དགེ་སློང་འཚོ་བའི་ཡོད་བྱད་ཀྱི་ཆོས་གོས་ཀྱི་ཚད་འདུལ་བ་དང་མཐུན་པ།

དགེ་སློང་གི་འཚོ་བའི་ཡོད་བྱད་ཀྱི་ཆོས་གོས་ཀྱི་ཚད་འདུལ་བ་དང་མཐུན་པར་རི་མོའི་ལམ་ནས་བསྟན་པ་ངུར་སྨྲིག་གི་ཆུན་པོ་ཞེས་བྱ་བ་བཞུགས་སོ།།

《འོད་དཀར་དྲ་ཚིགས།》སེར་ལྷོ་རྒྱལ་བསྟན་མཆོག་གསལ།

༄༅། །ཇི་སྐད་དུ་ཡང་། འདུལ་བ་མདོ་རྩ་བ་ལས། མཚོན་གྱིས་མ་དྲས་པའི་གོས་སྤྱད་པར་མི་བྱའོ། དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། ཞེས་གསུངས་ན། མཚོན་གྱིས་དྲས་ཤིང་དྲུབས་པ་བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་དག་ལ་ཚད་ཡོད་དམ་ཞེས་ན། ཡོད་དེ།

༼སྣམ་སྦྱར་གྱི་ཚད།༽ སྣམ་སྦྱར་ཆེན་པོ་སྐོར་གསུམ་ལ་སྤངས་སུ་ཁྲུ་གསུམ་དང་ཞིང་དུ་ཁྲུ་ལྔ་རེ་དང་། ཆུང་ངུ་སྐོར་གསུམ་ལ་སྤངས་སུ་ཁྲུ་གསུམ་དང་ཕྱེད། ཞིང་དུ་ཁྲུ་བཞི་དང་ཕྱེད་རེ་དགོས་ཤིང་། དེ་གཉིས་ཀྱི་བར་ནི་འབྲིང་པོ་སྐོར་གསུམ་གྱི་ཚད་ཡིན་ཏེ། མདོ་རྩ་བ་ལས། ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་ལྔ་དག་གོ། ཆུང་ངུ་དག་ནི་གཉིས་ཀ་ལས་ཁྲུ་ཕྱེད་ཕྱེད་དབྲི་བར་བྱའོ། འབྲིང་རྣམས་ཀྱི་ཚད་ནི་བར་མའོ། ཞེས་གསུངས་སོ།

༼ སྣམ་ཕྲན་གྱི་གྲངས།༽ སྣམ་སྦྱར་ཆུང་ཚད་གསུམ་ལ་རིམ་པ་བཞིན་དུ་སྣམ་ཕྲན་དགུ་དང་། བཅུ་གཅིག བཅུ་གསུམ་རེ་དང་། འབྲིང་ཚད་གསུམ་ལ་རིམ་པ་བཞིན་དུ་སྣམ་ཕྲན་བཅོ་ལྔ། བཅུ་བདུན། བཅུ་དགུ་རེ་དང་། ཆེ་ཚད་གསུམ་ལ་རིམ་པ་བཞིན་དུ་སྣམ་ཕྲན ཉེར་གཅིག། ཉེར་གསུམ། ཉེར་ལྔ་རེ་དགོས་ཏེ། མདོ་རྩ་བ་ལས། དེ་ལྟར་སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ། ཟུང་མ་གཏོགས་སོ། ཞེས་གསུངས་སོ།

༼ གླེགས་བུའི་གྲངས༽ སྣམ་སྦྱར་ཆུང་ཚད་གསུམ་ལ་གླེགས་བུ་གཉིས་དང་ཕྱེད། འབྲིང་ཚད་གསུམ་ལ་གླེགས་བུ་གསུམ་དང་ཕྱེད། ཆེ་ཚད་གསུམ་ལ་གླེགས་བུ་བཞི་དང་ཕྱེད་རེ་དགོས་ཏེ། མདོ་རྩ་བ་ལས། དང་པོ་གསུམ་ལ་ནི་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ། གