ཞེན་ངོ་དང་མཐུན་པར་འཆད་རྩོད་རྩོམ་པའི་ཐ་སྙད་བྱེད་པས་ཉེས་པ་མེད་དོ། །བསྟན་བཅོས་རྩོམ་པ་དང་འཆད་པའི་ཚུལ་ཡང༌། རྩོམ་པ་པོས་བསྟན་པར་འདོད་པའི་དོན་བསྟན་པའི་ཕྱིར་དུ་རྟོགས་པས་ཡི་གེ་ཕན་ཚུན་སྦྱོར་བར་བྱེད་པ་ལས་དོན་གྱི་ངོ་བོ་སྟོན་པའི་ཆེད་དུ་བརྡ་སྦྱར་བའི་མིང་འབྱུང་ལ། མིང་དུ་མ་ཡོངས་སུ་སྦྱར་ནས་དོན་གྱི་ཁྱད་པར་བསྟན་པའི་ཕྱིར་ན་བརྡ་སྦྱར་བའི་ཚིག་འབྱུང་ལ་དེ་ནས་བསྟན་འཆོས་དང༌། ཆོས་ཀྱི་ཕུང་པོའི་བར་དུ་འབྱུང་བ་ནི་ཇི་ལྟར་རྩོམ་པའི་ཚུལ་ལོ། །རྩོམ་པ་པོས་གོ་རིམ་ཇི་ལྟར་སྦྱར་བའི་ཚུལ་དང་མཐུན་པར་གཞན་གྱིས་བརྗོད་པར་བྱེད་པ་ལ། གཞན་གྱིས་བྱས་པའི་བསྟན་འཆོས་འཆད་པའི་ཐ་སྙད་འཇུག་པ་ཡིན་ནོ། །གལ་ཏེ་འཆད་པ་པོའི་ངག་དང་རྩོམ་པ་པོའི་ངག་གཞི་མཐུན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། དགོས་པ་སྔ་མས་ཇི་ལྟར་རྩོམ་པའི་ཡི་གེའི་གོ་རིམ་དང་མཐུན་པར་བརྗོད་པ་ལ་བསྟན་བཅོས་འཆད་པའི་ཐ་སྙད་འཇུག་པ་ཡིན་ཏེ། རྩོམ་པ་པོས་སྦྱར་བའི་ཡི་གེའི་གོ་རིམ་དང་མཐུན་པར་ཀློག་པ་ནི། རྩོམ་པ་པོ་སྔ་མས་ཡི་གེའི་སྡེབས་ཚུལ་ལ་རག་ལས་པའི་ཕྱིར་རོ། །དཔེར་ན་ཐ་མལ་པས་དེ་བཞིན་གཤེགས་པས་གསུངས་པའི་ཡི་གེའི་གོ་རིམ་དང་མཐུན་པར་ཀློག་པ་ལ་སངས་རྒྱས་ཀྱི་གསུང་རབ་ཀློག་པའི་ཐ་སྙད་བྱེད་པའི་ཕྱིར་རོ། །སྒྲས་དོན་གོ་བའི་ཚུལ་ནི་སྣང་བ་ལ་དོན་དུ་ཞེན་ནས་བརྡ་སྦྱར་བ་ལས། ཞེན་ཚུལ་དང་མཐུན་པར་དོན་གོ་བར་འགྱུར་བ་ཡིན་ལ། དེ་ལས་དོན་ལ་ཞུགས་པས་དོན་ཐོབ་པར་འགྱུར་ལ། དེ་ཙམ་གྱིས་འཇུག་པ་པོའི་འདོད་པ་ཡང་ཡོངས་སུ་རྫོགས་པའི་ཕྱིར་རིགས་པའི་རྣམ་དཔྱད་མེད་པར་འཇུག་པའི་ཕྱིར་རོ། །དོན་རང་མཚན་གོ་བར་འགྱུར་བ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ལ་གཉིས་ཏེ། རང་མཚན་ཁོ་ན་དངོས་ཀྱི་བརྗོད་བྱ་ཡིན་པ་དགག སྤྱི་འབའ་ཞིག་བརྗོད་བྱ་ཡིན་པ་དགག དང་པོ་ལ། ཕྱི་རོལ་གྱི་རང་མཚན་དངོས་ཀྱི་བརྗོད་བྱ་ཡིན་པ་དགག ཤེས་པའི་རང་མཚན་དངོས་ཀྱི་བརྗོད་བྱ་ཡིན་པ་དགག དང་པོ་ནི། འགའ་ཞིག་བུམ་པ་ལ་སོགས་དོན་རང་མཚན་དངོས་ཀྱི་བརྗོད་བྱ་ཡིན་ཏེ། བུམ་པ་འོན་ཅིག་ཞེས་བརྗོད་པ་ན་ཆུ་སྐྱོར་བའི་བྱ་བ་བྱེད་པ་ལ་འཇུག་པའི་ཕྱིར་ཞེས་སྨྲའོ། །ཡུལ་དུས་སོ་སོར་ངེས་པའི་དོན་རང་མཚན་ཆོས་ཅན། ཁྱོད་སོ་སོའི་གྲངས་ཇི་ལྟར་ཡོད་པ་བཞིན་བརྡ་སྦྱར་མི་ནུས་པར་ཐལ། གྲངས་མཐའ་ཡས་པ་ཡིན། པའི་ཕྱིར། གལ་ཏེ་ཐུན་མོང་གི་སྤྱི་ལ་བརྡ་སྦྱོར་བས་ཉེས་པ་མེད་དོ་སྙམ་ན། འོ་ན་སྤྱི་ལ་བརྡ་སྦྱར་བ་ཡིན་གྱི། རང་མཚན་ལ་བརྡ་སྦྱར་བར་ཇི་ལྟར་འགྱུར། གལ་ཏེ་ཡུལ་དུས་སོ་སོར་ངེས་པའི་རང་མཚན་ལ་བརྡ་སྦྱོར་ནུས་སུ་ཆུག་ཀྱང༌། དགོས་པ་མེད་དེ། བརྡ་དུས་སུ་བརྡ་སྦྱར་བའི་དོན་ཐ་སྙད་ཀྱི་དུས་སུ་རྟོགས་པར་བྱ་བའི་ཆེད་ཡིན་ལ། དང་པོ་བརྡ་དུས་ཀྱི་རང་མཚན་ནི་ཐ་སྙད་ཀྱི་ཚེ་ན་རྙེད་པར་དཀའ་བ་ཡིན་པའི་ཕྱིར། གཞན་ཡང༌། འདས་མ་འོངས་ཀྱི་བུམ་པ་ད་ལྟར་བརྗོད་པར་བྱ་བ་མིན་པར་ཐལ། རང་མཚན་དུ་མེད་པའི་ཕྱིར། གཞན་ཡང་བརྗོད་བྱེད་ཀྱི་སྒྲ་ཡིས་རང་མཚན་ཉིད་བརྗོད་ན། འོ་ན་རྟོག་པས་རང་མཚན་དངོས་སུ་འཛིན་ནུས་པར་ཐལ་ལོ། འདོད་ན། ལོང་བ་ལ་ཡང་གཟུགས་རང་མཚན་ལ་རྟོག་པའི་རྟོག་པ་ཡོད་པས་དེས་གཟུགས་རང་མཚན་དངོས་སུ་འཛིན་ནུས་པར་ཐལ་ལོ། །འདོད་ན། གཟུགས་རང་མཚན་མཐོང་བ་ལ་མིག་དབང་ལ་སོགས་དགོས་པ་མེད་པར་ཐལ་བར་འགྱུར་རོ། །དབང་ཤེས་ཀྱིས་སྒྲའི་དངོས་ཀྱི་བརྗོད་བྱ་གཟུང་དོན་དུ་བྱས་ནས་འཛིན་སྲིད་པར་ཐལ། དབང་ཤེས་ཀྱིས་སྒྲའི་དངོས་ཀྱི་བརྗོད་བྱའི་རང་མཚན་དངོས་སུ་འཛིན་པའི་ཕྱིར། འདོད་ན། དབང་ཤེས་ཀྱིས་སྒྲ་དོན་གྱི་འབྲེལ་པ་འཛིན་སྲིད་པར་ཐལ་ལོ། །འདོད་ན། དབང་ཤེས་ཆོས་ཅན། སྒྲ་དོན་གྱི་འབྲེལ་པ་འཛིན་མི་སྲིད་པར་ཐལ། དོན་རང་མཚན་དངོས་སུ་འཛིན་པའི་ཕྱིར། ཁྱབ་པ་ཡོད་དེ། རང་མཚན་ཡིན་པའི་འབྲེལ་བ་མེད་པའི་ཕྱིར་རོ། །དོན་འདིའི་བརྗོད་བྱེད་ནི་འདི་ཡིན་ནོ་ཞེས་སྦྲེལ་བར་བྱེད་པས་བློ་ནི་ཆོས་ཅན། གཞན་སེལ་གྱི་སྒོ་ནས་འཇུག་པ་ཡིན་ཏེ། དཔྱོད་པ་ཡིན་པའི་ཕྱིར། གལ་ཏེ་འདི་བུམ་པ་ཡིན་ནོ་ཞེས་རང་མཚན་ལ་བརྡ་སྦྱོར་བས་རང་མཚན་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ནོ་ཞེ་ན། དང་པོ་བརྡ་འབྲེལ་བྱེད་པའི་ཚེ་ན་རང་མཚན་བསྟན་པར་རློམ་ན་ཡང༌། བརྡ་ནི་བརྡ་དུས་དང་ཐ་སྙད་དུས་གཉིས་ཀ་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་སྤྱི་ལ་སྦྱོར་ཏེ། བརྡ་འདོགས་པ་ནི་བརྡ་དུས་སུ་བརྡ་སྦྱར་བ་ཐ་སྙད་ཀྱི་དུས་རྟོགས་པའི་དོན་དུ་འདོགས་པ་ཡིན་པའི་ཕྱིར། གཞན་ཡང༌། དབང་ཤེས་ཀྱིས་བརྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་འཛིན་ན་སྒྲ་དོན་འདྲེས་པ་འཛིན་དགོས་ལ། དེ་ལྟ་ན་དབང་ཤེས་ཀྱི་ཡུལ་ལ་བརྡ་སྦྱར་བ་མེད་ཀྱང༌། དབང་ཤེས་ཀྱིས་ཡུལ་དེའི་མིང་རྟོགས་པར་འགྱུར་རོ། །སྒྲ་དང་དོན་འདྲེས་པ་མེད་ཀྱང༌། དབང་པོའི་སྒོ་ལ་རྗེས་སུ་འབྲང་བའི་ཡིད་ཤེས་ཀྱིས་སྔར་མཐོང་བའི་རྗེས་སུ་འབྲངས་ནས་བརྗོད་བྱེད་སྒྲས་སྒྲ་སྦྱོར་འདྲེས་པ་འཛིན་པ་ལ། ཡུལ་ལ་འཇུག་པ་མྱུར་བས་རྟོག་མེད་འདྲ་བར་སྣང་ངོ༌། །དེ་ལྟ་ཡིན་པ་ལས་གཞན་དུ་ངེས་ཤེས་གཉིས་ཀྱིས་དོན་མཐོང་བ་ཡིན་ན། འོ་ན་ངེས་ཤེས་ཆོས་ཅན། ཁྱོད་ཀྱིས་དོན་ངེས་པའི་ཚུལ་གྱིས་རྟོགས་མི་སྲིད་པར་ཐལ། ཁྱོད་དོན་ལ་རྟོག་མེད་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། མཐོང་རྟོགས་ཡུལ་ཐ་དད་པའི་ཕྱིར། གལ་ཏེ་དོན་མངོན་སུམ་དུ་མཐོང་བ་ཉིད་རྟོག་པ་ཡང་ཡིན་ནོ་ཞེ་ན། འདིའི་ལན་ལ། རྣམ་ཤེས་ཅིག་ཆར་དུ་འཇུག་པའི་ལུགས་ལ་བརྟེན་ན། བུམ་གཟུགས་རང་མཚན་འཛིན་པའི་རྟོག་མེད་ཀྱི་ཤེས་པ་དང་རྟོག་བཅས་ཀྱི་ཡིད་གཉིས་པོ་ཆོས་ཅན། ཁྱོད་གཉིས་ཐ་དད་ཡིན་ཡང་གཅིག་དུ་འཁྲུལ་བའི་རྒྱུ་ཡོད་དེ། འཇུག་ཡུལ་གཅིག་ལ་ཅིག་ཅར་དུ་འཇུག་པའི་ཕྱིར། ཡང་ན། རིམ་གྱིས་འཇུག་ཀྱང་བླུན་པོ་རྣམས་ཀྱིས་གཅིག་ཏུ་འཛིན་པའི་རྒྱུ་ཡོད་དེ། ཡུལ་ལ་འཇུག་པ་མྱུར་བའི་ཕྱིར། གཉིས་པ་ཤེས་པའི་རང་མཚན་དངོས་ཀྱི་བརྗོད་བྱ་ཡིན་པར་དགག་པ་ནི། ཡུལ་དུས་སོ་སོར་ངེས་པའི་ཤེས་པའི་རང་གི་ངོ་བོ་དེ་ལ་བརྡ་དངོས་སུ་སྦྱར་མི་ནུས་པར་ཐལ། རང་གི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་སྤྱི་ཁོ་ན་བརྗོད་བྱར་འདོད་པ་ལ་ཡང༌། དོན་སྤྱི་ཁོ་ན་བརྗོད་བྱར་འདོད་པ་དགག་པ་ནི། སྒྲ་ཡིས་གསལ་བ་སོ་སོ་བ་མི་བརྗོད་ཀྱི། རིགས་སྤྱི་ཁོ་ན་བརྗོད་པའི་ཕྱིར། རང་མཚན་ཁོ་ན་བརྗོད་བྱར་འདོད་པ་ལ་བཀོད་པའི་སྐྱོན་མེད་དོ་ཞེ་ན། སྤྱི་མེད་མོད་ཡོད་ན་ཡང་དེ་འབའ་ཞིག་ལ་བརྡ་སྦྱར་བ་ལ་དགོས་ནུས་མེད་པར་ཐལ། དེ་འབའ་ཞིག་ལ་བརྡ་སྦྱར་ཡང་འདོད་པའི་དོན་རང་མཚན་མི་གོ་བའི་ཕྱིར། སྤྱི་དང་འབྲེལ་བའི་རང་མཚན་ཉིད་ལ་བརྡ་སྦྱར་བས་རང་མཚན་གོ་ཞེ་ན། འོ་ན་དགོས་ནུས་མེད་པའི་སྤྱི་བརྗོད་བྱ་ཡིན་པ་བོར་ལ་རང་གི་མཚན་ཉིད་ཁོ་ན་ལ་བརྡ་སྦྱོར་བར་ཅི་ཕྱིར་མི་འདོད། གལ་ཏེ་ཡུལ་དུས་སོ་སོར་ངེས་པའི་རང་མཚན་ལ་བརྡ་དངོས་སུ་སྦྱོར་མི་ནུས་ཏེ་མཐའ་ཡས་པའི་ཕྱིར་རོ་ཞེ་ན། སྤྱི་དང་ལྡན་པའི་སོ་སོར་ངེས་པའི་རང་མཚན་འདི་ལའང་ཆོས་ཅན། བརྡའ་དངོས་སུ་སྦྱོར་མི་ནུས་པ་སྔ་མ་དང་མཚུངས་ཏེ། མཐའ་ཡས་པའི་ཕྱིར་རོ། །སྒྲ་ཆོས་ཅན་འབའ་ཞིག་བརྗོད་བྱར་དགག་པ་ནི། གངས་ཅན་གྱི་རྟོག་གེ་པ་དང་ཉན་ཐོས་མང་པོས་བཀུར་བའི་སྡེ་པ་གཉིས་ལས། སྔ་མས་སྒྲ་དོན་ཁོ་ན་དངོས་ཀྱི་བརྗོད་བྱར་འདོད་ལ། ཕྱི་མས་ལྡན་མིན་འདུ་བྱེད་དུ་གཏོགས་པའི་མིང་རང་མཚན་པ་བརྗོད་བྱ་ཡིན་ནོ་ཞེས་འདོད་དོ། །འོ་ན་མི་ལྡན་པའི་འདུ་བྱེད་དུ་གཏོགས་པའི་མིང་ལ་བརྡ་སྦྱར་བས་གཟུགས་སོགས་ཕྱི་རོལ་གྱི་དོན་ཇི་ལྟར་རྟོགས་ཏེ་མི་རྟོགས་པར་ཐལ། ལྡན་མིན་འདུ་བྱེད་ཀྱི་མིང་ཁོ་ན་ལ་བརྡ་སྦྱར་བས་གཟུགས་སོགས་དང་བརྡ་འབྲེལ་རྟོགས་པ་མེད་པའི་ཕྱིར་རོ། །དཔེར་ན་བུམ་པ་ཞེས་ནི་བརྗོད་པ་ལས་བརྡ་འབྲེལ་བྱས་པ་མེད་པའི་བ་ལང་མི་རྟོགས་པ་བཞིན། གཟུགས་སོགས་དང་བརྡ་འབྲེལ་བྱས་པ་མེད་ཀྱང༌། གཟུགས་སོགས་ཞེས་པའི་མིང་དང་གཟུགས་སོགས་རྣམ་པ་འདྲ་བ་ལ་འཁྲུལ་ནས་མིང་ལས་དོན་ལ་འཇུག་གོ་ཞེ་ན། འོ་ན་ཐ་སྙད་ལ་འཇུག་པའི་བླང་དོར་གྱི་རྟོག་པ་ཆོས་ཅན། ཐ་སྙད་ལ་འཇུག་པའི་ཡུལ་དུས་ཀུན་དུ་མིང་འབའ་ཞིག་ལ་ཕྱི་རོལ་གྱི་དོན་དུ་འཁྲུལ་བར་ངེས་པ་མིན་པར་ཐལ། ལྡན་མིན་འདུ་བྱེད་ཀྱི་མིང་དང་དོན་གཉིས་རྣམ་པ་འདྲ་བ་ཙམ་གྱིས་གཅིག་དུ་འཁྲུལ་བ་ཙམ་ཡིན་པའི་ཕྱིར། བླང་དོར་ལ་འཇུག་པའི་རྟོག་པ་འདི་ནི་ཆོས་ཅན། འདྲ་བ་ཙམ་ཁོ་ནའི་སྒོ་ནས་གཅིག་ཏུ་འཁྲུལ་པ་མིན་པར་ཐལ། དོན་སྤྱི་ལ་རང་མཚན་དུ་ཞེན་ནས་འཁྲུལ་བར་འགྱུར་བ་ཡིན་པའི་ཕྱིར། ཇི་སྐད་དུ། གལ་ཏེ་དོན་ལ་ཚུལ་འདྲ་ལས། །འཁྲུལ་འཇུག་འགྱུར་ན་དུས་ཀུན་དང༌། །ཡུལ་ལ་འཁྲུལ་མིན་ཞེས་པའོ། །སྐབས་ཀྱི་དོན་ནི། འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་བྱེད་པའི་དུས་སུ། །དོན་དང་སྤྱི་གཉིས་པོ་སོ་སོར་ཕྱེ་ནས་བརྡ་གང་ལ་སྦྱོར་དཔྱད་པ་ན། རང་མཚན་ཁོ་ན་ལ་བརྡ་སྦྱོར་བ་ཡང་མི་འཐད་ལ། སྤྱི་རྐྱང་པ་ལ་བརྡ་སྦྱར་བ་ཡང་མི་འཐད་དོ་ཅེས་པའོ། །གཉིས་པ་རང་ལུགས་རྣམ་པར་གཞག་པ་ལ་གསུམ་སྟེ། བརྗོད་བྱ་བརྗོད་བྱེད་ཀྱི་མཚན་ཉིད། རབ་ཏུ་དབྱེ་བ། དོན་གཏན་ལ་དབབ་པའོ། །དང་པོ་ལ། བརྗོད་བྱའི་མཚན་ཉིད། བརྡ་སྦྱར་བའི་མིང་ཚིག་ལས་གོ་བར་བྱ་བའོ། །བརྗོད་བྱེད་ཀྱི་མཚན་ཉིད་བརྡ་སྦྱར་བ་ལས་རང་གི་བརྗོད་བྱའི་དོན་གོ་བྱེད་དོ། །གཉིས་པ་དབྱེ་བ་ནི། དོན་སྤྱི་དང་རང་མཚན་སོ་སོར་ཕྱེ་ནས་འཆད་པའི་གང་ཟག་དང༌། སྣང་བཏགས་གཅིག་ཏུ་འཁྲུལ་པའི་གང་ཟག་གཉིས་ཡོད་པའི་དབྱེ་བས། འཆད་དུས་ཀྱི་བརྗོད་བྱ་བརྗོད་བྱེད་གཉིས། འཇུག་དུས་ཀྱི་བརྗོད་བྱ་རྗོད་བྱེད་གཉིས་ཏེ་རྣམ་པ་བཞིའོ། །འཆད་པའི་ཚེ་དངོས་ཀྱི་བརྗོད་བྱ་སྒྲ་དོན་དང༌། ཞེན་ནས་བརྗོད་པར་བྱ་བའི་དོན་རང་མཚན་ཡིན་ལ། དངོས་ཀྱི་བརྗོད་བྱེད་སྒྲ་སྤྱི་དང༌། ཞེན་ནས་རྗོད་བྱེད་ཐ་སྙད་པའི་སྒྲ་རང་གི་མཚན་ཉིད་ཡིན་ནོ། །འདིར་རྗོད་བྱེད་ཀྱི་སྒྲ་ལ་རང་གི་མཚན་ཉིད་ཅེས་བརྗོད་པ་ནི། འཇུག་པ་པོའི་ངོས་ནས་རང་གི་མཚན་ཉིད་དུ་བཞག་པ་ཡིན་ནོ། །དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་དཔྱད་པ་ལ་ནི་མིན་ནོ། །འཇུག་ཚེའི་དབང་དུ་བྱས་པ་ལ་ནི། རང་མཚན་དང་དོན་སྤྱི་སོ་སོར་མ་ཕྱེ་བར་གཅིག་ཏུ་འཁྲུལ་བ་ལ་བརྡ་སྦྱར་བས་ཐ་སྙད་ཀྱི་ཚེ་འཇུག་པ་ན་དོན་རང་མཚན་ཐོབ་པ་ཡིན་ནོ། །གསུམ་པ་དོན་གཏན་ལ་དབབ་པ་ལ་གསུམ། དོན་དམ་པར་དངོས་ཀྱི་བརྗོད་བྱ་མེད་པར་སྒྲུབ། གཅིག་ཏུ་འཁྲུལ་ནས་བརྡ་སྦྱོར་བའི་ཚུལ། བརྡ་ལ་འཇུག་ཡུལ་ཐོབ་པ་འཐད་པའོ། །དང་པོ་ནི། དམ་པའི་དོན་དུ་བརྗོད་བྱ་རྗོད་བྱེད་མེད་དེ། བརྗོད་བྱ་རྗོད་བྱེད་དུ་འདོད་པའི་དོན་བཞི་པོ་དོན་དམ་པར་བརྗོད་བྱ་རྗོད་བྱེད་དུ་འཐད་པ་མིན་པའི་ཕྱིར། ཇི་ལྟར་ཞེ་ན། དོན་དང་ཤེས་པའི་རང་མཚན་ཡུལ་དུས་སོ་སོར་ངེས་པ་ཆོས་ཅན། དོན་དམ་པར་བརྗོད་བྱ་མིན་ཏེ། དོན་དམ་པར་སྒྲས་དངོས་སུ་བརྗོད་མི་ནུས་པའི་ཕྱིར། དོན་སྤྱི་དང་སྒྲ་སྤྱི་གཉིས་པོ་ཆོས་ཅན། དོན་དམ་པར་བརྗོད་བྱ་མིན་ཏེ། དོན་དམ་པར་ཡོད་པ་མིན་པའི་ཕྱིར། གཉིས་པ་ནི། དོན་དམ་པར་དངོས་ཀྱི་བརྗོད་བྱ་བརྗོད་བྱེད་མེད་ཀྱང༌། ཐ་སྙད་དུ་བརྡ་སྦྱོར་བ་མི་འགལ་ཏེ། རྟོག་པ་ཇི་སྙེད་པ་ཐམས་ཅད་རྨི་ལམ་ལྟར་ངོ་བོ་ཉིད་ཀྱི་འཁྲུལ་བ་ལ་ཡུལ་གྱི་གཟུགས་བརྙན་ཤར་བ་དེ་ལ། ཕྱི་རོལ་གྱི་དོན་དུ་ཞེན་པའི་སྒྲ་དོན་ནི། སྒྲའི་བརྗོད་བྱར་བཏགས་པ་ལ་བརྡའ་སྦྱོར་བས་དོན་གོ་བའི་ཕྱིར། གསུམ་པ་ནི། སྣང་བཏགས་གཅིག་ཏུ་འཁྲུལ་བའི་བག་ཆགས་གོམས་པ་ཡིས་བརྡ་བྱས་ནས། སྣང་བཏགས་གཅིག་དུ་བསྲེས་ནས་བརྡ་སྦྱར་ལ། ཐ་སྙད་ཀྱི་དུས་ནའང་བརྡ་དུས་སུ་བརྡ་སྦྱར་བ་དེ་ལྟར་དུ་གོ་བ་ཡིན་པའི་ཕྱིར། རང་སྤྱི་གཅིག་ཏུ་འཁྲུལ་ནས་བརྡ་སྦྱར་ཡང་བདེན་པའི་དོན་རང་མཚན་གོ་བ་འཐད་དོ། །གསུམ་པ་རྩོད་པ་སྤང་བ་ལ། དངོས་པོའི་སྤྱི་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་བ་ནི། རྟོག་པ་ལ་སྣང་བའི་སྒྲ་དོན་དོན་གཞན་ལས་མི་ལྡོག་ན་ལྡོག་པ་བརྗོད་བྱར་འགལ་ལ། ལྡོག་ན་སྤྱི་དངོས་པོ་བ་བརྗོད་བྱར་འགྱུར་བས་སྒྲ་དོན་བརྗོད་བྱར་འདོད་པ་དང་སྤྱི་དངོས་པོ་བ་བརྗོད་བྱར་འདོད་པ་གཉིས་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། དོན་སྤྱི་བརྗོད་བྱར་འདོད་པ་དང་སྤྱི་དངོས་པོ་བ་བརྗོད་བྱར་འདོད་པ་དེ་དག་ག་ལ་མཚུངས་ཏེ། མི་མཚུངས་པར་ཐལ། བུམ་པའི་དོན་སྤྱི་དོན་དམ་པ་བུམ་མིན་ལས་མི་ལྡོག་ཀྱང་རྟོག་ངོར་ལྡོག་པར་སྣང་བ་འཁྲུལ་བས་བཏགས་པ་ཡིན་ལ། སྤྱི་དངོས་པོ་བ་ནི་འཁྲུལ་པས་བཏགས་པར་མི་འདོད་པས། གལ་ཏེ་རྟོག་པ་ལ་སྣང་བའི་གཟུགས་བརྙན་བརྗོད་པར་འདོད་ན། དེ་ནི་ཤེས་པ་དང་ཐ་མི་དད་པའི་ཕྱིར་ཤེས་པའི་རང་མཚན་བརྗོད་བྱར་ཐལ་བར་འགྱུར་རོ་ཞེ་ན། རྟོག་པ་ལ་སྣང་བའི་ཤེས་རྣམ་རང་མཚན་གྱི་གཞི་ལྡོག་ནི་དངོས་ཀྱི་བརྗོད་བྱ་མིན་ལ། རྣམ་པ་ལ་ཕྱི་རོལ་གྱི་དོན་དུ་འཁྲུལ་པས་བཏགས་པའི་ཆ་ལ་བརྡ་སྦྱར་བས་རང་མཚན་ལ་བརྡ་སྦྱར་བའི་སྐྱོན་མེད་དེ། །དེ་ནི་དངོས་མེད་ཡིན་པའི་ཕྱིར། འོ་ན་བརྡ་སྦྱར་བ་ལ་དགོས་པ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། རྟོག་པའི་གཟུགས་བརྙན་ལ་བརྡ་སྦྱར་བ་ཆོས་ཅན། དགོས་པ་ཡོད་དེ། འཇིག་རྟེན་གཞུག་པའི་ཆེད་ཡིན་པའི་ཕྱིར། བརྡ་སྦྱར་བའི་དགོས་པ་ནི་དེ་ཙམ་དུ་ཟད་དོ། །གལ་ཏེ་གཞན་སེལ་བའི་སྤྱི་ལ་བརྡ་སྦྱོར་ན། ལྡན་པ་མ་ཡིན་པའི་འདུ་བྱེད་རྫས་སུ་གྲུབ་པ་ལ་བརྡ་སྦྱར་བ་དང་མཚུངས་སོ་ཞེ་ན། གལ་ཏེ་དོན་སྤྱི་རྫས་སུ་གྲུབ་པ་གཅིག་འདོད་ན་ཁྱེད་བདེན་མོད་འོན་ཀྱང་དོན་སྤྱི་ལ་བརྡ་སྦྱར་ན་ལྡན་མིན་འདུ་བྱེད་རྫས་སུ་གྲུབ་པ་ལ་བརྡ་སྦྱར་བའི་སྐྱོན་མཚུངས་པ་མ་ཡིན་པར་ཐལ། དོན་སྤྱི་དངོས་མེད་ཡིན་པའི་ཕྱིར། དངོས་མེད་ཡིན་པ་དེའི་ཕྱིར་སེལ་འཇུག་གིས་བཏགས་པའི་དངོས་ཡུལ་མེད་པར་ཤེས་ན་དོན་དམ་པར་བརྗོད་བྱ་རྗོད་བྱེད་མེད་པར་གྲུབ་བོ། །གལ་ཏེ་དོན་དམ་པར་དངོས་ཀྱི་བརྗོད་བྱ་རྗོད་བྱེད་མེད་ན་བློ་འཁྲུལ་པས་བཏགས་པའི་བརྡ་ནི་གཡོ་ཅན་སྟེ་རྫུན་ཡིན་པས་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་འཇིག་པར་འགྱུར་རོ་ཞེ་ན། དོན་དམ་པར་བརྗོད་བྱ་རྗོད་བྱེད་མེད་ཀྱང༌། འཇིག་རྟེན་གྱི་བླང་དོར་གྱི་ཐ་སྙད་འཐད་པ་ཡིན་ཏེ། སྣང་བཏགས་གཅིག་ཏུ་འཁྲུལ་བའི་སྒོ་ནས་རང་མཚན་ལ་འཇུག་པར་མཐོང་བ་ཡིན་པའི་ཕྱིར་རོ། །བོད་དག་བརྡ་ཆད་བྱས་པའི་འབྲེལ་བས་དོན་གོ་བ་ལ་འཁྲུལ་བའི་འབྲེལ་བ་མི་དགོས་ཟེར་ལོ། དོན་རང་མཚན་ལ་བརྡ་ཆད་ཀྱི་འབྲེལ་པ་བྱེད་ན། མུ་སྟེགས་པས་སྤྱི་དངོས་པོ་བ་བརྗོད་བྱར་འདོད་པ་ལ་བརྗོད་པའི་སྐྱོན་འབྱུང་ལ། དོན་སྤྱི་འབའ་ཞིག་ལ་བརྡ་ཆད་བྱས་ན་རང་མཚན་མི་གོ་བར་ཐལ་བའི་སྐྱོན་འབྱུང༌། རང་སྤྱི་གཉིས་པོ་གཅིག་ཏུ་འཁྲུལ་བ་ལ་བརྡ་བྱེད་ན་ཁོ་བོ་དང་དོན་གཅིག་གོ །གསུམ་པ་གང་ལ་བརྡ་ཆད་བྱས་ཀྱང་འཁྲུལ་པ་མེད་ན་བརྡ་མི་འབྱོར་བས། ཆ་བཅས་ཀྱི་འབྲེལ་བ་ཞེས་པའི་འབྲེལ་པ་ལོགས་ཤིག་པ་འདོད་པ་ནི་མུན་སྤྲུལ་ཡིན་ནོ། །འོ་ན་ཁྱོད་ཀྱང་དོན་འདིའི་མིང་འདི་ཡིན་ནོ་ཞེས་བརྡ་ཆད་ཀྱི་འབྲེལ་པ་བྱས་པ་ཡིན་ནམ་ཞེ་ན། བྱེད་མོད། སྐབས་འདིར་ནི་བུམ་གཟུགས་རང་མཚན་དང་དེའི་གཟུགས་བརྙན་གཉིས་རྟོག་པས་གཅིག་དུ་འཁྲུལ་དུ་གཞུག་པའི་ཕྱིར། རྒན་པོ་རྣམས་ཀྱིས་བརྡ་ཆད་བྱེད། གཅིག་ཏུ་འཁྲུལ་ནས་དོན་ལ་འཇུག་པར་འགྱུར་བ་ནི་ཚུར་རོལ་མཐོང་བའི་རྣམ་པར་ཐར་པ་ཡིན་ནོ། །སྒྲའི་དངོས་ཀྱི་བརྗོད་བྱ་དོན་དམ་པར་མེད་དེ། རྟོག་པས་བཏགས་པ་ཙམ་ཡིན་པའི་ཕྱིར། ཞེན་པའི་བརྗོད་བྱ་དོན་གྱི་ངོ་བོ་ནི་ཆོས་ཅན། རང་མཚན་ཡིན་ཏེ། བླང་དོར་ལ་འཇུག་པས་མཐའ་ཐུག་གི་ཐོབ་བྱ་ཡིན་པའི་ཕྱིར། བརྡ་དང་དོན་གྱི་འབྲེལ་པ་སྣང་བཏགས་གཅིག་ཏུ་འཁྲུལ་པས་བྱས་ན་ཡང༌། བརྡའི་རྗེས་སུ་འཇུག་པའི་སྐྱེས་བུ་མཐར་ཐུག་གི་ཐོབ་བྱ་ལ་བསླུས་པ་མེད་དོ། །བརྗོད་བྱ་རྗོད་བྱེད་བརྟག་པའི་རབ་ཏུ་བྱེད་པ་ལྔ་པའི་རྣམ་པར་བཤད་པའོ།། ༈ །།འགལ་འབྲེལ་རྟོགས་པའི་ཚུལ་ལ་གཉིས་ཏེ། ཐོག་མར་འགལ་འབྲེལ་དཔྱད་པའི་རྒྱུ་མཚན། འབྲེལ་པ་གཏན་ལ་དབབ་པའོ། །དང་པོ་ལ། ཚད་མའི་མཚན་ཉིད་དཔྱད་པའི་སྔོན་དུ་འགལ་འབྲེལ་ལ་དཔྱད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགག་པ་དང་སྒྲུབ་པ་ཇི་སྙེད་པ་རྩ་བ་འགལ་འབྲེལ་ལ་ལྟོས་པས་སོ། །གཉིས་པ་ལ་གཉིས་ཏེ། འབྲེལ་བ་གཏན་ལ་དབབ་པ་དང༌། འགལ་བ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། །བདག་གཅིག་གི་འབྲེལ་བ་བསྟན་པ་དང༌། དེ་བྱུང་གི་འབྲེལ་བ་བསྟན་པའོ། །དང་པོ་གཉིས་ཏེ། འབྲེལ་བ་ངོས་བཟུང་བ་དང༌། དེ་སྒྲུབ་བྱེད་ཀྱི་ཚད་མ་བསྟན་པའོ། །དང་པོ་ལ་ཡང་གཉིས་ཏེ། ཐ་དད་དུ་འབྱེད་པའི་གཞན་སེལ་གྱིས་རྣམ་པར་ཕྱེད་བའི་ཚུལ་དང༌། གཅིག་ཏུ་སྡུད་པའི་གཞན་སེལ་གྱིས་ཇི་ལྟར་སྡུད་པའི་ཚུལ་ལོ། །དང་པོ་ནི། རྒྱུ་སྒྲ་གཅིག་སྒྲ་མིན་དང་བྱས་པ་མིན་པ་ལས་ལྡོག་པའི་མེད་དགག་གིས་སེལ་བ་གསུམ་དང་ལྡན་པས་བློའི་སེལ་བ་དོན་སྤྱི་གསུམ་རྟོགས་བློ་ལ་སྣང་བར་འགྱུར་བའི་ཕྱིར་རོ། །དོན་སྤྱི་གསུམ་སོ་སོར་བཟུང་ནས་ལྡོག་པ་ཐ་དད་པ་གསུམ་དུ་རྣམ་པར་འབྱེད་པའི་སྒོ་ནས་རྟགས་ཀྱི་སྦྱོར་བའི་དོན་གསུམ་སོ་སོར་འཇོག་གོ །ཅིའི་ཕྱིར་ལྡོག་པ་གསུམ་དུ་དབྱེར་ཡོད་ཅེ་ན། སྒྲའི་རྫས་གཅིག་པུ་དེ་ཉིད་མཉན་བྱ་དང་སྐད་ཅིག་མ་དང་རྒྱུ་རྐྱེན་ལས་སྐྱེས་པ་གསུམ་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར། སྒྲ་མ་ཡིན་ལས་ལྡོག་པ་སོགས་གསུམ་དུ་དབྱེར་རུང་ངོ༌། །བློ་ལ་གསུམ་ཇི་ལྟར་སྣང་ཞེ་ན། བློ་ལ་སྣང་བའི་རྣམ་པ་གསུམ་བཟུང་ནས་དེ་ལ་ཕྱི་རོལ་གྱི་སྒྲ་བྱས་མི་རྟག་པ་གསུམ་དུ་མངོན་པར་ཞེན་པའི་དབང་གིས་དེ་མིན་གསུམ་དང་བྲལ་བར་སྣང་ངོ༌། །འདི་ལ་སོང་ཚོད་དོན་སྤྱི་གསུམ་ཡིན་ཡང་དེ་མིན་གསུམ་དང་བྲལ་བར་སྣང་བ་ལ་རྟེན་ནས་ཕྱི་རོལ་གྱི་དོན་གསུམ་སྦྱོར་བའི་དོན་གསུམ་དུ་འགོད་པར་རློམ་པ་ལས་རྣམ་པར་བཞག་གོ །གལ་ཏེ་རྟགས་སུ་སོང་བ་སྒྲོ་བཏགས་ཡིན་ན་རྟགས་ལ་རྟགས་འཛིན་ཇི་ལྟར་སྐྱེ་ཞེ་ན། རྟགས་སུ་བཀོད་པར་རློམ་པའི་དངོས་པོ་རང་མཚན་ལས་སྐྱེ་བས་རློམ་ཚོད་ལས་སྐྱེ་ཚུལ་རྣམ་པར་བཞག་གོ །དཔེར་ན། དོན་བྱེད་ནུས་སྟོང་རྟགས་སུ་བཀོད་པའི་ཚེ་ན། འདུས་མ་བྱས་ཀྱི་ནམ་མཁའ་ལ་དོན་བྱེད་ནུས་སྟོང་ཡོད་པར་ཞེན་པའི་རྟོག་པ་སྐྱེ་བ་ལྟ་བུའོ། །འདི་ལ་ལྡོག་པ་གསུམ་ནི་དོན་གྱི་སེལ་བ་ཡིན་ལ། དེ་མིན་དང་བྲལ་བར་སྣང་བ་གསུམ་ནི་ལྡོག་པའི་སེལ་བ་ཡིན་ནོ། །དོན་སྤྱི་གསུམ་ནི་བློའི་སེལ་བའོ། །གཉིས་པ་གཅིག་ཏུ་སྡུད་པའི་གཞན་སེལ་གྱིས་ནི་སྒྲ་དང་མི་རྟག་པ་དབྱེར་མེད་དུ་བཟུང་ནས་སྒྲ་ལ་རྟག་པར་འཛིན་པའི་སྒྲོ་འདོགས་གཅོད་པར་བྱེད་དོ། །གལ་ཏེ་ཐ་དད་དུ་འབྱེད་པའི་གཞན་སེལ་བདེན་ན། གཅིག་ཏུ་སྡུད་པ་ཅིའི་ཕྱིར་རྟགས་སྦྱོར་དོན་གསུམ་དུ་སོང་བ་དངོས་པོ་མིན་ཞེ་ན། རང་མཚན་དགག་སྒྲུབ་ཀྱི་དངོས་རྟེན་དུ་མི་རུང་བའི་ཕྱིར་དང༌། དཔེ་ལ་རྗེས་འགྲོ་མེད་པས་རྟགས་ཀྱིས་སྒྲུབ་མི་ནུས་པའི་ཕྱིར་རོ། །འོ་ན་སྒྲ་དོན་གྱི་སྟེང་དུ་དགག་སྒྲུབ་བྱས་པ་ལ་དགོས་པ་མེད་པར་ཐལ། དེ་ལས་དོན་མི་ཐོབ་པའི་ཕྱིར་ཞེ་ན། འཇུག་པ་པོས་སྒྲ་དོན་ལ་དོན་དུ་ཞེན་ནས་ཞུགས་པས་དེ་དང་རྗེས་སུ་མཐུན་པའི་དོན་ཐོབ་པའི་ཕྱིར་དང༌། དངོས་སུ་བློའི་སྣང་བ་ལ་དགག་སྒྲུབ་བྱས་པ་ཡིན་ཡང༌། ཕྱི་རོལ་གྱི་དོན་ལ་དགག་སྒྲུབ་བྱས་པར་སྣང་བ་དང༌། ཞེན་པས་ཞེན་ཚུལ་དང་མཐུན་པར་དགག་སྒྲུབ་བྱས་པ་ན་འདོད་པའི་དོན་ཡོངས་སུ་རྫོགས་པའི་ཕྱིར་ཉེས་པ་མེད་དེ། །ཇི་སྐད་དུ། ཕྱི་རོལ་རྟེན་མིན་སྒྲ་དོན་ལ། རྟེན་ནས་འདིར་ནི་སྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །དེ་འདྲ་མེད་ཀྱང་ཆོས་ཅན་དེ། །དེ་དག་དང་ནི་འབྲེལ་བར་སྣང༌། །ཞེས་པ་དང༌། འབྲེལ་བ་འགའ་ལས་དེ་ལྡན་ཉིད། །མིན་ཡང་མཐོང་བས་སྦྱོར་དེས་ན། །དེ་དག་སླད་པའང་ཤེས་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདི་ལ་ཚིག་དང་པོ་གཉིས་ཀྱིས་ནི་དངོས་སུ་སྒྲ་དོན་ལ་དགག་སྒྲུབ་བྱེད་པ་དང༌། དེ་ནས་གཉིས་ཀྱིས་ཕྱི་རོལ་ལ་དགག་སྒྲུབ་བྱེད་པར་སྣང་བ་ལྟ་བུ་དང༌། ཐ་མ་གཉིས་ཀྱིས་དེ་ལ་དགག་སྒྲུབ་བྱེད་པར་ཞེན་པར་བསྟན་ཏོ། །རིགས་པ་གཞན་ཡང་སྟོན་པ་ནི། སྒྲའི་སྟེང་དུ་རྟག་པ་བཀག་པ་དང༌། མ་བྱས་པ་བཀག་པ་གཉིས་རྫས་སུ་གྲུབ་བམ་མ་གྲུབ། གྲུབ་ན་གཉིས་པོ་སྒྲ་དང་རྫས་གཅིག་གམ་ཐ་དད། གལ་ཏེ་རྫས་གཅིག་གོ་ཞེ་ན། འོ་ན་སྒྲ་རྟོག་གིས་ཕྱི་རོལ་གྱི་དོན་ལ་དགག་སྒྲུབ་དངོས་སུ་བྱེད་པ་ན། རང་མཚན་དངོས་ཡུལ་དུ་བྱེད་དགོས་ལ། དེ་ལྟར་སྒྲ་རྟག་པ་བཀག་པ་དངོས་ཡུལ་དུ་བྱས་པ་ན་མ་བྱས་པ་བཀག་པ་ཡང་དངོས་ཡུལ་དུ་བྱས་པ་ཉིད་དུ་ཐལ་བར་འགྱུར་ཏེ། སྒྲ་རྟོག་གཉིས་ཀྱི་རང་མཚན་དངོས་ཡུལ་དུ་བྱས་པ་གང་ཞིག དོན་རྫས་གཅིག་པ་ལ་རང་མཚན་གྱི་ཡུལ་ཅན་གཅིག་གིས་འཛིན་མི་འཛིན་ཆ་གཉིས་མི་འཐད་པའི་ཕྱིར་རོ། །འདོད་ན་སྒྲའི་སྟེང་ན་རྟག་པ་འགོག་པའི་སྒྲ་རྟོག་དང༌། མ་བྱས་པ་འགོག་པའི་སྒྲ་རྟོག་གཉིས་སྒྲ་རྟག་འཛིན་དང་མ་བྱས་པར་འཛིན་པ་སེལ་བྱེད་སོ་སོར་འཇུག་མི་དགོས་པར་ཐལ། འདོད་པ་དེ་ལྟར་ཡིན་པའི་ཕྱིར། རྣམ་འགྲེལ་ལས། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་ངེས་པ་དང༌། །སྒྲ་ཡང་དེ་སྙེད་ཁོ་ན་ངེས། །ཞེས་གསུངས་པ་ལྟར་རོ། །ཡང་སྒྲའི་མི་རྟག་པ་སྒྲུབ་པ་ན་བྱས་པའི་ཡང་སྒྲུབ་པར་ཐལ། དགག་སྒྲུབ་བྱེད་པའི་སྒྲ་རྟོག་གིས་རང་མཚན་དངོས་ཡུལ་དུ་བྱེད་པ་གང་ཞིག སྒྲའི་སྟེང་དུ་བྱས་མི་རྟག་རྫས་གཅིག་པའི་ཕྱིར་དང༌། རྫས་གཅིག་ལ་རང་མཚན་དངོས་ཡུལ་དུ་བྱེད་པའི་བློས་རྫས་ཀྱི་ཆ་ཤས་གཅིག་ཡུལ་དུ་བྱས་མ་བྱས་གཉིས་འཁྲུལ་པའི་རྣམ་གཞག་ནི་དོན་སྤྱི་གསུམ་ལ་ཕྱི་རོལ་དུ་ཞེན་ནས་སྣང་བཏགས་སོ་སོར་མ་ཕྱེད་བར། ཕྱི་རོལ་གྱི་སྒྲ་ཉིད་ལ་དོན་གསུམ་དུ་མངོན་པར་ཞེན་ནས་འཇུག་པ་ཡིན་ནོ། །རང་འགྲེལ་ལས། འཆད་པ་པོ་རྣམས་ནི་དེ་ལྟར་རྣམ་པར་འབྱེད་ཀྱི། འཇུག་པ་པོ་རྣམས་ནི་དེ་ལྟར་མིན་ཏེ། རང་གི་དམིགས་པ་ཉིད་དེ་ཁོ་ཉིད་ཡིན་པར་སེམས་སོ་ཞེས་པ་དང༌། ཆོས་མཆོག་གིས་ཀྱང༌། རང་གི་མཚན་ཉིད་དུ་ལྷག་པར་རློམ་པའི་ཞེས་པ་དང༌། བསྟན་བཅོས་འདིར་ཡང༌། འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་བས་ཐོབ། །ཅེས་པ་དང༌། འཆད་ན་གཉིས་སུ་ཡོད་མོད་ཀྱི། །འཇུག་པའི་ཚེ་ན་རྣམ་དབྱེར་མེད། །ཅེས་གསུངས་པ་ལྟར་རོ། །གང་དག་རྣམ་བཞག་གི་ཚུལ་གཉིས་མི་ཤེས་པར་རང་མཚན་ལ་དངོས་སུ་དགག་སྒྲུབ་བྱེད་པར་སྨྲ་བས་ནི་རང་གི་དེ་ཁོ་ན་ཉིད་སྟོན་པར་ཟད་དོ། །གཉིས་པ་དེ་སྒྲུབ་བྱེད་ཀྱི་ཚད་མ་བསྟན་པ་ནི། བུམ་པ་ནི་གྲུབ་ཙམ་ཉིད་ནས་འཇིག་པར་ངེས་པ་ཡིན་ཏེ། འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་པར་ངེས་པའི་ཕྱིར། རྒྱུ་ཚོགས་ཐ་མས་འབྲས་བུ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་མེད་དུ་བསྐྱེད་པས་འབྲས་བུ་བསྐྱེད་ངེས་སུ་གྲུབ་པ་བཞིན་ནོ། །འོ་ན་མྱུ་གུའི་རྒྱུ་ཚོགས་དང་པོས་ཀྱང་མྱུ་གུ་བསྐྱེད་ངེས་སུ་ཐལ། །ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་མེད་དུ་མྱུ་གུ་བསྐྱེད་པའི་ཕྱིར་རོ་ཞེ་ན། མིན་ཏེ་ནུས་པ་གོང་ནས་གོང་དུ་འགྱུར་བ་ལ་ལྟོས་པའི་ཕྱིར་རོ། །ལྟོས་མེད་ཀྱི་ཕྱོགས་ཆོས་སྒྲུབ་པ་ལ། རང་རྒྱུད་ཀྱི་གཏན་ཚིགས་དང༌། མཐའ་གཞན་ནས་འགོག་པའི་རིགས་པ་གཉིས་སོ། །དང་པོ་ནི། བུམ་པ་ཆོས་ཅན། འཇིག་རྒྱུ་དོན་གཞན་ལ་ལྟོས་པ་མེད་དེ། རང་རྒྱུ་ལས་འཇིག་པའི་ངང་ཅན་དུ་འབྱུང་བའི་ཕྱིར། དཔེར་ན་མེའི་ཚ་བ་བཞིན། །རྟགས་འདིས་བུམ་པའི་བྱས་པ་འཇིག་པར་ཐལ། བྱས་པའི་རིགས་ཅན་ཐམས་ཅད་འཇིག་པར་གྲུབ་ཏེ། བྱས་པར་མཚུངས་པའི་ཕྱིར་རོ། །གང་ལ་འགྱུར་བ་གྲུབ་པ་དེ། །གཞན་ལ་ངོ་བོ་ཉིད་ཀྱིས་འགྱུར། །ཞེས་པ་དང༌། རྣམ་ངེས་ལས། གང་ཞིག་གང་ལ་འགྱུར་བ་མཐོང་བ་འདི་ནི་གཞན་ལའང་ངོ་བོ་ཉིད་ཀྱིས་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་གསུངས་པ་ལྟར་རོ། །འདི་ནི་གཏན་ཚིགས་ཐམས་ཅད་ལ་ཤེས་པར་བྱ་སྟེ། མཐུན་དཔེ་ལ་ཁྱབ་པ་བསྒྲུབས་ནས་རྟགས་ཆོས་ཅན་ལ་སྦྱར་བའི་སྒོ་ནས་བསྒྲུབ་བྱ་རྟོགས་པར་བྱ་དགོས་པའི་ཕྱིར་དང༌། དཔེ་དང་རྩོད་གཞི་གཉིས་ལ་མཚུངས་པར་བསྟན་ནས་གང་སྒྲུབ་པར་འདོད་པའི་ཆོས་སུ་མཚུངས་པར་བསྟན་དགོས་པའི་ཕྱིར་རོ། །ཡང་འཇིག་རྒྱུ་དོན་གཞན་གྱིས་བུམ་པའི་འཇིག་པ་བུམ་པ་དང་དོན་གཅིག་དུ་བྱེད་དམ་ཐ་དད་དུ་བྱེད། དང་པོ་ལྟར་ན། བུམ་པ་འཇིག་པར་འགྱུར་བ་འཇིག་རྒྱུ་དོན་གཞན་ལ་མི་ལྟོས་པར་ཐལ། །རང་རྒྱུ་ལས་འཇིག་པར་གྲུབ་ཟིན་པའི་ཕྱིར་རོ། །ཕྱི་མ་ལྟར་ན། འཇིག་རྒྱུས་བུམ་པའི་འཇིག་པ་མ་བྱས་པར་ཐལ། འཇིག་པ་དོན་གཞན་བྱས་པས་བུམ་པ་འཇིག་པར་མི་འགྱུར་བའི་ཕྱིར་རོ། །ཡང་འཇིག་པ་དངོས་མེད་བྱེད་དམ་དངོས་པོ་བྱེད། དང་པོ་མི་འཐད་དེ། དངོས་མེད་བསྐྱེད་བྱར་མི་རུང་བའི་ཕྱིར་དང༌། རྒྱུས་དངོས་མེད་བྱེད་པ་དང་ཅི་ཡང་མི་བྱེད་པ་གཉིས་དོན་གཅིག་པའི་ཕྱིར་རོ། །གཉིས་པ་ཡང་མི་འཐད་དེ། བུམ་པ་དང་དོན་གཅིག་པ་དང་དོན་གཞན་དུ་བྱེད་པ་གང་རུང་ལས་མི་འདའ་ལ། གཉིས་ཀ་བཀག་ཟིན་པའི་ཕྱིར་རོ། །གལ་ཏེ་བུམ་པ་འཇིག་པར་གྲུབ་པས་སྒྲ་མི་རྟག་པར་སྒྲུབ་པ་ལ་འབྲེལ་བ་ཅི་ཞིག་ཡོད་ཅེ་ན། ཡོད་དེ། གཉིས་ཀ་ཡང་བྱས་པར་མཚུངས་པའི་ཕྱིར་དང༌། རྒྱུ་མཚན་མཚུངས་པ་ལ་རྒྱུ་མཚན་ཅན་མི་མཚུངས་པ་མི་འཐད་པའི་ཕྱིར། འདི་ནི་གཏན་ཚིགས་ཐམས་ཅད་ལ་སྦྱར་བར་བྱ་སྟེ་གོང་དུ་བསྟན་ཟིན་ཏོ། །ལྡོག་པ་སྒྲུབ་པ་ནི་གནོད་པ་ཅན་གྱི་ཚད་མ་སྟེ། རྟགས་དང་དགག་བྱའི་ཆོས་གཞི་མཐུན་པ་ལ་གནོད་པ་ཅན་གྱི་ཚད་མ་ཞེས་བརྗོད་དོ། །འགོག་ཚུལ་ནི་ཕ་རོལ་པོས། རྟགས་དང་དགག་བྱའི་ཆོས་གཞི་མཐུན་པར་འདོད་པའི་ཆོས་ཅན་ལ་འགོག་པ་ཡིན་ལ། འདིར་ནི་དབང་ཕྱུག་དངོས་པོ་ཡང་ཡིན་ལ་རྟག་པ་ཡང་ཡིན་པས་དངོས་པོ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཞུགས་པར་སྨྲ་བའི་ལོག་རྟོག་འགོག་པ་སྟེ། གཞན་གྱིས་རྟག་པར་ཞེན་པའི་དབང་ཕྱུག་ཆོས་ཅན། དངོས་པོར་མེད་དེ། དོན་བྱེད་ནུས་པས་སྟོང་པའི་ཕྱིར་རོ་ཅེས་བྱའོ། །འདིའི་ཕྱོགས་ཆོས་ལ་འགའ་ཞིག་དབང་ཕྱུག་རྟག་པ་ལ་རྟོག་པས་ནི། འགྱུར་མེད་དུ་རྟོག་ལ། དགག་ཆོས་དོན་བྱེད་ནུས་པ་ལ་རྟོག་པས་འགྱུར་བར་རྟོག་གོ །བློ་གཉིས་པོ་འཛིན་སྟངས་འགལ་བར་འཛིན་པ་རང་རིག་མངོན་སུམ་གྱིས་གྲུབ་པའི་ཕྱིར་མངོན་སུམ་གྱིས་གྲུབ་པོ། ཕྱིར་རྒོལ་འདིའི་ངོ་བོར་མི་འགྲུབ་སྟེ། རྟག་པ་དང་དོན་བྱེད་པ་མི་འགལ་བར་འཛིན་པའི་ཕྱིར་རོ། །དེས་ན་དོན་བྱེད་པ་གཉིས་བྲལ་གྱི་རྟགས་ཀྱིས་དོན་བྱེད་པའི་ནུས་པས་སྟོང་པར་སྒྲུབ་པ་ལ་བརྟེན་ནས་རྟོགས་པར་བྱ་དགོས་སོ། །རིམ་གྱིས་དོན་བྱེད་ནུས་པ་མ་ཡིན་ཏེ། འབྲས་བུ་ལ་ཕན་འདོགས་པའི་ནུས་པ་སྔ་ཕྱི་བྱེ་བྲག་མེད་པའི་ཕྱིར་རོ། །ཅིག་ཆར་བྱེད་པ་ཡང་མིན་ཏེ། འབྲས་བུ་ཐམས་ཅད་དུས་གཅིག་དུ་སྐྱེ་བ་མིན་པའི་ཕྱིར་རོ། །གཞན་དུ་སྐད་ཅིག་གཉིས་པ་ནས་འབྲས་བུ་སྐྱེ་བ་མེད་པའི་འགྱུར་ཏེ། སྐད་ཅིག་སྔ་མ་ལ་རྫོགས་པའི་ཕྱིར་རོ། །འདིས་རྟག་པ་ལ་དོན་བྱེད་ནུས་པ་བཀག་པས་དངོས་པོ་རྟག་པ་ལས་ལྡོག་པར་གྲུབ་པ་ནི། ལྡོག་པ་ལེགས་པར་གྲུབ་པ་ཡིན་ནོ། །གལ་ཏེ་གནོད་པ་ཅན་གྱི་ཚད་མས་དངོས་སུ་ལྡོག་པ་གྲུབ་པ་ན། ཤུགས་ལ་དངོས་པོ་ལ་མི་རྟག་པས་ཁྱབ་པ་གྲུབ་པའི་ཕྱིར་ལྟོས་མེད་ཀྱི་རྟགས་དོན་མེད་དོ་ཞེ་ན། གནོད་པ་ཅན་གྱི་ཚད་མས་དངོས་པོ་ལ་མི་རྟག་པས་ཁྱབ་པ་གྲུབ་ཀྱང༌། གྲུབ་ཙམ་ནས་མི་རྟག་པར་གྲུབ་པ་ནི་ལྟོས་མེད་ལ་རག་ལས་པའི་ཕྱིར་རོ། །གནོད་པ་ཅན་གྱི་ལམ་སྦྱོང་དུ་བཤད་པ་ཡིན་ནོ། །ཞེས་འདོད་པ་མི་རིགས་ཏེ། ལྟོས་མེད་ཀྱི་རྟགས་ཀྱིས་གྲུབ་ཙམ་ནས་འཇིག་པར་སྒྲུབ་པ་ན་རྟག་པ་ལས་ལྡོག་པ་ཡང་སྒྲུབ་པར་ཐལ། གནོད་པ་ཅན་གྱི་ཚད་མ་དོན་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་འདི་གཉིས་ཀྱི་ཕྱིར་རྒོལ་ཐ་དད་དོ། །དེ་ཡང་གཏན་ནས་འཇིག་པའི་ཕྱིར་དངོས་པོ་ཡོད་པར་འདོད་པ་གནོད་པ་ཅན་གྱི་ཚད་མ་སྟོན་ལ། མཐར་འཇིག་པར་ངེས་ཀྱང་གྲུབ་ཙམ་ནས་འཇིག་པ་མིན་ཞེས་པའི་གནས་མ་བུ་པའི་སྡེ་པ་ལྟ་བུ་ལ་ལྟོས་མེད་ཀྱི་རྟགས་འགོད་པའི་ཕྱིར་རོ། །འདི་དག་གི་རྟགས་ཆོས་དོན་གསུམ་ནི། བློ་ལ་ཐ་དད་དུ་སྣང་བ་ཙམ་དུ་ཟད་ཀྱི་གནས་ཚུལ་ལ་ཐ་དད་མིན་ཏེ། ལྟོས་མེད་ཀྱི་རྟགས་ཀྱིས་བདག་ཉིད་གཅིག་ཏུ་ངེས་པའི་ཕྱིར། དེས་ན་བློ་ལ་ཐ་དད་དུ་སྣང་བ་ལ་ཕྱི་རོལ་དུ་ཞེན་ནས་དཔག་བྱ་དཔོག་བྱེད་ཀྱི་ཐ་སྙད་སྦྱོར་བར་བྱེད་པ་ཡིན་ཏེ། དཔག་བྱ་དཔོག་པར་བྱེད་པ་ཡི། །དོན་གྱི་ཐ་སྙད་གནས་པ་འདི། །ཤེས་པ་ལ་གྲུབ་ཐ་དད་ལ། །རྟེན་ནས་རྣམ་པར་བརྟགས་པ་ཡིན། །ཞེས་གསུངས་སོ། །འོ་ན་དོན་གྱིས་དོན་རྟོགས་ཕྱིར་དོན་ལ་ཞེས་པ་དང་འགལ་ལོ་སྙམ་ན། དེ་ནི་རྟགས་སུ་འགོད་བྱ་དོན་ལ་གནས་པ་ལ་དགོངས་པས་སྐྱོན་མེད་དོ། །གཉིས་པ་དེ་བྱུང་གི་འབྲེལ་པ་བསྟན་པ་ལ། འབྲེལ་བ་ངོས་བཟུང་བ་དང༌། དེ་སྒྲུབ་པའི་ཚད་མ་གཉིས་ལས། དང་པོ་ལ་འབྲེལ་བ་དངོས་ནི། དེ་ལས་སྐྱེས་པའི་སྟོབས་ཀྱིས་དེ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པའོ། །ཆ་མཐུན་གྱི་འབྲེལ་བ་ནི་དངོས་སུ་ཚོགས་པ་གཅིག་ལ་རག་ལས་པའི་འབྲེལ་བའོ། །གཉིས་པ་ལ་འབྲེལ་པ་སྒྲུབ་པའི་ཚད་མ་ནི་རྒྱུ་འབྲས་ངེས་འབྱེད་ཀྱི་ཚད་མ་ཕྲུགས་གསུམ་སྟེ། རྗེས་འགྲོ་ངེས་འབྱེད་ཀྱི་ཚད་མ་གསུམ་དང༌། ལྡོག་པ་ངེས་འབྱེད་གསུམ་མོ། །འདིར་ཕྲུགས་ཞེས་པའི་དོན་ཟུང་གི་དོན་ཡིན་པས། རེ་རེ་ལ་ཕྲུགས་ཀྱི་སྒྲ་སྦྱོར་བ་ཡང་ཐ་སྙད་ནོར་བ་ཡིན་ནོ། །རྒྱས་པར་ནི་འོག་ནས་འཆད་དོ། །གནོད་པ་ཅན་གྱི་ཚད་མས་ལྡོག་པ་སྒྲུབ་པ་ནི་བརྡ་སྤྲོད་པ་དག་མེ་མེད་པ་ལ་དུ་བ་མེད་པ་མིན་ཏེ། བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་འབྱུང་བའི་ཕྱིར་ཞེས་ཟེར་རོ། །འོ་ན་རྒྱུ་མེད་དུ་ཐལ། དུ་བ་གང་ཞིག མེ་ལས་མ་བྱུང་བའི་ཕྱིར། འདོད་ན་དངོས་པོ་རེས་འགའ་བ་མིན་པར་ཐལ། སྐྱེ་བ་རྒྱུ་ལ་མི་ལྟོས་པའི་ཕྱིར་རོ། །གང་དག་རྒྱུ་མེད་ན་རེ་འགའ་བ་མིན་པར་བསྟན་པ་ནི་དངོས་པོ་རེ་འགའ་བ་མིན་པ་ལ་དགོངས་ཀྱི། རྒྱུ་མེད་པ་ཙམ་གྱིས་རེ་འགའ་བ་མིན་པར་ནི་མི་འགྱུར་ཏེ། དཔེར་ན་ས་ཕྱོགས་ཀྱི་བུམ་མེད་རྒྱུ་མེད་ཀྱང་ཡིན་ལ། རེ་འགའ་བ་ཡང་ཡིན་པ་ལྟ་བུའོ། །ཇི་ལྟར་ན་རེས་འགའ་བ་ཡང་ཡིན་ཞེ་ན་ནམ་བུམ་པ་དམིགས་པའི་ཚེ་ན་ཟློག་པའི་ཕྱིར་དང༌། བུམ་པ་གཞན་དུ་གྱུར་པ་ན་སླར་ཡང་ཡོད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་སྔར་མེད་ཀྱི་དུས་སུ་དུ་བ་མེད་པ་ཉིད། ཕྱིས་དུ་བའི་དུས་སུ་སྔར་གྱི་དུ་མེད་འདོར་བའི་ཕྱིར་ཏེ། དུ་བ་མེད་པའི་གནས་སྐབས་ལས་ཕྱིས་དུ་བའི་གནས་སྐབས་མཐོང་བའི་ཕྱིར་རོ། །འདི་ལྟ་བུའི་རིགས་གཞན་དུ་མ་ཡོད་པས་རེ་འགའ་བ་དང༌། དངོས་པོ་རེ་འགའ་བ་ལ་ཁྱད་པར་ཡོད། གལ་ཏེ་མེ་ལས་མ་སྐྱེས་ཀྱང་རྒྱུ་མེད་དུ་མི་འགྱུར་ཏེ། བརྒྱ་བྱིན་གྱི་སྤྱི་བོ་ལས་འབྱུང་བའི་ཕྱིར་རོ་ཞེ་ན། འོ་ན་བརྒྱ་བྱིན་གྱི་སྤྱི་བོ་ཡོད་མེད་རྗེས་སུ་འགྲོ་ལྡོག་བྱེད་པ་ཡང་མིན་པར་ཐལ། དེ་མེད་ཀྱང་མེ་ལས་འབྱུང་བའི་ཕྱིར་རོ། །དེ་ལྟ་ན་མེའི་རྗེས་སུ་འགྲོ་ལྡོག་ཀྱང་མི་བྱེད། མེ་མེད་ཀྱི་རྗེས་སུ་འགྲོ་ལྡོག་ཀྱང་མི་བྱེད་པས་མེ་ཡང་རྒྱུར་མི་འགྱུར་ལ། མེ་མེད་ཀྱང་རྒྱུར་མི་འགྱུར་བས་མཐར་ཐུགས་རྒྱུ་མེད་དུ་ཐལ་བ་ཟློག་ཏུ་མེད་དོ། །རིགས་པའི་གནས་འདི་མ་ཤེས་ན། རྒྱུ་མེད་དུ་ཐལ། དུ་བ་གང་ཞིག མེ་ལས་མ་སྐྱེས་པའི་ཕྱིར། ཞེས་པ་ཙམ་གྱིས་རྒྱུ་མེད་དུ་སྒྲུབ་མི་ནུས་ཏེ། བརྒྱ་བྱིན་གྱི་སྤྱི་བོ་ལ་རྒྱུར་རྟོགས་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། དོན་ལ་འབྲེལ་བ་འདོད་པ་དགག བློ་ངོར་འབྲེལ་བ་ཡོད་པར་སྒྲུབ། འབྲེལ་བ་སྒྲུབ་པའི་ཚད་མའོ། །དང་པོ་ལ་གཉིས་ཏེ། སྤྱིར་དགག་པ་དང༌། སོ་སོར་དགག་པའོ། །དང་པོ་ནི། རང་རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པའི་དངོས་པོ་ཐམས་ཅད་ཆོས་ཅན། དོན་དམ་པར་ཕན་ཚུན་འབྲེལ་བ་མེད་པ་ཡིན་ཏེ། དོན་དམ་པར་ཆོས་ཐ་དད་པ་གཉིས་སུ་གནས་པ་ལ་གཅིག་པ་མི་སྲིད་ཅིང༌། གཉིས་ཁོ་ནར་གནས་པ་ལའང་འབྲེལ་བ་མི་སྲིད་པའི་ཕྱིར། འབྲེལ་བ་བརྟག་པ་ལས། གཞན་དབང་ཁོ་ནས་འབྲེལ་བ་ནི། །གྲུབ་ན་གནས་པ་ཅི་ཞིག་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་དུ་ན་མེད། །ཅེས་སོ། །བོད་བསྡུས་པ་འགའ་ཞིག གཅིག་དང་དུ་བྲལ་ལ་སོགས་པའི་རྟགས་དགག་བྱ་མི་སྲིད་པ་རྣམས་ལ། དངོས་མེད་ཡིན་པས། དངོས་པོའི་འབྲེལ་བ་མེད་ན། འོ་ན་འབྲེལ་བ་གཏན་མེད་པར་ཐལ། དངོས་མེད་ཡིན་པས་དངོས་འབྲེལ་མེད་ལ། དགག་བྱ་མེད་པས་ལྡོག་འབྲེལ་མེད་པས་སོ། །དེས་ན་དངོས་མེད་ལའང་དངོས་པོའི་འབྲེལ་པ་དོན་ལ་ཡོད་དགོས་སོ་ཞེས་བླུན་པོ་འགའ་ཞིག་སྨྲའོ། །རྟགས་དངོས་མེད་བདེན་པའི་གཅིག་དང་དུ་བྲལ་དང༌། བདེན་པའི་རང་བཞིན་མེད་པ་གཉིས་ལ་དངོས་པོའི་འབྲེལ་པ་དོན་དམ་པར་ཡོད་ན་བདག་གཅིག་ཏུ་འབྲེལ་ལམ། དེ་བྱུང་དུ་འབྲེལ། དང་པོ་ལྟར་ན། འབྲེལ་བ་པོ་གཉིས་རང་བཞིན་གྱིས་དངོས་པོར་འགྱུར་ཏེ། བདག་གཅིག་པའི་དངོས་འབྲེལ་དོན་དམ་པར་ཡོད་པའི་ཕྱིར་རོ། །དེ་ལྟར་ཐལ་བ་ལས། དེ་གཉིས་ཆོས་ཅན། དོན་དམ་པར་དངོས་པོའི་འབྲེལ་བ་མེད་དེ། ངོ་བོ་མེད་པ་ཅན་ཡིན་པའི་ཕྱིར། གཉིས་པ་ལྟར་ན། འབྲེལ་བ་པོ་གཉིས་འབྲས་བུའི་དངོས་པོར་འགྱུར་ཏེ། དེ་གཉིས་དེ་བྱུང་གིས་འབྲེལ་བའི་ཕྱིར། རང་ལུགས་བཞག་པ་ནི། འབྲེལ་བ་སྤྱིའི་མཚན་ཉིད་ནི། ཆོས་ཞིག་རང་ལས་ཐ་དད་པའི་ཆོས་གཞན་ལ་རག་ལས་པའི་ཚུལ་གྱིས་མི་འདོར་བའི་ཆ། དོན་དམ་པར་དངོས་པོ་དང་དངོས་མེད་གཉིས་ཀ་ལ་འབྲེལ་བ་མི་སྲིད་དེ། དངོས་པོ་ཐ་དད་པ་རྣམས་ནི་ཕན་ཚུན་འབྲེལ་བ་མེད་ཅིང༌། དངོས་མེད་ལ་ཡང་ངོ་བོ་མེད་པས་སོ། །འབྲེལ་བ་བརྟག་པ་ལས། འགའ་ཡང་འབྲེལ་བའི་མཚན་ཉིད་ནི། །གཉིས་ལ་གནས་ཀྱི་གཞན་དུ་མིན། །ཞེས་གསུངས་སོ། །གཉིས་པ་སོ་སོར་དགག་པ་ལ། དོན་དམ་པར་བདག་གཅིག་པའི་འབྲེལ་བ་དགག་པ་ནི། བོད་བསྡུས་པ་རྣམས་སྒྲ་བྱས་མི་རྟག་པ་གསུམ་རྫས་གཅིག་ཀྱང་ལྡོག་པ་ཐ་དད་དུ་གནས་སོ། །གལ་ཏེ་བྱས་པ་དང་མི་རྟག་པའི་ལྡོག་པ་དོན་ལ་གྲུབ་པར་བློས་བྱས་པ་ཡིན་ན་བློའི་ཆོས་རང་དགའ་བ་རྣམས་ནི་དོན་དང་མ་འབྲེལ་བའི་ཕྱིར་དོན་དམ་པར་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གྲུབ་པ་མི་སྲིད་པས། བྱས་མི་རྟག་གཉིས་དོན་ལ་བདག་ཅིག་དུ་འབྲེལ་ལོ་ཞེས་ཟེར་རོ། །སྒྲའི་བྱས་མི་རྟག་གཉིས། སྒྲའི་རྫས་སུ་གཅིག་པར་དོན་མཐུན་མོད། འོན་ཀྱང་བྱས་པའི་ལྡོག་པ་དང་མི་རྟག་པའི་ལྡོག་པ་ཐ་དད་གཉིས་དོན་དམ་པར་ཡོད་ན་བྱས་པ་དང༌། མི་རྟག་པའི་ལྡོག་པ་གཉིས་ཕན་ཚུན་ནང་ལ་འབྲེལ་ལམ་མ་འབྲེལ། མ་འབྲེལ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་ན་རྟགས་ཡང་དག་མིན་པར་ཐལ། བསྒྲུབ་བྱའི་ཆོས་དང་འབྲེལ་བ་མེད་པའི་ཕྱིར། འབྲེལ་ནའང་བདག་ཅིག་ཏུ་འ་བྲེལ་ན། བྱས་མི་རྟག་གི་ལྡོག་པ་གཉིས་པོ་ཆོས་ཅན། དོན་ལ་བདག་མི་གཅིག་པར་ཐལ། དོན་ལ་དངོས་པོ་ཐ་དད་ཡིན་པའི་ཕྱིར། ཡང་དེ་གཉིས་ཀྱི་ལྡོག་པ་གཉིས་པོ་ཆོས་ཅན། དོན་དམ་པར་ཐ་དད་དུ་མེད་པར་ཐལ། དོན་དམ་པར་བདག་གཅིག་པའི་ཕྱིར། འདོད་ན། རྫས་ཀྱང་གཅིག་ལྡོག་པའང་གཅིག་ན་དེ་གཉིས་རྣམ་གྲངས་པར་འགལ་ལོ། །གལ་ཏེ་དེ་བྱུང་དུ་འབྲེལ་ན། བྱས་ལྡོག་འབྲས་བུའི་གཏན་ཚིགས་སུ་འགྱུར་གྱི་རང་བཞིན་གྱི་གཏན་ཚིགས་སུ་མི་འགྱུར་རོ། །དོན་དམ་པར་དེ་བྱུང་འབྲེལ་བ་དགག་པ་ལ་གཉིས་ཏེ། རྒྱུ་འབྲས་ཀྱི་རྫས་ལ་བརྟགས་ཏེ་དགག རིགས་ལ་བརྟགས་ཏེ་དགག་པའོ། །དང་པོ་གསུམ། རྒྱུ་འབྲས་རིམ་གྱི་པ་ལ་དགག་པ་དང༌། སོ་སོ་བ་ལ་དགག་པ་དང༌། ལྟོས་པ་བ་ལ་དགག་པའོ། །དང་པོ་སྔ་ཕྱི་ལ་མི་འཐད་པ་ནི། སྔ་ཕྱི་མ་ཡིན་པ་དུས་མཉམ་པ་ལ་དོན་དམ་པར་དེ་བྱུང་འབྲེལ་བ་མེད་ལ། སྔ་ཕྱི་ཡོད་ན་གང་རུང་གཅིག་དངོས་པོར་ཡོད་པའི་ཚེ་འབྲེལ་ཟླ་དངོས་པོར་མེད་པ་དེས་ན། གཅིག་དངོས་པོར་ཡོད་པའི་དུས་སུ་འབྲེལ་ཟླ་དངོས་པོར་མེད་པར་འགྱུར་རོ། །འདོད་ན་དོན་དམ་པར་དེ་ལས་བྱུང་བའི་འབྲེལ་བ་མེད་པར་གྲུབ་བོ། །འབྲེལ་པ་བརྟགས་པ་ལས། རྒྱུ་དང་འབྲས་བུའི་དངོས་པོ་ཡང༌། །དེ་གཉིས་ལྷན་ཅིག་མི་གནས་པས། །གཉིས་ལ་གནས་པས་ཇི་ལྟར་འགྲུབ། །གཉིས་ལ་མི་གནས་ཇི་ལྟར་འབྲེལ། །ཞེས་སོ། །མུ་སྟེགས་བྱེད་ན་རེ། རྒྱུ་འགགས་པ་དང་འབྲས་བུ་སྐྱེ་བའི་བར་དེར། སྦྱོར་འབྲེལ་དངོས་པོ་བ་ཅིག་ཡོད་ཅེ་ན། འོ་ན་སྦྱོར་འབྲེལ་དེ་རྟག་གམ་མི་རྟག སྦྱོར་འབྲེལ་དེ་རྟག་ན་དངོས་པོར་མི་འཐད་ལ། དངོས་པོར་མེད་ན་དེ་བྱ་བྱེད་ལས་གྲོལ་བའི་ཕྱིར་རྒྱུ་འབྲས་གཉིས་སྦྱོར་བའི་བྱེད་པ་པོར་མི་རུང་ཞིང༌། སྦྱོར་འབྲེལ་དེ་མི་རྟག་ན། སྦྱོར་འབྲེལ་དེ་རྒྱུ་མེ་འགག་པ་ན་འགགས་ན། དུ་བ་དང་འབྲེལ་བར་མི་ནུས་ཏེ། དུ་བའི་དུས་ན་འགགས་པའི་ཕྱིར། གལ་ཏེ་མེ་འགགས་ལ་དུ་བ་མ་སྐྱེས་པའི་པའི་བར་དེར་ཡོད་ན། རྒྱུ་འབྲས་མ་འབྲེལ་བ་གཉིས་ཀྱི་འབྲེལ་བྱེད་དུ་མི་འཐད་དེ། འབྲེལ་བྱེད་དེ་ཆོས་གསུམ་པར་ཡོད་པའི་ཕྱིར། ཆོས་གསུམ་པར་ཡོད་ཀྱང་མེ་དུའི་འབྲེལ་བྱེད་ཡིན་ན། མེ་དུ་གཉིས་སྦྲེལ་བས་ཆོག་གི་འབྲེལ་བས་སྦྲེལ་ཅི་དགོས། གལ་ཏེ་མེ་དུ་དང་སྦྱོར་འབྲེལ་གྱི་བར་དུའང་འབྲེལ་བྱེད་གཞན་ཞིག་དགོས་ན། དེ་ལ་སྦྲེལ་བྱེད་ཀྱི་འབྲེལ་པ་གཞན་ཡོད་དགོས་པས་སྦྲེལ་བྱེད་ཀྱི་འབྲེལ་བ་ཐུག་མེད་དུ་འགྱུར་རོ། །གལ་ཏེ་འབྲེལ་བ་ནི་ཆོས་གཉིས་ལ་ལྟོས་མི་དགོས་ཀྱི། ཕན་ཚུན་མ་ལྟོས་པའི་མེ་དུ་སོ་སོ་བ་མཐོང་བས་འབྲེལ་བ་འགྲུབ་པ་ཡིན་ཞེ་ན། ཤེས་བྱ་ཆོས་ཅན། མེ་དུ་རྐྱང་པ་རེ་རེ་མཐོང་བས་ཀྱང་མེ་དུ་གཉིས་ཀའི་འབྲེལ་པ་ངེས་པར་ཐལ། མེ་དུ་རེ་རེ་བ་མཐོང་བས་འབྲེལ་པ་འགྲུབ་པའི་ཕྱིར། ཆོས་ཅན། འབྲེལ་མེད་མི་སྲིད་པར་ཐལ། མེ་དུ་རྐྱང་པ་འབྲེལ་བ་ཡིན་པའི་ཕྱིར། ཆོས་ཅན། ཕན་ཚུན་ལྟོས་ཀྱང་རྒྱུ་འབྲས་ངེས་པར་ཐལ། མེ་དུ་རྐྱང་པ་འབྲེལ་བ་ཡིན་པའི་ཕྱིར། ཆོས་ཅན། འབྲས་རྟགས་དང༌། རྒྱུ་མ་དམིགས་པའི་རྟགས་གོ་བྱེད་དུ་མི་འགྱུར་བར་ཐལ། ཕན་ཚུན་མི་ལྟོས་པའི་ཕྱིར། གལ་ཏེ་རྒྱུ་འབྲས་གཉིས་ཕན་ཚུན་ལྟོས་ནས། མེ་ཕན་འདོགས་བྱེད་དང༌། དུ་བ་ཕན་གདགས་བྱ་ཡིན་པའི་ཕྱིར་འབྲེལ་པ་ཆོས་གཉིས་ལ་ལྟོས་པ་མི་འགལ་ལོ་ཞེ་ན། རྒྱུ་འབྲས་ལ་ཕན་བྱ་ཕན་བྱེད་ཀྱི་འབྲེལ་པ་དོན་ལ་འཐད་པ་དཀའ་བར་ཐལ། ཕན་འདོགས་བྱེད་ཀྱི་རྒྱུ་དངོས་པོར་ཡོད་པ་ན། ཕན་གདགས་བྱའི་འབྲས་བུ་མ་སྐྱེས་ནས་དངོས་པོར་མེད་ལ། ཕན་གདགས་བྱའི་འབྲས་བུ་སྐྱེས་པ་ན། ཕན་འདོགས་བྱེད་ཀྱི་རྒྱུ་འགགས་ནས་དངོས་པོར་མེད་པའི་ཕྱིར། དཔེར་ན་ཐུབ་པ་དང་རིང་ཕུར་བཞིན་ནོ། །འབྲེལ་པ་བརྟག་པ་ལས། འདི་ནི་གཞན་དུ་འདུག་པ་ན། །ཅི་སྟེ་དེ་གཉིས་གཞན་དུ་ལྟོས། །ལྟོས་ལས་ཕན་པ་བྱེད་པར་འགྱུར། །མེད་ན་ཇི་ལྟར་ཕན་པར་བྱེད། །ཅེས་སོ། །གལ་ཏེ་རྒྱུ་ལ་ལྟོས་པ་མེད་པར་འབྲས་བུའི་ཐ་སྙད་མི་འབྱུང་བ་ཙམ་དེ་བྱུང་འབྲེལ་བ་ཡིན་ནོ་ཞེ་ན། རྭ་གཡས་གཡོན་དང༌། ཕ་རོལ་ཚུ་རོལ་དང༌། རིང་པོ་དང་ཐུང་ངུ་སོགས་ཀྱང་དེ་ལས་བྱུང་བའི་ཚུལ་གྱིས་འབྲེལ་བར་ཐལ། རྭ་གཡས་པ་ལ་མ་ལྟོས་པར་རྭ་གཡོན་པའི་ཐ་སྙད་མི་འབྱུང་བ་སོགས་ཀྱི་ཕྱིར་རོ། །འབྲེལ་པ་བརྟག་པ་ལས། ཅི་སྟེ་དོན་གཅིག་འབྲེལ་བའི་ཕྱིར། །དེ་གཉིས་རྒྱུ་འབྲས་ཉིད་ཡིན་ན། །གཉིས་ཉིད་ལ་སོགས་འབྲེལ་བའི་ཕྱིར། །གཡས་གཡོན་རྭ་ལའང་དེ་གཉིས་ཐོབ། །ཅེས་སོ། །གལ་ཏེ་ཐ་སྙད་ལ་ལྟོས་པ་ཙམ་མ་ཡིན་གྱི་དོན་གནས་ཚུལ་ལ་མེད་ན་མི་འབྱུང་བའི་འབྲེལ་བ་ཡོད་དོ་ཞེ་ན། དེ་ནི་རྫས་ལ་ཡོད་དམ། ལྡོག་པ་ལ་ཡོད་ཅེས་བརྟགས་པས་ཁེགས་སོ། །ཇི་ལྟར་ཁེགས་ཞེ་ན། འོ་ན་མེའི་རྫས་མེད་ན་དུ་བ་མི་འབྱུང་བ་ཡིན་ནམ། མེའི་ལྡོག་པ་མེད་ན་དུ་བ་མི་འབྱུང་བ་ཡིན། དང་པོ་ལྟར་ན། མེའི་རྫས་ལ་གསུམ་ལས། ད་ལྟར་བའི་དུ་བ་འདས་པའི་མེ་མེད་ན་མི་འབྱུང་བ་ཡིན་མོད། འདས་པའི་མེ་ཐོབ་བྱ་མིན་ཏེ། འགགས་པའི་ཕྱིར་རོ། །མ་འོངས་པའི་མེ་ཐོབ་དུ་ཆུག་ནའང༌། རྒྱུ་མིན་པས་མ་འབྱུང་བས་མེད་ལ། ད་ལྟར་བའི་མེ་ལ་མེད་ན་མི་འབྱུང་བ་དང༌། ཐོབ་པ་གཉིས་ཀ་མེད་དེ། ད་ལྟར་བའི་མེ་དུ་གཉིས་དུས་མཉམ་པའི་ཕྱིར། གཉིས་པ་ལྟར་ན། ལྡོག་པ་མེད་ན་མི་འབྱུང་བའི་འབྲེལ་པ་དེ་རྟོག་པས་སྦྲེལ་བ་ཡིན་གྱི། དོན་གྱི་འབྲེལ་བར་མི་འཐད་དོ། །གལ་ཏེ་རྒྱུ་འབྲས་རང་མཚན་ལ་འབྲེལ་བ་མེད་ཀྱང་རྒྱུ་འབྲས་ཀྱི་རིགས་ལ་འབྲེལ་བ་ཡོད་ཞེ་ན། རིགས་དེ་ཅི། རྒྱུ་འབྲས་རང་མཚན་ཉིད་ལ་ཟེར་ན། དུས་རང་མཚན་དུས་གསུམ་དུ་བརྟགས་ནས་བཀག་པའི་སྐྱོན་ལས་འདས་པ་མེད་ལ། རྒྱུ་འབྲས་ལས་གཞན་པའི་རིགས་ཡོད་ན། སྤྱི་བྱེ་བྲག་ལས་རྫས་ཐ་དད་ན། བྱེ་བྲག་པ་ལ་བརྗོད་པའི་སྐྱོན་དང༌། རྫས་གཅིག་ན་གྲངས་ཅན་ལ་བརྗོད་པའི་སྐྱོན་ཀྱི་གནོད་པས་སྔར་སྤྱི་འགོག་པའི་སྐབས་སུ་བཤད་ཟིན་ཏོ། །གསུམ་པ་འབྲེལ་བ་གཞན་བཀག་པར་གྲུབ་པ་ནི། བདག་ཅིག་དང་དེ་བྱུང་གི་འབྲེལ་བ་དོན་ལ་གྲུབ་པ་འགོག་པའི་རིགས་པ་འདིས་ནི། ལྡན་པ་དང༌། འདུ་བ་དང༌། ཁྱད་པར་དང་ཁྱད་པར་ཅན་དང༌། བྱེད་པ་དང༌། ཕྲད་པ་ལ་སོགས་པའི་འབྲེལ་བ་དོན་ལ་གྲུབ་པར་འདོད་པ་བཀག་པ་ཡིན་ནོ། །འདི་ལ་ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ནི། འཁར་གཞོང་དང་རྒྱ་ཤུག་ངོ་བོ་ཐ་དད་ཅིང༌། དེ་ལས་མ་སྐྱེས་པས་བདག་གཅིག་དང་དེ་བྱུང་མེད་མོད། འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྡན་པའི་འབྲེལ་པ་དང༌། སྤྱི་ཤིང་ཙམ་ལ་སོགས་པ་རྟག་པའི་རྟེན་ལ་བྱེ་བྲག་ཙནྡན་ལ་སོགས་པ་མི་རྟག་པ་བརྟེན་པ་འཕྲད་པ་འདུ་བའི་འབྲེལ་བ་དང༌། བྱས་མི་རྟག་ལ་སོགས་པ་ཐ་དད་སྒྲ་དང་འབྲེལ་བའམ། ནོག་ལྐོག་ཤལ་ར་རྨིག་བཞི་ལ་སོགས་པ་བ་ལང་དཀར་ཟལ་ལ་སོགས་པ་དང་འབྲེལ་བའམ། ཐགས་ཀྱི་རྒྱུ་སྤུན། སྣམ་བུ་དང་འབྲེལ་བ་ལ་སོགས་པ། ཆོས་ཐ་དད་མ་འབྲེལ་བ་ཐམས་ཅད་དོན་གཅིག་ལ་འདུ་བའི་འབྲེལ་བ་དང༌། ཐ་དད་པའི་དབྱུག་པས་གཞན་དབྱུག་པ་ཅན་གོ་བ་ལ་སོགས་པ་ཐམས་ཅད་ཁྱད་པར་བྱེད་ཆོས་ཀྱི་འབྲེལ་བ་དང༌། རྒྱུ་འགགས་པ་དང་འབྲས་བུ་ད་ལྟ་བ་གཉིས་འབྲེལ་བ་ལ་སྦྱོར་བའི་འབྲེལ་བ་དང༌། བདག་རྟག་པ་དང་བྱ་བ་མི་རྟག་པ་ལ་བྱེད་པའི་འབྲེལ་བ་དང༌། མིག་དང་གཟུགས་འདུས་པ་ནས་ལུས་དང་རེག་བྱ་འདུས་ནས་འཛིན་པའི་བར་ཐམས་ཅད་ལ་ཕྲད་པའི་འབྲེལ་བ་དང༌། ཁུ་བྱུག་དང་ཁུག་རྟ་ལ་རྗེ་ཁོལ་གྱི་འབྲེལ་བ་དང༌། ངུར་པ་བཟའ་ཚོ་ལ་ཁྱོ་ཤུག་གི་འབྲེལ་པ་དང༌། སོགས་པ་སྒྲ་དང་དོན་ལ་བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་བ་དོན་ལ་ཡོད་པ་ཡིན་ནོ་ཞེས་མུ་སྟེགས་བྱེད་དང་བོད་བསྡུས་པ་རྨོངས་པ་འགའ་ཞིག་སྨྲ་ལ། གཙོ་བོ་བྱེ་བྲག་པ་སྨྲའོ། །གཉིས་པ་ནི། ལྡན་པ་ལ་སོགས་པའི་འབྲེལ་བ་དོན་དམ་པར་གྲུབ་པར་འདོད་ན། དངོས་པོར་ཡོད་དམ་མེད། དངོས་པོར་མེད་ན། དོན་དམ་པར་དངོས་པོའི་འབྲེལ་པར་གྲུབ་པ་མི་སྲིད་དོ། །གལ་ཏེ་དངོས་པོར་ཡོད་ན། རྫས་གཅིག་གམ་རྫས་ཐ་དད། དང་པོ་ལྟར་ན། དོན་དམ་པར་ཐ་དད་དུ་མེད་པར་ཐལ་ལོ། །གལ་ཏེ་རྫས་ཐ་དད་ཡིན་ན། དོན་དམ་པར་ཕན་ཚུན་འབྲེལ་བ་མེད་པར་སོ་སོར་གནས་པས་གཅིག་ལ་གཅིག་རག་མི་ལུས་སོ་ཞེས་བརྟགས་པའི་སྒོ་ནས་འབྲེལ་པ་དོན་ལ་གྲུབ་པ་ཁེགས་སོ། །གལ་ཏེ་ལྡན་པ་ལ་སོགས་པའི་འབྲེལ་པ་དོན་དམ་པར་མེད་ཀྱང་གཞན་སེལ་གྱི་སྒོ་ནས་སྦྲེལ་ན་འབྲེལ་པ་ཅི་སྟེ་མི་འགྲུབ་ཅེ་ན། ལྡན་པ་ལ་སོགས་པའི་འབྲེལ་བ་དེ་དག་དོན་དམ་པར་གྲུབ་པ་ལ་ཚད་མའི་གནོད་བྱེད་ཡོད་ན་འབྲེལ་པར་མི་རུང་ལ། གལ་ཏེ་དེ་དག་འབྲེལ་བ་ལ་ཚད་མའི་གནོད་བྱེད་མེད་ན་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་གཉིས་པོར་འདུས་སོ། །གལ་ཏེ་དེ་དག་འབྲེལ་བར་འཇོག་པ་ལ་གནོད་བྱེད་ཇི་ལྟར་ཡོད་ཅེ་ན། འཁར་གཞོང་གིས་རྒྱ་ཤུག་ལ་ཕན་མི་འདོགས་ན་རྒྱ་ཤུགས་མི་གནས་པར་ཐལ་ལ། ཕན་མ་བཏགས་ཀྱང་གནས་ན། རྒྱ་ཤུག་ལྟ་བུ་མི་སྲིད་དོ། །འཁར་གཞོང་གིས་སྔར་མེད་ཀྱི་ཁྱད་པར་སྐྱེད་ན། སྔར་མི་གནས་པ་གནས་པར་བསྐྱེད་པས་རྒྱུ་འབྲས་ལས་མ་འདས་ཏེ། རྒྱ་ཤུག་སོགས་ལ་དེ་ཡི་ཡུལ། །སྐྱེད་པ་འཁར་གཞོང་སོགས་པས་ནུས། །ཞེས་གསུངས་སོ། །སྒྲའི་བྱས་མི་རྟག་གཉིས་ཀྱང་དོན་ལ་ཐ་དད་པ་གཉིས་འདུ་བ་མ་ཡིན་གྱི་དོན་གཅིག་ཏུ་བཤད་ཟིན་ཏོ། །ནོག་ལྐོག་ཤལ་སོགས་འདུ་བའི་སྦྲེལ་བའི་ཡན་ལག་ཅན་གྱི་རྫས་མི་འདོད་ལ། ནོག་ལ་སོགས་པའི་ཚོགས་པ་ཅན་ཡ་གྱལ་རྣམས་འདུས་པ་ལས་ཚོགས་པ་གོང་བུ་སྐྱེ་བ་ནི། རྡུལ་ཕྲན་འདུས་པ་ལས་རི་སྐྱེ་བ་ལྟར། ཕན་བཏགས་པས་རྒྱུ་འབྲས་ཡིན་ཏེ་རྣམ་ངེས་ལས། །ཚོགས་པ་རྣམ་པར་འཇོག་པ་ཡི། །རྒྱུ་ནི་ཚོགས་པ་ཅན་ཡིན་པས། །དེ་དག་མེད་ན་དེ་མེད་ཕྱིར། །བ་ལང་ཉིད་ལས་རྭ་ཅན་བཞིན། །ཞེས་གསུངས་སོ། །རྒྱུ་སྤུན་ལས་སྣམ་བུ་འབྱུང་བའང་འཕྲོད་འདུས་མིན་ཏེ། དེ་སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར། དབང་པོས་འཕྲོད་འདུ་འཛིན་མེད་ཕྱིར། །འབྲེལ་པ་མཐོང་བ་མེད་པར་གནས། །ཞེས་སོ། །གལ་ཏེ་རྒྱུ་སྤུན་དང་སྣམ་བུ་ལ་འཕྲོད་འདུའི་འབྲེལ་བ་ཡོད་ཀྱང་སྣང་དུ་མི་རུང་ངོ་ཞེ་ན། རྒྱུ་སྤུན་ལས་འབྲས་བུ་སྣམ་བུ་འབྱུང་བ་ལ་སྣང་དུ་རུང་བའི་འཕྲོད་འདུ་འབྲེལ་པ་མི་དགོས་ཏེ། རྒྱུ་སྤུན་བཏགས་པ་ཙམ་ལས་འགྲུབ་པའི་ཕྱིར་རོ། །དེ་ནི་རྒྱུ་འབྲས་ལས་མ་འདས་ཏེ། སྔར་གྱི་རྒྱུ་སྤུན་ལས་སྣམ་བུ་ཞེས་བྱ་བའི་ཆོས་ཅན་སྐྱེས་པའི་ཕྱིར། རྣམ་འགྲེལ་ལས། སྣལ་མ་དེ་རྣམས་ཀྱི་སྣམ་བུ། །འདི་ཞེས་སྣལ་མ་འདུས་བྱས་པས། །ཕྱིས་འབྱུང་འབྲས་བུར་བརྗོད་ཡིན་གྱི། །ཇི་ལྟ་བུར་ཡང་དུས་གཅིག་མིན་ཞེས་སོ། །སྐྱེས་བུ་དབྱུག་པ་ཅན་ཞེས་བྱ་བའི་ཁྱད་པར་བྱས་ཆོས་ཀྱི་འབྲེལ་བ་གཅིག་ལས་དོན་གཞན་པའི་འབྲེལ་པ་གསུམ་པའོ་ཞེས་བོད་དག་ཀྱང་སྨྲའོ། །འོ་ན་འཁར་གཞོང་དང་རྒྱ་ཤུག་གི་འབྲེལ་བ་ཡང་འབྲེལ་པ་གཉིས་ལས་དོན་གཞན་པའི་འབྲེལ་པ་ཡིན་པ་ཅིས་དགག གལ་ཏེ་སྔ་མའི་འཁར་གཞོང་གིས་ཕྱི་མའི་རྒྱུ་ཤུགས་མཐུར་དུ་མི་ལྟུང་བར་བསྐྱེད་པས་རྒྱུ་འབྲས་ཀྱི་འབྲེལ་པའོ་ཞེ་ན། འོ་ན་སྔ་མའི་སྐྱེས་བུ་དང༌། ཕྱི་མའི་དབྱུག་པ་ཡང་རྒྱུ་འབྲས་ཀྱི་འབྲེལ་པའོ། །དབང་པོ་གཟུགས་ལ་བལྟ་བའི་ཚེ་ཡང༌། རྒྱུ་ཡོད་པའི་དུས་སུ་འབྲས་བུ་མ་སྐྱེས་ལ། འབྲས་བུ་སྐྱེས་པའི་དུས་སུའང་རྒྱུ་འགགས་པས་དེ་གཉིས་ཀྱི་འབྲེལ་པ་དོན་དམ་པར་མེད་དོ། །རྗེ་ཁོལ་སོགས་ཕན་ཚུན་འདུས་པ་ལའང་ཕན་འདོགས་ན་རྒྱུ་འབྲས་ཡིན་ལ། མི་འདོགས་ན་དེ་བྱུང་འབྲེལ་པ་མེད་ཅིང་བདག་ཉིད་མི་གཅིག་པས་བདག་ཅིག་འབྲེལ་པ་ཡང་མེད་དོ། །ཆོས་ཀྱི་གྲགས་པས་བོར་བ་ཡི། ངན་རྟོག་གིས་བརྟགས་པ་འབྲེལ་པ་གཉིས་ལས་མ་གཏོགས་པའི་འབྲེལ་བ་ཡོད་ཅེས་བླུན་པོ་ཕལ་ཆེར་ལེན་མོད། མཁས་པས་ལེན་པར་མི་བྱས་ཏེ། སྐྱུགས་སྨན་བཏང་ནས་སྐྱུགས་པ་ན། ཁྱི་ལས་གཞན་པ་སུ་ཞིག་ཟ། །ཞེས་གསུངས་ལྟར་རོ། །གཉིས་པ་བློ་ངོར་འབྲེལ་པ་སྒྲུབ་པ་ལ་གཉིས་ཏེ། བློས་ཇི་ལྟར་སྦྲེལ་བའི་ཚུལ། །དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དོན་དམ་པར་རང་མཚན་ཐམས་ཅད་རྫས་གཅིག་དང་ཐ་དད་གང་རུང་དུ་གནས་པས་དོན་ལ་འབྲེལ་བ་མི་སྲིད་མོད། འོན་ཀྱང་གཞན་སེལ་གྱི་སྒོ་ནས་བློ་ངོར་འབྲེལ་བ་གྲུབ་ཏེ། དཔེར་ན་བུམ་པ་རང་མཚན་ལྟ་བུ་གཅིག་ཉིད་ལ། ཐ་དད་དུ་འབྱེད་པའི་གཞན་སེལ་ལྟོ་འདིར་བ་མ་ཡིན་པ་དང༌། སྐད་ཅིག་མ་མིན་པ་དང༌། རྒྱུ་རྐྱེན་གྱིས་བསྐྱེད་པ་མིན་པ་སྤོང་བའི་རྣམ་པ་ཅན་གྱི་སྒྲ་རྟོག་གིས་བུམ་པ་དང༌། མི་རྟག་པ་དང༌། བྱས་པའི་ལྡོག་པ་ཐ་དད་དུ་ཕྱེ་ནས་དེ་དག་གཅིག་ཏུ་བསྡུས་པའི་གཞན་སེལ་གྱིས་གཅིག་ཏུ་བཏགས་པའི་ཆ་བདག་ཅིག་གི་འབྲེལ་པར་སྒྲུབ་པ་ལ་ཆོས་གང་ཞིག རང་དང་རང་བཞིན་གཅིག་པའི་ཆོས་གཞན་མི་འདོར་བ་བཀོད་པ་དེ་དག་ཀྱང་བློའི་ཆོས་རང་དགའ་བས་རྒྱུ་མཚན་མེད་པར་དབྱེ་བསྡུ་བྱེད་པ་མ་ཡིན་གྱི། སྒྲོ་འདོགས་ཀྱི་ཡུལ་ཐ་དད་དང༌། འཇིག་རྟེན་གྲགས་པའི་ཐ་སྙད་ལ་བརྟེན་ནས་དབྱེ་བསྡུ་བྱས་པས་འཇུག་ཡུལ་སྒྲུབ་ནུས་པའི་ཕྱིར་བློ་ངོར་བདག་གཅིག་གི་འབྲེལ་པ་འཐད་དེ། རྣམ་འགྲེལ་ལས། མིང་དོན་གང་ལྡན་ཕན་ཚུན་དུ། །ཐ་དད་པ་འདིའི་ས་བོན་ཡིན། །ཞེས་དང༌། འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་པར་ཀུན་བཞག་པ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་གསུངས་སོ། །དེ་བྱུང་འབྲེལ་བའང༌། རྫས་ཐ་དད་དང༌། དུས་མཉམ་དང༌། སྔ་ཕྱི་བ་གཉིས་ཀའི་དོན་ལ་མི་སྲིད་མོད། །འོན་ཀྱང་སྔར་མཐོང་བའི་མེ་དང་ཕྱིས་མཐོང་བའི་དུ་བ་གཉིས། མངོན་སུམ་དང་མི་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ལ་སོགས་པ་དང༌། གཞན་སེལ་ཕྱིན་ཅི་མ་ལོག་པའི་རྟོག་པས་ཕྱིས་མཐོང་བའི་དུ་བ་འདི་སྔར་མཐོང་བའི་མེ་ལས་བྱུང་བ་ཡིན་ནོ་ཞེས་སྦྲེལ་བས་འཇུག་ཡུལ་སྒྲུབ་ནུས་པའི་ཕྱིར་བློ་ངོར་དེ་བྱུང་གི་འབྲེལ་བ་གྲུབ་པ་འཐད་མོད། །དོན་ལ་དེ་བྱུང་འབྲེལ་བ་ཡོད་ན་ཕྲུགས་གསུམ་ལ་སོགས་པའི་རྟོག་པས་བཟོ་ཅི་དགོས། འབྲེལ་པ་བརྟགས་པ་ལས། མངོན་སུམ་དམིགས་པ་དག་ལས། རྒྱུ་དང་འབྲས་བུའི་སྤྱོད་ཡུལ་རྣམས། །འབྲེལ་བའི་དོན་བཞིན་ཡང་དག་དོན། །སྟོན་པའི་རྣམ་རྟོག་ལོག་པ་ཡིན། །ཞེས་གསུངས་སོ། །གཞན་སེལ་ཕྱིན་ཅི་མ་ལོག་པས་ད་ལྟར་གྱི་དུ་བ་འདི་སྔར་གྱི་མེ་ལས་བྱུང་བར་བཏགས་པའི་ཆ་དེ་བྱུང་འབྲེལ་པར་སྒྲུབ་པ་ལ། ཆོས་གང་ཞིག་རང་དང་རྫས་གཞན་པའི་ཆོས་གཞན་མི་འདོར་བ་རྟགས་སུ་བཀོད་པའོ། །གཉིས་པ་རྩོད་པ་སྤོང་བ་ནི། བྱས་པ་དང་མི་རྟག་པ་བློས་སྦྲེལ་བ་དོན་ལ་གྲུབ་ན། དོན་ལ་འབྲེལ་བ་མེད་ཅེས་བརྗོད་ཀྱང་ཡོད་པར་འགྱུར་ལ། དེ་དག་དོན་ལ་མ་གྲུབ་ན་བྱས་པ་སྒྲ་མི་རྟག་པའི་སྒྲུབ་བྱེད་མིན་པར་ཐལ། དེ་དག་གི་འབྲེལ་བ་དོན་ལ་མི་གནས་པའི་ཕྱིར། དེས་ན་བློས་སྦྲེལ་བ་ནི། བློའི་ཆོས་དང་འགལ་བར་འགྱུར་རོ་ཞེ་ན། གཞན་སེལ་ཕྱིན་ཅི་མ་ལོག་པས་བཏགས་པའི་བློ་ཆོས་དེ། མཐོང་བ་དོན་ཆོས་ལ་འཇུག་དུ་རུང་བ་སྒྲ། རང་མཚན་ལ་བྱས་པ་དང་མི་རྟག་པར་རྟོགས་པ་ལྟ་བུ་དང༌། གཞན་སེལ་ཕྱིན་ཅི་ལོག་གི་བཏགས་པའི་བློ་ཆོས་དེ། མཐོང་བ་དོན་ཆོས་ལ་འཇུག་ཏུ་མི་རུང་བ་སྒྲ་རང་མཚན་ལ་མ་བྱས་པ་དང་རྟག་པར་རྟོག་པ་ལྟ་བུ་སྟེ་རྣམ་པ་གཉིས་ལས། དང་པོ་གཞན་སེལ་ཕྱིན་ཅི་མ་ལོག་པས་བཏགས་པ་བློ་ཆོས་མཐོང་བ་དོན་ཆོས་ལ་འཇུག་དུ་རུང་བས་འཇུག་ཡུལ་ཐོབ་པས་སྦྲེལ་བའི་ཐ་སྙད་རུང་ལ། གཉིས་པས་འཇུག་ཡུལ་མི་ཐོབ་པས་འབྲེལ་པ་མིན་པར་འཇོག་སྟེ། ནོར་བུ་སྒྲོན་མའི་འོད་དག་ལ། །ནོར་བུ་བློ་ཡི་སྔོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང༌། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་སོ། །གལ་ཏེ་འབྲེལ་ཡུལ་མེའི་སྟེང་ན་འབྲེལ་བ་མེད་ཀྱང༌། འབྲེལ་ཆོས་དུ་བའི་སྟེང་ན་དུ་བ་འདི་མེ་དེ་མེད་ན་མི་འབྱུང་བ་དོན་ལ་མེད་ན་དུ་བ་དེ་རྒྱུ་མེད་དུ་འགྱུར་ལ། དེ་དོན་ལ་ཡོད་ན་དུ་བ་དེ་ཉིད་དངོས་པོའི་འབྲེལ་པར་འགྱུར་ཅེ་ན། དོན་ལ་རྒྱུ་མེ་མེད་ན་འབྲས་བུ་དུ་བ་མི་འབྱུང་སྟེ། དུ་བ་སྐྱེ་བ་མེ་ལ་ལྟོས་པའི་ཕྱིར། དེ་ལྟ་ཡིན་ཡང་སྔར་གྱི་མེ་དེ་མེད་ན། ད་ལྟར་གྱི་དུ་བ་མི་འབྱུང་ཞེས་སྔ་ཕྱི་མཚམས་སྦྱར་ནས་སྦྲེལ་བ་ནི་རྟོག་པ་མ་ཡིན་པས་སྦྲེལ་མི་ནུས་པའི་ཕྱིར། མེད་ན་མི་འབྱུང་བའི་འབྲེལ་བ་སེལ་ངོར་ཡིན་ཏེ། རྣམ་འགྲེལ་ལས། རྣམ་བཞི་འབྲེལ་བ་ཉེས་འདི་མེད། །ཅེས་སོ། །གསུམ་པ་འབྲེལ་བ་སྒྲུབ་བྱེད་ཀྱི་ཚད་མ་ལ། མཚན་ཉིད་སྒྲུབ་པ། མཚན་ཉིད་ངོས་བཟུང་བ། །དེ་གང་གིས་ངེས་པའི་ཚུལ་ལོ། །དང་པོ་ལ་བདག་ཅིག་འབྲེལ་བ་དང༌། དེ་བྱུང་འབྲེལ་བ་སྒྲུབ་བྱེད་གཉིས། དང་པོ་ནི། ལྡོག་པ་ཐ་དད་དོན་ལ་གཅིག་ཏུ་བཟུང་བ་ཡོད་པར་ཚད་མ་གང་གིས་སྒྲུབ་ཅེ་ན། འདི་ལ་གཉིས་ལས། ཐ་སྙད་སྒྲུབ་ཀྱི་འབྲེལ་པ་ནི། མཚན་ཉིད་ནོག་སོགས་འདུས་པའི་གོང་བུ་དང་མཚོན་བྱ་བ་ལང་གི་འབྲེལ་པ་ཡང༌། ནོག་ལྐོག་ཤལ་དང་ལྡན་པ་འདི་ཉིད་བ་ལང་ངོ་ཞེས་མིང་དོན་གཅིག་ཏུ་འཁྲུལ་བའི་རྟོག་པས་མིང་དོན་གཅིག་དུ་བརྡའ་ཆད་བྱས་པས་འགྲུབ་ཀྱི། གཞན་དོན་ལ་གཅིག་ཏུ་མེད་དེ། མཚོན་བྱ་བ་ལང་སྒྲོ་བཏགས་དོན་ལ་མི་གནས་པའི་ཕྱིར། སྤྱི་དང་བྱེ་བྲག་འབྲེལ་པ་ཡང༌། ལྡོག་པ་གཅིག་རྐྱང་གི་ཤིང་དང་ལྡོག་པ་གཉིས་ཚོགས་ཀྱི་ཤྭ་བ་གཅིག་ཏུ་འཁྲུལ་བའི་རྟོག་པས་གཅིག་དུ་བརྡའ་ཆད་བྱེད་པས་འགྲུབ་ཀྱི། གཞན་དོན་ལ་སྤྱི་བྱེ་བྲག་རྫས་གཅིག་མ་ཡིན་ཏེ། སྔར་རིགས་པ་ཡང་དག་གིས་བཀག་ཟིན་པའི་ཕྱིར་རོ། །གཉིས་པ་དོན་སྒྲུབ་ཀྱི་འབྲེལ་བ་ནི། བྱས་མི་རྟག་བདག་གཅིག་ཡིན་པར་གང་གིས་འགྲུབ་ཅེ་ན། འདི་ལ་རྟགས་འགོད་པ་ནི། གང་ཡོད་པ་ཁྱད་པར་ཅན་དེ་འཇིག་པ་ཡིན་ཏེ། དཔེར་ན་བུམ་པ་བཞིན་སྒྲ་ཡང་ཡོད་པ་ཁྱད་པར་ཅན་ཡིན་ནོ། །ཞེས་པ་རང་བཞིན་གྱི་རྟགས་ཡིན་ནོ། །དེ་ལ་འཇུག་དུས་ཀྱི་རྟགས་ཆོས་དོན་གསུམ་ནི། ཆོས་ཅན་སྒྲ་ནི། རིག་བྱེད་ཀྱི་སྒྲ་ལ་སོགས་པ་ཕྱིར་རྒོལ་གྱིས་རྟག་པར་ཁས་བླངས་པའི་སྒྲ་དོན་ལ་རང་མཚན་དུ་འཁྲུལ་བའོ། །སྒྲུབ་བྱའི་ཆོས་མི་རྟག་པ་དང་རྟགས་ཡོད་པ་དངོས་པོ་ནི་སྣང་བཏགས་གཅིག་ཏུ་འཁྲུལ་བའོ། །འཆད་པའི་དུས་ནི། ཆོས་ཅན་དང་བསྒྲུབ་བྱའི་ཆོས་དང་རྟགས་སུ་བཟུང་བྱ་ནི། སྒྲ་རང་མཚན་དང༌། སྒྲའི་མི་རྟག་པ་དང༌། དངོས་པོ་རང་མཚན་ཡིན་ལ། སོང་ཚོད་ནི། སྒྲ་དང༌། མི་རྟག་པ་དང༌། དངོས་པོ་ཙམ་སོང་བ་ཡིན་ནོ་ཞེས་འཆད་ན་རྣམ་དབྱེ་ལ་མཁས་པར་འགྱུར་རོ། །རྣམ་འགྲེལ་ལས། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡི་ངོ་བོ་ཉིད་དུ་རྟོགས། །ཞེས་དང༌། དེ་ཕྱིར་དངོས་དངོས་མེད་རྟེན་ཅན། ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །རྟེན་ནས་འདིར་ནི་སྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་དང༌། དཔག་བྱ་དཔོག་པར་བྱེད་པ་ཡི། །དོན་གྱི་ཐ་སྙད་གནས་པ་འདི། །ཤེས་པ་ལ་གྲུབ་ཐ་དད་པ། །བརྟེན་ནས་རྣམ་པར་བཏགས་པ་ཡིན། །ཞེས་སོ། །རྟགས་དེ་ལ་མ་ངེས་པ་སྤང་པ་ལ། ལྟོས་མེད་དང་གནོད་པ་ཅན་གྱི་རྟགས་ཀྱི་ཁྱབ་པ་སྒྲུབ་པ་གཉིས། དང་པོ་ནི། དངོས་པོ་དེ་ལ་འཇིག་བྱེད་རྒྱུ་དོན་གཞན་མི་དགོས་ཏེ། དངོས་པོ་སྐྱེས་པ་འཇིག་པ་ཡིན་པའི་ཕྱིར། དངོས་པོ་སྐྱེས་པ་བྱས་པ་དེ་སྐད་ཅིག་གཉིས་པར་སྐྱེས་པ་ན། སྐད་ཅིག་དང་པོ་ལ་ཞིག་པ་ཞེས་པའི་མིང་གདགས་ཀྱི། བཤིག་ནས་ཞིག་པ་ཞེས་བྱ་བའི་ཆོས་གྲུབ་པ་ཅིའང་མེད་དོ། །དེ་ལ་རྟགས་དགོད་པ་ནི། ཕྱིས་རྒྱུ་དོན་གཞན་ལ་ལྟོས་མེད་དུ་རང་རྒྱུ་ལས་འཇིག་པར་སྐྱེས་པ་ཡིན་ན། འཇིག་པར་ངེས་པ་ཡིན་ཏེ། དཔེར་ན་རྒྱུ་ཚོགས་པ་ཐ་མ་འབྲས་བུ་བསྐྱེད་པ་གཞན་ལ་མི་ལྟོས་པ་བཞིན་ནོ། །དངོས་པོ་གང་ཡིན་ཐམས་ཅད་ཕྱིས་རྒྱུ་དོན་གཞན་ལ་ལྟོས་མེད་དུ་རང་རྒྱུ་ལས་འཇིག་པར་སྐྱེས་པ་ཡིན་ནོ་ཞེས་པ་ནི་རང་བཞིན་གྱི་རྟགས་སོ། །དེ་སྐད་དུ། རྒྱུ་མེད་ཕྱིར་ན་འཇིག་པ་ནི། །རང་གི་ངོ་བོ་རྗེས་འབྲེལ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་གནོད་པ་སྤོང་བ་ལ་གསུམ་ལས། མ་གྲུབ་པ་སྤོང་བ་ནི། གལ་ཏེ་དངོས་པོར་ཡོད་ཙམ་གྱིས་འཇིག་པར་མི་གྲུབ་ཀྱི་བུམ་པ་འཇིག་པ་ཐོ་བ་དང༌། ཤིང་འཇིག་པ་མེ་སོགས་ཕྱིས་རྒྱུ་དོན་གཞན་ལ་ལྟོས་པའི་ཕྱིར་ལྟོས་མེད་ཀྱི་གཏན་ཚིགས་འདི་ནི་མ་གྲུབ་ལོ། འདི་ལ་དཔྱད་དེ། འཇིག་པ་ཞེས་པའི་སྒྲ་དེ་འཇིག་པར་བྱ་རྒྱུ་བུམ་སོགས་དངོས་པོ་དང༌། ཞིག་པ་དངོས་པོ་མེད་པ་གཉིས་ཀ་ལའང་འཇུག་མོད་དེ་ལ་ཆོས་ཀྱི་གྲགས་པས་འཇིག་པར་བྱ་རྒྱུ་དངོས་པོའི་སྐབས་སུ་རྒྱུ་མེད་དུ་གསུངས་པ་ནི། འཇིག་པ་ཉིད་དངོས་པོ་ཡིན་པས་དངོས་པོ་སྐྱེད་པ་ལས་རྒྱུ་གཞན་ལ་མི་ལྟོས་པ་དགོངས་ལ། ཞིག་ནས་མེད་པ་ལ་འཇིག་པར་འདོད་པའི་སྐབས་སུ་རྒྱུ་མེད་ནི་རྒྱུ་གཏན་མེད་ལ་དགོངས་ཏེ། ཞིག་པ་ནི་དངོས་མེད་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟ་བུའི་འཇིག་པ་གཉིས་ཀ་ལ་ཡང་རྒྱུ་མི་དགོས་པར་གསལ་ལོ། །འདི་ཙམ་གྱིས་ལྟོས་མེད་ཀྱི་རྟགས་གྲུབ་མོད། འོན་ཀྱང་འཇིག་པ་རྒྱུ་མེད་དེ་དཔྱིས་ཕྱིན་པར་ཤེས་པར་བྱ་བའི་ཕྱིར་རྣམ་པར་བརྟགས་ལ་དགག་པ་ནི། ཐོ་བ་སོགས་ཀྱི་རྒྱུས་བུམ་པ་འཇིག་པ་བྱེད་ན། བུམ་པ་འཇིག་པ་དེ་ཅི་དངོས་མེད་ཡིན་ན་རྒྱུས་སྐྱེད་པ་འགལ་ལ། རྒྱུས་སྐྱེད་ན་དངོས་མེད་དུ་འདོད་ཀྱང༌། དངོས་པོར་ཐལ་ཏེ་མྱུ་གུ་བཞིན་ནོ། །བུམ་པ་འཇིག་པ་དངོས་པོ་ཡིན་ན། དངོས་པོ་ལ་རང་གཞན་གཉིས་སུ་ཁ་ཚོན་ཆོད་པས། བུམ་པ་དང་རྫས་གཅིག་ཡིན་ན་ཐོ་བ་སོགས་ཀྱིས་བྱ་མི་དགོས་ཏེ། བུམ་པའི་རྒྱུས་བྱས་ཟིན་པའི་ཕྱིར། བུམ་པ་ལས་རྫས་གཞན་ཡིན་ན། འཇིག་རྒྱུ་ཐོ་སོགས་དེས་བུམ་པ་ལས་གཞན་ཐོ་བའམ་གྱོ་མོའམ་དེ་ལས་གཞན་ཞིག་བྱེད། ཐོ་བ་རང་ཐོ་བས་བྱེད་པ་མི་སྲིད་དེ། རང་ལ་བྱ་བྱེད་གཉིས་མི་སྲིད་པའི་ཕྱིར། གྱོ་མོ་བྱས་ན་བུམ་པའི་ཉེར་ལེན་དང་ཐོ་བའི་ལྷན་ཅིག་བྱེད་པ་ལས་གྱོ་མོ་སྐྱེ་བ་ཁོ་བོ་ཡང་འདོད་མོད། དེས་བུམ་པ་འཇིག་པར་མི་འགྱུར་རོ། །གལ་ཏེ་གྱོ་མོར་བཏང་བ་ཉིད་འཇིག་རྒྱུས་བྱས་པ་ཡིན་ནོ་ཞེ་ན། གྱོ་མོ་སྐྱེས་པ་ལ་འཇིག་པ་སྐྱེད་པར་མིང་འདོགས་ན་མི་བླུན་པོ་བ་གླང་ལྟར་མིང་ལ་མི་རྩོད་དོ། །དེ་གཉིས་ལས་གཞན་ཞིག་ཐོ་བས་བྱེད་ན། བུམ་པ་ལས་གཞན་འཇིག་རྒྱུ་ཐོ་བས་བྱས་པས་བུམ་པ་དེ་འཇིག་པར་བྱས་པར་མི་འགྱུར་རོ། །ངག་དོན་ཐོ་བ་སོགས་ཀྱི་རྒྱུས་བུམ་པ་འཇིག་པར་བྱེད་ན། བུམ་པ་འཇིག་པ་དེ་ཅི་དངོས་མེད་ཡིན་ནམ་དངོས་པོ་ཡིན། དང་པོ་ལྟར་ན། བུམ་པ་འཇིག་པ་ཆོས་ཅན། རྒྱུ་ལ་མི་ལྟོས་པར་ཐལ། དངོས་མེད་ཡིན་པའི་ཕྱིར། དངོས་པོ་ཡིན་ན། བུམ་པ་དང་རྫས་གཅིག་ཡིན་ནམ་ཐ་དད་ཡིན། དང་པོ་ལྟར་ན། ཆོས་ཅན་ཕྱིས་རྒྱུ་དོན་གཞན་གྱིས་སྐྱེད་མི་དགོས་པར་ཐལ། རང་རྒྱུ་ལས་གྲུབ་ཟིན་པའི་ཕྱིར། བུམ་པ་ལས་རྫས་གཞན་ཞིག་འཇིག་པར་བྱེད་ན། འཇིག་རྒྱུ་ཐོ་བ་ཆོས་ཅན། ཁྱོད་ཀྱིས་བུམ་པ་དེ་འཇིག་པར་བྱས་པ་མིན་པར་ཐལ། བུམ་པ་ལས་རྫས་གཞན་གཅིག་འཇིག་པར་བྱས་པའི་ཕྱིར། ཤེས་བྱ་ཆོས་ཅན། དངོས་པོ་འཇིག་པ་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་གྲུབ་པ་ཡིན་ཏེ། འཇིག་པ་དེ་དངོས་མེད་ཡིན་ན་རྒྱུ་ལ་མི་ལྟོས་ལ། དངོས་པོ་ཡིན་ན་རང་རྒྱུ་ལས་གྲུབ་ཟིན་པ་དེས་ནའོ། །གཞན་ཡང་ཤེས་བྱ་ཆོས་ཅན། འཇིག་པ་རྒྱུ་དང་ལྡན་པར་སྨྲ་བ་རྣམས་ཀྱིས་ཞིག་པ་དངོས་མེད་རྒྱུས་བྱེད་ཅེས་སྨྲ་ན། འཇིག་པ་རྒྱུ་ལ་ལྟོས་མེད་དུ་ཤུགས་ལ་གྲུབ་སྟེ་འཇིག་རྒྱུས་དངོས་མེད་བྱེད་པ་དང༌། འཇིག་རྒྱུས་ཅི་ཡང་མི་བྱེད་པ་དོན་མཚུངས་པའི་ཕྱིར། དཔེར་ན་མེད་པ་ལ་ལྟ་བ་དང་ལྟ་རྒྱུ་མེད་པ་དོན་གཅིག་པ་བཞིན་ནོ། །གཉིས་པ་མ་ངེས་པ་སྤང་བ་ནི། མུ་སྟེགས་པ་ཁ་ཅིག་ན་རེ། ས་བོན་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་ནས་རྒྱུ་གཞན་ལ་མི་ལྟོས་ཀྱང༌། མྱུ་གུ་མི་བསྐྱེད་པ་བཞིན་དུ། ལྟོས་མེད་ཀྱི་གཏན་ཚིགས་འདིའང་ཁྱབ་པ་མ་ངེས་སོ། །ཤེས་བྱ་ཆོས་ཅན། ས་བོན་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་ནས་མྱུ་གུ་བསྐྱེད་པ་གཞན་ལ་མི་ལྟོས་པའི་རྒྱུ་མཚན་གྱིས་ལྟོས་མེད་ཀྱི་གཏན་ཚིགས་ཀྱི་ཁྱབ་པ་མ་ངེས་པ་མིན་པར་ཐལ། ས་བོན་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་ནས་མྱུ་གུ་སྐྱེད་པ་དེ་དག་རྒྱུན་ཡོངས་སུ་འགྱུར་བ་ལ་ལྟོས་པའི་ཕྱིར། འོ་ན། བྱས་པ་ལའང་འཇིག་པ་ཡོད་ཀྱང་དུས་གཞན་ལ་ལྟོས་ཞེ་ན། བྱས་པ་འཇིག་པ་དུས་ལ་ལྟོས་ན། བྱས་པ་འཇིག་པ་དུས་ལ་ལྟོས་ཀྱི་བར་དུ་འགྱུར་རམ་མི་འགྱུར། དང་པོ་ལྟར་ན། བྱས་པ་ཆོས་ཅན། ཁྱོད་འཇིག་པ་ཕྱིས་རྒྱུ་དོན་གཞན་ལ་ལྟོས་མེད་དུ་གྲུབ་པར་ཐལ། ཁྱོད་འཇིག་པ་དུས་ལ་ལྟོས་ཀྱི་བར་དུ་ཡང་འགྱུར་བའི་ཕྱིར། མི་འགྱུར་ན། ཆོས་ཅན། སྔར་མི་འཇིག་པ་བཞིན་དུ། ཕྱིས་ཀྱང་འཇིག་པ་མེད་པར་གནས་པར་ཐལ། ཁྱོད་ཀྱི་ངོ་བོ་སྔ་ཕྱི་འཇིག་མི་འཇིག་གི་ཁྱད་པར་མེད་པའི་ཕྱིར་ཏེ་སྔར་མི་འཇིག་པའི་ཕྱིར། མདོ་སྡེ་རྒྱན་ནས་དང་པོ་མི་འཇིག་མཐར་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ས་བོན་ཆུ་ལུད་དྲོད་གཤེར་གྱི་ཚོགས་པ་ནི་རང་གི་ངོ་བོ་འགྱུར་མེད་གཅིག་ཡིན་པས། རྒྱུན་འགྱུར་བ་ལ་ལྟོས་པའི་གཏན་ཚིགས་འདི་ནི་མ་གྲུབ་ལོ། འོ་ན་མྱུ་གུའི་རྒྱུ་ཚོགས་དང་པོ་དེས་ཆོས་ཅན། མྱུ་གུ་དངོས་སུ་སྐྱེས་པར་ཐལ། མྱུ་གུ་དངོས་སུ་སྐྱེས་པའི་ཚོགས་པ་ཕྱི་མ་དང་རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་རྫས་གཅིག་ཉིད་ཡིན་ནའང་སྔ་མ་ལའང་འགགས་སྲིད་པས་མྱུ་གུ་སྐྱེད་པར་མི་ངེས་སོ་ཞེ་ན། ཚོགས་པ་སྔ་ཕྱི་ཆོས་ཅན། གཅིག་ཏུ་འདོད་ཀྱང་གཉིས་སུ་ཐལ། གགས་ཅན་དང་གགས་མེད་རྫས་གཅིག་ཡིན་པའི་ཕྱིར། ཡང་ནས་ཀྱི་རྒྱུ་ཚོགས་དེ་ས་ལུའི་མྱུ་གུ་སྐྱེད་པ་རྒྱུ་གཞན་ལ་ལྟོས་པ་མེད་ཀྱང་ས་ལུའི་མྱུ་གུ་མི་སྐྱེད་པས་ལྟོས་མེད་ཀྱི་གཏན་ཚིགས་འདི་ནི་མ་ངེས་ལོ། མིན་ཏེ། ནས་ཀྱི་རྒྱུ་ཚོགས་འདི་ཆོས་ཅན། ས་ལུའི་མྱུ་གུ་སྐྱེད་པ་གཞན་ལ་ལྟོས་མེད་ཡིན་པའི་རྟགས་མ་གྲུབ་པར་ཐལ། ས་ལུའི་དངོས་རྒྱུ་ལས་གཞན་ས་ལུའི་མྱུ་གུ་སྐྱེད་ན་ས་ལུའི་ས་བོན་ལ་ཅི་ནས་ལྟོས་པའི་ཕྱིར། འོ་ན་བྱས་ཡོད་ཀྱང་སྐད་ཅིག་རེ་རེ་ལ་འཇིག་པ་མིན་ཏེ། འཇིག་རྒྱུ་ཐོ་སོགས་ལ་ལྟོས་པའི་ཕྱིར་ཅེ་ན། མི་མཚུངས་ཏེ། ནས་དང་ས་ལུའི་མྱུ་གུ་ཆོས་ཅན། རང་རང་གི་ཉེར་ལེན་གྱི་རྒྱུ་ལ་ལྟོས་ཏེ་རང་རང་གི་ཉེར་ལེན་སྔ་མ་ཡོད་མེད་ཀྱི་རྗེས་སུ་བྱེད་པ་པོར་ངེས་པའི་ཕྱིར། བྱས་ཡོད་འཇིག་པ་དེ་དངོས་པོ་ཉིད་ཡིན་ན། རང་འཇིག་པ་རང་གི་རྒྱུ་ལས་རྒྱུ་གཞན་ལ་མི་ལྟོས་ལ། འཇིག་པ་དངོས་མེད་དུ་འདོད་ན་རྒྱུ་གཏན་ནས་མི་དགོས་སོ། །དེས་ན་དངོས་པོ་འཇིག་པ་ལ་འཇིག་བྱེད་གཞན་མི་དགོས་པར་གྲུབ་བོ། །གསུམ་པ་ཧ་ཅང་ཐལ་བ་སྤོང་བ་ལ་གསུམ་ལས། དང་པོ་དངོས་འགལ་རྫས་ཅིག་ཏུ་ཐལ་བ་སྤོང་བ་ནི། རིགས་བྱེད་པ་དག་འཇིག་པ་ལ་རྒྱུ་མེད་ན་དེ་དངོས་མེད་དུ་འགྱུར་ལ། དངོས་མེད་ཡིན་ན་རྟག་པར་འགྱུར་ཞིང༌། དེ་ལྟ་ན་བུམ་པ་མི་རྟག་པ་དང་འཇིག་པ་རྒྱུ་མེད་རྟག་པ་གཉིས་དངོས་འགལ་བུམ་པའི་སྟེང་དུ་རྫས་གཅིག་པར་འགྱུར་རོ་ཞེས་རྒོལ་ཏེ། རྣམ་འགྲེལ་ལས། འཇིག་པ་རྒྱུ་མེད་ཅན་ཡིན་ནའང༌། །རྟག་ཕྱིར་དངོས་པོ་འཇིག་པ་དག ལྷན་ཅིག་ཡོད་པར་འགྱུར་ཞེ་ན་ཞེས་པའི་དོན་ནོ། །ཞིག་པ་དངོས་མེད་དེ་རྫས་སུ་གྲུབ་པར་ཁས་མ་བླངས་པའི་ཕྱིར་རྫས་ཅིག་དང་ཐ་དད་ཅན་གྱི་དཔྱད་པ་མི་འཇུག་གོ །འོ་ན་ཞིག་པ་དངོས་མེད་ལ་ནུས་པ་མེད་པས་དེས་དངོས་པོ་འཇིག་པར་མི་འགྱུར་ལ། འདོད་ན། དངོས་པོ་རྟག་རྫས་སུ་འགྱུར་རོ་ཞེ་ན། མིན་ཏེ། དོན་གཞན་དུ་གྱུར་བའི་ཞིག་པ་དངོས་མེད་ཀྱིས་དངོས་པོ་འཇིག་པར་མི་འདོད་པས་སོ། །རྣམ་འགྲེལ་ལས། མེད་ལ་དངོས་འཇིག་མེད་ཉིད་ཀྱིས། །ཐལ་བར་འགྱུར་བ་མི་རུང་སྟེ། །གང་ཕྱིར་དངོས་པོ་འཇིག་པ་ཡི། །འཇིག་པ་དག་ནི་མི་འདོད་དོ། །ཞེས་གསུངས་པས་སོ། །དེ་ཉིད་དང་གཞན་དུ་བརྟགས་ན་མི་འཐད་པ་སྤོང་བ་ནི། རྒྱལ་དཔོག་པ་ན་རེ། ཞིག་པ་རྒྱུ་མེད་ཡིན་ན་སྔར་ངེད་ལ་བཀོད་པ་ལྟར། ཞིག་པ་དེ་དངོས་པོ་དེ་ཉིད་ཡིན་ན། མ་ཞིག་པར་ཐལ། དངོས་པོ་ཡིན་པའི་ཕྱིར། དངོས་པོ་ལས་གཞན་ན། ཤིང་ཞིག་པ་མཐོང་བར་ཐལ། ཤིང་ཞིག་པ་ཤིང་ལས་གཞན་ཡིན་པའི་ཕྱིར་ཟེར་ན། དེ་ལྟ་བུའི་ཐལ་བས་མི་གནོད་དེ་ཤིང་ཞིག་པ་དངོས་མེད་ཡིན་པས། ཤིང་དང་རྫས་དེ་ཉིད་དང་གཞན་དུ་ཡང་མ་གྲུབ་པའི་ཕྱིར་རོ། །དངོས་པོར་མཚུངས་པ་ལ་རྟག་མི་རྟག་གཉིས་མི་སྲིད་ན། དངོས་པོར་མཚུངས་པ་ལ་ཐོག་བཅས་ཐོགས་མེད་གཉིས་མི་སྲིད་པར་མཚུངས་པར་ཐལ་ཞེ་ན། དེ་གཉིས་མཚུངས་པར་ཐལ་བས་མི་གནོད་དེ། དངོས་པོ་སྐྱེས་ཙམ་ཉིད་ནས་མི་རྟག་པ་ཡིན་གྱི། དངོས་པོ་དེ་ལ་རྟག་མི་རྟག་ཐ་དད་སྐྱེད་པའི་རྒྱུ་མེད་ལ། ཐོགས་བཅས་ཐོགས་མེད་ཀྱི་དངོས་པོ་གཉིས། རྒྱུ་ཐ་དད་པ་ལས་ཐ་དད་སྐྱེས་པའི་ཕྱིར་རོ། །གཉིས་པ་གནོད་པ་ཅན་གྱི་གཏན་ཚིགས་ལ་ཕྱོགས་སྔ་མ་དགོད་པ་ནི། དབང་ཕྱུག་པ་ལ་སོགས་པ་ཁ་ཅིག་ན་རེ། བྱ་རོག་ཕལ་ཆེར་ནག་པོར་མཐོང་ཡང་དཀར་པོ་སྲིད་པ་ལྟར། དངོས་པོའི་ནུས་པ་སྣ་ཚོགས་པས་བུམ་པ་ལ་སོགས་པ་ཕལ་ཆེར་མི་རྟག་ཀྱང་དབང་ཕྱུག་ལ་སོགས་པ་རྟག་པར་སྐྱེའོ། །བུམ་པ་ལ་སོགས་པ་རྒྱུན་གྱི་མཐར་འཇིག་པར་མཐོང་བ་འདི་དག་ལ་ལྟོས་མེད་ཀྱི་རྟགས་ཀྱིས་འཇིག་པར་འགྲུབ་ཀྱང༌། དབང་ཕྱུག་ནི་རང་བྱུང་ཡིན་པས་བྱས་པའི་རྟགས་མི་འགྲུབ་ལ། རྟག་པ་ཡིན་པས་མཐར་འཇིག་པ་མ་མཐོང་བའི་ཕྱིར་ལྟོས་མེད་ཀྱིས་མི་རྟག་པར་མི་འགྲུབ། དངོས་པོ་ཡིན་པའི་རྟགས་གྲུབ་ཀྱང་མི་རྟག་པའི་བསྒྲུབ་བྱ་མི་འགྲུབ་བོ། །དེས་ན་དངོས་པོ་རྟགས་སུ་འགོད་ན་མི་མཐུན་ཕྱོགས་ལ་རྟགས་ཞུགས་པས་མ་ངེས་སོ་ཞེ་ན། དེ་དག་དགག་པ་ལ། བརྟགས་ན་མི་འཐད་པ་དང༌། རྟག་པ་དངོས་མེད་དུ་རྟགས་ཀྱིས་སྒྲུབ་པ་དང༌། རྟགས་ཀྱི་རིགས་ངོས་བཟུང་བ་དང་གསུམ། དང་པོ་ནི། དབང་ཕྱུག་ལ་སོགས་པ་རྟག་པ་དེས་དོན་བྱེད་ནུས་སམ་མི་ནུས། དེས་དོན་བྱེད་མི་ནུས་ན། དངོས་མེད་ཡིན་པའི་ཕྱིར། དངོས་པོར་མིང་བཏགས་ཀྱང་དོན་ལ་དངོས་མེད་དུ་མཐུན་པས་མིང་ལ་མི་རྩོད། གལ་ཏེ་རྟག་པ་དེས་དོན་བྱེད་ནུས་ན་དབང་ཕྱུག་དེས་དོན་བྱེད་པའི་ཚེ་སྔར་དོན་མི་བྱེད་པའི་རང་བཞིན་ལས་འགྱུར་རམ་མི་འགྱུར། འགྱུར་ན་དབང་ཕྱུག་ཆོས་ཅན། རྟག་པ་ཡིན་པ་ཉམས་པར་ཐལ་ལོ། །འགྱུར་བ་མེད་ན་ཆོས་ཅན། དོན་བྱེད་པ་འགལ་བར་ཐལ། སྔར་དོན་མི་བྱེད་པའི་གནས་སྐབས་ལས་འགྱུར་བ་མེད་པའི་ཕྱིར། གཉིས་པ་ནི། གང་དོན་བྱེད་པས་སྟོང་པ་དེ། དངོས་མེད་ཡིན་ཏེ། ནམ་མཁའ་བཞིན། དབང་ཕྱུག་ལ་སོགས་པ་རྟག་པའང་དོན་བྱེད་པས་སྟོང་ངོ་ཞེས་པ་ནི། མི་མཐུན་ཕྱོགས་རྟག་པ་ལ་དངོས་པོ་འགོག་པ་གནོད་པ་ཅན་གྱི་གཏན་ཚིགས་སོ། །དེ་ལ་ཆོས་ཅན་ནི། ཕྱིར་རྒོལ་གྱིས་ཁས་བླངས་པའི་དབང་ཕྱུག་ལ་སོགས་པའི་སྒྲ་དོན་ལ་རང་མཚན་ལ་བཟུང་བ་དབང་ཕྱུག་ལ་སོགས་པ་རྟག་པའི་གཞན་སེལ་ཡིན་ནོ། །དངོས་པོ་སྟོང་པའི་མེད་དགག་སྒྲུབ་བྱའི་ཆོས་ཡིན་ནོ། །གཏན་ཚིགས་ཀྱི་དོན་ལ་ཕྱོགས་ཆོས་དང༌། ཁྱབ་པ་སྒྲུབ་པ་གཉིས། དང་པོ་ནི། བོད་བསྡུས་པ་ཁ་ཅིག་དབང་ཕྱུག་རྟག་པ་ལ་རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་པའི་ཕྱོགས་ཆོས་མངོན་སུམ་གྱིས་འགྲུབ་སྟེ། དགག་གཞི་རྟག་པ་འགྱུར་མེད་ལ་རྟོག་པ་དང༌། དགག་བྱ་དོན་བྱེད་པ་དང་འགྱུར་བ་ལ་རྟོག་པའི་རྟོག་པ་གཉིས་འཛིན་སྟངས་འགལ་བར་རང་རིག་གིས་མྱོང་བའི་ཤུགས་ལ་ཡུལ་གཉིས་འགལ་བར་གྲུབ་པས་རྟག་པ་ལ་དོན་བྱེད་པ་ཁེགས་སོ་ཞེས་ཟེར་རོ། །མི་འཐད་དེ། དགག་པ་བྱེད་པ་ལ་དགག་བྱ་ལ་དམིགས་པའི་ཚད་མ་སྐྱེ་བས་ཁྱབ་མི་དགོས་པའི་ཕྱིར། ཙང་ནག་པ་ན་རེ། རྟག་པ་ལ་དོན་བྱེད་པས་སྟོང་པའི་ཕྱོགས་ཆོས་རྟག་པ་འགྱུར་མེད་དུ་རྟོག་པའི་རྟོག་པ་མྱོང་བའི་རང་རིག་གིས་དེའི་ཡུལ་འགྱུར་མེད་ཀྱི་རྣམ་པ་གྲུབ་པས་འགྱུར་བ་ཙམ་ཁེགས་པ་ན། དོན་བྱེད་པའང་ཁེགས་པས་བློ་རང་རིག་གཅིག་གིས་འགྲུབ་པ་ཡིན་ནོ། མུ་སྟེགས་བྱེད་ལ་རྟག་པ་བྱེད་པ་པོ་ཡིན་པར་འཛིན་པའི་ལོག་རྟོག་མི་སྲིད་པར་ཐལ། རྟག་པ་འགྱུར་མེད་དུ་རྟོག་པའི་རྟོག་པ་མྱོང་བའི་རང་རིག་གཅིག་གིས་རྟག་པ་འགྱུར་མེད་དུ་གྲུབ་པས་རྟག་པ་ལ་དོན་བྱེད་པ་ཁེགས་པའི་ཕྱིར། རང་ལུགས་ནི་རྟག་པ་ལ་དོན་བྱེད་པས་སྟོང་པ་དེས་ན་སྐད་ཅིག་གིས་སྟོང་པ་ལ་དོན་བྱེད་པ་འགོག་པའི་རྟགས་ཀྱིས་ཕྱོགས་ཆོས་གྲུབ་ཏེ། དེའང་ཇི་ལྟ་བུ་ཞེ་ན། གང་འགྱུར་བ་མེད་པ་དེ་དོན་བྱེད་པ་མེད་དེ། ནམ་མཁའ་བཞིན་དབང་ཕྱུག་ལ་སོགས་པ་རྟག་པའང་འགྱུར་བ་མེད་དོ་ཞེས་ཁྱབ་བྱེད་མི་དམིགས་པའི་རྟགས་ཀྱིས་འགྲུབ་བོ། །དབང་ཕྱུག་པ་ན་རེ། དབང་ཕྱུག་གི་རང་བཞིན་རྟག་ཀྱང་གནས་སྐབས་འགྱུར་བས་དོན་བྱེད་པ་མི་འཐད་དོ་ཞེ་ན། དབང་ཕྱུག་གི་རང་བཞིན་དང་གནས་སྐབས་གཅིག་གམ་མི་ཅིག གཅིག་ན། དབང་ཕྱུག་གི་རང་བཞིན་དང་གནས་སྐབས་གཉིས་ཆོས་ཅན། འགྱུར་མི་འགྱུར་གྱི་ཆོས་གཉིས་འགལ་བར་ཐལ། གཅིག་ཡིན་པའི་ཕྱིར། ཐ་དད་ན་དབང་ཕྱུག་ཆོས་ཅན། ཁྱོད་ཀྱི་གནས་སྐབས་མི་རྟག་པས་དོན་བྱེད་པས། རང་བཞིན་རྟག་པས་དོན་བྱེད་མི་ནུས་པར་ཐལ། དེ་གཉིས་རྫས་ཐ་དད་ཡིན་པའི་ཕྱིར། གལ་ཏེ་དབང་ཕྱུག་རྟག་པ་ལ་སྐད་ཅིག་གིས་འཇིག་པ་མེད་ན་ཡང་རགས་པའི་འགྱུར་བ་ཡོད་པས་དོན་བྱེད་དོ་ཞེ་ན། དབང་ཕྱུག་ཆོས་ཅན། ཁྱོད་ཀྱི་རགས་པའི་འགྱུར་བ་མི་སྲིད་པར་ཐལ། དང་པོ་ནས་སྐད་ཅིག་གིས་མི་འཇིག་པའི་ཕྱིར། དེ་རྣམས་ཀྱིས་ཕྱོགས་ཆོས་བསྒྲུབས་ནས། དོན་བྱེད་ནུས་པས་སྟོང་པ་ལ་དངོས་མེད་ཀྱི་ཁྱབ་པ་ནི། དོན་བྱེད་ནུས་པ་བཀག་པ་ལ་དངོས་པོ་མེད་པས་ཁྱབ་པ་འགྲུབ་སྟེ། དོན་བྱེད་ནུས་པ་དེ་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་རྟགས་ཀྱི་རིགས་ངོས་བཟུང་བ་ནི། དངོས་པོའམ་བྱས་པའི་མཚན་ཉིད་འགོག་ན་དོན་འགོག་པ་ཡིན་ལ། མཚོན་བྱ་འགོག་ན་ཐ་སྙད་འགོག་པ་ཡིན་ནོ། །ལྟོས་མེད་དམ་གནོད་པ་ཅན་གང་རུང་གིས་ཁྱབ་པ་འགྲུབ་པས་གཉིས་དོན་མེད་ཅེ་ན། བོད་བསྡུས་པ་ཁ་ཅིག་གནོད་པ་ཅན་གྱིས་ལམ་སྦྱོང་དུ་ལྟོས་མེད་འཆད་པ་སློབ་དཔོན་གྱི་དགོངས་པ་མ་ཡིན་ནོ། །གཏན་ཚིགས་གཉིས་ལ་དགོས་པ་སོ་སོ་ཡོད་པ་དེས་ན། མུ་སྟེགས་བྱེད་འགའ་དངོས་པོ་རྣམས་འཇིག་རྒྱུ་དང་ཕྲད་ན་འཇིག་ལ། མ་ཕྲད་ན་མི་འཇིག་པར་འདོད་པའི་ལོག་རྟོག་གི་གཉེན་པོར་ལྟོས་མེད་ཀྱི་གཏན་ཚིགས་གསུངས་ལ། དབང་ཕྱུག་པ་དང་རིགས་བྱེད་པ་ལ་སོགས་པ་ཁ་ཅིག དབང་ཕྱུག་དང་རིགས་བྱེད་ཀྱི་སྒྲ་ལ་སོགས་པ་དངོས་པོ་ནི་ཡིན། འཇིག་པའི་རྐྱེན་དང་ཕྲད་ཀྱང་མི་འཇིག་པར་འདོད་པའི་ལོག་རྟོག་གི་གཉེན་པོར་གནོད་པ་ཅན་གྱི་རིགས་པ་གསུངས་ལ། འཇིག་པར་ཁས་ལེན་པ་ལ་གནོད་པ་ཅན་གྱི་རིགས་པ་མི་འཇུག མི་འཇིག་པར་འདོད་པ་ལ་ལྟོས་མེད་ཀྱི་གཏན་ཚིགས་མི་འཇུག་པས་ཡུལ་ཡང་ཐ་དད། དགོས་པའང་ཐ་དད་ཡིན་པའི་ཕྱིར་གཏན་ཚིགས་གཅིག་གི་ལམ་སྦྱོང་དུ་གཅིག་འཆད་པ་སློབ་དཔོན་གྱི་དགོངས་པ་མིན་ནོ། །གཉིས་པ་དེ་བྱུང་འབྲེལ་བ་ངེས་བྱེད་ནི། བོད་ཁ་ཅིག་རྒྱུ་འབྲས་ཕྲུགས་ལྔས་ངེས་པར་བྱེད་དེ། དེ་ཡང་དང་པོ་རྒྱུ་འབྲས་གཉིས་ཀ་མ་དམིགས། དེ་ནས་རྒྱུ་དམིགས། དེ་ནས་འབྲས་བུ་དམིགས། དེ་ནས་རྒྱུ་ལོག་པས་རྒྱུ་མ་དམིགས། དེ་ནས་འབྲས་བུ་ལོག་པས་འབྲས་བུ་མ་དམིགས་པ་དང་ལྔའོ་ཞེས་ཟེར་རོ། །དེ་ཡང་རང་བཞིན་གྱི་རྗེས་སུ་འགྲོ་ལྡོག་ངེས་ན་ནི། ཕྲུགས་གསུམ་དུ་འདུས་ལ། གནས་སྐབས་ཀྱི་རྗེས་སུ་འགྲོ་ལྡོག་གིས་ངེས་པར་འདོད་པ་ཡིན་ན། དེ་དེ་བྱུང་འབྲེལ་བ་ངེས་བྱེད་དུ་མི་འཐད་པར་ཐལ། གནས་སྐབས་ཀྱི་རྗེས་སུ་འགྲོ་ལྡོག་རྔ་སྒྲ་དང་ཉི་མའི་འོད་ཟེར་ལ་ཡང་ཡོད་པས་ཧ་ཅང་ཐལ་བའི་ཕྱིར། རང་ལུགས་ལ། རྒྱུའི་མཚན་ཉིད་ཆོས་གཞན་ལ་ཕན་འདོགས་བྱེད། འབྲས་བུའི་མཚན་ཉིད་ཆོས་གཞན་གྱི་ཕན་གདགས་བྱ་ཡིན་ལ། རྒྱུ་ལ་དབྱེ་ན། ཉེར་ལེན་གྱི་མཚན་ཉིད། འབྲས་བུའི་ངོ་བོ་ལ་ཕན་འདོགས་བྱེད། ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད། འབྲས་བུའི་ཁྱད་པར་ལ་ཕན་འདོགས་བྱེད། ས་བོན་གྱི་མཚན་ཉིད། རྐྱེན་དང་ཕྲད་ན་འབྲས་བུ་སྐྱེད་ནུས། རྒྱུ་འབྲས་ངེས་པར་བྱེད་པའི་ཚད་མ་དེ་ཡང་རྗེས་འགྲོའི་སྒོ་ནས་མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ནི་དང་པོ་ས་ཕྱོགས་དག་པ་བར་མེ་དུ་གཉིས་ཀ་མ་དམིགས་པ་ལས། དེ་ནས་མེ་མངོན་སུམ་གྱིས་མཐོང་བའི་ཚེ་རྟོག་པས་མེའི་གཞན་སེལ་བཟུང༌། དེ་ནས་དུ་བ་མངོན་སུམ་གྱིས་མཐོང་བའི་ཚེ་རྟོག་པས་དུ་བའི་གཞན་སེལ་བཟུང་ནས། ད་ལྟར་གྱི་དུ་བ་འདི་སྔར་གྱི་མེ་དེ་མེད་ན་མི་འབྱུང་ཞེས་རྟོག་བཅས་ཀྱི་བློས་ངེས་པར་བྱེད་དོ། །ལྡོག་པའི་སྒོ་ནས་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ནི། དང་པོ་འབྲས་བུ་དུ་བ་སྐྱེ་བ་མཐོང༌། དེ་ནས་སྐྱེ་བྱེད་ཀྱི་མེ་མ་མཐོང༌། དེ་ནས་འབྲས་བུ་དུ་བ་མ་མཐོང་བའོ། །འདི་སྔོན་མཐའ་མི་ངེས་པ་ལ་འཇུག་ཅིང༌། སྔ་མ་ནི་ཕྱི་མཐའ་མི་ངེས་པ་ལ་འཇུག་གོ །འབྲེལ་པ་བརྟག་པ་ལས། གང་ཞིག་མཐོང་ན་མ་མཐོང་མཐོང༌། །དེ་མ་མཐོང་ན་མ་མཐོང་བ། །འབྲས་བུ་ཡིན་པ་ཉིད་དུ་ནི། །སྟོན་པའི་སྐྱེ་བོ་མེད་ཀྱང་ཤེས། །ཞེས་དང༌། རང་འགྲེལ་ལས། དེའི་མཚན་ཉིད་ཀྱི་རྒྱུར་གྱུར་པ་མི་དམིགས་པ་ལས་གང་དག་དམིགས་ན་དམིགས་ལ། དེ་ལས་གཅིག་དམིགས་ན་ཡང་མི་དམིགས་པ་གང་ཡིན་པ་དེ་ནི་དེའི་འབྲས་བུ་ཡིན་ཏེ། དེ་ཡང་དུ་བ་ལ་ཡོད་དོ་ཞེས་དང༌། དེའི་འགྲེལ་པར་དེ་ལྟར་ན་རེ་ཤིག་མི་དམིགས་པ་སྔོན་དུ་འགྲོ་བའི་མངོན་སུམ་སྒྲུབ་པ་ཉིད་དུ་བཤད་པ་ཡིན་ནོ། །ད་ནི་མངོན་སུམ་སྔོན་དུ་འགྲོ་བའི་མི་དམིགས་པ་དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཞེས་གསུངས་པའི་ཕྱིར་རོ། །དེ་སྐད་བྱས་པ་ལ། ཁ་ཅིག་ན་རེ། སྔར་མ་དམིགས་པས། འབྲས་བུ་ལྡོག་པའི་མཚན་ཉིད་མི་འགྲུབ་ཏེ། འབྲས་བུ་ལྟར་མི་རུང་བ་སྲིད་པའི་ཕྱིར་རོ། །དེ་ཙམ་གྱི་བསྐྱེད་པར་མཐོང་བས་ཀྱང༌། མི་སྣང་བའི་རྒྱུ་གཞན་མི་ཁེགས་ཏེ། བདེ་སྡུག་བསྐྱེད་པ་ལ་ལས་དང༌། ནད་བསྐྱེད་པ་ལ་གདོན་དང༌། འཚོ་བ་ལ་ལྷ་བཞིན་ཞེ་ན། དེ་ལྟ་བུའི་ཐལ་བས་འདིར་མི་གནོད་དེ། འདིར་རང་བཞིན་གྱིས་འདིར་མ་བསྐལ་བ་ཡོད་ན། སྣང་རུང་གི་མེ་དུ་ལྟ་བུ་རྒྱུ་འབྲས་སུ་བསྒྲུབ་དགོས་པའི་ཕྱིར། དོན་གཞན་རྗེས་སུ་འགྲོ་ལྡོག་བྱ་བ་དང་བྱེད་པ་པོ་ཡིན་པས། རྒྱུ་འབྲས་ཡིན་ན་ཧ་ཅང་ཐལ་ཏེ། རྒྱུ་འབྲས་མིན་པའི་སྡོང་བུའི་རྣམ་འགྱུར་དང་མུན་པའམ། འབྲས་བུ་ཡི་སྤྱི་དང་རྒྱུའི་བྱེ་བྲག་ཀྱང་རྒྱུ་འབྲས་སུ་ཐལ། དོན་གཞན་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཟེར་ན། ཤེས་བྱ་ཆོས་ཅན། དེ་ལྟ་བུའི་ཐལ་བས་འདིར་མི་གནོད་དེ། མུན་པ་ནི་སྡོང་བུའི་རྣམ་འགྱུར་དང༌། རྗེས་སུ་འགྲོ་ལྡོག་མི་བྱེད་ཀྱི། སྡོང་བུའི་རྣམ་འགྱུར་ལྡོག་པའི་སྣང་བ་དང་རྗེས་སུ་འགྲོ་ལྡོག་བྱེད་པ་ལ། དེ་དང་རྗེས་སུ་འགྲོ་ལྡོག་བྱེད་པར་མཐོང་བའི་ཕྱིར་དང༌། འབྲས་བུའི་སྤྱི་དང་རྒྱུའི་བྱེ་བྲག་ལ་ཁྱབ་ཆེས་པ་མེད་དེ། དུ་བའི་ཤེས་བྱ་དང་ཤེས་བྱ་ཙམ་ལྡོག་གཉིས་ལས། དང་པོ་ནི། འབྲས་བུ་ཡིན་ལ། གཉིས་པ་ལ་རྗེས་སུ་འགྲོ་ལྡོག་མེད་པའི་ཕྱིར་རོ། །ཧ་ཅང་ཐལ་བ་སྤངས་ཟིན་ཏོ། །གཞན་དུ་འཁྲུལ་བར་ཐལ་བའི་རྩོད་སྤང་ནི་གཉིས་ཏེ། རྒྱུ་མེད་ལས་མི་སྐྱེ་བ་དང༌། སྐྱེ་ན་སྔ་ཕྱི་རྒྱུ་འབྲས་སུ་གྲུབ་པའོ། །དང་པོ་ནི་དུ་བ་མེ་ལ་འཁྲུལ་བར་ཐལ། མེ་ལས་གཞན་བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་འབྱུང་བའི་ཕྱིར། དེ་བཞིན་དུ་ལྕི་བ་ལས་ཀྱང་ཨུཏྤལ་དང༌། ལུག་གི་ར་ལས་རམ་པ་སྐྱེ་བར་མཐོང་ངོ་ཞེ་ན། སྤྱི་བོའི་སྔོ་འཕྱུར་བ་དེ་ཆོས་ཅན། འབྲས་བུ་དུ་བ་མིན་ཏེ། དུ་བའི་རྒྱུ་མིན་པ་ལས་སྐྱེས་པའི་ཕྱིར། དེས་ན་དུ་བ་ཡིན་ན་མེ་ལས་སྐྱེས་པར་ཐལ་བར་འགྱུར་ལ། མེ་ལས་མ་སྐྱེས་ན་དུ་བ་མིན་པར་ཐལ་ལོ། །འོ་ན་ཅི་ཞེ་ན། བརྒྱ་བྱིན་གྱི་སྤྱི་བོའི་སྔོ་འཕྱུར་བ་དེ། དུ་བ་དང་རྣམ་པ་འདྲ་བས་དུ་བར་འཁྲུལ་བ་ལ་དུ་བའི་མིང་གིས་བཏགས་པར་ཟད་དོ། །གཞན་དུ་ན། དུ་བ་མེ་ལ་འཁྲུལ་བར་འགྱུར་ཏེ། མེ་མེད་པར་ཡང་བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་འབྱུང་བར་འགྱུར་བའི་ཕྱིར། ཡང་བརྒྱ་བྱིན་གྱི་སྤྱི་བོ་ལ་ཡང་འཁྲུལ་བར་འགྱུར་ཏེ། མེ་ལས་ཀྱང་འབྱུང་བར་མཐོང་བའི་ཕྱིར་རོ། །མེ་དང་མེ་མེད་གཉིས་ཀ་ལ་འཁྲུལ་བས་མཐར་རྒྱུ་མེ་མེད་དུ་ཐལ་བར་འགྱུར་བ་དང༌། མེ་དང་མེ་མེད་གང་གི་ཡང་འབྲས་བུ་མིན་པས་དུ་བ་མིན་པར་ཐལ་བ་དང་གསུམ་མོ། །དེ་བཞིན་དུ་མེའི་སྟེང་དུ་ཐལ་བ་གསུམ། བརྒྱ་བྱིན་གྱི་སྤྱི་བོའི་སྟེང་དུ་ཐལ་བ་གསུམ་སྟེ་ཐལ་བ་དགུ་བཀོད་ཀྱང་རུང་ངོ༌། །གལ་ཏེ་རྒྱུ་མིན་པ་ལས་སྐྱེས་པས་དེའི་འབྲས་བུ་མིན་ན། རྡོ་གཉིས་གཙུབས་པ་ལས་བྱུང་བའི་མེ་དེ་མེ་མིན་པར་ཐལ། བུད་ཤིང་ལས་མ་བྱུང་བའི་ཕྱིར། དེ་བུད་ཞིང་ལས་མ་བྱུང་ཡང་མེ་ཡིན་ན། བརྒྱ་བྱིན་གྱི་མེ་དེ་ལས་མ་སྐྱེས་ཀྱང་དུ་བ་ཡིན་པ་མཚུངས་སོ་ཞེ་ན། མི་མཚུངས་ཏེ། རྡོ་དང་ཤིང་ལ་སོགས་པ་མེའི་ཉེར་ལེན་མིན་གྱི། མེའི་ཉེར་ལེན་མེའི་རྡུལ་ཕྲན་ཡིན་ལ། དེ་དག་གཅིག་ཏུ་བསྙད་པའི་བདག་རྐྱེན་ཡིན་པའི་ཕྱིར། དཔེར་ན་མིག་ཤེས་ཀྱི་ཉེར་ལེན་རྣམ་ཤེས་སྔ་མ་ཡིན་ལ། བདག་རྐྱེན་དབང་པོ་ཡིན་པ་བཞིན་ནོ། །དུ་བ་ནི་མེ་དང་བུད་ཤིང་གིས་བསྐྱེད་པའི་རྫས་ཀྱི་བྱེ་བྲག་ཡིན་པས་མེ་མེད་བརྒྱ་བྱིན་ལ་ག་ལ་གྲུབ། རྡོ་དང་ཤིང་སོགས་ནི་རྡུལ་རྫས་བརྒྱད་འདུས་ཡིན་པས་དེ་ལ་ཡོད་པའི་མེ་རྡུལ་ཉིད་མེའི་ཉེར་ལེན་ཡིན་ཏེ། འབྱུང་བ་ནི་རང་རིགས་ཁོ་ན་སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་རོ། །འོ་ན་དུ་བའི་ཉེར་ལེན་གྱི་རྒྱུ་ཡང་དུ་བའི་རྡུལ་ཡིན་པར་མཚུངས་སོ་ཞེ་ན། དུ་བ་ནི་འབྱུང་འགྱུར་གྱི་རྫས་ཡིན་པས་འབྱུང་བ་རྒྱུར་བྱས་པ་སྟེ། ཆོས་མངོན་པ་ལས། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་གསུངས་པ་ལྟ་བུའོ། །གཉིས་པ་སྔ་མ་ལས་ཡང་ན་ཕྱིའི་འབྲས་བུ་གྲུབ་པར་ནི་བཞག་པ་སྔ་མ་ལས་ཡང་ན། དང་པོའི་རྒྱུ་འབྲས་དང་ཕྱིས་ཀྱི་རྒྱུ་འབྲས་ལ་ཁྱད་པར་ཡོད་དེ། དུ་བ་དང་པོའི་རྒྱུ་མེ་ཡིན་ལ། དུ་བ་ཕྱི་མའི་རྒྱུ་ནི་རང་རིགས་ཀྱིས་བྱེད་པའམ། ཡང་ན་བུད་ཤིང་ལ་ཡོད་པའི་ཆུའི་ཁམས་ཞེས་ཛྙ་ན་ཤྲཱིས་བཤད་དོ། །གཏན་ཚིགས་ཐིག་པ་ལས། རིགས་མི་མཐུན་པ་ལས་ཀྱང་ཅུང་ཟད་འབྱུང་བར་མཐོང་སྟེ། བ་ལང་གི་ལྕི་བ་ལས་ཤ་ལུ་ཀ་ལ་སོགས་པ་མིན་ནམ་ཞེ་ན། རིགས་མི་མཐུན་པ་ལས་འབྱུང་བ་མིན་ཏེ། དེ་ལྟ་བུ་ཁོ་ན་དེ་དང་འདྲ་བའི་དང་པོའི་རྒྱུ་ཡིན་པས་རྒྱུ་ཐ་དད་པ་མིན་ནོ། །རྒྱུན་གྱིས་འབྱུང་ན་འདམ་བུ་ལས་འབྱུང་ངོ་ཞེས་གསུངས་པ་ལྟར་རོ། །འཕགས་པ་ཐོགས་མེད་ཀྱིས། །རྒྱུད་བླའི་འགྲེལ་པར། མེའི་ཉེར་ལེན་བུད་ཤིང་དུ་བཤད་དོ། །ཡང་ན། དུ་བ་ཡང་རྡུལ་རྫས་བརྒྱད་འདུས་ཡིན་པས་འབྱུང་བ་བཞིའི་ཉེར་ལེན་ཅན་ནོ། །འབྲེལ་བའི་མཚན་གཞི་ངོས་བཟུང་བ་ནི། བོད་བསྡུས་པ་ཁ་ཅིག་འབྲེལ་པ་དོན་ལ་ཡོད་པར་འདོད་པ་ལྟར་ན་མཚན་གཞི་ཡང་ཡུལ་དུས་སོ་སོར་ངེས་པའི་རྫས་ལ་རྩི་དགོས་ལ། དེ་ལྟར་མི་འཐད་དེ། རང་མཚན་ལ་རྗེས་འགྲོ་མེད་པའི་ཕྱིར་རོ། །ཡང་ཁ་ཅིག་སྒྲ་དོན་ཁོ་ན་འབྲེལ་པའི་མཚན་གཞི་འདོད་པ་མི་འཐད་དེ། སྒྲ་དོན་དངོས་མེད་ལ་འབྲེལ་བ་བྱས་པས་རང་མཚན་གོ་བར་མི་ནུས་པའི་ཕྱིར་ཏེ། རང་མཚན་དང་སྒྲ་དོན་དངོས་མེད་ལ་འབྲེལ་བ་བྱས་པས། བ་ལང་མི་གོ་བ་བཞིན་ནོ། །གཉིས་པ་རང་ལུགས་ནི། རྟོག་པས་སྒྲ་དོན་ལ་རང་མཚན་དུ་འཁྲུལ་བའི་དངོས་ཡུལ་མེ་དུའམ་བྱས་མི་རྟག་ལ་སོགས་པ་གཞན་སེལ་ལམ་ལྡོག་པ་ཅིག་དེའི་མཚན་གཞི་ཡིན་ནོ། །དེས་ན་དགག་སྒྲུབ་དང་འབྲེལ་བ་ཐམས་ཅད་སྒྲ་དོན་ལ་རང་མཚན་དུ་བཟུང་བ་ལ་བྱེད་དེ། དགག་སྒྲུབ་བྱེད་མཁན་གྱི་རྟོག་པ་ལ་སྣང་བའི་ཕྱིར་རོ། །འོ་ན་ཕྱི་རོལ་མི་རྟག་པར་མི་རྟོགས་པར་ཐལ་བ་དང༌། དེ་ལ་རྟག་འཛིན་མི་ལྡོག་པར་ཐལ་ཏེ། ཕྱི་རོལ་ལ་དགག་སྒྲུབ་མ་བྱས་པའི་ཕྱིར་རོ་ཞེས་རྒོལ་ན། མིན་ཏེ། དེར་གཟུང་བ་ལ་དེར་ཞེན་ནས། དེ་ལ་མི་རྟག་པ་སྒྲུབ་ཅིང་རྟག་པ་བཀག་པས་དེ་ལ་རྟག་འཛིན་ལྡོག་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་སྒྲ་དོན་ལ་རང་མཚན་དུ་ཞེན་ནས་དགག་སྒྲུབ་བྱེད་པའོ། །དེ་སྐད་དུ་ཡང༌། དེའི་ཕྱིར་འདིས་དངོས་པོའི་ངོ་བོ་མ་རྟོགས་སུ་ཟིན་ཀྱང་རྣམ་པར་རྟོག་པའི་གཟུགས་སྙན་དེ་ལྟ་བུ་ཁོ་ན་ལ་དེར་ལྷག་པར་ཞེན་པས་མགུ་བར་འགྱུར་ཏེ། སྒྲའི་དོན་རྟོགས་པ་ནི་དེ་ལྟ་བུ་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་གང་གསུངས་པ་ནི་ངེས་པར་དགོངས་པའོ། །གསུམ་པ་རྩོད་པ་སྤང་བ་ནི། ལྡོག་པ་གཅིག་ཡིན་ན་རྫས་ཀྱི་སྤྱི་དང་རྟག་པ་མཚུངས་སོ་ཞེ་ན། ལན་བཏབ་ཟིན་ཏོ། །གསུམ་པ་དེ་གང་གིས་ངེས་པའི་ཚུལ་ལ་གཉིས་ལས། ཕྱོགས་ངེས་པ་གཞན་ལུགས་ལ་གཉིས། དང་པོ་དཔྱོད་པས་ངེས་པར་འདོད་པ་ནི། ཁ་ཆེའི་རྟོག་གེ་པ་བདེ་བྱེད་དགའ་བ་ན་རེ། གནས་གཉིས་ཀྱི་སྐབས་འབྲེལ་བ་ཚད་མས་ངེས་ཀྱང་རང་བཞིན་གྱི་འབྲེལ་པ་དཔྱོད་པས་ངེས་པར་བྱེད་དེ། དེ་ལ་གསུམ་ལས་མཚན་ཉིད་ནི། འགལ་འབྲེལ་གྱི་རྩ་བ་ལ་བརྟེན་ནས་སྔར་མ་རྟོགས་པའི་སྤྱིའི་རྣམ་པ་ལ་མཐའ་གཞན་དུ་འཛིན་པའི་དོགས་པ་སེལ་བའོ། །ཁོང་ཉིད་ཀྱི་འབྲེལ་བརྟག་ལས། འཇུག་ཡུལ་ངེས་པ་མ་རྟོགས་པར། །ཚད་མའི་མཚན་ཉིད་མེད་ཀྱང་སླ། །འགལ་འབྲེལ་རྩ་བ་ལ་བརྟེན་ནས། །རྣམ་གཞག་དོགས་འགོག་ཡིད་ཆེས་རྒྱུ། །ཞེས་སོ། །གཉིས་པ་དབྱེ་ན་གཉིས་ཏེ། བརྡའི་དུས་སུ་མཐོང་བའི་བརྡ་ཆད་བྱས་ཀྱི་འབྲེལ་པ་ལ་བརྟེན་ནས་དེ་ལ་བརྟགས་པའི་མིང་དེ་གཞན་ལ་འཇུག་པའི་དོགས་པ་སེལ་པ་སྒྲ་དོན་གྱི་དཔྱོད་པ་དེ། ཤིང་སྒྲ་ཡལ་ག་མེད་པ་ལ་མི་འཇུག་པར་ངེས་པ་ལྟ་བུའོ། །གཉིས་པ་འགའ་ཞིག་ཏུ་དངོས་པོའི་འབྲེལ་པ་མཐོང་བ་ལ་བརྟེན་ནས། དེའི་རིགས་ཅན་ཐམས་ཅད་དང་འདྲ་འབྲེལ་ལམ་སྙམ་པའི་དོགས་པ་སེལ་བ་ནི་སེལ་བའི་དཔྱོད་པ་སྟེ། དུ་བ་མེ་ལས་སྐྱེ་བར་མཐོང་བས་དུ་བའི་རིགས་ཐམས་ཅད་མེ་ལས་སྐྱེ་བར་ངེས་པ་ལྟ་བུའོ། །དེ་བཞིན་དུ་འགའ་ཞིག་དུ་འགལ་བར་ངེས་པས་ཐམས་ཅད་དུ་འགལ་བར་ངེས་པ་ཚ་གྲང་ལྟ་བུའོ་གསུང་ངོ༌། །རང་གི་མཚན་ཉིད་ཡུལ་ཅན་ཕྱིར། །ཁྱབ་པ་མངོན་སུམ་གྱིས་མི་འགྲུབ། །ཚད་མ་ཡིན་ཕྱིར་རྗེས་དཔག་ནི། །ཡུལ་དུས་སྤྱི་ལ་འཇལ་མི་བྱེད། །གང་ཟག་སྤྱི་ཡི་ཡུལ་ཅན་མིན། །དེའི་ཁྱབ་པ་ཇི་ལྟར་འགྲུབ། །ཅེས་འབྱུང་ངོ༌། །གཉིས་པ་ཚད་མས་ངེས་པར་འདོད་པའི་ལུགས་ནི། ཉི་འོག་གི་པཎྜི་ཏ་རྣམས་སྔར་བཤད་པ་བཞིན་དུ་རྗེས་སུ་འགྲོ་ལྡོག་ངེས་པའི་ཚད་མས་འབྲེལ་བ་ངེས་པར་བྱེད་ལ། དེ་ལ་རྟགས་ཀྱི་མཚན་གཞི་འཛིན་པའི་ཚད་མ་དང་དེའི་མི་མཐུན་ཕྱོགས་ལ་འགོག་པའི་ཚད་མ་ཡོད་ན་ཡོད་པའི་རྗེས་འགྲོ་དང༌། ལྡོག་ན་ལྡོག་པའི་ལྡོག་པ་འགྲུབ་པས་སྤྱི་ཁྱབ་འགྲུབ་ཟེར་རོ། །གཉིས་པ་རང་ལུགས་ནི་ཚད་མ་ནི། མངོན་སུམ་གྱིས་འཇུག་ལྡོག་གི་ཐ་སྙད་མི་འགྲུབ་ཅིང༌། རྗེས་དཔག་གིས་ཀྱང་མི་མཐུན་ཕྱོགས་ལ་ཁེགས་ཀྱང་དཔྱོད་པ་མེད་ན། མཐུན་ཕྱོགས་དང་འབྲེལ་བར་མི་འགྲུབ་པས། དེས་ན་ཚད་མས་བསྐྱེད་པའི་སྟོབས་སམ་ངེས་པ་རྟོག་དཔྱོད་ཀྱི་བདག་ཉིད་ཅན་མེ་དུ་དང་བྱས་མི་རྟག་གཞན་སེལ་བ་དང་དངོས་པོ་གཅིག་ཉིད་དུ་འཁྲུལ་ནས་དེ་དག་ལ་འབྲེལ་བར་སྒྲོ་འདོགས་ཤིང༌། དེ་ཡང་དང་པོ་ཚད་མ་ལ་བརྟེན་ནས་རྩིང་པོར་ཡུལ་དུ་བྱེད་པའི་རྟོག་པ་དང༌། དེ་ལས་ཞིབ་མོར་ཡུལ་དུ་བྱེད་པའི་དཔྱོད་པ་སྐྱེ་སྟེ། དེ་དག་གིས་འབྲེལ་བ་ངེས་པ་བྱེད་དོ། །འབྲེལ་བ་གཉིས་ཀ་ཆོས་ཅན། རིགས་པས་བརྟགས་ན་དངོས་པོའི་དོན་ལ་གྲུབ་པ་མེད་དེ་སྒྲོ་བཏགས་པ་ཡིན་པའོ། །འོན་ཀྱང་འབྲེལ་པ་བློ་འཁྲུལ་པས་བཟོ་བྱས་པ་ཡིན་ནའང༌། འཁྲུལ་པ་ཉིད་ཀྱིས་ཐ་སྙད་ལ་འཇུག་པའི་སྐྱེས་བུའི་འཁྲུལ་ངོ་བཞིན་དུ་བསླུ་བ་མེད་དེ། དཔེར་ན་རྨི་ལམ་དུ་ཆུས་ངོམས་པ་བཞིན་ནོ། །ཚད་མ་རིགས་པའི་གཏེར་ལས་འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ་དྲུག་པའི་རྣམ་པར་བཤད་པའོ།། ༈ །།འགལ་བ་ལ་སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་མཚན་ཉིད། དབྱེ་བ། རྣམ་བཞག་གོ །དང་པོ་ནི། རང་གྲུབ་པའི་གཞི་ལ་གཅིག་ཤོས་འགོག་པར་བྱེད་པའི་སྒོ་ནས་མི་མཐུན་པར་གནས་པའོ། །དཔེར་ན་མི་རྟག་པས་རང་ཉིད་གང་དུ་གྲུབ་པའི་གཞིར་རྟག་པ་འགོག་ལ་རྟག་པས་ཀྱང་རང་གྲུབ་པའི་གཞི་ལ་མི་རྟག་པ་འགོག་པ་སྟེ། རྟག་པས་མི་རྟག་པ་དང༌། མི་རྟག་པས་རྟག་པ་འགོག་པ་དང༌། གྲང་རེག་གིས་ཚ་རེག ཚ་རེག་གིས་གྲང་རེག་འགོག་པ་ལྟ་བུའོ། །གཉིས་པ་དབྱེ་བ་ལ་རིགས་ཀྱི་སྒོ་ནས་གསུམ་སྟེ། ལྷག་ཅིག་མི་གནས་འགལ་དང༌། ཕན་ཚུན་སྤངས་འགལ། ཚད་མས་གནོད་འགལ་ལོ། །དང་པོ་ནི། གནོད་བྱ་རྒྱུ་མ་གཏུགས་པ་ཅན་འབྱུང་བ་ན། གནོད་བྱེད་ཉེ་བའི་སྟོབས་ཀྱིས་གནོད་བྱ་ལྡོག་པའི་སྒོ་ནས་ནུས་པ་ལས་མི་མཐུན་པར་ངེས་པའོ། །རྣམ་ངེས་ལས། ཡོད་ན་ཡོད་པས་མེད་ཕྱིར་རམ། །ཞེས་པ་དང༌། འདི་ལྟར་རྒྱུ་མ་གཏུགས་པ་ཅན། འབྱུང་བ་ལས་གཞན་ཡོད་ན་མེད་པའི་ཕྱིར་འགལ་བར་རྟོགས་སོ་ཅེས་པ་ལྟར་རོ། །འདི་ལ་ཡང་གསུམ་དུ་གསུངས་ཏེ། ལྡོག་པ་བསྡུས་པའི་རྣམ་འགྲེལ་ལས། ལྷན་ཅིག་མི་གནས་པའི་འགལ་བ་ལ་ཡང་རྣམ་པ་གསུམ་སྟེ། ནུས་པ་ཉམས་པར་བྱེད་པའི་འགལ་བ་དང༌། རང་བཞིན་གྱི་སྐབས་མི་འབྱེད་པའི་འགལ་བ་དང༌། ཕན་ཚུན་གནོད་པ་བྱེད་པའི་འགལ་བའོ། །དེ་ལ་ནུས་པ་ཉམས་པར་བྱེད་པའི་འགལ་བ་ནི། དཔེར་ན་སྣང་བ་དང་མུན་པ་ལྟ་བུ་ཡིན་ཏེ། ཇི་ལྟར་མུན་པའི་ནུས་པ་ཉམས་པར་བྱེད་པའི་ལས་ཅན་གྱིས་སེལ་ལོ། རང་བཞིན་གྱི་སྐབས་མི་འབྱེད་པའི་འགལ་བ་ནི། སྣང་བ་ལ་མུན་པ་ལྟ་བུ་ཡིན་ཏེ། ཇི་ལྟར་རང་གི་ནུས་པ་མ་ཉམས་ཀྱི་བར་དུ་སྣང་བའི་གོ་སྐབས་མི་འབྱེད་དོ། །ཕན་ཚུན་གནོད་པ་བྱེད་པའི་འགལ་བ་ནི། གྲང་བ་དང་ཚ་བའི་རེག་པ་ལྟ་བུ་ཡིན་ཏེ། འདི་ལྟར་གྲང་བའི་རེག་པ་ཡོད་ཀྱང་མཚུངས་པ་གཞན་སྐྱེ་བ་ལ་གནོད་པའི་བདག་ཉིད་ཅན་དུ་བྱེད་པ་ཡིན་ལ། གལ་ཏེ་ཚ་བའི་རེག་པ་མཐུ་ཆེ་ན་ཡང་དེ་བཞིན་ཏེ་ཞེས་གསུངས་པ་ལྟར་རོ། །གསུམ་པ་རྣམ་གཞག་ལ། དུ་བ་ཆོས་ཅན། གྲང་རེག་དང་ལྷན་ཅིག་མི་གནས་འགལ་མིན་པར་ཐལ། ནུས་པའི་སྒོ་ནས་གྲང་རེག་ལ་གནོད་པ་བྱེད་པ་མིན་པའི་ཕྱིར་ཞེ་ན། ཚ་རེག་ལ་མི་འཁྲུལ་བའི་མཐུས་གྲང་རེག་དང་རྒྱུད་ནས་འགལ་བ་ཡིན་གྱི། ལྷན་ཅིག་མི་གནས་འགལ་དངོས་ནི་མིན་ནོ། །ལྷན་ཅིག་མི་གནས་པའི་འགལ་བ་ནི་གནོད་བྱ་གནོད་བྱེད་ཀྱི་རབ་ཏུ་ཕྱེ་བ་ཡིན་ན། གནོད་བྱ་དང་གནོད་བྱེད་ཀྱི་ངོ་བོ་ནི་གང༌། གནོད་པའི་ངོ་བོ་ནི་ཇི་ལྟ་བུ། ཚད་མ་གང་གིས་རྟོགས་ཞེ་ན། དེ་ལ་འགའ་ཞིག་འབྱུང་འགྱུར་མ་འོངས་པ་ནི་གནོད་བྱ་ཡིན་ལ། གྲུབ་ཟིན་ད་ལྟ་བ་ནི་གནོད་བྱེད་ཡིན་ནོ་ཞེས་ཟེར་བ་ནི་མི་འཐད་དེ། མ་འོངས་པ་མ་སྐྱེས་པས་དེ་ལ་གནོད་པ་བྱར་མེད་པའི་ཕྱིར་རོ། །ད་ལྟ་བ་ཡིན་ཞེས་སྨྲ་བ་ཡང་མི་རིགས་ཏེ། འགོག་མི་ནུས་པའི་ཕྱིར་ཏེ། རང་རྒྱུ་ལས་གྲུབ་ཟིན་པའི་ཕྱིར་དང༌། གནོད་པར་བྱར་མེད་པའི་ཕྱིར་རོ། །འདས་པ་ཡང་མིན་ཏེ། རང་རྒྱུ་ལས་གྲུབ་ཟིན་པའི་ཕྱིར་དང༌། གནོད་པར་བྱར་མེད་པའི་ཕྱིར་རོ། །སོ་སོར་མ་ཕྱེ་བའི་གནོད་བྱའི་རིགས་ཙམ་ལ་འཇོག་པ་ཡིན་ཏེ། དཔེར་ན་ཚ་རེག་གི་གནོད་བྱ་གྲང་རེག་ཙམ་དང༌། སྣང་བའི་གནོད་བྱ་མུན་པ་ཙམ་དང༌། བདག་མེད་རྟོགས་པའི་གནོད་བྱ་བ་དག་འཛིན་ཙམ་ལ་འཇོག་པ་བཞིན་ནོ། །འཇིག་རྟེན་ན་ཡང་སྣང་བ་ད་ལྟ་བ་གནོད་བྱེད་དང༌། མུན་པ་མ་འོངས་པ་གནོད་བྱ་ཡིན་ཞེས་པའི་ཚུལ་གྱིས་ཐ་སྙད་བྱེད་པ་མ་ཡིན་གྱི། སྣང་མུན་ཙམ་ལ་གནོད་བྱ་གནོད་བྱེད་དུ་འཇོག་པ་ལྟར། དུས་ཀྱི་སོ་སོར་མ་ཕྱེ་བའི་གྲང་རེག་ཙམ་ལ་གནོད་བྱ་དང༌། ཚ་རེག་ཙམ་ལ་གནོད་བྱེད་དུ་ཐ་སྙད་བྱེད་པ་ཡིན་ནོ། །ཇི་ལྟར་གནོད་པའི་ཚུལ་ནི། འགལ་རྐྱེན་མེད་ན་འབྱུང་ངེས་ཀྱི་ཆོས་འགའ་ཞིག འགལ་རྐྱེན་གྱིས་རྒྱུའི་ནུས་པ་བཅོམ་པའི་སྒོ་ནས་སྐད་ཅིག་མ་ཕྱི་མ་སྐྱེ་བའི་གོ་མ་རྙེད་པས་སྐྱེ་བའི་འཕྲོ་ཆད་པ་ན། གནོད་བྱ་མ་དམིགས་པའི་ཕྱིར་གནོད་བྱེད་ཀྱིས་གནོད་བྱ་བཀག་པ་ཞེས་བྱའོ། །གཉེན་པོའི་སྟོབས་ཀྱིས་གནོད་བྱ་ཕྱི་མ་སྐྱེ་བའི་གོ་མ་རྙེད་པའི་སྒོ་ནས་གནོད་བྱ་གནོད་བྱེད་དུ་འཇོག་ན། མ་འོངས་པ་གནོད་བྱར་ཁས་བླངས་པར་འགྱུར་རོ་ཞེ་ན། མིན་ཏེ་མ་འོངས་པ་སྐྱེ་བའི་རྒྱུའི་ནུས་པ་བཅོམ་ནས་ཕྱི་མ་སྐྱེ་བར་བྱེད་པའི་གོ་མི་རྙེད་པ་ཙམ་ལ་གནོད་བྱེད་ཀྱིས་གནོད་བྱ་བཀག་ཞེས་པའི་དོན་ནི། ཇི་ལྟར་གནོད་པའི་ཚུལ་ཡིན་གྱི་གནོད་བྱ་ངོས་བཟུང་བ་མིན་ནོ། །དོན་ནི་འདི་ཡིན་ཏེ། གནོད་བྱ་ནི་གྲང་རེག་ཡིན་ལ། དེ་ལ་ཇི་ལྟར་གནོད་པའི་ཚུལ་ནི་ཕྱི་མ་སྐྱེད་བྱེད་ཀྱི་རྒྱུའི་ནུས་པ་བཅོམ་པའི་སྒོ་ནས་ཕྱི་མ་སྐྱེ་འཕྲོ་གཅོད་པར་བྱེད་པ་ཡིན་ལ། སྐྱེ་འཕྲོ་ཆད་པ་ན་གྲང་རེག་མི་དམིགས་པས་ཚ་རེག་ནི་གྲང་རེག་ལ་གནོད་བྱེད་ཡིན་ནོ་ཞེས་བརྗོད་པར་བྱེད་པ་ཡིན་ནོ། །སྤང་གཉེན་ལ་ཡང་གནོད་བྱ་ངོས་བཟུང་ཚུལ་འདིས་རིག་པར་བྱའོ། །གཞན་དག་གིས་ནི། གནོད་བྱ་དང་གནོད་ཚུལ་གྱི་ཁྱད་པར་མི་ཕྱེད་པར་མུ་ཅོར་སྨྲ་བར་ཟད་དོ། །འདི་ཇི་ལྟ་བ་བཞིན་ཤེས་པ་གངས་ཅན་དུ་གཞན་མ་བྱུང་བར་སྣང་ངོ༌། །གནོད་བྱེད་ཀྱང་ཚ་རེག་ཙམ་ལ་འཇོག་པར་བྱེད་པ་ཡིན་ལ། གནོད་ཚུལ་ནི། ཚ་རེག་ད་ལྟ་བས་གྲང་རེག་མ་འོངས་པ་བསྐྱེད་པར་བྱེད་པའི་ནུས་པ་བཅོམ་ནས་ཟློག་པར་བྱེད་པ་ཡིན་ནོ། །ནུས་པ་ཡང་ད་ལྟ་བ་ཁོ་ན་ལ་གནས་ཀྱི། འདས་མ་འོངས་གཉིས་ནི་མིན་ཏེ། རྒྱུན་གྱིས་གནོད་བྱ་གནོད་བྱེད་ཀྱི་ཚུལ་ནི། སྐད་ཅིག་དང་པོ་ལ། ཚ་གྲང་གི་རྡུལ་ཕྲད་པ་ན་གྲང་རེག་གི་ཉེར་ལེན་ཚ་རེག་གིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ན། སྐད་ཅིག་གཉིས་པ་ལ་ཕྱི་མ་ནུས་མེད་དུ་སྐྱེ། སྐད་ཅིག་གསུམ་པ་ལ་རྒྱུན་ལྡོག་པ་ཡིན་ལ། དེའི་ཚེ་ཚ་རེག་སྐད་ཅིག་དང་པོ་གྲང་རེག་ནུས་མེད་ཀྱི་རྒྱུ་ཡིན་ཏེ། དེའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར་རོ། །གྲང་རེག་ནུས་མེད་ཀྱི་རྒྱུ་ཡིན་ཏེ། དེའི་སྟོབས་ཀྱིས་གྲང་རེག་ནུས་མེད་དུ་སྐྱེས་པའི་ཕྱིར་ཞེས་འདོད་དོ། །ཆོས་མཆོག་གིས་ཚ་རེག་སྔ་མ་དང་གྲང་རེག་ཕྱི་མ་གཉིས་རྒྱུ་འབྲས་ཡིན་པས་གནོད་བྱ་གནོད་བྱེད་དུ་མི་འཐད་ལ། དེ་བས་ན། ཚ་རེག་མེད་ན་གདོན་མི་ཟ་བར་འབྱུང་འགྱུར་གྱི་སྐད་ཅིག་དང་པོ་དང༌། གནོད་བྱ་གནོད་བྱེད་ཡིན་ཏེ། ཚ་རེག་དང་པོའི་སྟོབས་ལས་གྲང་རེག་ནུས་མེད་དུ་སྐྱེ་བ་ཡིན་ལ། དེའི་སྟོབས་ཀྱིས་གྲང་རེག་གསུམ་པ་སྐྱེ་བའི་གོ་མ་རྙེད་དོ་ཞེས་བཞེད་དོ། །འགའ་ཞིག་སྔ་མ་ལ་མི་རིགས་པ་ཆེར་མེད་མོད་ཀྱི། དོན་ལ་གནས་པའི་ཕྱོགས་གཉིས་པ་ཡིན་ཟེར་ཞིང༌། ཡང་གནོད་བྱ་ནི་མ་འོངས་པ་ཡིན་ཞེས་སྨྲ་བ་ནི་འགལ་བར་སྣང་ངོ༌། དོན་ལ་གནས་པའི་ཕྱོགས་གཉིས་པ་ཡིན་ཟེར་ཞིང༌། ཡང་གནོད་བྱ་ནི་མ་འོངས་པ་ཡིན་ཞེས་སྨྲ་བ་ནི་འགལ་བར་སྣང་ངོ༌། །དེས་ན་སྐད་ཅིག་དང་པོ་ལ་ཚ་གྲང་གཉིས་ཕྲད་ལ། སྐད་ཅིག་གཉིས་པར་གྲང་རེག་ནུས་མེད་དུ་སྐྱེ། མྱུར་ན་གསུམ་པ་ལ་གྲང་རེག་ལྡོག་ཞེས་གྲང་རེག་ཙམ་ལ་སྦྱར་བར་བྱ་བ་ཡིན་གྱི། གྲང་རེག་སྐད་ཅིག་མ་དང་པོ་དང༌། ཚ་རེག་སྐད་ཅིག་མ་དང་པོ་གཉིས་ཕྲད། གྲང་རེག་གི་སྐད་ཅིག་མ་གཉིས་པ་ནུས་མེད་དུ་སྐྱེ། གྲང་རེག་སྐད་ཅིག་མ་གསུམ་པ་ལྡོག་ཞེས་བྱེ་བྲག་ལ་སྦྱར་བའི་ཚུལ་གྱིས་ནི་གྲང་རེག་སྐད་ཅིག་མ་གསུམ་པ་མ་སྐྱེས་པའི་ཕྱིར་དང༌། མ་སྐྱེས་པའི་སྐད་ཅིག་མ་གསུམ་པ་ཡང་འགལ་བའི་ཕྱིར་རོ། །སྐད་ཅིག་གཉིས་པ་ནས་ནུས་མེད་དུ་སྐྱེད་ཅེས་པ་ཡང་བརྟག་པར་བྱ་སྟེ། སྐད་ཅིག་གཉིས་པའི་ནུས་པ་མེད་པ་ཡིན་ནམ། གྲང་རེག་གི་ནུས་པ་མེད་པ་ཡིན། དང་པོ་ལྟར་ན་མིན་ཏེ། གཉིས་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །ཕྱི་མ་ལྟར་ན། ཚ་རེག་གྲང་རེག་ནུས་མེད་དུ་བྱེད་ཅེས་བྱ་བ་ཡིས། སྐད་ཅིག་གཉིས་པ་ནུས་མེད་དུ་སྐྱེད་ཅེས་པ་ནི་མིན་ནོ། །གལ་ཏེ་གྲང་རེག་རྒྱུ་ལས་ནུས་ལྡན་ནམ་ནུས་མེད་དུ་སྐྱེས། དང་པོ་ལྟར་ན། ཚ་རེག་གི་རྐྱེན་གྱིས་ནུས་མེད་དུ་སྐྱེ་བ་མིན་པར་ཐལ། རང་རྒྱུ་ལས་ནུས་ལྡན་དུ་སྐྱེས་པའི་ཕྱིར་རོ། །ཕྱི་མ་ལྟར་ན། ཚ་རེག་གི་ལྷན་ཅིག་བྱེད་རྐྱེན་ལ་མི་ལྟོས་པར་ཐལ། རང་རྒྱུ་ལས་ནུས་མེད་དུ་སྐྱེ་བའི་ཕྱིར་རོ་ཞེ་ན། ངོ་བོ་ཙམ་སྔ་མས་སྐྱེད་ཀྱང་ནུས་པ་འགྲིབ་པའི་ཆ་ནི་ཚ་རེག་གིས་བྱེད་པའི་ཕྱིར་ཉེས་པ་མེད་དོ། །འོ་ན་ཆ་ཤས་ཀྱི་བསྐྱེད་བྱ་སྐྱེད་བྱེད་དུ་འགྱུར་རོ་ཞེ་ན། གྲང་རེག་གི་ངོ་བོ་དང་ནུས་པ་འགྲིབ་པའི་ཆ་རྫས་ཐ་དད་དུ་མེད་པའི་ཕྱིར་ན། དེ་ལྟར་དུ་ཐལ་བར་མི་འགྱུར་རོ། །གལ་ཏེ་གཉེན་པོས་འགལ་ཟླའི་རྫས་གཅོད་དམ། རྒྱུན་གཅོད་ཅེ་ན། སྐད་ཅིག་ཙམ་ནི་གཉེན་པོ་ལ་མི་ལྟོས་པར་རང་རྒྱུ་ལས་འཇིགས་པར་སྐྱེས་པའི་ཕྱིར། གཉེན་པོའི་བྱ་བ་ལ་མི་ལྟོས་སོ། །དེས་ན་གཉེན་པོ་མ་སྐྱེས་ན་རྒྱུན་ལྡན་དུ་འབྱུང་བ་དེ་ཉིད་གཉེན་པོའི་སྐྱེས་སྟོབས་ཀྱིས་ཕྱི་མ་སྐྱེ་བའི་གོ་མ་སྙེད་ནས་ལྡོག་པ་ལ་འདོད་པའི་ཕྱིར་ཕྱི་མ་ལྟར་རིགས་སོ། །འོ་ན་ཚོན་སེར་པོ་ཡང་རས་དཀར་པོའི་གཉེན་པོར་ཐལ། རིགས་རྒྱུན་གཅད་པའི་ཕྱིར་ཞེ་ན། དཀར་པོའི་རིགས་རྒྱུན་གཅོད་པའི་ལྡོག་པ་ལས་ནི་གཉེན་པོ་ཡིན་པར་ཐལ་བར་འདོད་པ་ཁོ་ནའོ། །ཚ་རེག་སྐད་ཅིག་མ་དང་པོ་གྲང་རེག་སྐད་ཅིག་མ་གཉིས་པ་ལ་གནོད་བྱེད་མིན་ཏེ། དེ་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར་ཏེ། དེའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། སྐད་ཅིག་མ་དང་པོ་དང་གྲང་རེག་ཙམ་ནི་གནོད་བྱ་ཡིན་ཏེ། སྐད་ཅིག་མ་དང་པོ་ལ་དངོས་སུ་གནོད་པ་བྱས་པའི་སྒོ་ནས་གྲང་རེག་གི་རྒྱུན་ལྡོག་པར་བྱེད་པའི་ཕྱིར་རོ། །འདི་དག་ཀྱང་ཕྱི་རོལ་གྱི་དབང་དུ་བྱས་ཀྱི། ཤེས་རྒྱུད་ཀྱིས་བསྡུས་ན་ནི་གཉེན་པོའི་ཉེར་རྒྱུ་སྐྱེས་པའི་ཚེ། འགལ་ཟླ་འགྲིབ་པ་ལ་མངོན་དུ་ཕྱོགས་ལ་གཉེན་པོ་སྐྱེས་པ་དང་སྤང་བྱ་དགག་པ་སྲང་མདའི་མཐོ་དམན་གྱི་ཚུལ་དུ་འདོད་དོ། །དཔེར་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་ཉེར་རྒྱུ་སྐྱེས་པ་ན། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་འགག་པ་ལ་མངོན་དུ་ཕྱོགས། རྗེས་དཔག་སྐྱེས་པའི་ཚེ་གཅིག་ཤོས་མི་གནས་པ་བཞིན་ནོ། །འདི་ལ་ཡང༌། གནོད་བྱ་ནི་སྐད་ཅིག་གཉིས་པ་སོགས་ཀྱི་བྱེ་བྲག་མ་ཕྱེ་བའི་རྟག་འཛིན་གྱི་སྒྲོ་འདོགས་ཡིན་ལ། གཉེན་པོ་ནི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ད་ལྟ་བ་ཡིན་ནོ། །འདི་ཡང་སྐད་ཅིག་དང་པོ་དང་གཉིས་པ་སོགས་ཀྱི་བྱེ་བྲག་ཕྱེ་ནས་སྤང་བྱའི་སྐད་ཅིག་དང༌། ངོས་སྐལ་དུ་གཉེན་པོར་སྦྱོར་བ་མིན་ནོ། །རྟོགས་བྱེད་ཀྱི་ཚད་མས་འགྲུབ་ཚུལ་ནི། དང་པོར་གྲང་རེག་རྒྱུན་ལྡན་དམིགས་ལ། དེ་ནས་ཚ་རེག་གསར་དུ་དམིགས། དེའི་རྗེས་ལ་གྲང་རེག་མ་དམིགས་པའི་ཚད་མ་གསུམ་གྱིས་གྲུབ་བོ། །བསྟན་བཅོས་འདིར་ཡང༌། སྣང་དང་མི་སྣང་མ་གཏོགས་པའི། །འགལ་བ་ངེས་བྱེད་གཞན་ཡོད་མིན། །ཞེས་པ་ལྟར་རོ། །ལྷན་ཅིག་མི་གནས་འགལ་བསྟན་ཟིན་ཏོ། །གཉིས་པ་ཕན་ཚུན་སྤང་འགལ་ལ་མཚན་ཉིད་ནི། རང་གང་དུ་ཚད་མས་དམིགས་པའི་གཞིར་འགལ་ཟླ་དམིགས་བྱེད་ཀྱི་ཚད་མ་ལྡོག་པའི་སྒོ་ནས་ལྡོག་པའི་ཆོས་མི་མཐུན་པར་བྱས་པ་སྟེ། རྣམ་ངེས་ལས། གཅིག་དམིགས་པས་གཞན་མི་དམིགས་པར་བརྗོད་པ་ཡིན་ཏེ། དེ་ལྟ་མིན་ན། དམིགས་པ་མ་བཀག་པ་ཅན་མེད་པར་མི་འགྲུབ་པའི་ཕྱིར་ཞེས་གསུངས་པ་ལྟར་རོ། །སྒྲ་དོན་ནི། ཤཱཀྱ་བློས། རྟག་པ་སྤངས་ཏེ་མི་རྟག་པའི་མཚན་ཉིད་དུ་བྱ། མི་རྟག་པ་སྤངས་ཏེ་རྟག་པའི་མཚན་ཉིད་དུ་བྱས་པ་ན། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཞེས་གསུངས་པ་ལྟར་རོ། །རྣམ་གཞག་ལ། སྔོ་སེར་ལྟ་བུ་ཕན་ཚུན་སྤང་འགལ་དུ་བྱེད་པ་མི་འཐད་དེ། འགལ་བའི་དོན་མཚན་ཉིད་མི་གནས་པའི་ཕྱིར་རོ། །མ་ཡིན་ཏེ་ཐ་དད་གཞི་མཐུན་མེད་པ་ནི་འགལ་བའི་མཚན་ཉིད་ཡིན་པས་སོ་སྙམ་ན། དུ་བ་ཡང་མེ་དང་འགལ་བ་ཉིད་དུ་ཐལ་བར་འགྱུར་ཏེ། མཚན་ཉིད་དེ་ཞུགས་པའི་ཕྱིར་རོ། །འདོད་ན། ལ་མེ་ལྡན་དུ་སྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་པ་འགལ་བའི་གཏན་ཚིགས་སུ་འགྱུར་ཏེ། ཕྱོགས་ཆོས་གང་ཞིག སྒྲུབ་བྱའི་ཆོས་དང་འགལ་བ་རྟགས་སུ་བཀོད་པ་ཡིན་པའི་ཕྱིར། གལ་ཏེ་མེ་ཡིན་ན་དུ་བ་ཡིན་པར་འགལ་བ་མིན་ནམ་ཞེ་ན། ཕན་ཚུན་གཅིག་གཅིག་ཡིན་པ་འགལ་བས་གཅིག་ཡིན་པ་དེ་གཅིག་ཤོས་ཡིན་པ་ལ་གནོད་པར་བྱེད་པའི་ཕྱིར། ཕན་ཚུན་ཡིན་འགལ་ཡིན་ཡང་དེ་ཙམ་གྱིས་གནོད་བྱེད་དུ་མི་འགྱུར་ཏེ། གཞན་དུ་ན་རྒྱུ་འབྲས་མིན་པར་ཐལ། ཕན་ཚུན་འགལ་བའི་ཕྱིར། རྣམ་འགྲེལ་ལས། བདག་འཛིན་རྒྱུ་གཅིག་ཅན་ཉིད་དང༌། །རྒྱུ་དང་འབྲས་བུའི་དངོས་པོའི་ཕྱིར། །འདོད་ཆགས་ཁོང་ཁྲོ་ཕན་ཚུན་དག །ཐ་དད་ན་ཡང་གནོད་མ་ཡིན། །ཞེས་པ་དང༌། དེའི་འགྲེལ་པར་ལྷ་དབང་བློས། །རྒྱུ་དང་འབྲས་བུའི་ངོ་བོའི་ཕྱིར། །ཕན་ཚུན་འགལ་བ་ཡོད་མིན་ནོ། །ཞེས་སོ། །འདིར་ཕན་ཚུན་འགལ་བ་ཡོད་མ་ཡིན་ཞེས་པའི་སྒྲས་ཕན་ཚུན་སྤང་འགལ་མིན་པར་བསྟན་ཏོ། །གཞན་ཡང་དབང་ཤེས་དང་དེའི་འཁོར་གྱི་སེམས་བྱུང་འགལ་བར་ཐལ། ཐ་དད་གཞི་མཐུན་མེད་པའི་ཕྱིར། འདོད་ན། དངོས་ཀྱི་ཉེར་ལེན་གྱི་རྒྱུ་ཚོགས་གཅིག་ལས་སྐྱེས་པ་མིན་པར་ཐལ་ལོ། །རྣམ་འགྲེལ་ལས། བདག་འཛིན་རྒྱུ་གཅིག་ཅན་ཉིད་དང༌། །ཞེས་པས། རྒྱུ་ཚོགས་གཅིག་ལས་སྐྱེས་པས་མི་འགལ་བར་བསྟན་པས་གྲུབ་བོ། །འགལ་བ་ཐམས་ཅད་གནོད་བྱེད་ཀྱི་སྒོ་ནས་འགལ་བར་བཞག་པར་མངོན་ནོ། །སྔོ་སེར་ལྟ་བུ་གནོད་པ་མི་བྱེད་པ་ཡང་འགལ་བ་མཐོང་བ་མིན་ནམ་ཞེ་ན། ཕན་ཚུན་གཅིག་ཡིན་ན་གཅིག་ཡིན་པར་འགལ་བ་ལ་འདོད་ན་ནི། གཅིག་ཡིན་པས་གཅིག་ཤོས་ཡིན་པ་འགོག་པའི་ཕྱིར་གནོད་པའི་སྒོ་ནས་འགལ་བར་གྲུབ་ལ། གཞན་དུ་ན་འགལ་བར་འཇོག་བྱེད་ཡོད་པ་མིན་ནོ། །གསུམ་པ་ཚད་མས་གནོད་འགལ་ནི། འབྲེལ་ཡུལ་དངོས་ཀྱི་འགལ་ཟླ་དང་འགལ་བའི་སྒོ་ནས་དེ་དང་ཤུགས་ཀྱིས་འགལ་བར་བྱས་པ་སྟེ། རྣམ་ངེས་ལས། གལ་ཏེ་ཉིད་ལ་ཚད་མས་གནོད་པར་བྱེད་ན། དེའི་རྟགས་དང་ཡང་འགལ་བར་འགྱུར་ཏེ། དཔེར་ན་ལྟོས་པ་དང་ངེས་པའི་དངོས་པོ་བཞིན་ནོ་ཞེས་གསུངས་ཤིང༌། ལྷ་དབང་བློས་ཀྱང༌། ཚད་མ་གཞན་གྱིས་གནོད་པའི་ཕྱིར། རྒྱུད་པས་ཀྱང་འགལ་བ་ཡིན་ནོ་ཞེས་གསུངས་སོ། །དབྱེ་ན་གཉིས་ཏེ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་དང༌། ཕན་ཚུན་སྤང་འགལ་ལ་བརྟེན་པའོ། །དང་པོ་ནི། འབྲེལ་ཡུལ་འགལ་ཟླ་དང་ལྷན་ཅིག་མི་གནས་འགལ་དུ་གྲུབ་པའི་སྟོབས་ཀྱིས་དེ་དང་ཤུགས་ཀྱིས་མི་མཐུན་པར་བྱས་པ་སྟེ། དུ་བ་དང་གྲང་རེག་ལྟ་བུའོ། །ཅིའི་ཕྱིར་དུ་བ་གྲང་རེག་དང་ལྷན་ཅིག་མི་གནས་པའི་འགལ་བ་མིན་ནམ་ཞེ་ན། ཚ་རེག་ལ་མ་འཁྲུལ་བའི་སྟོབས་ཀྱིས་གྲང་རེག་འགོག་པ་ཡིན་གྱི། མེ་ལྟར་གཞན་ལ་ལྟོས་མེད་དུ་གྲང་རེག་འགོག་ནུས་པ་ནི་མིན་པའི་ཕྱིར་རོ། །དེས་ན་དུ་བ་སྟོབས་ལྡན་དུ་དམིགས་པའི་གཞིར། གྲང་རེག་ཡོད་ན་ཚ་རེག་མེད་པར་ཐལ་ཞེས་པའི་གནོད་བྱེད་ཀྱི་ཚད་མ་གཞན་སྒྲུབ་པའི་སྒོ་ནས་འགོག་པར་བྱེད་པའི་ཕྱིར་ན་ཚད་མས་གནོད་པར་བྱེད་པའི་འགལ་བའོ། །གཉིས་པ་ནི་འཇིག་ངེས་དང་ལྟོས་བཅས་ལྟ་བུ་སྟེ། འདི་ཡང་འཇིག་ངེས་དང་ལྟོས་བཅས་གཉིས། གཞི་གཅིག་ཏུ་འདུ་བ་ལ་ཚད་མ་གཞན་གྱིས་གནོད་པའི་སྒོ་ནས་འགལ་བར་གསུངས་ཀྱི་དངོས་སུ་ནི་མ་ཡིན་ཏེ། ཕན་ཚུན་སྤང་འགལ་གྱི་དངོས་སུ་འགལ་བ་གང་ཡིན་པ་དེ་ནི། གཅིག་ཚད་མས་ཡོངས་སུ་བཅད་ན། གཅིག་ཤོས་རྣམ་པར་གཅོད་པར་འགྱུར་ཏེ། དཔེར་ན་སྒྲ་ལ་མི་རྟག་པ་རྣམ་པར་གཅོད་པ། རྟག་པ་ཡོངས་སུ་གཅོད་པ་བཞིན་ནོ། །འཇིག་ངེས་དང་ལྟོས་བཅས་ནི་དེ་ལྟ་མིན་ཏེ་བུམ་སོགས་འཇིག་ངེས་སུ་དཔྱད་ཀྱང་ལྟོས་བཅས་སུ་སྒྲོ་འདོགས་པ་མཐོང་བའི་ཕྱིར་རོ། །འགལ་བ་རྟོགས་པའི་ཚུལ་ཡང༌། བུམ་སོགས་འཇིག་ངེས་མིན་པར་ཐལ། རྒྱུ་གཞན་ལ་ལྟོས་བཅས་ཡིན་པའི་ཕྱིར་ཞེས་འགལ་ཁྱབ་དམིགས་པའི་ཐལ་བས་གནོད་བྱེད་ཀྱི་ཐལ་བ་འཕངས་པའི་སྒོ་ནས་ངེས་འགྱུར་དང་ལྟོས་བཅས་འགལ་བར་རྟོགས་པའི་ཕྱིར། ཚད་མས་གནོད་འགལ་ཏུ་བཤད་དེ། ཚད་མ་གཞན་གྱིས་གནོད་པའི་ཕྱིར། ངེས་འགྱུར་དང་ནི་ལྟོས་བཅས་བཞིན། །ཞེས་གསུངས་སོ། །འགལ་བ་འདི་དག་ཀྱང་ཐ་སྙད་ཙམ་དུ་རྣམ་པར་འཇོག་གི ཡང་དག་པ་ན་གྲུབ་པ་མེད་དེ། འདི་ནི་བྱ་བྱེད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། སྐད་ཅིག་མ་རྣམས་ལ་བྱ་བྱེད་ཡང་དག་པར་མ་གྲུབ་པའི་ཕྱིར་རོ། །གཉེན་པོས་སྤང་བྱ་སྤོང་བ་མི་འཐད་པར་ཐལ། འགལ་བའི་ཐ་སྙད་ཡང་དག་པར་མ་གྲུབ་པའི་ཕྱིར་ཞེ་ན། འགལ་བའི་ཐ་སྙད་འདི་བདག་དང་གཙོ་བོ་ལ་སོགས་པའི་ཐ་སྙད་ལྟར་གདགས་གཞི་མེད་པར་ཁས་ལེན་ན་དེ་སྐད་སྨྲ་བར་རིགས་ཀྱང༌། གདགས་གཞི་ཚ་རེག་དང༌། གྲང་རེག་གི་ངོ་བོ་ལ་སྐུར་པ་བཏབ་པ་མིན་པའི་ཉེས་པ་མེད་དོ། །གལ་ཏེ་དེ་དག་ཡོད་ན། འགལ་བ་ཅི་ལྟར་དོན་ལ་མ་གྲུབ་ཅེ་ན། ཚ་རེག་དང་གྲང་རེག་དོན་ལ་ཡོད་ཀྱང༌། འགལ་བའི་ཆ་ནི་བློས་བརྟགས་པ་ཙམ་ཡིན་གྱི། རང་གི་ངོ་བོ་མིན་ཏེ། གཞན་དུ་ན་འགལ་ཟླ་མ་མཐོང་བར་ཡང་ངོ་བོ་དམིགས་ཙམ་གྱིས་འགལ་བའི་བློ་སྐྱེ་བར་ཐལ་བའི་ཕྱིར་རོ། །བསྟན་བཅོས་འདིར་ཡང༌། འབྲེལ་བ་བཞིན་དུ་འགལ་བ་ཡང༌། །དངོས་པོའི་དོན་ལ་གྲུབ་པ་མེད། །ཅེས་གསུངས་པ་ལྟར་རོ། །འགལ་ཚུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། དངོས་འགལ་དང་རྒྱུད་འགལ་གཉིས་སོ། །དང་པོ་ནི། གཞན་ལ་ལྟོས་མེད་དུ་འགལ་ཟླ་འགོག་བྱེད་དུ་གནས་པས་ཕན་ཚུན་མི་མཐུན་པའོ། །དབྱེ་ན་ལྷན་ཅིག་མི་གནས་འགལ་དང༌། ཕན་ཚུན་སྤང་འགལ་གཉིས་སོ། །དང་པོ་ནི་ནུས་པ་འགལ་བའི་སྒོ་ནས་སྟོབས་ལྡན་དུ་དམིགས་པ་གང་གིས་འགལ་ཟླ་དངོས་སུ་འགོག་པར་གནས་པའོ། །གཉིས་པ་ནི། གཅིག་ཚད་མས་ཡོངས་སུ་གྲུབ་པ་ན། གཅིག་ཤོས་དམིགས་པའི་བློ་ལྡོག་པའི་སྒོ་ནས་མི་མཐུན་པར་ངེས་པའོ། །དང་པོ་ནི་ཚ་རེག་དང་གྲང་རེག་ལྟ་བུ་ཡིན་ལ། གཉིས་པ་ནི་རྟག་པ་དང་མི་རྟག་པ་ལྟ་བུའོ། །གཉིས་པ་རྒྱུད་འགལ་ལ་ངོ་བོ་ནི། འབྲེལ་ཡུལ་གྱི་སྟོབས་ཀྱིས་དེའི་འགལ་ཟླ་དང་ཤུགས་ཀྱིས་མི་མཐུན་པར་ངེས་པའོ། །དབྱེ་ན་ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་དང༌། ཕན་ཚུན་སྤང་འགལ་ལ་བརྟེན་པ་གཉིས་ཏེ་བརྗོད་ཟིན་ཏོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། འགལ་བ་སྤྱིའི་མཚན་ཉིད། མཚན་གཞིའི་རབ་དབྱེ། དང་པོ་ནི། ཆོས་གང་ཞིག འགལ་ཟླ་གང་ལ་གནོད་བྱེད་དུ་གྲུབ་པའོ། །གནོད་པའི་དོན་ནི་སེལ་བའམ་འགོག་པ་སྟེ། ཆོས་གང་གིས་འགལ་ཟླ་གང་ཞིག་འགོག་པའོ། །འགའ་ཞིག ཆོས་གང་ཞིག་གང་གིས་དབེན་པ་ཞེས་འདོད་པ་ནི་མིན་ཏེ། དེ་ལྟ་ན་མེ་དང་དུ་བ་ཡང་འགལ་བ་ཉིད་དུ་ཐལ་བར་འགྱུར་རོ། །འདོད་ན། དུ་བ་དེ་མེ་འགོག་བྱེད་དུ་ཐལ་བར་འགྱུར་བས། འདོད་ན་ལ་ལ་མེ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་མིན་པར་འགྱུར་རོ། །ལྷ་དབང་བློས། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་ཕན་ཚུན་འགལ་བ་ཡོད་པ་མིན་ནོ། །ཞེས་གསུངས་པ་དང༌། ཕན་ཚུན་འགལ་བ་ཡོད་པ་མིན་ཞེས་པའི་ཚིག་གིས་ནི། ཕན་ཚུན་སྤང་འགལ་མིན་པར་བསྟན་ལ། ལྷན་ཅིག་མི་གནས་འགལ་མ་ཡིན་མིན་པས་འགལ་བ་མིན་པར་གྲུབ་བོ། །ཡང་འདི་ལྟར་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བས་ནི། དེའི་བདག་ཉིད་འགོག་པར་རབ་ཏུ་སྒྲུབ་པ་སྟེ་ཅེས་ཀྱང་གསུངས་སོ། །གཉིས་པ་མཚན་གཞིའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ལྷན་ཅིག་མི་གནས་པའི་འགལ་བ་དང༌། ཕན་ཚུན་སྤང་འགལ་གཉིས་ཏེ། འགལ་ཟླ་དངོས་པོར་ཡོད་པར་ངེས་པ་དང༌། འགལ་ཟླ་དངོས་པོར་ཡོད་ངེས་སུ་མེད་པའི་ཚུལ་གྱི་དབྱེ་བས་སོ། །རིགས་ཐིག་ལས། དངོས་པོ་རྣམས་ཀྱི་འགལ་བ་ནི་རྣམ་པ་གཉིས་ཏེ། རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལ་གཞན་ཡོད་ན་མེད་པའི་ཕྱིར་རོ། །འགལ་བས་ཏེ། གྲང་བ་དང་དྲོ་བའི་རེག་པ་ལྟ་བུའོ། །གཅིག་གིས་གཅིག་སྤངས་ཏེ་གནས་པའི་མཚན་ཉིད་ཁོ་ན་སྟེ། ཡོད་པ་དང་མེད་པ་ལྟ་བུའོ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ལྷན་ཅིག་མི་གནས་འགལ་དང་ཕན་ཚུན་སྤངས་འགལ་ལོ། །དང་པོ་བཞི་སྟེ། ལྷན་ཅིག་མི་གནས་པའི་མཚན་ཉིད། འགལ་བ་གནས་པའི་ཡུལ། གནོད་བྱ་ཟློག་པའི་དུས། འགལ་བ་ངེས་བྱེད་ཀྱི་ཚད་མའོ། །མཚན་ཉིད་ལ་གསུམ་ལས། གཞན་ལུགས་དགག་པ་ནི། ཁ་ཅིག་ལྷན་ཅིག་མི་གནས་པའི་འགལ་བའི་མཚན་ཉིད། དངོས་པོ་ཉིད་ལ་གནས་པའི་ཆོས་གནོད་བྱ་གནོད་བྱེད་དུ་གྲུབ་པ་ཞེས་འདོད་དོ། །འདི་དཔྱད་ན་འཐད་པ་མིན་ཏེ་གཉིས་ཀ་ཚོགས་པའི་སྤྱི་མི་སྲིད་ཅིང༌། ཡ་གྱལ་བཀོད་ན་གང་རུང་ལ་མ་ཁྱབ་པས་སོ། །གནོད་བྱེད་ཅེས་པའི་དོན་འཇིག་པར་བྱེད་པ་ལ་འདོད་ན་མི་འཐད་དེ། འཇིག་པ་ལ་འཇིག་བྱེད་ཀྱི་རྒྱུ་དོན་གཞན་མི་དགོས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི་ཆོས་གང་ཞིག གནོད་བྱ་རྒྱུན་མ་གཏུགས་པ་ཅན་འབྱུང་བ་ན། ནུས་པའི་སྟོབས་ཀྱིས་གནོད་བྱ་ནུས་མེད་རྣམས་རྒྱུན་གཅོད་པ་ནི་གནོད་བྱེད་ཀྱི་མཚན་ཉིད་དོ། །གང་རྒྱུན་མ་གཏུགས་པ་ཅན་འབྱུང་བ་ན། གནོད་བྱེད་ཀྱི་ནུས་པའི་སྟོབས་ཀྱིས་ནུས་མེད་དུ་གསར་དུ་སྐྱེ་བ་ནི་གནོད་བྱའི་མཚན་ཉིད་དོ། །དེས་ན་གནོད་བྱ་གནོད་བྱེད་ནི་རྒྱུ་འབྲས་བཞིན་དུ་རྫས་ཐ་དད་པས་སོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ལས་མ་ཁྱབ་པ་སྤང་བ་ནི། སྣང་མུན་གཉིས་གནོད་བྱ་གནོད་བྱེད་མིན་པར་ཐལ། ཕྲད་པ་མེད་པའི་ཕྱིར་རོ་ཞེ་ན། ངེས་ཤེས་དང་སྒྲོ་འདོགས་ཀྱིས་ཀྱང་མ་ངེས་ལ། མ་ཕྲད་པ་ཡང་མིན་ཏེ། མུན་པའི་སྐད་ཅིག་སྔ་མས་སྣང་བ་དང་ཉེ་བའི་སྐད་ཅིག་ཕྱི་མ་སྐྱེད་པའི་ཚེ། སྣང་བའི་སྐད་ཅིག་སྔ་མས་མུན་པ་དང་ཉེ་བའི་སྐད་ཅིག་ཕྱི་མ་བསྐྱེད་ལ། དེ་ནས་སྣང་བ་དང་ཉེ་བའི་མུན་པ་ནུས་མེད་དུ་སྐྱེའོ། །ཕྱིས་མུན་པ་ནུས་མེད་འགགས་པ་ཉིད་སྣང་བ་སྐྱེས་པ་ཡིན་པས་སྐྱེ་འགག་དུས་མཉམ་སྟེ། སྲང་མདའི་མཐོ་དམན་བཞིན་ནོ། །གཉིས་པ་ཁྱབ་ཆེས་པ་སྤང་བ་ནི། འོ་ན་ཚ་རེག་དང་ཕྲད་པའི་གྲང་རེག་སྔ་མ་གྲང་རེག་ཕྱི་མའི་གནོད་བྱེད་དུ་ཐལ། གྲང་རེག་ཕྱི་མ་ནུས་མེད་དུ་བསྐྱེད་པའི་ཕྱིར་རོ་ཞེ་ན། གྲང་རེག་སྔ་མ་ལས་གྲང་རེག་ཕྱི་མ་ཙམ་སྐྱེ་ཡང༌། ནུས་མེད་དུ་བྱེད་པའི་ཆ་ནི་ཚ་རེག་གི་ལྷན་ཅིག་བྱེད་རྐྱེན་ཁོ་ནའི་བྱེད་པ་ཡིན་ནོ། །གཉིས་པ་འགལ་བ་གནས་པའི་ཡུལ་ལ་གཉིས་ལས། འགལ་བ་གནས་པའི་ཡུལ་ངོས་བཟུང་ན། ལྷན་ཅིག་མི་གནས་པའི་འགལ་བ་ཇི་སྙེད་བ་དངོས་པོ་གཉིས་ལ་འཇུག་སྟེ། གནོད་བྱ་གནོད་བྱེད་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱུན་གཉིས་སྟོབས་མཉམ་དུ་སྐད་ཅིག་ཙམ་ཡང་ལྷན་ཅིག་མི་གནས་པ་ཡིན་ནོ། །གཉིས་པ་རྩོད་པ་སྤང་བ་ལ་གཉིས་ཏེ། ཡུལ་ལ་བརྟགས་ནས་མི་འཐད་པ་སྤང་བ་དང༌། རྫས་ལ་བརྟགས་ནས་མི་འཐད་པ་སྤང་བའོ། །དང་པོ་ནི། འོ་ན་སྐད་ཅིག་ཙམ་ནི་མི་འགལ་ཞིང༌། རྒྱུན་རྫས་སུ་མ་གྲུབ་པས་འགལ་བ་གནས་པའི་ཡུལ་མེད་པར་ཐལ་ཞེ་ན། སོ་སྐྱེས་ཐ་དད་དུ་བྱས་པའི་འགལ་བ་ནི་རགས་པ་དང་རྒྱུན་ལ་གནས་ཏེ། ངེས་བྱེད་ཀྱི་བློས་རགས་པ་དང་རྒྱུན་འགལ་བར་ངེས་པའི་ཕྱིར། རྡུལ་དང་སྐད་ཅིག་རེ་རེ་འགལ་བ་དེས་མི་ངེས་སོ། །འདིར་སྐབས་དོན་ནི། གནོད་བྱའི་སྐད་ཅིག་མ་སྔ་མ་སྔ་མ་ལས་སྔོན་མེད་པའི་ཕྱི་མ་ཕྱི་མ་སྐྱེ་བའི་གནས་སྐབས་བར་མ་ཆད་པ་ཙམ་དེ་ལ་རྒྱུན་དུ་སྒྲོ་བཏགས་ནས། སྔ་མའི་ནུས་པ་ལ་གནོད་པ་བྱས་པས། ཕྱི་མ་སྐྱེ་འཕྲོ་བཅད་པའི་སྒོ་ནས་རྒྱུན་ལྡོག་པར་བྱེད་པ་ལ་གནོད་པ་བྱས་སོ་ཞེས་འཇིག་རྟེན་ན་ཐ་སྙད་འདོགས་པས་ཉེས་པ་མེད་དོ། །གཉིས་པ་རྫས་ལ་བརྟགས་ནས་མི་འཐད་པ་སྤང་བ་ནི། ཚ་གྲང་གི་རྡུལ་ཕྲན་འགལ་བ་གཉིས་ལྷན་ཅིག་དུ་གནས་ན་ལྷན་ཅིག་མི་གནས་པར་འགལ་ལ། མི་གནས་ན་ཕྲད་དུས་དེར་གང་རུང་གཅིག་བཅོམ་ན་རྒྱུ་འབྲས་དུས་མཉམ་པར་འགྱུར་རོ་ཞེ་ན། ལན་ལ་གཉིས་ལས། གཞན་ལན་དགག་ན། གྲངས་ཅན་གྲང་རྡུལ་ཚ་རྡུལ་གྱི་ཁོངས་ན་ཉིན་མོའི་སྐར་མ་ལྟར་ཉེ་བར་ཞ་བར་འདོད་ལ། བྱེ་བྲག་པ་ཁ་ཅིག་གྲང་རྡུལ་དེ་ཚ་རྡུལ་དང་ཕྲད་ནས་ཚ་རྡུལ་དུ་འགྱུར་བར་འདོད་དོ། །ཉན་ཐོས་འགའ་ཞིག་སྐོར་བ་བར་དང་བཅས་པས་ཕྲད་པ་མེད་ཀྱང་གྲང་རྡུལ་གཞན་འོང་བའི་གོ་ཚ་རྡུལ་གྱིས་བཀག་པས་དེར་རགས་པ་ཅོམ་མ་ནུས་པར་འདོད་དོ། །རྡུལ་རྟག་པར་སྨྲ་བ་དེ་དག་འཁྲུལ་སྟེ། འོ་ན་ཚ་གྲང་གི་རྡུལ་རགས་པ་གཉིས་ལྷན་ཅིག་མི་གནས་པའི་འགལ་བ་མིན་པར་ཐལ། ཚ་རེག་གི་རྡུལ་རགས་པའི་ཁོངས་ནས་གྲང་རེག་གི་རྡུལ་ཉེ་བར་ཞ་བའི་ཚུལ་གྱིས་ལྷན་ཅིག་གནས་པའི་ཕྱིར། ཡང་གྲང་རེག་གི་རྡུལ་དེ་རྟག་པ་མིན་པར་ཐལ། ཚ་རེག་གིས་བསྒྱུར་བའི་ཕྱིར། ཚ་གྲང་གི་རྡུལ་གཉིས་ལྷན་ཅིག་མི་གནས་པར་གྲུབ་ན། ཚ་རེག་དང་གྲང་རེག་གཉིས་ཀྱང་ལྷན་ཅིག་མི་གནས་པ་ཡིན་པ་ལ་འགལ་བ་མེད་དེ། འགལ་ཟླའི་རྡུལ་ཕྲན་གཉིས་ཕྲད་ནས་སྐད་ཅིག་སྔ་མ་ཞིག་ནས་ཕྱི་མ་སྐྱེ་བ་ན། གང་རྡུལ་མང་བ་རྣམས་ནུས་ལྡན་དུ་སྐྱེ་ལ་གང་རྡུལ་ཉུང་བ་རྣམས་ནུས་མེད་དུ་སྐྱེ་བའི་ཕྱིར། འདི་ནི་ཚ་རེག་དང་གྲང་རེག་གི་རྡུལ་རགས་པ་ལྷན་ཅིག་མི་གནས་པར་འཇིག་རྟེན་ཐ་མལ་པའི་ཐ་སྙད་ཀྱི་མཐོང་ཚུལ་གྱི་དབང་དུ་བྱས་པ་ཡིན་ནོ། །རྡུལ་གྱི་གནས་ཚུལ་གྱི་དབང་དུ་བྱས་ན། ཚ་གྲང་གི་རྡུལ་ཕྲ་མོ་ལྷན་ཅིག་ཏུ་གནས་པ་སྲིད་དེ། གོང་བུ་གཅིག་ལ་རྡུལ་རྫས་བརྒྱད་འདུས་པ་སྲིད་པའི་ཕྱིར་རོ། །བོད་བསྡུས་པ་ལ་ལ་ན་རེ། སྤང་གཉེན་གཉིས་བྱ་རྫོགས་ཀྱི་སྐད་ཅིག་མ་གསུམ་ལ་ལྡོག་ཟེར། ཁ་ཅིག་ད་ལྟ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་ཡུན་རིང་པོར་སྐལ་པའི་བར་དུ་གནོད་བྱ་གནོད་བྱེད་འགྲོགས་ཞེས་ཟེར། །སྐལ་པའི་བར་དུ་ཡུན་རིང་དུ་འགྲོགས་པ་ལྷན་ཅིག་ཏུ་མེད་པ་ལ་དེ་བློ་གྲོས་ནམ་མཁའ་དང་མཉམ་པ་ཁྱེད་ལྟ་བུ་ལས་གཞན་སུས་གོ །ཤིན་ཏུ་ངོ་མཚར་ཆེ་ཞེས་བཞད་གད་དུ་བྱས་པ་ཡིན་ནོ། །རང་ལུགས་ནི། ཚ་གྲང་ལ་སོགས་པ་དོན་གྱི་ཆོས་དུས་གཅིག་ལ་འདུར་རུང་བ་རྣམས་སྐད་ཅིག་དང་པོ་ལ་འཕྲད། གཉིས་པ་ལ་ནུས་མེད་དུ་བསྐྱེད། གསུམ་པ་ལ་འགལ་བ་གནོད་བྱ་འགགས་པ་དང༌། གནོད་བྱེད་སྐྱེས་པ་དུས་མཉམ། འདི་ནི་དོན་འགལ་གྱི་ལྡོག་དུས་ངོས་བཟུང་བ་ཡིན་ནོ། །བློའི་འགལ་བ་ལྡོག་པའི་དུས་ནི་ངེས་པ་སྐྱེས་པས་སྒྲོ་འདོགས་ཕྱིས་བྱེད་པ་མ་ཉམས་ཀྱི་བར་དུ་མི་སྐྱེ་བར་བྱེད་པ་ཙམ་མོ། །དེ་ཡང་ངེས་པའི་ས་བོན་ལྷན་ཅིག་བྱེད་རྐྱེན་དང་ཕྲད་པ་ན། ངེས་པ་དངོས་སུ་སྐྱེས་པས་སྒྲོ་འདོགས་ཀྱི་ས་བོན་ལ་གནོད་པ་བྱེད་པའི་སྟོབས་ཀྱིས། ས་བོན་ལས་སྒྲོ་འདོགས་སྐྱེ་འཕྲོ་ཆད་པ་ཙམ་ལ་སྒྲོ་འདོགས་བཅད་ཅེས་བརྗོད་དོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། དོན་འགལ་ལ་རྩོད་པ་སྤང་བ་དང༌། བློའི་འགལ་བ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ལས། ཆ་ཡོད་མེད་བརྟགས་ན་མི་འཐད་པ་སྤང་བ་ནི། ཚ་གྲང་ཕྲད་དུས་ཀྱི་སྐད་ཅིག་མ་དང་པོ་དེ་ལ་སྐད་ཅིག་གསུམ་གྱི་ཆ་མེད་ན། རགས་པའི་རྒྱུན་རྣམས་རྩོམ་པ་མེད་པར་འགྱུར་ལ། ཆ་ཤས་གསུམ་ཡོད་ན་དེའི་དངོས་པོ་ལའང་གསུམ་འབྱུང་བས་ཐུག་པ་མེད་པའི་ཕྱིར་གསུམ་ལ་ལྡོག་པ་དཀའོ་ཞེ་ན། དུས་ཀྱི་མཐའི་སྐད་ཅིག་ལ་ནི་དུས་ཀྱི་ཆ་ཤས་དབྱེར་མེད་ལ། རྡུལ་ཕྱོགས་ཀྱི་ཆ་བཅས་དང༌། སྐད་ཅིག་དུས་ཀྱི་ཆ་མེད་གཉིས་ཆ་བཅས་སུ་མི་མཚུངས་པར་བཤད་ཟིན་ཏོ། །རྒྱུན་ཡང་རིགས་འདྲ་བ་སྐད་ཅིག་སྔ་མ་ལས་ཕྱི་མ་སྐྱེ་ཙམ་བར་མ་ཆད་ལ་ཟེར་ཞིང༌། དུས་མཐའི་སྐད་ཅིག་གསུམ་ལ་ལྡོག་པ་ངོས་མི་ཟིན་ཡང༌། བྱ་བ་རྫོགས་པའི་སྐད་ཅིག་གསུམ་ལ་ལྡོག་པ་ངོས་ཟིན་པ་ཡིན་ནོ། །དེས་ན་དུས་མཐའི་སྐད་ཅིག་དང༌། གཟུགས་མཐའ་རྡུལ་ཕྲན་ལ་ཆ་ཐུག་མེད་དུ་འདོད་ཅིང་ཚ་གྲང་ཕྲད་པའི་སྐད་ཅིག་ཆ་མེད་དུ་འདོད་པ་ནི་དངོས་པོའི་གནས་ལུགས་མ་རྙེད་པར་ཟད་དོ། །གཉིས་པ་ནུས་པ་ཐོགས་མེད་ལ་བརྟགས་ན་མི་འཐད་པ་སྤང་བ་ནི། ཚ་རེག་དང་ཕྲད་པས་གྲང་རེག་ནུས་པ་ཐོགས་མེད་དེས་གྲང་རེག་ནུས་ལྡན་དུ་སྐྱེད་དམ་ནུས་མེད་དུ་སྐྱེད་པ་ཡིན། །དང་པོ་ལྟར་ན། དུས་གཉིས་པར་ཚ་རེག་གིས་གྲང་རེག་ལྡོག་མི་ནུས་པར་ཐལ་ལོ། །ནུས་མེད་སྐྱེད་ན་གྲང་རེག་ལྡོག་པ་ལ་ཚ་རེག་དགོས་པ་མེད་པར་འགྱུར་ཏེ། རང་ཉིད་འགགས་པའི་ཕྱིར་རོ་ཞེ་ན། སྐད་ཅིག་འགག་པ་ནི་གཉེན་པོ་ལ་མི་ལྟོས་ཏེ། སྐད་ཅིག་མ་གཉིས་པར་མི་སྡོད་པར་སྐྱེས་པའི་ཕྱིར། འོན་ཀྱང་རྒྱུན་ལྡོག་པ་ལ་གནོད་བྱེད་ལ་ལྟོས་དགོས་སོ། །གྲང་རེག་ནུས་པ་ཐོགས་མེད་དེ་རང་འདྲ་སྐད་གཅིག་གཉིས་པའི་ཉེར་ལེན་ཡིན་ལ་ལྷན་ཅིག་བྱེད་རྐྱེན་ཚ་རེག་སྟོབས་ལྡན་དང་ཕྲད་ན། གྲང་རེག་ནུས་མེད་འབྱིན་ལ་གྲང་བའི་ཕྱོགས་སྟོབས་ཆེ་ན་ནུས་ལྡན་དུ་སྐྱེའོ། །གཉིས་པ་བློའི་འགལ་བ་ལ་རྩོད་པ་སྤང་བ་ནི། གལ་ཏེ་ངེས་པ་དེས་སྤང་བྱ་སྒྲོ་འདོགས་ཀྱི་ངོ་བོ་སྤོང་ངམ་ས་བོན་སྤོང༌། གཉིས་ཀ་ལྟར་ཡང་མི་འཐད་དེ། སྒྲོ་འདོགས་ཀྱི་ངོ་བོ་ཙམ་མེད་པར་བྱེད་པ་གཞན་ལ་ཡིད་གཏད་པས་ཀྱང་ལྡོག་པས་ཚད་མ་མི་དགོས། ས་བོན་འཇོམས་པའི་ནུས་པ་ངེས་ཤེས་ལའང་མེད་ཟེར་ན། ས་བཅུ་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་སྤང་བྱའི་ས་བོན་སྤོང་བའི་གཉེན་པོའང་ཡོད་མོད། འདིར་ཚད་མ་ལས་བྱུང་བའི་ངེས་ཤེས་ཀྱི་སྒྲོ་འདོགས་ཀྱི་ངོ་བོ་དང༌། ས་བོན་གཉིས་ཀ་སྤོང་བ་མིན་མོད། འོན་ཀྱང་ངེས་ཤེས་བྱེད་པ་མ་ཉམས་པ་ཇི་སྲིད་དུ་སྒྲོ་འདོགས་མི་སྐྱེ་བ་ཡིན་ནོ། །བཞི་པ་འགལ་བ་ངེས་བྱེད་ཀྱི་ཚད་མ་ནི། ཆོས་གཉིས་འགལ་བ་ཆོས་ཅན། དངོས་པོའི་དོན་ལ་གྲུབ་པ་མེད་དེ། རྟོག་པས་ཆོས་གཉིས་མི་མཐུན་པར་བཟུང་བའི་སྒོ་ནས་འགལ་བ་ཉིད་དུ་བློས་རྣམ་པར་བཞག་པའི་ཕྱིར་འབྲེལ་བ་བཞིན་ནོ། །གཉིས་པ་བློ་ངོར་འབྲེལ་བ་སྒྲུབ་པ་ལ། རྒྱུ་འབྲས་ངེས་བྱེད་བཞིན་དུ་དང་པོ་གནོད་བྱ་ནུས་མེད་དང༌། གནོད་བྱེད་སྟོབས་ལྡན་གཉིས་ཀ་མ་དམིགས། དེ་ནས་གནོད་བྱེད་ནུས་ལྡན་དམིགས། དེའི་རྗེས་སུ་གནོད་བྱ་ནུས་མེད་དམིགས་པའི་ཚད་མས་ངེས་པ་ཡིན་ནོ། །མདོར་ན། གནོད་བྱེད་སྟོབས་ལྡན་དམིགས་ལ་དེ་ནས་གནོད་བྱ་ནུས་མེད་དུ་དམིགས་ཏེ་མཐུན་རྐྱེན་ཟད་སྟོབས་ཀྱིས་བློ་བུར་དུ་རྒྱུན་ཆད་པས་དེས་གནོད་པ་བྱས་ངེས་སྙམ་དུ་བློ་ངོར་འགལ་བར་ངེས་པ་བྱེད་པ་ལས་གཞན་ཡོད་པ་མིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། ཁ་ཅིག་ས་ཕྱོགས་སུ་གྲང་རེག་འགོག་པ་ལ་མེ་ཙམ་བཀོད་ན། ཁྱབ་པ་མ་ངེས་ལ། མེ་སྟོབས་ལྡན་རྟགས་སུ་བཀོད་ན་དེའི་ཚེ་གྲང་རེག་སྣང་དུ་རུང་བ། སྣང་རུང་མི་དམིགས་པས་ཁེགས་ཤིང༌། སྣང་དུ་མི་རུང་ན། དེ་བས་སྟོབས་ཆེ་བའི་ཕྱོགས་ཆོས་མི་འགྲུབ་བོ། །བོད་ཁ་ཅིག་སྟོབས་ལྡན་འགོད་ལ། དགག་བྱ་གྲང་རེག་མེ་བས་སྟོབས་ཆེ་བའམ་མཉམ་པ་ནི། སྣང་རུང་མི་དམིགས་པས་ཁེགས་ཤིང༌། འོན་ཀྱང་མེ་བས་སྟོབས་ཆུང་བའི་གྲང་རེག་ཡོད་ཀྱང་སྣང་དུ་མི་རུང་བས། དེ་འགོག་པ་ལ་རྟགས་སྦྱོར་ཞེས་ཟེར་རོ། །མེ་སྣང་བ་ཉིད་ཀྱིས་དེའི་འགལ་ཟླའི་གྲང་རེག་མེད་པར་གྲུབ་པས་རྟགས་རང་གི་ངོ་བོ་མེ་ཙམ་གྱིས་འགྲུབ་བོ། །གཉིས་པ་ཕན་ཚུན་སྤང་འགལ་ལ་གཞན་ལུགས་དགག་པ་ནི། བོད་བསྡུས་པ་ཁ་ཅིག ཆོས་གང་ཆོས་གཞན་གྱིས་དབེན་པ། ཕན་ཚུན་སྤང་འགལ་གྱི་མཚན་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་ལྷན་ཅིག་མི་གནས་འགལ་ཡང་ཕན་ཚུན་སྤང་འགལ་གྱི་བྱེ་བྲག་ཏུ་འདོད་དགོས་སོ། །ཁ་ཅིག་རྒྱུན་མི་ལྡོག་ཀྱང་ཆོས་གང་ཞིག་ཆོས་གཞན་གྱིས་དབེན་པ་ཞེས་ཟེར་ཞིང༌། དབྱེ་བ་ལའང་དངོས་འགལ་རྒྱུད་འགལ་གཉིས། དངོས་འགལ་ནི། དགག་བྱ་རྣམ་པར་བཅད་ལྡོག་ཙམ་དུ་གནས་པ། རྒྱུད་འགལ་ལའང་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དང༌། མ་བྱས་པའི་རྒྱུད་འགལ་གཉིས། དེའང་རྫས་དང་ལྡོག་པ་འགལ་བའི་སྒོ་ནས་དབྱེ་ན། རྫས་དངོས་འགལ། རྟག་མི་རྟག་ལྟ་བུ་དང༌། རྫས་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་སྔོན་པོ་མིན་པ་དང་ཨུཏྤལ་སྔོན་པོ་ལྟ་བུ་དང༌། རྫས་དངོས་འགལ་གྱི་ཁྱད་པར་དུ་མ་བྱས་པ་སྔོ་སེར་དང༌། བྱས་པ་དང་རྟག་པ་ལ་སོགས་པ་ལྟ་བུ་དེ་གསུམ་དང༌། ལྡོག་པ་དངོས་འགལ་མེད་དགག་ཡིན་མིན་དང༌། ལྡོག་པ་དངོས་འགལ་གྱི་ཁྱད་པར་དུ་བྱས་པ། མེད་དགག་དང་ཤེས་བྱའི་ལྡོག་པ་ལྟ་བུ་དང༌། ཁྱད་པར་དུ་མ་བྱས་པ། བྱས་ལྡོག་དང་མི་རྟག་པའི་ལྡོག་པ་ལྟ་བུ་དང་གསུམ་སྟེ་རྣམ་པ་དྲུག་ཡིན་ནོ་ཞེས་ཟེར་རོ། །ཆོས་གང་ཞིག་ཆོས་གཞན་གྱིས་དབེན་པ་ཙམ་འགལ་བ་ཡིན་ན། ཆོས་ཐ་དད་ཐམས་ཅད་འགལ་བར་ཐལ། འདོད་ན། མེ་དུ་དང༌། བྱས་མི་རྟག་ལ་སོགས་པ་འབྲེལ་བ་ཐམས་ཅད་དང༌། སྨྲ་བ་དང་ཐམས་ཅད་མཁྱེན་པ་ལ་སོགས་པ་ལྡོག་པ་ཐ་དད་མཐའ་དག་ཀྱང་འགལ་བར་ཐལ་ལོ། །འདོད་ན་འགལ་བ་རྟགས་སུ་སྦྱར་ན་བསྒྲུབ་བྱ་འགོག་པ་དང༌། ཕྱོགས་ཆོས་དང་འབྲེལ་བ་ངེས་ན། བསྒྲུབ་བྱ་སྒྲུབ་པའི་རྣམ་གཞག་ཐམས་ཅད་འཇིག་པར་ཐལ་ལོ། །སྨྲ་བ་དང་ཐམས་ཅད་མཁྱེན་པ་འགལ་ན། རིགས་ཐིགས་ལས། འགལ་བ་དེ་རྣམ་པ་གཉིས་ཀ་ཡང་སྨྲ་བ་ཉིད་དང༌། ཐམས་ཅད་མཁྱེན་པ་ཉིད་ལ་མི་སྲིད་ལ། མི་འགལ་བ་ཡོད་པའི་ཕྱིར་ཞེས་པ་དང་འགལ་ལོ། །གཉིས་པ་ཉེས་སྤོང་གི་ལན་དགག་པ་ནི། ཡང་མེ་དུ་རྫས་ཐ་དད་པ་ཡོད་པར་འབྲེལ་ཡང་གཅིག་གཅིག་གི་ངོ་བོ་ཡིན་པ་འགལ་ལ། བྱས་མི་རྟག་གི་ལྡོག་པའང་ཡོད་པར་འབྲེལ་ཞིང༌། ལྡོག་པ་ཡིན་པར་འགལ་བས་ན། འགལ་བ་ཡང་ཡིན་ལ་འབྲེལ་བ་ཡང་ཡིན་ནོ་ཞེ་ན། ས་ཕྱོགས་སུ་བུམ་པ་ཡོད་པ་དང༌། སྔོན་པོ་སེར་པོ་ཡིན་པ་འགོག་པ་ཆོས་ཅན། སྣང་རུང་མ་དམིགས་པ་ནུས་མེད་དུ་ཐལ། འགལ་བ་དམིགས་པས་འགོག་པའི་ཕྱིར། གསུམ་པ་ཐ་དད་མི་འགལ་བར་གསུངས་པའི་དགོངས་པ་ནི། འགའ་ཞིག་ཏུ་སྔོ་སེར་ལ་སོགས་ཐ་དད་ཙམ་ལ་འགལ་བར་གསུངས་པ་ནི། བརྟགས་པ་བ་ཡིན་ཏེ། རྟ་དང་འབྲེལ་བའི་བ་ལང་ཞེས་པ་བཞིན་ནོ། །གཉིས་པ་རང་ལུགས་བཞག་པ་ལ་གསུམ་ལས། དང་པོ་གཅིག་དང་ཐ་དད་ཀྱི་རྣམ་གཞག་ནི། ཐ་དད་དུ་སྐྱེ་བའི་རྒྱུའམ་དངོས་རྒྱུ་ཚོགས་པ་ཐ་དད་ལས་སྐྱེས་ཤིང་ཤེས་པ་མ་འཁྲུལ་བ་ལ་ཐ་དད་དུ་སྣང་ན་དངོས་པོ་ཐ་དད་ཡིན་ལ། གཅིག་ཏུ་སྐྱེད་པའི་རྒྱུ་དང༌། དངོས་རྒྱུ་ཚོགས་པ་གཅིག་ལས་སྐྱེས་ཤིང༌། བློ་མ་འཁྲུལ་བ་ལ་གཅིག་ཏུ་སྣང་ན་ཐ་དད་མིན་པའི་རྣམ་གཞག་བྱེད་དོ། །གཉིས་པ་ཐ་དད་ལ་འགལ་འབྲེལ་དུ་འཇོག་ཚུལ་ནི། ཆོས་རྫས་ཐ་དད་རྣམས་ཕན་འདོགས་ན་འབྲེལ་བ་དང༌། གནོད་པ་བྱེད་ན་འགལ་བ་དང༌། དེ་གཉིས་ཀ་མིན་ན་ཐ་དད་ཙམ་མོ། །ཕན་ཚུན་སྤང་འགལ་གྱི་མཚན་ཉིད་བཤད་པ་ལ་གསུམ་སྟེ། དངོས་འགལ། རྒྱུད་འགལ། དེ་ལ་རྩོད་པ་སྤང་བའོ། །དང་པོ་དངོས་འགལ་ནི། རང་གི་ལྡོག་པ་ལོག་པའི་རང་མིན་རྒྱུ་མཚན་གཞན་ལ་མ་ལྟོས་པར་དངོས་སུ་འགོག་པ་ཡིན་ནོ། །དཔེར་ན། རྟག་མི་རྟག་དང༌། སྔོན་པོ་དང༌། སྔོན་མིན་ལ་སོགས་པ་ལྟ་བུའོ། །འོ་ན་སྔོན་པོའི་འགལ་ཟླ་སྔོ་མིན་གྱི་སེར་པོའང་ཡིན་པས། འགལ་ཟླ་གཉིས་ཀ་དངོས་པོར་ཐལ་ལོ་ཞེ་ན། སྔོན་པོ་ལས་ལྡོག་པ་སྔོ་མིན་གྱི་རང་ལྡོག་དངོས་ཀྱི་འགལ་ཟླ་ཡིན་གྱི། སྔོ་མིན་གྱི་མཚན་གཞི་སེར་པོ་སོགས་ནི་དངོས་ཀྱི་འགལ་ཟླ་མིན་པས་སྐྱོན་མེད་དོ། །གཉིས་པ་རྒྱུད་འགལ་གྱི་མཚན་ཉིད་ནི། རང་མིན་ཏེ་རང་གི་དངོས་ཀྱི་འགལ་ཟླའི་ཁྱབ་བྱེད་འགོག་པའི་སྒོ་ནས་རང་མིན་གྱི་ཁྱབ་བྱ་འགལ་ཟླར་གནས་པའོ། །དོན་ནི་འགལ་བ་གང་ཞིག རང་གི་རང་ལྡོག་དངོས་སུ་ལོག་པའི་ཁྱབ་བྱ་འགལ་ཟླར་གནས་པའོ། །ཡང་ན། རང་མིན་དང་དངོས་སུ་འགལ་སྟོབས་ཀྱིས་དེའི་ཁྱབ་བྱ་དང་ཡང་ཤུགས་ཀྱིས་དེའི་འགལ་བར་གྲུབ་པའོ། །དཔེར་ན་ལྟོས་བཅས་དང་ངེས་དངོས་བཞིན་ནོ། །ལྷ་དབང་བློས། ཚད་མ་གཞན་གྱིས་གནོད་པའི་ཕྱིར་དང༌། རྒྱུད་པས་ཡང་འགལ་བའི་ཕྱིར་རོ། །རེ་འགའ་བ་དང་ལྟོས་མེད་བཞིན་ནོ་ཞེས་སོ། །གསུམ་པ་རྩོད་པ་སྤང་བ་ནི། སྔོ་སེར་སོགས་ལྟ་བུ་ལ། སེར་པོར་གྲུབ་པའི་རྟགས་ཀྱིས་གཅིག་ཤོས་སྔོན་པོ་ཡིན་པ་མི་ཁེགས་པར་ཐལ། སྔོ་སེར་གཉིས་ཀ་འགལ་བ་གཉིས་ཀ་མིན་པའི་ཕྱིར་རོ་ཞེ་ན། སྔོན་པོ་ཆོས་ཅན་སེར་པོ་མིན་ཏེ། སྔོན་པོ་ཡིན་པར་གྲུབ་པའི་ཕྱིར་ཅེས་པ་ལ་ཕྱོགས་ཆོས་མེད་པས་འདོད་པ་ཁོ་ནའོ། །དེས་ན་དེ་དག་ཕན་ཚུན་སྤང་བ་ཡིན་གྱི་འགལ་བ་མིན་ནོ། །ཕན་ཚུན་སྤང་འགལ་ནི་འགལ་ཟླ་དང་གཅིག་པ་བཀག་པ་ཡིན་པས་དེ་མིན་གྱིས་དེ་ཡིན་པ་འགོག་གོ །ཕན་ཚུན་སྤང་པའི་དངོས་པོ་གཉིས་གཅིག་ཡིན་ནམ་སྙམ་ན། གཅིག་ཏུ་སྣང་དུ་རུང་བ་ལས་སྣང་བ་མེད་པས་ཁེགས་སོ། །དཔེར་ན་སེར་པོ་ཆོས་ཅན། སྔོན་པོ་མིན་པའི་ཐ་སྙད་བྱར་རུང་སྟེ། དེ་ཡིན་ན་དེར་སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར་ཅེས་པ་ལྟ་བུའོ། །དུས་མཐའི་སྐད་ཅིག་གཅིག་ལ་ནི། འགལ་བའི་རྣམ་གཞག་མི་སྲིད་ཀྱང༌། །སྣང་བ་དོན་དུ་ཞེན་པ་ཡི། །རྟོག་པའི་ཡུལ་ལ་འགལ་བ་བཞག །བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས། འགལ་བ་བརྟག་པའི་རབ་ཏུ་བྱེད་པ་བདུན་པའི་རྣམ་པར་བཤད་པའོ།། ༈ །།མཚན་མཚོན་གྱི་རྣམ་གཞག་ལ། སྤྱིའི་དོན་དང་གཞུང་གི་དོན་ནོ། །དང་པོ་ལ། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ནི། བོད་རྣམས་ཀྱི། མཚན་ཉིད་ཀྱི་མཚན་ཉིད། རྫས་ཡོད་ཆོས་གསུམ་ཚང་བ། ཆོས་གསུམ་ནི། སྤྱིར་རྫས་ཡོད་ཡིན་པ། མཚོན་བྱ་གཞན་གྱི་མིན་པ། རང་གི་མཚན་གཞི་ལས་གྲུབ་པའོ། །མཚོན་བྱའི་མཚན་ཉིད་བཏགས་ཡོད་ཆོས་གསུམ་ཚང་བ། ཆོས་གསུམ་ནི། སྤྱིར་བཏགས་ཡོད་ཡིན་པ། མཚན་ཉིད་གཞན་གྱི་མིན་པ། རང་གི་མཚན་གཞི་ལ་གྲུབ་པའོ། །མཚན་ཉིད་མིན་པའི་མཚན་ཉིད། རྫས་ཡོད་གསུམ་མ་ཚང་བ། མཚོན་བྱ་མིན་པའི་མཚན་ཉིད། བཏགས་ཡོད་ཆོས་གསུམ་མ་ཚང་བའོ། །དངོས་པོ་བསྡུས་པའི་མཚན་མཚོན་རྫས་གཅིག་པ་ཡིན། ལྟོ་ལྡིར་བ་དང་བུམ་པ་བཞིན་ནོ། །མཚན་ཉིད་ལའང་མཚན་ཉིད་དགོས་ཏེ། ལྟོ་ལྡིར་བ་བུམ་པའི་མཚན་ཉིད་དུ་དམ་བཅས་ཙམ་གྱིས་མི་འགྲུབ་པར་རྒྱུ་མཚན་བཙལ་དགོས་ལ། རྒྱུ་མཚན་ཡང་རྫས་ཡོད་ཆོས་གསུམ་ཚང་བ་ལས་ལྷག་པ་གཞན་མེད་པའི་ཕྱིར། བུམ་པ་ལ་མཚོན་བྱ་ཡིན་པར་དམ་བཅས་པ་ཙམ་གྱིས་མཚོན་བྱར་མི་འགྲུབ་པས་མཚོན་བྱར་འཇོག་བྱེད་བཙལ་དགོས་ལ། དེ་ལ་ཡང་བཏགས་ཡོད་ཆོས་གསུམ་ཚང་བ་ལས་ལྷག་པ་གཞན་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན། རྫས་ཡོད་ཆོས་གསུམ་ཚང་བ་ཡང༌། མཚན་ཉིད་ཡིན་ཞེས་དམ་བཅས་ཙམ་གྱིས་མི་འགྲུབ་པས། དེ་ལ་རྒྱུ་མཚན་གཞན་བཙལ་དགོས་པར་རྒྱུ་མཚན་མཚུངས་སོ། །གལ་ཏེ་མཚན་ཉིད་ཀྱི་མཚན་ཉིད་རྫས་ཡོད་ཆོས་གསུམ་ཚང་བ་ཞེས་འགོད་པར་བྱེད་དོ་ཞེ་ན། འོ་ན། དེ་ཡང༌། མཚན་ཉིད་ཀྱི་མཚན་ཉིད། མཚན་ཉིད་དུ་འཇོག་བྱེད་གཞན་དགོས་པས་ཐུགས་མེད་ཉིད་དུ་འགྱུར་རོ། །མཚན་ཉིད་དགོས་ན། མཚན་ཉིད་ཀྱི་མཚན་ཉིད་དང་ད་ལྟར་ལའང༌། མཚན་ཉིད་དངོས་པོས་སྒྲུབ་བྱེད་ཐུགས་མེད་དུ་ཐལ་བའི་སྐྱོན་མི་ཟློག་གོ །གལ་ཏེ་མཚན་ཉིད་ཀྱི་མཚན་ཉིད་ལ། མཚན་ཉིད་མི་དགོས་སྙམ་ན། འོ་ན་མཚན་ཉིད་ལའང་མི་དགོས་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ། རྫས་ཡོད་ཆོས་གསུམ་ཚང་བ་མཚན་ཉིད་དུ་མཚོན་པ་ལ། མཚན་ཉིད་གཞན་མི་དགོས་ན། ལྟོ་ལྡིར་བ་མཚན་ཉིད་དུ་མཚོན་པ་ལ་མཚན་ཉིད་མི་དགོས་པར་རྣམ་པ་ཀུན་ཏུ་མཚུངས་སོ། །རྟགས་སྦྱོར་ལས་ལོགས་སུ་མཚོན་སྦྱོར་ཞེས་རབ་ཏུ་གྲགས་པ་འདིའང་མི་དགོས་ཏེ། འོན་ཀྱང་མཚན་མཚོན་གཞི་གསུམ་མི་འདོད་པ་མིན་ནོ། །མཚན་ཉིད་དང༌། མཚོན་བྱ་ལྡོག་པ་ཐ་དད་ཀྱི་ཐ་སྙད་ཙམ་དུ་ཟད་ཀྱི་དོན་ཐ་མི་དད་པའི་ཕྱིར་དང༌། མིང་གི་རྣམ་གྲངས་ཙམ་ཡིན་པའི་ཕྱིར། མཚོན་བྱ་མཚན་གཞིར་བྱས་ནས། མཚོན་བྱར་མཚོན་པའི་མཚོན་སྦྱོར་ཡང་རིགས་པ་ཉིད་དུ་ཐལ་བས་མི་འཐད་དོ། །འོ་ན་མཚན་ཉིད་ཇི་ལྟར་འགོད་པ་རྒྱུན་ཆད་པར་འགྱུར་རོ་སྙམ་ན། དངོས་པོའི་མཚན་ཉིད་ཤེས་པར་འདོད་པ་ལ་དོན་བྱེད་ནུས་པ་ཞེས་འགོད་པར་བྱེད་ཀྱི། མཚོན་སྦྱོར་འགོད་དགོས་པ་ནི་མིན་ནོ། །སྦྱོར་བ་ཡང༌། ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གཉིས་སུ་ངེས་ལ། མཚོན་སྦྱོར་ནི། དེ་གཉིས་གང་རུང་དུའང་མི་འདུ་བའི་ཕྱིར་དང༌། སྦྱོར་བ་ལ། རྟགས་སྦྱོར་ཁོང་ན་འཁོད་པར་བྱ་བ་ཡིན་པའི་ཕྱིར་ཡང་མི་རིགས་སོ། །མཚོན་བྱ་ཞེས་པའི་མིང་ཆོས་ཅན། མཚོན་བྱ་མིན་པ་ལ་རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། མཚོན་བྱའི་མིང་གང་ཞིག མཚོན་བྱ་མིན་པ་མཚོན་བྱའི་བྱེ་བྲག་ཡིན་པའི་ཕྱིར། འདོད་ན། དེ་རང་གི་བརྗོད་བྱར་མི་སྤོང་བར་ཐལ་ལོ། །འདོད་ན། མཚོན་བྱ་ལ་རང་གི་བརྗོད་བྱའི་འགལ་ཟླ་རྣམ་པར་གཅོད་པའི་སྒོ་ནས་འཇུག་པ་མིན་པར་ཐལ། འདོད་ན། དེ་ལ་གཞན་སེལ་གྱི་སྒྲ་མིན་པར་ཐལ་ལོ། །ཡང་བཏགས་ཡོད་ཆོས་གསུམ་ཚང་བ་མཚོན་བྱའི་མཚན་ཉིད་དུ་འགོད་ན། བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ལ་ཡང༌། བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཞེས་འགོད་དགོས་པར་འགྱུར་རོ། །དེ་ལྟར་ན། བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ལའང༌། མཚན་ཉིད་གཞན་བཙལ་དགོས་པས། དེ་ལའང་ཐུག་མེད་དུ་འགྱུར་རོ། །གཞན་ཡང༌། མཚན་ཉིད་ཅེས་པ་འདི། ལོ་འདབ་ཅན་གྱི་ལྗོན་པ་ལྟ་བུའི་ངོ་བོ་ལ་འདོད་དམ། དེ་ལས་གཞན་ཡིན། དང་པོ་ལྟར་ན། དེ་ལ་མཚན་ཉིད་གཉིས་པ་མེད་པས། མཚན་ཉིད་ལ་མཚན་ཉིད་དགོས་པ་དོན་མེད་དོ། །གཉིས་པ་ལྟར་ཡང་མི་འཐད་དེ། དེ་དག་ལས་གཞན་པའི་མཚན་ཉིད་མངོན་སུམ་རྗེས་དཔག་གང་གིས་ཀྱང་མ་དམིགས་པའི་ཕྱིར། མཚོན་བྱ་ཞེས་པའང་ཤིང་ལ་སོགས་པ་ལ་འདོད་དམ། དེ་ལས་གཞན་དུ་གྲུབ་པ་ལ་འདོད། དང་པོ་ལྟར་ན། ཡལ་ག་ལོ་འདབ་དང་ལྡན་པའི་ལྗོན་པ་དེའི་མཚན་ཉིད་ཡིན་པས། མཚོན་བྱའི་མཚན་ཉིད་དུ་བཏགས་ཡོད་ཆོས་གསུམ་ཚང་བ་འདོད་པ་དོན་མེད་དོ། །མཚན་མཚོན་རྫས་ཅིག་པའང་མིན་ཏེ་ལོ་འདབ་ཅན་ཤིང་གི་བདག་ཉིད་དུ་རང་གི་རྒྱུ་རྐྱེན་ལས་སྐྱེས་པར་ཐལ། ཤིང་གི་བདག་ཉིད་དུ་དངོས་པོའི་སྟོབས་ལ་གནས་པའི་ཕྱིར། འདོད་ན། ལོ་འདབ་ཅན་ཤིང་མིན་པར་དམ་བཅས་པའི་དོན་དངོས་པོ་སྟོབས་ཤུགས་ཀྱི་ཚད་མའི་བསལ་བར་འགྱུར་གྱི། གྲགས་པའི་བསལ་བ་ཉིད་དུ་མི་འགྱུར་རོ། །ཤིང་ཞེས་བརྡ་མ་བཏགས་པའི་སྔ་རོལ་དུ་ཡང༌། དེ་ལ་ཤིང་ངོ་སྙམ་པའི་བློ་སྐྱེ་སྲིད་པར་འགྱུར་རོ། བརྡ་མཐོང་བའི་ངོར་ཤིང་དུ་འགྱུར་གྱི། མ་མཐོང་བ་ལ་ཤིང་དུ་མི་འགྱུར་བའི་བྱེ་བྲག་ཀྱང་མེད་པར་ཐལ་བ་དང༌། མིང་དོན་གྱི་འབྲེལ་པ་མི་ཤེས་པ་ལ། སོ་སོར་སྣང་བ་ཡང་མི་འགྱུར་བར་ཐལ་བ་དང༌། ཤིང་ཞེས་བརྡ་བཏགས་པའི་འོག་རོལ་དུ་གྲགས་པར་འགྱུར་གྱི་མ་བཏགས་པ་ལ་ཤིང་ཞེས་ཐ་སྙད་བྱེད་པ་ཅུང་ཟད་ཀྱང་མེད་པ་མིན་པར་ཐལ་ལོ། །ཁྱོད་ཤིང་གི་བདག་ཉིད་དུ་རྒྱུ་རྐྱེན་གྱི་སྟོབས་ལས་སྐྱེས་པའི་ཕྱིར། དངོས་སྟོབས་ཀྱི་བདག་ཉིད་འབྲེལ་པ་དང་མིང་དོན་གྱི་བདག་ཅིག་འབྲེལ་ཚུལ་ཡང་ཁྱད་པར་མེད་པར་འགྱུར་པས་ལོག་པར་རྟོག་པ་ཁོ་ནའོ། །གཉིས་པ་རང་ལུགས་བཞག་པ་ནི། མིང་ལ་མ་ལྟོས་པར་བློ་ཡུལ་དུ་འཆར་སྣང་གི་ལོ་འདབ་ཅན་གྱི་གཟུགས་བརྙན་ལྟ་བུ་ལ་ཐོག་མར་མཚན་ཉིད་ལ་མ་ལྟོས་པར་འདོད་རྒྱལ་གྱི་མིང་སྦྱོར་བར་བྱེད་ལ། ཕྱིས་དེ་དང་རིགས་མཐུན་པ་མཐོང་ཡང་མཚན་ཉིད་ཀྱི་ཐ་སྙད་མི་བྱེད་པ་རྣམས་ལ། རྒྱུ་མཚན་རྟགས་སུ་བཀོད་ནས་མཚན་ཉིད་ཀྱི་ཐ་སྙད་བྱར་རུང་དུ་སྒྲུབ་པ་བྱེད་དེ། དཔེར་ན་ལྟོ་ལྡིར་བ་ཆོས་ཅན། མཚན་ཉིད་ཡིན་པའི་ཐ་སྙད་བྱར་རུང་སྟེ། མིང་ལ་མ་ལྟོས་པར་རྣམ་པ་འཆར་རུང་གི་བདག་ཉིད་ཡིན་པའི་ཕྱིར། དཔེར་ན་ལོ་འདབ་ཅན་བཞིན་ཞེས་པ་ལྟ་བུའོ། །དེ་ལྟར་རྟགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་གྱི། མཚན་ཉིད་གཞན་བཙལ་ནས་དེས་མཚོན་པར་བྱ་བ་ནི། གལ་ཏེ་དཔེར་བཀོད་པའི་ལོ་འདབ་ཅན། དེའི་མཚན་ཉིད་ཡིན་ནམ་མིན། །ཡིན་ན་དེ་ལ་ཡང་མཚན་ཉིད་གཞན་བཙལ་དགོས་པའི་ཕྱིར་ཐུག་མེད་དུ་འགྱུར་ལ། མིན་ན་མཚན་ཉིད་སྒྲུབ་པའི་མཐུན་དཔེར་མི་རུང་ངོ་ཞེ་ན། ལོ་འདབ་ཅན་ལ་མཚན་ཉིད་ཀྱི་ཐ་སྙད་བྱེད་པ་ནི། འདོད་རྒྱལ་གྱི་སྒྲ་ཡིན་པས་རྒྱུ་མཚན་གཞན་བཙལ་དུ་མེད་ལ། བརྡའི་དབང་གིས་མཚན་ཉིད་དུ་བཞག་པས་གྲགས་པས་མཚན་ཉིད་དུ་གྲུབ་པའི་ཕྱིར་དཔེར་ཡང་རུང་ངོ༌། །མཚན་ཉིད་དང་མཚོན་བྱའི་རང་བཞིན་ཅི་ཞེ་ན། དེ་ལ་མཚན་ཉིད་ནི་རྟོག་པ་ལ་ལྟོ་ལྡིར་བ་ལ་སོགས་པའི་དོན་གྱི་རྣམ་པ་སྣང་བས་ཏེ། དེ་ཉིད་ལ་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་ནས་དོན་གྱི་རང་བཞིན་རྣམ་པར་འཇོག་པའི་ཕྱིར་རོ། །མཚོན་བྱ་ནི་མིང་སྟེ། དེ་ལ་ལྷས་སྦྱིན་ཞེས་སོགས་རྫས་ལ་འཇུག་པའི་མིང་དང༌། བུམ་པ་ཞེས་སོགས་རིགས་ལ་འཇུག་པའི་མིང་གཉིས་ལས། རིགས་ཀྱི་མིང་ཡིན་ཏེ། ལྟོ་ལྡིར་བ་ལ་སོགས་པ་དོན་སོ་སོར་ངེས་པ་ལ་དངོས་མིང་དུ་འཇུག་པའི་ཕྱིར། རྫས་ལ་འཇུག་པའི་མིང་ནི་མིན་ཏེ། འདི་དོན་ངེས་མེད་སྣ་ཚོགས་ཀྱི་དངོས་མིང་དུ་འཇུག་པའི་ཕྱིར། ཅིའི་ཕྱིར་མཚན་ཉིད་ལ་མཚན་ཉིད་མི་དགོས་ཞེ་ན། མཚན་ཉིད་ནི་ལྐོག་ཞལ་ལ་སོགས་དོན་ཡིན་པས། དེ་བློ་ཡུལ་དུ་མ་ཤར་ན་འདིའི་མཚན་ཉིད་ཅི་ཞེས་ཚོལ་བར་མི་བྱེད་ལ། ཤར་ན་རང་བཞིན་ལ་ཐེ་ཚོམ་ཆོད་པའི་ཕྱིར་འདིའི་རང་བཞིན་ཅི་ཞེས་དོན་གཉིས་པ་ཚོལ་བའི་བློ་མི་སྐྱེ་བའི་ཕྱིར་རོ། །མཚོན་བྱ་ནི་བུམ་པ་ལ་སོགས་པའི་མིང་སྤྱི་ཡིན་པས། དེ་བློ་ཡུལ་དུ་ཤར་བ་ན་འདིའི་དོན་ཅི་ཞེས་ཚོལ་བར་བྱེད་དེ། མིང་ནི་གདོན་མི་ཟ་བར་དོན་འགའ་ཞིག་དང་རྗེས་སུ་འབྲེལ་དགོས་པའི་ཕྱིར་རོ། །དེས་ན་མཚོན་བྱར་འདོད་པ་ལ་ནི་མཚན་ཉིད་མ་བསྟན་པར་དེའི་དོན་རང་དབང་དུ་མི་ཤེས་པའི་ཕྱིར། དེ་ལ་མཚན་ཉིད་དགོས་པ་ཡིན་ནོ། །མཚོན་པའི་དོན་ནི། དོན་ཉན་པས་མིང་དོན་གྱི་འབྲེལ་པ་ཁོང་དུ་ཆུད་ནས་མིང་དོན་ལ་ཐེ་ཚོམ་ཆོད་པས་སོ། །འདི་གཉིས་བརྡ་མི་ཤེས་པ་རྣམས་ཀྱིས་འདིའི་དོན་ཅི་ཞེས་ཚོལ་བར་བྱེད་པས་མིང་དོན་སོ་སོར་སྣང་བས་དེའི་ངོར་ལོ་འདབ་ཅན་དང༌། ཤིང་གཉིས་ངོ་བོ་གཅིག་ཏུ་སྣང་བ་མིན་ལ་བརྡ་སྦྱར་གྱི་འོག་རོལ་དུ་ནི་མིང་དོན་གཅིག་ཏུ་བསྲེས་ནས་འཛིན་པས། ཐ་མི་དད་དུ་སྣང་བའི་ཕྱིར། ཕན་ཚུན་གཅིག་གཅིག་ཡིན་པར་མཐའ་གཅིག་ཏུ་འཛིན་པ་ཡིན་ནོ། །དེ་ཡང་བརྡ་མཐོང་བའི་དབང་གིས་དེ་ལྟར་ཡིན་གྱི། དངོས་པོའི་སྟོབས་ལ་དེ་ལྟར་འཛིན་པ་ནི་མིན་ནོ། །མཚན་ཉིད་ཡང་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་དང་བྲལ་བ་ཞིག་བསྟན་པར་བྱ་བ་ཡིན་ཏེ། རྒྱུ་སོགས་མཚན་ཉིད་བསལ་བྱ་ལ། །ལྟོས་པ་མེད་པར་མ་ཁྱབ་དང༌། །ལྡོག་པ་དག་ནི་སྤང་བ་ཉིད། །ཕྱོགས་ཀྱི་མཚན་ཉིད་བསྟན་པ་ཡིན། །ཅེས་པ་དང༌། བསལ་བ་གནོད་དང་ལྷག་མ་ལ། །མཚན་ཉིད་འཇུག་པ་མེད་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །ཅིའི་ཕྱིར་སྐྱོན་གསུམ་དང་བྲལ་བ་དགོས་ཅེ་ན། མཚན་ཉིད་ཀྱིས་མཚོན་བྱ་མཚོན་པ་ནི། མིང་དོན་གྱི་འབྲེལ་བ་ཁོང་དུ་ཆུད་པའི་ཕྱིར་ཡིན་ལ། མིང་དོན་ལ་ལོག་པར་རྟོག་པ་ཡང་གསུམ་དུ་ངེས་པའི་ཕྱིར་རོ། །དེ་ཡང་འདོད་པའི་དོན་དང་མ་འབྲེལ་བ་དང༌། མི་འདོད་པ་དང་འབྲེལ་བ་དང༌། འདོད་པའི་དོན་གྱི་ཆ་ཤས་ཙམ་དང་ཡང་མ་འབྲེལ་བའི་ལོག་རྟོག་གསུམ་ལས་དང་པོ་ནི་མ་ཁྱབ་པའི་སྐྱོན་ནོ། །གཉིས་པ་ནི་ཁྱབ་ཆེས་པའི་སྐྱོན། གསུམ་པ་ནི་མི་སྲིད་པའི་སྐྱོན་ནོ། །དེ་ལ་སྐྱོན་གསུམ་གང་ཡང་རུང་བ་ཞུགས་པས་ཀྱང་མིང་དོན་གྱི་འབྲེལ་པ་ཕྱིན་ཅི་མ་ལོག་པ་མི་རྟོགས་པས་མཚན་ཉིད་ལ་སྐྱོན་གསུམ་དང་བྲལ་བ་དགོས་པར་སྟོན་ནོ། །དབྱེ་བ་ལ་གཉིས་ཏེ། རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དོ། །དང་པོ་ནི་རང་གི་ངོ་བོ་གཞན་དང་ཐུན་མོང་མིན་པ་མཚོན་པར་བྱེད་པ་སྟེ། མེའི་མཚན་ཉིད་དུ་ཚ་བ་བཀོད་པ་ལྟ་བུའོ། །གཉིས་པ་ནི་བུམ་པའི་འདུས་བྱས་ཀྱི་མཚན་ཉིད་དུ་མི་རྟག་པ་བཀོད་པ་ལྟ་བུའོ། །དང་པོ་ལ་ནི་སྐྱོན་གསུམ་དང་བྲལ་བ་དགོས་ཀྱི། ཕྱི་མ་ལ་ནི་ཁྱབ་ཆེ་བ་སྐྱོན་མིན་ནོ། །དང་པོ་ལ་ཡང་ལོག་རྟོག་སེལ་བ་དང་རིགས་མི་མཐུན་སེལ་བའི་མཚན་ཉིད་གཉིས་སུ་འགྱུར་རོ། །མཚན་ཉིད་ལ་རྫས་ཡོད་ཅེས་པ་ནི། མིང་ལ་མ་ལྟོས་པར་རྣམ་པར་འཆར་རུང་ཡིན་པའི་ཕྱིར་རྫས་ཡོད་དོ། །མཚོན་བྱ་ལ་བཏགས་ཡོད་ཅེས་པ་ནི། དོན་སོ་སོར་ངེས་པ་ལ་བརྗོད་འདོད་ཀྱིས་བརྡ་སོ་སོར་སྦྱར་བ་ཙམ་གྱིས་བཞག་པའི་ཕྱིར་རོ། །མཚོན་བྱ་དང་མཚོན་བྱེད་འགལ་བ་ཡིན་གྱི། མཚན་ཉིད་དང་མཚོན་བྱ་ཙམ་ནི་འགལ་བ་མིན་ཏེ། མི་རྟག་པ་འདུས་བྱས་སྤྱིའི་མཚན་ཉིད་དང༌། སྐད་ཅིག་མའི་མཚོན་བྱ་ཡང་ཡིན་པའི་ཕྱིར་རོ། །མཚན་ཉིད་ཀྱི་སྒྲ་བྱ་བྱེད་གཉིས་དང་འབྲེལ་བས་ལས་ལ་འཇུག་པའི་ཚེ་མཚོན་པར་བྱ་བས་ན་མཚན་ཉིད་ཅེས་རྣམ་པར་འཇོག་ལ། བྱེད་པ་ལ་འཇུག་པའི་ཚེ་མཚོན་པར་བྱེད་པས་ན་མཚན་ཉིད་ཅེས་བྱ་བ་ཡིན་ལ་འདིར་ནི་མཚོན་བྱེད་ལ་མཚན་ཉིད་དུ་བྱེད་པ་ཉིད་གཙོ་བོར་བཟུང་ངོ༌། །གཉིས་པ་གཞུང་གི་དོན་ལ། མཚན་ཉིད་ཀྱི་རྣམ་གཞག་དང༌། མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པ་གཉིས། དང་པོ་ལ་སྤྱིར་མཚན་མཚོན་གཞི་གསུམ་གྱི་རང་བཞིན། བྱེ་བྲག་དུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ། མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པ་དང་གསུམ། དང་པོ་ལ་ཤེས་བྱ་ལ་ཆོས་གསུམ་གྱིས་ཁྱབ་པ་སྒྲུབ་པ། ཁྱབ་བྱེད་ཆོས་གསུམ་གྱི་རང་བཞིན་ངེས་པར་བྱ་བ། ཆོས་གསུམ་སོ་སོའི་རྣམ་གཞག་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། མཚན་མཚོན་གཞི་གསུམ་པོ་དེའི་རྣམ་གཞག་བཤད་པ་ལ་རྒྱུ་མཚན་ཡོད་དེ། ཤེས་བྱ་ཀུན་ལ་མཚན་མཚོན་གཞི་གསུམ་གྱིས་ཁྱབ་པའི་ཕྱིར། རྟགས་རང་རིག་མངོན་སུམ་གྱིས་གྲུབ་སྟེ། ཤེས་བྱའི་རྣམ་པ་བློ་ལ་འཆར་བ་ན། གཞན་དང་མི་འདྲ་བའི་རྣམ་པ་དང༌། དེ་ཉིད་ལ་སྒྲ་བློ་མ་འཁྲུལ་བའི་ཞེན་རུང་དང༌། གཞི་དང་བཅས་པར་འཆར་བའི་ཕྱིར་རོ། །གཉིས་པ་ལ་ངོ་བོ་ངོས་བཟུང༌། དེར་འཇོག་པའི་འཐད་པ། སོ་སོའི་མཚན་ཉིད་དང་གསུམ། དང་པོ་ནི། མཚན་ཉིད་ནི་འདིས་གོ་བར་བྱེད་པ་རྣམ་འཇོག་གི་རྒྱུ་སྟེ། ནོག་སོགས་འདུས་པའི་གོང་བུ་ལྟ་བུ་དོན་གྱི་ཆོས་ཡིན་ལ། མཚོན་བྱ་ནི་འདི་གོ་བར་བྱ་བ་རྣམ་གཞག་གི་འབྲས་བུ་སྟེ་བ་ལང་གི་ཐ་སྙད་ལྟ་བུ་བློའི་ཆོས་ཡིན་ནོ། །མཚན་གཞི་ནི། འདི་ལ་གོ་བར་བྱ་བའི་རྟེན་ཏེ། ནོག་སོགས་འདུས་པའི་དཀར་ཟལ་ལྟ་བུའོ། །གསུམ་པོ་འདི་ལའང་དོན་རང་མཚན་གྱི་ཆ་ནས་མི་འགྱུར་གྱི་གཞན་སེལ་ཁོ་ན་ཡིན་ཏེ། རྣམ་འགྲེལ་ལས། བྱ་བ་བྱེད་པའི་ཐ་སྙད་དག །ཐམས་ཅད་དེ་ལྟར་རྣམ་པར་གནས། །ཐ་དད་འདོད་པའི་དངོས་རྣམས་ལ། །སྒྲོ་འདོགས་པས་ནི་འཇུག་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི། ཆོས་གསུམ་དུ་འཇོག་པ་ལའང་རྒྱུ་མཚན་མེད་ན་ཐམས་ཅད་འཆོལ་བར་འགྱུར་བས། དཀར་ཟལ་དང་བ་ལང་དང་ལྐོག་ཤལ་གསུམ་དུ་འཇོག་པའི་རྒྱུ་མཚན་བརྟག་དགོས་སོ། །གསུམ་པ་ལ་འོ་ན་དེ་དག་དུ་འཇོག་པའི་རྒྱུ་མཚན་གང་ཞེ་ན། གསུམ་ཏེ། མཚན་ཉིད་ཀྱི་ཐ་སྙད་དང༌། མཚོན་བྱའི་ཐ་སྙད་དང༌། མཚན་གཞིའི་ཐ་སྙད་ཀྱི་མཚན་ཉིད་དོ། །དང་པོ་ལ་གསུམ། མཚན་ཉིད་ལ་མཚན་ཉིད་དགོས་མི་དགོས་དཔྱད་པ། དགོས་པའི་མཚན་ཉིད་བཞག་པ། དེའི་གསལ་བྱ་སྐྱོན། དང་པོ་ལ་གསུམ་ལས། གཞན་ལུགས་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། ཁ་ཅིག་མཚན་ཉིད་ལ་མཚན་ཉིད་མི་དགོས་ཏེ། དོན་ལྡོག་རྫས་ཡོད་ཡིན་པའི་ཕྱིར་དང༌། དགོས་ན་ཐུག་མེད་དུ་འགྱུར་ཞེས་ཟེར་རོ། །ཕྱ་པ་ན་རེ། སྔོན་པོ་ལ་མངོན་གྱུར་གྱི་དོན་གྲུབ་ཀྱང་ཐ་སྙད་མ་གྲུབ་པ་ལ་ཐ་སྙད་སྒྲུབ་པ་བཞིན་དུ། མཚན་ཉིད་ལ་དོན་དང་ཐ་སྙད་གཉིས་ལས་མཚན་ཉིད་ཀྱི་དོན་ལ་མཚན་ཉིད་མི་དགོས་ཀྱང་དོན་དེ་མཚན་གཞིར་བཞག་ནས་མཚན་ཉིད་ཀྱི་ཐ་སྙད་དུ་མཚོན་པ་ལ་མཚན་ཉིད་གཞན་དགོས་སོ། །མཚན་ཉིད་ཀྱི་ཐ་སྙད་རྫས་ཡོད་ཡིན་པའི་རྟགས་མ་གྲུབ་བོ་གསུང་ངོ༌། །རྩང་ནག་པ་ལ་སོགས་གཞན་དག་ནི། མཚན་ཉིད་ཀྱི་དོན་ལའང་མཚན་ཉིད་དགོས་ཏེ། ཐ་སྙད་པའི་མཚན་ཉིད་བ་ལང་གི་ཐ་སྙད་ལ། མཚན་ཉིད་ལྐོག་ཤལ་དགོས་པ་བཞིན་དུ། དེ་དང་འདྲ་བར་མཚོན་བྱ་ལའང་མཚོན་བྱ་གཞན་ཡོད་དགོས་ལ། དེ་ལྟ་ན་མཚན་མཚོན་ཐུག་མེད་དུ་འགྱུར་ཞེས་པ་ལ། རྟགས་ཐུག་མེད་དུ་ཡོད་པ་བཞིན་དུ་མཚན་མཚོན་ཡང་ཐུག་མེད་དུ་ཡོད་ཟེར་རོ། །གཉིས་པ་དེ་དགག་པ་ལ་གཉིས་ཏེ། མཚན་ཉིད་ཐུག་མེད་དགག་པ་དང༌། མཚོན་བྱ་ཐུག་མེད་དགག་པའོ། །དང་པོ་ནི། རྣམ་འཇོག་གི་རྒྱུ་མཚན་ཉིད་མ་ངེས་པར་དེས་རྣམ་པར་བཞག་བྱའི་འབྲས་བུ་མཚོན་བྱ་ངེས་ན། མཚན་ཉིད་ཆོས་ཅན། རྨོངས་པས་མཚོན་བྱ་གོ་བ་ལ་ཁྱོད་དགོས་པའི་ཁྱབ་པ་མེད་པར་ཐལ། དེ་མ་ངེས་ཀྱང་རྨོངས་པས་མཚོན་བྱ་གོ་བའི་ཕྱིར། མ་གྲུབ་ན། རྩ་བའི་མཚན་ཉིད་མེད་པར་ཐལ། །ཕྱི་མ་ཐུག་མེད་ངེས་པ་ལ་ལྟོས་པའི་ཕྱིར་རོ། །དེས་ན་ཐུག་མེད་ལ་མཚན་མཚོན་སྐྱོན་མེད་འཇིག་གོ །སྐྱོན་མེད་དེ། དེའི་མཚན་ཉིད་མ་ངེས་ཀྱང་རྟགས་ཀྱིས་མཚན་གཞིས་བསྒྲུབ་བྱའི་དོན་སྒྲུབ་པའི་ཕྱིར་རོ་ཞེ་ན། མཚན་ཉིད་མ་ངེས་པར་མཚན་གཞིས་བསྒྲུབ་བྱ་སྒྲུབ་མི་ནུས་ཏེ། རྣམ་ངེས་ལས། རྟགས་རང་ཉིད་རྣམ་པར་ངེས་པའི་ཡུལ་དུ་གྱུར་པས་རྟགས་ཅན་རྟོགས་པར་བྱེད་པ་མིན་ཞེས་སོ། །གཉིས་པ་ནི་བ་ལང་གི་ཐ་སྙད་དེ་ལ་སྒྲས་བརྗོད་རུང་ཙམ་མེད་ན་བརྗོད་བྱ་ལས་འདས་ཞིང༌། བློས་ཞེན་རུང་ཙམ་མེད་ན་ཤེས་བྱ་ལས་འདས་པར་ཐལ་ལོ། །ཡོད་ན་སྒྲ་བློས་ཞེན་རུང་གི་ཐ་སྙད་དེ་བ་ལང་གི་ཐ་སྙད་ལས་ལྡོག་པ་ཐ་དད་ཅིག་མཚོན་བྱའང་ཡིན་ནོ། །དེས་ན་བ་ལང་གི་ཐ་སྙད་དེ་ཉིད། སྒྲ་བློས་ཞེན་རུང་གི་ཐ་སྙད་ཕྱི་མའི་མཚན་ཉིད་ཡིན་ཏེ། ཐ་སྙད་ཕྱི་མའི་ཞེན་པ་ཡིན། ཐ་སྙད་ཕྱི་མ་དེ་སྔ་མའི་ཞེན་ཆོས་ཡིན་པས་སྔ་མའི་མཚོན་བྱ་ཡིན་ནོ་ཞེས་རྩང་ནག་པ་ལ་སོགས་འདོད་དོ། །གཉིས་པ་དེ་དགག་པ་ལ་གཉིས་ཏེ། མགོ་སྦྲེའི་ལན་དང༌། དེའི་ལན་དགག་པའོ། །དང་པོ་ནི། དེ་ལྟ་ཡིན་ན། ཤིང་གི་མཚན་ཉིད་ཡལ་ག་ལ་ཡལ་ག་གཞན་གཉིས་པ་ཡོད་དམ་མེད། མེད་ན་ཡལ་ག་ཆོས་ཅན། ཤིང་མིན་པར་ཐལ་ལོ། །ཡོད་ན་དེ་ལའང་གཉིས་པ་དང་གསུམ་པ་ལ་སོགས་དགོས་པས་ཤིང་གི་མཚན་ཉིད་ཡལ་ག་ལའང་ཆོས་ཅན། ཡལ་ག་ཐུག་མེད་དུ་འདོད་དགོས་སོ། །གཉིས་པ་ནི། ཡལ་ག་ནི་ཡལ་ག་གཞན་མེད་ཀྱང༌། དེ་ཤིང་མིན་པར་མི་འགྱུར་ཏེ། མཚན་ཉིད་ཡལ་ག་དེས་མཚན་གཞི་ཙནྡན་དེ་མཚོན་བྱ་ཤིང་དང་ངོ་བོ་དབྱེར་མེད་དུ་སྒྲུབ་པའི་ཕྱིར། ཙནྡན་ཤིང་དུ་གྲུབ་པ་ན་ཡལ་ག་ཉིད་ཀྱང་ཤིང་དུ་གྲུབ་པས་ཐུག་མེད་འདོད་མི་དགོས་སོ་ཞེ་ན། འདིར་ཡང་བ་ལང་གི་ཐ་སྙད་ལ། ཐ་སྙད་གཞན་གཉིས་པ་གཅིག་མེད་ནའང་དེ་ཤེས་བརྗོད་ལས་འདས་པར་མི་འགྱུར་རོ། །བ་ལང་གི་ཐ་སྙད་དེ་རང་ཐ་སྙད་དུ་གྲུབ་པའི་ཕྱིར་ཤེས་བྱའི་ངོ་བོ་དང་བརྗོད་བྱར་གྲུབ་པས་ཐ་སྙད་ཐུག་མེད་ག་ལ་དགོས། དེ་ལྟ་མིན་ན། ཙནྡན་སྔ་མ་ལ་ཕྱི་མ་མེད་ན་སྔ་མ་དྲི་དང་བྲལ་བར་ཐལ་བ་དང༌། མེའི་མཚན་ཉིད་ཚ་བ་ལ་ཚ་བ་གཉིས་པ་མེད་ན། ཚ་བ་མེ་མིན་དུ་ཐལ་བ་དང༌། མེ་ལ་མེ་གཉིས་པ་མེད་ན་སྔ་མ་མེ་མིན་པར་ཐལ་བ་ལ་སོགས་དཔག་ཏུ་མེད་དོ། །དེས་ན་མཚན་ཉིད་དང་ཐ་སྙད་ཐུག་མེད་ལ་སོགས་པ་འབྲས་ཆན་ཟ་བ་ལས་ས་བོན་གྱི་ཕྱི་མོ་ཚོལ་བ་ལྟར་དོན་མེད་པར་དགོངས་ནས་སྡེ་བདུན་གྱི་གཞུང་གང་ནས་ཀྱང་མ་གསུངས་སོ། །གཉིས་པ་རང་ལུགས་ནི། མཁས་པས་དོན་ཚུལ་གསུམ་གྲུབ་པ་ན་དེའི་བརྡ་གཏན་ཚིགས་ཀྱི་ཐ་སྙད་དང༌། དོན་ནོག་ལྐོག་ཤལ་གྲུབ་པ་ན་དེའི་བརྡ་བ་ལང་གི་ཐ་སྙད་གྲུབ་ལ། བླུན་པོ་ལ་མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱའི་ཐ་སྙད་སྒྲུབ་བོ། །མདོར་ན་བརྡ་དང་དོན་དེའི་འབྲེལ་པ་ནམ་གྲུབ་ཅིང་རྟོགས་པ་དེའི་ཚེ་ཐ་སྙད་འགྲུབ་བོ། །འོ་ན་བློན་པོ་ལ་ཐ་སྙད་ཇི་ལྟར་སྒྲུབ་སྙམ་ན། དུ་བ་རྟགས་ཙམ་དུ་སྒྲུབ་ན། གང་ཚུལ་གསུམ་ཚང་བ་དེ་རྟགས་ཡིན། བྱས་པ་བཞིན་དུ་དུ་བ་ལའང་ཚུལ་གསུམ་ཚང་ངོ་ཞེས་སོ། །ཚུལ་གསུམ་ཚང་བ་ཉིད་ལ་རྟགས་སུ་ཐ་སྙད་འདོགས་པ་ཅི་ཞེ་ན། གང་ཚུལ་གསུམ་ཚང་བ་ལ་རྟགས་ཀྱི་བརྡ་བྱས་ཏེ་བྱས་ཡོད་བཞིན་ནོ། །དུ་བ་ལའང་ཚུལ་གསུམ་ཚང་ངོ་ཞེས་བརྡ་དྲན་པར་བྱས་པས་སྒྲུབ་བོ། །བྱེ་བྲག་ཏུ་སྒྲུབ་པའང་དེས་ཤེས་སོ། །མཚན་ཉིད་ལའང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ཙནྡན་ལྟ་བུའི་སྟེང་གི་ཡལ་ག་ལོ་འདབ་དང་ལྡན་པའི་མཚན་གཞི་གཅིག་ལ། ཐོག་མར་ཤིང་ཞེས་བརྡ་འདོགས་སོ། །དེ་ནི་བརྡ་དུས་ཀྱི་མིང་དང༌། འདོད་རྒྱལ་བའི་སྒྲ་དང༌། ཐོག་མའི་མིང་ཞེས་བྱས་ཏེ། འདིར་ཐོག་མའི་བརྡ་འདོད་རྒྱལ་བ་ཡིན་པས་རྒྱུ་མཚན་བཙལ་དུ་མེད་དོ། །ཤྭ་བ་ལྟ་བུའི་སྟེང་གི་ཡལ་ག་ལོ་འདབ་ལྡན་པའི་ལྗོན་པ་ལ་དང་པོའི་བརྡ་མི་དྲན་པའི་གང་ཟག་གི་ངོར། ཕྱིས་ཐ་སྙད་གྱི་དུས་སུ་ཡལ་ག་ལོ་འདབ་དང་ལྡན་པའི་ལྗོན་པ་ཡིན་ན་ཤིང་ཡིན་པའི་ཐ་སྙད་དུ་བྱ་རུང༌། ཤྭ་བ་འདི་ཡང་ཡལ་ག་ལོ་འདབ་དང་ལྡན་པ་ཡིན་ནོ་ཞེས་བཀོད་ནས། དང་པོ་ཙནྡན་གྱི་སྟེང་གི་ཡལ་ག་ལོ་འདབ་དང་ལྡན་པ་ལ་ཤིང་ཞེས་པའི་བརྡ་བཏགས་པ་དཔེར་བྱའོ། །ཐོག་མར་ཤིང་ཞེས་བརྡ་བཏགས་པའི་ཐུན་དཔེ་ལ་ནི། རྒྱུ་མཚན་བཙལ་དུ་མེད་དེ། ཐོག་མའི་མིང་དང་འདོད་རྒྱལ་བའི་བརྡ་ཡིན་པས་སོ། །འདོད་རྒྱལ་ཐོག་མའི་མིང་གང་ཡིན་ཞེས་གསུངས་པ་ལྟར་རོ། །སྦྱོར་བ་འདིར་རྟོགས་ཀྱང་སླའོ། །འདི་ནི་སྦྱོར་བ་དང་པོའོ། །ཡང་ཡལ་ག་ལོ་འདབ་དང་ལྡན་པའི་ལྗོན་པ་ལྟ་བུ་མཚན་གཞིར་བཟུང་ནས། དེ་ལ་མཚན་ཉིད་ཞེས་ཐོག་མར་བརྡ་སྦྱོར་བ་ནི། ཐོག་མའི་མིང་དང༌། འདོད་རྒྱལ་བའི་སྒྲའོ། །ཡང་ཕྱིས་ཐ་སྙད་ཀྱི་དུས་སུ་བརྡ་ལ་རྨོངས་པའི་གང་ཟག་གིས་མཚན་གཞི་གཞན་གྱི་སྟེང་དུ། དང་པོའི་བརྡ་འབྲེལ་དྲན་པའི་དོན་དུ་དངོས་འགལ་གཅོད་པའི་དོན་དུ་དངོས་འགལ་གཅོད་པའི་དོན་ལྡོག་ཡིན་ན་མཚན་ཉིད་ཡིན་པས་ཁྱབ། དཔེར་ན། ཡལ་ག་ལོ་འདབ་དང་ལྡན་པའི་ལྗོན་པ་ལ་ཤིང་གི་བརྡ་བསྟན་པ་བཞིན་ནོ། །ནོག་ལྐོག་ཤལ་འདི་ཡང་དངོས་འགལ་གཅོད་པའི་དོན་ལྡོག་ཡིན་ནོ་ཞེས་བརྡ་དྲན་གྱི་ཐ་སྙད་བསྒྲུབ་པར་བྱའོ། །འདི་ནི་སྦྱོར་བ་གཉིས་པའོ། །ཡང་ཕྱིས་ཐ་སྙད་ཀྱི་དུས་སུ། །ཙནྡན་གྱི་དངོས་འགལ་གཅོད་པའི་དོན་ལྡོག་ཆོས་ཅན། མཚན་ཉིད་ཡིན་ཏེ། གང་གི་མཚོན་བྱ་མཚོན་པར་བྱེད་པ་ཡིན་པའི་ཕྱིར་ཏེ། མིང་དོན་གྱི་འབྲེལ་བ་གོ་བྱེད་ཡིན་པའི་ཕྱིར་ཞེས་པ་ནི་སྦྱོར་བ་གསུམ་པ་ཡིན་པས་སྦྱོར་བ་གསུམ་པར་ཐུག་ཅེས་པའི་དོན་ནོ། །སྦྱོར་བ་གསུམ་གྱིས་མཚན་ཉིད་དང་མཚོན་བྱའི་འབྲེལ་པ་མ་ལུས་པ་ཁོང་དུ་ཆུད་པའི་ཕྱིར་དང༌། སྦྱོར་བ་བཞི་པ་ཕན་ཆད་མི་དགོས་ཞིང་སྔར་ལས་རྟོགས་པ་ལྷག་པོ་སྐྱེད་པའི་ནུས་པ་མེད་པས་ན་གསུམ་པར་ཐུག་ཅེས་གསུངས་སོ། །བོད་གཞན་དག་གིས་ནི། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply