རིགས་པའི་གཏེར་གྱི་ལེགས་པར་བཤད་པའི་དོན་འདི་ཁོང་དུ་མ་ཆུད་པས་ཅལ་ཅོལ་འབའ་ཞིག་སྨྲ་བར་ཟད་དོ། །ལེགས་བཤད་འདི་ནི་གཞན་གྱིས་རྐུས་པར་འོངས་པས་སྒྲིམ་མོ། །ཐུགས་མེད་བཀག་པ་ལ་རྩོད་པ་སྤང་བ་ནི། ཚུལ་གསུམ་ལ་ཚུལ་གསུམ་གཉིས་པ་མེད་ན་དེ་རྟགས་མིན་པར་འགྱུར་ལ། ཡོད་ན་དེ་ལ་གསུམ་པ་ལ་སོགས་པ་དགོས་པས་ཐུག་མེད་དུ་འགྱུར་རོ། །མིན་ཏེ། ལ་མེ་ལྡན་སྒྲུབ་ཀྱི་དུ་བ་ཆོས་ཅན། རང་ལས་གཞན་པའི་ཆོས་ཚུལ་གསུམ་གཉིས་པ་མེད་ཀྱང་རྟགས་ཡིན་ཏེ། རང་ལ་ཚུལ་གསུམ་དབྱེར་མེད་ཚང་བ་ཁོ་ནའི་ཕྱིར། དེས་ན་དུ་བ་ཉིད་ལ་ཆོས་ཚུལ་གསུམ་ཡོད་ཀྱི། དེ་ལ་ཚུལ་གསུམ་གཞན་ཞིག་རྩི་བ་མིན་ནོ། །རིགས་པ་འདིས་མཚན་ཉིད་ཐུག་མེད་དུ་ཐལ་བ་བསལ་ཏེ། ནོག་ལྐོག་ཤལ་ཉིད་དངོས་འགལ་གཅོད་པའི་དོན་ལྡོག་ཡིན་གྱི། དེ་ལས་ཆོས་གཞན་གཉིས་པ་མེད་པའི་ཕྱིར་རོ། །དགོས་པའི་མཚན་ཉིད་བཞག་པ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། ལོ་ཙཱ་བས། མཚན་ཉིད་ཀྱི་མཚན་ཉིད། མཚོན་བྱ་རྣམ་པར་འཇོག་པའི་རྒྱུ་མཚན་ནོ་ཞེས་གསུངས་ངོ༌། །འདི་ནི་མི་འཐད་དེ། གཏན་ཚིགས་ཀྱི་མཚན་ཉིད་དུ་སྒྲུབ་བྱ་གོ་བྱེད་ཡིན་ནོ་ཞེས་བརྗོད་ན་མཚུངས་པའི་ཕྱིར། ཕྱ་པ་སོགས་འགའ་ཞིག་མཚན་ཉིད་ཀྱི་མཚན་ཉིད་རྫས་ཡོད་ཆོས་གསུམ་ཚང་བར་འདོད་དོ། །ཆོས་གསུམ་ནི་སྤྱིར་མཚན་ཉིད་ཡིན་པ། མཚོན་བྱ་གཞན་གྱི་མཚན་ཉིད་མིན་པ། མཚན་ཉིད་ལ་བརྟེན་པའོ། །རྩང་ནག་པས། མཚོན་བྱའི་དོན་ལྡོག་གཞི་ལ་མ་གྲུབ་པ་ཞེས་གསུངས་སོ། །ཤེས་བྱ་ཆོས་ཅན། རྫས་ཡོད་ཆོས་གསུམ་ཚང་བ་དེ། མཚན་ཉིད་ཀྱི་མཚན་ཉིད་དུ་མི་འཐད་པར་ཐལ། དེ་ངེས་པ་མཚན་ཉིད་ཀྱི་ཐ་སྙད་ངེས་པ་ལ་ལྟོས་དགོས་པའི་ཕྱིར། ཆོས་ཅན། མཚོན་བྱའི་དོན་ལྡོག་གཞི་ལ་གྲུབ་པ་འདི། མཚན་ཉིད་ཀྱི་མཚན་ཉིད་དུ་མི་འཐད་པར་ཐལ། དེ་ངེས་པ་མཚོན་བྱའི་ཐ་སྙད་ངེས་པ་ལ་ལྟོས་དགོས་པའི་ཕྱིར། རང་ལུགས་ནི། ཅི་ལྟ་བུ་ལ་མཚན་ཉིད་ཞེས་བརྗོད་སྙམ་ན། དངོས་འགལ་གཅོད་པའི་དོན་ལྡོག་ལ་མཚན་ཉིད་ཅེས་བརྗོད་དོ། །དེ་ལ་དངོས་འགལ་ནི། མཚོན་བྱ་མིན་པའོ། །དེ་གཅོད་པ་ནི་མཚོན་བྱའོ། །དེའི་དོན་གྱི་ལྡོག་པ་ཉིད་ལ་བཟུང་ངོ༌། །བསལ་བྱ་སྐྱོན་ཀྱི་དབྱེ་བ་ལ། གཞན་ལུགས་དགག་པ་ལ་གཉིས་ལས། དང་པོ་འདོད་པ་བརྗོད་པ་ནི། བྱང་ཕྱོགས་ཀྱི་རྟོག་གེ་པ་རྣམས་ན་རེ། མཚན་ཉིད་ཀྱི་སྐྱོན་གསུམ་དུ་འདོད་དེ། རང་ལྡོག་རྫས་སུ་མ་གྲུབ་པ། དོན་ལྡོག་གཞན་འགྱུར། མཚན་གཞི་ལ་མི་གནས་པའོ། །དང་པོ་ནི། མཚོན་བྱ་ཉིད་མཚན་ཉིད་དུ་བཀོད་པ་ལྟ་བུའོ། །གཉིས་པ་ནི་མི་རྟག་པའི་མཚན་ཉིད་དུ་རྒྱུ་རྐྱེན་ལས་སྐྱེས་པ་བཀོད་པ་ལྟ་བུའོ། །འདི་ནི་མཚོན་བྱ་གཞན་གྱི་མཚན་ཉིད་བཀོད་པ་ལ་བྱའོ། །གསུམ་པ་ནི། དཀར་ཟལ་བ་ལང་དུ་མཚོན་པ་ལ། ཤིང་གི་མཚན་ཉིད་བཀོད་པ་ལྟ་བུའོ། །གཉིས་པ་དེ་དགག་པ་ལ་གཉིས་ལས། རིགས་པས་མི་འཐད་པ་ནི། འོ་ན་སྐྱོན་དེ་དག་སྦྱོར་བར་བཀོད་པ་ལ་བརྩིས་ན་སྟོང་ཉིད་མེད་དགག་དུ་མཚོན་བྱེད་ཀྱི་མཚན་ཉིད་སྒྲུབ་ཆོས་དོར་བ་འདི་ཆོས་ཅན། དོན་ལྡོག་གཞན་འགྱུར་དུ་ཐལ། མཚན་ཉིད་གང་ཞིག རང་གི་ཐ་སྙད་ལ་མི་སྲིད་པའི་ཕྱིར་ཏེ། སྟོང་པ་ཉིད་ཀྱིས་སྒྲུབ་ཆོས་དོར་བ་མི་སྲིད་པའི་ཕྱིར་ཏེ། སྟོང་པ་ཉིད་ལ་སྒྲུབ་ཆོས་ཡོད་པའི་ཕྱིར་རོ། །གལ་ཏེ་མཚན་ཉིད་མཚོན་བྱ་ལ་མི་སྲིད་པའི་དོན་ནི། མཚན་གཞི་ལ་མི་སྲིད་པ་ལ་བྱེད་དོ་ཞེ་ན། འོ་ན་རྟ་བ་ལང་དུ་མཚོན་པ་ལ་ནོག་ལྐོག་ཤལ་མཚན་ཉིད་དུ་བཀོད་པ་ལ། མཚོན་བྱ་ལ་མ་སྲིད་པར་ཐལ། མཚན་གཞི་ལ་མི་སྲིད་པའི་ཕྱིར། ཡང་འོན་ཏེ་སྦྱོར་བ་མ་བཀོད་པ་ལ་སྐྱོན་བརྩིས་ན། མཚན་གཞི་ལ་མི་གནས་པ་སྐྱོན་དུ་བརྩི་བ་དོན་མེད་པར་འགྱུར་ཏེ། སྦྱོར་བ་གང་གི་ཆོས་ཅན་དུ་མ་བཟུང་བ་ལ་ཆོས་ཅན་དུ་གྲུབ་མ་གྲུབ་ཀྱི་སྐྱོན་བཞག་ཏུ་མེད་པའི་ཕྱིར་ཏེ། བསྒྲུབ་བྱ་ལ་མ་ལྟོས་པར་གཏན་ཚིགས་ཀྱི་སྐྱོན་བཞག་ཏུ་མེད་པ་བཞིན་ནོ། །རྣམ་ངེས་ལས། གཏན་ཚིགས་ཐམས་ཅད་ཀྱི་སྐྱོན་དང་ཡོན་ཏན་ཐམས་ཅད་རང་གིས་བསྒྲུབ་པར་བྱ་བ་ལ་ལྟོས་ནས་བསམ་པར་བྱ་བ་ཡིན་པའི་ཕྱིར་ཞེས་སོ། །གལ་ཏེ་འདི་དག་མཚན་ཉིད་ཀྱི་སྤྱིའི་སྐྱོན་དུ་འཐད་ན་ནི་མཁས་པའི་གཙུག་རྒྱན་ཕྱོགས་གླང་ཆོས་གྲགས་ཀྱིས་ཅིའི་ཕྱིར་མི་བཞེད། གཉིས་པ་རང་གི་འདོད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །མཚན་ཉིད་ཀྱི་སྤྱི་སྐྱོན་ཐམས་ཅད་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་སྟེ། རིགས་གསུམ་དུ་འདུས་པ་ཡིན་ལ་སྒྲའི་རྣམ་དཔྱོད་ལ་མི་ལྡན་གཞན་ལྡན་མི་སྲིད་གསུམ་རྣམ་པར་གཅོད་པའི་སྒྲ་གསུམ་ཡོད་ལ། མཚན་ཉིད་དོན་གྱི་སྒོ་ནས་རྣམ་གཅོད་གསུམ་པོ་འདི་ལས་གཞན་ཡོད་པ་མིན་ནོ། །དེ་ཉིད་སློབ་དཔོན་གྱིས་བསྒྲུབ་བྱའི་སྐབས་སུ། །བདག་ཉིད་ཚིག་ཕྲད་ངོ་བོའི་སྒྲ། །མ་བསལ་བ་དང་བཅས་པ་རྣམས། །ལྡོག་པ་སེལ་བར་བྱེད་པ་ཡིན། །ཞེས་པས་ཁྱབ་ཆེས་པ་གཅོད་ལ། འདོད་སྒྲས་མ་ཁྱབ་སེལ་བར་བྱེད་ཅེས་པས་མ་ཁྱབ་པ་གཅོད་ཅིང༌། བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །བསལ་བ་གནོད་དང་ལྷག་མ་ལ། །མཚན་ཉིད་འཇུག་པ་མེད་ཕྱིར་རོ། །ཞེས་པས་མི་སྲིད་པ་གཅོད་པ་ཡིན་ནོ། །དེ་ལ་མ་ཁྱབ་པ་ནི། མཚན་ཉིད་དུ་བཀོད་པ་གང་ཞིག མཚོན་འདོད་ཀྱི་ཕྱོགས་གཅིག་ལ་མ་ཞུགས་པས་ཏེ། བ་ལང་གི་མཚན་ཉིད་དུ་ནོག་ལྐོག་ཤལ་ཁྲ་བོ་བཀོད་པ་ལྟ་བུའོ། །ཁྱབ་ཆེས་པ་ནི་མཚན་ཉིད་དུ་བཀོད་པ་གང་ཞིག མཚོན་འདོད་ལ་ཁྱབ་ཅིང༌། མཚོན་འདོད་མེད་པར་ཡང་ཞུགས་པ་སྟེ། བ་ལང་གི་མཚན་ཉིད་དུ་མགོ་ལྡན་བཀོད་པ་ལྟ་བུའོ། །མི་སྲིད་པ་ནི། མཚན་ཉིད་དུ་བཀོད་པ་གང་ཞིག མཚོན་འདོད་ལ་ཇི་ལྟར་དགོད་བྱ་ལྟར་མ་གྲུབ་པ་སྟེ། ཤིང་གི་མཚན་ཉིད་དུ་ལྟོ་ལྡིར་བ་བཀོད་པ་ལྟ་བུའོ། །རྩོད་པ་སྤང་བ་ལ་གསུམ་ལས། མཚན་གཞི་བཀོད་པ་ལ་བརྟགས་ནས་མི་འཐད་པ་སྤང་བ་ནི། གལ་ཏེ་འདི་དག་མཚན་གཞི་བཀོད་པ་ལ་བརྩིས་ན་བ་ལང་གི་མཚན་ཉིད་ནོག་ལྐོག་ཤལ་ཁྲ་བོ་བཀོད་པ་འདི་མ་ཁྱབ་པར་མི་འགྱུར་ཏེ། དཀར་ཟལ་ལ་བཀོད་ན་མཚན་ཉིད་ཡང་དག་ཡིན་ཞིང༌། ནག་སྒུར་ལ་བཀོད་ན་མི་སྲིད་པ་ཡིན་པའི་ཕྱིར། མ་བཀོད་པ་ལ་བརྩིས་ན། མཚན་གཞི་ལ་ལྟོས་པའི་སྐྱོན་ཐམས་ཅད་མི་འཐད་དེ། སྲོག་ཆགས་ཙམ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པའི་གོང་བུ་བཀོད་པའང་སྐྱོན་མེད་ཡིན་ནོ་ཞེ་ན། ཚུལ་འདི་ལྟ་བུའི་རྩོད་པས་མི་གནོད་དེ། མཚན་ཉིད་ཀྱི་སྐྱོན་ཐམས་ཅད་མཚན་གཞི་བཀོད་པ་ལ་བརྩིས་ཏེ། མཚན་མཚོན་གྱི་འབྲེལ་བ་མཚན་གཞིའི་སྟེང་དུ་གཏན་ལ་དབབ་དགོས་པའི་ཕྱིར། འོན་ཀྱང་དཀར་ཟལ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་ཁྲ་བོ་མཚན་ཉིད་དུ་བཀོད་པའི་ཚེ་ན། མཚན་གཞི་ལ་སྐྱོན་མེད་ཡིན་ཀྱང་མཚོན་བྱ་ལ་མ་ཁྱབ་པའི་སྐྱོན་ཅན་ནོ། །མཚན་ཉིད་བཀོད་པ་ལ་བརྩིས་ན། འོ་ན་མཚན་ཉིད་མི་སྲིད་པའི་གཞིར་མཚོན་བྱ་ཁེགས་སམ་མི་ཁེགས། གལ་ཏེ་མི་ཁེགས་ན། མཚོན་བྱ་ལ་མཚན་ཉིད་ཀྱིས་མ་ཁྱབ་པར་འགྱུར་རོ། །གལ་ཏེ་ཁེགས་ན་ནོག་ལྐོག་ཤལ་ལྡོག་པ་ཐ་དད་པའི་ཚུལ་དུ་ཁེགས་པའི་ཕྱིར་བ་ལང་གི་ཐ་སྙད་ཀྱང་ཁེགས་པར་ཐལ་ལོ་ཞེ་ན། ཚུལ་དེ་ལྟ་བུའི་རྩོད་པས་འདིར་མི་གནོད་དེ། ནོག་ལྐོག་ཤལ་ལ་ནོག་ལྐོག་ཤལ་མ་ཁེགས་ཤིང་བ་ལང་ཡང་མི་ཁེགས་སོ། །བ་ལང་ཁེགས་ན་ནོག་ལྐོག་ཤལ་ཡང་ཁེགས་པས་ཁྱོད་ཀྱི་རྩོད་པས་མི་གནོད་དོ། །མཚོན་བྱའི་ཐ་སྙད་གཏན་ལ་དབབ་པ་ལ་གསུམ་ལས། གཞན་ལུགས་དགག་པ་ནི། ཁ་ཅིག་མཚན་མཚོན་དོན་ལ་རྫས་གཅིག་ཏུ་ཡོད་ལ། མཚོན་བྱའི་མཚན་ཉིད། མཚན་ཉིད་ཀྱི་རྣམ་པར་གཞག་བྱ་གཞི་ལ་གྲུབ་བོ་ཞེས་སམ། བཏགས་ཡོད་ཆོས་གསུམ་ཚང་བ་ཞེས་པའོ། །རྩང་ནག་པ་དོན་ལྡོག་ལ། སྒྲ་བློ་མ་འཁྲུལ་བའི་ཞེན་རུང་ཞེས་པ་ཐ་སྙད་ཀྱི་མཚན་ཉིད་ཡིན་ལ། དེ་མཚོན་བྱའི་མཚན་གཞི་ཡིན་ནོ་གསུང་ངོ༌། །དང་པོ་མཚན་མཚོན་རྫས་གཅིག་དུ་འདོད་པ་དགག་པ་ནི། མིང་གིས་ཁྱད་པར་དུ་བྱས་པའི་མཚོན་བྱ་བུམ་པ་མཐོང་བར་ཐལ། ལྟོ་ལྡིར་བ་དང་བུམ་པ་རྫས་གཅིག་པ་གང་ཞིག དོན་ལྟོ་ལྡིར་བ་མཐོང་བའི་ཕྱིར། འདོད་ན། མཚན་ཉིད་ལྟོ་ལྡིར་བ་མཐོང་བའི་དབང་ཤེས་ཆོས་ཅན། རྟོག་བཅས་སུ་ཐལ། འདོད་པ་དེའི་ཕྱིར། དངོས་པོ་གཞིར་བྱས་ཀྱི་མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་སྒྲུབ་པའི་རྟགས་ཐམས་ཅད་དོན་སྒྲུབ་དུ་ཐལ། དོན་དམ་པར་མཚོན་བྱ་རྫས་སུ་གྲུབ་པའི་ཕྱིར། ཡང་དངོས་པོ་གཞིར་བྱས་ཀྱི་མཚོན་བྱ་རྫས་སུ་གྲུབ་པར་ཐལ། མཚན་ཉིད་དང་རྫས་གཅིག་པའི་ཕྱིར། ཡང་སྒྲ་བློ་མ་འཁྲུལ་བའི་ཞེན་རུང་ཙམ་ཆོས་ཅན། མཚོན་བྱའི་མཚན་གཞི་མིན་པར་ཐལ། བརྡ་མ་བཏགས་པའི་སྔ་རོལ་ནའང་ཡོད་སྲིད་པའི་ཕྱིར། བཟློག་ཁྱབ་ནི་མཚོན་བྱའི་མཚན་གཞིའམ་ཐ་སྙད་ཡིན་པ་ལ་བརྡ་བཏགས་ཟིན་པས་ཁྱབ་བོ། །ཡང་སྒྲ་བློས་ཞེན་རུང་ཙམ་ཐ་སྙད་ཀྱང་མིན་ཏེ། ཐ་སྙད་ནི་བརྡ་བཏགས་ཟིན་པའི་བརྡ་དེ་ལས་བླང་དོར་ལ་འཇུག་པ་ཐ་སྙད་དུ་གསུངས་པས་སོ། །རྣམ་འགྲེལ་ལས། གྲགས་པ་བརྡ་ཡི་རྗེས་འགྲོ་བ། །དེ་ཡང་བརྗོད་འདོད་རྗེས་འགྲོ་ཅན། །ཐ་སྙད་དོན་དུ་བྱས་པ་དེ། །སྡེབ་སྦྱོར་མིང་དང་སྒྲ་ཆ་བཞིན། །ཞེས་སོ། །གཉིས་པ་རང་ལུགས་བཞག་པ་ལ། མཚན་ཉིད་དངོས། ཐ་སྙད་ངོས་བཟུང༌། མཚོན་བྱ་བཏགས་ཡོད་སྒྲུབ་པའོ། །དང་པོ་ནི། དོན་ལྡོག་རྒྱུ་མཚན་དུ་བྱས་པ་ཅན་གྱི་སྒྲ་བློ་གྲུབ་པའོ། །དེའི་མཚན་གཞི་ནི། རྣམ་འཇོག་གི་རྒྱུ་མཚན་ལ་སྦྱར་བའི་བརྡའོ། །ཇི་སྐད་དུ། བློ་སྒྲ་ཐེ་ཚོམ་མེད་པ་དང་ཞེས་པ་དང༌། རྒྱུ་མཚན་ཅན་གྱི་སྒྲ་ཤེས་སྒྲུབ་ཅེས་སོ། །འདི་དག་གི་དོན་ནི། ཐོག་མར་ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྡ་འདོགས་པའི་ཚེ་ན། བུམ་པ་ཞེས་བརྗོད་པའི་སྒྲ་ལ་ནི་སྒྲ་ཞེས་བརྗོད་དོ། །སྒྲ་དེའི་རྗེས་སུ་འབྲངས་ནས་བུམ་པའོ་སྙམ་དུ་འཛིན་པ་ནི་ཤེས་པའོ། །དེ་ནས་ཐ་སྙད་ཀྱི་དུས་སུ་འདི་བུམ་པའོ་སྙམ་པའི་རྟོག་པ་དང༌། དེས་ཀུན་ནས་བླང་བའི་ངག་གི་ཐ་སྙད་གཏིང་ཚུགས་པའི་ཚུལ་གྱིས་བརྡ་མཚམས་བཅད་པའི་དབང་གིས་འཇུག་པ་ནི་རྒྱུ་མཚན་ཅན་ནོ། །རྒྱུ་མཚན་ནི་དོན་ལྡོག་གོ །གཞན་དག་གིས་ནི་རྒྱུ་མཚན་ཅན་གྱི་སྒྲ་ཞེས་ཚིག་དུ་འདོན་པ་ཙམ་དུ་ཟད་ཀྱི། དོན་ནི་གཏན་མ་རྟོགས་པར་སྣང་ངོ༌། །དེ་ལྟར་བརྡའ་འབྲེལ་རྟོགས་ནས་སྒོ་གསུམ་གྱི་བླང་དོར་ལ་འཇུག་པའི་ཐ་སྙད་ནི་འདིར་ཐ་སྙད་ཅེས་པའི་མིང་གིས་བསྟན་ནོ། །འདི་སྒྲ་རང་མཚན་དང་མིང་ཙམ་དང་མིང་གདགས་རུང་ཙམ་མཚོན་བྱ་མིན་ལ། འོ་ན་ཅི་ཞེ་ན། འདིར་མིང་ལ་གཉིས་ཏེ། མིང་གི་སྒྲ་དང༌། རིགས་ཀྱི་སྒྲའོ། །ཇི་སྐད་དུ། དེ་དག་མིང་གི་སྒྲ་དང་རིགས་ཀྱི་སྒྲ་དང་མཁས་པ་རྣམས་ཀྱིས་གཉིས་སུ་ཕྱེ་ཞེས་པ་ལྟར་རོ། །དེ་ལ་མིང་གི་སྒྲ་ལྷ་སྦྱིན་ཞེས་པ་ནི་མཚོན་བྱ་མིན་ནོ། །རིགས་ཀྱི་སྒྲ་ལ་གཉིས་ཏེ། བརྡ་དུས་ཀྱི་སྒྲ་དང༌། སྒྲ་དེས་བཞག་པའི་མིང་གི་ཐ་སྙད་གཉིས་ལས། དང་པོ་ཡང་མཚོན་བྱ་མིན་ནོ། །གཉིས་པ་ལ་བརྡ་དུས་ཀྱི་སྒྲས་དོན་སོ་སོར་ངེས་པ་ལ་མཚམས་བཅད་པའི་སྒྲ་སྤྱི་ལ་དོན་དུ་བཏགས་པའི་ཆ་ལ་འདོད་དོ། །གལ་ཏེ་མཚན་མཚོན་རྫས་གཅིག་མིན་ན། མཚན་ཉིད་རྟགས་སུ་བཀོད་ནས་ཆོས་ཅན་ལ་མཚོན་བྱ་སྒྲུབ་པའི་ཐ་སྙད་སྒྲུབ་ཀྱི། རང་བཞིན་གྱི་རྟགས་མི་འཐད་པར་འགྱུར་རོ་ཞེ་ན། མཚན་མཚོན་རྫས་གཅིག་མིན་ཡང༌། ཐ་སྙད་སྒྲུབ་ཀྱི་གྲགས་པའི་རྗེས་དཔག་མི་འགལ་ཏེ། མཚོན་བྱ་སྒྲ་སྤྱི་དང༌། མཚན་ཉིད་དོན་སྤྱི་གཉིས། རྟོག་པས་གཅིག་ཏུ་འཁྲུལ་བ་ལ། བདག་གཅིག་པའི་ཐ་སྙད་སྦྱོར་བའི་སྒོ་ནས་ཐ་སྙད་སྒྲུབ་ཀྱི་རྟགས་སྦྱར་བས། འཇིག་རྟེན་གྱི་བླང་དོར་ལ་མི་བསླུ་བ་ཡིན་པའི་ཕྱིར་རོ། །ཆོས་གསུམ་སོ་སོར་གཏན་ལ་དབབ་པ་ལ། མཚན་གཞིའི་མཚན་ཉིད་ནི། མཚན་མཚོན་ཟུང་གཅིག་གི་རྟེན་བྱེད་པའོ། །དེ་ལ་མཚན་གཞི་མཚན་ཉིད་པ་ནི། དཀར་ཟལ་བ་ལང་གི་ཐ་སྙད་བྱར་རུང་དུ་སྒྲུབ་པའི་ཚེ་ན། དཀར་ཟལ་ལྟ་བུའོ། །བཏགས་པ་བ་ནི། བ་ལང་གི་མཚན་གཞིར་རྟ་བཟུང་བ་ལྟ་བུ་སྟེ། སྦྱོར་བ་འགོད་ཚུལ་གྱི་བྱེ་བྲག་གིས་དངོས་བཏགས་གཉིས་སུ་བཤད་དོ། །མཚོན་བྱ་དང་མཚན་ཉིད་གཉིས་ནི་བཤད་ཟིན་ཏོ། །འདིར་སྣང་བའི་སྒྲུབ་པ་དང༌། སེལ་བའི་སྒྲུབ་པ་མི་ཕྱེད་པའི་བོད་བསྡུས་པ་འགའ་ཞིག་གིས་མཚན་མཚོན་གཞི་གསུམ་གྱི་རང་ལྡོག་ནི་སྒྲུབ་པ་ཁོ་ན་ཡིན་ཏེ། རང་གི་རྣམ་པ་རང་དབང་དུ་འཆར་རུང་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན་མཚོན་བྱའི་རང་ལྡོག་ཀྱང༌། རང་གི་རྣམ་པ་རང་དབང་དུ་འཆར་རུང་ཡིན་པར་ཐལ་ལོ། །འདོད་ན་བཏགས་ཡོད་དུ་འདོད་པ་འགལ། གཞན་ཡང་མཚན་མཚོན་གཞི་གསུམ་པོ་ཆོས་ཅན། རྟོག་མེད་མ་འཁྲུལ་བའི་ཡུལ་དུ་ཐལ། རང་གི་རྣམ་པ་རང་དབང་དུ་འཆར་བ་དེ་ལྟར་ཡིན་པའི་ཕྱིར་རོ། །འདོད་ན། ཆོས་གསུམ་སེལ་བ་མིན་པར་ཐལ་ལོ། །རང་གི་འདོད་པ་རྣམ་པར་གཞག་པ་ནི། སྣང་བའི་གཞི་ལྡོག་རང་མཚན་སོ་སོར་ངེས་པ་ནི་མཚན་མཚོན་གཞི་གསུམ་གང་དུ་ཡང་མི་འཐད་དེ། དོན་སོ་སོར་ངེས་པ་རྟགས་ཡང་དག་གི་ཆོས་ཅན་དུ་གནས་ཚུལ་ལ་འགྲོ་བ་མི་སྲིད་ཅིང་མཚན་ཉིད་དང་མཚོན་བྱ་ནི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་དགོས་པ་དེས་ནའོ། །གཞན་སེལ་བའི་ཆོས་གསུམ་གྱི་རང་ལྡོག་ལ་ཡང་གཉིས་ཏེ། མ་ཡིན་དགག་སྒྲུབ་པ་འཕེན་པ་དང༌། མེད་དགག་གཉིས་ཡོད་དོ། །མཚན་མཚོན་གཞི་གསུམ་ཇི་ལྟར་འབྲེལ་བའི་ཚུལ་ནི། མཚན་མཚོན་གཉིས་རང་བཞིན་འབྲེལ་བའི་ཁོངས་སུ་བསྡུ་བ་ནི། མིང་དོན་བསྲེས་འཛིན་གྱི་ངོར་བདག་གཅིག་ཏུ་འབྲེལ་བའི་ཕྱིར། མཚན་གཞི་ཕལ་ཆེར་གནས་སྐབས་འབྲེལ་དུ་བཤད་དེ། སྦྱོར་བ་འགོད་ཚུལ་གྱི་བྱེ་བྲག་ལས་གཞན་གྱི་མཚན་གཞིར་བཟུང་བ། རེས་འགའ་སྦྱོར་བ་གཞན་གྱི་མཚན་གཞིར་ཡང་འགྱུར་བའི་ཕྱིར། མཚན་ཉིད་དང་མཚོན་བྱའི་འབྲེལ་པ་ངེས་པའི་ཚད་མ་ནི། མཚན་ཉིད་དོན་སྤྱི་དང༌། མཚོན་བྱ་སྒྲ་སྤྱི་གཉིས་གཅིག་ཏུ་བརྡ་ཆད་བྱས་པའི་སྟོབས་ཀྱིས་རྟོག་པ་འཁྲུལ་བས་གཅིག་ཏུ་འཛིན་པ་ཉིད་མྱོང་བའི་རང་རིག་གིས་འགྲུབ་བོ། །དང་པོར་བསྟན་པའི་བརྡ་འབྲེལ་ཡང༌། མཁས་པས་མཚན་ཉིད་མཐོང་བ་ཙམ་གྱིས་དྲན་ལ། རྨོངས་པ་ལ་ནི་བརྡ་དྲན་པར་བྱེད་པའི་ཐ་སྙད་སྒྲུབ་ཀྱི་རྗེས་དཔག་དགོས་སོ། །རྣམ་འགྲེལ་ལས། ཡུལ་ཡོད་ན་ཡང་རྨོངས་པས་འདིར། །གཞན་དག་རྗེས་སུ་མི་བརྗོད་ལ། །གྲུབ་པ་དང་ནི་ཆོས་མཐུན་ཐབས། །བརྡ་དྲན་བྱེད་པ་འབའ་ཞིག་གོ །ཅེས་སོ། །ཐ་སྙད་སྒྲུབ་ཀྱི་སྦྱོར་བའི་དབྱེ་བ་བསྟན་པ་ནི། མཚན་མཚོན་གཞི་གསུམ་པོ་ལ། ཡིན་པར་མཚོན་ཚུལ་ལ་སྤྱི་སྦྱོར་གསུམ་དང་བྱེ་བྲག་འདིར་གཏོགས་ཀྱི་སྦྱོར་བ་གསུམ་ཏེ་དྲུག་གོ །ལྡོག་པ་མིན་པར་སྒྲུབ་པ་ལའང༌། སྤྱི་སྦྱོར་གསུམ་དང༌། བྱེ་བྲག་སྦྱོར་གསུམ་ཏེ་དྲུག་གོ །དང་པོ་ནི། བ་ལང་དཀར་ཟལ་ཆོས་ཅན། བ་ལང་ཡིན་པའི་ཐ་སྙད་བྱ་རུང་སྟེ། ནོག་སོགས་འདུས་པ་ཡིན་པའི་ཕྱིར། ཞེས་བཀོད་པ་ན། བ་ལང་དཀར་ཟལ་ཆོས་ཅན། མཚན་གཞིའི་ཐ་སྙད་བྱ་རུང་སྟེ། མཚན་མཚོན་སྐྱོན་མེད་ཟུང་གཅིག་གི་རྟེན་བྱེད་པའི་ཕྱིར། བ་ལང་ཆོས་ཅན། མཚོན་བྱ་ཡིན་པའི་ཐ་སྙད་བྱ་རུང་སྟེ། རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ་པ་ཡིན་པའི་ཕྱིར། ནོག་སོགས་འདུས་པ་ཆོས་ཅན། མཚན་ཉིད་ཡིན་པའི་ཐ་སྙད་བྱ་རུང་སྟེ། དངོས་འགལ་གཅོད་པའི་དོན་ལྡོག་ཡིན་པའི་ཕྱིར་ཞེས་པ་ནི། སྤྱི་སྦྱོར་གསུམ་མོ། །ཡང་སྦྱོར་བ་འདིར་གཏོགས་ཀྱི་མཚན་གཞི་ཡིན་པའི་ཐ་སྙད་བྱ་རུང་སྟེ། འདིར་གཏོགས་ཀྱི་མཚན་མཚོན་སྐྱོན་མེད་ཟུང་ཅིག་གི་རྟེན་བྱེད་པའི་ཕྱིར། བ་ལང་ཆོས་ཅན། སྦྱོར་བ་འདིར་གཏོགས་ཀྱི་མཚོན་བྱ་ཡིན་པའི་ཐ་སྙད་བྱ་རུང་སྟེ། འདིར་གཏོགས་ཀྱི་རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ་པ་ཡིན་པའི་ཕྱིར། ནོག་སོགས་འདུས་པ་ཆོས་ཅན། སྦྱོར་བ་འདིར་གཏོགས་ཀྱི་མཚན་ཉིད་ཡིན་པའི་ཐ་སྙད་བྱ་རུང་སྟེ། འདིར་གཏོགས་ཀྱི་དངོས་འགལ་གཅོད་པའི་དོན་ལྡོག་ཡིན་པའི་ཕྱིར་ཞེས་པ་ནི་བྱེ་བྲག་སྦྱོར་གསུམ་མོ། །མིན་པར་མཚོན་ཚུལ་ལ་ཡང༌། སྤྱི་སྦྱོར་གསུམ་ནི། བ་ལང་ཆོས་ཅན། མཚན་ཉིད་མིན་ཏེ། དངོས་འགལ་གཅོད་པའི་དོན་ལྡོག་མིན་པའི་ཕྱིར། ནོག་སོགས་འདུས་པ་ཆོས་ཅན། མཚོན་བྱ་མིན་ཏེ། རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ་པ་མིན་པའི་ཕྱིར། བྱེ་བྲག་སྦྱོར་བ་འདིར་གཏོགས་གཉིས་ཀྱང༌། སྔ་མ་ལ་དཔགས་ནས་ཤེས་པར་བྱའོ། །མཚན་གཞི་མིན་པར་སྒྲུབ་པའི་སྤྱི་སྦྱོར་བྱེ་བྲག་སྦྱོར་གཉིས་ནི་སྐྱོན་ཅན་ཁོ་ནའོ། །སྦྱོར་བ་འདིར་གཏོགས་ཀྱི་དངོས་འགལ་གཅོད་པའི་དོན་ལྡོག་དེ། མཚན་གཞི་དཀར་ཟལ་དང་མཚོན་བྱ་བ་ལང་གཉིས་ལ་ཁེགས་ན། མཚན་ཉིད་ལྐོག་ཤལ་ལའང་ཁེགས་པར་ཐལ་ལོ། །མ་ཁེགས་ན་ཁྱབ་ཆེས་པའི་སྐྱོན་ཡོད་དེ། རང་གི་མཚན་ཉིད་ནོག་སོགས་འདུས་པ་མིན་པ་མཚོན་བྱ་ལའང་ཞུགས་པའི་ཕྱིར་རོ་ཞེ་ན། རང་གི་མཚན་གཞི་བ་ལང་གི་དོན་ལྡོག་རང་ཡིན་པའི་ཚུལ་གྱིས་ཁྱབ་པས། མཚན་ཉིད་ལྐོག་ཤལ་ལ་ཡོད་པས་མ་ཁྱབ་པའི་སྐྱོན་ལས་གྲོལ་ལ། མཚོན་བྱ་བ་ལང་ལ་རང་ཡིན་པའི་ཚུལ་གྱིས་མ་ཞུགས་པས་ཁྱབ་ཆེས་པའི་སྐྱོན་ལས་གྲོལ་ལོ། །དེས་ན་དོན་ལྡོག་ལ་རང་ཡིན་པའི་ཚུལ་གྱིས་ཁྱབ་ལ་མཚོན་བྱ་ལ་རང་ཡིན་པའི་ཚུལ་གྱིས་མ་ཁྱབ་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །མཚོན་བྱ་དང་མཚན་ཉིད་མིན་པ་སོགས་སྒྲུབ་པ་ལ་རྩོད་པ་སྤང་བ་ནི། གལ་ཏེ་མཚོན་བྱ་མིན་པ་དེ་མཚོན་བྱ་ཡིན་ནམ་མིན། །དང་པོ་ལྟར་ན། མཚོན་བྱ་ཡིན་ན། བཏགས་ཡོད་ཆོས་གསུམ་ཚང་བ་བཀག་ནས། མ་ཚང་བས་མཚོན་པ་འགལ་ལོ། །གལ་ཏེ་མིན་ན་དེའི་མཚན་ཉིད་མེད་པར་འགལ་ལོ། །ཕ་རོལ་པོས་མཚོན་བྱ་མིན་པ་གང་ཞེས་འདྲི་ན་ཡལ་ག་ལོ་འདབ་དང་ལྡན་པའི་ལྗོན་པ་ལྟ་བུ་མཚན་གཞིར་བཟུང་ནས་མཚོན་བྱ་མིན་ནོ་ཞེས་སྟོན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ་པ་མིན་པའི་ཕྱིར་ཞེས་སྦྱར་རོ། །མཚན་ཉིད་མིན་པ་ཇི་ལྟ་བུ་ཞེ་ན། བ་ལང་གི་ཐ་སྙད་བྱ་རུང་ལྟ་བུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་འགལ་གཅོད་པའི་དོན་ལྡོག་མིན་པའི་ཕྱིར་རོ། །དེས་ན་གཞན་གྱི་རྩོད་པས་འདིར་མི་གནོད་དོ། །ཡང་ཕྱ་པ་དང་ཙང་ནག་པ་ན་རེ། ནོག་སོགས་འདུས་པ་ལ་རྒྱུ་མཚན་ཅན་གྱི་སྒྲ་བློ་ཁེགས་སམ་མ་ཁེགས། སྒྲ་བློ་ཁེགས་ན། ནོག་སོགས་འདུས་པ་ལ་མཚོན་བྱ་མེད་པར་ཐལ། རྒྱུ་མཚན་གྱི་སྒྲ་བློ་ཁེགས་པའི་ཕྱིར། གལ་ཏེ་མ་ཁེགས་ན། མཚོན་བྱའི་མཚན་ཉིད་ལ་ཁྱབ་ཆེས་པའི་སྐྱོན་ཡོད་དེ། མཚན་ཉིད་ནོག་སོགས་འདུས་པ་ལའང་མཚོན་བྱའི་མཚན་ཉིད་ཞུགས་པའི་ཕྱིར། །དེས་ན་མཚན་ཉིད་ཀྱི་ཐ་སྙད་དང་མཚོན་བྱ་མིན་པའི་ཐ་སྙད་རྣམ་པར་འཇོག་བྱེད་དོན་མཐུན་མེད་པར་འགྱུར་རོ་ལོ། འདིར་ནོག་སོགས་འདུས་པ་ལ་རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པ་ཡོད་པས་མཚོན་བྱ་མ་ཁེགས་ལ། ནོག་སོགས་འདུས་པ་རྒྱུ་མཚན་ཅན་གྱི་སྒྲ་བློ་མཚན་ཉིད་ཅན་དུ་མ་གྲུབ་པས་མཚོན་བྱའི་མཚན་ཉིད་ལ་ཁྱབ་ཆེས་པའི་སྐྱོན་ཡང་མེད་པའི་ཕྱིར་ཁྱོད་ཀྱི་རྩོད་པས་གནོད་པ་མེད་དོ། །མཚོན་བྱ་མིན་པ་མཚོན་བྱའི་ཐ་སྙད་བྱ་རུང་དུ་སྒྲུབ་པ་འཐད་ན། དངོས་པོར་འགལ་བ་དངོས་མེད་ཀྱང་དངོས་པོའི་མཚན་གཞིར་རུང་ངོ་ཞེས་མཚུངས་སོ་ཞེས་ཟེར་རོ། །འོ་ན་མཚོན་བྱ་མིན་པ་ལ་མཚན་ཉིད་བརྟེན་པ་ལྟར་དུ། དངོས་མེད་ལའང་དོན་བྱེད་ནུས་པ་བརྟེན་པར་ཐལ་ལོ་ཞེས་པའི་ལན་གྱིས་ཆོམ་པར་འགྱུར་རོ། །འདི་ནི་བོད་སྔ་རབས་པ་དག་ཕན་ཚུན་རྩོད་པའི་ལན་ནོ། །རང་ལུགས་སྔར་བཤད་ཟིན། འགལ་མཚུངས་ཀྱི་སྦྱོར་བའི་དཔེར་བརྗོད་ལ། གནས་སྐབས་ལ་ལར་མཚུངས་པར་མངོན་པའི་སྦྱོར་བ་ཡོད་དེ། མ་ཡིན་དགག་གི་ཐ་སྙད་བྱ་རུང་གི་མཚན་གཞི་འགའ་ཞིག མ་ཡིན་དགག་གི་ཐ་སྙད་བྱ་རུང་དུ་སྒྲུབ་པ་ལ། དགག་བྱ་བཀག་ནས་ཆོས་གཞན་འཕེན་པ་ལྟ་བུ་དང༌། རྩོལ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །འདིར་ཆོས་དང་ཆོས་ཅན་ཁྱད་པར་མེད་པ་དང༌། ཆོས་དང་གཏན་ཚིགས་ཁྱད་པར་མེད་པར་མངོན་ཡང་ཁྱད་པར་ཡོད་པ་ལྟ་བུའོ། །འགའ་ཞིག་ཏུ་འགལ་བར་མངོན་པའི་སྦྱོར་བ་ནི། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་མིན་ཏེ། ཚུལ་གསུམ་མ་ཚང་བའི་ཕྱིར་ཞེས་བཀོད་པ་ན། ཚུལ་གསུམ་མ་ཚང་བ་ཆོས་ཅན། རྟགས་ཡང་དག་ཡིན་ཏེ། ཚུལ་གསུམ་ཚང་བའི་ཕྱིར་ཞེས་པ་ལྟ་བུའོ། །ཕན་ཚུན་ངེས་པའི་རྣམ་གཞག་ནི། མཚན་ཉིད་གཅིག་ལ་མཚོན་བྱ་དུ་མ་དང༌། མཚོན་བྱ་གཅིག་ལ་མཚན་ཉིད་དུ་མ་སྲིད་པས་གྲངས་མཉམ་མོ། མིང་དོན་བསྲེས་འཛིན་གྱི་རྟོག་ངོར་ངོ་བོ་གཅིག་ཅིང་དོན་ལ་མཚན་ཉིད་རྫས་ཡོད། །མཚོན་བྱ་བརྟགས་ཡོད་ཉིད་དུ་ངེས་པས་སོ། །འདི་དག་གི་དོན་ཅུང་ཟད་དཔྱད་ན། གལ་ཏེ་གཞན་དོན་བསྒྲུབ་བྱ་ལ་ཡང་མཚན་ཉིད་གསུམ་གསུངས་པ་མིན་ནམ་ཞེ་ན། དེ་ནི་མཚན་ཉིད་ཀྱི་རྣམ་གྲངས་ཡིན་གྱི་མཚན་ཉིད་རིགས་མི་འདྲ་བ་གཉིས་མིན་ནོ། །འདིར་མཚན་ཉིད་ལ་མཚོན་བྱ་གཉིས་མེད་ཅེས་པའི་དོན་ཡང་རིགས་མི་འདྲ་གཉིས་མེད་ཅེས་པའི་དོན་ནོ། །མཚོན་བྱའང་དེ་བཞིན་ནོ། །འོག་ཏུ་རྣམ་གྲངས་ཡིན་གྱི་ཐ་དད་མིན་ཞེས་གསུངས་པ་ལྟར་རོ། །མཚན་ཉིད་ལ་རྫས་ཡོད་དུ་བཤད་པའང༌། རྫས་ཡོད་ཀྱི་སེལ་བ་ལ། རྟོག་པས་རྫས་ཡོད་རང་གི་ངོ་བོར་འཁྲུལ་པ་ཉིད་བཟུང་ངོ༌། །གཞན་སྤྱིའི་དོན་དུ་བཟུང་ངོ༌། །བོད་རྣམས་མཚན་མཚོན་དོན་ལ་རྫས་གཅིག་པར་འདོད་པ་བཀག་ཟིན་ལ། བྱེ་བྲག་དུ་སྨྲ་བ་བུམ་པ་འདུས་བྱས་སུ་མཚོན་པའི་མཚན་ཉིད། སྐྱེ་གནས་རྒ་འཇིག་བཞི་བུམ་པ་ལས་རྫས་ཐ་དད་དོ་ཟེར་བ་འཁྲུལ་ཏེ། རྫས་ཐ་དད་ན་མཚོན་བྱ་དང་མཚན་ཉིད་དུ་འགལ་བའི་ཕྱིར་རོ། །ཡང་ཁ་ཅིག་ས་བོན་གཅིག་གིས་འབྲས་བུ་དུ་མ་སྐྱེད་པ་ལྟར། མཚན་ཉིད་གཅིག་གིས་མཚོན་བྱ་དུ་མ་མཚོན་པས་མཚན་མཚོན་གྲངས་མི་མཉམ་ཞེས་ཟེར་བ་འཁྲུལ་ཏེ། རྒྱུས་དངོས་པོའི་སྟོབས་ཀྱིས་འབྲས་བུའི་རིགས་མི་མཐུན་དུ་མ་སྐྱེད་པ་སྲིད་ལ། མཚན་ཉིད་གཅིག་གིས་ནི་མཚོན་བྱ་རིགས་མི་མཐུན་གཉིས་མཚོན་མི་ནུས་པས་སོ། །དོན་གཅིག་ལ་མིང་ཐ་དད་པ་གཉིས་ཡིན་ན་ནི་རྣམ་གྲངས་པར་འགྱུར་བ་ཡིན་གྱི། དོན་གཉིས་སུ་འགྱུར་བ་མིན་ནོ། །ཡང་རྒོལ་བས་མི་བསླུ་བས་རྗེས་དཔག་ཚད་མར་མཚོན་པ་ན། ཕྱིར་རྒོལ་གྱིས་རྗེས་དཔག་ཚད་མ་མིན་ཏེ། དངོས་པོ་མི་སྣང་བས་སོ་ཞེས་པས་མི་གནོད་དེ། དངོས་པོར་སྣང་བ་ལ་ཚད་མའི་བརྡ་བྱེད་ན། དེ་ངེད་ཀྱང་རྗེས་དཔག་ལ་མི་འདོད། མི་བསླུ་བ་ཁྱེད་ཀྱིས་ཀྱང་དགག་མི་ནུས་ཅེས་པ་ལྟ་བུའོ། །ཡང་འདུས་བྱས་ཀྱི་མཚན་ཉིད། རྒྱུས་སྐྱེད་པ་བཀོད་པ་ལ། མིང་དོན་ཕན་ཚུན་ལྡོག་ནས་རྒྱུས་བསྐྱེད་ཀྱི་མཚན་ཉིད་བྱས་པ་ཡིན་ནོ་ཞེས་རྩོད་པའི་རྣམ་པར་གཞག་པས་མི་གནོད་དེ། བྱས་པ་ཐ་སྙད་ཡིན་པས་མཚན་ཉིད་དུ་འགལ་ལ། རྒྱུས་སྐྱེས་དོན་ལྡོག་ཡིན་པས་མཚོན་བྱར་འགལ་ལོ། །མཚན་མཚོན་གཞི་གསུམ་གྱི་རང་བཞིན་གཏན་ལ་ཕབ་ཟིན་ཏོ། །བྱེ་བྲག་ཚད་མའི་མཚན་ཉིད་ངེས་པར་བྱ་བ་ལ་གསུམ་ཏེ། མཚན་ཉིད་དང༌། དབྱེ་བ་དང༌། རྣམ་གཞག་གོ །དང་པོ་ལ་བོད་དག གསར་དུ་མི་བསླུ་བའི་ཤེས་པའོ་ཞེས་སྨྲའོ། །མངོན་སུམ་གྱི་རྗེས་སུ་སྐྱེས་པའི་དཔྱད་ཤེས་ཆོས་ཅན། ཚད་མར་ཐལ། གསར་དུ་མི་སླུ་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། རང་ཡུལ་གསར་དུ་ངེས་པར་བྱས་ནས་འཇུག་ཡུལ་རང་མཚན་ཐོབ་བྱེད་ཡིན་པའི་ཕྱིར། སྐྱེས་བུ་ལ་འཇུག་ཡུལ་ཁོང་དུ་ཆུད་པར་བྱེད་པ་དེ་ཡིན་པའི་ཕྱིར། གལ་ཏེ་རྟོགས་ཟིན་གྱི་དོན་ལ་འཇུག་པ་མིན་ནམ་རང་ཡུལ་གསར་དུ་ཇི་ལྟར་ངེས་ཞེ་ན། ངེས་པའི་ཤེས་པས་ཡུལ་གང་ངེས་པ་ནི། རང་ཡུལ་གསར་དུ་ངེས་པ་ཁོ་ན་ཡིན་ཏེ། རང་རྒྱུ་ལས་གསར་དུ་སྐྱེས་པ་ཁོ་ན་ཡིན་པས་གསར་དུ་ངེས་པ་ལས་མ་འདས་པའི་ཕྱིར། རྟོགས་ཟིན་གྱི་དོན་ལ་འཇུག་ཀྱང་རྟོགས་ཟིན་དེ་ཉིད་བློ་རང་ཉིད་ཀྱིས་གསར་དུ་འཛིན་པའི་ཕྱིར། གསར་དུ་ཞེས་པས་རྟོགས་ཟིན་གྱི་དོན་ལ་འཇུག་པར་གཅོད་མི་ནུས་ཏེ། གསར་དུ་ཞེས་པའི་སྒྲ་གསར་དུ་སྐྱེས་པ་ལ་ཡང་གསར་དུ་འཇུག་པའི་ཕྱིར་རོ། །གཞན་ཡང་བཅད་ཤེས་ཆོས་ཅན། ཚད་མར་ཐལ། རང་ཡུལ་གསར་དུ་མི་སླུ་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། རང་ཡུལ་གསར་དུ་ངེས་པའི་མི་སླུ་བའི་ཤེས་པ་ཡིན་པའི་ཕྱིར། གསར་དུ་ངེས་པ་ཡིན་ཏེ། རྟོགས་ཟིན་གྱི་དོན་ལ་འཇུག་པའི་ཕྱིར། མི་སླུ་བ་ཡིན་ཏེ། བླང་དོར་ལ་ཕྱིན་ཅི་མ་ལོག་པར་འཇུག་བྱེད་ཀྱི་ཤེས་པ་དོན་མཐུན་ཡིན་པའི་ཕྱིར། མངོན་སུམ་གྱི་སྒོ་ནས་བླང་དོར་ལ་འཇུག་པའི་རྗེས་ཀྱི་དྲན་པས་འཇུག་ཡུལ་ཁོང་དུ་ཆུད་པར་བྱས་ནས་འཇུག་དགོས་པའི་ཕྱིར། རྣམ་ངེས་ལས། མྱོང་བའི་མཐུ་ལས་བྱུང་བ་ཡི། །དྲན་ལས་མངོན་པར་འདོད་པ་ཡི། །ཐ་སྙད་རབ་ཏུ་འཇུག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །རྟོགས་ཟིན་གྱི་དོན་ལ་གསར་དུ་འཇུག་པ་ཡང་ཡིན་ཏེ། ཡུལ་འཛིན་བྱེད་དུ་གསར་དུ་སྐྱེས་པའི་ཕྱིར། གཞན་བཅད་ཤེས་མི་སླུ་བར་གྲུབ་པ་ཡིན་ཏེ། ས་ཕྱོགས་སུ་བུམ་པ་མ་དམིགས་པ་ཡང༌། དགག་རྟོག་དང་སྒྲུབ་རྟོག་གཉིས་ཀས་དྲངས་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས་པའི་ཕྱིར། བླང་དོར་གྱི་ཐ་སྙད་ལ་འཇུག་པ་ནི། རྗེས་ཀྱི་དྲན་ཤེས་ལ་རག་ལས་པར་ཤེས་སོ། །རྣམ་འགྲེལ་ལས། རང་གི་ངོ་བོ་རྟོགས་འོག་དུ། །སྤྱི་ཡི་རྣམ་པར་ཤེས་པ་ཐོབ། །ཅེས་གསུངས་པས་ཀྱང་དོན་དེ་དག་འཇུག་པར་ངེས་སོ། །འདི་ཇི་ལྟར་ཤེས་ཤེ་ན། སྤྱི་སྔར་མ་རྟོགས་གསར་དུ་རྟོགས་པར་རང་གིས་ཀྱང་ཁས་བླངས་པས་སོ། །གཞན་དུ་ན་སྤྱི་གསར་དུ་མ་རྟོགས་པས་ཉེས་པ་མི་འཇུག་པའི་ཕྱིར་ཕྱི་མའི་རྩོད་སྤོང་དོན་མེད་པའི་ཕྱིར་རོ། །ཡོངས་སུ་དཔྱད་པའི་ཡུལ་ལ་མི་སླུ་བའི་ཤེས་པ་ཞེས་འཇོག་ནའང་སྐྱོན་དེ་ཉིད་ཡོད་དོ། །དེས་ན་རང་གི་མཚན་ཉིད། སྔར་མ་ཤེས་པ་གསར་དུ་འཇལ་བར་བྱེད་པའི་མི་བསླུ་བའི་ཤེས་པ། ཇི་སྐད་དུ། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་སོ། །གང་ལ་མི་བསླུ་བའི་ཡུལ་གྱི་གཙོ་བོ་ནི། དངོས་པོར་བཟུང་སྟེ། དོན་བྱེད་ནུས་པར་གནས་པ་ནི། མི་སླུ་ཅེས་སོ། །ཡུལ་དངོས་པོ་ཁོ་ནར་ངེས་པ་ནི་མིན་ཏེ། དངོས་མེད་རྟོགས་པའི་ཚད་མ་ཁས་ལེན་དགོས་པའི་ཕྱིར་རོ། །དངོས་པོ་ཡུལ་དུ་མ་བྱས་པའི་ཚད་མ་ནི་མི་སྲིད་དེ། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། ཞེས་པའི་དོན་རང་གི་མཚན་ཉིད་སྔར་མ་ཤེས་པ་གསར་དུ་ཤེས་པ་ལ་འདོད་པའི་ཕྱིར། དོན་བྱེད་ནུས་སྟོང་གི་རྟགས་ལས་འདུས་མ་བྱས་ཀྱི་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། ཚད་མ་མིན་པར་ཐལ། རང་གི་མཚན་ཉིད་སྔར་མ་ཤེས་པ་གསར་དུ་ཤེས་པ་མིན་པའི་ཕྱིར་ཞེ་ན། མ་ཡིན་ཏེ། ཚོགས་དོན་གྱི་ཤེས་རྣམ་སྔར་མ་ཤེས་པ་གསར་དུ་ཤེས་པའི་ཕྱིར། གལ་ཏེ་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ལ་ཡང་རྣམ་པ་ཙམ་ཡུལ་དུ་ཡོད་པ་མིན་ནམ་ཞེ་ན། མི་མཚུངས་ཏེ། འདི་ལ་ཞེན་ཡུལ་ལ་མི་སླུ་བ་མེད་པའི་ཕྱིར། འདི་ལ་ནི་རྣམ་པ་ཡུལ་དུ་བྱེད་པ་ལྟར་རྟོགས་པར་འདོད་པའི་དོན་ལ་སྒྲོ་འདོགས་ཡོངས་སུ་དཔྱོད་པའི་ཕྱིར་མི་མཚུངས་སོ། །དོན་བྱེད་ནུས་སྟོང་གི་རྟགས་ཀྱིས་ཕྱོགས་ཆོས་ངེས་བྱེད་དང༌། ཁྱབ་འབྲེལ་ངེས་བྱེད་ཀྱི་ཚད་མ་རྣམས་ཀྱང་ཡུལ་ལས་ཡོངས་སུ་སྐྱེ་བ་མིན་གྱི་བག་ཆགས་སྔ་མ་ལས་སྐྱེ་བ་ཡིན་ཏེ། དཔེར་ན། ནམ་མཁའ་དོན་བྱེད་ནུས་པས་སྟོང་པར་རྟོགས་པའི་བློ་དང༌། དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་པ་ལྟ་བུའོ། །སྒྲ་དོན་ཤེས་བྱར་སྒྲུབ་པ་ལྟ་བུ་ལའང་དེ་བཞིན་ཏེ། རྣམ་འགྲེལ་ལས། རྣམ་རྟོག་བག་ཆགས་ལས་བྱུང་བའི། །སྒྲོ་བཏགས་སྤྱོད་ཡུལ་ཅན་བློ་དག །འགའ་ཞིག་དེ་ལས་སྐྱེ་འགྱུར་གྱི། །དོན་གྱི་སྤྱོད་ཡུལ་ཅན་མ་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་ན་ཚད་མར་འགྲོ་བའི་ཚུལ་ཡང་གཉིས་ཏེ། སྒྲོ་འདོགས་གཅོད་པ་དང༌། འཇུག་ཡུལ་ཡང་ཐོབ་པར་བྱེད་པའོ། །དང་པོ་ནི། དངོས་ཡུལ་དུ་བྱེད་པ་ཡིན་ཀྱང་སྐྱེས་བུའི་བསམ་པ་ལས་སྒྲོ་འདོགས་ཡོངས་སུ་གཅོད་པར་བཞག་སྟེ། ཕྱིའི་འཇུག་ཡུལ་ཐོབ་བྱེད་དུ་མེད་ཀྱང༌། རྟོགས་པར་འདོད་པའི་དོན་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །ཚད་མ་ལ་སྤྱི་ལྡོག་ནས་ཕྱིའི་འཇུག་ཡུལ་ཡོད་པར་བསྟན་ཀྱང་ཐམས་ཅད་ཡོད་པར་ནི་མ་ངེས་སོ། །གལ་ཏེ་ཕྱིའི་འཇུག་ཡུལ་མེད་མོད། འཇུག་ཡུལ་ཙམ་གཅིག་ཡོད་ངེས་སམ་མ་ངེས་ཞེ་ན། འཇུག་ཡུལ་ཙམ་གཅིག་ཡོད་པ་འཐད་དེ། རྟོགས་པ་པོའི་གང་ཟག་གིས་རྟོགས་པར་འདོད་པའི་ཡུལ་ཉིད་འཇུག་ཡུལ་ཡིན་ལ། དེ་ལ་སྒྲོ་འདོགས་གཅོད་པའི་ཕྱིར། དེ་ཙམ་གྱིས་འཇུག་ཡུལ་ཡོངས་སུ་བསྟན་པ་ཡང་ཡིན་ཏེ། རྟོགས་པར་འདོད་པའི་ཡུལ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པར་བྱས་པའི་ཕྱིར། གལ་ཏེ། ཚད་མ་བསླུ་མེད་ཅན་ཤེས་པ་ཞེས་དང༌། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། ཞེས་གཉིས་སུ་གསུངས་པ་མཚན་ཉིད་ཡོངས་སུ་རྫོགས་ཏེ་སྟོན་པ་ཡིན་ནམ་གཉིས་ཀས་གཅིག་བསྟན་པ་ཡིན་ཞེ་ན། ལྷ་དབང་བློས་རྣམ་གྲངས་པར་བཞེད་ལ། རྒྱན་གྱིས་མཚོན་བྱ་མི་འདྲ་བ་གཉིས་ཀྱི་མཚན་ཉིད་སོ་སོར་བསྟན་པར་བཞེད་ཀྱང༌། སྔ་མས་མཚན་ཉིད་ཡོངས་རྫོགས་པ་སྟོན་པ་མིན་ཏེ། མི་བསླུ་བ་ཙམ་གྱིས་འཇོག་མི་ནུས་པའི་ཕྱིར་རོ། །དེས་ན། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པས་ནི། སྔར་གྱི་དེར་མ་ཟད་དེ་ཡང་མཚན་ཉིད་ཀྱི་ཡན་ལག་དུ་དགོས་ཞེས་པའི་དོན་ཏེ། མི་སླུ་བར་བསྟན་པ་དེ་ཡང་ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་གསར་དུ་རྟོགས་པ་ཁྱད་པར་དུ་བྱ་དགོས་པའི་ཕྱིར། སྔ་མ་ནི་བླང་དོར་ལ་འཇུག་པ་དག་གིས་བློ་འདིའི་རྗེས་སུ་བསྟན་པར་བྱ་བའི་དོན་ཡིན་ལ། ཕྱི་མ་ནི་རྗེས་ཀྱི་དྲན་ཤེས་ལ་ཁྱབ་ཆེས་པ་སྤང་བའི་དོན་དུ་སྨོས་སོ། །ཚད་མས་གཞལ་བ་དང་རྟོགས་པར་འདོད་པའི་དོན་མཐུན་དགོས་ཏེ། ཡོངས་སུ་དཔྱད་པའི་ཆུ་མ་ཐོབ་ལ། ཐོབ་ལ་མ་དཔྱད་པའི་རྨིག་སྒྱུ་ཐོབ་པར་བྱེད་པ་ལ་སོགས་པའི་བློ་ཡང་ཚད་མར་ཐལ་བར་འགྱུར་བས་སོ། །འདི་དག་ནི་ཚད་མ་མ་ཡིན་ཏེ། རྟོགས་པར་འདོད་པའི་དོན་མ་བསྟན་པར་རྟོགས་འདོད་མེད་པའི་དོན་ཐོབ་པར་བྱས་པའི་ཕྱིར་རོ། །དེས་ན་གང་ཟག་གིས་རྟོགས་པར་འདོད་པའི་དོན་དང་མཐུན་པར་ཁོང་དུ་ཆུད་པར་བྱས་ནས་དགོས་པ་ཡོད་ན་འཇུག་ལ། མེད་ན་མི་འཇུག་པས་སོ། །དཔེར་ན། གྲུབ་པའི་མཐའ་ཕྱིན་ཅི་མ་ལོག་པར་ངེས་ན་འཇུག་ལ། མ་ངེས་ན་མི་འཇུག་པ་ལྟ་བུའོ། །མི་བསླུ་བའི་དོན་ཡང་འཇིག་རྟེན་ལས་གྲགས་པ་ལས་བཞག་སྟེ། འཇིག་རྟེན་ན་ཁས་བླངས་པའི་དོན་བཞིན་བྱེད་པ་ལ་མི་བསླུ་བའི་ཐ་སྙད་བྱེད་པ་བཞིན་དུ་ཤེས་པས་ཀྱང་རང་གི་བསྟན་པའི་དོན་དང་ཕྲད་པར་བྱེད་པས་མི་བསླུ་བ་ཞེས་བརྗོད་དོ། །གལ་ཏེ་མི་བསླུ་བ་དེ་ཡང༌། རང་ལས་ངེས་པའམ། གཞན་ལས་ངེས། དང་པོ་ལྟར་ན་ཚད་མ་དང་ཚད་མིན་གྱི་རྣམ་པར་དབྱེ་བ་ལ་རྨོངས་པ་མེད་པའི་ཕྱིར། དེ་དག་གི་མཚན་ཉིད་སྟོན་པའི་བསྟན་བཅོས་བྱས་པ་དོན་མེད་པར་འགྱུར་རོ། །གཉིས་པ་ལྟར་ན། ངེས་བྱེད་ཀྱི་ཚད་མ་གཞན་དེ་ཡང་གཞན་ལས་ངེས་པར་བྱ་དགོས་པའི་ཕྱིར་དེ་ལྟ་ན་ཐུག་མེད་དུ་འགྱུར་རོ་ཞེ་ན། མཐའ་གཅིག་ཏུ་རང་ལས་ངེས་པའམ། གཞན་ལས་ངེས་པ་ཁོ་ནར་འགྱུར་བ་ནི་མིན་གྱི། ཁ་ཅིག་ནི་རང་ལས་ངེས་པར་འགྱུར་ལ། གཞན་ནི་གཞན་ལས་ངེས་པར་འགྱུར་རོ། །དེ་ལྟ་བས་ན་མ་ངེས་པ་ལ་ངེས་ཤེས་གཞན་གདོན་མི་ཟ་བར་བཙལ་དགོས་པ་མིན་པའི་ཕྱིར་ཐུག་མེད་དུ་ཡང་མི་འགྱུར་ལ། འགའ་ཞིག་གྲུབ་མཐའ་ངན་པ་ལ་ཞུགས་པའི་དབང་གིས་ཚད་མ་མིན་པ་ལ་ཚད་མར་སྒྲོ་འདོགས་པ་མཐོང་བའི་ཕྱིར། བསྟན་བཅོས་ཀྱང་དོན་མེད་དུ་འགྱུར་བ་མིན་ནོ། །གཉིས་པ་དབྱེ་བ་ལ། ངེས་པ་འདྲེན་ཚུལ་གྱིས་རང་ལས་ངེས་དང༌། གཞན་ལས་ངེས་གཉིས་སོ། །ཡུལ་གྱི་དབྱེ་བ་ལས་ནི། མངོན་སུམ་ཚད་མ་དང༌། རྗེས་དཔག་ཚད་མའོ། །དང་པོ་ནི་སྔོ་འཛིན་མངོན་སུམ་ཆོས་ཅན། སྔོན་པོ་ལ་རང་ལ་ངེས་ཀྱི་ཚད་མ་ཡིན་ཏེ། དེ་ལ་མི་བསླུ་བར་རང་གི་སྟོབས་ཀྱིས་དྲངས་པའི་ངེས་ཤེས་ལས་ཁོང་དུ་ཆུད་པ་དེ་ཡིན་པའི་ཕྱིར་རོ། །སྔོན་པོའི་མི་རྟག་པ་ལ་གཞན་ལས་ངེས་ཡིན་ཏེ། དེ་ལ་མི་བསླུ་བར་ཚད་མ་གཞན་གྱིས་དྲངས་པའི་ངེས་ཤེས་ཀྱི་མཐུ་ལས་ཁོང་དུ་ཆུད་པ་ཡིན་པའི་ཕྱིར། རྗེས་དཔག་ནི་མཐའ་གཅིག་དུ་རང་ལས་ངེས་ཡིན་ཏེ། ངེས་པའི་བདག་ཉིད་ཡིན་པའི་ཕྱིར། དེ་ལ་དང་པོར་རང་གིས་ཡུལ་ངེས་ལ། རྗེས་ཀྱི་ཤེས་པས་ནི། རང་གིས་ཇི་ལྟར་ངེས་པ་ལྟར་དོན་དང་མཐུན་པར་ངེས་པ་ཡིན་ནོ། །མི་བསླུ་བར་ངེས་པའི་ཚུལ་ཡང་འདིས་རྟོགས་པར་བྱའོ། །མངོན་སུམ་ལ་ནི་རང་ལས་ངེས་དང༌། གཞན་ལས་ངེས་གཉིས་སོ། །དང་པོ་ནི། །སྔོན་པོ་ལ་སྔོ་འཛིན་ལྟ་བུ་སྟེ། རང་གི་སྔོན་པོ་ངེས་པ་མིན་ཡང༌། དེ་ངེས་པའི་འགལ་རྐྱེན་མེད་པས་དེ་མ་ཐག་ཏུ་ངེས་པར་བྱེད་ནུས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ངེས་པ་སྐྱེད་པ་དང༌། ཐེ་ཚོམ་སྐྱེད་པ་དང༌། སྒྲོ་འདོགས་སྐྱེད་པའོ། །དང་པོ་ནི། ཐག་རིང་པོའི་དམར་འབར་བ་དང༌། ཐེ་ཚོམ་མ་སྐྱེས་ཀྱང་རྗེས་ཐོགས་སུ་དུ་བ་མཐོང་བའི་སྟོབས་ཀྱིས་དྲངས་པའི་ངེས་པས་སྔར་གྱི་དམར་འབར་བ་མེར་ཁོང་དུ་ཆུད་པ་ལྟ་བུའོ། །གཉིས་པ་ནི་མེ་ཡིན་མིན་གྱི་ཐེ་ཚོམ་ཙམ་སྐྱེད་པར་བྱེད་པ་ལྟ་བུ་སྟེ། གཞན་ལས་ངེས་ཚུལ་སྔ་མ་ལྟར་རོ། །གསུམ་པ་ནི། རྨིག་སྒྱུ་ལ་ཆུར་འཛིན་གྱི་སྒྲོ་འདོགས་སྐྱེད་པར་བྱེད་པའི་མངོན་སུམ་ལྟ་བུའོ། །འདིར་བོད་དག་གིས་གཞན་ལས་ངེས་ནི་ཚད་མ་མིན་ཏེ། ཚད་མའི་བྱ་བ་སྒྲོ་འདོགས་དངོས་སུ་གཅོད་པ་ཡིན་ལ། འདི་དག་གིས་སྒྲོ་འདོགས་དངོས་སུ་གཅོད་མི་ནུས་པའི་ཕྱིར་ཏེ། འདི་དག་གིས་ངེས་པ་དངོས་སུ་འདྲེན་མི་ནུས་པའི་ཕྱིར་ཞེས་འདོད་དོ། །གཞན་དག་ནི་ཐེ་ཚོམ་སྐྱེད་བྱེད་ནི་ཚད་མ་ཡིན་ཏེ། ཚད་མས་འཇུག་ཡུལ་ཐོབ་པར་བྱེད་པ་ཡིན་ལ། ཐེ་ཚོམ་ལས་འཇུག་ཡུལ་ཐོབ་པ་མི་འགལ་བའི་ཕྱིར་ཏེ། གང་ཞིག་འཇིག་རྟེན་དོན་གཉེར་བ། ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །སྒྲོ་འདོགས་སྐྱེད་བྱེད་ནི་རྣམ་པ་ཀུན་ཏུ་ཚད་མ་མིན་ཏེ། སྐྱེས་བུ་ལ་འཇུག་ཡུལ་ཕྱིན་ཅི་མ་ལོག་པར་སྟོན་མི་ནུས་པའི་ཕྱིར་རོ། །འཇུག་ཡུལ་སྟོན་པ་ནི་ངེས་པ་ལ་རག་ལས་པའི་ཕྱིར་དང༌། འདིས་ནི་འཇུག་ཡུལ་གྱི་ལོག་ཕྱོགས་སུ་སྒྲོ་འདོགས་པ་སྐྱེད་པའི་ཕྱིར་ཞེ་ན། འོ་ན་ཐེ་ཚོམ་བསྐྱེད་བྱེད་ཀྱང་ཚད་མ་མིན་པར་ཐལ། འཇུག་ཡུལ་རྟོགས་པ་ངེས་པ་ལ་རག་ལས་ལ། འདིས་ཐེ་ཚོམ་སྐྱེད་པར་བྱེད་པའི་ཕྱིར། རྒྱུད་ནས་ངེས་པ་སྐྱེད་པས་སྐྱོན་མེད་དོ་ཞེ་ན། འོ་ན་སྒྲོ་འདོགས་བསྐྱེད་བྱེད་ཀྱི་མངོན་སུམ་ཀྱང་ཚད་མར་ཐལ། རྒྱུད་ནས་ངེས་པ་སྐྱེད་པའི་ཕྱིར། གལ་ཏེ་མི་སྐྱེད་ན། གཞན་ལས་ངེས་ཀྱི་ཚད་མ་མིན་པར་ཐལ། འཇུག་ཐོགས་ཀྱི་ཚད་མ་གཞན་གྱིས་དྲངས་པའི་ངེས་ཤེས་ལས་ཁྱོད་ཚད་མར་མི་ངེས་པའི་ཕྱིར་རོ། །དོན་མི་འགྱུར་གྱི་ཐེ་ཚོམ་སྐྱེད་བྱེད་ཀྱང་ཚད་མ་ཡིན་པར་ཐལ། ཚད་མའི་བྱ་བ་འཇུག་ཡུལ་ཐོབ་བྱེད་ཡིན་ལ་དེས་འཇུག་ཡུལ་ཐོབ་པའི་གེགས་དོན་མི་འགྱུར་གྱི་ཐེ་ཚོམ་སྐྱེད་པའི་ཕྱིར་ཞེས་རྣམ་པ་ཀུན་ཏུ་མཚུངས་སོ། །དངོས་སུ་ཐེ་ཚོམ་དང་སྒྲོ་འདོགས་སྐྱེད་པ་ཡིན་ཀྱང་རྒྱུད་ནས་ངེས་པ་བསྐྱེད་དགོས་ཏེ། གཞན་དུ་གཞན་སྟོབས་ལས་མི་ངེས་པས་གཞན་ལས་ངེས་བྱ་བར་མི་འགྱུར་རོ། །གལ་ཏེ་ཐག་རིང་པོའི་དམར་འབར་བ་ལ་རང་ལས་དང༌། མེའི་ཆ་ལ་གཞན་ལས་ངེས་སུ་གྱུར་པའི་ཚེ་གང་དབང་བཙན་པར་བྱ། སྔ་མ་ལྟར་ན། རང་ལས་ངེས་སུ་ཐལ། དམར་འབར་བ་རང་ལ་རང་ལས་ངེས་ཡིན་པའི་ཕྱིར། གཞན་ལས་ངེས་སུ་ཐལ། མེའི་ཆ་ལ་གཞན་ལས་ངེས་ཡིན་པའི་ཕྱིར་ཞེ་ན། འཇུག་པ་པོའི་བསམ་པ་ལ་རག་ལས་སྟེ། དམར་འབར་བ་ཙམ་ལ་ཤེས་འདོད་ཞུགས་ན། དམར་འབར་བ་ངེས་པ་ཙམ་གྱིས་འདོད་པའི་དོན་ཡོངས་སུ་རྫོགས་པས་དེ་ཉིད་དབང་བཙན་པ་ཡིན་ནོ། །གལ་ཏེ་མེའི་ཆ་ལ་ཤེས་འདོད་ཞུགས་ན་དམར་འབར་བ་ལ་ངེས་པ་དྲངས་པ་ཙམ་གྱིས་མངོན་པར་འདོད་པའི་དོན་མི་ཐོབ་པས་མེ་ལ་ངེས་པ་འདྲེན་དགོས་པ་ཡིན་ནོ། །བོད་དག་གིས་མངོན་སུམ་ཡིན་ལ་ཚད་མ་མ་ཡིན་པ་ཡོད་དེ། སྒྲ་རྟག་འཛིན་ཅན་གྱི་ཉན་ཤེས་སྒྲའི་མི་རྟག་པ་ལ་མངོན་སུམ་ཡིན་ཡང་ཚད་མ་མ་ཡིན་ཏེ། དེ་ལ་སྒྲོ་འདོགས་མི་གཅོད་པའི་ཕྱིར་ཏེ། ངེས་པ་མ་དྲངས་པའི་ཕྱིར་རོ། །གལ་ཏེ་དེ་ལ་ཚད་མ་ཡིན་ན། སྒྲ་རྟག་འཛིན་ཅན་གྱི་གང་ཟག་ཆོས་ཅན། ཁྱོད་ཀྱི་ངོར་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་མི་དགོས་པར་ཐལ། ཁྱོད་ཀྱི་ཉན་ཤེས་ཀྱིས་སྒྲའི་མི་རྟག་པ་རྟོགས་པའི་ཕྱིར་ཞེས་སྨྲའོ། །འོ་ན་གྲངས་ཅན་ཆོས་ཅན། ཁྱོད་ཀྱི་ངོར་མྱོང་བའི་རྟགས་ཀྱིས་བདེ་སོགས་ཤེས་པར་སྒྲུབ་མི་དགོས་པར་ཐལ། ཁྱོད་ཀྱི་རང་རིག་མངོན་སུམ་གྱི་བདེ་སོགས་ཤེས་པ་ཡིན་པར་རྟོགས་པའི་ཕྱིར། ཅི་སྟེ་མ་རྟོགས་ན། བདེ་སོགས་ཀྱི་ངོ་བོ་ཉམས་སུ་མྱོང་བ་ཡིན་པའི་ཆ། རང་རིག་མངོན་སུམ་དུ་ཉམས་སུ་མྱོང་བ་ཡིན་པའི་ཆ། རང་རིག་མངོན་སུམ་དུ་ཉམས་སུ་མྱོང་བ་མིན་པར་ཐལ་ལོ་ཞེས་མཚུངས་པ་བརྗོད་དོ། །གཞན་ཡང་ཁྱོད་ཀྱི་སྒྲ་འཛིན་མངོན་སུམ་གྱིས་སྒྲའི་མི་རྟག་པ་རྟོགས་ཀྱང༌། ཁྱོད་ཀྱི་ངོར་སྒྲའི་མི་རྟག་པ་རྟགས་ཀྱིས་སྒྲུབ་དགོས་པར་ཐལ། སྔར་སྒྲ་མི་རྟག་པ་མ་ངེས་པའི་རྟགས་ཀྱིས་གསར་དུ་ངེས་པར་བྱ་དགོས་པའི་ཕྱིར། དེས་ན་དེས་ནི་སྒྲ་མི་རྟག་པ་རྟོགས་ཀྱང་ཚད་མས་གྲུབ་པ་ནི་མིན་ཏེ། གྲུབ་པ་ལ་ནི་ངེས་པ་དྲངས་དགོས་པའི་ཕྱིར། གྲངས་ཅན་གྱིས་ཀྱང་བདེ་སོགས་མྱོང་བའི་ངོ་བོར་མ་གྲུབ་པས། ཐ་སྙད་སྒྲུབ་འབའ་ཞིག་པའོ། །གལ་ཏེ་སྒྲ་འཛིན་མངོན་སུམ་སྒྲ་ལ་ཚད་མ་མིན་ན། དེ་ལ་ཚད་མིན་གྱི་བློར་ཐལ། དེ་ལ་ཡུལ་གྱི་བློ་གང་ཞིག ཚད་མ་མ་ཡིན་པའི་ཕྱིར་རོ། །འདོད་ན། མཐའ་བརྟགས་པ་ན་སྣང་ལ་མ་ངེས་སུ་ཁས་ལེན་དགོས་པས། ཡུལ་ལ་རང་ཉིད་ཀྱང་སྣང་ལ་མ་ངེས་པའམ། ངེས་པ་དྲངས་པ་ལ་འདོད། དང་པོ་ལྟར་ན། མངོན་སུམ་ཚད་མ་ཡང༌། ཚད་མ་མིན་པ་ཐལ་ལོ། །གཉིས་པ་ལྟར་ན། རྟོག་པའི་རྒྱུན་འགགས་ཁ་མ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཚད་མ་མིན་པར་ཐལ་ལོ་ཞེས་བརྗོད་དོ། །དེས་ན་ཚད་མ་ཙམ་དང་བླང་དོར་སྟོན་པའི་ཚད་མ་གཉིས་སུ་ཕྱེ་སྟེ། ངེས་པ་འདྲེན་དགོས་པར་བཤད་པ་ནི། ཕྱི་མའི་དབང་དུ་བྱས་ཏེ། ངེས་པ་དྲངས་པའི་སྒོ་ནས་འཇུག་ཡུལ་ཁོང་དུ་ཆུད་པར་བྱས་ཏེ་བླང་དོར་ལ་འཇུག་དགོས་པའི་ཕྱིར་རོ། །བསྟན་བཅོས་འདིར་ཡང༌། སོ་སོ་སྐྱེ་བོའི་མངོན་སུམ་ནི། །ངེས་པ་ཉིད་ལ་འཇུག་ལྡོག་བྱེད། །ཅེས་སོ། །མངོན་སུམ་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་ཡང་བཤད་དེ། གཏན་ཚིགས་ཐིགས་པ་ལས་མངོན་སུམ་གང་ཡིན་པ་ནི་ཚད་མའོ། །ཞེས་གསུངས་པས་སོ། །གཞན་ཡང་ཕྱི་རོལ་གྱི་དོན་གཞལ་བྱ་ལ་དོན་རིག་མངོན་སུམ་ཐམས་ཅད་ཚད་མར་བྱ་དགོས་པའི་ཕྱིར་རོ། །གཞན་ཡང༌། སྔར་མྱོང་བ་ནི་འཛིན་པ་ན། །ཡིད་ནི་ཚད་མ་ཉིད་མི་འགྱུར། །ཞེས་རྩོད་པའི་གང་ཟག་གི་ངོར། ཡིད་ཀྱི་མངོན་སུམ་ཚད་མར་བསྒྲུབ་དགོས་པའི་ཕྱིར་དང༌། ཡིད་ཀྱིས་མངོན་སུམ་ཚད་མ་ཡིན་ན་མངོན་སུམ་ཡིན་ལ་ཚད་མ་མིན་པ་གང་ཞིག་ཡོད། དེས་ན་མངོན་སུམ་དང༌། མངོན་སུམ་ཚད་མའི་མཚན་ཉིད་ཐ་དད་དུ་འཆད་པ་ཤིན་ཏུ་འཁྲུལ་ལོ། །སྒྲ་འཛིན་མངོན་སུམ་སྒྲའི་མི་རྟག་པ་ལ་ཚད་མ་ཡིན་ཞེས་པའང་རྫས་རྟོགས་པའི་དབང་དུ་བྱས་ལ། རྟོགས་དགོས་པ་ནི། ལྡོག་པ་ལ་སྒྲོ་འདོགས་གཅོད་པའི་དབང་དུ་བྱས་པས་རྟགས་དོན་མེད་དུ་ཐལ་བར་མི་འགྱུར་རོ། །ཡང་འགའ་ཞིག དག་འཛིན་དབང་པོའི་མངོན་སུམ་བུམ་མེད་ལ་མངོན་སུམ་ཚད་མ་ཡིན་ཡང་མངོན་སུམ་མིན་པས། མངོན་སུམ་ཚད་མ་ཡིན་ལ་མངོན་སུམ་མ་ཡིན་པ་ཡང་ཡོད་དོ་ལོ། བུམ་མེད་ལ་མངོན་གསུམ་མིན་པ་ལྟར། མངོན་སུམ་ཚད་མ་ཡང་མིན་པར་མཚུངས་སོ། །གལ་ཏེ་དེ་ལ་མངོན་སུམ་ཚད་མ་ཡིན་ཏེ། ས་ཕྱོགས་ལ་མངོན་སུམ་དུ་སོང་བའི་སྟོབས་ཀྱིས་བུམ་མེད་ལ་སྒྲོ་འདོགས་གཅོད་པའི་ཕྱིར་ཞེ་ན། འོ་ན་དེ་ལ་མངོན་སུམ་ཡང་ཡིན་པར་ཐལ། གཏན་ཚིགས་དེ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལ་མངོན་སུམ་མ་ཡིན་ཏེ། དེ་མེད་དགག་ཡིན་པས་དབང་པོའི་ཡུལ་དུ་མི་རུང་བའི་ཕྱིར་ཞེ་ན། གཏན་ཚིགས་དེ་ཉིད་ཀྱིས་དེ་ལ་མངོན་སུམ་ཚད་མ་ཡང་མིན་པར་མཚུངས་སོ། །གཞན་ཡང་མེའི་ཁ་དོག་འཛིན་པའི་མངོན་སུམ་ཡང་ཆོས་ཅན། མེའི་རེག་བྱ་ཚ་བ་ལ་མངོན་སུམ་ཚད་མ་ཡིན་པར་ཐལ། མེའི་ཁ་དོག་ལ་ཚད་མར་སོང་སྟོབས་ཀྱིས་དེ་ལ་སྒྲོ་འདོགས་གཅོད་པའི་ཕྱིར། གཏན་ཚིགས་ཀྱང་ཕལ་རོལ་པོ་ཉིད་ཀྱི་གཏན་ཚིགས་དང་མཚུངས་སོ། །འདོད་ན་མེའི་རེག་བྱ་ཚ་བ་ཁྱོད་ཀྱི་ཡུལ་ཡིན་པར་ཐལ། དེ་ཁྱོད་ཀྱི་གཞལ་བྱ་ཡིན་པའི་ཕྱིར། འདི་ཚད་མ་མདོར། ཁ་དོག་འཛིན་པའི་རེག་བྱ་ལ་ཚད་མ་ཡིན་པ་དངོས་སུ་བཀག་གོ །དེའི་དོན་བསྟན་བཅོས་འདིར་ཡང༌། སྐྱེ་མཆེད་རྣམ་དབྱེ་མ་ཤེས་པས། །ཁ་དོག་འཛིན་པ་རེག་བྱ་ལ། །ཚད་མ་ཡིན་ཞེས་ལ་ལ་ཟེར། །རྒྱུ་ཆོས་མངོན་སུམ་ཡིན་པར་འཁྲུལ། །ཞེས་གསུངས་སོ། །གཞན་ཡང༌། དབང་པོ་གཅིག་གིས་སྐྱེ་མཆེད་རིགས་མི་མཐུན་གཉིས་ཡུལ་དུ་བྱེད་པ་སྲིད་པར་ཐལ། ཁ་དོག་འཛིན་པའི་དབང་མངོན་རེག་བྱ་ལ་ཚད་མར་སོང་བ་སྲིད་པའི་ཕྱིར། མཛོད་ལས། གཉིས་བཟུང་འགྱུར་མེད་རྡུལ་ལ་མེད། །ཅེས་གསུངས་པ་ཡང་ཉིན་པར་བུམ་པའི་གཟུགས་མཐོང༌། མཚན་མོ་བུམ་པའི་རེག་བྱ་ལ་རེག་པའི་ཚེ། ཁ་དོག་གི་རྣམ་པ་ཤར་བ་ཆོས་ཅན། རེག་བྱ་འཛིན་པ་མིན་པར་ཐལ། ཁ་དོག་གི་རྣམ་པར་སྣང་བའི་ཕྱིར། རྣམ་ངེས་ལས། མིན། ཤེས་ལ་ཁ་དོག་སྣང་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཡུལ་གྱི་སྒོ་ནས་མངོན་སུམ་དང་རྗེས་དཔག་གཉིས་སུ་ཕྱེ་སྟེ། ཚད་མ་ནི་གཞལ་བྱ་རྟོགས་པས་རབ་ཏུ་ཕྱེ་བའི་ཕྱིར། ཚད་མ་མངོན་སུམ་དང༌། རྗེས་དཔག་གཉིས་སུ་ངེས་ཏེ། གཞལ་བྱ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར་རོ། །གཞལ་བྱ་གཉིས་སུ་ངེས་པ་ཚད་མས་མི་འགྲུབ་ཏེ། མངོན་སུམ་ལྐོག་གྱུར་ལ་མི་འཇུག རྗེས་དཔག་མངོན་གྱུར་ལ་མི་འཇུག་པའི་ཕྱིར་དང༌། རྟོགས་པ་ཕན་ཚུན་རྟེན་པའི་སྐྱོན་དུ་ཡང་འགྱུར་ཏེ། ཚད་མའི་དབྱེ་བ་འགྲུབ་པ་གཞལ་བྱའི་དབྱེ་བ་གྲུབ་པ་ལ་ལྟོས་ཤིང༌། དེ་འགྲུབ་པ་ཡང་ཚད་མའི་དབྱེ་བ་གྲུབ་པ་ལ་ལྟོས་པའི་ཕྱིར་ཞེ་ན། གཞལ་བྱ་ལ་དོན་དམ་པར་དོན་བྱེད་ནུས་པ་དང༌། མི་ནུས་པ་གཉིས་སུ་ངེས་པ་སོགས་ཀྱི་རྟགས་ཀྱིས་གཞལ་བྱ་ལ་གཉིས་སུ་ངེས་པར་འགྲུབ་པའི་ཕྱིར་རྟོགས་པ་ཕན་ཚུན་རྟེན་པར་མི་འགྱུར་ཏེ། གལ་ཏེ་རྗེས་དཔག་མངོན་གྱུར་ལ་མི་འཇུག་པས་སྐྱོན་ཡོད་ཅེ་ན། གཞལ་བྱ་ཆོས་ཅན་དུ་བཟུང་ནས་གཉིས་སུ་གྲངས་ངེས་པར་སྒྲུབ་པ་ཡིན་གྱི། གཞལ་བྱ་གཉིས་པོ་ཆོས་ཅན་དུ་འཛིན་པ་མིན་ལ། མངོན་གྱུར་ཆོས་ཅན་དུ་བཟུང་བ་ལ་ཉེས་པ་མེད་དེ། སྒྲ་ཆོས་ཅན་དུ་བཟུང་བ་བཞིན་ནོ། །དེ་བཟུང་ཡང་མངོན་གྱུར་གྱི་སྤྱི་ཆོས་ཅན་དུ་བཟུང་བས་ཉེས་པ་ག་ལ་ཡོད། དོན་དམ་པར་དོན་བྱེད་ནུས་མི་ནུས་གཉིས་སུ་ངེས་པས། གཞལ་བྱ་ཕུང་པོ་གསུམ་པ་ཤུགས་ལ་ཁེགས་པའི་ཕྱིར་ཚད་མ་གཉིས་སུ་ངེས་པ་གྲུབ་བོ། །ཡང་གཞལ་བྱ་སྤྱི་མཚན་ཡིན་ན་དངོས་མེད་ཡིན་པས་ཁྱབ་པར་ཐལ། རྟགས་ལས་ཚོགས་དོན་འཇལ་བའི་རྗེས་དཔག་ཚད་མ་མི་སྲིད་པའི་ཕྱིར་ཏེ། རྗེས་དཔག་གི་གཞལ་བྱ་ཡིན་ན་དངོས་མེད་དུ་ངེས་པའི་ཕྱིར་རོ། །བྱས་པའི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མ་དེ་ཆོས་ཅན། སྒྲ་དང་མི་རྟག་པའི་ཚོགས་དོན་འཇལ་བ་མིན་པར་ཐལ། ཁྱོད་ཀྱི་གཞལ་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་པའི་ཕྱིར་རོ། །གལ་ཏེ་སྒྲ་དང་མི་རྟག་པའི་ཚོགས་དོན་རང་མཚན་ཡིན་པས་དངོས་པོ་ཡང་འཇལ་ལོ་སྙམ་ན། གཞལ་བྱ་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས་ཚད་མ་མངོན་རྗེས་གཉིས་སུ་ངེས་པར་སྒྲུབ་མི་ནུས་པར་ཐལ། རྗེས་དཔག་ཚད་མ་གཅིག་པུས་རང་སྤྱི་གཉིས་ཀ་འཇལ་བའི་ཕྱིར་རོ། །གཞན་ཡང་རྟགས་ཀྱི་བསྒྲུབ་བྱ་ཡིན་ན་དངོས་མེད་ཡིན་པས་ཁྱབ་པར་ཐལ། གཞལ་བྱ་སྤྱི་མཚན་ཡིན་ན་དངོས་མེད་ཡིན་པས་ཁྱབ་པའི་ཕྱིར་རོ། །ཁོ་བོས་ནི་སྤྱི་ཡིན་ན་དོན་དམ་པར་དངོས་པོར་མ་གྲུབ་པར་སྨྲའི། །ཅུང་ཟད་དཔྱད་པའི་རྣམ་གཞག་ལ་སྤྱི་དང་དངོས་པོ་འགལ་བར་མི་བརྗོད་དོ། །གཞན་ཡང༌། སྒྲ་མི་རྟག་པ་རང་མཚན་པ་རྗེས་དཔག་གིས་དངོས་སུ་འཛིན་པར་འདོད་པ་དང༌། གཞལ་བྱ་སྤྱི་མཚན་ལ་དངོས་མེད་ཀྱིས་ཁྱབ་པར་སྨྲ་བར་ཡང་འགལ་བར་སྣང་ངོ༌། །ཁོ་བོ་ནི་དངོས་པོ་དང་རང་མཚན་ཡང་དངོས་པོར་སྨྲ་ལ། མ་དཔྱད་པ་དང་ཅུང་ཟད་དཔྱད་པ་སོགས་ཀྱི་རྣམ་གཞག་སོ་སོར་ཕྱེ་བས་མི་འགལ་ལོ། །དང་པོ་མངོན་སུམ་ཚད་མ་ལ་མཚན་ཉིད་ནི། རྟོག་བྲལ་མ་འཁྲུལ་བའི་ཤེས་པའོ། །རྟོག་བྲལ་དང་མ་འཁྲུལ་བ་གཉིས་སྨོས་པ་ནི། རྟོག་པ་མངོན་སུམ་ལྟར་སྣང་དང༌། རྟོག་མེད་མངོན་སུམ་ལྟར་སྣང་གཉིས་སོ་སོར་བསལ་བའི་དོན་ནོ། །གལ་ཏེ་མ་འཁྲུལ་བ་སྨོས་པས་རྟོག་པ་ཡང་བསལ་བ་ཡིན་ཏེ། རྟོག་པ་རྣམས་འཁྲུལ་བའི་ཕྱིར། དེས་ན་རྟོག་བྲལ་སྨོས་པ་དོན་མེད་ཅེ་ན། རིགས་པ་ཅན་པ་དང༌། བྱེ་བྲག་པ་སོགས། དབང་པོའི་མངོན་སུམ་རྣམས་མ་འཁྲུལ་བ་ཡིན་ཡང་རྟོག་བྲལ་མིན་ཏེ། ངེས་པའི་བདག་ཉིད་ཡིན་པའི་ཕྱིར་དང༌། མིང་དང་རིགས་སོགས་སྦྱར་ནས་འཛིན་པའི་ཕྱིར་ཞེས་སྨྲ་བའི་ལོག་རྟོག་བསལ་བའི་ཆེད་ཡིན་ནོ། །མ་འཁྲུལ་བའི་དོན་ནི་རྟོག་མེད་འཁྲུལ་རྒྱུས་མ་སླད་པ་སྟེ། རྣམ་ངེས་ལས། རབ་རིབ་དང་མྱུར་དུ་སྐོར་བ་དང༌། གྲུར་ཞུགས་པ་ལ་སོགས་པའི་འཁྲུལ་པས་འཁྲུལ་པར་མ་སྐྱེད་ཅིང་ཞེས་སོ། །འདི་མདོ་སྡེ་པ་ཁོ་ནའམ། སེམས་ཙམ་པ་ཁོ་ནའི་དབང་དུ་བྱས་ཤེ་ན། འགའ་ཞིག་ཆོས་མཆོག་གི་དགོངས་པར་བསམ་ནས། མདོ་སྡེ་པ་ཁོ་ནའི་ཡིན་གྱི་སེམས་ཙམ་པའི་མིན་ཏེ། འདི་མངོན་སུམ་བཞི་ཀའི་ཐུན་མོང་གི་མཚན་ཉིད་ཡིན་ལ། སེམས་ཙམ་པ་ལ་དབང་མངོན་དང་ཡིད་མངོན་གཉིས་རྟོག་བྲལ་མ་འཁྲུལ་བར་མི་རུང་བའི་ཕྱིར་ཏེ། དོན་སྣང་གི་བློ་ཐམས་ཅད་ཐོག་མ་མེད་པའི་དུས་ཅན་གྱི་དོན་སྣང་གི་བག་ཆགས་ཀྱི་མཐུ་ལས། གཟུང་འཛིན་གཉིས་སུ་མེད་བཞིན་དུ་གཟུང་འཛིན་གཉིས་སུ་སྣང་བའི་ཕྱིར། ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་ཡིན་པས་རྟོག་བྲལ་དུ་མི་རུང་ལ། དོན་དུ་སྣང་བ་རྣམས་ནི། རབ་རིབ་ཅན་ལ་སྐྲ་ཤད་འཛག་པར་སྣང་བ་ལྟར་དོན་ལ་མེད་བཞིན་དུ་སྣང་བའི་ཕྱིར་ཡུལ་ཅན་འཁྲུལ་པའི་ཕྱིར་རོ་ཞེས་ཟེར་རོ། །མིན་ཏེ་འདིར་རྟོག་བྲལ་ནི། སྒྲ་དོན་འདྲེས་རུང་དུ་འཛིན་པ་དང་བྲལ་བ་དང༌། མ་འཁྲུལ་བ་ཡང་རབ་རིབ་སོགས་ཀྱི་རྟོག་མེད་འཁྲུལ་རྒྱུས་མ་སླད་པ་ཙམ་ལ་འདོད་ལ། དེ་དག་ནི་སེམས་ཙམ་པ་ཡང་དོན་སྣང་གི་བློ་གཉིས་ལ་ཡོད་པའི་ཕྱིར་རོ། །འདིར་ཡང༌། མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཞེས་གསུངས་པས་སེམས་ཙམ་པའི་ལུགས་ལ་དབང་མངོན་མེད་པར་འདོད་པ་ཡིན་ནོ་ཞེ་ན། འདིར་དོན་དམ་པ་དང་ཐ་སྙད་པའི་རྣམ་བཞག་གཉིས་ལས། དང་པོ་ལ། རང་རིག་མངོན་སུམ་དང་རྣལ་འབྱོར་མངོན་སུམ་ཁོ་ནར་བཞག་སྟེ། དོན་དམ་པར་རྣམ་པ་གཏོད་བྱེད་ཀྱི་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་དང༌། དབང་མངོན་ཁས་ལེན་པ་དེ་སྲིད་དུ་དོན་སྣང་གི་རྣམ་པ་ཁས་ལེན་དགོས་པའི་ཕྱིར་དང༌། གཟུང་འཛིན་ཐ་དད་པ་ཁས་ལེན་དགོས་པའི་ཕྱིར་རོ། །ཐ་སྙད་ཀྱི་དབང་དུ་བྱས་ན། དབང་མངོན་བཞེད་དེ། བག་ཆགས་བརྟན་དང་མི་བརྟན་ལས། །བདེན་དང་བརྫུན་པའི་རྣམ་གཞག་བྱེད། །ཅེས་པ་ལྟར་རོ། །གཉིས་པ་གཞུང་དོན་ལ། ཚད་མའི་མཚན་ཉིད་ངོས་བཟུང༌། དེས་སྒྲོ་འདོགས་ཇི་ལྟར་གཅོད་པའི་ཚུལ་ལོ། །དང་པོ་ལ་གསུམ་ལས། གཞན་གྱིས་བཏགས་པ་དགག་པ་ནི། སློབ་དཔོན་ལྷ་དབང་བློ་མི་བསླུ་བའི་ཤེས་པ་དང་སྔར་མ་ཤེས་པའི་དོན་གསལ་བར་བྱེད་པའི་ཤེས་པ་གཉིས་ཚད་མའི་མཚན་ཉིད་རྣམ་གྲངས་པ་ཡིན་པར་འདོད་དོ། །རྒྱན་མཁས་པས་གཉིས་པོ་ཕྱེ་སྟེ་སྨྲས་ནས། མི་བསླུ་བ་ཐ་སྙད་པ་དང༌། མ་ཤེས་དོན་གསལ་དོན་དམ་པའི་ཚད་མའི་མཚན་ཉིད་དུ་སྨྲའོ། །ཆོས་མཆོག་གིས། རྣམ་ངེས་ལས། འདི་དག་གིས་དོན་ཡོངས་སུ་གཅད་ནས་འཇུག་པ་ན། དོན་བྱ་བ་ལ་སླུ་བ་མེད་པའི་ཕྱིར་རོ་ཞེས་པའི་ཚིགས་གསུམ་གྱིས། ངོ་བོའི་ཁྱད་པར་དོན་ཐོབ་བྱེད་ཀྱི་ནུས་པ་དང༌། ཡུལ་གྱི་ཁྱད་པར་ཡོངས་སུ་དཔྱད་པའི་འཇུག་ཡུལ་ཐོབ་པ་དང༌། བྱེད་པའི་ཁྱད་པར་དོན་ཡོངས་སུ་གཅོད་པར་བྱེད་པའི་ནུས་པ་སྟེ་ཁྱད་པར་གསུམ་ལྡན་ནོ། །དེ་ལ་ངོ་བོའི་ཁྱད་པར་གྱིས་དངོས་པོར་འཛིན་པ་ཚད་མའི་མཚན་ཉིད་དུ་འདོད་པ་གཅོད་ལ། ཡུལ་གྱི་ཁྱད་པར་གྱིས་མི་སྲིད་པ་གཅོད། བྱེད་པའི་ཁྱད་པར་གྱིས་ཁྱབ་ཆེས་པ་གཅོད་ཞེས་འདོད་དོ། །བྲམ་ཟེའི་རྗེས་སུ་འབྲངས་བ་རྣམས་ནི་བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཏེ། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་གསར་དུ་རྟོགས་པ། འཛིན་སྟངས་ཀྱི་ཁྱད་པར་དོན་ལ་མི་འཁྲུལ་བ། བྱེད་པའི་ཁྱད་པར་སྒྲོ་འདོགས་སེལ་བ་ཞེས་གསུངས་སོ། །གལ་ཏེ་མི་སླུ་བ་དང༌། མ་ཤེས་དོན་གསལ་གཉིས་ཀྱིས་ཚད་མའི་མཚན་ཉིད་རིགས་མི་འདྲ་བའི་རྣམ་གྲངས་གཉིས་སྟོན་ནམ། དོན་གཅིག་ལ་མིང་ཐ་དད་པ་ཙམ་ཡིན། དང་པོ་ལྟར་ན། མཚོན་བྱ་ཚད་མ་དེ་ཡང་རིགས་མི་མཐུན་གཉིས་སུ་ཐལ་བར་འགྱུར་རོ། །གཉིས་པ་ལྟར་ན། གཉིས་པོ་ལ་རྣམ་དཔྱད་སོ་སོ་མེད་པར་ཐལ་བ་ལས་རང་གིས་རྣམ་དཔྱད་སོ་སོ་ཡོད་པར་འདོད་པས་བསལ་ལོ། །ཡང་རྒྱན་གྱི་བཞེད་པ་ལྟར་ཡང་མི་འཐད་དེ། ཚད་མ་སྤྱིའི་མཚན་ཉིད་དྲིས་པའི་ལན་ལ། ཐ་སྙད་པའི་ཚད་མ་དང༌། དོན་དམ་པའི་མཚན་ཉིད་སོ་སོར་བཞག་པས་དྲི་བའི་ལན་དང་མ་འབྲེལ་བའི་ཕྱིར་དང༌། ཚད་མ་སྤྱིའི་མཚན་ཉིད་གཅིག་བསྟན་རྒྱུ་མི་སྲིད་པར་ཐལ་བར་འགྱུར་རོ། །མཚན་ཉིད་གཉིས་ཀྱིས་མཚོན་བྱ་སོ་སོ་བ་གཉིས་མཚོན་པར་འདོད་པས། སྤྱིའི་མཚན་ཉིད་བཞག་པར་མི་འགྱུར་བའི་ཕྱིར་རོ། །ཡང་ཆོས་མཆོག་གིས་ཚད་མའི་མཚན་ཉིད་སྟོན་པའི་ཚིག་ལ་མ་ཁྱབ་པ་གཅོད་བྱེད་གཞན་ནས་ཁ་བསྐང་དགོས་པར་འདོད་པ་ཡང་མི་འཐད་དེ། སློབ་དཔོན་གྱིས་བཞག་པའི་མཚན་ཉིད་སྐྱོན་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་བདེན་པའི་དོན་རྟོགས་ཚད་མའི་བྱེད་པ་ཡིན་གྱི། མཚན་ཉིད་མིན་ནོ་ཞེས་གཉིས་སུ་འབྱེད་པའང་གཞུང་གི་དགོངས་པ་མིན། བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཚད་མའི་མཚན་ཉིད་དུ་འདོད་པ་ལའང་སྐྱོན་ཡོད་དེ། མི་དགོས་པ་དང༌། མ་ཁྱབ་པ་དང༌། མི་སྲིད་པའི་སྐྱོན་གསུམ་ཡོད་པའི་ཕྱིར་རོ། །འཛིན་སྟངས་དོན་ལ་མ་འཁྲུལ་ན་རྟོགས་ཟིན་ལ་འཇུག་པ་མི་སྲིད་པས། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་ཞེས་སྨོས་པ་ལ་རྣམ་དཔྱད་མེད་པས་མི་དགོས་པའི་ཕྱིར་དང༌། ངོ་བོའི་ཁྱད་པར་སྒྲོ་འདོགས་གཅོད་པ་མངོན་སུམ་ལ་མ་ཁྱབ་པའི་ཕྱིར་དང༌། བདེན་པའི་དོན་རྟོགས་ཀྱི་དོན་དངོས་པོ་ཇི་ལྟར་གནས་པ་ལྟར་འཛིན་པ་ལ་བྱེད་ན་རྗེས་དཔག་ལ་མི་སྲིད་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི་མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་འཇུག་ཡུལ་རང་མཚན་རྟོགས་པར་དོན་ལ་མཐུན་པས། ཐ་སྙད་པའི་ཚད་མ་དང་དོན་དམ་པའི་ཚད་མ་གཉིས་ཀ་ལའང་མཚན་ཉིད་གཉིས་པོ་འཇུག་གོ །ཇི་ལྟར་འཇུག་པའི་ཚུལ་ནི་སྤྱི་དོན་དུ་བརྗོད་ཟིན་ཏོ། །འདིར་མི་བསླུ་བ་ཞེས་སྨོས་པ་ནི་ཆོས་གསུམ་ལྡན་ཏེ། ལས་དང༌། བྱེད་པ་པོ་དང་བྱ་བ་གསུམ་གྱི་བདག་ཉིད་ཅན་གྱི་མི་བསླུ་བ་གསུམ་དུ་བསྟན། དེ་ལ་བྱེད་པ་པོ་གང་མི་སླུ་བ་ནི་ཚད་མ་གཉིས་སོ། །ལས་གང་ལ་མི་སླུ་བ་ནི་དོན་རང་མཚན་ལས་སོ། །བྱ་བ་ཇི་ལྟར་མི་བསླུ་བ་ནི། ཡུལ་ཇི་ལྟར་གནས་པ་བཞིན་གཞལ་བའོ། །ཚད་མས་སྔོན་པོར་གཞལ་ཡང་ཚད་མ་གཞན་གྱིས་སྔོ་མིན་དུ་གཞལ་ན་ཚད་མ་སྔ་མས་བསླུས་པ་ཡིན་ལ། དེ་མེད་པས་མི་བསླུ་བའོ་ཞེས་འཆད་དོ། །གསུམ་པ་རྩོད་པ་སྤང་བ་ནི། མི་བསླུ་བ་སྨོས་པའི་མཚན་ཉིད་ནི། དངོས་མེད་འཇལ་བའི་ཚད་མ་ལ་མ་ཁྱབ་ཏེ། དེ་རང་མཚན་ལ་མི་བསླུ་བའི་དོན་མ་ཚང་བས་སོ་ཞེ་ན། རང་གི་ཡུལ་རང་མཚན་དུ་ཡོད་མེད་དཔྱོད་པའི་སྒོ་ནས། ཐོག་མར་རང་མཚན་བློ་ཡུལ་དུ་བཟུང་ནས་དེ་འགོག་པའི་རྣམ་པས་འཇུག་པའི་ཕྱིར་དང༌། དགག་པའི་རྟགས་ལ་བརྟེན་པའི་རྗེས་དཔག་རྣམས་ཀྱིས་ཀྱང༌། དགག་གཞི་དངོས་པོ་བློ་ཡུལ་དུ་བྱེད་པའི་ཕྱིར་རོ། །འགའ་ཞིག་ཚད་མ་རང་མཚན་ལ་མི་བསླུ་བའི་མཚན་ཉིད་ཅན་དུ་འདོད་ན། ཉེ་བར་སླད་པ་དང་དུང་སེར་འཛིན་གྱི་དབང་ཤེས་དང༌། ལྗོན་ཤིང་འགྲོར་སྣང་ལ་ཁྱབ་ཆེས་ཏེ། གཉིས་པོའང་དུང་གི་དབྱིབས་དང་ཁ་དོག་ལ་མི་བསླུ་བ་ཡོད་པས་སོ་ཞེ་ན། ཉེ་བར་སླད་པའི་ཤེས་པ་གཉིས་པོ་ཆོས་ཅན། མི་བསླུ་བ་མིན་ཏེ། རང་གིས་ཡུལ་ཇི་ལྟར་བསྟན་པ་ལྟར་ཞུགས་པས་དེ་དང་རྗེས་སུ་མཐུན་པའི་དོན་མི་ཐོབ་པའི་ཕྱིར་རོ། །ཉེ་བར་སླད་པ་བསླུ་བའི་ཕྱིར། །མངོན་སུམ་ལྟར་སྣང་ཡིན་པར་བཤད། །ཅེས་སོ། །གཉིས་པ་དེས་སྒྲོ་འདོགས་གཅོད་པའི་ཚུལ་ལ་གཉིས་ལས། དང་པོ་ཇི་ལྟར་སེལ་ཚུལ་ནི། ཀུན་ཏུ་ཐ་སྙད་ལ་འཇུག་ལྡོག་བྱེད་པའི་ཚད་མ་ནི། རང་ཡུལ་ངེས་པའི་སྟོབས་ཀྱིས། ངེས་ཤེས་འདྲེན་ཏེ། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མ་ཡིན། །ཞེས་སོ། །ངེས་པའི་མཚན་ཉིད། རྟོག་པ་གང་ཞིག་ཐེ་ཚོམ་གཅོད་པའོ། །ཡང་དག་པའི་ངེས་པའི་འགལ་ཟླ་སྒྲོ་འདོགས་ཡིན་ལ། དེའི་མཚན་ཉིད་གནས་ལུགས་ལས་མཐའ་གཞན་དུ་རྟོག་པའི་བློ། དབྱེ་ན། རྟོག་པ་ལོག་ཤེས་དང༌། ཐེ་ཚོམ་གཉིས་སོ། །རྟོག་མེད་ལོག་ཤེས་ནི་ངེས་པའི་བསལ་བྱ་སྒྲོ་འདོགས་མིན་ཏེ། རྟོག་མེད་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་ངེས་ཤེས་ཀྱིས་སྒྲོ་འདོགས་སེལ་བས་མ་ཁྱབ་སྟེ། གློ་བུར་བའི་རྗེས་དཔག་ལས་མེ་མཐོང་བའི་ཚེ། སྔར་མ་རྟོགས་པ་ལས་རྟོགས་པ་ཡིན་གྱི་སྒྲོ་འདོགས་མ་བཅད་པའི་ཕྱིར་རོ། །དུ་བ་གློ་བུར་དུ་མཐོང་བའི་རྟགས་ལས་ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། སྒྲོ་འདོགས་གཅད་པ་ཡིན་ཏེ། རྟགས་ཡང་དག་ལ་བརྟེན་ནས་རང་ཡུལ་ལ་སེལ་བས་འཇུག་པ་ཡིན་པའི་ཕྱིར། ལའི་སྟེང་གི་མེའི་ཆོས་མ་ལུས་པ་རིལ་གྱིས་ཡུལ་དུ་བྱེད་པ་མིན་ཏེ། རང་ཡུལ་ལ་སྣང་བས་མི་འཇུག་པའི་ཕྱིར། གསལ་བྱ་སྒྲོ་འདོགས་གང་ཞེ་ན། དུ་ལྡན་གྱི་ལ་མེ་མེད་གཞན་དང་མཚུངས་པར་འཛིན་པའི་ལོག་ཤེས་ཡིན་ནོ། །སྒྲོ་འདོགས་སེལ་ཚུལ་ཡང༌། སྒྲོ་འདོགས་ཀྱི་ཞེན་སྟངས་ཀྱི་ཡུལ་དེ་ཚད་མས་སུན་ཕྱུང་ནས་ཚད་མའི་བྱེད་པ་མ་ཉམས་ཀྱི་བར་དུ་སྒྲོ་འདོགས་སྐྱེ་མི་སྲིད་པ་བྱས་པ་ཡིན་ཏེ། སློབ་དཔོན་གྱིས། དེ་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་དེའི་ཡུལ་སུན་མ་ཕྱུང་ན་དེས་དེ་སྤོང་བར་མི་རིགས་པར་བཤད་དོ། །རྩོད་པ་སྤང་བ་ནི། ངེས་པ་དང་སྒྲོ་འདོགས་གཉིས་ཡུལ་དང་ངོ་བོ་དང་དུས་གསུམ་ལ་གཅིག་དང་ཐ་དད་བརྟགས་པའི་རྩོད་པ་གསུམ་གྱིས་འདིར་མི་གནོད་དེ། ཞེས་པས་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། ངེས་པ་དང༌། སྒྲོ་འདོགས་གཉིས་ཡུལ་གཅིག་གམ་ཐ་དད། གལ་ཏེ་མི་གཅིག་པར་ཐ་དད་ན། བསལ་བྱ་སེལ་བྱེད་དུ་མི་འཐད་དེ། ཕྱིའི་སྣང་བ་དང་ནང་གི་མུན་པ་བཞིན་ནོ། །གལ་ཏེ་ཡུལ་གཅིག་ན། ཡང་དག་པའི་ངེས་པ་ལ་ཡུལ་ཡོད་པ་ལྟར་དུ་སྒྲོ་འདོགས་ལ་ཡང་ཡུལ་ཡོད་པར་ཐལ། ཡང་དག་པའི་ངེས་པ་དང་ཡུལ་གཅིག་པའི་ཕྱིར་རོ་ཞེས་རྩོད་ན། འདིར་རྩོད་པ་དེས་མི་གནོད་དེ། སྒྲ་མི་རྟག་རྟོགས་ཀྱི་ངེས་ཤེས་དང༌། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་གཉིས་ཆོས་ཅན། བསལ་བྱ་སེལ་བྱེད་དུ་འཐད་དེ། ཞེན་པའི་དམིགས་ཡུལ་གཅིག་ལ་ཞེན་སྟངས་དོན་དང་མཐུན་མི་མཐུན་ཐ་དད་པ་གཉིས་ཀྱི་སྒོ་ནས་འཇུག་པའི་ཕྱིར། ཡང་ངེས་ཤེས་དང་སྒྲོ་འདོགས་ངོ་བོ་གཅིག་གམ་མི་གཅིག གལ་ཏེ་གཅིག་ན་བསལ་བྱ་སེལ་བྱེད་དུ་མི་འཐད་དེ། རལ་གྲིའི་སོ་རང་གིས་རང་མི་གཅོད་པ་བཞིན་ནོ། །གལ་ཏེ་མི་གཅིག་ན། བསལ་བྱ་སེལ་བྱེད་དུ་མི་འཐད་དེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་གྱི་མི་ཤེས་པ་མི་སེལ་བ་བཞིན་ནོ་ཞེ་ན། རྩོད་པ་འདིས་འདིར་མི་གནོད་དེ། སེལ་བྱེད་ཀྱི་ངེས་ཤེས་དང་བསལ་བྱའི་སྒྲོ་འདོགས་གཉིས་ཤེས་རྒྱུན་གཅིག་ལ་སྔ་ཕྱི་རིམ་གྱིས་ཐ་དད་དུ་འཇུག་པའི་ཕྱིར། ཡང་གཉིས་པོ་དུས་གཅིག་གམ་ཐ་དད། གལ་ཏེ་དུས་གཅིག་ན། རྟོག་གཉིས་ཅིག་ཅར་འཇུག་པར་འགྱུར་ལ། གལ་ཏེ་དུས་ཐ་དད་ན། བསལ་བྱ་སེལ་བྱེད་དུ་མི་འགྱུར་ཏེ། མ་ཕྲད་པའི་ཕྱིར་རོ་ཞེས་རྩོད་ན། རྩོད་པ་འདིས་འདིར་མི་གནོད་དེ། གཉིས་པོ་དུས་ཐ་དད་པས་ཕྲད་པ་མེད་ཀྱང༌། བློའི་རྒྱུན་གཅིག་ལ་དང་པོ་སྒྲོ་འདོགས་སྐྱེས་ནས་ཕྱིས་ཚད་མའི་སྟོབས་ལས་བྱུང་བའི་ངེས་ཤེས་སྐྱེས་པས། སྒྲོ་འདོགས་ཀྱི་རྒྱུན་ཆད་པས་ངེས་ཤེས་ཀྱིས་སྒྲོ་འདོགས་བསལ་ཞེས་ཐ་སྙད་འདོགས་པའི་ཕྱིར་རོ། །མཚོན་བྱ་ཚད་མའི་དོན་གཏན་ལ་དབབ་པ་ལ་བཞི་སྟེ། དབྱེ་གཞི། དབྱེ་དོན། གྲངས་ངེས། སྒྲ་དོན་ནོ། །དང་པོ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། བོད་རྣམས་ཡང་དག་ཤེས་པ་ཙམ་ཚད་མའི་དབྱེ་གཞི་མིན་ཏེ། བཅད་ཤེས་དང་ཡིད་དཔྱོད་ཚད་མ་མིན་ཡང་ཡང་དག་ཤེས་པ་ཡིན་ཟེར་བ་མི་འཐད་དེ། བཅད་ཤེས་དང་ཡིད་དཔྱོད་ཆོས་ཅན། ཡང་དག་ཤེས་པ་ཡིན་པ་རིགས་པས་བཀག་ཏེ། ཚད་མ་མིན་པའི་ཕྱིར་རོ། །སློབ་དཔོན་ཆོས་མཆོག ཡང་དག་པའི་ཤེས་པ་ལ་དོན་བྱེད་སྣང་གི་ཚད་མ་དང༌། དོན་བྱེད་ནུས་པ་ལ་འཇུག་པའི་ཚད་མ་ཞེས་གཉིས་སུ་ཕྱེ་ནས་དོན་བྱེད་ནུས་པ་ལ་འཇུག་པའི་ཚད་མ་དབྱེ་གཞིར་བྱེད་པ་ལ་འཁྲུལ་ཏེ། སྤྱི་དབྱེ་གཞིར་མི་རུང་བར་བྱེ་བྲག་དབྱེ་གཞིར་འཇོག་དགོས་ན། དབྱེ་བ་གཞན་ལའང་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་ཡང་དག་ཤེས་པ་དང་ཚད་མ་གཉིས་རྣམ་གྲངས་པ་ཡིན་པའི་ཕྱིར། ཡང་དག་པའི་ཤེས་པ་ཉིད་དབྱེ་གཞིར་འཐད་དོ། །རྣམ་ངེས་ལས། ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་ཅེས་གསུངས་སོ། །གཉིས་པ་ནི། དབྱེ་ན་མངོན་སུམ་དང་རྗེས་དཔག་གཉིས་སོ། །འོ་ན་གཉིས་པོ་བྱས་མི་རྟག་ལྟར་གཅིག་ཡིན་ནམ། བུམ་སྣམ་ལྟར་ཐ་དད་དམ། དངོས་པོ་དངོས་མེད་ལྟར་གཅིག་པ་བཀག་པའམ། ཟླ་བ་དང་བསིལ་ཟེར་བྱེད་ལྟར་མིང་གི་རྣམ་གྲངས་སམ། གང་ཡིན་ཞེ་ན། འདི་ལ་གསུམ་ལས། གཞན་ལུགས་དགག་པ་ནི། ཛྙ་ན་ཤྲཱི་ན་རེ། མངོན་སུམ་ཉམས་སུ་མྱོང་བ་བློའི་ཆ་དངོས་པོ་ཡིན་ལ། རྗེས་དཔག་རྣམ་པར་རྟོག་པ་དྲི་མའི་ཆ་ཡིན་པས་གཟུང་ཡུལ་དངོས་པོར་མེད་པས་དེར་འཛིན་རྗེས་དཔག་ཀྱང་དངོས་པོར་མེད་པས་གཅིག་པ་བཀག་པའོ་ཟེར་བ་མི་འཐད་དེ། ཚད་མ་མངོན་སུམ་དང་རྗེས་དཔག་ཆོས་ཅན། གཅིག་པ་བཀག་པའི་ཐ་དད་མིན་ཏེ། གཉིས་ཀ་དངོས་པོ་ཡིན་པའི་ཕྱིར་རོ། །དེས་ན་མངོན་སུམ་དང་རྗེས་དཔག་ཆོས་ཅན། ཡུལ་གཅིག་ལ་ལྟོས་ནས་རང་ལྡོག་གཅིག་མིན་ཏེ། གང་ལ་མངོན་སུམ་དུ་སོང་བའི་ཆ་དེ་ལ་རྗེས་དཔག་གི་ཆ་མིན་ཞིང༌། གང་ལ་རྗེས་དཔག་དུ་སོང་བའི་ཆ་དེ་ལ་མངོན་སུམ་ཡིན་མི་སྲིད་པའི་ཕྱིར་རོ། །རྗེས་དཔག་ཆོས་ཅན། ཡུལ་ཐ་དད་ལ་ལྟོས་ནས་ཀྱང་མངོན་སུམ་ཙམ་དང་རྫས་ཐ་དད་པ་མིན་ཏེ། ཤེས་པ་ཡིན་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། དེས་ན་རྗེས་དཔག་བློའི་ངོ་བོར་གྲུབ་པ་ལ་ལྟོས་ནས་མངོན་སུམ་ཙམ་དང་རྫས་གཅིག་ལ། ཡུལ་ལ་ལྟོས་ནས་གཉིས་པོ་རང་ལྡོག་ཐ་དད་དོ། །རྗེས་དཔག་དེ་རང་ཡུལ་དེ་ལ་ལྟོས་ནས་རང་རིག་མིན་ཡང༌། ཤེས་པའི་ངོ་བོ་ལ་ལྟོས་ནས་རང་རིག་ཡིན་པས་སོ། །གསུམ་པ་རྩོད་པ་སྤང་བ་ནི། རྗེས་དཔག་ཆོས་ཅན། ཤེས་པ་མིན་པར་ཐལ། ཡུལ་ལ་ལྟོས་ནས་རང་རིག་ལས་རང་ལྡོག་ཐ་དད་པའི་ཕྱིར་ཟེར་ན། ཁྱབ་པ་མེད་དེ། རྗེས་དཔག་ཆོས་ཅན་ཡུལ་ལ་ལྟོས་ནས་རང་རིག་ལས་རང་ལྡོག་ཐ་དད་ཀྱང༌། ཤེས་པ་མིན་པར་མི་འགྱུར་ཏེ། རང་རིག་དང་རྫས་གཅིག་པའི་ཕྱིར། དེས་ན་རང་ལྡོག་ཐ་དད་ཀྱང་རྫས་གཅིག་དུ་གནས་སོ། །བྱེ་བྲག་རང་རིག་དང་རྫས་གཅིག་པས་མངོན་སུམ་ཙམ་དང་རྫས་གཅིག་ན། དབང་པོའི་མངོན་སུམ་དང་རྫས་ཐ་དད་པས། མངོན་སུམ་ཙམ་དང་རྫས་ཐ་དད་དུ་ཐལ་ཞེ་ན། བྱེ་བྲག་དང་རྫས་ཐ་དད་པས་ཙམ་པོ་དང་རྫས་ཐ་དད་དུ་འགྲོ་ན། ཙནྡན་ཤྭ་བ་དང་རྫས་ཐ་དད་པས། ཤིང་ཙམ་དང་རྫས་ཐ་དད་དུ་ཐལ་ལོ། །བྱེ་བྲག་དང་རྫས་གཅིག་པས་ཙམ་པོ་དང་རྫས་གཅིག་ན། ཤྭ་བའི་སྡོང་དུམ་ཤྭ་བ་དང་རྫས་གཅིག་པས་ཤིང་ཙམ་དང་རྫས་གཅིག་དུ་ཐལ་ལོ་ཞེ་ན། འདོད་པའོ། །གསུམ་པ་གྲངས་ངེས་པ་ནི། ཚད་མའི་གྲངས་ངེས་དཔྱོད་པ་ན་ཆོས་ཅན། ཚད་མ་མངོན་རྗེས་གཉིས་སུ་ངེས་ཏེ། གཞལ་བྱ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར་རོ། །འོ་ན་ཚད་མ་མངོན་སུམ་རྗེས་དཔག་གང་གི་ནང་དུ་འདུ་ཞེ་ན། ཚད་མ་གཉིས་སུ་གྲངས་ངེས་དཔྱོད་པའི་རིགས་ངོར་ཚད་མ་ཚད་མར་མི་འདོད་པས་སྐྱོན་ལས་གྲོལ་ལོ། །འདིས་ཚད་མ་གཉིས་སུ་ངེས་པ་དེ་ལས་གྲངས་གཞན་མངོན་སུམ་གཅིག་པུར་ངེས་པ་ཡང་བཀག་ལ་ཚད་མ་གསུམ་དང་བཞི་དང་ལྔ་ལ་སོགས་པར་འདོད་པ་དེ་དག་ཀྱང་མངོན་སུམ་རྗེས་དཔག་གཉིས་ལས་གཞན་པའི་ཚད་མར་གྲུབ་པ་མེད་དེ། མྱོང་བ་དང་རྟགས་ལས་རྟོགས་ཚུལ་ལས་གཞན་པའི་གཞལ་བྱ་རྟོགས་ཚུལ་གསུམ་པ་མེད་པའི་ཕྱིར། བཞི་པ་སྒྲ་དོན་བཤད་པ་ལ། སྤྱིར་མིང་ལ་ཐམས་ཅད་མཁྱེན་པ་ལ་སོགས་པ་ཡི་གེ་སོ་སོར་བཤད་པ་ལས་ཐོབ་པ་བཤད་པའི་མིང་དང༌། ཤིང་ཞེས་པ་སོགས་འཇུག་པའི་མིང་རྣམ་པ་གཉིས་སོ། །དེ་ལ་བཤད་འཇུག་འགལ་བའི་སྒྲ་བྱེའུ་ཏིལ་འཐུང་ངམ། བྱ་ལུག་རྫི་མོ་ཞེས་པའི་སྒྲ་ལྟ་བུའོ། །མི་འགལ་བའི་སྒྲ་ཐམས་ཅད་མཁྱེན་པ་ཞེས་པའི་སྒྲ་ལྟ་བུའོ། །འགལ་ཞིང་མི་འགལ་བ་ནི་མུ་གསུམ་པ་སྟེ། དཔེར་ན་མཚོ་སྐྱེས་ལྟ་བུ་སྟེ། འཇུག་པ་པདྨོ་ལ་འཇུག་པ་བཤད་ན། མཚོ་ལས་སྐྱེས་པའི་ཕྱིར་མཚོ་སྐྱེས་སོ། །དེ་ལ་མུ་གསུམ་ཏེ། མཚོ་ལས་སྐྱེས་པའི་པད་མོ་ལ་བཤད་འཇུག་གཉིས་ཀ་ཡོད་ལ། སྐམ་ལས་སྐྱེས་པའི་པད་མོ་ལ་འཇུག་པ་འབའ་ཞིག་ཡོད་ཅིང༌། མཚོ་ལས་སྐྱེས་པའི་སྲོག་ཆགས་ལ་བཤད་པ་འབའ་ཞིག་ཡོད་པས་སོ། །སྤྱིར་དེ་ལ་བཤད་འཇུག་གཉིས་ཀ་ཡོད་པ་དང༌། བཤད་པ་འབའ་ཞིག་ཡོད་པ་དང༌། འཇུག་པ་འབའ་ཞིག་ཡོད་པ་དང༌། གཉིས་ཀ་མེད་པའི་དབྱེ་བ་རྣམ་པ་བཞི་ཡོད་མོད། མཚོ་སྐྱེས་ཀྱི་མིང་ལ་མི་འཇུག་པས་མུ་བཞིར་མི་བགྲང་ངོ༌། །བཤད་པ་དང་འཇུག་པ་རྒྱུ་མཚན་ཅན་གྱི་མིང་དེ་དག་ལ། ལྷ་སྦྱིན་ཞེས་པ་ལ་སོགས་པ་རིགས་ལ་མི་ལྟོས་པ་མིང་གི་སྒྲ་དང༌། ཤིང་ཞེས་པ་ལ་སོགས་པ་རིགས་ལ་ལྟོས་པ་རིགས་ཀྱི་སྒྲ་གཉིས་སུ་མཁས་པ་རྣམས་ཀྱིས་ཕྱེའོ། །འདིར་མངོན་སུམ་གྱི་སྒྲ་ནི། པྲ་ཏི་སོ་སོ། ཡཀྵ་ནི་དབང་པོ་ཡིན་པས། དེའང་སྒྲའི་མདོ་ལས། ཨི་ནི་ཨ་དང་ཡའོ་ཞེས་ཟེར་བས། པྲ་ཏིའི་ཨི་ཨ་དང༌། ཡ་གཉིས་སུ་བསྒྱུར་ལ། ཨ་བརྗོད་པའི་དོན་ཏོ་ཞེས་པའི་ཚུལ་གྱིས་མི་མངོན་པར་བྱས་ལ། ཡ་ཏ་ལ་སྦྱར་བས། ཨཀྵ་ཨ་ཏའི་སྲོག་ཏུ་བྱིན་པས་པྲ་རྻཀྵ་ཞེས་བྱ་བ་ཡིན་ལ། དེ་ནི་དབང་རྟེན་ཞེས་བྱ་བར་འགྱུར་བས། བཤད་ན་དབང་པོ་ལ་བརྟེན་པ་ཞེས་བྱ་ལ། འཇུག་པའི་ནི་དོན་རང་མཚན་འཛིན་པའི་ཤེས་པ་ཐམས་ཅད་ལ་འཇུག་གོ །དེ་ནི་མཚོ་སྐྱེས་ཀྱི་སྒྲ་ལྟར་མུ་གསུམ་པ་ཡིན་ཏེ། དབང་པོའི་མངོན་སུམ་དང་ཡིད་ཀྱི་མངོན་སུམ་ལ། བཤད་འཇུག་གཉིས་ཀ་ཡོད་ཅིང༌། རང་རིག་མངོན་སུམ་དང་རྣལ་འབྱོར་མངོན་སུམ་ལ་འཇུག་པ་འབའ་ཞིག་ཡོད་ལ། དབང་ཤེས་འཁྲུལ་པ་ལ་བཤད་པ་འབའ་ཞིག་ཡོད་པའི་ཕྱིར་རོ། །རྗེས་དཔག་གི་སྒྲ་ནི་ཨ་ནུ་ནི་ཕྱི་ནས་སམ་རྗེས་སུ། མ་ཎ་ནི་འཇལ་བའམ་དཔག་པ་སྟེ། རྟགས་མཐོང༌། འབྲེལ་བ་དྲན་པའི་རྗེས་སུ་སྤྱིའི་ཚུལ་གྱིས་དཔོག་པས་ན་རྗེས་དཔག་གོ །ཚད་མའི་མཚན་གཞི་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། མངོན་སུམ་ལ་ལོག་རྟོག་དགག་པ་དང༌། རྗེས་དཔག་ལ་ལོག་རྟོག་དགག་པའོ། །དང་པོ་ནི། རྒྱན་མཛད་པས་ཡུལ་ལ་འཁྲུལ་པ་ནོར་བུའི་འོད་ལ་ནོར་བུ་འཛིན་པའི་བློ། ཡུལ་གྱི་ཁྱད་པར་སྒོ་ཕུགས་ལ་འཁྲུལ་ཡང་ནོར་བུ་ཙམ་ལ་མངོན་སུམ་ཚད་མར་འདོད་དོ། །དུལ་བ་ལྷ་དུས་ལ་འཁྲུལ་བ་ནམ་གུང་ལ་ཉིན་ཕྱེད་དུ་འཁྲུལ་བའི་རྨི་ལམ་གྱི་ཤེས་པ་ཉིན་ཕྱེད་ཀྱི་དུས་ལ་མངོན་སུམ་ཚད་མར་འདོད་དོ། །རྔོག་ལོ་ཙཱ་བ་རྣམ་པ་ལ་འཁྲུལ་བ་དུང་སེར་འཛིན་ཀྱི་ཤེས་པ་ཁ་དོག་ལ་འཁྲུལ་ཡང་དབྱིབས་ལ་མངོན་སུམ་ཚད་མ་དང༌། ལྗོན་ཤིང་འགྲོར་སྣང་གི་ཤེས་པ། བརྟེན་པ་སྡོད་པའི་ཆ་ལ་འཁྲུལ་ཡང༌། རྟེན་ཁ་དོག་ལ་མངོན་སུམ་ཚད་མ་ཡིན་ནོ་ཞེས་ཟེར་རོ། །འོ་ན་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་ཆོས་ཅན། ནོར་བུ་ཙམ་ལ་མངོན་སུམ་མིན་པར་ཐལ། ནོར་བུ་རང་མཚན་སྣང་བ་མེད་པའི་ཕྱིར། དེས་གཞན་གསུམ་ལའང་རིགས་འགྲེའོ། །གཞན་ཡང་དུང་གི་ཁ་དོག་སེར་འཛིན་གྱི་བློ་ཆོས་ཅན། ཁྱོད་ལ་དུང་གི་ཁ་དོག་སྣང་བར་ཐལ། དེ་དང་རྫས་གཅིག་པའི་དུང་གི་དབྱིབས་ལ་མངོན་སུམ་ཚད་མ་ཡིན་པའི་ཕྱིར། ལྗོན་ཤིང་འགྲོར་སྣང་གི་ཤེས་པ་ཆོས་ཅན། ཁྱོད་ལ་ལྗོན་ཤིང་སྡོད་པ་སྣང་བར་ཐལ། དེ་དང་རྫས་གཅིག་པའི་ལྗོན་ཤིང་གི་ཁ་དོག་ལ་མངོན་སུམ་ཚད་མ་ཡིན་པའི་ཕྱིར། ཡང་ནོར་བུའི་འོད་ལ་སོགས་པའི་རྟགས་ལས་ངེས་ན། རྗེས་དཔག་དུ་འགྱུར་བ་སྲིད་དོ། །རྒྱན་མཁན་པོ་དང༌། རྔོག་ལོ་ཙཱ་བ། དུང་གི་ཁ་དོག་འཛིན་པའི་མིག་ཤེས་ནི། དུང་གི་རེག་བྱ་འཇམ་པ་ལ་མངོན་སུམ་ཡིན་ཞེས་སྨྲའོ། །འདི་ནི་མི་འཐད་དེ། སྐྱེ་མཆེད་ཀྱི་རྣམ་དབྱེ་མ་ཤེས་པས་རྒྱུའི་ཆོས་དཔོག་པ་མངོན་སུམ་ཡིན་པར་འཁྲུལ་བར་ཟད་པས་སོ། །ཡང་དུང་གི་རེག་བྱ་འཛིན་པ་ལ་ལུས་དབང་དོན་མེད་པར་ཐལ། དུང་གི་ཁ་དོག་འཛིན་པའི་མིག་ཤེས་ཀྱིས་དུང་གི་རེག་བྱ་འཇམ་པོ་སྣང་ནས་འཛིན་པའི་ཕྱིར། ཡང་དུང་གི་ཁ་དོག་འཛིན་པའི་མིག་ཤེས་དེ། དུང་གི་རེག་བྱ་འཛིན་པ་ལ་མངོན་སུམ་མིན་པར་ཐལ། ཁ་དོག་ལས་རེག་བྱ་དཔོག་པ་རྒྱུའི་ཆོས་དཔོག་པར་སློབ་དཔོན་གྱིས་གསུངས་པའི་ཕྱིར། རྣམ་འགྲེལ་ལས། ཚོགས་པ་གཅིག་ལ་རག་ལས་པའི། །གཟུགས་ལ་སོགས་པ་རོས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔོག་པ་སྟེ། །དུ་བས་བུད་ཤིང་འགྱུར་བ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །ཁྱུང་རིན་ཆེན་གྲགས། རྟོག་པ་ཡུལ་སྒོ་རྒྱབ་ཀྱི་བུམ་པར་འཁྲུལ་བའི་ཚེ་མིག་ཤེས་བུམ་གཟུགས་ལ་མངོན་སུམ་ཡིན་པ་འགོག་པ་དང༌། རྟོག་པ་དུས་ཕྱི་དྲོའི་སྲོག་ཆགས་ལ་སྔ་དྲོའི་སྲོག་ཆགས་སུ་འཁྲུལ་བ་དང༌། རྟོག་པ་རྣམ་པ་སྣམ་བུའི་དམར་པོ་ལ་བུམ་པའི་དམར་པོར་འཁྲུལ་བའི་ཚེ། མིག་ཤེས་སྲོག་ཆགས་ཀྱི་གཟུགས་དང་དམར་པོ་ལ་མངོན་སུམ་ཡིན་པ་འགོག་སྟེ། དུང་སེར་པོར་སྣང་བ་དབྱིབས་ལ་ཚད་མ་མ་ཡིན་པ་བཞིན་ཞེས་ཟེར་རོ། །འདི་ཡང་མི་འཐད་དེ། དེའི་ཚེ་རྟོག་པ་ཡུལ་དུས་རྣམ་པ་ལ་འཁྲུལ་བས་ལོག་ཤེས་ཡིན་ཡང༌། བུམ་གཟུགས། སྲོག་ཆགས་ཀྱི་གཟུགས་དང༌། ཁ་དོག་དམར་པོ་མཐོང་བའི་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་མངོན་སུམ་ཡིན་པ་ལ་མི་སྒྲིབ་སྟེ། ཁྱོད་དོན་རང་མཚན་ལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། དཔེར་ན་བུམ་པ་ལ་རྟག་པར་འཛིན་པའི་སྒྲོ་འདོགས་ཡོད་ཀྱང༌། སྔོན་འཛིན་མིག་ཤེས་མ་འཁྲུལ་བ་སྔོན་པོ་ལ་ཚད་མ་ཡིན་པ་བཞིན་ནོ། །ཁྱུང་རིན་ཆེན་གྲགས་ན་རེ། རྟོག་པ་སྣམ་བུའི་དམར་པོ་ལ། བུམ་པའི་དམར་པོར་འཁྲུལ་བའི་ཚེ། མིག་ཤེས་དམར་པོ་ལ་ཚད་མ་ཡིན་ན། དུང་སེར་པོར་འཁྲུལ་བའང་དབྱིབས་ལ་ཚད་མ་ཡིན་ལ། དེ་མིན་ན། དེའང་མིན་པར་མཚུངས་ཞེས་ཟེར་རོ། །མི་མཚུངས་ཏེ། ཡིད་ཤེས་དང་དབང་ཤེས་ཡུལ་ཐ་དད་ཡིན་པའི་ཕྱིར་རོ། །གཉིས་པ་རྗེས་དཔག་ལ་ལོག་རྟོག་དགག་པ་ནི། བོད་ཁ་ཅིག་ནོར་བུའི་འོད་ལས། ནོར་བུ་རྟོགས་པའི་བློ་རྗེས་དཔག་མིན་ཏེ། ནོར་བུ་རྟགས་སུ་བཀོད་ན། རྟགས་ཅན་མེད། ནོར་བུའི་འོད་མི་འགྲུབ། འོད་ཙམ་མ་ངེས་སོ་ཞེ་ན། ས་ལུའི་མྱུ་གུའམ་རྟགས་ལས་ས་ལུའི་ས་བོན་དཔོག་པ་སོགས་འབྲས་རྟགས་ཕལ་ཆེར་འཁྲུལ་བར་ཐལ། ས་ལུ་བཀོད་ན་རྟགས་དང་རྟགས་ཅན་མེད། ས་ལུའི་མྱུ་གུ་མ་གྲུབ། མྱུ་གུ་ཙམ་མ་ངེས་པའི་ཕྱིར། གལ་ཏེ་ས་ལུའི་མྱུ་གུ་འགོད་ན། དེའི་ཚེ་ས་ལུས་ཁྱད་པར་དུ་བྱས་པ་མ་གྲུབ་ཀྱང་གཞན་དུ་མཐོང་བའི་སྟོབས་ཀྱིས་དེར་སྤུ་རིས་ཟིན་པས་མི་འགལ་ལོ་ཞེ་ན། ནོར་བུ་འགོད་ལ། དེའི་ཚེ་ནོར་བུས་ཁྱད་པར་དུ་བྱས་པ་མ་གྲུབ་ཀྱང་གཞན་དུ་མཐོང་བའི་སྟོབས་ཀྱིས་དེའི་སྤུ་རིས་ཟིན་པས་ག་ལ་འགལ། དན་འབག་པ། དུ་བའི་ལ་ལ། རྟག་པའི་མེ་དཔོགས་པ་ན། རྟགས་དང་སྒྲུབ་བྱ་འཁྲུལ་ཡང༌། དོན་མེ་ཙམ་ལ་ཚད་མ་ཡིན་ནོ་ཞེས་ཟེར། ཙང་ནག་པ། ཡན་ལག་ཅན་གྱི་དུ་བ་ཆོས་ཅན། རྟག་པའི་མེ་ཡོད་དེ། དོན་དམ་པའི་དུ་བ་ཡོད་པའི་ཕྱིར། དབང་ཕྱུག་གིས་བྱས་པའི་ཚང་མང་བཞིན་ཞེས་བཀོད་པ་ན། རློམ་ཚོད་ཀྱིས་རྟགས་དང༌། སྒྲུབ་བྱ་འཁྲུལ་ན་ཡང༌། གྲུབ་ཚོད་ཀྱི་ཆ་ལ་ཚད་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་བུ་དེ་རྟགས་ཡང་དག་མིན་པར་ཐལ། དེ་ལྟའི་རྟགས་ལ་ཚུལ་གསུམ་མེད་པའི་ཕྱིར་ཏེ། རྫས་ཡན་ལག་ཅན་གྱི་དུ་བ་དང༌། རྟག་པའི་མེ་དང༌། དོན་དམ་པའི་དུ་བ་མི་སྲིད་པའི་ཕྱིར། བཀོད་པ་དེ་ལྟར་བཀོད་ཀྱང་གྲུབ་ཚོད་ལ་མི་རྟག་པའི་མེ་ཙམ་བསྒྲུབ་བྱའི་ཆོས་དང༌། དུ་ཙམ་རྟགས་སུ་སོང་ངོ་ཞེ་ན། མིན་ཏེ། དེ་ལ་ཁྱད་པར་བྱེད་ཆོས་རྟག་པ་དང༌། དོན་དམ་པ་མེད་པའི་ཕྱིར་རོ། །གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་པར་བྱེད་པའི་ཚད་མས་དོན་རྟོགས་པའི་ཚེ། རང་སྟོབས་ཀྱིས་ངེས་ཤེས་འདྲེན་ནམ་གཞན་སྟོབས་ཀྱིས་ངེས་ཤེས་འདྲེན། དང་པོ་ལྟར་ན། ཚད་མའི་མཚན་ཉིད་ལ་མི་མཐུན་པ་མེད་པར་འགྱུར་ལ། གཞན་ལས་ངེས་ན་ཐུག་མེད་དུ་འགྱུར་རོ་ཞེ་ན། གང་པ་ཤེ་གུ་ལ་སོགས་པ་ལ་ལ། རང་ཁོ་ན་ལས་ངེས་པར་བྱེད་དོ་ཞེས་ཟེར་རོ། །གཉིས་ཀ་མི་འཐད་དེ། དེ་གཉིས་ཀས་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་དང༌། རིགས་པར་སྨྲ་བ་དཔལ་ལྡན་ཆོས་གྲགས་ཀྱི་བཞེད་པ་མ་ཤེས་པར་ཟད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་དང༌། ཁྱད་པར་ཆ་ཤས་རྣམ་སྤངས་པ། །མངོན་སུམ་གྱིས་ནི་བཟུང་བ་ལའང༌། ཁྱད་པར་གང་ལ་རྟོགས་པ་ཡི། །རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །རང་རིག་ལ་ནི། དོན་བྱེད་པར་སྣང་བའི་མངོན་སུམ་དང༌། མངོན་སུམ་གོམས་པ་ཅན་དེ་དོན་རིག་གཉིས་དང༌། རང་རིག་དང༌། རྗེས་དཔག་ལས་ངེས་པ་འདྲེན་པར་བྱེད་པ་ལ། དང་པོ་པའི་མངོན་སུམ་དང་ཡིད་མ་གཏད་ཀྱི་མངོན་སུམ། ཉ་ཕྱིས་ལ་དངུལ་དུ་འཁྲུལ་བའི་དུས་ཀྱི་ཉ་ཕྱིས་ཀྱི་གཟུགས་འཛིན་པའི་མིག་ཤེས་མ་འཁྲུལ་བ་ལྟ་བུ་འཁྲུལ་རྒྱུ་ཅན་གྱི་མངོན་སུམ་རྣམས་གཞལ་ལས་ངེས་པ་འདྲེན་པར་བྱེད་དོ། །འོ་ན་དེ་ལ་ངེས་པ་འདྲེན་པར་བྱེད་པའི་ཚད་མ་གང་ཞེ་ན། མེའི་རྣམ་པ་སྣང་ནས་བདེན་རྫུན་ཐེ་ཚོམ་ཟ་ན། བཙོ་བསྲེགས་ལ་སོགས་པའི་དོན་བྱེད་པར་མཐོང་ནས་མེར་ངེས་པའམ། ཡང་ན་དོན་བྱེད་པར་མ་མཐོང་ཡང༌། བར་དུ་སྐྱེས་པ་དོན་གྱི་རྣམ་པ་གསལ་བར་འཛིན་པའི་མངོན་སུམ་གོམས་པའི་སྟོབས་ཀྱིས་སྤུ་རིས་ཟིན་ནས་ངེས་པའམ། རྗེས་དཔག་གིས་ངེས་པ་ལ་གཉིས། དམར་འབར་བར་སྣང་ཡང་རྫུན་པར་དོགས་པ་ལ་དུ་བ་སྐྱེས་པའི་རྟགས་ལས་མེར་ངེས་པའམ། མེའི་དྲི་ལ་སོགས་པ་སྐྱེ་མཆེད་གཞན་གྱི་རྟགས་ལས་མེར་ངེས་པ་འདྲེན་པ་ལྟ་བུའོ། །ཁྱུང་ལ་སོགས་པ་ཁ་ཅིག