤད་པར་བྱ་བ་མིན་ནོ། །ལུང་དུ་དོ་ཀེར་ཅན་དང་མགོ་བོ་དཀྲིས་པ་སོ་སོར་བཤད་དོ། །གླང་ཆེན་ལ་སོགས་བཞོན་པ་ལྔ། །ཞེས་པ་ནི། གླང་ཆེན་ལ་ཞོན་པ་དང༌། རྟ་ལ་ཞོན་པ་དང༌། ཁྱོགས་ལ་བཏེག་པ་དང༌། བཞོན་པ་ལ་ཞོན་པ་དང༌། མཆིལ་ལྷྭམ་གྱོན་པ་དག་ལ་ཡང་མི་བཤད་དོ། །ལག་ན་འཁར་བ་ལ་སོགས་དྲུག །ཅེས་པ་ནི། གདུགས་འཛིན་པ་དང༌། དབྱུག་པ་ཐོགས་པ་དང༌། མདའ་གཞུ་ཐོགས་པ་དང༌། རལ་གྲི་ཐོགས་པ་དང༌། དགྲ་སྟྭ་ཐོགས་པ་དང༌། གོ་ཆ་གྱོན་པ་རྣམས་ལ་མི་འཆད་དོ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་པ་ནི། འཆད་པ་པོ་མགོ་བོ་གཡོགས་པ་ལ་སོགས་པས་ཉན་པ་པོ་གནས་པ་ལ་ནི་དགེ་སློང་དག་གིས་ཆོས་བཤད་པར་མི་རུང་སྟེ། ནད་པ་ལ་ནི་འགལ་བ་མེད་དོ། །སོགས་པས་བསྡུས་པ་བརྫེས་པ་དང་གཟར་བ་དང་གཉའ་གོང་དང་ལྟག་པ་བསྣོལ་བ་དང་བཞི་སྟེ་བཤད་ཟིན་ཏོ། །བརྒྱད་པ་གཙང་སྦྲ་བྱ་བ་ནི། ན་བ་རྣམ་པ་བཞི་རྣམས་སོ། །ཞེས་པའི་བཞི་ཡོད་པ་ལས། དང་པོ་གསུམ་ཉེ་དགའ་ལ་བཅས་པའི་དང་པོ་ནི། སྡོམ་བརྩོན་དག་གིས་རྐྱེན་མེད་པར་ལངས་ནས་ནི་བཤང་གཅི་དོར་བའི་བྱ་བ་དག་མི་བྱའོ། །ལུས་ནི་ནད་མེད་པ་བདེ་བར་གནས་པས་ལངས་ནས་བཤང་གཅི་སོགས་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ། །སེར་སྐྱར་བཅས་པ་བཀྲུ་སྨན་ཟོས་ནས་མི་གཙང་བ་བྱུང་བ་ལྡུམ་ཞིང་ལ་བཤང་གཅི་གཏོར་བས་ཝ་འདུས་ནས་ལྡུམ་ཞིང་མ་རུངས་པར་བྱས་པ་ལ་བརྟེན་ནས་གང་ཡང་སྡོམ་ལྡན་ལུས་བདེ་བར་གནས་པས་ཆུའམ་རྩྭ་སྔོན་དག་ལ་ཡང་བཤང་གཅི་དང་སྐྱུགས་པ་དང་མཆིལ་མ་དང་ངར་སྣབས་རྣམས་མི་འདོར་རོ། །ཅི་སྟེ་འདོར་བར་བྱེད་ན་སྡོམ་བརྩོན་དེ་ལ་འདིར་ཉེས་བྱས་བསྐྱེད་པར་ཐེ་ཚོམ་མེད་དོ། །གཞན་དུ་འདོར་ས་མ་རྙེད་པར་འདོར་དགོས་པ་དེ་འདྲའི་རྐྱེན་དག་བྱུང་ན་ནི་ལྟུང་བ་ཡོད་པ་མ་ཡིན་ནོ། །དཔེར་ན་ས་ཕྱོགས་ཐམས་ཅད་རྩྭ་སྔོན་གྱིས་ཁྱབ་ནས་འདོར་ས་མ་རྙེད་པ་ལྟ་བུའོ། །དགུ་པ་རྒྱུ་བ་དགག་པ་ནི། མཉན་ཡོད་དུ་ཉེ་དགས་དགེ་བསྐོས་ཀྱི་ཟན་གཅད་པའི་ཕྱིར་དུ་དེའི་གདུགས་ཚོད་ཁྱེར་ནས་ཡུན་རིང་པོ་མ་བྱུང་བ་ལ་དགེ་བསྐོས་ཀྱིས་ཤིང་ལ་འཛེགས་ཏེ་བལྟས་པས་མི་གང་ལས་ལྷག་པར་ཤིང་ལ་འཛེག་པར་མི་བྱ་ཞེས་བཅས་སོ། །ཡང་དོན་མཐུན་དང་འགྲོགས་པའི་དགེ་སློང་སྟག་གིས་བསད་པས་རྐྱེན་མ་གཏོགས་པར་ཞེས་གསུངས་སོ། །གཉིས་པ་སྤྱོད་ལམ་ཕུན་ཚོགས་སུ་བྱ་བ་ནི། ཀུན་མཁྱེན་ཡབ་ཀྱིས་བསྟན་པའི་སྤྱོད་པས་དགེ་སློང་རྣམས་རྟག་ཏུ་གནས་པར་བྱ་སྟེ། དེར་མ་ཟད་འགྲེང་བ་དང་ཉལ་བ་དང་འདུག་པ་དང་འཆག་པ་ལ་ཡང་ཀུན་མཁྱེན་གྱིས་བསྟན་པ་དེ་བཞིན་དུ་བྱ་སྟེ་ཞེས་བྱ་བའོ། །ཀུན་མཁྱེན་ལ་ཡབ་ཅེས་བརྗོད་པ་ནི་དགེ་སློང་རྣམས་དེའི་སྲས་ཡིན་པས་སོ། །གསུམ་པ་འཐད་པ་བསྟན་པ་ནི། ཀུན་མཁྱེན་གྱིས་ཇི་སྐད་བསྟན་པའི་སྤྱོད་པ་ལ་གནས་དགོས་པ་གང་གི་ཕྱིར་ན་བདག་ཅག་རྣམས་ནི་བདེ་གཤེགས་ཀྱི་སྲས་ཡིན་པའི་ཕྱིར་རོ། །བདེ་གཤེགས་ཇི་ལྟ་བུ་ཞེ་ན། མཐའ་ཡས་པའི་ཡོན་ཏན་འབྱུང་གནས་ཀྱི་བདག་ཉིད་དོ། །ཟླ་མེད་པའི་ཡོན་ཏན་གྱི་འབྱུང་གནས་ཡིན་པས་ཡབ་གཅིག་གོ །བདེ་གཤེགས་དེས་བསྟན་པའི་སྤྱོད་ཡུལ་གསུང་རབ་ཀྱི་བརྗོད་བྱ་ནི་ཆོས་ཀུན་གྱི་རང་བཞིན་བདག་མེད་པ་ཡིན་ལ། དེ་གང་གིས་རྟོགས་པའི་བློ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །དེའི་རྟོགས་པ་ཐོབ་པར་འདོད་པས་ཀྱང་སེམས་ཞི་བྱེད་ཀྱི་ཏིང་ངེ་འཛིན་གྱིས་བདག་ཉིད་ཀྱི་སེམས་ཕྱི་རོལ་དུ་གཡོ་བ་ལས་བཟློག་པར་བྱ་སྟེ། སེམས་ཀྱི་བསླབ་པ་ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་བསླབ་པ་ཐོབ་པར་འདོད་པ་དེ་དག་གིས་གོང་དུ་བསྟན་པ་དེ་ལྟར་དུས་ཐམས་ཅད་དུ་ཇི་སྐད་གསུངས་པའི་ཚུལ་ཁྲིམས་ཀྱི་བསླབ་བྱ་ལ་སྤྱད་དོ། །གསུམ་པ་དོན་བསྡུ་བ་ནི། བསླབ་པ་བརྒྱ་དང་བཅུ་གཉིས་བསྟན་པ་འདི་ནི་བསླབ་པར་བྱ་བའི་ཆོས་མང་པོ་ཚིག་ཉུང་ངུས་མདོར་བསྡུས་ནས་བསྟན་པ་ཡིན་ནོ། །ལྟུང་བ་ཕྱིར་བཅོས་བསྟན་ཟིན་ཏོ། །གཉིས་པ་རྩོད་པ་ཕྱིར་བཅོས་ལ་མཚམས་སྦྱར་བ་དང༌། དངོས་ཀྱི་དོན་ནོ། །དང་པོ་ནི། བསླབ་པར་བྱ་བའི་ཆོས་མང་པོ་བསྟན་པ་དེའི་རྗེས་སུ་རྩོད་པ་ཞི་བྱེད་སྟོན་ཏེ། སྟོན་པ་སེར་སྐྱའི་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་ཆོས་སྟོན་པའི་དུས་ཀྱི་སིདྒ་ལའི་རྒྱལ་པོའི་བུ་མོ་མུ་ཏིག་གིས་ཕུལ་བའི་མུ་ཏིག་ལ་བརྟེན་ནས་རྩོད་པ་བྱུང་བས་ཞི་བྱེད་བདུན་གྱི་དབང་དུ་བྱས་ནས་བསྟན་པ་འདིར་བརྗོད་པར་བྱའོ། །དེ་གང་ཞེ་ན། མངོན་སུམ་དྲན་པ་མ་སྨྱོས་དང༌། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང༌། །ཁས་བླང་བར་ཡང་བྱ་བའོ། །ཞེས་བྱ་བའོ། །གཉིས་པ་དངོས་ཀྱི་དོན་ལ་གསུམ་སྟེ། བསྟན་པ་དང༌། བཤད་པ་དང༌། བསྡུ་བའོ། །དང་པོ་ནི། བམ་པོ་ལྔ་བཅུ་པ་ལས། རྩོད་པ་ཞེས་བྱ་བ་ནི་འཁྲུག་ལོང་སྟེ། དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བ་ཡིན་གྱི། ཁྲོ་བ་ནི་མ་ཡིན་ནོ་ཞེས་པ་ལྟར་རྩོད་པ་ནི་འཁྲུག་ལོང་དག་ཏུ་བརྗོད་དོ། །ཞི་བྱེད་ནི་འཁྲུག་ལོང་དེའི་རྗེས་ཀྱི་ཆོས་སུ་བརྗོད་དོ། །དུ་ཡོད་ཅེ་ན། ཞི་བྱེད་དེ་ནི་རྣམ་པ་བདུན་ཏེ། ངོ་བོ་ཉིད་ཚོལ་བ་ལ་སོགས་པའི་ཐབས་དང༌། མངོན་སུམ་ལ་སོགས་པ་གང་ཟག་གི་ཁྱད་པར་ལས་ཕྱེ་བའོ། །གཉིས་པ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། ངོ་བོ་དང༌། དབྱེ་བ་དང༌། ཞི་བྱེད་དོ། །དང་པོ་རྩོད་པའི་ངོ་བོ་ནི། ཚིག་གི་ཕྱིར་སེམས་གཞོལ་བའི་འཁྲུག་ལོང་སྟེ། རྩོད་པའི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ། །དབྱེ་ན་འགྱེད་ཕྱིར་དང༌། མི་གདམས་པའི་ཕྱིར་དང༌། ལྟུང་ཕྱིར་དང༌། བྱ་ཕྱིར་གྱི་རྩོད་པ་སྡེ་བཞིའོ། །ཞི་བྱེད་ལ་གཉིས་ཏེ། ཤི་འཕོས་པ་ལ་སོགས་པ་ངང་གིས་ཞི་བ་དང༌། ཞི་བྱེད་ཀྱི་ཆོས་ཀྱིས་ཞི་བའོ། །འདི་ལ་གང་ལ་གང་འཇུག་སྤྱིར་བསྟན་པ་དང༌། སོ་སོར་བཤད་པ་གཉིས། དང་པོ་ནི། མངོན་སུམ་དྲན་པ་མ་སྨྱོས་དང༌། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང༌། །ཁས་བླང་བར་ཡང་བྱ་བ་འོ། །ཞེས་བྱ་བ་བདུན་ལས། འགྱེད་ཕྱིར་ལ་མངོན་སུམ་དང༌། གང་མང་གཉིས་སོ། །མི་གདམས་པའི་ཕྱིར་ལ་མངོན་སུམ་དང༌། དྲན་པ་དང༌། མ་སྨྱོས་པ་གསུམ་མོ། །ལྟུང་ཕྱིར་ལ་མངོན་སུམ་དང༌། རྩྭ་བཀྲམ་དང༌། ཁས་བླངས་དང༌། ངོ་བོ་ཉིད་ཚོལ་བ་སྦྱིན་པ་བཞིའོ། །བྱ་ཕྱིར་ལ་བདུན་ཆར་རོ། །གཉིས་པ་ལ་བཞི་ལས། འགྱེད་ཕྱིར་གྱི་ཞི་བྱེད་ལ་གཉིས་ཏེ། མངོན་སུམ་དང༌། དེས་མ་ཞི་ན་གང་མང་ངོ༌། །མངོན་སུམ་ལ་བརྒྱད་དེ། རྒོལ་ཕྱིར་རྒོལ་དང༌། གཟུ་བོ་དང༌། དགེ་འདུན་གཞིར་གནས་དང༌། གསལ་བ་དང༌། གསལ་བའི་གསལ་བ་དང༌། གནས་བརྟན་སོ་ཐར་དང་བཅས་པའི་དགེ་འདུན་དང༌། སྡེ་སྣོད་འཛིན་པ་དང༌། གནས་བརྟན་མཐུ་ལྡན་གྱི་མངོན་སུམ་མོ། །དེ་དག་སྔ་མ་སྔ་མས་མ་ཞི་ན་ཕྱི་མ་ཕྱི་མས་བྱེད་དོ། །གཉིས་པ་གང་མང་ལ་ལྔ་སྟེ། གཞི་དང༌། དུས་དང༌། དགེ་འདུན་དང༌། བྱེད་པ་པོ་དང༌། ཆོ་གའོ། །གཞི་ནི་རྒོལ་ཕྱིར་རྒོལ་གྱིས་གཅེས་པའམ་དམ་པར་གཟུང་ཞིང་བསྡམ་བྱའི་དོན་མ་ཡིན་པའི་ཆོས་རྣམ་པར་གཏན་ལ་དབབ་པའི་རྩོད་པ་མངོན་སུམ་བརྒྱད་ཀྱིས་མ་ཞི་བའོ། །དུས་ནི་མ་བྱས་ན་དགེ་འདུན་བྱེ་བའི་དོགས་པ་ཡོད་པ་ནའོ། །དགེ་འདུན་ནི་ཞིར་གནས་སོ། །བྱེད་པ་པོ་ནི་ཚུལ་ཤིང་བྲིམ་པར་བསྐོས་པའོ། །ཆོ་ག་ལ་སྦྱོར་བ་ནི་དགེ་འདུན་གྱིས་བྱེད་པ་པོར་བསྐོ་ཞིང་དེས་ཚུལ་ཤིང་གཞག་པ་ལ་སོགས་པའོ། །དངོས་གཞི་ནི་ཚུལ་ཤིང་བྲིམས་ཏེ་གང་མང་བ་རྒྱལ་བ་དང༌། མཉམ་ན་ཉན་ཐོས་ཆེན་པོའི་ཕྱིར་ཆོས་ཀྱི་ཚུལ་ཤིང་བླང་ངོ༌། །མཇུག་སྐྱོ་སྡོགས་མི་བྱ་ཞིང༌། དེས་མ་ཞི་ན་རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པའི་གནས་དབྱུང་བྱའོ། །སློབ་དཔོན་དྲི་མེད་བཤེས་གཉེན་ནི། ཆོས་དང་ཚུལ་ཁྲིམས་གཉིས་ཀ་གཏན་ལ་དབབ་པའི་འགྱེད་ཕྱིར་ལ་མངོན་སུམ་དང༌། ཆོས་ཁོ་ན་གཏན་ལ་དབབ་པའི་འགྱེད་ཕྱིར་ལ་གང་མང་བྱེད་དེ། ལྔ་བཅུ་པ་ལས། ཆོས་རྣམ་པར་གཏན་ལ་དབབ་པ་དང༌། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱི་འདུལ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བསྟན་ལ། ཆོས་རྣམ་པར་གཏན་ལ་དབབ་པའི་ཉི་ཚེའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ནི་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བསྟན་ཏོ་ཞེས་སོ། །གཉིས་པ་མི་གདམས་པའི་ཕྱིར་གྱི་ཞི་བྱེད་ལ་གཉིས་ལས། དང་པོ་གླེང་རྒྱུ་དང་བཅས་པ་མངོན་སུམ་གྱིས་སོ། །གཉིས་པ་གླེང་རྒྱུ་མེད་པ་ལ་གཞི་མེད་དང༌། གཞི་གཞན་དང༌། བཅོས་ཟན་དང༌། སྨྱོན་པས་བྱས་པ་བཞི་ལས། དང་པོ་གསུམ་ལ་དྲན་པ་དང༌། ཐ་མ་ལ་མ་མྱོས་པས་འདུལ་བས་སོ། །དྲི་མེད་བཤེས་གཉེན་ནི། རྒྱུ་བཅས་ལ་གང་མང་ཡང་སྟེར་ཏེ། ལྔ་བཅུ་པ་ལས། ཆོས་དང་ཚུལ་ཁྲིམས་གཉིས་ཀའི་གདམས་ངག་ལ་སོགས་པ་འཇོགས་པས་གཞན་སྤོང་བ་རྒྱུ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་ལ། ཆོས་ཉི་ཚེའི་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་ནི་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱས་པས་ཞི་བར་འགྱུར་རོ་ཞེས་སོ། །གསུམ་པ་ལྟུང་ཕྱིར་རྩོད་པའི་ཞི་བྱེད་ལ་གཉིས་ལས། དང་པོ་ནི། ཉེས་པ་མི་ཤེས་པ་ནི་ངོ་བོ་ཉིད་ཚོལ་བས་སོ། །གཉིས་པ་ཤེས་པ་ལ་འཕྲོས་མེད་དང༌། འཕྲོས་བཅས་གཉིས་ལས། འཕྲོས་མེད་ནི་ཁས་བླངས་ཀྱིས་སོ། །འཕྲོས་བཅས་ལ་གཉིས་ལས། ཉི་ཚེ་བ་ལ་འཕྲོས་པ་མངོན་སུམ་གྱིས་སོ། །མཐའ་དག་ལ་འཕྲོས་པ་རྩྭ་བཀྲམ་གྱིས་སོ། །བཞི་པ་བྱ་ཕྱིར་གྱི་རྩོད་པ་ནི་རྒྱུའི་སྒོ་ནས་ཞི་བྱེད་ཐམས་ཅད་ཀྱིས་ཞི་བར་བྱ་སྟེ། རྩོད་པ་སྔ་མ་གསུམ་ཆར་ལ་བརྟེན་ནས་ལས་ལ་མཐུན་པ་མི་སྦྱིན་པ་འབྱུང་བའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་བཞི་སྟེ། འགྱེད་ཕྱིར་གྱི་རྩོད་པ་ཞི་བྱེད་དང༌། མི་གདམས་པའི་ཕྱིར་དང༌། ལྟུང་ཕྱིར་གྱི་རྩོད་པ་དང༌། བྱ་ཕྱིར་གྱི་རྩོད་པ་ཞི་བྱེད་དོ། །དང་པོ་ལ་གཉིས་ཏེ། མངོན་སུམ་གྱི་ཞི་བྱེད་དང༌། གང་མང་གི་ཞི་བྱེད་དོ། །དང་པོ་ལ་གསུམ། གཟུ་བོའི་མཚན་ཉིད་དང༌། རྩོད་པ་སྦེད་པའི་མཚན་ཉིད་དང༌། མངོན་སུམ་གྱི་སྒྲ་དོན་ནོ། །དང་པོ་ནི། འོག་ནས་བགྲང་བའི་མངོན་སུམ་བརྒྱད་ལ་གཟུ་བོའི་མངོན་སུམ་ཞེས་གསུངས་པའི་གཟུ་བོའི་མཚན་ཉིད་གང་ཞེ་ན། འདིར་མཆོག་ཟུང་གཅིག་གིས་ཡུལ་ལྗོངས་གཅིག་གི་རྩོད་པ་ཞི་བར་བྱས་པ་ལ་བརྟེན་ནས་གསུངས་ཏེ། གཟུ་བོ་ནི་གང་ཞིག་ལུས་དང་ངག་མི་མཐུན་ཕྱོགས་ལ་བསྡམས་པའི་སྒོ་ནས་ཕྱོགས་ལྷུང་མེད་པའོ། །གཟུ་བོ་དེ་ལ་སྤྲོ་བ་ཡང་དག་པར་དྲི་བར་བྱས་ཏེ་དགེ་འདུན་མཐའ་དག་གི་དབུས་སུ་བསྐོའོ། །གཟུ་བོ་དེས་ཀྱང་གླིང་བྱ་གླིང་བྱེད་དེ་གཉིས་ཚུལ་བཞིན་དུ་ལེགས་པར་འགྲང་བར་བྱ་སྟེ་སུ་བདེན་བརྟག་པར་བྱའོ། །གཉིས་པ་རྩོད་པ་སྦེད་པའི་མཚན་ཉིད་ནི། གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གྱི་སྐབས་སུ་རྩོད་པ་སྦེད་པ་ཞེས་གསུངས་པ་ལས། རྩོད་པ་སྦེད་པའི་མཚན་ཉིད་ནི། འདུན་པས་འགྲོ་བ་དང༌། ཞེ་སྡང་དང༌། གཏི་མུག་དང༌། འཇིགས་པས་འགྲོ་བ་རྣམ་པ་བཞི་སྤངས་པ་དང༌། རྩོད་པ་དག་ཡང་དག་པར་སྦེད་པར་བྱེད་པར་འདོད་པ་དེ་ལ་རྩོད་པ་སྦེད་པའི་ཐབས་སྔ་མ་རྣམས་དང༌། དེས་མ་ཞི་ན་སྦེད་པའི་ཐབས་ཕྱི་མ་ཡང་ནི་ཤེས་པའོ། །གསུམ་པ་མངོན་སུམ་གྱི་སྒྲ་དོན་ནི། རྩོད་པ་བྱུང་བ་རྣམས་ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པ་བཞིན་དུ་ཞི་བར་བྱ་ཞེས་གསུངས་པ་ལ། སྔ་འགྱུར་ལས། རྩོད་པ་གཟུ་བོའི་མངོན་སུམ་དང༌། །གང་ཟག་དེ་ཡང་མངོན་སུམ་བརྗོད། །ཅེས་པ་ལས། རྩོད་པ་པོའི་རྒོལ་ཕྱིར་རྒོལ་གྱི་གང་ཟག་དེ་ཡང་མངོན་སུམ་དུ་བརྗོད་དོ། །ཆོས་མངོན་པའི་དོན་ལ་རྩོད་པ་ན་ཤེས་བྱའི་གནས་ཚུལ་བཞིན་གཏན་ལ་འབེབས་པ་དེ་ཡང་ཆོས་མངོན་སུམ་དང༌། མདོ་སྡེའི་དོན་ལ་རྩོད་པ་ན་སྟོན་པའི་བཀའ་བཞིན་དུ་ཞི་བར་བྱས་པ་དེ་གཏན་ལ་འབེབས་པ་བཀའ་མངོན་སུམ་མོ། །འདུལ་བ་ལ་རྩོད་པ་ན་འདུལ་བར་བརྗོད་པ་བཞིན་ལྟུང་བ་དང་ལྟུང་བ་མ་ཡིན་པར་གཏན་ལ་འབེབས་པ་ནི་འདུལ་བ་མངོན་སུམ་སྟེ། འདི་དག་ནི་མངོན་སུམ་དང༌། གང་མང་གི་ཞི་བྱེད་གཉིས་ལས་གཅིག་རྩོད་པ་མངོན་སུམ་དུ་ཞི་བྱེད་དུ་བརྗོད་དོ། །མངོན་སུམ་གྱི་ཞི་བྱེད་འདི་ནི་བློ་དམན་རྣམས་ཀྱིས་མངོན་སུམ་གྱི་ཞི་བྱེད་དྲན་པའི་ཕྱིར་དུ་ཕྱོགས་ཙམ་བསྟན་པ་ཡིན་ནོ། །གཉིས་པ་གང་མང་གི་ཞི་བྱེད་ལ་བསྟན། བཤད། བསྡུ་བ་གསུམ་གྱི་དང་པོ་ནི། མངོན་སུམ་གྱིས་མ་ཞི་ན་གང་ཡང་དགེ་སློང་དགུའམ་བཅུ་ཡིས་སམ་ལྔའམ། དེ་ལས་ལྷག་པས་ཀྱང་རུང་གང་མང་བ་དག་གིས་ནི་ཤགས་ཕྱེ་བ་ལྟར་རྩོད་པ་དག་ཞི་བར་བྱེད་པ་དེ་ནི་གང་མང་གི་ཞི་བྱེད་དུ་བརྗོད་དོ། །གཉིས་པ་བཤད་པ་ལ་གསུམ་སྟེ། ཚུལ་ཤིང་བྲིམས་པར་བྱེད་པ་བསྐོ་བ་དང༌། ཚུལ་ཤིང་ཇི་ལྟར་བྲིམས་པ་དང༌། རྩོད་པ་ཞི་བའི་ཚུལ་ལོ། །དང་པོ་ནི། གཟུ་བོའི་མངོན་སུམ་དང༌། རྒོལ་ཕྱིར་རྒོལ་ལ་སོགས་པ་གང་ཟག་གི་མངོན་སུམ་དང༌། དགེ་འདུན་གཞིར་གནས་དང༌། མཁས་ཤིང་གསལ་བ་དང༌། ཆེས་མཁས་ཤིང་གསལ་བ་དང༌། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་དང༌། གལ་ཏེ་གཟུ་བོའི་ཞི་བྱེད་དང༌། གང་མང་གི་ཞི་བྱེད་དང༌། གང་ཡང་མདོ་སྡེ་དང་འདུལ་བའི་བསྟན་བཅོས་ཤེས་པའི་གནས་བརྟན་ནམ་གནས་བརྟན་མཐུ་ལྡན་གྱི་བར་གྱི་སྔ་མ་སྔ་མ་རྣམས་ཀྱིས་མ་ཞི་ན་ཕྱི་མ་ཕྱི་མ་ལ་གཏད་པར་བྱའོ། །གལ་ཏེ་གཞན་གནས་བརྟན་མཐུ་དང་ལྡན་པ་ཉིད་ཀྱིས་ཀྱང་འགྱེད་ཕྱིར་གྱི་རྩོད་པ་མ་ཞི་ན་རྩོད་པ་དེ་ཚོགས་དགེ་འདུན་གཞིར་གནས་ལ་འབུལ་ལོ། །ཚོགས་དགེ་འདུན་གྱིས་ཀྱང་ཆོས་ལྔ་དང་ལྡན་པའི་དགེ་སློང་ཚུལ་ཤིང་ཡང་དག་པར་བྲིམ་པ་བསྐོའོ། །ཆོས་ལྔ་ནི། སྔར་བཞིན་འགྲོ་བ་རྣམ་བཞི་དང་བྲལ་བ་དང༌། འདིར་ལྷག་པར་དགོས་པ་ཚུལ་ཤིང་བྲིམ་པ་ལ་སྤྲོ་བ་ཡང་བསྣན་པས་ལྔའོ། །གཉིས་པ་ཚུལ་ཤིང་ཇི་ལྟར་བྲིམས་པ་ནི། གང་ཚུལ་ཤིང་བྲིམ་པར་བསྐོས་པ་དེས་བྲིམས་པར་བྱ་བའི་ཚུལ་ཤིང་ནི་གཉིས་ཏེ། ཆོས་སྟོན་བྱེད་དང༌། ཆོས་མིན་སྟོན་བྱེད་ཀྱི་ཚུལ་ཤིང་ངོ༌། །ཆོས་ཀྱི་ཚུལ་ཤིང་དེ་ནི་མཆོད་པར་འོས་པ་དང་ཡ་ཡོ་མེད་པ་དྲང་པོ་དང་དྲི་ཞིམ་པ་དང་རེག་ན་བདེ་བའོ། །ཅིག་ཤོས་ཆོས་མ་ཡིན་གྱི་ཚུལ་ཤིང་ནི་དེ་ལས་བཟློག་པ་སྟེ། ཡོན་པོ་དང་དྲི་ངན་པ་དང་རེག་བྱ་རྩུབ་པའོ། །བྲིམས་པའི་ཚེ་ན་ཆོས་ཀྱི་ཚུལ་ཤིང་ལག་པ་གཡས་སུ་བཅང་ཞིང༌། ཅིག་ཤོས་ཆོས་མིན་གྱི་ཚུལ་ཤིང་གཡོན་པར་སྟེང་ནས་བཀབ་སྟེའོ། །སླར་ཡང་དགེ་འདུན་འདུས་པ་ན་ནན་ཏན་དང་ལྡན་པས་ལན་གསུམ་གྱི་བར་དུ་གནས་བརྟན་གྱིས་དང་པོར་ཆོས་ཀྱི་ཚུལ་ཤིང་ལོངས་ཤིག་ཅེས་སྨོས་ནས་རབ་ཏུ་བྲིམ་མོ། །གསུམ་པ་རྩོད་པ་ཞི་བའི་ཚུལ་ལ་གཉིས་ཏེ། ཆོས་ཕྱོགས་སུ་ཞི་ཞིང་དེ་ལ་སྐྱོར་པའི་ཉེས་པ་དང༌། ཆོས་མིན་དུ་ཞི་ཞིང་དེ་ལ་སྐྱོར་བའི་ཉེས་པའོ། །དང་པོ་ནི། གལ་ཏེ་ཚུལ་ཤིང་བྲིམས་པ་དེར་ནི་ཆོས་ཀྱི་ཕྱོགས་སྟོན་པའི་བརྡར་གྱུར་པ་དགེ་བའི་ཚུལ་ཤིང་ལེན་པ་རྣམས་ནི་མང་བར་གྱུར་ན་ཚུལ་ཤིང་དེ་ཡིས་ཆེད་དུ་བྱ་བའི་དོན་ཆོས་ཀྱི་ཕྱོགས་སུ་རྩོད་པ་དེས་ཞི་བར་གོ་བར་བྱའོ། །ཆོས་ཕྱོགས་སུ་རྩོད་པ་ཞི་བ་དེ་ལ་ཆོས་ཕྱོགས་སུ་ཞི་བ་ལས་མ་ཞི་ཞེས་སྐྱོར་བར་བྱེད་པའི་དགེ་སློང་ལ་ནི་སྔར་བཤད་པའི་སྐྱོ་སྔོགས་ཀྱི་ལྟུང་བར་འགྱུར་རོ། །གཉིས་པ་ནི། སླར་ཡང་ཅིག་ཤོས་ཆོས་མ་ཡིན་གྱི་ཚུལ་ཤིང་མང་བ་དེ་ལྟར་ནའང་རྩོད་པ་དེ་ནི་ཆོས་མ་ཡིན་གྱི་ཕྱོགས་སུ་ཞི་བར་བརྗོད་པར་བྱའོ། །ཆོས་མིན་སྐྱོར་བྱེད་དགེ་སློང་ལ། །ཞེས་གསུངས་ཏེ། ཆོས་མ་ཡིན་གྱི་ཕྱོགས་སུ་ཞི་བ་དེ་ལྟར་ན་ཡང་སླར་ཡང་སྐྱོར་བྱེད་ཀྱི་དགེ་སློང་ལ་ཉེས་བྱས་ཏེ། ལྟུང་བྱེད་དངོས་ནི་མིན་ནོ། །གསུམ་པ་དོན་བསྡུ་བ་ནི། ཇི་སྐད་བརྗོད་པ་འདི་ནི་གང་མང་གི་ཞི་བྱེད་ཅེས་རབ་ཏུ་གྲགས་པའི་འདུལ་བར་སྟོན་པ་དཔའ་བོས་གསུངས་སོ། །འདི་ནི་རྩོད་པ་དང་འཁྲུག་ལོང་ལས་བརྩམས་པའི་ཞི་བྱེད་ཀྱི་འདུལ་བ་ལ་མངོན་སུམ་དང་གང་མང་གཉིས་ལས། འདི་ནི་གཉིས་པར་གྲགས་སོ། །གཉིས་པ་མི་གདམས་པའི་རྩོད་པ་ཞི་བྱེད་ལ་བསྟན། བཤད་གཉིས་ལས། དང་པོ་ནི་རྩོད་པ་ཞི་བྱེད་བཞི་ལས་དང་པོ་བཤད་ཟིན་པའི་གཉིས་པ་མི་གདམས་པའི་རྩོད་པ་ཞི་བྱེད་འདི་ནི་འདུལ་བ་རིག་པ་རྣམས་ཀྱིས་གསུངས་སོ། །འགྱུར་གསར་ལས། གསུམ་པོ་མི་གདམས་རྩོད་ཞི་བྱེད། །ཅེས་པ་ལྟར་ན། འོག་ནས་འབྱུང་བའི་གསུམ་པོ་འདི་ནི་མི་གདམས་པའི་རྩོད་པ་ཞི་བྱེད་དུ་འདུལ་བ་རིག་པ་རྣམས་ཀྱིས་གསུངས་སོ། །གསུམ་པོ་ནི་མངོན་སུམ་གྱིས་འདུལ་བ་དང༌། དེ་བཞིན་དུ་དྲན་པས་འདུལ་བ་དང༌། མ་སྨྱོས་པ་ཡིས་འདུལ་བའོ། །གཉིས་པ་བཤད་པ་ལ་བཞི་ལས། དང་པོ་མངོན་སུམ་གྱིས་འདུལ་བ་ནི། འགའ་ཞིག་ལ་ལྟུང་བ་གླེངས་ནས་གསོ་སྦྱོང་དགག་དབྱེ་ལ་སོགས་པའི་གདམས་ངག་བཞག་པས་རྩོད་པ་གླེང་རྒྱུ་ཡོད་མེད་གཉིས་ཀྱི་གླེང་རྒྱུ་ཡོད་པ་ལ་སྔ་མ་མངོན་སུམ་གྱིས་འདུལ་བ་བཞིན་དུ་མངོན་སུམ་བརྒྱད་པོ་སྔ་མ་སྔ་མས་མ་ཞི་ན་ཕྱི་མ་ཕྱི་མ་བྱ་སྟེ། སྔ་མ་འགྱེད་ཕྱིར་གྱི་སྐབས་ཇི་ལྟ་བ་དེ་ལྟར་བརྗོད་དོ། །གཉིས་པ་གླེང་རྒྱུ་མེད་པ་ལ་བཞི་སྟེ། གཞི་མེད་པར་གླེང་བ་དང༌། གཞི་གཞན་གྱིས་གླེང་བ་དང༌། ཕྱིར་བཅོས་ཟིན་པ་གླེང་བ་དང༌། སྨྱོན་པས་བྱས་པ་ལ་གླེང་བའོ། །གནས་སྐབས་དང་པོ་གསུམ་ལ་དྲན་པས་འདུལ་བ་ཤེས་པར་བྱ་བ་ཉིད་ལ་མི་བདེན་པའི་སྐུར་པ་འདེབས་པའི་ཚིག་ནི། མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་བསྐུལ་ནས་དགེ་སློང་མ་མཛའ་མོས་གྱད་བུ་ནོར་གྱིས་བདག་ལ་མི་ཚངས་པར་སྤྱོད་དོ་ཞེས་བྱ་བ་ལ་སོགས་པའི་བརྫུན་ཚིག་སྔོན་སྟོན་པ་ལ་ཞུས་པ་ཇི་ལྟ་བ་བཞིན་ཏེ། ཞི་བར་བྱ་བའི་རྩོད་པ་ནི་དེ་ལྟ་བུའོ། །དྲན་པས་འདུལ་བ་སྦྱིན་ཚུལ་དངོས་ནི། གྱད་བུ་ནོར་ལ་ཚུལ་འདིས་གླེང་པ་ན། དགེ་སློང་ཁྱེད་ཅག་གིས་གྱད་བུ་ནོར་ལ་དྲན་པས་འདུལ་བ་བྱིན་ཅིག སྦྱིན་པའི་ཚུལ་ཡང་ནི་འདི་ལྟར་བྱ་སྟེ། དེས་ནི་གྱད་བུ་ནོར་གྱིས་རྒན་པའི་མཐའ་ལོགས་སུ་འདུད་པ་བྱས་ནས་ཙོག་པུར་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་དེ། དགེ་འདུན་བཙུན་པ་རྣམས་གསོན་ཅིག བདག་གྱད་བུ་ནོར་ལ་ཚུལ་མིན་བྱས་སོ་ཞེས་པ་ལ་སོགས་ལོག་པའི་ཚིག་གིས་སྐུར་པ་འདེབས་པ་དེ་ནི་ཚོགས་དགེ་འདུན་ལ་གསོལ་ལོ། །ཇི་སྐད་དུ། དྲན་པས་འདུལ་བ་བདག་ལ་གནང༌། །ཞེས་སོ། །ཚིག་དེ་ལྟར་ལན་གསུམ་བརྗོད་པའི་རྗེས་ལ། དགེ་སློང་གཅིག་གིས་གསོལ་བའི་ལས་བྱས་ནས་ལྟུང་བ་མེད་པའི་ཆོས་དང་ལྡན་ཞིང་དག་པས་ན་གྱད་བུ་ནོར་དེ་ལ་དྲན་པས་འདུལ་བ་སྦྱིན་ནོ། །ཆོ་ག་ནི་ལུང་ལས་གསུངས་པ་བཞིན་ནོ། །གཞན་ལས་གསོལ་བཞིས་སྦྱིན་ནོ་ཞེས་པའང་སྣང་ངོ༌། །འདི་ནི་དགེ་འདུན་གྱིས་དག་པ་བྱིན་པས་རྩོད་པ་ཞི་བའོ། །གསུམ་པ་མ་སྨྱོས་པས་འདུལ་བ་ནི། སྨྱོན་པས་བྱས་པ་ལ་གླེངས་ནས་རྩོད་པ་ན་སྨྱོས་པ་དེ་དག་ལ་སྦྱིན་པར་བྱ་བ་མ་སྨྱོས་པའི་འདུལ་བ་གསུངས་པ་ནི། དགེ་སློང་བྱེ་མ་སྐྱེས་བཞིན་དུ་བདག་གིས་གཞན་ལ་བརྡེག་པ་དང་ཚིག་ངན་ལ་སོགས་པ་སྨྲ་བ་དེའི་ཚེ་སེམས་འཁྲུག་པའམ། སྨྱོས་པའམ་བློ་ནི་ཚོར་བས་གཟིར་བའི་གནས་སྐབས་ཏེ། དེས་ན་སྡོམ་བརྩོན་རྣམས་ཀྱིས་བདག་དྲན་པ་དམན་པའི་ཕྱིར་གཞན་བརྡེག་པ་སོགས་ལ་འཇུག་པ་ན་ལྟུང་བ་ཆོས་ཤིག་ཅེས་ཡང་དང་ཡང་དུ་བསྐུལ་བའི་གཞི་དེས་གླེང་ན་མ་སྨྱོས་པའི་འདུལ་བ་གནང་བར་གསོལ་ལོ། །ཇི་སྐད་དུ། དགེ་འདུན་ལ་གསན་དུ་གསོལ་ཞེས་ལན་གསུམ་བརྗོད་པས་སོ། །མ་སྨྱོས་པའི་འདུལ་བ་འདི་ལ་ཡང་སྦྱིན་ཚུལ་ནི། གསོལ་བ་སྔོན་དུ་བརྗོད་པའི་གསོལ་བཞིའི་ལས་ཀྱིས་སྦྱིན་ནོ། །དྲན་པ་དང་མ་སྨྱོས་པ་གཉིས་ཀ་ལུང་ལས་གསོལ་གཉིས་སུ་སྣང་ཡང་འདིར་ཀརྨ་ཤ་ཏམ་དང་བམ་པོ་ལྔ་བཅུ་པ་ལྟར་བཀོད་དོ། །ཚུལ་དེས་དེ་ལྟར་རྩོད་པ་ཞི་བ་ནི་མ་སྨྱོས་པའི་འདུལ་བ་ཡིས་ཞི་བའོ། །མི་གདམས་པའི་རྩོད་པ་ཞི་བྱེད་བསྟན་ཟིན་ཏོ། །གསུམ་པ་ལྟུང་ཕྱིར་གྱི་རྩོད་པ་ཞི་བྱེད་ལ་བསྟན། བཤད་གཉིས་ལས། དང་པོ་ནི། སྔ་མར་མ་ཟད་ལྟུང་ཕྱིར་གྱི་རྩོད་པ་དག་ལ་ཡང་འདུལ་བ་བཞི་ཡིས་མྱུར་དུ་ཞི་བའི་བྱ་བ་འཇུག་གོ །འདུལ་བ་ནི་ཞི་བྱེད་དོ། །བཞི་གང་ཞེ་ན། ལྟུང་བ་ཡང་དག་པར་ཁས་བླངས་པ་དང༌། མངོན་སུམ་དང༌། རྩྭ་བཀྲམ་དང༌། དེ་བཞིན་དུ་ལྟུང་བ་མངོན་པར་བྱ་བའི་དོན་དུ་ལྟུང་བའི་དེ་ཉིད་འཚོལ་བའོ། །སྔ་འགྱུར་ལས། རྩྭ་བཀྲམ་དེ་ཉིད་འཚོལ་ལ་ནི། །ཞེས་འདོན་ནོ། །ལྟུང་ཕྱིར་གྱི་རྩོད་པ་ལ་ལྟུང་བ་རང་གི་ངོ་བོ་ཤེས་པ་དང༌། མི་ཤེས་པ་གཉིས་ལས། ཤེས་པ་ལ་ཁས་བླངས་དང༌། རྩྭ་བཀྲམ་དང༌། མངོན་སུམ་འཇུག་གོ །མི་ཤེས་པ་ལ་ངོ་བོ་ཉིད་འཚོལ་བ་འཇུག་གོ །ལྟུང་བའི་ངོ་བོ་ཤེས་པ་ལ་ཡང་གླེང་བྱ་གླེང་བྱེད་གཉིས་པོ་ཁོ་ན་ལས་གཞན་ལས་ཕྱིར་མ་འཕྲོས་པ་དང་འཕྲོས་པའོ། །མ་འཕྲོས་པ་ནི་ཁས་བླངས་ཀྱིས་ཞི་བའོ། །ཕྱིར་འཕྲོས་པ་ལ་དགེ་འདུན་འགའ་ཞིག་དང་འབྲེལ་པ་ལ་མངོན་སུམ་འཇུག་ལ། དགེ་འདུན་མཐའ་དག་དང་འབྲེལ་པ་ལ་རྩྭ་བཀྲམ་འཇུག་གོ །གཉིས་པ་བཤད་པ་ལ་བཞི་སྟེ། ཁས་བླངས་དང༌། མངོན་སུམ་དང༌། རྩྭ་བཀྲམ་དང༌། ངོ་བོ་ཉིད་འཚོལ་བའོ། །དང་པོ་ནི། ལྟུང་བར་བཅས་པའི་དགེ་སློང་ལ་ལྟུང་བ་གླེང་པའམ་མ་གླེང་ན་ཡང་ལྟུང་བ་ཅན་གྱི་དགེ་སློང་གིས་དག་པའི་དགེ་སློང་ཞིག་གི་མདུན་དུ་ཙོག་པུར་འདུག་པ་ཡིས་ཐལ་མོ་སྦྱར་ལ་དྲན་པ་དང་ལྡན་པས་རྒན་པ་ལ་ཕྱག་བྱས་ནས་རང་གི་དོན་དུ་སྔགས་ལན་གསུམ་བརྗོད་དེ། དགེ་སློང་དགོངས་ཤིག ཁྱོད་ཀྱི་མདུན་དུ་ལྟུང་བ་འདི་ལྟ་བུ་བྱུང་བ་བཤགས་སོ་ཞེས་བརྗོད་དོ། །བཤགས་ཡུལ་དེས་ཀྱང་བཤགས་མཁན་དེར་ལྟུང་བ་མཐོང་ངམ་ཞེས་དྲི་ཞིང༌། དེས་མཐོང་ངོ་ཞེས་ལན་ཕྱིན་ཅི་མ་ལོག་པར་སྨྲའོ། །ཡུལ་དེའི་ཚིག་གིས་ཕྱིན་ཆད་ལྟུང་བ་དག་ལ་དགའ་བ་མིན་པ་སྟེ་མི་དགའ་བར་བྱེད་དམ་ཞེས་དྲི་ཞིང༌། དེས་ཀྱང་དགའ་བར་མི་བྱེད་ཅེས་པའི་ཚིག་བརྗོད་དོ། །ཡུལ་གྱིས་ཐབས་ཡིན་ནོ་ཞེས་པ་དང༌། རང་གིས་ལེགས་སོ་ཞེས་ཀྱང་ངེས་པར་བརྗོད་དེ། འདི་ནི་ལྟུང་བ་དེ་ཁས་བླངས་པས་རྩོད་པ་དེ་ཞི་བའོ། །ཕས་ཕམ་ལ་སོགས་ལྟུང་བ་སྡེ་ལྔ་གང་རུང་བྱུང་བ་ལ་བྱུང་ངོ་ཞེས་ཚོགས་མཆོག་དགེ་འདུན་ལ་ཁས་བླངས་པས་འདུལ་བ་གསོལ་ཞིང༌། གསོལ་བ་ལྟར་སྟེར་བ་ན་དེ་ལྟར་རྩོད་པ་དེ་ཞི་བའི་དོན་དུ་བྱེད་པ་ནི་ཁས་བླངས་པའི་ཞི་བྱེད་ཉིད་དུ་མཁས་པས་བརྗོད་དོ། །གཉིས་པ་མངོན་སུམ་གྱིས་འདུལ་བ་ནི། འདི་ལྟར་སྤྲེའུའི་རྫིང་གི་འགྲམ་དུ་སྔོན་དགེ་སློང་རི་དྭགས་འཛིན་གྱི་བུ་ནག་པོས་ཁྲུས་ཟིན་པ་ན་བདག་གི་ཡིན་སྙམ་ནས་གཞན་གྱི་ཆོས་གོས་དག་ཁྱེར་ནས་སོང་པ་ལ། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་གླེང་དྲན་མ་བྱས་པར་མཐུ་ཡིས་གནས་ནས་ཕྱུང་བ་དང༌། ནག་པོ་མཉན་ཡོད་དུ་སོང་སྟེ་བཅོམ་ལྡན་འདས་ཀྱིས་ལྟུང་བ་ལས་བསླང་ངོ༌། །དེ་ནས་དགེ་སློང་ནག་པོ་ལ་བཟོད་པར་གསོལ་བའི་ཕྱིར་དགེ་སློང་ཡངས་པ་ཅན་རྣམས་མཉན་ཡོད་དུ་འོངས་པར་གྱུར་པ་ལ་བརྟེན་ནས་མངོན་སུམ་དུ་རྩོད་པས་འགྲོ་བ་ལ་མངོན་སུམ་གྱིས་འདུལ་བ་ཞེས་ཡང་དག་པར་བསྟན་ཏེ། མངོན་སུམ་གྱིས་འདུལ་བའི་དེ་ཉིད་འདི་འདིར་ཡང་བསྟན་ཏེ། མངོན་སུམ་གྱིས་འདུལ་བ་སྔར་ཡང་རབ་ཏུ་བཤད་པ་ཉིད་སླར་ཡང་འདིར་བཟླས་པས་སོ། །གསུམ་པ་རྩྭ་བཀྲམ་ལྟ་བུ་ནི། དགེ་འདུན་ཀུན་ཕན་ཚུན་ལྟུང་བ་གླེང་པའི་སྒོ་ནས་རྩོད་པས་འབྲེལ་བ་ལ་རྩྭ་བཀྲམ་པ་ལྟ་བུར་སེམས་ཕན་ཚུན་བཏུད་དེ་རབ་ཏུ་ཞི་བར་བྱ་བར་གསུངས་སོ། །བྱེད་ཚུལ་ནི། རང་ཕྱོགས་ཀྱི་གནས་བརྟན་གཞན་ཞིག་ཏུ་སོང་ནའང་གནས་སྐབས་དེར་གཞན་ཕྱོགས་སུ་འགྲོ་བའི་སྔོན་ལ་རང་གི་ཕྱོགས་ལ་འོག་ནས་འབྱུང་བ་འདི་ལྟར་དུ་ཡང་དག་པར་རྗེས་སུ་བསྟན་པར་བྱའོ། །ཁྱེད་ཅག་རྣམས་རྩོད་པ་ལ་མངོན་པར་དགའ་ཞིང་རྩོད་པ་ལས་སླར་ལྡོག་པར་བྱེད་པའང་དཀའ་བར་གནས་པས་འདིར་ཁྱེད་རྩོད་པ་བྱེད་པ་འདི་ནི་ལེགས་པར་རྙེད་པ་མིན་ཏེ། འདི་འདྲ་དགེ་སློང་ཡིན་ནམ་ཅི་སྟེ་དགེ་སློང་གི་གྲངས་སུ་མི་འགྲོའོ། །གཞན་ཡང་ཁྱེད་ཀྱི་གནས་བརྟན་དང་བདག་ཅག་ལ་ངེས་པར་ལྟུང་བ་གང་བྱུང་བའི་ནང་ནས་སྦོམ་པོའམ་མཐར་ཐུག་ཕམ་པ་བྱུང་ནས་ཁྱིམ་ན་གནས་པ་གླེང་བ་སྤངས་ནས་ནི། ཕམ་ལྷག་མ་གཏོགས་པའི་ལྟུང་བ་ལྷག་མ་དེ་ནི་གཞན་ཕྱོགས་ལ་བཤགས་པའི་སྒོ་ནས་ཉེ་བར་ཞི་བར་སྤྲོ་བས་གནས་སོ་ཞེས་རང་ཕྱོགས་དེ་ལ་གནས་བརྟན་དེས་སྨྲས་པ་ལ་རང་ཕྱོགས་གཅིག་ཀྱང་མི་ཉན་པའམ་མི་ཟློག་ཅིང་གཤེ་བ་མིན་ན་དེའི་ཚེ་རང་བཞིན་དུ་རྩོད་པ་དེ་ཞི་བར་གནས་སོ། །སྦོམ་པོའི་མཐར་ཐུག་སྤང་དགོས་ནི། མདོ་མཛད་པས། འདི་ལ་མང་པོ་དག་གི་དོན་དུ་དགེ་འདུན་མ་ཡིན་པ་ལ་བཤགས་པར་བྱ་བ་དག་ནི་གཅིག་གིས་ཕྱིར་བཅོས་པར་བྱའོ་ཞེས་གསུངས་ཤིང༌། དྲི་མེད་བཤེས་གཉེན་གྱིས་ཀྱང༌། གཅིག་གིས་གཅིག་ལ་ཅིག་ཅར་བཤགས་པས་ཕྱིར་བཅོས་ཞེས་འཆད་པ་ན་སྤྱིར་བཏང་ལ་སྦོམ་པོ་དང་ཕམ་ལྷག་ཕྱིར་འཆོས་ཚུལ་དེ་འདྲ་མེད་པའི་ཕྱིར་རོ། །ཅིག་ཤོས་གཞན་ཕྱོགས་ཀྱི་གནས་བརྟན་ལ་ཡང་རང་ཕྱོགས་ཀྱི་གནས་བརྟན་དེས་ནི་སྔར་བཞིན་བརྗོད་པར་བྱའོ། །གཞན་ཕྱོགས་ཀྱི་གནས་བརྟན་གྱིས་ཀྱང་རང་གི་འཁོར་ལ་སྔར་བཞིན་བརྗོད་པ་ན་སྐབས་དེ་ལ་ཡང་གལ་ཏེ་རང་གི་འཁོར་གྱི་ནང་ནས་ཞི་བའི་སེམས་བཟང་པོ་དང་ལྡན་པ་ཉིད་ཀྱིས་སྨྲས་པ་དེའི་ཚིག་གཅིག་ཀྱང་ཉན་པར་བྱེད་པ་མིན་ན་ལྟུང་ཕྱིར་གྱི་རྩོད་པ་དེ་རྩྭ་བཀྲམ་པའི་ཚུལ་གང་ཡིན་པ་ཉིད་ཀྱིས་ཉེ་བར་ཞི་བ་ནི་འཐོབ་བོ། །རྩོད་པ་ནི་ཕན་ཚུན་བཤགས་པར་ཁས་བླངས་པ་ཙམ་གྱིས་ཞི་ཞིང༌། བཤགས་པ་ནི་ཕྱིས་བྱེད་པར་གསལ་ལོ། །བཞི་པ་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན་པ་ནི། སྔར་བྱས་བའི་ལྟུང་བ་བརྗེད་པ་དྲན་ཏེ། དགེ་འདུན་གྱི་མདུན་དུ་ལྟུང་བ་དེ་ཁས་བླངས་པ་ཡང་ནི་སླར་ཡང་བློ་འཁྲུལ་ནས་ལོག་པར་ཤེས་པ་ཡིས་དགེ་འདུན་གྱི་ཚོགས་ནང་དུ་ལྟུང་བ་དེ་བརྗེད་ནས་སླར་ཁས་མི་ལེན་པ་ནི་སྔོན་དགེ་སློང་མེ་བཞི་ལ་ཇི་ལྟར་བྱས་པ་བཞིན་དུ་འདིར་ཡང་མེ་བཞི་ལྟ་བུ་ལ་ལྟུང་བ་དེའི་ངོ་བོ་ཉིད་འཚོལ་བ་སྦྱིན་པས་རྩོད་པ་དེ་འདུལ་བའི་ཐབས་དགེ་སློང་ལ་སྦྱིན་པར་བྱའོ་ཞེས་གཞན་ལ་ཕན་པར་བཞེད་པའི་འགྲོ་བ་རྣམས་ཀྱི་རྩ་ལག་སྟོན་པས་གསུངས་སོ། །མེ་བཞི་ལྟ་བུ་དེས་ཀྱང་སྔར་བསྟན་པ་དེ་ལྟར་རྒན་པའི་མཐར་ནི་འདུག་སྟེ། དགེ་འདུན་ཀུན་ལ་ལན་གསུམ་གསོལ་བ་གདབ་པར་བྱ་ཞིང༌། གསོལ་བ་འདེབས་པ་དེ་ལ་མེ་བཞི་ལ་བྱ་བ་དེ་བཞིན་དུ་དགེ་འདུན་གྱི་ཚོགས་ཀྱིས་ཀྱང་གསོལ་བཞིའི་ཆོ་ག་ཐམས་ཅད་སྔ་མ་བཞིན་བྱ། འདིའི་ཀུན་སྤྱོད་མཁན་པོ་དང་སློབ་དཔོན་མི་བྱ་བ་ལ་སོགས་པ་སྤོ་མགུ་སྤྱོད་པ་དང་འདྲ་སྟེ། འདིས་གཞན་མེད་ཀྱང་སོ་སོར་ཐར་པའི་མདོ་འདོན་དུ་མི་རུང་ངོ༌། །བཞི་པ་བྱ་ཕྱིར་གྱི་རྩོད་པ་ཞི་བྱེད་ནི། རྩོད་པ་སྔ་མ་གསུམ་པོའི་རྗེས་སམ་རྗེས་མིན་ཡང་རུང་སྟེ་ལས་ལ་མི་འདུ་བའམ། འདུས་ཀྱང་ཕྱིར་བཟློག་བྱེད་པའི་རྒྱུ་ལས་རྩོད་པ་ནི་བྱ་ཕྱིར་གྱི་རྩོད་པ་སྟེ། དགེ་སློང་གི་ཚོགས་ཀྱིས་ལས་ལ་མཐུན་པ་བྱིན་པས་ཞི་སྟེ། རྒྱུའི་སྒོ་ནས་ཞི་བྱེད་བདུན་པོ་ཀུན་གྱིས་ཞི་བ་ཐོབ་བོ། །གསུམ་པ་རྩོད་པ་ཞི་བྱེད་ཀྱི་དོན་བསྡུ་བ་ནི། མི་མཐུན་པ་བྱེད་པ་མིན་པ་མཐུན་པར་འདོད་པའི་དགེ་སློང་ཁ་ཅིག་ལ་ཞི་བྱེད་བདུན་པོ་དེས་འདིར་རྩོད་པ་རྣམས་ཞི་བར་ཤེས་པར་བྱའོ། །གལ་ཏེ་འགྱེད་ཕྱིར་གྱི་རྩོད་པ་མངོན་སུམ་དང་གང་མང་གིས་མ་ཞི་ན་རྣམ་པར་གཏན་ལ་འབེབས་པ་ཉེ་བར་མ་ཞི་བ་གནས་དབྱུང་བྱ་ཞིང༌། མི་གདམས་པའི་ཕྱིར་གྱི་རྩོད་པ་རྒྱུ་བཅས་ཁས་བླངས་ཀྱིས་མ་ཞི་ན་འཐབ་ཀྲོལ་ལ་འབད་པས་མ་ལོག་པ་གནས་དབྱུང་བྱའོ། །ལྟུང་ཕྱིར་གྱི་རྩོད་པ་ཉེས་པ་རང་གི་ངོ་བོ་ཤེས་པ་གསུམ་ཁས་བླངས་མངོན་སུམ་རྩྭ་བཀྲམ་གྱིས་མ་ཞི་ན་ཕྱིར་མི་འཆོས་པ་གནས་དབྱུང་བྱའོ། །ཉེས་པ་རང་གི་ངོ་བོ་མི་ཤེས་པ་ངོ་བོ་ཉིད་འཚོལ་བ་བྱིན་ཡང་ངོ་བོར་མ་ཤེས་ན་མ་མཐོང་བ་གནས་དབྱུང་བྱའོ། །གསུམ་པ་དོན་བསྡུ་བ་ནི། ཇི་སྐད་བརྗོད་པ་འདི་ནི་རྩ་བའི་ལུང་སོ་སོར་ཐར་པ་ལས་བཤད་པའི་མདོ་དོན་མདོར་བསྡུས་པ་ཙམ་ཞིག་ཡིན་ནོ། །རྩ་བའི་ལུང་ལས་བཤད་པ་བསྟན་ཟིན་ཏོ། །གཉིས་པ་བཤད་པའི་ལུང་ལས་བྱུང་བ་གསུངས་པ་ལ་གསུམ་སྟེ། །མདོར་བསྟན། རྒྱས་པར་བཤད། མཇུག་བསྡུ་བའོ། །དང་པོ་ནི། བཤད་པའི་ལུང་གཞི་དང༌། སོགས་པ་རྣམ་འབྱེད་དང༌། ཕྲན་ཚེགས་དང༌། གཞུང་བླ་མར་གང་གསུངས་པ་དེ་ཡང་ཅི་ནུས་བརྗོད་པར་བྱ། ཞུ་བ་དང་འདུལ་བྱེད་ལ་སོགས་པ་ནི་གཞུང་བླ་མའི་བྱེ་བྲག་ཡིན་ཏེ། གཅིག་འཕྲོས་ལྔ་ཚན་བཅུ་དྲུག་དག་པ་དང༌། །གླིང་གཞི་རྐྱང་པ་གཏམ་གྱི་དངོས་པོ་དང༌། །མ་ན་ཝི་ཀ་བྱ་བའི་ཕུང་པོ་སྟེ། །ཞུ་བ་འདུལ་བྱེད་བླ་མའི་ལེའུ་ལག་བཅུ། །ཞེས་གྲགས་པའི་ཕྱིར་རོ། །གཉིས་པ་བཤད་པ་ལ་གསུམ་སྟེ། གང་དུ་བསྒྲུབ་པ་དང༌། ཇི་ལྟར་བསྒྲུབ་པ་དང༌། དེའི་འཐད་བའོ། །དང་པོ་ནི། །སྟོན་པས་བཱ་རཱ་ཎ་སཱིར་བསོད་སྙོམས་ལ་གཤེགས་པ་ན་དགེ་སློང་ཞིག་དྲུང་ན་མི་དགེ་བའི་རྣམ་རྟོག་གི་སྡིག་པ་ལ་ཆགས་པ་གཟིགས་ནས། ཉེས་དམིགས་རྣམས་སྤྱོད་ཡུལ་མ་ཡིན་པར་གནས་པ་ལས་འགྱུར་རོ་སྙམ་ནས་དགེ་སློང་གིས་སྤྱོད་ཡུལ་མིན་པར་མི་གནས་སོ་ཞེས་གསུངས་པ་ན། སྤྱོད་ཡུལ་མ་ཡིན་པ་དུ་ཡོད་མ་ཤེས་པ་ལ་བརྟེན་ནས་གསུངས་པ་ནི། རིགས་ངན་གྱི་གནས་དང༌། རེག་འོས་མ་ཡིན་པ་རོལ་མོ་མཁན་གྱི་གནས་དང༌། ཆང་འཚོང་གི་ཁྱིམ་དང༌། རྒྱལ་པོའི་ཁབ་དང༌། སྨད་འཚོང་མའི་ཁྱིམ་དུ་བརྗོད་པ་སྟེ་ལྔ་པོ་འདི་ནི་དགེ་སློང་གི་སྤྱོད་ཡུལ་མིན་པ་ཉིད་དོ། །ཞུ་བ་ལས་ཤན་པའི་ཁྱིམ་དང་རྒྱན་པོ་འགྱེད་པ་གཉིས་བསྣན་པས་བདུན་དུ་བཤད་དོ། །གཉིས་པ་ཇི་ལྟར་བསྒྲུབ་པ་ལ་ལྔ་སྟེ། དུས་རྒྱུན་དུ་བྱ་བའི་རིམ་པ་དང༌། བླ་མ་བསྟེན་པའི་ཚུལ་དང༌། བསླབ་པ་ཡོངས་སུ་སྦྱོང་པའི་ཆོ་ག་དང༌། རྙེད་པ་གང་དབང་གི་མཚན་ཉིད་དང༌། ཆོ་ག་ཕུན་སུམ་ཚོགས་པར་བྱ་བའོ། །དང་པོ་ལ་གསུམ། དགག་སྒྲུབ་ཀྱི་བྱ་བ་མདོར་བསྟན་པ་དང༌། བྱ་བ་དེ་སྒྲུབ་པའི་གང་ཟག་གི་དབྱེ་བ་དང༌། གང་ཟག་གིས་བསྒྲུབ་པའི་བྱ་བ་རྒྱས་པར་བཤད་པའོ། །དང་པོ་ལ་ཡིད་དང་ལུས་དང་ངག་གི་བྱ་བ་གསུམ་ཡོད་པ་ལས། ཡིད་ཀྱི་བྱ་བ་ནི། གྲངས་ཅན་དང་རྒྱང་འཕེན་པ་ལ་སོགས་པ་བརྫུན་པའི་བསྟན་བཅོས་བདེན་པར་འཛིན་པའི་བློས་རྒྱུན་དུ་ཀློག་པར་བྱེད་ན་ཀློག་པར་བྱེད་པ་པོ་དེ་དག་ལ་བསོད་སྙོམས་དུག་ཏུ་འགྱུར་བ་ཡིན་ནོ། །འོ་ན་མུ་སྟེགས་ཀྱི་བསྟན་བཅོས་ལ་གཏན་ནས་མི་བལྟའམ་ཞེ་ན། མཉན་ཡོད་དུ་ཤཱ་རིའི་བུས་མུ་སྟེགས་འཆར་བ་ཞེས་པ་ཚར་བཅད་པ་ལ་བརྟེན་ནས་ཐོག་མར་ངན་སོང་གི་སྡུག་བསྔལ་མི་བཟད་པའི་ནད་ཀྱི་སྨན་བདེ་གཤེགས་ཀྱིས་བསྟན་པའི་བསྟན་བཅོས་ཤེས་པར་བྱས་ནས་ནི། ཕྱིས་གཞན་དག་གི་བསྟན་བཅོས་ཀྱང་སུན་དབྱུང་བའི་ཆེད་དུ་བལྟ་བར་བྱ། བདེན་པར་ཞེན་པའི་བློས་ནི་མི་བསླབ་སྟེ། གང་གི་ཕྱིར་ན། ཀུན་མཁྱེན་དག་པའི་བཀའ་མངར་བའི་རོ་དང་ལྡན་པ་སྦྲང་རྩིའི་ཚོགས་ཆེན་པོ་དང་འདྲ་བ་ཡོད་བཞིན་དུ། མུ་སྟེགས་ཀྱིས་བསྟན་པའི་བསྟན་བཅོས་ནིམྦ་ཚྭ་བའི་རོ་སུ་ཞིག་གིས་མྱོང་བར་བྱེད། ལུས་ཀྱི་བྱ་བ་ནི། རང་གི་ཁྲིའུ་རྐང་པ་རི་མོ་སྣ་ཚོགས་ཀྱིས་བཀྲ་བ་ཅན་སྤང་ཞིང༌། དེར་མ་ཟད་མུ་སྟེགས་ཀྱི་རྒྱལ་མཚན་གཡང་གཞི་སོགས་ཉིད་ཀྱང་སྤང་སྟེ། གཞུང་དམ་པ་ལས། གནས་གཅིག་ཏུ་ཡུན་རིང་དུ་གནས་པའི་གང་ཟག་ལ་ཉེས་དམིགས་རྣམ་པ་ལྔར་འགྱུར་ཏེ། བྱ་བ་མང་པོར་འགྱུར། སྣོད་སྤྱད་མང་པོར་འགྱུར། ཡོ་བྱད་མང་ཞིང་གནས་ལ་སེར་སྣ་ཅན་དུ་འགྱུར། གནས་ལ་ཆགས་ཤིང་ཁྱིམ་ལ་སེར་སྣ་ཅན་དུ་འགྱུར། རིགས་ལ་ཆགས་ཤིང་ཁྱིམ་པ་དང་རབ་ཏུ་བྱུང་བ་དེ་དག་དང་ལྷན་ཅིག་ཏུ་འདྲེས་པར་འགྱུར་ཞེས་དང༌། རྟག་ཏུ་མི་གནས་པའི་ཡོན་ཏན་ལྔ་པོ་དེ་ལས་བཟློག་པར་གསུངས་པ་ལ་བརྟེན་ནས་སྣོད་ཀྱང་ཧ་ཅང་མང་བ་དང་ཚོན་སྣ་ཚོགས་ཀྱིས་བཀྲ་བ་སོགས་སྤང་བར་བྱའོ། །རྒྱལ་པོའི་ཁབ་ཏུ་པི་ལིན་ཏའི་བུ་ན་བ་ཉེ་དུ་རྣམས་ལ་ཆོས་སྟོན་དུ་ཕར་འགྲོ་དགོས་བྱུང་བ་ལ་བརྟེན་ནས་སྐྱོབ་པ་སངས་རྒྱས་ཀྱིས་ན་བ་དང་རྒན་པོ་ལ་ཁྱོགས་དང་རྟ་ལ་སོགས་པའི་བཞོན་པ་ཐམས་ཅད་རྗེས་སུ་གནང་བར་མཛད་དོ། །ཡང་དྲུག་སྡེ་དག་གིས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་ཁྱོགས་བཅས་པ་ལ་བརྟེན་ནས་ནད་པས་ཀྱང་རྒྱན་གྱིས་བརྒྱན་པའི་ཁྱོགས་མི་བྱ་ཞེས་གསུངས་སོ། །མཁར་ལེན་ལ་སོགས་པས་ཆད་པའི་དུས་དང་ལས་ཀྱིས་དུབ་པ་ལ་སོགས་པའི་དུས་དག་ལ་གསང་བའི་གནས་ནི་གོས་ཀྱིས་དཀྲི་བ་ཡང་གནང་ངོ༌། །ཁུར་ཕྱེད་ཀྱི་ཚད་ཙམ་ཁུར་བའི་རིམ་པས་འགྲོ་བ་གནང་བ་དང༌། རྒྱལ་པོའི་ཁབ་ཏུ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་འདྲེད་པས་དབྱུག་པ་འཆང་བ་གནང་བ་དང༌། དེར་ནད་པ་འདྲེད་ནས་བུམ་པ་དང་རིལ་པ་ཆག་པ་ལ་བརྟེན་ནས་སྣོད་དྲྭ་བ་སོགས་ཀྱང་གནང་ངོ༌། །བསམ་གཏན་དང་ཀློག་པ་དང་ལྡན་པ་རྣམས་ལ་གནང་བའི་བཅས་པ་འདི་བྱེད་པའི་དུས་སུ་དགེ་འདུན་ལ་གུས་པ་སྔོན་དུ་འགྲོ་བས་ཞུས་ཏེ་བཅང་བར་བྱའོ། །སྒེག་པའི་ཕྱིར་དུ་མིག་སྨན་བཅུག་པ་དང་མཆུའི་བྱི་དོར་བྱེད་པ་དང་དེ་བཞིན་དུ་ཆོས་གོས་ལ་དྲི་ཞིམ་པོས་བསྒོ་བ་དང་སེན་མོ་འཆོས་པ་དང་མགོ་བོའི་ཁྲུས་བྱེད་པ་དང་གདུགས་ཁྲ་བོ་དང་མཆིལ་ལྷྭམ་ཁྲ་བོ་རྣམས་ཀྱང་སྒེག་པའི་ཕྱིར་དུ་བྱེད་པ་བཀག་གོ །མཉན་ཡོད་དུ་བྲམ་ཟེ་གཅིག་གིས་སྟོན་པ་འཁོར་བཅས་གདན་དྲངས་པ་ན། བྲམ་ཟེས་གོས་བཏིང་བའི་སྟེང་དུ་གོས་ཆར་པས་བངས་ཟིན་པའི་དགེ་སློང་རྣམས་བསྡད་པས་བྲམ་ཟེ་མ་དད་ནས་སྟོན་པ་ལ་ཞུས་པས་གདུགས་གནང་ངོ༌། །གདུགས་ནི་རྒྱུ་ལོ་མའམ་སྨྱིག་མས་བྱས་པ་ཉིད་དག་གོ །འདི་གཉིས་ལས་བྱས་པའི་གདུགས་ནི་སྡོམ་བརྩོན་དག་གི་གདུགས་སུ་གནང་ངོ༌། །གྲོང་གི་དབུས་སུ་ནི་གདུགས་དེའི་ཡུ་བ་རྟག་ཏུ་བསྒྲེང་བར་མི་བྱའོ། །དྲུག་སྡེ་དག་གིས་གདུགས་ཀྱི་ཡུ་བ་རིང་པོར་བྱས་པས་ཁྱིམ་པ་རྣམས་མ་དད་པས་ཡུ་བ་གདུགས་ཀྱི་ཁོག་པའི་ཚད་ཁྲུ་དོ་ཉིད་དོ། །དེ་ལས་ནམ་དུ་ཡང་རིང་དུ་བྱ་བ་མིན་ནོ། །རྒན་ཞུགས་ཀྱིས་གླལ་བའི་དུས་སུ་ཁ་གདངས་པས་ཉེར་དགས་བོང་བ་ཁར་བཅུག་སྟེ། རྒན་ཞུགས་བོང་བ་བོ་ལ་ལྟོས་ཤིག་བྱས་པ་ལ་བརྟེན་ནས་དུས་ནམ་ཡང་ཁ་གདངས་པའི་ཚེ་ནི་རང་གི་ལག་པ་ལ་སོགས་པས་ཁ་དགབ་བོ། །སྡོམ་བརྩོན་གྱིས་སོའི་རུས་པ་ནི་གཞན་ལ་བསྟན་ཏེ་བགད་པར་མི་བྱའོ། །ངག་གི་བྱ་བ་ནི། སྟོན་པའི་ཡོན་ཏན་བརྗོད་པར་འདོད་ན་སྒྲ་དབྱངས་ཆུང་ངུས་སྟོན་པའི་ཡོན་ཏན་བརྗོད་པར་བྱའོ། །དམ་ཆོས་མཛེས་བྱེད་ཀྱི་དབྱངས་ནི་མངོན་པར་མི་ཤེས་ན་སྟོན་པའི་དམ་ཆོས་མཛེས་པར་བྱ་བའི་ཕྱིར་དུ་དབེན་པར་གྱུར་པའི་གནས་སུ་དབྱངས་སློབ་པ་ལ་བཀག་པ་མེད་དོ། །ཉོན་མོངས་ཆགས་སོགས་དང་བཅས་པའི་སེམས་ཀྱིས་ནི་མིན་ནོ། །གཉིས་པ་བྱ་བ་བསྒྲུབ་པ་གང་ཟག་གི་དབྱེ་བ་ལ་བསྟན། བཤད་གཉིས་ལས། དང་པོ་ནི། དགེ་སློང་དང་དགེ་སློང་མ་དང༌། ལ་སོགས་པ་དགེ་ཚུལ་ཕ་མ་གཉིས་དང་དགེ་སློབ་མ་སྟེ་རབ་བྱུང་གི་སྡེ་རྣམ་པ་ལྔའོ། །འདི་དག་ལ་དབྱར་ཟླ་བ་གསུམ་གཅིག་ཏུ་གནས་པ་དང༌། དགེ་སློང་རྣམས་ཀྱིས་དབྱར་ལྗོངས་ལ་རྒྱུ་བ་ན་མུ་སྟེགས་རྣམས་འཕྱ་བ་ལ་བརྟེན་ནས་དབྱར་གྱི་མཐར་དགག་དབྱེ་བྱ་བར་སྟོན་པས་རྗེས་སུ་གནང་ངོ༌། །གཉིས་པ་བཤད་པ་ལ་གསུམ་སྟེ། དགེ་སློང་ཕ་མ་ངོས་གཟུང་བ་དང༌། དགེ་ཚུལ་ཕ་མ་ངོས་གཟུང་བ་དང༌། དགེ་སློབ་མ་ངོས་གཟུང་བའོ། །དང་པོ་ནི། བསླབ་པ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བླངས་པ་ནི་དགེ་སློང་དུ་ཤེས་པར་བྱའོ། །བསླབ་པ་སུམ་བརྒྱ་དྲུག་ཅུ་རྩ་བཞི་མཐའ་དག་གང་ཁས་བླངས་པ་དག་ནི་དགེ་སློང་མར་ཤེས་པར་བྱ་སྟེ། དགེ་སློང་གི་བསླབ་པ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ནི་བསྟན་ཟིན་ལ། དགེ་སློང་མའི་བསླབ་པའི་གྲངས་ནི། ཕམ་པ་བརྒྱད། ལྷག་མ་ཉི་ཤུ། སྤང་ལྟུང་སུམ་ཅུ་རྩ་གསུམ། ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ། སོར་བཤགས་བཅུ་གཅིག ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། དེ་སྐད་དུ་ཡང་མའི་རྣམ་འབྱེད་ལས། མཐའ་བརྒྱད་དགེ་འདུན་ལྷག་མ་ཉི་ཤུ་དང༌། །དེ་བཞིན་སྤང་བ་སུམ་ཅུ་རྩ་གསུམ་དང༌། །གཞན་ཡང་ལྟུང་བྱེད་བརྒྱ་དང་བརྒྱད་ཅུ་དང༌། །སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང༌། །བསླབ་པ་ཡི་ནི་ཕྲེང་བ་ལྷག་པ་སྟེ། །ཞི་བར་བྱེད་པ་དགེ་སློང་དག་དང་མཐུན། །ཞེས་སོ། །དགེ་སློང་མ་བསྙེན་པར་རྫོགས་ཚུལ་ནི་དགེ་སློང་མའི་གྲངས་བཅུ་གཉིས་ཡན་ཆད་དགོས་ཤིང༌། གསང་སྟེ་དང་ལས་བྱེད་པ་དགེ་སློང་མས་བྱ་ལ། དགེ་སློང་ཕ་ཉུང་ན་གྲངས་བཅུ་ཡན་ཆད་དང་བཅས་ཏེ་དེ་དག་ལ་གསོལ་བ་འདེབས་སུ་བཅུག་ལ་ལས་བྱེད་པའི་དགེ་སློང་ཕ་ཡིས་སྡེ་གཉིས་ལས་རྫོགས་པའི་ལས་བྱ་བར་ཕྲན་ཚེགས་ལས་བཤད་དོ། །རྩ་བ་བརྒྱད་ལ། ཐུན་མོང་བ་བཞི་ནི་དགེ་སློང་དང་འདྲ་ལ། ཐུན་མོང་མ་ཡིན་པ་བཞི་ནི། རེག་པ་ལུས་བཀན་འཆབ་དང་བཟློག་པའོ། །ཞེས་པའོ། །དགེ་འདུན་ལྷག་མ་ལ་དབྱེན་ལ་སོགས་པ་བཞི་ནི་དགེ་སློང་ཕ་དང་འདྲ་ལ། གཞན་ནི་འདི་དག་སྟེ། སྨྱན་བྱེད་གཞི་མེད་བག་ཙམ་ཅི་ཡང་ལེན་དང་ལེན་འཇུག་གོ །མཚན་བྲལ་ཉིན་བྲལ་ལམ་དུ་འཇུག་པ་དང༌། །ཆུ་བརྒལ་རབ་འབྱིན་ཤི་བའི་ནོར་ལེན་དང༌། །བཟོད་གསོལ་འཇུག་དང་བསྒོ་གྱུར་དཀོན་མཆོག་གཏོང༌། །འཐབ་ཀྲོལ་སྡེ་ཞིང་གནས་དང་གནས་སུ་འཇུག །ཅེས་པ་རྣམས་སོ། །སྤང་ལྟུང་ལ། བཅུ་ཚན་དང་པོ་དང༌། གསེར་དངུལ་ལེན་པ་ནི་དགེ་སློང་དང་འདྲ་ལ། ཐུན་མོང་མ་ཡིན་པ་ནི། འཁྲུར་འཇུག་བྱིན་འཕྲོག་ལྷུང་བཟེད་འཆང་བ་དང༌། །བྱིན་གྱིས་མི་རློབ་སྲ་བརྐྱང་འབྱིན་མི་འབྱིན། །གོས་ཟས་གོས་མལ་དབྱར་ཁང་རྒྱུ་རྣམས་ཟ། །མང་ལ་བསྔོས་དང་དགེ་འདུན་དངོས་བྱིན་རློབ། །བཅིངས་པ་གྲོལ་འཇུག་གོས་ལྕེ་བསྟེན་པ་འོ། །ཞེས་པ་དག་གོ །ལྟུང་བྱེད་ལ། དགེ་སློང་གི་བསླབ་བྱ་རྣམས་ལས། མ་བསྐོས་པ་ལ་སོགས་པའི་བཅུ་ཚན་དང༌། སྐྲོད་པ། ཡང་ཡང་ཟ་བ། བསོད་པ་སློང་བ། ཉལ་ཤོམ་འདུག་འགྲེང༌། ཕྱིར་མ་བླངས་པ། སྤྱོད་པ་མ་ལོན་པ། དབྱར་གོས་རས་ཆེན་ལས་གྱུར་པ་སྟེ་བཅོ་བརྒྱད་ནི་དགེ་སློང་མ་ལ་མེད་ལ། ལྷག་མ་བདུན་ཅུ་རྩ་གཉིས་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་ལ་སྡོམ་ཚིག་ནི། མ་ལོན་པ་འཇོག་འཁོར་མང་འཇོག་པ་དང༌། །ཁྱིམ་སོ་བཟུང་དང་མ་བཟུང་བྱེ་བྲག་ལས། །བཅུ་གཉིས་ཉི་ཤུའི་གོང་དུ་བསྙེན་རྫོགས་བྱེད། །ཚིག་ལས་འདས་པའི་ལྟུང་བྱེད་གཉིས་པོ་དང༌། །བསླབ་ལ་མ་བསླབས་རྫོགས་བྱེད་བསླབས་མི་རྫོགས། །ཆོས་འཚོང་འདྲི་དང་འཁོར་མང་གསོག་པ་དང༌། །མ་གནང་སྡུད་དང་འཁྲུལ་མོ་སྦྲུམ་མ་སྡུད། །མྱ་ངན་གཟིར་རྒྱུད་རྩྭ་བཀྲོལ་ཅན་སྡུད་དང༌། །ཡལ་འདོར་འདོད་རྟེན་འདོད་རྟེན་ལྟར་བཅོས་དང༌། །འདོད་རྟེན་ལྟར་གནོད་བརྟེན་བྱར་འཆོས་པ་དང༌། །རེག་བྱ་མིན་དང་རྟེན་པ་བཅུ་གཅིག་དང༌། །བུ་འཚོ་མཚན་མོ་ཁྱིམ་གཞན་མ་བརྟགས་ཉལ། །གཅིག་ཉལ་ཁྲི་གཅིག་ཉལ་དང་ལོངས་སྤྱོད་གཏོང༌། །དྲིལ་ཕྱིས་བཀྲུ་བཤལ་བྱེད་འཇུག་དྲི་ཞིམ་སྐུད། །མར་ཚིག་སྐུད་དང་བྱི་དོར་ལས་གྱུར་དང༌། །ཆོས་སྤྱོད་ཆོས་གྱུར་རྒྱགས་གྱུར་དྲུག་དང་གསུམ། །གདུགས་ཐོགས་མཆིལ་ལྷམ་གྱོན་དང་ཁྲི་ཆུང་འདུས། །ཕྱིས་གཞོན་ལོག་ཐབས་བྱེད་དང་སྐུད་པ་འཁལ། །དགེ་འདུན་མ་ཡི་གོས་ཀྱི་བདག་བྱེད་དང༌། །གཞན་ལ་ཟས་ཀྱང་འཚོང་བར་བྱེད་པ་འོ། །གཡོས་གཡོ་རྗེན་པ་འཚོད་དང་ལྟོ་འདུན་དང༌། །སྒོག་སྐྱ་བསྟེན་དང་རྨེ་ཁབ་མི་བསྟེན་དང༌། །ཆུ་གོས་མི་འཆང་བཀྲུ་བཤལ་གོས་འཁྲུར་འཇུག །གོས་ལ་མི་གུས་རྒྱལ་མཚན་བཏག་པ་དང༌། །གཞན་བསྔགས་ཁྱིམ་གནས་རྙེད་ཆོས་སེར་སྣ་ལྔ། །སྐྲོད་པ་ལས་གྱུར་མཐོ་འཚམས་ལས་གྱུར་དང༌། །ལོག་པར་སྟོན་དང་རྣམ་འགྱུར་བརྙས་ཐབས་བྱེད། །སྤྱོད་དང་ལུས་ལ་ཆུ་འཐོར་འཁྲུག་ཡལ་འདོར། །བློ་མཐུན་མི་བྱེད་གདམས་ངག་མྱོང་མི་བྱེད། །ཕ་མེད་གསོ་སྦྱོང་བྱེད་དང་ལྕི་ཆོས་འདས། །དབུལ་པོ་སྲ་བརྐྱང་སྦྱོར་འཇུག་ཚོགས་མི་སྦྱིན། །གཞག་གནོན་དབྱར་ཁང་ཡལ་འདོར་བྱ་ལྗོངས་རྒྱུ། །དབྱར་འོག་མི་འགྲོ་དོགས་དང་བཅས་པར་འགྲོ། །བཀག་པའི་ཕྱོགས་འགྲོ་གཞན་ནས་འཐབ་ཀྲོལ་བྱེད། །འདྲི་བའི་གོ་སྐབས་མ་ཕྱེ་འདྲི་བ་དང༌། །ཕྱི་སར་ལོགས་སུ་བདག་ཉིད་གཅིག་པུར་འགྲོ། །རྩྭ་སྔོན་སྟེང་དང་མ་བལྟས་བཤང་བ་འདོར། །ཞེས་པ་རྣམས་སོ། །སོར་བཤགས་བཅུ་གཅིག་ནི། འོ་ཞོ་མར་ཞུན་འབྲུ་མར་སྦྲང་རྩི་དང༌། །བུར་ཁུ་ཉ་ཤ་ཤ་དང་ཤ་སྐམ་རྣམས། །མིན་བཞིན་བསླངས་ཟོས་སམ་འཐུངས་ནའོ། །དེ་དག་གི་སྟེང་དུ། དགེ་སློང་དང་ཐུན་མོང་བ་ནི། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའོ། །བསླབ་བྱ་ལ་དགེ་སློང་དང་ཐུན་མོང་མ་ཡིན་པ་ནི། ཤམ་ཐབས་རྐེད་པ་སྣང་བར་མི་བགོ་པ་དང༌། ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་མི་འགྲོ་བ་གཉིས་ཡིན་ལ། མ་བསྒོ་བར་སྟན་ལ་འདུག་པ་དང༌། རྩྭ་སྔོན་ཡོད་པའི་ས་ཕྱོགས་སུ་བཤང་གཅི་སོགས་འདོར་བ་གཉིས་ལ་ལྟུང་བྱེད་ཡིན་ལ། བསླབ་བྱ་གཞན་ཐམས་ཅད་དགེ་སློང་གི་སྐབས་བཞིན་ནོ། །གཉིས་པ་དགེ་ཚུལ་ཕ་མ་ངོས་གཟུང་བ་ནི། བསླབ་པར་བྱ་བའི་གནས་སྲོག་གཅོད་སྤོང་བ་སོགས་བཅུ་ལ་སློབ་པ་ནི་དགེ་ཚུལ་ཉིད་དེ། བཅུ་ནི་བསྟན་ཟིན་ཏོ། །དགེ་ཚུལ་མའི་བསླབ་བྱ་ཡང་དགེ་ཚུལ་དེ་བཞིན་ནོ། །གསུམ་པ་དགེ་སློབ་མ་ངོས་གཟུང་བ་ནི། འཕགས་སྐྱེས་པོས་ཤཱཀྱ་རྣམས་བསད་པའི་ཚེ་མྱ་ངན་གྱིས་རབ་ཏུ་བྱུང་པའི་ཤཱཀྱ་མོ་རྣམས་ལ་བཅུ་གཉིས་སྤང་བྱེད་ཀྱི་བསླབ་པ་ལ་སློབ་པར་གསུངས་པ་ནི། དགེ་སློབ་མ་ཁྲིམས་གྲོགས་མེད་པར་གཅིག་པུ་ལམ་དུ་མི་འགྲོ་ཞིང༌། ཆུ་བོའི་ཕ་རོལ་དུ་རྐྱལ་གྱིས་འགྲོ་བར་མི་བྱ་བ་དང༌། ཆགས་སེམས་ཀྱིས་སྐྱེས་པ་ལ་མི་རེག་ཅིང༌། སྐྱེས་པ་དེ་དང་ལྷན་ཅིག་ཏུ་འདུག་པར་མི་བྱ་བ་དང༌། རང་དང་གཞན་གྱི་ཁ་ན་མ་ཐོ་བ་མི་བཅབ་ཅིང༌། གཞན་གྱི་སྨྱན་དུ་འགྱུར་བ་མི་བྱ་སྟེ་དྲུག་པོ་འདི་དག་ནི་དགེ་སློབ་མ་རྣམས་ཀྱི་རྩ་བའི་ཆོས་དྲུག་ཅེས་ནི་ལུང་ལས་ཡོངས་སུ་བསྒྲགས་སོ། །རྗེས་མཐུན་གྱི་ཆོས་དྲུག་ནི། ས་ལེ་སྦྲམ་ལེན་པ་དང༌། གསང་བའི་གནས་ཀྱི་སྤུ་འབྲེག་པ་དང༌། ས་རྣམས་བརྐོ་བར་བྱེད་པ་དང༌། རྩྭ་སྔོན་ལ་སོགས་པ་གཅོད་པ་དང༌། བྱིན་ལེན་མ་བྱས་པར་ཟས་ལེན་པ་དང༌། གསོག་འཇོག་བྱས་པ་ཟ་བ་དང་དྲུག་པོ་ལས་ལྡོག་པ་ཞེས་བྱ་བ་སྟེ། རྩ་བ་ལ་ཆོས་དྲུག་ཡོད་པ་དེ་བཞིན་དུ་གཞན་རྗེས་མཐུན་གྱི་ཆོས་ཀྱང་དྲུག་ཏུ་རབ་ཏུ་འདོད་དོ། །འདི་སྤྱད་པའི་དུས་ཚིགས་ནི་གཉིས་སུ་བཤད་དེ། །བཅོམ་ལྡན་འདས་ཀྱི་གསུང་རབ་ནི་ལུང་ལས་གསུངས་པའི་རྩ་བའི་ཆོས་དྲུག་དང༌། རྗེས་མཐུན་གྱི་ཆོས་དྲུག་སྟེ་བཅུ་གཉིས་སྤོང་བྱེད་ཀྱི་བསླབ་པའི་དགེ་བའི་ཆོས་དང་ལྡན་པ་ཡིས་འཇིག་རྟེན་མགོན་པོ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་སློབ་པའི་དགེ་སློབ་མའི་མིང་ཅན་ཡིན་ཞེས་བྱའོ། །འདིའི་གོས་ནི་ལྔར་གསུངས་ཏེ། ཆོས་གོས་གསུམ་དང༌། ཤིང་ང་དཔུང་ཆད་དང༌། རྔུལ་གཟན་ནོ། །གསུམ་པ་གང་ཟག་གིས་བསྒྲུབ་པའི་བྱ་བ་རྒྱས་པར་བཤད་པ་ལ་གསུམ་སྟེ། བསླབ་པ་ལ་གུས་པར་བྱ་བ་དང༌། ཡོན་ཏན་འཕེལ་བར་བྱ་བ་དང༌། ལམ་ལ་བརྩོན་པར་བྱ་བའོ། །དང་པོ་ལ་ལྔ། དུས་ཤེས་པར་བྱ་བ་དང༌། བསྙེན་བཀུར་བྱ་བ་དང༌། རྒྱགས་པ་ཞི་བར་བྱ་བ་དང༌། རྫས་མི་ཉམས་པར་བྱ་བ་དང༌། ལུས་མི་ཉམས་པར་བྱ་བའོ། །དང་པོ་གཉིས། དུས་ཀྱི་དབྱེ་བ་སྤྱིར་བསྟན་པ་དང༌། དུས་ཅན་གྱི་བྱ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྤྱིར་གཙུག་ལག་ཁང་དུ་གནས་པའམ་དབྱར་གནས་པའི་དུས་ཀྱི་ཚེ་དགེ་འདུན་དག་གི་རྒན་རབས་ཀྱིས་རབ་ཏུ་འབད་པས་ཚེས་གྲངས་བརྩི་བ་མ་བརྗེད་པར་དྲན་པར་བྱས་ཏེ། གཙུག་ལག་ཁང་སྐྱོང་དག་གིས་ཀྱང་ཉིན་རེ་བཞིན་དུ་ཚོགས་ཀྱི་ཐད་དུ་དེ་རིང་ཡར་ངོའི་ཚེས་གཅིག་ལགས་ཏེ་ཞེས་སོགས་བརྗོད་དོ། །དགོས་པ་ནི། གསོ་སྦྱོང་གི་དུས་རྟོགས་པའི་ཆེད་དུའོ། །ལོ་དང་ཟླ་བ་ལ་སོགས་པའི་དུས་རྣམས་རིམ་པ་བཞིན་དུ་ཡང་དག་པར་འཕོ་བའི་ཚུལ་གྱིས་བརྩིས་པ་ན། ཚེས་ཞག་གི་ཟླ་ཕྱེད་གསུམ་གསུམ་གྱི་རྗེས་ལ་ཉིན་ཞག་རེ་རེའི་བརྩིས་ཆད་དེ། ཇི་སྐད་དུ། ཟླ་བ་ཕྱེད་དང་གཉིས་འདས་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་པ་ལྟར་རོ། །རྒྱལ་པོས་ལོ་གསུམ་གསུམ་ནས་ཟླ་གཤོལ་འདོར་བ་ནི་རགས་ཙམ་ཡིན་ལ། ཞིབ་ཏུ་བརྩིས་ན་ལོ་གཅིག་ལ་གསོ་སྦྱོང་བཅུ་བཞི་པ་དྲུག་ཏུ་གསུངས་པས་ན་ལོ་རེ་རེ་ལ་ཞག་རེས་མ་ཚང་བའི་ཟླ་བ་དྲུག་ཏུ་བསྟན་པ་ཡིན་ནོ། །དགེ་ཚུལ་གྱི་ལོ་དྲི་བ་ནས། རྒྱལ་དང་དབོ་དང་ས་ག་དང༌། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་ཅན། །འདི་རྣམས་ལ་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་སོ། །ལོ་གཅིག་ལ་ཞག་མི་ཐུབ་པ་དྲུག་འོང་བའི་ཚུལ་ནི། ཉིན་ཞག་ཐམས་ཅད་ཆུ་ཚོད་དྲུག་ཅུ་པ་ཁོ་ན་ཡིན་པས་རིང་ཞིང༌། ཚེས་ཞག་ཕལ་ཆེར་ཆུ་ཚོད་ལྔ་བཅུ་ང་དགུ་ལྷག་ཙམ་ཡིན་པས་ཐུང་བ་ན་ཉིན་ཞག་ལྔ་བཅུ་ང་དགུ་ལ་ཚེས་ཞག་དྲུག་ཅུ་དྲུག་ཅུ་རྫོགས་པའི་ཕྱིར་ཏེ། རྒྱ་ཆེར་འགྲེལ་ལས། གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བའི་ཉི་མ་དེ་ཉིད་ཚེས་བཅོ་ལྔ་པ་ཡིན་པའི་ཕྱིར་རོ་ཞེས་སོ། །རབ་ཏུ་བྱུང་བ་རྣམས་ཐོས་བསམ་གཙོ་བོར་བྱེད་དགོས་པས་རྩིས་ལ་ལྷུར་མི་ལེན་པས་ན། ལོའི་ཞག་གྲངས་དང་ཟླ་བ་དང་ཟླ་གཤོལ་ཟླ་བ་གང་ལ་དོར་བ་དག་རྒྱལ་པོའི་བཀའ་ཡིས་བཅད་པ་དག་ཀྱང་བསྔགས་ཏེ། དེའི་དྲུང་དུ་རྟག་ཏུ་རྩིས་བྱེད་པ་ཡོད་པས་སོ། །རྒྱལ་པོ་བཀའ་བཙན་པ་དང༌། འཇིག་རྟེན་ན་གྲགས་པ་དང་ལྡན་པ་དང༌། རྩིས་ཀྱི་བྱེ་བྲག་རྟོགས་པའི་ཤེས་རབ་ཅན་ཡིན་པ་དང༌། ཕྱོགས་བྱེད་པའི་དཔུང་དང་ལྡན་པ་ཡིན་པས་འཇིག་རྟེན་པའི་ཐ་སྙད་ལ་མཁས་པའི་དོན་དུ་དེའི་རྗེས་སུ་འབྲང་བར་བྱའོ། །ལོ་མགོ་ངོས་འཛིན་དང་ཟླ་གཤོལ་དོར་ཚུལ་རྒྱས་པར་ནི་མངོན་པ་མཛོད་ཀྱི་རྣམ་བཤད་དུ་བསྟན་ཟིན་ཏོ། །གཉིས་པ་དུས་ཅན་གྱི་དབྱེ་བ་བྱེ་བྲག་ཏུ་བཤད་པ་ལ་གསུམ། ཟས་ཀྱི་དུས་ན་ཇི་ལྟར་དུ་བྱ་བ་དང༌། ལམ་དུ་འགྲོ་བའི་དུས་ན་ཇི་ལྟར་དུ་བྱ་བ་དང༌། བརྗེད་ངས་པའི་དུས་ན་ཇི་ལྟར་བྱ་བའོ། །དང་པོ་ནི། ལྷུང་བཟེད་ལ་སོགས་པའི་སྣོད་དང་ལག་པ་ལེགས་པར་བཀྲུས་ནས་བརྟུལ་ཞུགས་ཅན་གྱིས་ལྷུང་བཟེད་འཇོག་པའི་གཞིར་བྱུག་རིས་བྱའོ། །དབྱིབས་ཀྱི་རྣམ་པ་ཇི་ལྟ་བུ་བྱ་ཞེ་ན། ཉི་ཟླའི་རྣམ་པ་ལྟར་བྱས་པས་ཉི་ཟླ་ལ་ལྷར་འཛིན་ནམ་ཞེས་སྨད་པ་ལ་བརྟེན་ནས་མདུང་རྩེའམ་རྫ་རྔའི་རྣམ་པ་ལྟར་བྱ་ཡི། ཅི་ནས་ཀྱང་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལྟ་བུ་དང་མཆོད་རྟེན་ལྟ་བུར་མི་བྱའོ། །གཉིས་པ་ལམ་དུ་འགྲོ་བའི་དུས་ན་ཇི་ལྟར་བྱ་བ་ལ་གཉིས་ཏེ། འཇིག་རྟེན་པའི་ལྷ་ལ་ཕན་གདགས་པ་དང༌། གཏན་གྱི་སྐྱབས་མི་ཞུ་བའོ། །དང་པོ་ལ་བཞི། ཆོས་ཀྱི་སྦྱིན་པ་བྱ་བ་དང༌། དེ་མ་བྱས་པའི་ཉེས་པ་དང༌། ཟང་ཟིང་གི་སྦྱིན་པ་བྱ་བ་དང༌། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། སྡོམ་བརྩོན་གང་གིས་ལམ་དུ་འགྲོ་བའི་ཚེ་ན་ལམ་གང་དུ་ལྷའི་གཟུགས་དག་མཐོང་བ་ན། ཀྱེ་མ་འདུས་བྱས་རྣམས་མི་རྟག །ཅེས་སོགས་དེ་བཞིན་གཤེགས་པའི་ཞལ་ནས་གསུངས་པའི་ཚིགས་བཅད་བརྗོད་དོ། །ཚུལ་ནི་གུས་པས་སེ་གོལ་གཏོག་སྟེ་བརྗོད་དོ། །གཉིས་པ་དེ་མ་བྱས་པའི་ཉེས་པ་ནི། འཇིག་རྟེན་པའི་ལྷ་དེ་དག་མགུ་ན་ཕན་པ་དང༌། མ་མགུ་ན་གནོད་པ་ཅན་ཡིན་པས་ཆོས་ཀྱི་སྦྱིན་པ་མ་བྱས་པ་ལ་རྒྱལ་བས་ཉེས་བྱས་དག་ཏུ་བཅས་སོ། །དེ་ལྟར་མ་བྱས་པ་ལ་ཉེས་པ་ཡོད་པ་དེ་བས་ན་ང་བསླབ་པ་རྗེས་སུ་བསྲུང་བར་འདོད་པས་འཇིག་རྟེན་པའི་ལྷ་མཐོང་བ་ན་སྟོན་པའི་ཚིགས་བཅད་གདོན་པ་རྟག་ཏུ་དྲན་པར་བྱ་བ་ཡིན་ནོ། །གསུམ་པ་ཟང་ཟིང་གི་སྦྱིན་པ་བྱ་བ་ནི། འཇིག་རྟེན་པའི་ལྷའི་གཟུགས་ལ་ནི་དགའ་བའི་དོན་དུ་མཆོད་པ་བྱ་བ་སྟེ། དེའི་མཆོད་པ་དགེ་སློང་རང་ཉིད་ཀྱིས་གཏོར་མ་གཏོང་བའི་མན་ངག་བསླབ་པ་ཡང་དག་པར་ཐོབ་པ་བཞིན་བྱ་བའམ། ཡང་ན་སྡོམ་བརྩོན་དགེ་སློང་གཞན་ཉིད་ཀྱིས་བྱའོ། །ཅིའི་ཕྱིར་མཆོད་ཅེ་ན། འཕྲལ་དུ་ཕན་པའི་དགོས་པའི་ཆེད་དུའོ། །མཆོད་པ་ནི་འཇིག་རྟེན་པའི་ལྷའི་གཟུགས་དེ་ལ་གཏོར་མ་དང་མེ་ཏོག་ལ་སོགས་པ་སྦྱིན་པའོ། །སྔ་འགྱུར་ལས། སྡོམ་བརྩོན་དགེ་སློང་གཞན་གྱིས་སོ། །དགོས་པའི་ཆེད་དུ་གཟུགས་དེ་ལ། །གཏོར་མ་མེ་ཏོག་ལ་སོགས་སྦྱིན། །ཞེས་སོ། །བཞི་པ་དེའི་ཕན་ཡོན་བསྟན་པ་ནི། འདུས་པ་ཆེན་པོའི་མདོ་ཞེས་པ་ལས་གསུངས་སོ། །ཇི་ལྟར་ན། གཏོར་མ་བྱིན་པས་ལྷ་རྣམས་ཀྱིས་སངས་རྒྱས་ལ་རྗེས་སུ་བསྔགས་པས་སངས་རྒྱས་ཀྱི་འཁོར་དུ་གཏོགས་པ་ལ་ཅི་ནས་ཀྱང་གནོད་པ་མི་བྱེད་པར་གསུངས་སོ། །དེའི་དོན་ནི། གཏོར་མ་བྱིན་པས་ལྷ་རྣམས་ཀྱིས་རང་གི་གནས་སུ་གནས་པ་དག་ལ་ནི་མི་མཐུན་པ་དག་མི་སྟོན་པའི་ཕྱིར་མགོན་པོས་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་བསམ་སྦྱོར་གྱིས་བྱམས་པ་བྱེད་པ་རབ་ཏུ་བསྔགས་ཏེ། གང་ལ་བྱམས་པའི་ས་བོན་དེ་ཡོད་ན་སྲིད་པ་ལས་བྱུང་བའི་སྡུག་བསྔལ་མེད་པའི་ཕན་ཡོན་དང༌། འཇིག་རྟེན་ན་གནས་པའི་སྐྱེ་བོ་གང་ཞིག་གིས་འཇིག་རྟེན་པའི་ལྷ་གང་དག་ལ་འཕྲལ་དུ་གུས་པས་མཆོད་པར་བྱེད་པ་དེ་ལ་འདིར་གནས་སྐབས་གང་ཡིན་དུ་སྲིད་པའི་ལོངས་སྤྱོད་ཇི་ལྟར་འདོད་པ་འཐོབ་པར་བྱེད་པའི་ཕན་ཡོད་ཀྱང་ཡོད་དོ། །གཉིས་པ་གཏན་གྱི་སྐྱབས་མི་ཞུ་བ་ནི། དགེ་སློང་སོགས་གང་ཞིག་སངས་རྒྱས་ལ་སྐྱབས་སུ་སོང་ནས་གཞན་འཇིག་རྟེན་པའི་ལྷ་ལ་འཕྲལ་དུ་ཕན་པར་འཛིན་པ་ལས་རྣམ་པ་གཞན་སྐྱབས་སུ་འཛིན་པ་ཉིད་ཀྱིས་བསྟེན་ན་གསལ་པོར་སྐྱབས་མ་ཡིན་པ་ལ་སྐྱབས་སུ་འཛིན་པའི་སེམས་ནི་ལོག་པར་གཡོ་བ་ཅན་ཡིན་པས་དེ་ལ་སྐྱབས་སུ་བསྟེན་པའི་འབྲས་སུ་ཐར་པ་ག་ལ་ཡོད། དེར་མ་ཟད་སྐྱབས་ལོག་པར་འཛིན་པར་སོང་བ་ལ་ཡུལ་འཁོར་དག་གི་བསོད་སྙོམས་ཀྱང་འབར་བའི་མེ་མདག་ཟ་བ་ལྟ་བུར་སྤྱོད་དོ། །འོ་ན་གཞུང་དམ་པ་ལས། སྐྱེས་བུ་གང་ཟག་དད་པ་དག །གང་གིས་ལྷ་རྣམས་མཆོད་བྱེད་པ། །སྟོན་པའི་བཀའ་བཞིན་བྱེད་པ་སྟེ། །སངས་རྒྱས་ཀྱིས་ཀྱང་དེ་ལ་བསྔགས། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། མ་མཆོད་ན་གནོད་པ་བྱེད་པས་འཕྲལ་དུ་ཕན་གདགས་པ་ཙམ་ལ་དགོངས་ཏེ། ཤིང་གི་ལྷ་ལ་མཆོད་པ་བྱེད་པ་བཞིན་ནོ། །འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་འཛིན་པ་ནི་ངུར་སྨྲིག་གི་ཆ་ལུགས་བཟུང་ནས་དགེ་སློང་གི་རྟགས་སུན་འབྱིན་པ་ཡིན་ནོ། །གསུམ་པ་བརྗེད་ངས་པའི་དུས་ན་ཇི་ལྟར་བྱ་བ་ནི། དྲན་འཛིན་གྱི་བློ་ངན་པས་བརྗེད་སླ་བ་དག་གིས་སྔར་ཁོང་དུ་ཆུད་པའི་དོན་དྲན་པའི་དོན་དུ་ནི་འདུལ་བ་དང་མདོ་སྡེ་ལ་སོགས་པའི་སྡེ་སྣོད་བྲི་བར་བྱ་སྟེ། ཇི་ལྟར་བྲི་བའི་ཚུལ་ནི། བདག་གི་པའི་འཛིན་པ་དག་ནི་དགག་པར་བྱ་བའི་ཕྱིར་དུ་རང་མིང་སྨོས་ནས་འདིས་སྦྱིན་པར་བྱ་བའི་ཆོས་ཞེས་བྲིའོ། །གཉིས་པ་བསྙེན་བཀུར་བར་བྱ་བ་ལ་གསུམ། མ་དད་པ་ལ་བསྙེན་བཀུར་མི་བྱ་བ་དང༌། ཚུལ་འཆལ་ལ་བསྙེན་མི་བཀུར་བ་དང༌། དེའི་དམིགས་བསལ་ལོ། །དང་པོ་ནི། རང་ལ་མ་དད་པའམ་དད་པ་ཆུང་བའི་གང་ཟག་དག་ནི་ཚུལ་ཁྲིམས་ཅན་གྱི་བསྲོ་ཁང་གི་ལས་དང་ལུས་ཀྱི་དྲིལ་ཕྱི་དང་བསྐུ་མཉེའི་ལས་དག་བྱེད་པ་ལ་ནི་རབ་ཏུ་བཀག་པར་མཛད་དོ། །གཉིས་པ་ནི། མཉན་ཡོད་དུ་དགེ་སློང་དགྲ་བཅོམ་པས་ཚུལ་འཆལ་བསྙེན་བཀུར་བྱས་པ་ལ་བརྟེན་ནས་ཁྲིམས་དང་ལྡན་པ་ཉིད་ཀྱིས་ནི་ཚུལ་ཁྲིམས་འཆལ་བ་ལ་ཕྱག་དང་བསྙེན་བཀུར་ལ་སོགས་པ་མི་བྱའོ། །འདི་ལ་ནི་ཚུལ་ལྡན་སུས་ཀྱང་ཉེ་གནས་བྱ་བའི་སྐལ་བ་མེད་དེ། འདི་ཉིད་བསྟན་པའི་ཚེར་མ་ཡིན་པས་སོ། །འོད་ལྡན་ལས། དགེ་སློང་ཚུལ་ཁྲིམས་དང་ལྡན་པས་ཤེས་བཞིན་དུ་ཚུལ་འཆལ་ལ་སོ་ཤིང་སྟོབ་ན་ལོ་སྟོང་ཕྲག་དྲུག་ཅུར་དམྱལ་བར་འགྲོ་བའི་ལས་བསྒྲུབས་སོ་ཞེས་གསུངས་སོ། །གསུམ་པ་དམིགས་བསལ་བསྟན་པ་ལ་གསུམ། བསྙེན་བཀུར་བྱ་བའི་དབྱེ་བ་སྤྱིར་བསྟན་པ་དང༌། ཕ་མའི་བསྙེན་བཀུར་བྱེ་བྲག་ཏུ་བཤད་པ་དང༌། ཁྱད་པར་དུ་མ་ལ་བསྙེན་བཀུར་བྱ་ཚུལ་ལོ། །དང་པོ་ནི། མཁན་པོ་དང་སློབ་དཔོན་དང་ཕ་མ་དང་དེ་བཞིན་དུ་ནད་པ་དག་ཡིན་ན་ཚུལ་ཁྲིམས་ཉམས་པ་ཕམ་པ་བྱུང་བ་དག་ཀྱང་བསྙེན་བཀུར་བྱ་བའི་ཡུལ་དུ་གསུངས་སོ། །དེ་དག་ལ་གཡོག་གཞན་མེད་ན་ཉེ་གནས་ཀྱང་བྱའོ། །གཉིས་པ་ཕ་མའི་བསྙེན་བཀུར་བྱེ་བྲག་ཏུ་བཤད་པ་ནི། མཉན་ཡོད་དུ་བུ་ཞིག་ཕ་མ་ལ་མ་དྲིས་པར་རབ་ཏུ་བྱུང་སྟེ་བསོད་སྙོམས་ལ་རྒྱུ་བ་ཕས་མཐོང་བས་ཁྱོད་རབ་ཏུ་བྱུང་ན་ང་སུ་ཞིག་གིས་གསོ་ཟེར་བ་ལ་བརྟེན་ནས། སྡོམ་ལྡན་དགེ་སློང་རྣམས་ཀྱིས་ཕ་མ་ཁྱིམ་པ་ཡིན་ཡང་བསོད་སྙོམས་ཀྱི་དངོས་པོ་ཕྱེད་དག་ཀྱང་བགོ་བཤའ་བྱ་སྟེ། ཕ་མ་དེ་དག་རང་ལ་དཀའ་བའི་ལས་བྱེད་པ་པོ་དང་རྟག་ཏུ་ཕན་འདོགས་བྱེད་ཀྱང་ཡིན་པའི་ཕྱིར། བསོད་སྙོམས་བགོ་བཤའ་བྱས་པ་ཕ་མས་ཡོངས་སུ་སྤྱད་པར་བྱ་བ་འདི་དག་ནི་སུས་ཀྱང་ཀུན་ཏུ་བཟློག་པར་མི་བྱའོ། །གསུམ་པ་ཁྱད་པར་དུ་མ་ལ་བསྙེན་བཀུར་བྱ་བ་ནི། གལ་ཏེ་མ་ན་བར་གྱུར་པ་ན་དགེ་སློང་གིས་མ་ན་བའི་རྐང་པའི་མཐིལ་གྱི་བསྐུ་མཉེ་དང་ལུས་ཀྱི་ཁྲུས་དང་དྲིལ་ཕྱི་སོགས་བྱེད་པ་དག་སུས་ཀྱང་བཟློག་ཏུ་མེད་དོ། །གལ་ཏེ་མ་དེ་ལ་གཡན་པའི་ནད་བྱུང་ན་ལོང་བུ་མན་ཆད་དུ་ཤིང་ཚལ་སོགས་ཀྱིས་དྲུད་ནས་ཟ་འཕྲུག་སེལ་བ་དང༌། སྣུམ་སྐུད་པ་དང་རྐང་པ་དག་གོས་ཀྱིས་དཀྲི་བ་སོགས་བྱེད་པ་ཡང་བཟློག་ཏུ་མེད་དོ། །གསུམ་པ་རྒྱགས་པ་ཞི་བར་བྱ་བ་ལ་གསུམ། ལུས་ལ་རྒྱན་མི་གདགས་པ་དང༌། མེ་ཏོག་སོགས་ཀྱིས་བསྙེན་བཀུར་རུང་མི་རུང་དང༌། མ་དག་པའི་སྦྱིན་པ་མི་བྱ་བའོ། །དང་པོ་ནི། དྲུག་སྡེས་བྲམ་ཟེའི་ཚངས་སྐུད་ཐོགས་ནས་བསོད་སྙོམས་བྱས་པས་མང་དུ་རྙེད་པས་ཚོན་སྣ་ལྔའི་ཚངས་སྐུད་ཐོགས་ཏེ་ཕྱིན་པས་སྐྱེ་བོ་རྣམས་འཕྱ་བ་ལ་བརྟེན་ནས་མཆོད་ཕྱིར་ཐོགས་པའི་བྲམ་ཟེའི་ཚངས་སྐུད་སེ་རལ་ཁར་བྱས་ཏེ་མི་གདགས་སོ། །དྲུག་སྡེས་རྐང་རྒྱན་དང་ལག་རྒྱན་ཐོགས་པ་ལ་བརྟེན་ནས་རྐང་གདུབ་དང་ལག་གདུབ་དག་ཀྱང་མི་་གདགས་ཏེ་ཞེས་གསུངས་སོ། །སྨན་པས་སྔགས་བཟླས་པའི་ཚངས་སྐུད་བཏགས་ན་ནད་ཞི་བྱས་ཀྱང་མི་འདོགས་པ་ན། རིམས་ལ་སོགས་པ་ཞི་བར་བྱ་བའི་ཕྱིར་དུ་བསྔགས་བཟླས་པའི་ཚངས་པའི་སྐུད་པ་དཔུང་པ་གཡོན་པར་གདགས་སུ་རུང་ངོ༌། །ནད་སོས་པ་ན་སྐུད་པ་གང་དགར་དོར་བས་མི་མ་ཡིན་རྣམས་ཀྱིས་མ་གུས་པར་བྱས་པ་ལ་བརྟེན་ནས་ནད་དང་བྲལ་བ་ན་སྐུད་པ་དེ་ནི་རྩིག་པ་ལ་སོགས་པའི་ཁུང་བུར་གཞུག་གོ་ཞེས་གསུངས་སོ། །གཉིས་པ་ནི། དྲུག་སྡེ་དག་གིས་ལུས་ལ་དྲིས་བྱུགས་ནས་གཞོན་ནུ་རྣམས་ཀྱི་ནང་དུ་སོང་སྟེ་གཞོན་ནུ་དག་དྲི་སྣོམས་ཤིག་བྱས་པ་ལ་བརྟེན་ནས་སྟོན་པས་ལུས་ལ་དྲིའི་བྱུག་པ་བཀག་པ་ན། ནད་པ་ཞིག་ལ་སྨན་པས་དྲི་བྱུགས་ན་འཚོའོ་ཞེས་བྱས་ཀྱང་མི་ཉན་པ་ན་སྨན་པའི་མན་ངག་གིས་ཙནྡན་ལ་སོགས་པའི་དྲི་ཞིམ་པོས་བསྒོ་བར་བྱའོ་ཞེས་སྨྲ་ན་ངེས་པར་བྱུག་པར་བྱའོ། །གལ་ཏེ་མ་བྱུགས་ན་མ་དད་པའི་རིགས་ཅན་གྱི་སྐྱེ་བོ་དག་འདུག་ན་ཅི་ནས་ཀྱང་དེའི་དད་པ་སྦྱོང་བར་མི་འགྱུར་བར་བྱ་བ་འདི་དོན་དུ་ཙནྡན་ལ་སོགས་པའི་དྲི་ཞིམ་པོ་བྱུགས་ནས་ནི་དབེན་པར་འདུག་གི ཕྱི་རོལ་སྐྱེ་བོ་མང་པོ་རྒྱུ་བའི་གནས་སུ་མིན་ནོ། །འདི་ཡང་སྟོན་པས་དྲིས་བྱུག་པ་གནང་བ་ན་འགའ་ཞིག་དགེ་འདུན་གྱི་ནང་ན་འདུག་ཅིང་བྲམ་ཟེ་དང་ཁྱིམ་པ་སོགས་ལ་ཆོས་སྟོན་པ་ལ་ཁྱིམ་རྣམས་སུ་འགྲོ་བར་བྱེད་པ་ལ་བརྟེན་ནས་གསུངས་སོ། །གལ་ཏེ་དད་པ་ཅན་ཁ་ཅིག་ནན་ཏན་གྱིས་དྲིས་བྱུག་པའི་བསོད་ནམས་ཐོབ་པར་འདོད་པ་བྱུང་བ་ན་རྩིག་ངོས་སུ་མཎྜལ་བྱས་ནས་ནི་མིག་གསལ་བར་བྱ་བའི་ཕྱིར་དུ་སྦྱིན་བདག་དེ་ཡིས་མཐོང་བར་བསྣམ་མོ། །ཙནྡན་སོགས་ཀྱི་དྲི་དེ་ནི་ནམ་ཡང་རྐང་པར་བསྐུ་བར་བྱ་བ་མིན་ནོ། །གལ་ཏེ་དད་པ་ཅན་དག་གིས་དྲི་བཟང་ཕུལ་བ་བྱུག་པར་ཁས་བླངས་ན་བྱུགས་པའི་རྗེས་ཐོག་དེའི་ཚེ་ཆུ་མང་པོ་ཡིས་དག་པར་བཀྲུ་བར་བྱའོ། །གལ་ཏེ་མེ་ཏོག་ཁ་དོག་མཛེས་ཤིང་ཞིམ་པ་དག་རྙེད་ཅིང་དེ་སྣོམ་པར་འདོད་པ་ན། མིག་ལ་ཕན་པ་དག་གི་ཆེད་དུ་རྣམ་པར་བསམས་ནས་བསྣམ་པར་བྱ་བ་ཡིན་གྱི། དྲི་ལ་ཆགས་པའི་བློས་ནི་མ་ཡིན་ནོ། །གསུམ་པ་མ་དག་པའི་སྦྱིན་པ་མི་བྱ་བ་ནི། གང་སུ་ལ་ཡང་སྦྱིན་བྱ་མ་དག་པའི་རྫས་མཚོན་ཆ་དང་ཆང་ལ་སོགས་པ་དག་མ་དག་པའི་གནོད་སེམས་ཀྱིས་སྦྱིན་པར་མི་བྱའོ། །ཆོས་ཀྱི་རྒྱལ་མོ་ལས། ལ་ལ་ཞིག་གིས་བདག་གི་ལུས་དང་ལག་གིས་ཆང་སྣོད་བླངས་ཏེ་མི་ཕ་རོལ་པོ་ལ་བྱིན་ཏེ་བླུད་ན་ཚེ་རབས་ལྔ་བརྒྱའི་བར་དུ་ལག་པ་མེད་པར་འོངས་ན་འཐུང་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་བཞིན་ནོ། །བཞི་པ་རྫས་ནི་ཉམས་པར་བྱ་བ་ལ་གཉིས་ཏེ། སྒོ་ལྕགས་དང༌། དམ་རྒྱ་བྱ་བའོ། །དང་པོ་ནི། ཇི་སྲིད་འཚོ་བའི་སྨན་ལ་སོགས་པ་རྣམས་ཆུད་མི་ཟ་བར་སྦ་བའི་ཕྱིར་དུ་རྒྱུ་ལྕགས་དག་ལས་བྱས་པའི་སྒོ་ལྕགས་སོགས་བྱས་ཏེ་བཅང་བར་བྱའོ། །གཉིས་པ་ནི། རྫས་མི་སྟོར་བར་བྱ་བའི་དོན་དུ་ཐུབ་པས་དམ་རྒྱ་དག་གང་ཟག་དང་ཚོགས་དགེ་འདུན་ལ་ཡང་རྗེས་སུ་གནང་ངོ༌། །ཡང་དྲུག་སྡེས་རྒྱུ་གསེར་ལ་སོགས་པ་ལ་བྱས་པ་ལ་བརྟེན་ནས་རྒྱུ་ཟངས་དང་ལྕགས་དང་ར་གན་དང་ས་དང་ཤིང་ངམ་ཞ་ཉེ་དང་རྡོ་ལས་བྱས་པ་གནང་ངོ༌། །གང་ཟག་གི་དམ་རྒྱ་ལ་ནི་ཐོད་པ་དང་སྒལ་ཚིགས་དང༌། ཡན་ལག་བཞི་སྟེ་དྲུག་པོ་དག་གི་རུས་པས་མཚན་པ་དྲིའོ། །དགེ་འདུན་གྱི་དམ་རྒྱ་དག་ལ་ནི་གློ་གཉིས་སུ་རི་དྭགས་དང་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་དང༌། རི་མོའི་ཆ་ཤས་ཀུན་རྫོགས་པའི་ཆོས་ཀྱི་འཁོར་ལོས་རྣམ་པར་མཛེས་པའི་རི་མོ་བྱའོ། །དམ་རྒྱ་ཡང་ལྐོག་ཏུ་སྦ་བར་བྱ་ཡི། གཞན་གྱིས་མངོན་མཚན་ཅན་དུ་གསལ་པོར་མཐོང་དུ་རུང་བར་མི་བཅང་ངོ༌། །དྲུག་སྡེས་ཉལ་པོ་བྱེད་པའི་རི་མོ་བྲིས་པ་ལ་བརྟེན་ནས་སྐྱེས་པ་བུད་མེད་ལྷན་ཅིག་སྤྱོད་པའི་ཚུལ་ངན་བྲི་བ་བཀག་གོ །ལྔ་པ་ལུས་མི་ཉམས་པར་བྱ་བ་ལ་གཉིས་ཏེ། ལུས་ཀྱི་བྱི་དོར་བྱ་བ་དང་བྱི་དོར་ལོག་པར་བསྒྲུབ་པ་དགག་པའོ། །དང་པོ་ལ་གསུམ། སྐྲ་སེན་བཅོས་པ་ཞར་བྱུང་དང་བཅས་པ་དང༌། རྐང་ཁྲུས་བསིལ་ཡབ་དང་བཅས་པ་དང༌། ངོ་ཚ་བ་སྤང་བ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། མགོན་མེད་ཟས་སྦྱིན་གྱིས་སྐྲ་སེན་འབྲེག་པས་བསྙེན་བཀུར་བའི་ཕྱིར་འབྲེག་མཁན་བཏང་བ་དྲུག་སྡེ་ཉིན་རངས་བསྒོར་བས་སྦྱིན་བདག་གི་དད་པ་དང་ཚོགས་སྤེལ་བའི་ཕྱིར་སྐྲ་སེན་བཅོས་པ་ཙམ་བྱ་བ་ཉིད་དོ། །ཚོགས་དགེ་འདུན་ཉིད་ཀྱི་ཡང་དེ་བཞིན་དུ་བཅོས་སོ། །དྲུག་སྡེས་རང་གི་བཞིན་མཛེས་མི་མཛེས་བརྟག་པའི་དོན་དུ་མེ་ལོང་ངམ་ཆུ་ལ་སོགས་པ་ལ་བལྟས་པ་ལ་བརྟེན་ནས་མེ་ལོང་ངམ་ཆུ་ལ་སོགས་པ་ལ་རང་གི་བཞིན་མཛེས་མི་མཛེས་རྟོག་པའི་དོན་དུ་བལྟ་བར་མི་བྱའོ། །ལུས་ཀྱི་ན་ཚོད་རྒན་གཞོན་ནམ་སྨེ་བ་ལ་སོགས་པའི་མཚན་མའམ་རྨ་དག་གང་ན་ཡོད་པ་བལྟ་བའི་ཕྱིར་དུ་བལྟས་པ་ལ་ཉེས་པ་མེད་དོ། །ཡང་དགེ་སློང་སྤོང་བ་པ་ཞིག་གིས་སྐྱིལ་ཀྲུང་བཅས་པ་ཙམ་གྱིས་དབང་པོ་ལས་སུ་རུང་བ་རྡོ་བས་བཅོམ་པ་ལ་བརྟེན་ནས་རང་གི་ལུས་སྐྱེས་ལག་པས་མི་དགུག་ཅིང་རྡོ་དང་གཏུན་ཤིང་ལ་སོགས་པས་མི་གཞོམ་མོ། །འོ་ན་འདོད་ཆགས་སྐྱེས་ན་ཇི་ལྟར་བྱ་ཞེ་ན། གལ་ཏེ་འདོད་ཆགས་ཀྱི་མེ་མངོན་པར་འཕེལ་བ་བྱུང་ན་མི་སྡུག་པའི་ཏིང་ངེ་འཛིན་བསྒོམ་པའི་ཆུ་ཡིས་རབ་ཏུ་ཞི་བར་བྱའོ། །གཉིས་པ་རྐང་ཁྲུས་བསིལ་ཡབ་དང་བཅས་པ་ནི། མཉན་ཡོད་དུ་དགེ་སློང་རྣམས་གར་བབ་ཏུ་རྐང་པ་བཀྲུས་པས་རྐང་པ་བཀྲུ་བའི་གནས་ཤར་ལྷོའི་མཚམས་སུ་རུས་སྦལ་ལྟ་བུར་བྱ་བར་གསུངས། དགེ་སློང་རྒས་པ་དག་གིས་རྐང་ཁྲུས་ཀྱི་སར་འགྲོ་མ་ནུས་པས་རྐང་ཁྲུས་ཀྱི་སྣོད་སའི་རང་བཞིན་ལས་བྱས་པ་གླང་ཆེན་གྱི་རྨིགས་རྗེས་ལྟ་བུའི་རྣམ་པར་བྱ་བར་གསུངས་སོ། །ཀཽའུ་ཤཱ་མྦིར་སྒྲ་ལེན་ཞེས་པའི་ཀུན་དགའ་ར་བར་ན་བ་ལ་བསིལ་ཡབ་གནང་བས་དྲུག་སྡེས་ཡུ་བ་སེར་པོ་སོགས་བྱས་པ་ལ་བརྟེན་ནས་བསིལ་ཡབ་ཀྱང་རྣམ་པ་གཉིས་སུ་གསུངས་ཏེ། འོད་མ་ལ་བྱས་པ་དང༌། ཏ་ལའི་ལོ་མའི་བསིལ་ཡབ་བོ། །ཡང་པ་ཅན་དུ་དགེ་སློང་རྣམས་ཀྱི་ལུས་སྦྲང་མས་ཟོས་པས་སྦྲང་མ་ལ་སོགས་པ་ཟློག་པར་བྱེད་པའི་སྦྲང་ཡབ་རྣམ་པ་ལྔ་ནི་རབ་ཏུ་གནང་ངོ༌། །ལྔ་ནི། ལོ་མ་ལས་བྱས་པ་དང༌། ཡལ་འདབ་དང༌། རས་མ་དག་དང༌། རྩྭ་ཤ་ན་དང༌། ཐ་ན་བལ་གྱི་སྦྲང་ཡབ་སྟེ་ལྔའོ། །གསུམ་པ་ངོ་ཚ་བ་སྤང་བ་ཞར་བྱུང་དང་བཅས་པ་ནི། ཤིང་ལ་འཛེག་པ་ན་ཤིང་མཁན་གྱིས་གསང་གནས་མཐོང་བ་ལ་བརྟེན་ནས་ཤིང་ངམ་སྐས་ལ་འཛེག་པར་ཤམ་ཐབས་ཀྱི་མཐའ་ནི་བསྣོལ་ལ་ཅིང་བར་བྱའོ་ཞེའོ། །དགེ་སློང་གིས་ཤིང་ལྕི་བའི་ཁུར་ནི་ཕལ་པ་བཞིན་དུ་ཁུར་བར་མི་བྱའོ། །བྱི་དོར་ལ་སོགས་པར་རྟོག་པ་དགག་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། དོགས་གཅོད་དོ། །དང་པོ་ནི། དྲུག་སྡེ་ལ་བརྟེན་ནས་བཅས་པ་སོ་མང་སོགས་ཀྱིས་ཡན་ལག་གི་མཆོག་མགོ་བོའི་སྐྲ་ཤད་པར་བྱ་བའི་ཕྱིར་མ་ཡིན་ནོ། །མགོ་སྐྱེས་ཏེ་སྐྲ་ལག་པ་དག་གིས་ཀྱང་གྱེན་དུ་བརྫེ་བར་མི་བྱའོ། །གཉིས་པ་ནི། སྐྲ་ལ་རྡུལ་གྱིས་གོས་པ་ན་བརྟུལ་ཞུགས་ལྡན་པ་དག་གིས་ལག་པས་མགོ་བོ་ཡོངས་སུ་སྤྲུག་པའམ་གོས་ཀྱིས་ཀྱང་འཕྱི་བ་ལ་ཉེས་མེད་དོ། །བསླབ་པ་ལ་གུས་པར་བྱ་བའི་ཆོ་ག་བསྟན་ཟིན་ཏོ། །གཉིས་པ་ཡོན་ཏན་འཕེལ་བར་བྱ་བ་ལ་ལྔ། གསུར་རབ་ལ་གུས་པར་བྱ་བ་དང༌། སྲོག་ཆགས་ལ་བརྩེ་བར་བྱ་བ་དང༌། ལམ་དུ་འགྲོ་ཚུལ་དང༌། དགེ་སློང་མ་རྗེས་སུ་བཟུང་ཚུལ་དང༌། དགོན་པར་གནས་པའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། གསུང་རབ་བསྒྲག་ཚུལ། གཙང་སྦྲ་བྱ་ཚུལ། ཆུ་སྣོད་གཞག་པའི་ཆོ་ག སྦྲིད་པ་བྱུང་ན་ཇི་ལྟར་བྱ་བའོ། །དང་པོ་གསུང་རབ་བསྒྲག་ཚུལ་ནི། ཁྱིམ་བདག་བཟང་ལྡན་གྱི་བུ་གཉན་པ་བཟང་ལྡན་གྱི་སྐད་ཀྱི་གཏང་རག་ཤིན་ཏུ་སྙན་པ་ལ་ཆགས་པས་རྒྱལ་པོ་གསལ་རྒྱལ་གྱི་གླང་ཡང་དེར་ཤོར་ནས་གསལ་རྒྱལ་གྱིས་ཀྱང་རས་ཡུག་ཕུལ་བ་མགོན་མེད་ཟས་སྦྱིན་གྱིས་དགེ་སློང་རྣམས་ལ་སྐད་ཀྱི་གཏང་རག་ལ་ཕུལ་ནས་མདོ་འདོན་པར་ཞུས་པ་སྟོན་པས་གནང་ནས་མདོ་འདོན་པ་ན་རོལ་མོ་མཁན་གྱི་གནས་དང་འདྲ་ཞེས་བྱས་པས། སྐད་གསང་ཧ་ཅང་ཆེ་བ་དང་ཆུང་བ་དག་གིས་ཐུབ་པའི་བཀའ་ནི་མི་བརྗོད་དེ། བརྗོད་བྱ་དང་མི་འགལ་བར་རང་རང་གི་ཡུལ་གྱི་སྐད་དང་དུས་དང་རྗེས་སུ་མཐུན་པར་བྱའོ། །གཉིས་པ་གཙང་སྦྲ་བྱ་ཚུལ་ནི། བཤང་གཅི་བྱ་བའི་ཁང་པ་དག་ནི་ཕལ་ཆེར་གཙུག་ལག་ཁང་གི་སྟེང་གི་ངོས་ཀྱི་གྱད་དང༌། ནུབ་ཀྱི་ཕྱོགས་ཀྱི་ཆ་རུ་བྱ་བ་ཡིན་ཏེ། དྲི་ངན་གྱིས་ཁང་པ་ལ་མི་གནོད་པའི་ཕྱིར་རོ། །གསུམ་པ་ཆུ་སྣོད་གཞག་པའི་ཆོ་ག་ནི། གཙུག་ལག་ཁང་གི་ནང་གི་ངོས་ཀྱི་ལྷོ་དང་ཤར་གྱི་མཚམས་སུ་ནི་ཆུའི་སྣོད་གཞག་གོ །གལ་ཏེ་ཆུ་དོན་དུ་གཉེར་བ་བྱུང་ན་ཆུ་དོན་དུ་གཉེར་བ་རྣམས་ལ་རང་གིས་ནུས་པ་དང་མཐུན་པར་སྦྱིན་པར་བྱའོ། །བཞི་པ་སྦྲིད་པ་བྱུང་ན་ཇི་ལྟར་བྱ་བ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། ཕྱག་བྱ་མི་བྱའི་བྱེ་བྲག་གོ །དང་པོ་ནི། རྒན་ཞུགས་སྦྲིད་པ་བྱུང་བ་ལ་དགེ་སློང་རྣམས་ཀྱིས་སོས་པར་གྱུར་ཅིག་ཅེས་མ་སྨྲས་པ་ལ་མི་མ་ཡིན་གྱིས་མདངས་འཕྲོག་པར་བརྩམས་པས། སྔོན་གྱི་ཆུང་མས་ས་གཏོར་ཏེ་སོས་པར་གྱུར་ཅིག་བྱས་པས་སོང་བ་དང༌། ཡང་ཁྱིམ་པ་སྦྲིད་པ་བྱུང་བ་བྲམ་ཟེ་མ་དད་པས་ཁྲིད་པ་ལ་བརྟེན་ནས་དགེ་སློང་ངམ་ཁྱིམ་པ་ཡང་རུང་རྒན་པ་སྦྲིད་པ་བྱུང་བ་ལ་དགེ་སློང་གིས་ཚེ་རིང་བར་གྱུར་ཅིག་ཅེས་བརྗོད་དེ། དེ་དག་ཚེ་རིང་བར་འདོད་པའི་ཕྱིར་རོ། །གསར་བུ་སྦྲིད་པ་བྱུང་བ་ལ་ནི་རྒན་པོ་ཡིས་ཨ་རོག་ཁྱ་ཞེས་བརྗོད་པར་བྱ་སྟེ། ནད་མེད་པར་གྱུར་ཅིག་ཅེས་པའི་དོན་ནོ། །སེར་སྐྱར་སྟོན་པ་ལ་སྦྲིད་པ་བྱུང་བ་ལ་གོའུ་ཏ་མས་ཡུན་རིང་དུ་འཚོ་བར་གྱུར་ཅིག་བྱས་པས་བཀྱོན་ནས། དགེ་འདུན་མཐུན་པར་གྱུར་ཅིག་ཅེས་བརྗོད་དེ་ཕྱག་བྱའོ་ཞེས་གསུངས་པ་ལ་བརྟེན་ནས་གསར་བུ་ཡིས་ཀྱང་རྒན་པོ་སྦྲིད་པ་བྱུང་བ་ལ་ལུས་ཀྱིས་ཕྱག་བྱ་བ་ཡིན་ནོ། །གཉིས་པ་ཕྱག་བྱ་མི་བྱའི་བྱེ་བྲག་ལ་གསུམ་སྟེ། མི་བྱེད་ཅིང་མི་བླང་པའི་དུས་དང༌། རྟག་ཏུ་ཕྱག་བྱ་བ་དང༌། ཕྱག་གི་དབྱེ་བ་བསྟན་པའོ། །དང་པོ་ལ་རང་གིས་ཕྱག་མི་བྱ་བ་དང༌། གཞན་གྱི་ཕྱག་མི་བླང་པའི་དུས་བརྟུལ་ཞུགས་ལྡན་པ་རྣམས་ཟས་ལ་འཁོད་པ་ན་ཕྱག་མི་བླང་ཞིང་གཞན་ལ་ཡང་མི་བྱ་སྟེ། བརྩམས་ལྡང་དང་འབགས་པ་ལ་སོགས་པའི་ཉེས་པ་དགག་པའི་ཕྱིར་རོ། །ནད་པ་རྒན་པོ་ཞིག་ལ་ནད་འདྲིའི་དུས་སུ་རྒན་པ་ཕྱག་བྱེད་ཅིང་གཞོན་པའི་ཕྱག་ལེན་པས་སྐྱོ་བས་འབགས་པའི་ཕྱག་བྱེད་པ་དང་ལེན་པ་གཉིས་ཀ་བཀག་པས་ན་འོག་གི་སྒོའི་ལམ་མི་གཙང་བས་ཀྱང་ཕྱག་བྱེད་པ་དང་ལེན་པ་གཉིས་ཀ་བཀག་གོ །གཞོན་ནུ་གཉིད་པོ་ཆེས་རྔུལ་གཟན་ཤམ་ཐབས་སུ་གྱོན་ཏེ་མཁན་པོ་ཤམ་ཐབས་གྱོན་འཕྲོ་ལ་ཕྱག་བྱས་པས་སྐྲ་བཞར་མ་ཐག་གི་སྐྲ་ལ་ཤམ་ཐབས་ཐོགས་ནས་གཉིས་ཀ་སྒྲེན་མོར་གྱུར་པ་ལ་བརྟེན་ནས་གོས་གཅིག་པ་ཅན་དག་གིས་འདུག་པ་དང༌། དགེ་སློང་གང་ཞིག་གིས་ཟས་དངོས་མིད་པ་མིན་ན་ཡང་ཁ་ཟས་ཀྱི་ཁ་ནི་བཀང་བ་ལ་ཕྱག་མི་བྱ་ཞིང༌། དེས་ཀྱང་གཞན་ལ་ཕྱག་མི་བྱའོ། །འདི་ནི་སྔ་མ་རྣམས་ཀྱིས་མཐར་ཡང་སྦྱར་རོ། །གཞན་དགེ་སློང་ཡིན་ཡང་ཕྱག་བྱ་བའི་ཡུལ་མིན་པ་མང་སྟེ། སྤོ་བ་དང་མགུ་བ་སྤྱོད་པ་ལ་སོགས་པ་ས་གཞན་ན་གནས་པ་ཉི་ཤུ་རྩ་ལྔ་ཡིན་ནོ། །ཉི་ཤུ་རྩ་ལྔ་ནི། སྤོ་བ་དང༌། གཞི་ནས་སྤོ་བ་དང༌། ཡང་གཞི་ནས་སྤོ་བ་སྤྱོད་པ་གསུམ་དང༌། སྤོ་བ་སྤྱད་ཟིན་ནས་མགུ་བ་མ་བྱིན་པའི་སྤོ་བ་དང་ལྡན་པ་དང༌། གཞི་ནས་སྤོ་བ་དང་ལྡན་པ་དང༌། ཡང་གཞི་ནས་སྤོ་བ་དང་ལྡན་པ་གསུམ་སྟེ་དྲུག་དང༌། མགུ་བ་དང༌། གཞི་ནས་མགུ་བ། ཡང་གཞི་ནས་མགུ་བ་སྤྱོད་པ་གསུམ་དང༌། མགུ་བ་སྤྱད་ཟིན་ནས་དབྱུང་བ་མ་བྱིན་པའི་མགུ་བ་དང་ལྡན་པ་དང༌། གཞི་ནས་མགུ་བ་དང་ལྡན་པ་དང༌། ཡང་གཞི་ནས་མགུ་བ་དང་ལྡན་པ་སྟེ་བཅུ་གཉིས་སོ། །ཕྱིར་མི་འཆོས་པ་དང༌། མ་མཐོང་བ་དང༌། སྡིག་ལྟ་ཅན་དང༌། འཐབ་ཀྲོལ་ལ་འབད་པས་མ་ལོག་པ་དང༌། རྣམ་པར་གཏན་ལ་ཕེབས་པ་ལས་གྱུར་པ་དང༌། འཐབ་ཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ་དང༌། དགེ་སློང་མ་དང་འདྲེ་ཞིང་གནས་པ་སྟེ་གནས་ཕྱུང་བདུན་དང༌། བསྡིགས་པ་དང༌། སྨད་པ་དང༌། བསྐྲད་པ་དང༌། ཕྱིར་འབྱེད་པ་སྟེ་བཞི་དང༌། ངོ་བོ་ཉིད་འཚོལ་བ་དང༌། བསླབ་པ་བྱིན་པ་སྟེ་དེ་དག་ནི་གཞན་ན་གནས་པ་ཉི་ཤུ་རྩ་ལྔའོ། །གནས་ཕྱུང་བདུན་དང༌། བསྡིགས་པ་ལ་སོགས་པ་བཞི་དང༌། གསོ་སྦྱོང་གཞག་པ་དང་དགག་དབྱེ་གཞག་པ་གཉིས་ནི་ནན་ཏུར་བཅུ་གསུམ་མོ། །གཉིས་པ་རྟག་ཏུ་ཕྱག་བྱ་བའི་ཡུལ་ནི། སྟོན་པ་མཉན་ཡོད་ན་བཞུགས་པའི་དུས་སུ་དགེ་སློང་རྣམས་ཀྱིས་སུ་ལ་ཕྱག་བྱེད་མ་ཤེས་པས་ཞུས་པ་ལ་བརྟེན་ནས་དགེ་སློང་གིས་རྟག་ཏུ་ཕྱག་བྱ་བའི་ཡུལ་ནི་གཉིས་ཏེ། སངས་རྒྱས་དང་སྡོམ་པས་རྒན་པའོ། །གསུམ་པ་ཕྱག་གི་དབྱེ་བ་ནི། སངས་རྒྱས་ཀྱི་བསྟན་པ་ལ་དམ་པར་གཟུང་བར་བྱེད་པའི་དགེ་སློང་གི་ལུས་ཀྱི་ཕྱག་ནི་གཉིས་ཏེ། ཕྱག་གཅིག་ནི་དཀྱིལ་འཁོར་ལྔ་པ་སྟེ། སྤྱི་གཙུག་དང༌། ལག་པ་གཉིས་དང༌། པུས་མོས་གཉིས་དང་ལྔ་ས་ལ་འདུད་པའོ། །ཕྱག་གཉིས་པ་ནི་གཞན་གྱི་སྒྱིད་པ་ན་འཁྱུད་པ་ཡིན་ཏེ། སྐྱེས་བའི་རབས་ཀྱི་གླེང་གཞི་ལས། བྱིན་པ་བཟུང་སྟེ་ཞབས་མགོ་བོའི་སྟེང་དུ་བཞག་ནས་ཇི་ལྟར་འདོད་པའི་ཕྱག་བྱས་སོ་ཞེས་གསུངས་པ་ལྟར་རོ། །གསུང་རབ་ལ་གུས་པར་བྱ་བ་བསྟན་ཟིན་ཏོ། །གཉིསཔ་སྲོག་ཆགས་ལ་བརྩེ་བར་བྱ་བ་ལ་གཉིས་ཏེ། དངོས་ཀྱི་དོན་བསྟན་པ་དང༌། ཞར་ལ་འབྲུ་མར་གྱི་སྣོད་ཀྱི་ཚད་དོ། །དང་པོ་ལ་གསུམ། ལག་འགྲོ་ལ་མཚོན་ཏེ་མདོར་བསྟན་པ་དང༌། སྐྲོད་ཚུལ་རྒྱས་པར་བཤད་པ་དང༌། རིགས་ཅན་གཞན་ལ་སྦྱར་བས་དོན་བསྡུ་བའོ། །དང་པོ་ནི། ཙམ་པ་ཀ་ན་དྲང་སྲོང་གར་གའི་རྫིང་འགྲམ་དུ་བཞུགས་པའི་ཚེ་ཀླུའི་བུ་ཆོས་ཉན་པ་བཟུང་བས་མགྲིན་པ་བསྣད་པ་ལ་བརྟེན་ནས་སྒྲའི་རང་བཞིན་སྲད་བུ་རྩུབ་པ་ཡིས་ལག་འགྲོ་སྟེ་སྦྲུལ་ནི་གཟུང་བར་མི་བྱ་སྟེ། ཕྲན་ཚེགས་ལས། ཀླུ་གཞོན་ནུ་རྔ་མའི་སྙིས་གདགས་པར་མི་བྱའོ་ཞེས་སོ། །འོ་ན་ཇི་ལྟ་བུར་ཞེ་ན། བཞིན་བཟང་མིག་ལམ་ན་མ་འདུག་ཅེས་སེ་གོལ་གཏོགས་ཏེ་ཞི་བས་བསྐྲད་དོ། །རང་བཞིན་གྱིས་མི་འགྲོ་ན་སྦྲུལ་དེ་ནི་བསྐྲད་པའི་སྦྱོར་བའོ། །བམ་པོ་ལྔ་པའོ། །གཉིས་པ་ནི། ཇི་ལྟར་བྱ་ཞེ་ན། ཐག་གུ་ཤིན་ཏུ་འཇམ་པོ་ཡིས་མགུལ་པར་བཅིངས་ཏེ་ལེགས་པར་དོར་རོ། །གང་དུ་ཞེ་ན། གཡང་ས་མ་ཡིན་པའི་ས་ཕྱོགས་སུའོ། །ཇི་ལྟར་ན། སྦྲུལ་འགྲོ་བ་ན་ནེའུ་ལེ་ལ་སོགས་པའི་འཚེ་བ་མེད་པར་བྱའོ། །སྦྲུལ་དེ་བཞིན་དུ་བྱི་བ་ལ་སོགས་པའི་སྲོག་ཆགས་གཞན་སྐྱེ་འགྲོ་རྣམས་ལ་ཡང་གནོད་པ་མེད་པར་དལ་གྱིས་བག་ཡོད་པར་རབ་ཏུ་བཟུང་ནས་འབད་པས་ཅི་བདེར་དོར་བར་བྱའོ། །བསླབ་པ་རྗེས་སུ་བསྲུང་ཞིང་སེམས་ཅན་ལ་བརྩེ་བ་དང་ལྡན་པ་རྣམས་ཀྱིས་ཤིག་རྣམས་ཀྱང་དལ་གྱིས་བཟུང་ནས་དེ་ནས་ཕྱོགས་གཅིག་ཏུ་བསྡུས་ནས་རྩིག་པ་ལ་སོགས་པའི་བུ་གར་སྙིང་རྗེ་ཅན་གྱིས་གཞུག་པར་བྱའོ། །དེར་མ་ཟད་རྩྭ་སྔོན་སྟུག་པོའི་ས་ཕྱོགས་སུ་རྩ་ཤིག་དག་ཀྱང་དོར་བར་བྱའོ། །གསུམ་པ་རིགས་ཅན་གཞན་ལ་སྦྱར་བས་དོན་བསྡུ་བ་ནི། སྲོག་ཆགས་ལྷག་མ་གཞན་ལ་ཡང་མ་བསྣད་པར་རང་རང་གི་སྤྱོད་ཡུལ་དག་ཏུ་དོར་རོ། །གཉིས་པ་ཞར་ལ་འབྲུ་མར་གྱི་སྣོད་ཀྱི་ཚད་བསྟན་པ་ནི། མཉན་ཡོད་དུ་ཉེ་དགའི་དགེ་ཚུལ་གཉིས་ཀྱིས་སྣོད་ཤིན་ཏུ་ཆེན་པོ་ཁྱེར་ཏེ་འབྲུ་མར་བསླང་པས་འདི་ཙམ་སུས་འགེངས་ནུས་ཟེར་བ་ལ་བརྟེན་ནས་འབྲུ་མར་གྱི་སྣོད་ཆེ་བ་ཕུལ་ཚད་དང༌། ཆུང་ངུ་ཕུལ་ཕྱེད་དང༌། འབྲིང་པོ་དེ་དག་གི་བར་མ་སྟེ་འབྲུ་མར་གྱི་སྣོད་དུ་ཉེ་བར་བསྟན་པ་རྣམ་པ་གསུམ་པོ་དེ་ལས་གང་འདོད་པ་བཅད་དོ། །གསུམ་པ་ལམ་དུ་འགྲོ་ཚུལ་ནི། དགེ་སློང་རྒན་པོ་གཅིག་དང་གསར་བུ་གཅིག་ལམ་དུ་འགྲོ་བ་ན་འཆལ་གཏམ་མང་དུ་སྨྲས་པས་གནོད་སྦྱིན་མ་དད་པ་ཞིག་གིས་མདངས་འཕྲོག་པར་བརྩམས་པ་ལ་བརྟེན་ནས་ལམ་དུ་འགྲོ་བའི་ཚེ་ན་ཆོས་ཀྱི་གཏམ་སྨྲ་བ་ཉིད་དམ་གལ་ཏེ་མི་སྨྲ་བ་ཡིས་འགྲོ་ན་ཚུལ་བཞིན་ཡིད་ལ་བྱེད་པས་འགྲོ་བར་བྱའོ། །ལམ་དུ་ངལ་བསོ་བའི་ཚེ་ན་དེ་བཞིན་གཤེགས་པའི་ཞལ་ནས་གསུངས་པའི་ཚིགས་བཅད་འདོན་ནོ། །མཚན་མོ་གནས་པའི་ཚེ་ན་རྒྱུན་ཆགས་གསུམ་པ་གདོན་པར་བྱའོ། །སྔར་ཆུ་དཀོན་པའི་དུས་སུ་དཔྱང་ཐག་བཅང་པར་གསུངས་པའི་ཚད་ཇི་ཙམ་ཞེ་ན། ཆེ་བ་སྟེ་རིང་བ་ནི་ཁྲུ་བརྒྱའི་ཚད་དང༌། ཆུང་བ་སྟེ་ཐུང་བའི་ཚད་ནི་ཁྲུ་བརྒྱད་པའོ། །བར་མ་ནི་ཁྲུ་ལྔ་བཅུ་པ་སྟེ། རྣམ་པ་གསུམ་པོ་ཆུ་དཀོན་པའི་བས་མཐར་དགོས་པར་ཤེས་པར་བྱ་ཞིང༌། ཁྲོན་པ་རིང་ཐུང་གི་བྱེ་བྲག་གང་ལ་དཔྱང་ཐག་ཀྱང་རིང་ཐུང་ཇི་ལྟར་རིགས་པས་བྱའོ། །གོ་རིམ་བཞིན་དུ་བས་མཐར་ཁྲོན་པ་རིང་ཐུང་དང་རྗེས་སུ་མཐུན་པར་བྱ་བ་ཉིད་ཀྱིས་དཔྱང་ཐག་ཁྱེར་བར་བྱ་བའམ། མི་ཁྱེར་བ་ནི་ཆུ་རབ་ཏུ་ཆེ་བའི་ས་ཕྱོགས་སམ་ཕྱོགས་ཀུན་ཆུས་ཁྱབ་པར་ཡང་ནི་རུང་སྟེ། གནས་སྐབས་དེ་དག་ལ་མི་དགོས་སོ། །བཞི་པ་དགེ་སློང་མ་རྗེས་སུ་གཟུང་ཚུལ་ལ་བཞི་སྟེ། ཆོས་གོས་ཀྱི་སྦྱིན་པ་ཞར་བྱུང་དང་བཅས་པ་དང༌། རང་བཞིན་ཉམས་པ་སྤངས་པ་དང༌། གནས་མལ་སྦྱིན་ཚུལ་དང༌། ལྟུང་བ་བཤགས་ཚུལ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། གལ་ཏེ་སྡོམ་བརྩོན་གྱིས་དགེ་སློང་མ་རྣམས་ལ་འདུལ་བའི་ཆོས་སྟོན་པ་ན་དགེ་སློང་མ་དང་བར་དུ་ཡོལ་བས་གཅད་པར་བྱ་སྟེ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།