ཡུལ་ལ་བརྟགས་ན་གཞན་ངེས་མི་སྲིད་དེ། ངེས་བྱའི་ཚད་མ་དང༌། ངེས་བྱེད་ཚད་མ་གཉིས་ཡུལ་གཅིག་གམ་མི་གཅིག གཅིག་ན་ངེས་བྱེད་ཀྱི་ཚད་མ་གཉིས་པ་བཅད་པའི་ཡུལ་ཅན་དུ་འགྱུར་ལ། མི་གཅིག་ན་ཡུལ་གཞན་དངོས་པོར་གྲུབ་པས་གཞན་དངོས་པོར་མི་འགྲུབ་པའི་ཕྱིར་ཞེས་ཟེར་རོ། །གང་ཤེ་ན་རེ། ངོ་བོ་ལ་བརྟགས་ན་གཞན་ངེས་མི་སྲིད་དེ། །གཞན་ལས་ངེས་ཀྱི་ཚད་མ་ཐམས་ཅད་ཀྱིས་ཀྱང་དོན་རྟོགས་པའི་ཚེ་སྒྲོ་འདོགས་མ་ཆོད་ན་ཚད་མ་མ་ཡིན་པས། གཞན་ལས་ངེས་ཀྱི་ཚད་མར་ཡང་མི་འཐད་ལ། སྒྲོ་འདོགས་ཆོད་ན་རང་ལས་ངེས་སུ་འགྱུར་བའི་ཕྱིར་ཞེས་ཟེར་རྒོལ་བ་དེ་དག་གིས་ནི། མངོན་སུམ་རྟོགས་བྲལ་མ་འཁྲུལ་བ་ཙམ་གྱི་ཚད་མར་འགྲོ་ལ། དེ་ལ་མངོན་སུམ་ཉིད་ཀྱིས་རང་སྟོབས་ཀྱིས་དེ་མ་ཐག་དུ་ངེས་ཤེས་འདྲེན་ནུས་ན། རང་ལས་ངེས་དང༌། རང་སྟོབས་ཀྱིས་དེ་མ་ཐག་དུ་ངེས་ཤེས་འདྲེན་མི་ནུས་པར་ཚད་མ་ཕྱི་མས་ངེས་ཤེས་འདྲེན་དགོས་པས། གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་རྣམ་གཞག་མ་ཤེས་པར་མུ་སྟེགས་བྱེད་ལྟར། མངོན་སུམ་དང་རྟོག་པའི་བྱེད་པ་འདྲེས་ཏེ། མངོན་སུམ་ཉིད་ངེས་པའི་བདག་ཉིད་དུ་བསམས་ནས་རྩོད་པར་ཟད་པས་འཁྲུལ་ཏེ། མངོན་སུམ་ངེས་པ་ཡིན་མི་སྲིད་པའི་ཕྱིར་རོ། །བཞི་པ་དེས་དགག་སྒྲུབ་ཅི་ལྟར་བྱེད་པའི་ཚུལ་ནི། མངོན་སུམ་དོན་ལ་ལྟ་བ་ཙམ་མ་གཏོགས་པ་དགག་སྒྲུབ་ཀྱི་ཐ་སྙད་བྱེད་པ་མེད་དེ། སྣང་བ་མ་འཁྲུལ་བའི་གཞན་རིག་ནི་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར། འོན་ཀྱང་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དང༌། རྗེས་དཔག་སྟེ་གཞན་སེལ་ཕྱིན་ཅི་མ་ལོག་པས་དགག་སྒྲུབ་བྱེད་པས། སེལ་བ་ལ་དགག་སྒྲུབ་གཉིས་ཡོད་ལ། སེལ་བའི་དགག་སྒྲུབ་གཉིས་དང་མེད་དགག་མ་ཡིན་དགག་གཉིས་དོན་གཅིག་ཏེ། སེལ་བའི་སྒྲུབ་པ་ནི། དོན་ལ་ཅི་ཡང་མ་གྲུབ་པ་ལ་རྟོག་པས་བཏགས་ནས་བཞག་པ་ཙམ་ཡིན་པའི་ཕྱིར་རོ། །འདིར་ཅུང་ཟད་དཔྱད་ན། དགག་སྒྲུབ་ལ། མཚན་ཉིད། དབྱེ་བ། རྣམ་གཞག་གོ །དང་པོ་དགག་པའི་མཚན་ཉིད། དགག་གཞིའི་དགག་བྱའི་རྣམ་པ་ཤར་བའི་སྒོ་ནས་དགག་བྱ་རྣམ་པར་བཅད་པའི་ཚུལ་གྱིས་ཤེས་པར་བྱ་བའོ། །བུམ་པ་མེད་པའི་ས་ཕྱོགས་ཆོས་ཅན། དགག་པ་མིན་པར་ཐལ། མཚན་ཉིད་དེ་མིན་པའི་ཕྱིར་ཞེ་ན། མིན་ཏེ། བུམ་པའི་དགག་གཞི་དང༌། དགག་བྱ་བུམ་པའི་རྣམ་པ་ཤར་ནས་བུམ་པ་རྣམ་པར་གཅོད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། དབྱེ་ན་གཉིས་ཏེ། མ་ཡིན་དགག་དང༌། མེད་དགག་གོ །དང་པོ་ནི། དགག་བྱ་རྣམ་པར་བཅད་པའི་ཚུལ་གྱིས་ཤེས་བྱ་གང་ཞིག དངོས་མིང་གིས་སྒྲུབ་པ་འཕེན་པའོ། །འདི་ལ་སྒྲུབ་པ་དངོས་སུ་འཕེན་པ་དང༌། དོན་གྱིས་འཕེན་པ་གཉིས། དང་པོ་ནི། བུམ་པས་དག་པའི་ས་ཕྱོགས་ཞེས་བྱ་བ་ལྟ་བུའོ། །གཉིས་པ་ལ། ཚིག་གིས་འཕེན་པ་དང༌། སྐབས་ཀྱིས་འཕེན་པ་གཉིས། དང་པོ་ནི། འདི་བྲམ་ཟེ་མིན་ཞེས་བྱ་བ་ལྟ་བུ་སྟེ། བྲམ་ཟེ་བཀག་ནས་གཞན་ཡིན་པར་བསྟན་པའི་ཕྱིར་རོ། །རྟོག་གེ་འབར་བ་ལས། མིན་པ་དགག་པ་ནི་དངོས་པོའི་ངོ་བོ་ཉིད་དགག་པས་དེ་དང་འདྲ། དེ་ལས་གཞན་པའི་དངོས་པོའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་སྟེ། དཔེར་ན་བྲམ་ཟེ་མིན་ཞེས་བརྗོད་པའི་ཚེ་བྲམ་ཟེ་བཀག་ནས་བྲམ་ཟེ་ལས་གཞན་ཡིན་པར་བསྟན་པ་ལྟ་བུ་ཞེས་གསུངས་སོ། །གཉིས་པ་ནི། འཆད་པ་པོའི་བསྟན་འདོད་དང༌། ཉན་པ་པོའི་ཤེས་འདོད་མཐུན་པ་ལ། མེད་དགག་ཀྱང་བརྗོད་ཀྱང༌། མ་ཡིན་པ་དགག་པའི་བློ་སྐྱེ་བ་སྟེ། དཔེར་ན་སྟོན་པ་པོས་སྣང་བ་བདེན་པ་ཞེས་བརྗོད་ན། བདེན་མེད་ཀྱི་སྣང་བའི་ངོ་བོ་ཇི་ལྟ་བུ་སྙམ་ནས་དྲིས་པའི་ཚེ་ན། རང་བཞིན་གྱིས་སྟོང་པའོ་ཞེས་བསྟན་པ་ལས། བདེན་བྲལ་གྱི་སྣང་བ་གོ་བ་ལྟ་བུའོ། །ཡང་ན། བདེན་བྲལ་གྱི་སྣང་བ་ཤེས་པར་འདོད་ནས་དྲིས་པའི་ཚེ་ན། རང་བཞིན་དང་བྲལ་བའོ་ཞེས་པ་ལྟ་བུའོ། །གཉིས་པ་མེད་དགག་ནི། དགག་བྱ་རྣམ་པར་གཅད་པ་ཙམ་དུ་ཟད་ཀྱི་སྒྲུབ་པ་མི་འཕེན་པ་སྟེ། བདག་མེད་ཅེས་པ་ལྟ་བུའོ། །གསུམ་པ་རྣམ་གཞག་ལ། སྒྲ་དོན་ནི། དགག་བྱ་རྣམ་པར་བཅད་པའི་སྒོ་ནས་རྟོགས་བྱ་ཡིན་པས་དགག་པ་ཞེས་བྱ་སྟེ། ལྡོག་པ་བསྡུས་པ་ལས། གང་ཕྱིར་གང་ཡང་ལྡོག་བྱེད་པས། །དགག་པ་ཞེས་ནི་བརྗོད་པ་ཡིན། །ཞེས་སོ། །དགག་པའི་སྒྲ་སྦྱོར་བའི་དུས་ནི་གཉིས་ཏེ་མེད་དགག་དང༌། མ་ཡིན་དགག་གི་སྒྲ་སྦྱོར་བའི་དུས་སོ། །དང་པོ་ནི། མ་རྟོགས་ལོག་རྟོག་ཐེ་ཚོམ་སེལ་བར་འདོད་པའི་དུས་ན་འབྱུང་བ་ཡིན་ཏེ། དཔེར་ན་བསྟན་པ་པོ་འགའ་ཞིག་གིས་བདག་མེད་པར་རྟོགས་པ་དང༌། བདག་ཡོད་པར་སྒྲོ་འདོགས་པ་དང༌། བདག་ཡོད་མེད་ཐེ་ཚོམ་ཟ་བ་སེལ་བའི་ཕྱིར་དང༌། བདག་མེད་སྟོན་པ་ལྟ་བུའོ། །ལྡོག་པ་བསྡུས་པ་ལས། མ་རྟོགས་ལོག་རྟོག་ཐེ་ཚོམ་དག །སེལ་འདོད་དུས་ན་མེད་པ་འབྱུང༌། །ཞེས་སོ། །མ་ཡིན་པ་དགག་པའི་སྒྲ་ནི། ཆོས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་འདོད་པའི་དུས་ན་འབྱུང་སྟེ། ལྡོག་པ་བསྡུས་པ་ལས། དེ་ཉིད་ཁོང་དུ་ཆུད་འདོད་ན། །མ་ཡིན་དགག་པ་འབྱུང་བར་འགྱུར། །ཞེས་སོ། །དགག་པའི་སྒྲ་སྦྱར་བའི་དགོས་པ་ཡང་གཉིས་ཏེ། མེད་དགག་གི་སྒྲ་ནི། གཙོ་བོར་གཞན་གྱིས་མ་རྟོགས་པ་སོགས་ལྡོག་པའི་ཆེད་ཡིན་ལ། མ་ཡིན་དགག་གི་སྒྲ་ནི། གཙོ་བོར་འདོད་པར་བྱ་བའི་དོན་གོ་བར་བྱ་བའི་ཆེད་ཡིན་ཏེ། ལྡོག་པ་བསྡུས་པ་ལས། གཞན་གྱི་འདོད་པ་སེལ་བ་ནི། །མེད་པ་དགག་པའི་དགོས་པ་སྟེ། །རང་དོན་སྒྲུབ་པ་མ་ཡིན་པ། །ཞེས་པ་ལྟར་རོ། །མེད་དགག་དང༌། མ་ཡིན་དགག་གི་ཁྱད་པར་ཡང༌། ཚིག་གི་བརྗོད་ཚུལ་ཙམ་ལ་འཇོག་པ་མིན་ཏེ། བུམ་པ་མིན་ཅེས་པའི་སྒྲས་ཀྱང༌། མེད་དགག་སྟོན་པའི་ཕྱིར་དང༌། བདག་མེད་པའི་ཕུང་པོ་ཤེས་པར་འདོད་པ་ལ་བདག་མེད་ཅེས་པས་ཀྱང༌། སྒྲུབ་པ་གོ་བར་བྱེད་པའི་ཕྱིར་རོ། །དེས་ན་སྐབས་དང༌། ཤུགས་དང༌། སྟོན་པ་པོའི་བསྟན་འདོད་དང༌། ཉན་པ་པོའི་ཤེས་འདོད་ལས་རྣམ་པར་དབྱེ་བར་བྱའོ། །གཉིས་པ་སྒྲུབ་པ་ནི། དགག་བྱ་བློ་ཡུལ་དུ་ཤར་བ་ལ་མ་ལྟོས་པར་རང་གི་རྣམ་པ་ཤར་བའི་སྒོ་ནས་དངོས་སུ་རིག་པར་བྱ་བའི་ཆོས། དབྱེ་ན་སྣང་བའི་སྒྲུབ་པ་དང་སེལ་བའི་སྒྲུབ་པ་གཉིས་སོ། །དང་པོ་ནི། རང་མཚན་ཏེ། མངོན་སུམ་གྱིས་སྣང་བའི་འཛིན་སྟངས་ཀྱིས་རྟོགས་པར་བྱ་བའི་ཡུལ་ཡིན་པའི་ཕྱིར། གཉིས་པ་ནི་སྒྲུབ་རྟགས་ཀྱི་བསྒྲུབ་བྱ་རྣམས་ཏེ། སེལ་ངོར་ཡོངས་གཅོད་དུ་གྲུབ་པའི་ཆོས་ཡིན་པའི་ཕྱིར། འདི་ནི་གནས་ཚུལ་ལ་ཡོད་པ་མིན་གྱི། སེལ་ངོ་ཙམ་དུ་ཟད་པའི་ཕྱིར་ན་སེལ་བའི་སྒྲུབ་པ་ཞེས་བྱའོ། །སྒྲུབ་པ་ནི་ཚད་མས་དངོས་སུ་རྟོགས་པར་ནུས་པ་ཡིན་ལ། དགག་པ་དངོས་སུ་རྟོགས་པའི་ཚད་མ་ནི་མེད་དེ། ཐོག་མར་དགག་གཞིའམ་དགག་བྱ་བློ་ཡུལ་དུ་ཤར་བ་ལ་བརྟེན་ནས་རྟོགས་དགོས་པའི་ཕྱིར། གཞུང་གི་དོན་ནི། སྒྲུབ་པའི་མཚན་ཉིད། བློས་ཡོངས་གཅོད་དུ་རྟོགས་པར་བྱ་བ་དཔེར་ན་གཟུགས་རང་མཚན་ལྟ་བུའོ། །དགག་པའི་མཚན་ཉིད། བློས་རྣམ་གཅོད་དུ་རྟོགས་པར་བྱ་བ། དཔེར་ན་བུམ་མེད་ལྟ་བུའོ། །དེ་ལ་སྣང་བའི་སྒྲུབ་པ་ཡིན་ན། དངོས་པོ་ཡིན་དགོས་ཏེ། མངོན་སུམ་ཡུལ་ལ་དངོས་པོའི་དབང་གིས་འཇུག་པའི་ཕྱིར་དང༌། སྣང་བ་འཁྲུལ་བ་ནི་མེད་པ་གསལ་སྣང་ཅན་ཡིན་པའི་ཕྱིར་རོ། །དེ་ལ་སྒྲུབ་པ་ལ་དབྱེ་ན་ཕྱི་རོལ་གྱི་དོན་ཡིན་པ་དང་ཡོད་པ་གཉིས། ཤེས་པ་ཡིན་པ་དང༌། ཡོད་པ་གཉིས་སོ། །དགག་པ་ལ་དབྱེ་ན་སྒྲུབ་པ་སྤོང་བ་དང༌། མི་སྤོང་བའི་སྒོ་ནས་མེད་དགག་དང་མ་ཡིན་དགག་གཉིས། མེད་དགག་ནི། དགག་བྱ་བཀག་ནས་ཆོས་གཞན་མི་འཕེན་པ། མ་ཡིན་དགག་ནི། དགག་བྱ་བཀག་ནས་ཆོས་གཞན་འཕེན་པ། མེད་དགག་ལ་དབྱེ་ན། སྒྲུབ་པ་བཞི་པ་དེ་ཉིད་བཟློག་པ། དོན་མིན་པ་དང༌། མེད་པ་གཉིས། ཤེས་པ་མིན་པ་དང༌། མེད་པ་གཉིས་ཏེ། མ་ཡིན་དགག་ནི། བུམ་པས་དག་པའི་ས་ཕྱོགས་ལྟ་བུའོ། །དགག་སྒྲུབ་དེ་ཡང་མངོན་སུམ་ཚད་མས་དྲངས་པའི་ངེས་ཤེས་དང༌། མ་ཡིན་དགག་སྒྲུབ་པའི་རྗེས་དཔག་ཚད་མས་སྒྲུབ་པ་འགྲུབ་ལ། མེད་དགག་སྒྲུབ་པའི་རྗེས་དཔག་ཚད་མ་དང༌། དེས་དྲངས་པའི་ངེས་ཤེས་ཀྱིས་དགག་པ་འགྲུབ་པ། རྗེས་དཔག་ཀྱང་མེད་དགག་སྒྲུབ་པའི་མི་དམིགས་པའི་རྟགས་ཀྱིས་མེད་དགག་རྟོགས་ལ། མ་ཡིན་དགག་སྒྲུབ་པའི་སྒྲུབ་རྟགས་ཀྱིས་མ་ཡིན་དགག་རྟོགས་སོ། །དེ་ལྟར་རྟོགས་ནས་འགོག་པའི་ཚུལ་ཡང༌། ངོ་བོ་ཡིན་པ་དང༌། ཐ་དད་ལྡན་པའི་འགོག་པ་གཉིས། བདེ་བ་སྡུག་བསྔལ་ཡིན་པ་རང་གི་བྱེད་པས་ཁེགས་པ་ལྟ་བུའོ། །གཉིས་པ་ནི་ས་ཕྱོགས་ན་བུམ་པ་ལྟ་བུ་གཞི་ལྟ་རུང་ཡིན་པ་རྣམས་ནི། གཞི་དག་པ་བར་མྱོང་བ་ཉིད་ཀྱིས་ཁེགས་ཏེ། རྣམ་འགྲེལ་ལས། རང་བཞིན་ཁྱད་པར་ཅན་ཉིད་ལས། །གཞན་བསལ་བ་ནི་གཞན་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དོན་རྟོགས་ཚུལ་ལ་ཅུང་ཟད་དཔྱད་ན། བོད་བསྡུས་པ་ཁ་ཅིག དངོས་རྟོགས་དང་ཤུགས་རྟོགས་ཀྱི་སྒོ་ནས་སྒྲུབ་པ་དང་འགོག་ཅེས་ཏེ། དེ་ལ་གསུམ་ལས། མཚན་ཉིད་ལ། དངོས་རྟོགས་ཀྱི་མཚན་ཉིད་ནི། དོན་དེ་ཉིད་ཀྱི་སྤྱིའམ་རང་མཚན་གྱི་རྣམ་པ་སྣང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པ། ཤུགས་རྟོགས་ཀྱི་མཚན་ཉིད། གཞན་གྱི་རྣམ་པ་སྣང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པ། དེས་དགག་སྒྲུབ་བྱེད་ཚུལ་ཡང༌། རྗེས་དཔག་གིས་ལ་མེ་ལྡན་དུ་གཞལ་བ་ན། རང་ཉིད་ལ་མེ་འཇལ་དུ་ཤུགས་ལ་རྟོགས་པའམ། རང་རིག་གིས་བློ་དེ་འཛིན་དུ་དངོས་སུ་གྱུར་པས། ཡུལ་དེར་སྣང་ཤུགས་ལ་གྲུབ་སྟེ། བློ་ཟླ་བ་གཉིས་དང་སྔོ་འཛིན་དངོས་སུ་གྲུབ་པས། ཡུལ་ཟླ་བ་གཉིས་དང་སྔོན་པོའི་རྣམ་པ་ཤུགས་ལ་གྲུབ་པའམ། གཞན་རིག་གིས་ཡུལ་དེར་སྣང་དངོས་སུ་གྲུབ་པས་བློ་དེ་འཛིན་དུ་ཤུགས་ལ་གྲུབ་སྟེ། གཟུང་ཡུལ་སྔོན་པོར་དངོས་སུ་གྲུབ་པས། བློ་རང་ཉིད་སྔོ་འཛིན་དུ་ཤུགས་ལ་གྲུབ་པ་ལྟ་བུའམ། དོན་རིག་གིས་དུ་བ་ལ་མེ་དང༌། ཤྭ་བ་ལ་ཤིང་གིས་ཁྱབ་པ་དངོས་སུ་གྲུབ་པས། མེ་མེད་ལ་དུ་མེད་དང༌། ཤིང་མེད་ལ་ཤྭ་བ་མེད་པས་ཁྱབ་པ་ཤུགས་ལ་འགྲུབ་པ་ལྟ་བུའོ། །དགག་པ་ལ་དཔེར་བརྗོད་ན། དངོས་པོ་ལ་བདེན་དངོས་ཙམ་ཀྱི་སྤྱི་དངོས་སུ་ཁེགས་པས། རྡུལ་དང་སྐད་ཅིག་གི་བདེན་དངོས་ཤུགས་ལ་ཁེགས་པ་ལྟ་བུའོ། །ལྡོག་པ་ལ་རྟེན་པའི་སྤྱི་ལ་དངོས་སུ་ཁེགས་པས་བྱེ་བྲག་ལ་ཁེགས་པའི་ངེས་པ་མེད་དེ། ཤེས་བྱ་ཙམ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡིན་པ་ཁེགས་ཀྱང་བྱེ་བྲག་བྱས་པ་ལ་མི་ཁེགས་པ་བཞིན་ནོ། །དེ་ལྟར་སྔོན་པོ་མཐོང་བ་ལྟ་བུ་ལ། རང་གཞན་རིག་པའི་དངོས་ཤུགས་ཀྱི་ཚད་མ་བཞི་སྐྱེ་བ་ཡིན་ཞེས་ཤིན་ཏུ་སྤྲོས་པ་དང་བཅས་པར་རྩང་ནག་རྗེས་འབྲང་དང་བཅས་པ་གསུང་ཡང་དཔྲལ་བའི་གཉེར་མ་དང་འདྲ་སྟེ། ཅུང་ཟད་མི་འཐད་པར་སྟོན་པ་ནི། མེད་དགག་གམ་དངོས་མེད་རྟོགས་པའི་རྗེས་དཔག་ཆོས་ཅན། དངོས་ཡུལ་ལ་ཤུགས་རྟོགས་སུ་ཐལ། དངོས་ཡུལ་ལ་དོན་གཞན་གྱི་རྣམ་པ་ཤར་ནས་སྒྲོ་འདོགས་གཅོད་པའི་ཕྱིར། མ་གྲུབ་པ་མིན་ཏེ། དངོས་མེད་ལ་རྣམ་པ་འཆར་རྒྱུ་མེད་པའི་ཕྱིར་རོ། །གལ་ཏེ་རྗེས་དཔག་ནི་འབྲེལ་པ་ལ་བརྟེན་ལ། འདི་མི་རྟེན་པས་སྐྱོན་མེད་ཅེས་སྨྲ་ན། མངོན་སུམ་མིན་པའི་ཤུགས་རྟོགས་ཆོས་ཅན། ཚད་མ་གསུམ་པར་འགྱུར་ཏེ། རྟོག་པ་གང་ཞིག འབྲེལ་པ་ལ་མི་ལྟོས་པའི་ཚད་མ་ཡིན་པའི་ཕྱིར། ཡང་རྗེས་དཔག་གིས་ལ་མེ་ལྡན་དུ་དངོས་སུ་རྟོགས་པས་རང་ཉིད་མེ་འཇལ་དུ་ཤུགས་ལ་རྟོགས་པ་ཤིན་ཏུ་མི་རིགས་ཏེ། ལ་མེ་ལྡན་དུ་རྟོགས་པ་དང༌། ལ་མེ་འཇལ་ཆོས་ཅན། ཚད་མ་དང་གཞལ་བྱ་མིན་པར་ཐལ། ལྡོག་པ་སེལ་ངོར་ཡང་མེད་པའི་ཕྱིར་དང༌། རྗེས་དཔག་ཆོས་ཅན། རང་ཉིད་མེ་འཇལ་ལ་རང་རིག་དུ་ཐལ། ལ་མེ་འཇལ་གྱི་བློ་རང་གི་ངོ་བོ་ལ་ཚད་མ་ཡིན་པའི་ཕྱིར་དང༌། རང་གི་ངོ་བོ་ལ་རྟོག་བྲལ་མ་འཁྲུལ་བའི་ཡང་ཕྱིར། གལ་ཏེ་དེ་ལ་མ་འཁྲུལ་ཀྱང་རྟོག་བྲལ་མིན་ནོ་ཞེ་ན། རྗེས་དཔག་ཆོས་ཅན། བློ་རང་གི་ངོ་བོ་ལ་རྟོག་པ་མ་ཡིན་པར་ཐལ། བློ་རང་གི་ངོ་བོས་དོན་སྤྱི་མ་ཤར་བའི་ཕྱིར། ཁྱབ་པ་ཡོད་དེ། གང་ལ་ལྟོས་ཏེ་རྟོག་པར་སོང་བའི་ཡུལ་དེ་སྒྲ་དོན་ཡིན་ཏེ། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་འོ། །ཞེས་སོ། །བློ་རང་གི་སྒྲ་དོན་དུ་མ་གྲུབ་པས། དེ་ལ་ལྟོས་ནས་ཤེས་པ་གང་ཡང་རྟོག་པར་འགྲོ་མི་སྲིད་ཅིང༌། ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རྟོག་བྲལ་མ་འཁྲུལ་བའི་ཕྱིར་རོ། །རང་གི་ངོ་བོ་ལ་མངོན་སུམ་ཁོ་ནར་བཤད་དེ། རང་གི་ངོ་བོ་སྒྲ་དོན་མིན། །དེས་ན་དེ་ལ་ཀུན་མངོན་སུམ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ། །འདོད་ན། དེའི་རྣམ་པ་དངོས་སུ་མྱོང་བར་འགྱུར་ལ། དེ་འདོད་ན། དེ་ལ་ཤུགས་རྟོགས་སུ་འདོད་པ་ཉམས་སོ། །རང་རིག་གིས་སྔོ་འཛིན་དངོས་སུ་གྲུབ་པས། ཡུལ་སྔོན་པོའི་རྣམ་པ་ཤུགས་ལ་གྲུབ་པའང་མི་འཐད་དེ། སྔོན་པོའི་རྣམ་པ་ནི་སྔོ་འཛིན་ཉིད་ལས་གཞན་མེད་པས་དེ་ནི་དངོས་སུ་རྟོགས་སོ། །གལ་ཏེ་སྔོན་པོའི་རྣམ་པ་ནི་སྔོན་པོ་ཉིད་དོ་ཞེ་ན། དེ་ལྟ་ན། སྔོ་འཛིན་ཉམས་མྱོང་གི་རང་རིག་ཆོས་ཅན། དོན་སྔོན་པོ་རྟོགས་པའི་ཚད་མ་མིན་པར་ཐལ། སྔོན་པོའི་རྣམ་པ་མ་ཤར་བའི་ཕྱིར། མ་ངེས་ན། དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རྣམ་པ་ཉིད། །ཅེས་ཏེ། གཞལ་བྱ་རྟོགས་པ་ནི་དོན་རྟོགས་སོ། །སྒྲུབ་བྱེད་ནི་དེའི་མཚན་ཉིད་དོ། །མཚན་ཉིད་གང་ཞེ་ན། གདུལ་བྱའི་རང་བཞིན་ཏེ་དོན་གཉིས་འདྲ་བའི་རྣམ་པ་ཤར་བའོ། །དེས་ན་སྔོ་འཛིན་མཚན་གཞི། དོན་རྟོགས་ཀྱི་ཐ་སྙད་དུ་མཚོན་པ་ལ། ཁྱོད་ལྟར་ན། དོན་དང་འདྲ་བས་སྔར་མ་རྟོགས་ཀྱི་དོན་ལ་སྒྲོ་འདོགས་གཅོད་པ། དེ་ལྟར་ན་དོན་དང་འདྲ་བས་དོན་ལ་མི་བསླུ་བ་ཆོས་གསུམ་ལྡན་བཀོད་ན། རྟགས་མ་ངེས་ཞིང༌། མཚན་ཉིད་མ་ཁྱབ་པར་ཐལ་ལོ། །རིགས་པ་འདི་གཅིག་པུས་བོད་བསྡུས་པ་རྣམས་ཀྱི་གྲུབ་མཐའ་སློབ་དཔོན་ངན་པའི་རྗེས་ཟློས་བྱས་པ་འབུམ་ཕྲག་དུ་མ་བཅོམ་པར་བྱས་སོ། །ཡང་གཙོ་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གིས་ཤུགས་ལ་གཙོ་བོའི་སྒྲ་དོན་འཇལ་ཟེར་བ་མི་འཐད་དེ། དེ་ལྟ་ན་རྟོགས་མྱོང་རང་རིག་ཆོས་ཅན། སྒྲ་དོན་ལ་རང་རིག་མངོན་སུམ་དུ་ཐལ། དེ་ལ་མངོན་སུམ་ཚད་མ་ཡིན་ལ། རང་རིག་མངོན་སུམ་ཚད་མ་མིན་པའི་ཕྱིར། མ་གྲུབ་ན། སྒྲ་དོན་ཆོས་ཅན། དེ་ལ་ལྟོས་ཏེ་རྟོག་མྱོང་རང་རིག་དེ་རང་རིག་མངོན་སུམ་མིན་པར་ཐལ། རྟོག་མྱོང་རང་རིག་གི་རང་གི་ངོ་བོ་མིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཡུལ་རང་མིན་ན། དེ་ལ་རིག་པ་རང་རིག་དུ་མི་བཞག་ལ། ཡུལ་གཞན་མིན་ན་དེ་ལ་རིག་པ་གཞན་རིག་དུ་མི་འཐད་པར་ཀུན་ལ་གྲུབ་བོ། །བློ་རིག་རིགས་ཐ་དད་དུ་འཇོག་པ་དངོས་ཡུལ་ལ་རྩིའི། ཤུགས་ཡུལ་ལ་མི་རྩི་བར་འདོད་པའང་རིགས་པའི་གཞུང་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ནོ། །གལ་ཏེ་སྒྲ་དོན་ལ་གཞན་རིག་མངོན་སུམ་དུ་འདོད་ནའང༌། མངོན་སུམ་ལ་སྒྲ་དོན་སྣང་བར་ཐལ་བ་དང༌། དབང་པོ་ཡིད་ཀྱི་མངོན་སུམ་གང་ཡིན་བརྟགས་ལ་དགག་གོ །རིགས་པ་འདིས་རང་གི་བློ་དང་འཚམས་པར་བྱས་ལ་རྒྱ་ཆེར་སྤེལ་ཏེ་སྦྱར་བར་བྱའོ། །ཡང་གཞན་རིག་གི་ཡུལ་སྔོན་པོ་དངོས་སུ་གྲུབ་པས་རང་ཉིད་སྔོ་འཛིན་དུ་ཤུགས་ལ་རྟོགས་པ་ཡང་མི་རིགས་ཏེ། སྔོན་པོ་དངོས་སུ་འཇལ་བའི་གཞན་རིགས་མངོན་སུམ་ཆོས་ཅན། སྔོ་འཛིན་ལ་རང་རིག་མངོན་སུམ་དུ་ཐལ། བློ་སྔོ་འཛིན་རང་གི་ངོ་བོ་ལ་རྟོག་བྲལ་མ་འཁྲུལ་བ་ཡིན་པའི་ཕྱིར། འདོད་ན་ཡུལ་དེ་ལ་གཞན་རིག་ཤུགས་རྟོགས་སུ་བྱས་པ་ཉམས་པར་བྱས་སོ། །སྔ་མ་ལྟར་ལྡོག་པ་ཐ་དད་མེད་པ་དང༌། བློ་རིག་གང་ཡིན་བརྟགས་ལ་དགག་གོ །ཡང་སློབ་དཔོན་གྱིས་གཞན་ཡང་མངོན་སུམ་མེད་པས་ན། བློ་ནི་རྟགས་ལ་ལྟོས་པར་འགྱུར། །ཞེས་རང་གི་ཤེས་པ་ཆོས་ཅན། རྟགས་ལས་སྒྲུབ་དགོས་པར་ཐལ། ཚད་མས་གྲུབ་སྲིད་ལ། དེ་འཇལ་བའི་གཞན་རིག་མངོན་སུམ་དང་རང་རིག་མེད་པའི་ཕྱིར་ཅེས་པ་ལ་རྟགས་དང་ཁྱབ་པ་མེད་པར་ཐལ། རང་རིག་མེད་ཀྱང་གཞན་རིག་མངོན་སུམ་གྱིས་ཤེས་པ་སྣང་ནས་རྟོགས་པའི་ཕྱིར་རོ། །ཡང་གཙོ་བོའི་སྒྲ་དོན་དང་གཙོ་རྟོག་ཆོས་ཅན། ཚད་མ་གཅིག་གི་དངོས་ཤུགས་ཀྱི་གཞལ་བྱར་མི་རིགས་པར་ཐལ། འབྲེལ་བ་གཏན་ནས་མེད་པའི་ཕྱིར། མ་གྲུབ་ན། སྒྲ་དོན་དངོས་པོར་ཐལ། དངོས་པོའི་འབྲེལ་ཡུལ་ལམ་འབྲེལ་པོ་ཡིན་པའི་ཕྱིར། འབྲེལ་པ་མེད་ཀྱང་གཅིག་དངོས་སུ་རྟོགས་པས་གཅིག་ཤུགས་སུ་རྟོགས་ན། བུམ་སྣམ་སྔོ་སེར་ལ་སོགས་དངོས་ཤུགས་ཀྱི་གཞལ་བྱར་འགྱུར་རོ། །མངོན་སུམ་ལྐོག་གྱུར་ལ་འཇུག རྗེས་དཔག་མངོན་གྱུར་ལ་འཇུག་ན། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གཞལ་བྱ་གཉིས་ངེས་པས་ཚད་མ་གཉིས་སུ་སྒྲུབ་མི་ནུས་པར་ཐལ། གཞལ་བྱ་གཅིག་ལ་ཚད་མ་གཉིས་འཇུག་ལ། གཞལ་བྱ་མངོན་གྱུར་ལྐོག་གྱུར་གཉིས་ལ་ཚད་མ་གཅིག་འཇུག་པའི་ཕྱིར། གཞན་ཡང་མངོན་སུམ་རྟགས་ལ་ལྟོས་པ་དང༌། རྒྱུ་མཚན་ནམ་རྟགས་མེད་པར་ལྐོག་གྱུར་རྟོགས་པར་འགྱུར་བ་ལ་སོགས་པའི་སྐྱོན་འཇམ་པའི་དབྱངས་ཀྱིས་ཀྱང་ཟད་པར་བརྗོད་མི་ཤེས་པ་ཡོད་ཀྱང་རྒྱས་པར་མ་སྤྲོས་སོ། །ཡང་མ་དཔྱད་པའི་མཁས་པ་རིགས་པ་སྨྲ་བ་ལྟར་འཆོས་པ་དག་ན་རེ། ཚད་མས་བུམ་སོགས་བཅད་པ་མེད་པར་འགྱུར་ཏེ། བུམ་མ་ཡིན་བཅད་པ་སོགས་ཀྱི་དགག་པ་ཤུགས་ལ་མ་རྟོགས་པའི་ཕྱིར་ཞེས་ཟེར་བའང་འཇིག་རྟེན་སླུ་བའི་ཐབས་ཏེ། ཅི་བུམ་མ་ཡིན་བཅད་པའི་དགག་པ་བུམ་པའམ་བུམ་མིན་ཡིན། བུམ་པ་ཡིན་ན། བུམ་པ་རྟོགས་པ་དེ་ཉིད་ཡིན་ལ། བུམ་མིན་ཡིན་ན། བུམ་མིན་མ་རྟོགས་པས་བུམ་པའང་མ་རྟོགས་པར་ཐལ་བ་ནི། སྔར་མ་མཁྱེན་གྱིས་གདམས་པར་བྱོས་ཤིག ཡང་བུམ་པ་དང་བུམ་མིན་བཅད་བྱ་གཉིས་དངོས་ཤུགས་ཀྱི་གཞལ་བྱར་མི་འཐད་པར་ཐལ། འབྲེལ་བ་མེད་པའི་ཕྱིར། མ་གྲུབ་ན། རྫས་གཅིག་ན་བུམ་པ་སྣང་བ་ན་བུམ་མིན་བཀག་པའང་སྣང་བར་ཐལ་ལོ། །འདོད་ན། དགག་པ་ཤུགས་ལ་རྟོགས་པ་ཉམས་སོ། །དེ་བྱུང་མེད་པ་དགག་པ་དེ་དངོས་མེད་དུ་ཁྱེད་རང་ཡང་འདོད་པས་སོ། །གང་ཡང་ཚད་མ་ཐམས་ཅད་ལ་དངོས་རྟོགས་ཤུགས་རྟོགས་གཉིས་གཉིས་ཡོད་པས་ཁྱབ་པར་ཡང་འགྱུར་རོ། །ཡང་མངོན་སུམ་རྟོག་བྲལ་དུ་མངོན་སུམ་ཉིད་ཀྱིས་མི་འགྲུབ་པར་ཐལ། རྟོག་པ་བཀག་པ་མ་རྟོགས་པའི་ཕྱིར་ཞེས་པའི་སྐྱོན་གྱིས་མི་གོས་ཏེ། རང་ཡུལ་གྱི་སྒྲ་དོན་མི་འཛིན་པར་རང་མྱོང་རང་གིས་གྲུབ་པ་ཉིད་ལ་དེ་སྐད་གསུངས་སོ། །དེ་ལྟ་མིན་པར་རྟོག་པ་བཀག་པའི་དགག་པ་ཉིད་ལ་ཟེར་ན། དེ་མངོན་སུམ་གྱིས་མི་འགྲུབ་བོ། །གྲུབ་ན། མངོན་སུམ་ཆོས་ཅན། སེལ་བའི་ཡུལ་ཅན་དུ་ཐལ། དེ་མིན་བཀག་ནས་དེ་རྟོགས་པའི་ཕྱིར་ཏེ། སེལ་བ་གྲུབ་པ་ལས། སྒྲུབ་པ་མེད་ལས་བྱུང་ན་ནི། གཞན་གཅོད་སེལ་བ་ཡིན་པར་འདོད་ཅེས་སོ། །རིགས་པ་སྔ་མ་ཡང་འདོན་པ་ཁ་སྒྱུར་ལ་བཤད་དོ། །འདི་ལ་མཁས་པ་ཁ་ཅིག་དག བློའི་དངོས་ཤུགས་ནི་ཚད་མ་དང་རྗེས་ཤེས་ལ་བཞེད་ལ། དཔེར་ན་སྔོ་འཛིན་དང་སྔོན་པོ་ངེས་པ་ལྟ་བུའོ། །རྗེས་དཔག་གམ་དེའི་རྗེས་ཤེས་ལྟ་བུའམ། དངོས་པོ་འདི་ཡུལ་འདི་ལ་ཡོད་པར་ངེས་པས་གཞན་ན་མེད་པར་ངེས་པ་ལྟ་བུའམ། སྒྲའི་དངོས་ཤུགས་རྗེས་འགྲོ་དངོས་སུ་བརྗོད་པས་ལྡོག་པ་ཤུགས་ལ་བརྗོད་པ་ལྟ་བུའོ། །དོན་གྱི་དངོས་ཤུགས་གཞི་འདི་ན་སྣང་བ་ཡོད་པས་མུན་པ་མེད་པ་ལྟ་བུའོ། །དེས་ན་དངོས་རྟོགས་ཤུགས་རྟོགས་རྫས་མི་གཅིག་ཏེ། རིམ་པར་སྐྱེ་བའི་ཕྱིར་རོ། །རིགས་ཀྱང་མི་གཅིག་ཏེ། དངོས་རྟོགས་ལ་རྟོག་མེད་ཀྱང་ཡོད་ལ། ཤུགས་རྟོགས་རྟོག་པ་ཁོ་ན་ལ་ཡིན་པའི་ཕྱིར་རོ་ཞེས་བཞེད་པའི་རྗེས་སུ་འབྲང་ངོ༌། །གཞུང་གི་དོན་ནི། བོད་བསྡུས་པ་ཁ་ཅིག་དངོས་རྟོགས་དང༌། ཤུགས་རྟོགས་ཀྱི་སྒོ་ནས་སྒྲུབ་པ་དང༌། འགོག་པ་གཉིས། དེ་ལ་དངོས་རྟོགས་ཀྱི་མཚན་ཉིད་དོན་དེ་ཉིད་ཀྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པ། ཤུགས་རྟོགས་ཀྱི་མཚན་ཉིད། དོན་གཞན་གྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པའོ། །དེ་ལ་དགག་སྒྲུབ་བྱེད་ཚུལ་ནི། སྒྲུབ་པ་ལ་དཔེར་བརྗོད་ན། རྗེས་དཔག་གིས་ལ་ལ་མེ་ལྡན་པ་དངོས་སུ་གཞལ་བ་ན། བདག་ཉིད་མེ་འཇལ་དུ་ཤུགས་ལ་རྟོགས་པ་ལྟ་བུའོ། །དགག་པ་ལ་དཔེར་བརྗོད་ན། སྤྱི་མེ་ཙམ་ལ་བསིལ་བ་དངོས་སུ་ཁེགས་པས། ཙནྡན་གྱི་མེ་ལ་བསིལ་བ་ཤུགས་ལ་ཁེགས་པ་ལྟ་བུའོ་ཞེས་ཟེར་རོ། །འོ་ན་རྗེས་དཔག་ཆོས་ཅན། ཤུགས་རྟོགས་ཡིན་པར་ཐལ། དོན་གཞན་གྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པའི་ཕྱིར། གལ་ཏེ་རྗེས་དཔག་རྟགས་ལ་ལྟོས་ལ་འདི་རྟགས་ལ་མི་ལྟོས་པར་དོན་གཞན་ལ་སྒྲོ་འདོགས་གཅོད་པས་རྗེས་དཔག་མིན་ཞེ་ན། རྟགས་ལ་མི་ལྟོས་པ་དེ་ཅི། འབྲེལ་བ་ལ་མི་ལྟོས་པར་སྒྲོ་འདོགས་གཅོད་ན་ཚད་མ་གསུམ་པར་ཐལ་ལོ། །འབྲེལ་བ་ལ་ལྟོས་ན་རྗེས་དཔག་ལས་མི་འདའོ། །གལ་ཏེ་ཤུགས་རྟོགས་མི་འཐད་ན། སློབ་དཔོན་གྱི་གཞུང་གི་ཆ་འགར་ཤུགས་ལས་རྟོགས་པའམ་དོན་གྱིས་གོ་བ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སློབ་དཔོན་གྱི་གཞུང་གི་ཆ་འགར་ཤུགས་ལས་རྟོགས་ཞེས་གསུངས་པ་ཡང༌། མངོན་སུམ་གྱི་བྱེད་པའམ། ཚུལ་གསུམ་གོམས་པ་ལས་གློ་བུར་བའི་རྗེས་དཔག་སྐྱེས་པ་ལ་དགོངས་པའི་ཕྱིར། རྣམ་ངེས་ལས། རང་གི་གྲུབ་པ་ཐམས་ཅད་མ་ཡིན་པ་ཐམས་ཅད་ནི། བདག་ཉིད་དང་འབྲེལ་བའི་སྒྲུབ་པར་བྱེད་པ་མི་འཁྲུལ་བ་གཞན་ལ་ལྟོས་པའི་ཕྱིར། མངོན་སུམ་མིན་པའི་ཚད་མ་ནི་རྗེས་སུ་དཔག་པ་ལས་གཞན་ཡོད་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཚད་མ་རིགས་པའི་གཏེར་ལས་མཚན་ཉིད་བརྟག་པའི་རབ་ཏུ་བྱེད་པ་བརྒྱད་པའི་རྣམ་པར་བཤད་པའོ།། ༈ །།མངོན་སུམ་གཏན་ལ་དབབ་པ་ལ། མངོན་སུམ་ཡང་དག་གི་རང་བཞིན། ལོག་ཕྱོགས་མངོན་སུམ་ལྟར་སྣང༌། ཚད་མའི་འབྲས་བུ་དཔྱད་པའོ། །དང་པོ་ལ་བོད་འགའ་ཞིག མངོན་སུམ་གྱི་མཚན་ཉིད་རྟོག་བྲལ་མ་འཁྲུལ་བ། མངོན་སུམ་ཚད་མའི་མཚན་ཉིད་སྔར་མ་རྟོགས་པའི་དོན་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པ་ཞེས་མངོན་སུམ་དང༌། མངོན་སུམ་ཚད་མའི་མཚན་ཉིད་སོ་སོར་ཕྱེ་བ་འཁྲུལ་ཏེ། གཉིས་སུ་ཕྱེ་བ་གཞུང་གི་དགོངས་པ་མིན་ཞིང༌། མངོན་སུམ་ཚད་མས་སྒྲོ་འདོགས་མི་གཅོད་པའི་ཕྱིར་ཏེ། སྒྲོ་འདོགས་ནི་ངེས་ཤེས་ཁོ་ནས་གཅོད་དགོས་པའི་ཕྱིར། མངོན་སུམ་ལ་ཚད་མས་ཁྱབ་ཏེ། རྒྱུད་གཞན་གྲུབ་པ་ལས། མངོན་སུམ་དེ་ནི་དེའི་རྣམ་པའི་རྗེས་སུ་བྱེད་པ་གསལ་བར་སྣང་བའི་ཕྱིར་དང་མི་བསླུ་བའི་ཕྱིར་ཚད་མ་ཞེས་འདོད་དོ་ཞེས་པ་དང༌། གཏན་ཚིགས་ཐིགས་པ་ལས། མངོན་སུམ་གང་ཡིན་པ་ནི་ཚད་མའོ་ཞེས་གསུངས་པ་ཡིན་ནོ། །རང་ལུགས་ནི། མངོན་སུམ་གྱི་མཚན་ཉིད་རྟོག་བྲལ་མ་འཁྲུལ་བའི་ཤེས་པ། བྲལ་བྱ་རྟོག་པའི་མཚན་ཉིད་སྒྲ་དོན་འདྲེས་རུང་འཛིན་པའི་ཤེས་པའོ། །འདིའི་བྲལ་བྱ་རྟོག་པ་སྔར་གཏན་ལ་ཕབ་ཟིན་ཏོ། །གལ་ཏེ་རྟོག་པའི་རྫས་དང་བྲལ་བ་ལ་བྱེད་ན། རྟོག་མྱོང་རང་རིག་མངོན་སུམ་ལ་མ་ཁྱབ་ལ། རྟོག་པའི་ལྡོག་པ་དང་བྲལ་བ་ལ་བྱེད་ན། རྗེས་དཔག་ཡང་རྟོག་བྲལ་དུ་ཐལ། རྟོག་པའི་ལྡོག་པར་མ་གྲུབ་པའི་ཕྱིར་རོ་ཞེ་ན། རང་ལྡོག་ལ་རྟོག་པའི་མཚན་ཉིད་མི་བརྟེན་པ་ལ་བྱེད་པས་སྐྱོན་མེད་དོ། །མཚན་གཞི་སོ་སོའི་དབྱེ་བ་ལ་བཞི་སྟེ། དབང་པོའི་མངོན་སུམ་དང༌། ཡིད་ཀྱི་མངོན་སུམ་དང༌། རང་རིག་མངོན་སུམ་དང༌། རྣལ་འབྱོར་མངོན་སུམ་མོ། །ཅིའི་ཕྱིར་མངོན་སུམ་བཞིར་བཞག་ཅེ་ན། མངོན་སུམ་བཞིར་བཞག་པ་ནི། གཞལ་བྱ་ལ་ཆོས་ཅན་དང་ཆོས་ཉིད་གཉིས་སུ་ངེས་པས། ཆོས་ཉིད་འཇལ་བ་ལ་རྣལ་འབྱོར་མངོན་སུམ་དང༌། ཆོས་ཅན་འཇལ་བ་ལ་གཞན་གསུམ་མོ། །ཆོས་ཅན་ལ་ཡང་ཤེས་པ་དང་བེམ་པོ་གཉིས་སུ་ངེས་པས། ཤེས་པ་འཇལ་བ་ལ་རང་རིག་མངོན་སུམ་དང༌། དོན་འཇལ་བ་ལ་དོན་རིག་གཉིས་སོ། །དོན་རིག་གཉིས་ལ་ཡང་བདག་རྐྱེན་དབང་པོ་གཟུགས་ཅན་དང་ཡིད་དབང་ལ་བརྟེན་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །འོ་ན་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། མངོན་སུམ་མིན་པར་ཐལ། བཞི་པོ་གང་ཡང་མ་ཡིན་པའི་ཕྱིར། འདོད་ན། མངོན་སུམ་ཡིན་པར་ཐལ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། ཡུལ་མངོན་དུ་གྱུར་པ་དང་མ་འཁྲུལ་བ་ཡང་ཡིན་པའི་ཕྱིར་ཞེ་ན། འགའ་ཞིག་ཤེས་པའི་ཡུལ་ཅན་ཡིན་པས། རང་རིག་མངོན་སུམ་དུ་འདུ་ཞེས་བཞེད་ལ། འོན་ཀྱང་སོ་སྐྱེའི་རྒྱུད་ལ་འབྱུང་བའི་ཕྱིར་དང༌། ཁ་ཕྱི་རོལ་དུ་ཕྱོགས་པའི་ཕྱིར་དང༌། དབང་པོ་གཟུགས་ཅན་ལ་མི་བརྟེན་པའི་ཕྱིར་ཡིད་མངོན་དུ་རིགས་སོ། །གལ་ཏེ་ཡིད་མངོན་ནི། དེ་མ་ཐག་རྐྱེན་དབང་ཤེས་ལས་འབྱུང་བ་དང༌། དབང་པོའི་མངོན་སུམ་གྱི་གཟུང་དོན་གྱི་རིགས་འདྲ་ཕྱི་མ་འཛིན་པར་བཤད་པ་མིན་ནམ་ཞེ་ན། དེ་ནི་དོན་རིག་ཡིད་མངོན་གྱི་དབང་དུ་བྱས་པས་མི་འགལ་ལོ། །དབང་པོའི་མངོན་སུམ་ལ། སྤྱི་དོན་དང༌། གཞུང་དོན་གཉིས་ལས། དང་པོ་ལ། དབང་པོའི་མངོན་སུམ་གྱི་མཚན་ཉིད་ནི། དབང་ཤེས་གང་ཞིག རྟོག་བྲལ་མ་འཁྲུལ་བའོ། །འདི་ནི་རྒྱུའི་ཁྱད་པར་རྐྱེན་གསུམ་ལས་སྐྱེས་ཏེ། འདི་ལ་རྐྱེན་གསུམ་གྱི་བྱེད་པ་གསུམ་དམིགས་པའི་ཕྱིར་རོ། །རྐྱེན་གསུམ་དུ་མ་འདུས་པའི་རྒྱུའི་རྐྱེན་ཞེས་པའི་ལོགས་པ་ནི་འདིར་མི་བཞེད་དོ། །དེ་ཡང་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བ་ནི། དམིགས་རྐྱེན་གྱི་མཐུས་ཡིན་ཏེ། དོན་གྱི་རྣམ་ལྡན་དུ་སྐྱེ་ཞིང་རྐྱེན་གཞན་གཉིས་ཀྱི་རྣམ་ལྡན་དུ་མི་སྐྱེ་བའི་ཕྱིར། རིག་ཙམ་དུ་སྐྱེ་བ་ནི་དེ་མ་ཐག་རྐྱེན་ཀྱི་མཐུས་ཡིན་ཏེ། དབང་པོ་དང་དམིགས་རྐྱེན་ལ་རང་གི་རིགས་འདྲ་རིག་པར་སྐྱེད་པའི་མཐུ་མེད་པའི་ཕྱིར། གཟུགས་ཁོ་ནའི་ཡུལ་ཅན་དུ་སྐྱེ་བ་ནི། བདག་རྐྱེན་གྱི་མཐུ་སྟེ། འདི་ཁོ་ན་ཐུན་མོང་པའི་རྒྱུ་ཡིན་པའི་ཕྱིར་ཏེ། དམིགས་རྐྱེན་ནི་རང་གཞན་གཉིས་ཀའི་མཐོང་བྱ་ཡིན་པའི་ཕྱིར་དང༌། དེ་མ་ཐག་རྐྱེན་ཡང་ཚོགས་དྲུག་ཀའི་རྐྱེན་དུ་འགྱུར་བའི་ཕྱིར་རོ། །དེ་ལ་དབང་ཤེས་འཁྲུལ་པ་ལ་ཡང་དམིགས་རྐྱེན་ཡོད་དེ། ཟླ་གཅིག་ཟླ་བ་གཉིས་འཛིན་གྱི་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར་ཏེ། ཟླ་བའི་རྣམ་ལྡན་དུ་སྐྱེ་བའི་ཕྱིར། གཟུང་དོན་ནི་མིན་ཏེ། ཡུལ་ཅན་འཁྲུལ་པ་ཡིན་པའི་ཕྱིར་དང༌། གཟུང་དོན་ལ་རང་འདྲའི་རྣམ་པ་གཏོད་དགོས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དོན་ལ་བརྟེན་ནས་འབྱུང་འགྱུར་ཞིང༌། །དེའི་ངོ་བོ་རྗེས་བྱེད་པ། །ཚུལ་འདི་དོན་ལྡན་མ་ཡིན་ཏེ། འདོད་པ་ཙམ་དང་རྗེས་འབྲེལ་ཕྱིར། ཅེས་པ་དང༌། ཐ་དད་བདག་ཉིད་ཇི་ལྟར་བཟུང༌། །དེ་ཚེ་བློ་དོན་མེད་ཅན་འགྱུར། །ཞེས་པས་སོ། །འདིས་ཐ་དད་པ་ལ་གཉིས་སུ་བཟུང་ན་གཟུང་དོན་མེད་པར་ཐལ་བར་འཕངས་པས་གཟུང་དོན་ཅན་གྱི་བློ་མ་འཁྲུལ་བར་བསྟན་པའི་ཕྱིར་རོ། །དབང་ཤེས་འཁྲུལ་པ་ལ་དམིགས་རྐྱེན་ཡོད་དེ། མར་མེ་ཙམ་གྱིས་ཡོད་པའི་ཕྱིར་རོ། །གཉིས་ཀ་དག་ཀྱང་རྒྱུ་མ་ཡིན། །ཞེས་སོ། །འགའ་ཞིག་ཟླ་གཅིག་ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་དམིགས་རྐྱེན་མིན་ཏེ། རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། སྐྲར་སྣང་དོན་མེད་ཅན་ཡིན་ནོ་ཞེས་གསུངས་པས་སོ་ཞེ་ན། འདི་ནི་གཟུང་དོན་མེད་པར་བསྟན་པ་ཡིན་གྱི་དམིགས་རྐྱེན་མེད་པར་བསྟན་པ་མིན་ནོ། །ཟླ་གཅིག་ཆོས་ཅན། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ཏེ། དེ་ཟླ་བའི་རྣམ་ལྡན་དུ་སྐྱེ་བ་ཁྱོད་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར། རྣམ་པ་གཏོད་བྱེད་ཙམ་གྱི་དམིགས་རྐྱེན་དུ་འགྱུར་ལ། གཟུང་དོན་ལ་རང་འདྲའི་རྣམ་པ་གཏོད་དགོས་པས་ཁྱད་ཤིན་ཏུ་ཆེའོ། །དམིགས་རྐྱེན་གྱི་ངོ་བོ་ནི་རིགས་མཐུན་གྱི་རྡུལ་དུ་མ་ཕྱོགས་གཅིག་ཏུ་འདུས་པ་སྟེ། རིགས་མཐུན་གྱི་ཟླ་མེད་པས་རྣམ་པ་གཏོད་མི་ནུས་པའི་ཕྱིར་རོ། །དེ་མ་ཐག་རྐྱེན་ནི། ཤེས་པ་ཕྱི་མ་གཞན་གྱིས་བར་མ་ཆོད་པར་མྱོང་རིག་གི་ངོ་བོར་སྐྱེད་བྱེད་ཀྱི་ཤེས་པའོ། །དེ་མ་ཐག་རྐྱེན་ནི། རྟོག་བཅས་རྟོག་མེད་ཀྱི་ཤེས་པ་ཐམས་ཅད་ལ་ཡོད་ལ། དམིགས་རྐྱེན་ནི་གཞན་རིག་ཁོ་ན་ལ་ཡོད་ཀྱི། གཞན་ལ་མེད་དེ། བེམ་པོ་དང་རང་རིག་ལ་དམིགས་རྐྱེན་མེད་པའི་ཕྱིར་རོ། །འདུས་བྱས་ཐམས་ཅད་བདག་རྐྱེན་ལས་སྐྱེ་སྟེ། བྱེད་རྒྱུ་ལས་མ་སྐྱེས་པའི་འབྲས་བུ་མེད་པའི་ཕྱིར། དམིགས་པ་ཉིད་རྐྱེན་དུ་གྱུར་པས་དམིགས་པའི་རྐྱེན་དང༌། འབྲས་བུ་ལ་དབང་བྱེད་པས་བདག་པོའི་རྐྱེན་དང༌། དེ་མ་ཐག་པ་ཉིད་རྐྱེན་དུ་གྱུར་པས་དེ་མ་ཐག་རྐྱེན་ནོ། །འགའ་ཞིག་དེ་མ་ཐག་རྐྱེན་དང༌། མཚུངས་པ་དེ་མ་ཐག་རྐྱེན་གཉིས་ལ་ཁྱད་པར་ཡོད་དེ། དེ་མ་ཐག་རྐྱེན་ལ་རིག་པ་སྔ་མས་རིག་པ་ཕྱི་མ་དེ་མ་ཐག་དུ་རིག་ཙམ་དུ་སྐྱེ་བ་ཙམ་གྱིས་འགྱུར་ལ། མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སྔ་ཕྱི་རིགས་མཚུངས་པ་དགོས་ཏེ། དགེ་བའི་སེམས་ཀྱིས་དགེ་བའི་སེམས་དང༌། མི་དགེ་བའི་སེམས་ཀྱིས་མི་དགེ་བའི་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ལྟ་བུའོ་ཞེ་ན། སྔ་ཕྱི་རིག་པ་ཙམ་དུ་མཚུངས་པ་ལ་མཚུངས་པ་ཞེས་བརྗོད་ཀྱི། ཐམས་ཅད་ནས་མཚུངས་པ་ནི་མ་ཡིན་ནོ། །མཛོད་ལས་ཀྱང༌། ཐ་མ་མི་མཚུངས་དེ་མ་ཐག་ཞེས་འབྱུང་བའི་དོན་རིག་པ་སྔ་མ་ཙམ་ལ་བཤད་དོ། །དེ་མ་ཐག་པའི་དོན་ལ་འགའ་ཞིག་རིགས་མཐུན་གཞན་གྱིས་བར་མ་ཆད་པ་དགོས་ཀྱི། ཆོས་གཞན་གྱིས་བར་མ་ཆད་པ་ནི་མིན་ཏེ། འགོག་པ་ལ་སྙོམས་པར་འཇུག་པའི་སེམས་ཀྱིས་ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ལྟ་བུའོ། །དེ་ཡང་ལྷ་སྦྱིན་གྱི་ཁང་པའི་དེ་མ་ཐག་ན་མཆོད་སྦྱིན་གྱི་ཁང་པ་ཡོད་ཅེས་པ་དང་མཚུངས་སོ། །ཐག་ཉེ་བ་ལ་དེ་མ་ཐག་པ་ཞེས་བརྗོད་པར་རིགས་ཀྱང༌། ཤིན་ཏུ་ཐག་རིང་བ་ལ་དེ་མ་ཐག་པ་ཞེས་འཇོག་པར་ཇི་ལྟར་རིགས། འོ་ན་ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་གང་གིས་བྱེད་ཅེ་ན། འགོག་པའི་སྙོམས་འཇུག་གི་གནས་སྐབས་ན་ཡིད་ཤེས་མི་གསལ་བའི་ངོ་བོར་ཡོད་པར་བཤད་པས་དེ་ཉིད་ཀྱིས་བྱེད་དོ། །མཛོད་འགྲེལ་དུ་བཀག་པ་ནི་གནོད་བྱེད་དུ་མི་འཇུག་སྟེ། དེར་ལྷག་མེད་ཀྱི་དུས་སུ་རིག་པ་རྒྱུན་ཆད་དུ་བཞེད་ཀྱང་འདིར་མི་འདོད་པས་སོ། །སྐུ་མཆེད་གཉིས་ཀྱི་ལུང་ཚད་མར་བྱེད་ན། ཀུན་གཞིའི་རྣམ་ཤེས་ཡོད་པས་ན་དེས་དེ་མ་ཐག་རྐྱེན་བྱེད་པས་གཞན་འབད་པས་ཅི་ཞིག་བྱ། གཞན་ཡང་དངོས་ཀྱི་ཉེར་ལེན་མེད་པའི་ཤེས་པ་སྲིད་པར་ཐལ། འགོག་པའི་སྙོམས་འཇུག་ལས་ལྡང་སེམས་ཀྱི་དེ་མ་ཐག་པར་སེམས་མེད་པས་སོ། །འདོད་ན། དངོས་ཀྱི་ཉེར་ལེན་མེད་པའི་འབྲས་བུ་ཡོད་པར་འདོད་པས་རྒྱང་འཕེན་པའི་ལུགས་སུ་གནས་སོ། །གཟུགས་མེད་པ་ན་ཁམས་འོག་མར་སྐྱེ་བའི་བར་དོ་གྲུབ་མ་ཐག་གི་ཉེར་ལེན་གང་གིས་བྱེད་ཅེ་ན། འགའ་ཞིག་སྔར་གཟུགས་མེད་དུ་འཇུག་པའི་དབང་པོ་ཡིན་ཏེ། རྒྱུ་གཞན་མེད་པའི་ཕྱིར། དབང་པོའི་བག་ཆགས་ཀྱིས་ནི་མི་བྱེད་དེ། དེ་ནི་ཤེས་པ་ཡིན་ལ། ཤེས་པས་བེམ་པོའི་ཉེར་ལེན་མི་བྱེད་པའི་ཕྱིར་རོ་ཞེ་ན། བརྒྱུད་པའི་ཉེར་ལེན་སྔར་གྱི་དབང་པོས་བྱེད་ཀྱང༌། དངོས་ཀྱི་ཉེར་ལེན་གང་གིས་བྱེད་ཅེས་བརྟགས་པས་འཇིག་གོ །གལ་ཏེ་རྒྱུ་འགགས་པ་ལ་མངོན་དུ་ཕྱོགས་པ་དེ་ཉིད་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་ཡིན་པས། སྔར་གྱི་དབང་པོ་ཉིད་ཀྱིས་འཕངས་ཟིན་པའི་ཕྱིར་དེ་རྫས་སུ་མ་གྲུབ་ཀྱང་ཉེས་པ་མེད་དོ། །གལ་ཏེ་འགགས་པས་འབྲས་བུ་མི་སྐྱེད་ན། དེ་མ་ཐག་དུ་འགགས་པས་ཀྱང་མི་སྐྱེད་དོ་ཞེ་ན། འགགས་པས་འབྲས་བུ་སྐྱེས་པ་ནི། རྟོགས་ལྡན་སུ་ཡང་མི་སྨྲའོ། །འོན་ཀྱང་དེ་མ་ཐག་གི་རྒྱུ་ཉིད་འབྲས་བུ་འབྱུང་བའི་ཉེ་བའི་དུས་སུ་སྐྱེད་བྱེད་དུ་ཡོད་པས་ཉེས་པ་ག་ལ་ཡོད། གལ་ཏེ་ལས་འགགས་ནས་ཡུན་རིང་དུ་ལོན་པ་ལས་ཀྱང་འབྲས་བུ་འབྱུང་བ་ཡིན་ནོ་ཞེ་ན། དེ་ནི་སྔ་མས་ཕྱི་མ་ལ་བག་ཆགས་བཞག་པ། གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་པ་མ་ཆད་པ་ལ་བརྟེན་ནས་འབྱུང་བའི་ཕྱིར་མཚུངས་པ་མ་ཡིན་ནོ། །ཆོས་ཀྱི་གྲགས་པའི་ངེས་དོན་གྱི་བཞེད་པ་ནི། གཟུགས་མེད་ནས་འཆི་འཕོ་བའི་དུས་ཀྱི་དབང་པོའི་བག་ཆགས་ལ་བཞེད་ཀྱང༌། ཤེས་པས་བེམ་པོའི་ཉེར་ལེན་བྱེད་པར་ཐལ་བ་ཡང་མི་འགྱུར་ཏེ། སློབ་དཔོན་ནི་རྣམ་རིག་པའི་གྲུབ་མཐའ་ཁས་ལེན་པས་དོན་ལ་དབང་པོ་ཡང་ཤེས་པ་ཡིན་པའི་ཕྱིར། རྒྱལ་བ་ཅན་གྱིས་ཀྱང༌། བག་ཆགས་ལ་གནས་པའི་སྐྱེ་མཆེད་ལྔའི་དབང་གིས་དུས་ཕྱིས་ལུས་དང་བཅས་པར་འབྱུང་བར་བསྟན་པ་ནི་ཞེས་དང༌། ཡ་མ་རིས། གཟུགས་མེད་ནས་འཆི་འཕོ་བ་ཇི་ལྟར་ལུས་སྐྱེ་ཞེ་ན། གཟུགས་མེད་དུ་འཇུག་ཁ་མའི་སེམས་སྐྱེ་མཆེད་རྒྱུ་ཡིན་ཏེ། དེས་བགོས་པའི་བག་ཆགས་ཀྱིས་བསྐྱེད་པའི་ཕྱིར་ཞེས་པ་དང༌། ཉི་མ་སྦས་པས་ཀྱང༌། གཟུགས་མེད་པའི་ཁམས་ནས་འཆི་འཕོ་བའི་ལུས་ཅན་རྣམས་ཀྱི་ལུས་སྐྱེ་བ་ཡང་དེ་ཉིད་ཀྱི་ལུས་སྐྱེ་མཆེད་སྔ་མས་འདུས་བྱས་པའི་བག་ཆགས་རྒྱུར་འགྱུར་རོ་ཞེས་གསུངས་སོ། །དོན་ནི་གཟུགས་མེད་དུ་འཇུག་ཁའི་སེམས་བསྐྱེད་མཆེད་ནི་བག་ཆགས་འཇོག་བྱེད་ཡིན་པས་དང་པོའི་འཕེན་བྱེད་ཀྱི་རྒྱུ་ཡིན་ལ། གཟུགས་མེད་ནས་འཆི་འཕོ་བའི་བག་ཆགས་ནི་དངོས་ཀྱི་ཉེར་ལེན་ཡིན་པར་གསལ་ལོ། །ཆོས་མངོན་པའི་གྲུབ་མཐའ་སྨྲ་བ་གཉིས་ནི། ཤེས་པ་ལ་ཡོད་པའི་ལུས་ཀྱི་ས་བོན་གྱིས་ཉེར་ལེན་བྱེད་པར་བཤད་དེ། མཛོད་ལས། གཟུགས་མེད་པ་ན་གཟུགས་མེད་དེ། །གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །ཞེས་སོ། །སེམས་ཙམ་པ་རིགས་པ་ལ་གཙོ་བོར་བྱེད་པ་དང༌། ལུང་གཙོ་བོར་བྱེད་པ་གཉིས་ལས། དང་ནི། ཕྱོགས་གླང་ཆོས་གྲགས་ཡིན་ལ། འདི་གཉིས་ཀྱི་རིགས་པ་གཙོ་བོར་བྱེད་དགོས་པར་བཤད་དེ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ངའི་བཀའ། །ཞེས་པ་ཉིད་ཁུངས་སུ་མཛད་དོ། །གཉིས་པ་ནི། ཐོགས་མེད་སྐུ་མཆེད་དེ། མངོན་གྱི་ལུང་སྙིང་ཡོངས་བཏང་ནས། །རང་ལྟ་མཆོག་ཏུ་བཟུང་མི་བྱ། །ཞེས་པ་ཁུངས་སུ་མཛད་དོ། །དེ་ལ་ཕྱོགས་ཀྱི་གླང་པོས་དམིགས་རྐྱེན་གྱི་འདོད་ཚུལ་གཉིས་གསུངས་ཏེ། སྣང་བའི་དམིགས་རྐྱེན་དང༌། བག་ཆགས་ཀྱི་དམིགས་རྐྱེན་གཉིས་ལས། དང་པོ་ནི། དོན་སྣང་གི་བག་ཆགས་ཡོངས་སུ་སྨིན་པ་ལས་དོན་དུ་སྣང་བ་འབྱུང་བ་ལ་རྗེས་ཀྱིས་ཤེས་པས་དོན་གྱི་ཐ་སྙད་བྱས་ཏེ། དེ་དམིགས་ཡུལ་དུ་ཡོད་ན་དེའི་རྣམ་པ་ཅན་དུ་སྐྱེ་ལ། དེ་མེད་ན་མི་སྐྱེ་བའི་ཕྱིར་ཏེ། དམིགས་པ་བརྟགས་པ་ལས། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་པ་ལྟར་རོ། །དོན་སྣང་ཆོས་ཅན། དོན་སྣང་ཤེས་པའི་དམིགས་རྐྱེན་དུ་མི་འཐད་པར་ཐལ། ཤེས་པ་རང་གི་བདག་ཉིད་ཡིན་པའི་ཕྱིར་ཞེ་ན། རིགས་པས་དཔྱད་ན་མིན་ཏེ། གཟུང་འཛིན་མེད་པའི་ཕྱིར། ཐ་སྙད་དུ་ཤེས་པའི་བདག་ཉིད་མིན་ཏེ། བག་ཆགས་བརྟན་པའི་ཤེས་པས་དོན་དུ་ཐ་སྙད་འདོགས་པའི་ཕྱིར། དེས་ན་ཤེས་པའི་བདག་ཉིད་ཡིན་པ་ནི་བདག་རྐྱེན་གྱི་དབང་དུ་བྱས་ལ། དམིགས་ཡུལ་དུ་འཇོག་པ་ནི་ཐ་སྙད་ཀྱི་རྗེས་སུ་འབྲང་བས་མི་འགལ་ལོ། །དམིགས་པ་བརྟགས་པ་ལས། གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། །ཅེས་པ་འདིའི་དོན་ལ་ཤེས་པ་གཅིག་གི་ཆ་ཡིན་ཡང་ཐ་སྙད་དུ་འདི་དམིགས་ཡུལ་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་རྐྱེན་ཡིན་ཞེས་པའོ། །གཉིས་པ་ནི། འདིའི་འདོད་ཚུལ་ལ་འགའ་ཞིག་བག་ཆགས་འཇོག་བྱེད་ཀྱི་ཤེས་པ་སྔ་མ་དེ་ཉིད་ཡིན་ཏེ། སྔ་མས་བག་ཆགས་བཞག་པའི་མཐུ་ལས་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བའི་ཕྱིར། བག་ཆགས་ཙམ་ནི་མིན་ཏེ། སྔ་མས་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་འཕངས་ཟིན་པས། བག་ཆགས་འཇོག་བྱེད་ཉིད་རྣམ་པ་གཏོད་པ་ལ་གཙོ་བོར་གྱུར་པའི་ཕྱིར་ཞེས་ཟེར་རོ། །འདི་དམིགས་རྐྱེན་མིན་པར་ཐལ། དངོས་རྒྱུ་མ་ཡིན་པའི་ཕྱིར་ཏེ། བར་དུ་བག་ཆགས་ཀྱིས་ཆོད་པའི་ཕྱིར་རོ། །གཞན་ཡང་བག་ཆགས་འཇོག་བྱེད་དང་དབང་ཤེས་ཀྱི་བར་དུ་བསྐལ་བ་དུ་མས་ཀྱང་ཆོད་སྲིད་པའི་ཕྱིར་དམིགས་རྐྱེན་དུ་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། ཞེས་གསུངས་པ་མིན་ནམ་ཞེ་ན། འདི་ནི་སྔ་མས་ཕྱི་མ་སྐྱེད་པ་ལ་འདོད་ཀྱི། བག་ཆགས་འཇོག་བྱེད་ལ་མི་བཟུང་ངོ༌། །དེས་ན་དམིགས་རྐྱེན་སྔ་མ་དང་དུས་མཉམ་ཡིན་ལ་འདི་དང་སྔ་ཕྱིར་གྱུར་པས་མི་འདྲ་བའི་ཁྱད་པར་བཤད་དོ། །དེ་ཡང་དོན་སྣང་དངོས་སུ་སྐྱེད་བྱེད་ཀྱི་བག་ཆགས་དང༌། དོན་སྣང་ཉིད་ལ་དམིགས་རྐྱེན་དུ་བཤད་པ་གཉིས་མཐོང་ངོ༌། །ཐོགས་མེད་ལྟར་ན། ཀུན་གཞི་ལ་ཐུན་མོང་དང་ཐུན་མོང་མིན་པའི་བག་ཆགས་གཉིས་ཡོད་པ་ལས། བག་ཆགས་དང་པོ་སད་པ་ལས་ནི། མིག་སོགས་ལྟར་སྣང་བ་འབྱུང་ལ། དེ་ནི་སྐྱེས་བུ་སོ་སོའི་རྒྱུད་དང་འབྲེལ་བའི་ཕྱིར་ཐུན་མོང་མིན་པ་ཞེས་བྱའོ། །བག་ཆགས་གཉིས་པ་སད་པ་ལས་ནི་གཟུགས་སོགས་སུ་སྣང་བ་འབྱུང་ལ། དེ་ལ་རང་གཞན་གཉིས་ཀས་ཐུན་མོང་དུ་མཐོང་བའི་ཐ་སྙད་བྱེད་པའི་ཕྱིར་ཐུན་མོང་བ་ཞེས་བྱའོ། །དེ་ལ་ཀུན་གཞི་ནི། དེ་མ་ཐག་རྐྱེན་ཡིན་ལ། དབང་པོར་སྣང་བ་ནི་བདག་རྐྱེན། གཟུགས་སུ་སྣང་བ་ནི་དམིགས་རྐྱེན་ནོ། །དེ་ཡང་ཐ་སྙད་པའི་རྣམ་བཞག་ཡིན་གྱི། དོན་ལ་ཀུན་གཞི་ལས་ཐ་དད་དུ་མི་བཞེད་དོ། །བདག་རྐྱེན་ནི་དབང་པོའི་བག་ཆགས་ཡོངས་སུ་སྨིན་པ་ལས་དབང་པོར་སྣང་བ་སྟེ། དོན་སྣང་གི་བག་ཆགས་སྨིན་པ་ལས་དོན་དུ་སྣང་བ་ཉིད་དམིགས་རྐྱེན་དུ་འཇོག་པ་བཞིན་ནོ། །དམིགས་པ་བརྟགས་པ་ལས། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །དེ་ཡང་རྣམ་རིག་ལ་མི་འགལ། །ཞེས་གསུངས་སོ། །འདི་ལྟར་ན། དབང་པོའི་བག་ཆགས་ལ་འདོད་པར་མངོན་ཏེ། དབང་པོའི་ནུས་པའི་ངོ་བོ་ལ་དབང་པོར་བཤད་ཅིང༌། ནུས་པ་བག་ཆགས་སུ་འཇོག་པའི་ཕྱིར། ཕྱོགས་ཀྱི་གླང་པོས། ནུས་པ་བག་ཆགས་ཡིན་པར་འདོད། །ཅེས་གསུངས་པ་ལྟར་རོ། །འོན་ཀྱང་དབང་པོའི་བག་ཆགས་ཡོངས་སུ་སྨིན་པས་དབང་པོར་སྣང་བ་ལ་དགོངས་པ་འཆད་དགོས་སོ། །འཇུག་པ་ལས། རྣམ་རིག་པའི་འདོད་པ་སྟོན་པ་ན། རང་གི་རྣམ་ཤེས་རྟེན་གྱི་ནུས་དེ་ལ། །དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་སྔོ་སེར་སོགས་སྣ་ཚོགས་པའི་རྣམ་པ་ཅན་དུ་སྐྱེ་བས་འདི་དག་བག་ཆགས་གང་གི་མཐུ་ལས་བྱུང་ཞེ་ན། ཤེས་པ་སྔ་མ་ལ་རང་རང་གི་རིགས་མཐུན་གྱི་ཤེས་པས་བག་ཆགས་བཞག་པའི་མཐུ་ལས་སྐྱེ་བ་ཡིན་ཏེ། བག་ཆགས་ཀྱི་མཐུ་ལས་སྣང་བའི་ཕྱིར་དང༌། བག་ཆགས་དེ་ཡང་རང་རང་གི་རྣམ་ཤེས་སྔ་མས་རྣམ་ཤེས་ཕྱི་མ་རང་གི་རིགས་མཐུན་སྐྱེད་བྱེད་དུ་བྱས་པ་ལ་འདོད་པའི་ཕྱིར། རྣམ་ཤེས་སྔ་མས་བགོས་པ་ཡི། །ནུས་པ་བག་ཆགས་ཡིན་པར་འདོད། །ཅེས་པ་ལྟར་རོ། །བག་ཆགས་དེ་དག་གང་ལ་གནས་ཞེ་ན། ཀུན་གཞི་འདོད་པ་ལྟར་ན་ཀུན་གཞིའི་རྣམ་ཤེས་ལ་གནས་ཤིང༌། མི་འདོད་པ་ལྟར་ན་ཡིད་ཤེས་ལ་གནས་སོ། །དེས་ན་ཡིད་ཤེས་ལ་བག་ཆགས་སྣ་ཚོགས་སྣང་བ་རྐྱེན་གྱིས་སད་པ་ན། བག་ཆགས་འཇོག་བྱེད་དང་མཐུན་པ་དེ་དང་དེར་སྣང་ངོ༌། །དེ་མ་ཐག་རྐྱེན་ནི་མདོ་སྡེ་པ་དང་མཐུན་ནོ། །དེ་ལ་མྱོང་རིག་ཙམ་གྱི་རྒྱུན་ནི་སངས་རྒྱས་ཀྱི་ས་ཡི་བར་དུ་རྗེས་སུ་འགྲོ་ལ། ཤེས་པ་ལ་ཐ་དད་དུ་སྣང་བའི་གཟུང་རྣམ་ཤེས་པ་ལས་ཐ་དད་དུ་སྣང་ཆ་ནི་ལྡོག་ཏེ། གཟུང་འཛིན་ཐ་དད་སྣང་བ་མི་མངའ་བའི་ཕྱིར་རོ། །གཉིས་པ་གཞུང་དོན་ལ། དབང་པོའི་མངོན་སུམ་གྱི་མཚན་ཉིད་དང༌། སྒྲུབ་བྱེད་དང༌། སྒྲ་དོན་བཤད་པའོ། །དང་པོ་ལ་བོད་འགའ་ཞིག དབང་པོའི་མངོན་སུམ་དང༌། དབང་པོའི་མངོན་སུམ་ཚད་མ་ཐ་དད་དུ་ཕྱེ་ནས་མཚན་ཉིད་སོ་སོར་འཇོག་པ་འཁྲུལ་ཏེ། དགག་པ་བཤད་ཟིན་ཏོ། །རང་ལུགས་ནི། དབང་ཤེས་ཙམ་གྱི་མཚན་ཉིད། དབང་པོ་གཟུགས་ཅན་གྱིས་དངོས་ཀྱི་བདག་རྐྱེན་བྱས་པའི་རིག་པའོ། །དབང་པོའི་མངོན་སུམ་གྱི་མཚན་ཉིད། དབང་པོ་གཟུགས་ཅན་གྱི་དངོས་ཀྱི་བདག་རྐྱེན་བྱས་པའི་ཤེས་པ་མ་འཁྲུལ་བའོ། །དབང་པོ་ནི། རང་འབྲས་ཤེས་པ་ཐུན་མོང་མིན་པ་ཡུལ་འཛིན་ནུས་སུ་སྐྱེད་པ་སྟེ། ངོ་བོ་ལྐོག་གྱུར་རོ། །གཉིས་པ་ནི། གང་ལས་སྒྲུབ་ཅེ་ན། རྐྱེན་གཞན་གཉིས་ཚང་ཡང་དབང་པོ་མ་ཚང་ན་མི་སྐྱེ་ལ། རྐྱེན་གསུམ་ཚང་ན། སྐྱེ་བའི་རྗེས་སུ་འགྲོ་ལྡོག་ངེས་པའི་རྟགས་ལས་སྒྲུབ་བོ། །དབང་པོའི་མངོན་སུམ་ཆོས་ཅན། རྟོག་མེད་དུ་གྲུབ་ཏེ། རང་ཡུལ་མ་འདྲེས་པར་གསལ་བར་སྣང་བའི་ཕྱིར། འཁྲུལ་པ་མེད་དེ། རྟོག་མེད་འཁྲུལ་རྒྱུས་མ་སླད་ཅིང་དོན་རང་མཚན་གསལ་བར་སྣང་བའི་ཕྱིར། གསུམ་པ་ནི། རྐྱེན་གསུམ་ལས་སྐྱེས་པར་འདྲ་ན་ཅིའི་ཕྱིར་དབང་ཤེས་ཞེས་དབང་པོ་ཁོ་ནའི་སྒོ་ནས་མིང་འདོགས་ཞེ་ན། དབང་པོ་ནི་ཐུན་མོང་མིན་པའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་རྔ་སྒྲ་ཞེས་ཐ་སྙད་བཏགས་པ་བཞིན་ནོ། །ཀུན་ལས་བཏུས་ལས། ཐུན་མོང་མིན་པ་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་སོ། །གཉིས་པ་ཡིད་ཀྱི་མངོན་སུམ་ལ་སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད་ནི། ཡིད་དབང་ལ་རྟེན་པའི་ཡིད་ཤེས་གང་ཞིག རྟོག་བྲལ་མ་འཁྲུལ་བའོ། །འདི་ལ་བདག་རྐྱེན་ངོས་བཟུང་བ་དང༌། སྐྱེ་ཚུལ་དང༌། སྒྲུབ་བྱེད་ཀྱི་རིགས་པ་དང་གསུམ་མོ། །དང་པོ་ལ་བདག་རྐྱེན་ནི་ཡིད་དབང་སྟེ། ཆོས་མངོན་པ་བ་ལྟར་ན། རྣམ་པར་ཤེས་པ་དྲུག་པོ་གང་ཡང་རུང་བ་འདས་མ་ཐག་པ་དེ་ཉིད་ཡིན་ལ། ད་ལྟར་བའི་དུས་ནི་རྣམ་པར་ཤེས་པ་ཞེས་བྱའོ། །འདས་པ་ཡིན་ན་ཇི་ལྟར་རྐྱེན་དུ་བརྗོད་ཅེ་ན། རང་མ་འགག་པ་དེ་སྲིད་དུ་ཤེས་པ་ཕྱི་མ་སྐྱེ་བའི་གོ་མ་ཕྱེ་ལ། རང་འགགས་པ་ན་གོ་ཕྱེ་བའི་ཕྱིར་རྐྱེན་དུ་བརྗོད་དེ། ནམ་མཁའ་ལ་གོ་འབྱེད་ཀྱི་རྒྱུ་བྱེད་པ་བཞིན་ནོ། །མཛོད་ལས། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་པ་དང༌། ཀུན་ལས་བཏུས་པ་ལས། འགགས་མ་ཐག་པ་གང་ཡིན་པ་དེ་ཡིད་དོ་ཞེས་སོ། །དྲུག་པོ་ཞེས་པའི་སྒྲས་ནི་དྲུག་ཀའི་སྟེང་ན་ཡོད་པར་བསྟན་ཏོ། རྐྱེན་བྱེད་ཚུལ་ལ། རྣམ་ཤེས་རེ་རེ་ཁོ་ན་སྐྱེ་བར་འདོད་པ་དང༌། རྣམ་ཤེས་དྲུག་གཅིག་ཅར་དུ་སྐྱེ་བར་འདོད་པའི་ལུགས་གཉིས་ལས། དང་པོ་ལྟར་ན་རྣམ་ཤེས་གཉིས་གཅིག་ཅར་མི་སྐྱེ་བས་མཇུག་ཐོགས་སུ་རེས་འགའ་རིགས་མཐུན་དང༌། རེས་འགའ་རིགས་མི་མཐུན་ཡང་འབྱུང་བ་ཡིན་པའི་ཕྱིར་རིགས་མཐུན་རིགས་མི་མཐུན་སྔར་གྱི་བདག་རྐྱེན་བྱེད་དོ། །གཉིས་པ་ལྟར་ན་རིགས་མཐུན་ཁོ་ནའི་བྱེད་ཀྱི་རིགས་མི་མཐུན་གྱི་མིན་ཏེ། རིགས་མི་མཐུན་གཞན་སྐྱེ་བ་ན་རང་འགགས་སྟོབས་ཀྱིས་གོ་ཕྱེ་བ་མིན་པའི་ཕྱིར་ཏེ། རྣམ་ཤེས་དུ་མ་གཅིག་ཆར་སྐྱེ་བ་ལ་འགལ་བ་མེད་པའི་ཕྱིར། ཡང་ན་ཡིད་ཤེས་དང་ད་ལྟར་བ་ཉིད་ཡིད་དབང་ཡིན་ཏེ། ཡིད་ཀྱི་རྣམ་ཤེས་མ་འོངས་པའི་རྟེན་བྱེད་པའི་ཕྱིར་རོ། །དཔེར་ན་མིག་དབང་ད་ལྟར་བས་མིག་ཤེས་མ་འོངས་པའི་རྟེན་བྱེད་པ་བཞིན་ནོ། །འོ་ན་ཡིད་ཀྱི་རྣམ་ཤེས་དང་ཡིད་དབང་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ད་ལྟར་བའི་ལྡོག་པ་ནས་རྣམ་ཤེས་དང༌། ཕྱི་མའི་རྟེན་བྱེད་པའི་ལྡོག་པ་ནས་བདག་རྐྱེན་དུ་འཇོག་པའི་ཕྱིར། བདག་རྐྱེན་གྱིས་འབྲས་བུ་ལ་ཕན་འདོགས་པའི་བྱ་བ་བྱེད་པར་འདོད་ན་འདི་ཁོ་ན་ལྟར་ཡིན་ཏེ། ད་ལྟར་བས་བྱ་བ་བྱེད་ཀྱི་འདས་པས་བྱེད་མི་སྲིད་པའི་ཕྱིར། ཆོས་ཀྱི་གྲགས་པའི་དགོངས་པ་ཕྱི་མ་འདི་བཟུང་ངོ༌། །གཉིས་པ་སྐྱེ་ཚུལ་ལ། སྤེལ་མ་དང༌། རྒྱུན་མཐའ་དང༌། འགྲོས་གསུམ་པའི་ལུགས་གསུམ་མོ། །དང་པོ་ནི་ཐོག་མར་དབང་མངོན་གཅིག་སྐྱེས་ནས། འཇུག་ཐོགས་སུ་དབང་མངོན་དང་ཡིད་མངོན་དང༌། ཡིད་མངོན་རེ་སྤེལ་ནས་འཇུག་ཡིད་མངོན་གྱིས་བསྡུས་ཞེས་ཟེར་རོ། །གཉིས་པ་ནི། དབང་པོ་གཟུགས་ལ་ཕྱོགས་པ་ན་གཟུགས་གསལ་བར་སྣང་བཞིན་པའི་ཤེས་པ་གང་ཡིན་པ་འདི་དབང་ཤེས་ལས་གཞན་དུ་མི་འཐད་པས་དབང་ཤེས་ཀྱི་རྒྱུན་རྫོགས་པའི་འཇུག་ཐོགས་སུ་སྐད་ཅིག་མ་གཅིག་འབྱུང་བར་བཞེད་དོ། །གསུམ་པ་ནི། དང་པོར་དབང་སྔོན་སྐད་ཅིག་མ་གཅིག་སྐྱེས་ནས། སྐད་ཅིག་གཉིས་པ་ལ་དེས་དེ་མ་ཐག་རྐྱེན་དང༌། དེའི་གཟུང་དོན་གྱི་རིགས་འདྲ་ཕྱི་མས་དམིགས་རྐྱེན་བྱས་ནས་དབང་སྔོན་སྐད་ཅིག་གཉིས་པ་དང༌། ཡིད་མངོན་སྐད་ཅིག་དང་པོ་གཉིས་དུས་མཉམ་དུ་སྐྱེའོ་ཞེས་གསུངས་སོ། །འདི་འགྲོས་གསུམ་པ་ཞེས་བྱ་སྟེ། ཕྱི་ལྟས་དོན་རིག་གི་འགྲོས་གཉིས་དང༌། ནང་ལྟས་རང་རིག་གི་འགྲོས་གཅིག་དུ་གནས་པའི་ཕྱིར། འོ་ན་ནང་ལྟ་ལ་ཡང༌། མངོན་སུམ་གཉིས་པོ་ཉམས་སུ་མྱོང་བའི་རང་རིག་གཉིས་ཡོད་པའི་དབྱེ་བས་འགྲོས་བཞིར་འགྱུར་རོ་ཞེ་ན། རྫས་དང་སྐད་ཅིག་གི་སྒོ་ནས་ཕྱེ་བ་མིན་གྱི། རིགས་ཀྱི་སྒོ་ནས་ཕྱེ་བ་ཡིན་པས་ནང་ལྟས་ལ་རྫས་དང་སྐད་ཅིག་མ་ཇི་སྙེད་ཡོད་ཀྱང་རང་རིག་ཏུ་གཅིག་པའི་ཕྱིར་ཏེ། རང་རིག་གི་ལྡོག་པ་ལས་ནི་རིགས་ཐ་དད་དུ་བྱར་མེད་པའི་ཕྱིར། དཔེར་ན་མངོན་སུམ་གཞན་གསུམ་ལ་རང་རིག་མངོན་སུམ་རེ་ཡོད་ཀྱང༌། ལོགས་སུ་མི་བགྲང་བར་མངོན་སུམ་གཅིག་ཏུ་སྡུད་པའི་རིགས་པས་ཁ་ནང་ལྟས་ལ་རང་རིག་མངོན་སུམ་ཇི་སྙེད་ཅིག་ཡོད་ཀྱང་གཅིག་དུ་སྡུད་དོ། །འགྲོས་བཞི་པའི་ཐ་སྙད་འདོགས་དགོས་ཞེས་གསུངས་པས་ནི་གནད་འདི་མ་རྟོགས་སོ། །དེ་ལ་འདོད་ཚུལ་གསུམ་ལས་དང་པོ་མི་འཐད་དེ། མིག་གཟུགས་ལ་ཕྱོགས་ནས་གཟུགས་གསལ་བར་སྣང་བའི་ཤེས་པ་ཡོད་བཞིན་པའི་དུས་སུ། བར་སྐབས་སུ་མིག་གི་རྣམ་ཤེས་རྒྱུན་ཆད་པ་མི་རིགས་པའི་ཕྱིར་ཏེ། དབང་ཤེས་སྐད་ཅིག་མ་དང་པོ་རྐྱེན་གསུམ་ལྟར་སྐད་ཅིག་གཉིས་པ་ལ་ཡང་དེའི་རྐྱེན་གསུམ་ནུས་པ་མཐུ་ཅན་དུ་འགྱུར་བའི་ཕྱིར་རོ། །གཞན་ཡང་སྐད་ཅིག་དང་པོའི་རྗེས་སུ་དབང་མངོན་སྐྱེ་ལ། གཉིས་པའི་རྗེས་སུ་ཡིད་མངོན་ཁོ་ན་སྐྱེ་བའི་བྱེ་བྲག་མི་འཐད་པར་ཐལ། དེའི་རྒྱུའི་བྱེ་བྲག་མེད་པའི་ཕྱིར་ཏེ། འགལ་རྐྱེན་གྱི་གེགས་མེད་ཅིང་མཐུན་རྐྱེན་ཉེ་བར་གནས་པར་ཁྱད་པར་མེད་པའི་ཕྱིར། གཞན་ཡང་སྐད་ཅིག་གཉིས་པར་ཡིད་མངོན་ཁོ་ན་སྐྱེ་བར་འདོད་ན། ཁོ་བོས་དབང་མངོན་ཁོ་ན་སྐྱེ་ཞེས་བརྗོད་ན་གང་གིས་འགོག་པར་བྱེད། སྐད་ཅིག་གཉིས་པར་ཡིད་མངོན་ཁོ་ནའི་རྒྱུ་རྐྱེན་ཉེ་བར་གནས་པའི་ཕྱིར་ཞེ་ན། དབང་མངོན་གྱི་རྒྱུ་རྐྱེན་གནས་པའི་རྒྱུ་མཚན་བརྗོད་ཟིན་ཏོ། །ཕྱོགས་གཉིས་པ་སྨྲ་བ་ལྟར་ན་ཡང༌། མར་མེའི་སྐད་ཅིག་ཐ་མ་འཛིན་པའི་དབང་མངོན་གྱི་རྗེས་ཐོགས་ཀྱི་ཡིད་མངོན་ལ་དམིགས་རྐྱེན་མེད་པར་ཐལ། མར་མེའི་སྐད་ཅིག་ཐ་མ་ལས་གཞན་པའི་དམིགས་རྐྱེན་མེད་ཅིང༌། དེ་ནི་དབང་མངོན་གྱི་དུས་སུ་འགགས་ཟིན་པའི་ཕྱིར། ཚུལ་འདིས་ནི་རྒྱུ་རྐྱེན་འགག་ཁ་མ་འཛིན་པའི་ཤེས་པ་ཐམས་ཅད་ཀྱི་འཇུག་ཐོགས་སུ་ཡིད་མངོན་མེད་པར་ཁས་ལེན་དགོས་སོ། །གཞན་ཡང༌། དབང་མངོན་སྐད་ཅིག་ཕྱི་མ་རྣམས་ཀྱི་དུས་སུ་རྐྱེན་གསུམ་ཚང་བཞིན་དུ་ཡིད་མངོན་མི་སྐྱེ་བའི་རྒྱུ་མཚན་འདྲི་བར་བྱའོ། །དབང་ཤེས་ཀྱིས་ཡིད་ཤེས་སྐྱེ་བའི་གོ་འགེགས་པ་ཡིན་ནོ་ཞེ་ན། འོ་ན་དབང་མངོན་སྐད་ཅིག་མ་གཉིས་པ་དང་སྐད་ཅིག་དང་པོས་དྲངས་པའི་ངེས་ཤེས་གཉིས་སྐད་ཅིག་དུ་མ་སྐྱེ་བར་ཐལ། དབང་མངོན་གྱིས་རང་དུས་སུ་ཡིད་མངོན་སྐྱེ་བའི་གོ་འགེགས་པའི་ཕྱིར། འདོད་ན་དབང་ཤེས་སྐད་ཅིག་མ་དང་པོ་བླང་དོར་སྟོན་བྱེད་ཀྱི་ཚད་མ་ཉིད་དུ་མི་འགྱུར་བར་ཐལ་ལོ། །དབང་མངོན་སྐད་ཅིག་མ་གཉིས་པ་དང་གསུམ་པ་སོགས་ལའང་ཚུལ་དེ་བཞིན་དུ་བརྗོད། གཞན་ཡང༌། དབང་པོའི་མངོན་སུམ་དང་ངེས་ཤེས་ལྷན་ཅིག་ཏུ་འཇུག་པ་མི་སྲིད་པར་ཐལ་ལོ། །འདོད་ན་དབང་ཤེས་ཀྱི་རྒྱུན་འཇུག་བཞིན་པའི་དུས་སུ་རང་ཡུལ་ངེས་པ་མི་སྲིད་པར་ཐལ་ལོ། །མཐོང་རྟོག་གཅིག་ཏུ་འཁྲུལ་བའི་འཁྲུལ་གཞི་མེད་པར་ཐལ་ལོ། །གལ་ཏེ་ཡིད་ཤེས་རྟོག་པ་དང་ལྷན་ཅིག་དུ་འཇུག་ཀྱང་རྟོག་མེད་དང་ལྷན་ཅིག་དུ་མི་འཇུག་གོ་ཞེ་ན། འོ་ན་རྟོག་པ་དང་ཡང་ལྷན་ཅིག་ཏུ་མི་འཇུག་པར་ཐལ་ལོ། །ཅིའི་ཕྱིར་ཞེ་ན། རྟོག་མེད་དང་ཡང་ལྷན་ཅིག་ཏུ་མི་འཇུག་པའི་ཕྱིར་ཞེས་བྱའོ། །གཞན་ཡང་རྟོག་མེད་དང་ལྷན་ཅིག་དུ་འཇུག་པ་སྲིད་པར་ཐལ། དབང་ཤེས་དང་ཡིད་ཤེས་ལྷན་ཅིག་དུ་འཇུག་པ་སྲིད་པ་གང་ཞིག རྟོག་བཅས་དང་ལྷན་ཅིག་སྐྱེ་ལ་རྟོག་མེད་དང་ལྷན་ཅིག་མི་སྐྱེ་བའི་བྱེ་བྲག་མེད་པའི་ཕྱིར་དང༌། ཡིད་ཤེས་རྟོག་མེད་ཀྱང་ཁས་ལེན་དགོས་པའི་ཕྱིར། གཞན་ཡང༌། དབང་ཤེས་ཀྱི་གཟུགས་མཐོང་བཞིན་པའི་དུས་སུ་ནང་དུ་རྟོག་མེད་དང་ཡང་ལྷན་ཅིག་དུ་འཇུག་པ་སྲིད་པར་ཐལ། དབང་ཤེས་དང་ཡིད་ཤེས་རྟོག་མེད་ལྷན་ཅིག་དུ་སྐྱེ་བ་སྲིད་པའི་ཕྱིར། ཐམས་ཅད་ལས་ནི་སེམས་བསྡུས་ནས། ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཞེས་གསུངས་སོ། །གཞན་ཡང༌། རྟོག་མེད་ལ་མཉམ་པར་བཞག་དུས་ཀྱི་དབང་མངོན་མི་སྲིད་པར་ཐལ། ཡིད་ཤེས་རྟོག་མེད་དང་དབང་ཤེས་ལྷན་ཅིག་དུ་སྐྱེ་མི་སྲིད་པའི་ཕྱིར་རོ། །ཚུལ་འདིས་ནི་སྤེལ་མར་འདོད་པའང་དགག་པ་བཤད་དེ། གཉིས་པོ་ལྷན་ཅིག་དུ་མི་སྐྱེ་བར་འདོད་པའི་ཕྱིར་རོ། །གལ་ཏེ་འགྲོས་གསུམ་པར་འདོད་པ་ལྟར་ན་ཡང༌། དབང་ཤེས་ལྔ་ལྷན་ཅིག་དུ་སྐྱེས་པའི་ཚེ་འཇུག་ཐོགས་སུ་ཡིད་ཀྱི་མངོན་སུམ་ལྔ་སྐྱེད་དགོས་ཏེ། རེ་རེའི་འཇུག་ཐོགས་སུ་ཡིད་ཀྱི་མངོན་སུམ་རེ་སྐྱེ་དགོས་པའི་ཕྱིར། འདོད་ན་གང་ཟག་གཅིག་གི་རྒྱུད་ལ་ཡིད་ཀྱི་རྣམ་ཤེས་ལྔ་ཡོད་པས་རྒྱུད་དུ་མ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། འོ་ན་སྤེལ་མ་དང་རྒྱུན་མཐར་སྨྲ་བ་ལ་ཡང་དབང་ཤེས་ལྔ་ལྷན་ཅིག་དུ་སྐྱེས་པའི་ཚེ་འཇུག་ཐོགས་སུ་སྤེལ་བ་ལྔ་དང༌། རྒྱུན་མཐའ་ལྔ་སྐྱེ་དགོས་པས་རྒྱུད་དུ་མར་ཐལ་བ་ཉིད་དུ་འགྱུར་རོ། །གལ་ཏེ་གང་རུང་གཅིག་གི་འཇུག་ཐོགས་སུ་སྐྱེ་ཡི། ཐམས་ཅད་ཀྱི་འཇུག་ཐོགས་སུ་སྐྱེ་བར་མི་འདོད་པས་ཉེས་པ་མེད་ཅེ་ན། ཁོ་བོ་ཡང་དེ་ཉིད་དུ་སྨྲ་ན་གང་གིས་འགོག གལ་ཏེ་སྐྱེ་བ་སྲིད་པ་ཙམ་ཡིན་གྱི། སྐྱེ་ངེས་སུ་མི་འདོད་པས་ཉེས་པ་མེད་ཅེ་ན། ཁོ་བོ་ཡང་དེ་སྐད་དུ་སྨྲའོ། །གཞན་ཡང༌། གཞན་དག་གིས་འཇུག་ཐོགས་སུ་སྐྱེ་བར་འདོད་པས་སྐྱེ་ངེས་སུ་ཁས་ལེན་དགོས་ལ། ཁྱོད་ཀྱིས་སྐྱེ་བར་འདོད་ཀྱང་སྐྱེ་ངེས་སུ་མི་འདོད་དགོས་པའི་ཁྱད་པར་གང་ལས་རྙེད་པར་འགྱུར། རིགས་པས་ཕོངས་པའི་དགག་སྒྲུབ་ལ་སྙིང་པོ་མེད་དོ། །དེས་ན་དབང་ཤེས་ལྔ་ཅིག་ཅར་དུ་སྐྱེས་པའི་ཚེ་ན་ཡིད་ཀྱི་མངོན་སུམ་སྐྱེ་བར་མི་འདོད་དེ། ཡིད་ལ་བྱེད་པའི་རྐྱེན་གྱི་རྣམ་པ་ཤིན་ཏུ་གསལ་བ་མེད་པའི་ཕྱིར་རོ། །འགྲོས་གསུམ་པ་དང་ལྔ་དང་བདུན་དུ་འདོད་པ་སོགས་ལའང་སྐྱེ་བར་ངེས་པ་ཅན་དུ་སྨྲ་བ་ནི་མ་ཡིན་ནོ། །གལ་ཏེ་དབང་ཤེས་ལྔའི་འཇུག་ཐོགས་སུ་སྐྱེ་ངེས་སུ་འདོད་པ་ལྟར་ན། དབང་ཤེས་ཀྱི་གྲངས་བཞིན་སྐྱེའམ། གཅིག་ཁོ་ན་སྐྱེ། དང་པོ་ལྟར་ན། རྒྱུ་དུ་མར་འགྱུར་ལ། གཉིས་པ་ལྟར་ན་ལྔ་པོ་གང་གི་འཇུག་ཐོགས་སུ་སྐྱེ་བ་བརྟགས་པ་ན་མི་འཐད་དོ་ཞེས་བརྗོད་ན་ཉེས་པ་གང་གིས་སྤོང༌། གལ་ཏེ་རྟོག་གེའི་སྐད་ལས་དུས་ཐུང་བར་འཇུག་པ་ཉིད་ཀྱིས་སོ་སོ་སྐྱེ་བོ་རྣམས་ཀྱིས་མཚོན་པར་དཀའ་ཞེས་པ་འདིའི་དོན་ཅི་ཞེ་ན། སོ་སོ་སྐྱེ་བོ་རྣམས་ནི་ཡིད་རྣམ་པར་རྟོག་པའི་རླུང་གིས་རང་དབང་མེད་པར་རབ་ཏུ་སྐྱོད་པའི་ཕྱིར་རྟོག་མེད་ལ་ཡུན་རིང་དུ་གནས་མི་ནུས་པས་དུས་ཐུང་བར་བསྟན་པ་ཡིན་ལ། ཡིད་མངོན་ལ་རྒྱུན་མེད་ཅེས་པ་ཡང་དོན་འདི་ལ་དགོངས་སོ། །གལ་ཏེ་རྒྱུན་ཡོད་པར་ཐལ། སྐད་ཅིག་དུ་མ་རིམ་གྱིས་སྐྱེ་བའི་ཕྱིར་རོ་ཞེ་ན། འོ་ན་སྒྲ་ལ་ཡང་རྒྱུན་ཡོད་པར་ཐལ། སྐད་ཅིག་དུ་མ་རིམ་གྱིས་སྐྱེ་བའི་ཕྱིར་རོ། །གཞན་ཡང་ཡིད་དུ་མ་སྐྱེ་བས་རྒྱུད་དུ་མར་ཐལ་བར་འགྱུར་ན། འོ་ན་རྒྱུད་དུ་མར་ཐལ། དབང་ཤེས་དུ་མ་དུས་གཅིག་ཏུ་སྐྱེ་བའི་ཕྱིར་ཞེས་བརྗོད་ན། སྐྱོན་གང་གིས་སྤོང༌། གལ་ཏེ་རྒྱུད་དུ་མར་མི་འགྱུར་ཏེ། དབང་པོ་གཟུགས་ཅན་ལས་སྐྱེ་བའི་ཆ་ནས་དབང་མངོན་དང༌། ཡིད་དབང་ལས་སྐྱེས་པའི་ཆ་ནས་ཡིད་མངོན་དུ་འཇོག་གོ་ཞེ་ན། འོ་ན་ཟླ་བ་གཉིས་འཛིན་གྱི་དབང་ཤེས་སྐད་ཅིག་མ་གཉིས་པ་ཆོས་ཅན། ཡིད་ཤེས་དུ་ཐལ། བདག་རྐྱེན་ཡིད་དབང་ལས་སྐྱེས་པའི་ཕྱིར། འདོད་ན། ཡིད་ཤེས་ཡིན་པ་བཀག་ནས་དབང་ཤེས་སུ་སྒྲུབ་པ་དོན་མེད་པར་ཐལ་ལོ། །གཞན་ཡང་མིག་དབང་ཟླ་བ་གཉིས་སྣང་གི་རྒྱུར་གསུངས་པའི་ལུང་དྲངས་ནས། ཟླ་བ་གཉིས་སྣང་ཡིད་ཤེས་འཁྲུལ་པར་འདོད་པ་ལ་གནོད་བྱེད་དུ་བརྗོད་པ་ཡང་མི་འཐད་པར་ཐལ་ལོ། །དེ་ཡང་ཡིད་ཀྱི་ཞེས་ཁ་ཅིག སྔོ་དང་ཟླ་གཉིས་ལ་སོགས་བློའི། །དབང་པོའང་རྒྱུ་ཡིན་ཞེས་བྱ་བའི། །གཞུང་དེ་དང་ནི་དེ་དག་འགལ། །ཅེས་གསུངས་པ་ལྟར་རོ། །དབང་པོའི་རྣམ་པར་འགྱུར་བ་ལྡོག་ཀྱང་མི་ལྡོག་པར་ཐལ། ཡིད་ཤེས་འཁྲུལ་པ་ཡིན་པའི་ཕྱིར། ཐག་ཁྲ་ལ་སྦྲུལ་འཛིན་བཞིན་ནོ། །དབང་ཤེས་སྐད་ཅིག་མ་གཉིས་པ་སོགས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་ཡང་ཆོས་ཅན། སེམས་ཚོར་དུ་ཐལ། ཡིད་ཤེས་འཁོར་གྱི་ཚོར་བ་ཡིན་པའི་ཕྱིར། དབང་ཤེས་ལྔ་གཅིག་ཆར་དུ་སྐྱེས་པ་ན། ཕྱིས་རྐྱེན་གང་ཆེ་བ་རེའི་འཇུག་ཐོག་སུ་སྐྱེ་བ་ཡིན་ནོ། །ཡིད་མངོན་དབང་མངོན་གྱི་སྐད་ཅིག་མ་གཉིས་པར་སྐྱེ་བ་མི་འཐད་པར་ཐལ། དབང་ཤེས་སྐད་ཅིག་གཉིས་པ་དང་རྒྱུ་རྐྱེན་འཚོགས་པར་མཚུངས་པའི་ཕྱིར། གཞན་དུ་ན་མཐའ་མར་མི་སྐྱེ་སྟེ། རྒྱུ་དེ་ལས་ལྷག་པོ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་གཉིས་པོ་ཤེས་པ་རིགས་གཅིག་ཏུ་ཐལ། དམིགས་རྐྱེན་དང་དེ་མ་ཐག་རྐྱེན་གཅིག་ལས་སྐྱེ་བའི་ཕྱིར་རོ་ཞེ་ན། དབང་མངོན་དང༌། དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཡང་རིགས་གཅིག་ཏུ་ཐལ། ཉེར་ལེན་གཅིག་ལས་སྐྱེ་བའི་ཕྱིར། འདོད་ན། ཁོ་བོས་ཀྱང་འདོད་པར་ནུས་སོ། །དེས་ན་གཉིས་ཀ་ཡང་དབང་ཤེས་ཀྱིས་དེ་མ་ཐག་རྐྱེན་བྱས་པ་ལས་སྐྱེ་བར་མཚུངས་ཀྱང༌། བདག་རྐྱེན་མི་འདྲ་ཞིང་ཡིད་མངོན་ནི་དབང་མངོན་མ་ཡིན་པའི་ཡིད་ཤེས་སྔ་མའི་ཉེར་ལེན་ལས་ཀྱང་སྐྱེ་བའི་ཕྱིར་རོ། །དབྱེར་མེད་དུ་ཐལ་བའི་ཉེས་པ་མེད་དེ། རྒྱན་ལས། གོམས་པས་མདུན་ན་གནས་པ་ལ། འདི་འོ་ཞེས་སོགས་བློ་འབྱུང་བ། །མངོན་དུ་བྱེད་པའི་ཕྱིར་དེ་ནི། །ཡིད་ཀྱི་མངོན་སུམ་ཡིན་པར་འདོད། །ཅེས་པ་ལྟར་ན་གོམས་པའི་དབང་གིས་དོན་མངོན་སུམ་དུ་བྱེད་པའི་ཡིད་ལ་བྱེད་པར་མངོན་ནོ། །གསུམ་པ་སྒྲུབ་བྱེད་ལ་འགའ་ཞིག གྲུབ་མཐའ་ལ་གྲགས་པས་ཚད་མའི་དབྱེ་བར་བཀོད་ཀྱི། སྒྲུབ་བྱེད་ཚད་མ་ལས་བསྩལ་བར་བྱ་བ་ནི་མིན་ནོ་ཞེས་གསུངས་པའི་རྗེས་སུ་འབྲངས་ནས། བོད་རྒན་ཐམས་ཅད་འདི་ལས་བཤད་པ་ཙམ་ཡིན་གྱི་ཚད་མས་མ་གྲུབ་བོ་ཞེས་ཟེར་ལོ། ཡིད་ཀྱི་མངོན་སུམ་ཀྱི་དམིགས་རྐྱེན་དང༌། བདག་རྐྱེན་དང༌། དེ་མ་ཐག་རྐྱེན་རྣམས་ངོས་བཟུང་དུ་མེད་པར་ཐལ། ཁྱད་གཞི་ཚད་མས་མ་གྲུབ་པ་ལ་ཁྱད་ཆོས་རྣམ་པར་དཔྱད་དུ་མེད་པའི་ཕྱིར། རྒྱུན་མཐའ་ཁོ་ནར་སྐྱེ་བ་ཡང་མི་འཐད་པར་ཐལ། དེ་ལྟར་སྟོན་པའི་ལུང་མེད་པའི་ཕྱིར། རང་ལ་ལྐོག་ཏུ་གྱུར་པའི་བློ་ཡང་གྲུབ་པར་ཐལ། རང་རྒྱུད་ལ་ཡིད་ཀྱི་མངོན་སུམ་ཡོད་ཀྱང་ལྟར་མི་རུང་བའི་ཕྱིར་རོ། །གཉིས་པ་གཞུང་དོན་ལ། ངོ་བོ་ངོས་བཟུང༌། རང་བཞིན་གཏན་ལ་དབབ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཐུན་མོང་མིན་པའི་བདག་རྐྱེན་ཡིད་དབང་གིས་རྐྱེན་བྱས་པའི་ཡིད་ཀྱི་ཤེས་པ་མ་འཁྲུལ་བའོ། །གཉིས་པ་ལ། མཚན་གཞི་ངོས་བཟུང་བ་ལ། དབང་ཤེས་སྔ་མས་དེ་མ་ཐག་རྐྱེན་བྱས་ཤིང་དབང་ཤེས་སྔ་མའི་གཟུང་དོན་གྱི་རིགས་འདྲ་སྐད་ཅིག་མ་ཕྱི་མས་དམིགས་རྐྱེན་ཡིད་དབང་ལ་རྟེན་པའོ། །ཇི་ལྟར་སྐྱེ་བའི་ཚུལ་ལ། གལ་ཏེ་དབང་ཤེས་ལྔ་འགགས་པའི་རྗེས་སུ་ཡིད་ཀྱི་མངོན་སུམ་གཅིག་ལས་མི་སྐྱེ་ན་རྒྱུའི་ཁྱད་པར་གྱིས་འབྲས་བུའི་ཁྱད་པར་བྱས་པ་མིན་པར་འགྱུར་ལ། གལ་ཏེ་སྐྱེ་ན་རྒྱུད་དུ་མར་ཐལ་བར་འགྱུར་རོ་ཞེ་ན། ཡིད་ཀྱི་སྔ་ཕྱི་དུ་མར་སྐྱེ་ཡང༌། རྒྱུད་དུ་མར་ཐལ་བར་མི་འགྱུར་ཏེ། ཁ་ནང་ལྟའི་རང་རིག་གི་ཤེས་པའི་རྒྱུན་གཅིག་ལ་རྟེན་པའི་ཕྱིར། དཔེར་ན་དབང་ཤེས་དུ་མ་ཡོད་ཀྱང་རྒྱུད་དུ་མར་ཐལ་བར་མི་འགྱུར་བ་བཞིན། ཡང་དབང་ཤེས་དུ་མ་གཅིག་ཅར་སྐྱེ་ཡང་རྒྱུད་དུ་མར་མི་འགྱུར་བ་ཅི་ཡིན་ཞེས་དྲི་བར་བྱའོ། །ཡིད་ཀྱི་ཤེས་པའི་རྒྱུན་གཅིག་ལ་རྟེན་པའི་ཕྱིར་རོ་ཞེ་ན། འོ་ན་ཡིད་ཤེས་དུ་མ་གཅིག་ཅར་སྐྱེ་ཡང་རྒྱུད་དུ་མར་ཐལ་བར་མི་འགྱུར་ཏེ། ཀུན་གཞི་རྒྱུན་གཅིག་ལ་རྟེན་པའི་ཕྱིར་རོ་ཞེས་བརྗོད་ན་ལན་ཅི་ཡོད། ཡིད་ཀྱི་མངོན་སུམ་ཆོས་ཅན། ཚད་མ་ཡིན་ཏེ། འཁྲུལ་པ་མེད་པའི་ཤེས་པ་ཡིན་པའི་ཕྱིར། རང་སྟོབས་ཀྱི་ངེས་པ་འདྲེན་མི་ནུས་ཏེ། རྒྱུན་མེད་པའི་ཕྱིར་རོ། །དབང་ཤེས་ལ་རྒྱུན་ཡོད་དེ། བདག་རྐྱེན་རྒྱུན་བཅས་ཀྱིས་སྐྱེད་པའི་སྟོབས་ཀྱིས་རིགས་འདྲ་སྔ་མ་ལས་ཕྱི་མ་སྐྱེ་བར་འགྱུར་བའི་ཕྱིར། བདག་རྐྱེན་རྒྱུན་བཅས་ཡིན་ཏེ། དབང་པོ་གཟུགས་ཅན་སྔ་མ་ལས་ཕྱི་མ་སྐྱེ་བས་ནའོ། །ཡིད་དབང་སྔ་མ་ལས་ཡིད་དབང་ཕྱི་མ་སྐྱེ་བ་མིན་པའི་ཕྱིར་ཡིད་ཀྱི་མངོན་སུམ་གྱི་རྒྱུན་མེད་དོ། །ཡིད་ཀྱི་མངོན་སུམ་ལ་རྒྱུན་ཡོད་པར་ཐལ། སྐད་ཅིག་མ་དུ་མ་སྐྱེ་བའི་ཕྱིར་རོ་ཞེ་ན། འོ་ན་སྒྲ་ལ་ཡང་རྒྱུན་ཡོད་པར་ཐལ། སྐད་ཅིག་དུ་མ་སྐྱེ་བ་ཡིན་པའི་ཕྱིར་རོ། །རྟོག་གེའི་སྐད་ལས་ཀྱང་དུས་ཐུང་བར་འཇུག་པ་ཉིད་ཀྱི་ཕྱིར་ངེས་པར་དཀའོ་ཞེས་གསུངས་སོ། །རྩོད་པ་སྤང་བ་ནི། རྒྱན་མཛད་པས། དབང་མངོན་དང་ཡིད་མངོན་སྤེལ་མར་འདོད་པ་དང༌། ཆོས་མཆོག་གིས་དབང་ཤེས་ཀྱི་རྒྱུན་གྱི་ཐ་མར་སྐད་ཅིག་གཅིག་སྐྱེ་བར་བཞེད་པ་ཡང་མི་འཐད་དེ། གནོད་བྱེད་ཡོད་པའི་ཕྱིར་རོ། །གནོད་བྱེད་ནི་སྤྱི་དོན་དུ་བརྗོད་དུ་ཟིན་ནོ། །དེས་ན་དབང་ཤེས་སྔ་མས་ཉེར་ལེན་བྱས་ནས་དབང་ཤེས་ཕྱི་མ་སྐྱེ་ལ། དབང་ཤེས་དེས་ཡིད་མངོན་གྱི་དེ་མ་ཐག་རྐྱེན་བྱས་ནས་ཡིད་ཀྱི་མངོན་སུམ་སྐད་ཅིག་མ་དང་པོ་སྐྱེ་ལ། ཡིད་མངོན་ཇི་སྙེད་ཅིག་སྐྱེས་ཀྱང་ཤེས་པའི་རྒྱུན་གྱིས་རང་རིག་ཅིག་ལ་བརྟེན་པའི་ཕྱིར་རྒྱུད་དུ་མར་ཐལ་བའི་སྐྱོན་མེད་ཅེས་བརྗོད་ཟིན་ཏོ། །ངོ་བོའི་ཆ་གཟུང་རྣམ་དང་འཛིན་རྣམ་གཉིས་ལས་མ་གཏོགས་པའི་བར་འདིར་ཤེས་པ་གཞན་མ་དམིགས་པས་སོ། །ཡང་ན་དབང་པོ་ལ་བརྟེན་པའི་ཤེས་པ་གཅིག་ཉིད་གཟུང་བ་དང་འཛིན་པའི་ཚུལ་དུ་སྐྱེས་པ་ན་གཟུང་རྣམ་ཀྱི་ཆ་ལ་གཞན་རིག་དུ་བརྗོད་དེ། དོན་འདྲ་བར་སྐྱེས་པའི་བློ་ཡིན་པའི་ཕྱིར། རྣམ་པ་དེ་ཉིད་འཛིན་བྱེད་ནི་རང་གི་བདག་ཉིད་རྣམ་པ་རིག་བྱེད་དུ་སྐྱེས་པས་གཟུང་བའི་རྣམ་པ་འཛིན་པའི་ཆ་ནས་བློ་ལ་འཛིན་པར་བྱེད་པའི་བློ་ཡིན་པའི་ཕྱིར། དེ་ལ་རང་རིག་ཞེས་བརྗོད་དོ། །གལ་ཏེ་གཟུང་རྣམ་ལ་གཟུང་བའི་རྣམ་པ་གཞན་ཤར་རམ་མ་ཤར། དང་པོ་ལྟར་ན་ཐུག་མེད་དུ་ཐལ། གཉིས་པ་ལྟར་ན་ཡུལ་མ་རྟོགས་པར་ཐལ། རྣམ་པ་མ་ཤར་བའི་ཕྱིར་ཞེ་ན། དོན་དུ་སྣང་བ་དེས་ན་ཕྱིའི་ཡུལ་ལ་དབང་པོའི་མངོན་སུམ་དང་ཡིད་ཀྱི་མངོན་སུམ་གྱི་འགྲོས་གཉིས། ཁ་ནང་ལྟ་ལ་རང་རིག་གི་འགྲོས་གཅིག་ཏེ་འགྲོས་གསུམ་པའོ། །ཁ་ནང་ལྟ་ལ་རང་རིག་སྐད་ཅིག་གཉིས་ཡོད་ཀྱང་གཅིག་ཏུ་སྡུད་དེ། མངོན་སུམ་གཞན་གསུམ་ལའང་རང་རིག་མངོན་སུམ་རེ་ཡོད་ཀྱང་རང་རིག་མངོན་སུམ་གཅིག་ཏུ་སྡུད་པ་བཞིན། མུ་སྟེགས་རྣ་བ་མ་ཕུག་པས། ཡིད་ཀྱི་མངོན་སུམ་གྱིས་དབང་ཤེས་སྔ་མས་རྟོགས་ཟིན་འཛིན་ན་ཚད་མ་མིན་ལ། མ་བཟུང་བ་འཛིན་ན་ལོང་བ་སོགས་ཀྱིས་གཟུགས་མཐོང་བར་འགྱུར་ཏེ། ཡིད་ཡོད་པའི་ཕྱིར་རོ་ཞེ་ན། དབང་ཤེས་སྔ་མའི་ཡུལ་ལས་ཡུལ་གཞན་འཛིན་པ་ན་རྟོགས་ཟིན་ལ་འཇུག་པ་མིན་ལ། དབང་པོའི་ཤེས་པ་སྔ་མ་ལ་ལྟོས་པའི་ཕྱིར་ལོང་བས་གཟུགས་མཐོང་བར་ཐལ་བར་མི་འགྱུར་བས་ན་སྐྱོན་གཉིས་ཀ་མེད་དོ། །གསུམ་པ་རང་རིག་མངོན་སུམ་ལ་མཚན་ཉིད་ནི། རིག་པ་རང་གི་ངོ་བོ་འཛིན་རྣམ་གྱི་ཆ་ལ་མ་འཁྲུལ་བ་ཡིན་པར་མཁས་པ་རྣམས་བཞེད་དོ། །འདི་དག་གི་དོན་གཏན་ལ་དབབ་པ་ནི། རང་རིག་མངོན་སུམ་གྱི་མཚན་ཉིད་ནི། ཤེས་པ་རང་གི་བདག་ཉིད་འཇལ་བས་རབ་ཏུ་ཕྱེ་བའི་རྟོག་བྲལ་མ་འཁྲུལ་བའི་ཤེས་པའོ། །གལ་ཏེ་མིག་གི་དབང་པོའི་མངོན་སུམ་ཡང་རང་རིག་མངོན་སུམ་དུ་ཐལ། ཤེས་པ་རང་གི་ངོ་བོ་འཇལ་བའི་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། རང་གི་ངོ་བོ་འཇལ་བྱེད་ཡིན་ཡང༌། རང་གི་ངོ་བོ་འཇལ་བྱེད་ཀྱིས་རབ་ཏུ་ཕྱེ་བ་མིན་པས་ཁྱད་པར་ཡོད་དོ། །རང་རིག་མངོན་སུམ་དང་གཞན་རིག་ནི་འགལ་བ་ཡིན་ཏེ། རང་རིག་མངོན་སུམ་ནི་རང་གི་བདག་ཉིད་དུ་སྐྱེས་པའི་ཤེས་པ་ཁོ་ན་ལ་མངོན་པར་ཕྱོགས་ནས་དེ་འཇལ་བྱེད་དུ་སྐྱེས་པའི་ཕྱིར་དང༌། གཞན་རིག་ནི་ཁ་ཕྱི་རོལ་དུ་ཕྱོགས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །རང་རིག་དང་གཞན་རིག་མི་འགལ་ཏེ། དོན་སྣང་གི་ཤེས་པ་གཅིག་ཉིད་རང་གི་ངོ་བོ་དང༌། གཞན་གྱི་ངོ་བོ་གཉིས་ཀ་རིག་པར་སྐྱེ་བའི་ཕྱིར། དཔེར་ན་སྒྲོན་མེ་གཅིག་ཉིད་ཀྱིས་རང་གཞན་གཉིས་ཀ་གསལ་བ་བཞིན་ནོ། །རྟོག་པ་རྣམས་ཀྱང་རང་རིག་ཡིན་ཏེ། མདོ་ལས། རྟོག་པའང་རང་རིག་ཉིད་དུ་འདོད། །ཅེས་གསུངས་པ་ལྟར་རོ། །རང་རིག་མངོན་སུམ་ནི་མིན་ཏེ། རྟོག་བྲལ་མ་འཁྲུལ་བ་མིན་པའི་ཕྱིར། གང་ལ་རང་རིག་དུ་འགྱུར་བའི་ཡུལ་ནི་གཉིས་ཏེ། བློ་འཛིན་པའི་ངོ་བོ་དང༌། གཟུང་བ་ཡུལ་གྱི་རྣམ་པའི་ངོ་བོའོ། །དང་པོ་ནི། དཔེར་ན་མིག་ཤེས་གཟུགས་ཀྱི་རྣམ་པ་ཅན་དུ་སྐྱེས་པའི་ཚེ་ན་མིག་ཤེས་ཉིད་རང་རིག་གི་ཡུལ་དུ་གྱུར་པ་ལྟ་བུ་སྟེ། བློ་ལ་འཛིན་པར་བྱེད་པའི་བློས། །རྟག་ཏུ་བདག་ལ་ནང་མངོན་ཕྱོགས། །ཞེས་པས་བསྟན་ནོ། །གཉིས་པ་ནི། གསལ་དེའང་དེ་ཡི་ངོ་བོ་ཉིད། །རང་ཉིད་རབ་ཏུ་གསལ་བ་ཡིན། །ཞེས་པ་དང༌། དེ་ཅི་དཀར་སོགས་མངོན་གསལ་ལས། གཞན་དངོས་འོན་ཏེ་བདག་འགྱུར་ཡིན། །གཞན་དངོས་ཡིན་ན་གསལ་བ་ནི། །གསལ་མིན་ཇི་ལྟར་དཀར་གསལ་འགྱུར། །ཅེས་པ་དང༌། ཅི་སྟེ་རང་དངོས་འོ་ན་སྟེ། །རང་ཉིད་རབ་ཏུ་གསལ་བར་འགྱུར། །ཞེས་སོགས་ཀྱིས་བསྟན་ནོ། །འགའ་ཞིག་མིག་ཤེས་ཉིད་མིག་ཤེས་རང་ལ་རང་རིག་མིན་ཏེ། དེ་ཉིད་དེ་ཉིད་ཀྱི་རིག་བྱ་མིན་པའི་ཕྱིར་ཏེ། དེ་ཉིད་དེ་ཉིད་དང་ཐ་དད་མིན་པའི་ཕྱིར་ཞེ་ན། འོ་ན་ཀུན་མཁྱེན་ཡང་ཀུན་མཁྱེན་ཡེ་ཤེས་ཀྱི་གཞལ་བྱ་མིན་པར་ཐལ། དེ་ཉིད་དེ་ཉིད་ཀྱི་རིག་བྱ་མིན་པའི་ཕྱིར་ཏེ། ཐ་མི་དད་པའི་ཕྱིར་ཞེས་པ་དང༌། ཁྱོད་ལྟར་ན། ཚད་མ་ཡང་ཚད་མའི་གཞལ་བྱ་མིན་པར་ཐལ། རང་ཉིད་རང་ཉིད་ཀྱི་གཞལ་བྱ་མིན་པའི་ཕྱིར་ཏེ། ཐ་མི་དད་པའི་ཕྱིར་ཞེས་མཚུངས་པ་བརྗོད་དོ། །གཞན་ཡང་རང་རིག་ཆོས་ཅན། རང་རིག་གི་མྱོང་བྱ་མིན་པར་ཐལ་ཁྱོད་ཁྱོད་རང་གིས་རིག་པ་མི་སྲིད་པའི་ཕྱིར་ཏེ། ཐ་མི་དད་པའི་ཕྱིར་ཞེས་བརྗོད་དོ། །འདོད་ན་ཤེས་པ་མིན་པར་ཐལ་ལོ། །འདིར་གཟུང་རྣམ་ལ་རང་རིག་དུ་འགྲོ་ཚུལ་ནི། ཤེས་པ་གཅིག་ཉིད་བག་ཆགས་ཀྱི་མཐུ་ལས་གཟུང་རྣམ་དང༌། འཛིན་རྣམ་ཀྱི་ཚུལ་གཉིས་སུ་སྣང་བར་སྐྱེ་ལ། གཟུང་རྣམ་ནི་སྔོན་པོའི་རྣམ་པ་ཡིན་ཞིང༌། འཛིན་རྣམ་ནི་དེ་འཛིན་བྱེད་ཀྱི་ཤེས་པ་ལྟ་བུ་ཡིན་པས་དེའི་ཚེ་སྔོན་པོའི་རྣམ་པ་ལ་ལྡོག་པའི་ཆ་ནས་གཉིས་སུ་ཕྱེ་སྟེ། གནས་ཚུལ་ཤེས་པ་ཡིན་པ་དང་སྣང་ཚུལ་ལ་དོན་དུ་སྣང་བའི་ལྡོག་ཆའོ། །དེ་ལ་སྣང་ཚུལ་གྱི་ཆ་ལ་རྗེས་ཀྱི་ངེས་ཤེས་ཀྱིས་དོན་དུ་མངོན་པར་ཞེན་པའི་ཕྱིར་རིག་པའི་ལྡོག་པ་ནས་དོན་རིག་གི་ཐ་སྙད་བརྗོད་སྟེ། རྣམ་ངེས་ལས། འདི་ནི་འབྲས་བུ་ལས་དོན་རིག་པ་ཡིན་པར་ལྟའོ་ཞེས་གསུངས་སོ། །གནས་ཚུལ་ལ་རིག་བྱེད་ཀྱི་ཤེས་པ་རང་གི་བདག་ཉིད་ཡིན་ཏེ། དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དེ་ལ་རང་གི་བདག་ཉིད་རིག་པར་སོང་བས་དེ་ལ་རང་རིག་དུ་འཇོག་སྟེ། རང་བཞིན་སེམས་པ་ཡིན་ན་ནི། །དོན་རིག་དེ་ཡི་བདག་ཉིད་ཕྱིར། རང་ཉིད་རིག་པ་འབྲས་བུར་བཤད། །ཅེས་གསུངས་པ་ལྟར་རོ། །དེས་ན་བློ་ཚུལ་གཉིས་སུ་སྐྱེས་པའི་ཚེ། གཟུང་བའི་རྣམ་པའི་ཆ་སྔོན་པོ་ལྟ་བུ་ཤེས་པ་རང་གི་བདག་ཉིད་ཡུལ་དུ་སྣང་བ་དེའི་ཚེ། དེ་ལ་རང་རིག་པར་བརྗོད་དོ། །ཇི་སྐད་དུ། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང༌། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །རང་གི་ངོ་བོར་གྱུར་སྣང་བ། །དེ་ཚེ་མྱོང་བར་གྲུབ་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་འཛིན་པའི་རྣམ་པ་ལ་རང་རིག་དུ་འགྲོ་ཚུལ་ནི། སྔོན་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ་ལ་རང་རིག་དུ་འགྱུར་བ་ལྟ་བུ་སྟེ། སྔོན་འཛིན་མིག་ཤེས་ཀྱིས་སྔོན་པོ་རིག་པའི་ཚེ་ན། སྔོན་པོ་ལ་རིག་བྱེད་ཡོད་པ་ལྟར་སྔོན་འཛིན་མིག་ཤེས་ལ་ཡང་རིག་བྱེད་ཡོད་དགོས་ལ། རང་རིག་གི་ངོ་བོ་ལས་མ་གཏོགས་པའི་རིག་བྱེད་གཞན་སྩལ་དུ་མེད་པའི་ཕྱིར་རང་གིས་རིག་པ་གྲུབ་བོ། །དེའི་ཚེ་རང་ཉིད་ལ་རིག་བྱེད་མེད་ན། རྗེས་ཀྱི་ངེས་ཤེས་ཀྱིས་སྔོན་པོའི་རྣམ་ལྡན་དུ་དྲན་པ་མི་རིགས་པར་ཐལ། རང་དུས་དུ་རང་གི་རིག་བྱེད་མེད་པའི་ཕྱིར་རོ། །དྲན་པ་ནི་སྔར་ཉམས་སུ་མྱོང་བ་དྲན་པར་བྱེད་པ་ཡིན་གྱི། མ་མྱོང་བ་དྲན་པ་མེད་པའི་ཕྱིར་ཁྱབ་པ་ངེས་སོ། །ཇི་སྐད་དུ། རྣམ་པ་འདི་འདྲའི་ཤེས་པ་ནི། །དྲན་ཡིན་དེ་ཡང་མྱོང་ལས་བྱུང༌། །དེ་ཡང་དོན་རྣམ་སྟོང་ན་དེ། །དེ་ནི་ཇི་ལྟར་དེ་ལྡན་འགྱུར། །ཞེས་པ་ལྟར་རོ། །གལ་ཏེ་སྤྱོད་འཇུག་ལས། སྔར་བྱི་བ་ལས་སོགས་པའི་དུག་གིས་ཟིན་པ་མྱོང་བ་མེད་ཀྱང་ཕྱིས་དྲན་པ་སྐྱེ་བར་བཤད་པ་མིན་ནམ་ཞེ་ན། དེ་ནི་རང་རིག་གི་སྒྲུབ་བྱེད་བཀག་ནས་དཔྱད་ན་རང་རིག་གྲུབ་པར་མི་འདོད་པའི་ཚུལ་གཞན་ཡིན་པས་སྐབས་མིན་ནོ། །གལ་ཏེ་རིག་པ་དོན་གཞན་གྱིས་འཛིན་པས་རིག་བྱེད་མེད་པར་མི་འགྱུར་ཞེ་ན། འོ་ན་རིག་བྱེད་གཞན་གྱིས་ཀྱང་རང་གིས་རང་མ་རིག་པས། དེ་ལའང་རིག་བྱེད་གཞན་བཙལ་དགོས་པའི་ཕྱིར་ཐུག་མེད་དུ་འགྱུར་རོ། །དེ་ལྟ་ན་ཕྱི་མཐའ་མི་ཟིན་པས་རྩ་བའི་རིག་པ་ཉིད་མི་རྟོགས་པར་འགྱུར་ཏེ། སྔ་མ་སྔ་མ་རྟོགས་པས་ཕྱི་མ་ཕྱི་མ་རྟོགས་པ་ལ་ཕྱི་མཐའ་ཉིད་མ་ངེས་པའི་ཕྱིར་རོ། །སྒྲུབ་བྱེད་ཐུག་མེད་ཀྱི་སྐྱོན་ཐམས་ཅད་རིགས་པ་འདི་ཉིད་དོ། །གལ་ཏེ་ཕྱི་མ་ཉིད་རང་གིས་རང་རྟོགས་པས་རིག་བྱེད་གཞན་བཙལ་མི་དགོས་སྙམ་ན། འོ་ན་སྔ་མ་ལ་ཡང་མཚུངས་ཏེ། སྔ་མ་རང་མི་རིགས་ལ་ཕྱི་མས་རང་རིག་པའི་རྒྱུའི་ཁྱད་པར་མེད་པའི་ཕྱིར་ཏེ། རྣམ་ངེས་ལས། གཞན་ཡང་དེ་བཞིན་དུ་འགྱུར་ཏེ། །བྱེ་བྲག་གི་རྒྱུ་མེད་པའི་ཕྱིར། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་སྔོ་འཛིན་མིག་ཤེས་ཆོས་ཅན། སྔོན་པོ་མི་རིག་པར་ཐལ། རང་གིས་རང་མི་རིག་པའི་ཕྱིར་དང༌། རང་གིས་རང་མ་རིག་པར་རིག་བྱེད་དོན་གཞན་འདོད་ན་ཡང་སྐྱོན་ཡོད་པའི་ཕྱིར། ཅི་སྟེ་རང་དངོས་མི་རིག་ན། །ཇི་ལྟར་གཞན་གྱི་ངོ་བོ་རིག །ཅེས་པ་ལྟར་རོ། །གཞན་ཡང་སྔོ་འཛིན་མིག་ཤེས་གཟུང་རྣམ་ལ་རང་རིག་དུ་རིགས་ཏེ། བཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུར་བཞག་པ་འཐད་པའི་ཕྱིར། རྨི་ལམ་གྱི་ཤེས་པ་ལ་སྣང་བའི་གཟུང་རྣམ་ཤེས་པ་ཡིན་པར་བཤད་དེ། རང་ཉིད་ཤེས་ཕྱིར་དེ་ཤེས་མིན། །ཞེས་པ་ལྟར་རོ། །རིགས་པ་འདིས་གཟུང་རྣམ་གཞན་ཡང་ཤེས་པར་གྲུབ་ལ། སྣང་མཁན་གྱི་ཤེས་པ་ལས་གཞན་མི་འཐད་པའི་ཕྱིར་དེ་ལ་རང་རིག་ཡིན་པར་རིགས་སོ། །གལ་ཏེ་དུས་མཉམ་པའི་ཤེས་པ་རྫས་གཞན་གྱིས་རིག་གོ་སྙམ་ན། གཟུགས་གསལ་བར་མཐོང་བའི་ཚེ་གཟུང་རྣམ་དང༌། འཛིན་རྣམ་གཉིས་ལས་མ་གཏོགས་པའི་བར་འདིར་ཤེས་པ་གཞན་མ་དམིགས་པས་སོ། །ཡང་ན་དབང་པོ་ལ་བརྟེན་པའི་ཤེས་པ་གཅིག་ཉིད་གཟུང་བ་དང༌། འཛིན་པའི་ཚུལ་དུ་སྐྱེས་པ་ན་གཟུང་རྣམ་གྱི་ཆ་ལ་གཞན་རིག་དུ་བརྗོད་དེ། དོན་འདྲ་བར་སྐྱེས་པའི་བློ་ཡིན་པའི་ཕྱིར། རྣམ་པ་དེ་ཉིད་འཛིན་བྱེད་ནི་རང་གི་བདག་ཉིད་རྣམ་པ་རིག་བྱེད་དུ་སྐྱེས་པས་གཟུང་བའི་རྣམ་པ་འཛིན་པའི་ཆ་ནས་བློ་ལ་འཛིན་པར་བྱེད་པའི་བློ་ཡིན་པའི་ཕྱིར་དེ་ལ་རང་རིག་ཞེས་བརྗོད་དོ། །གལ་ཏེ་གཟུང་རྣམ་ལ་བཟུང་བའི་རྣམ་པ་གཞན་ཤར་རམ་མ་ཤར། དང་པོ་ལྟར་ན་ཐུག་མེད་དུ་ཐལ། གཉིས་པ་ལྟར་ན་ཡུལ་མ་རྟོགས་པར་ཐལ། རྣམ་པ་མ་ཤར་བའི་ཕྱིར་ཞེ་ན། དོན་དུ་སྣང་བ་ཉིད་ཀྱི་ཕྱིར། །དེ་གསལ་བ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར། །རང་ཉིད་དོན་གྱི་རྣམ་པའམ་དོན་དུ་སྣང་བ་ཉིད་དུ་སྐྱེས་པའི་ཕྱིར་དེ་ཉིད་ཀྱིས་དོན་རྟོགས་པར་འཇོག་པས་རྣམ་པ་གཞན་ཤར་བས་ཅི་ཞིག་བྱ། གལ་ཏེ་དོན་དང་འདྲ་བར་སྐྱེས་པས་ཡུལ་རྟོགས་པར་མི་འགྲུབ་པར་རྣམ་པ་གཞན་ཤར་བ་ལ་ལྟོས་དགོས་ན། འོ་ན་རང་རིག་ལའང་རང་མྱོང་བྱེད་ཀྱི་རང་རིག་གཞན་ཡོད་དམ་མེད། དང་པོ་ལྟར་ན་ཐུག་མེད་དུ་འགྱུར་ལ། གཉིས་པ་ལྟར་ན། ཤེས་པ་མིན་པར་འགྱུར་རོ་ཞེས་མཚུངས་སོ། །དེས་ན་དོན་གྱི་རྣམ་པ་ནི་དོན་འདྲ་བ་ཡིན་པས་དོན་རྟོགས་སུ་འཇོག་ལ་རྣམ་པ་དེ་རིག་པ་ལ་རང་རིག་ཏུ་ངོས་བཟུང་ངོ༌། །གཉིས་པ་གཞུང་དོན་ལ་རང་རིག་མངོན་སུམ་གྱི་མཚན་ཉིད། རིག་པ་རང་གི་ངོ་བོ་ལ་མ་འཁྲུལ་བ་ཡིན་པར་མཁས་པ་རྣམས་བཞེད་དོ། །ཡུལ་ནི་བདེ་སྡུག་ལ་སོགས་ཡིན་ལ། དེ་ཡང་དབང་ཤེས་འཁོར་དུ་བྱུང་བའི་བདེ་སོགས་ནི། ཡུལ་ཡིད་དུ་འོང་མི་འོང་གི་རྣམ་པར་འབྱུང་ལ། ངོ་བོ་དབང་ཤེས་ཉིད་ཡིན་ཅིང༌། དབང་ཤེས་ཡུལ་འཁྲུལ་མ་འཁྲུལ་ཇི་ལྟར་འཇུག་པ་ལྟར་མགོ་མཉམ་དུ་འཇུག་ཏེ། དབང་ཤེས་ཡུལ་ལས་ཇི་ལྟར་སྐྱེས་པ་ལྟར་དེ་ཡང་སྐྱེས་པའི་ཕྱིར་རོ། །དེ་ལ་བརྟེན་ནས་ཡིད་ཀྱི་འཁོར་དུ་བྱུང་བའི་བདེ་སྡུག་ནི་རང་ཉིད་སེམས་བྱུང་གི་ངོ་བོར་སྐྱེའོ། །རང་རིག་ཅེས་པའང་རིག་བྱ་རིག་བྱེད་རྫས་ཐ་དད་དུ་ཕྱེ་བའི་རང་རིག་མིན་གྱི། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply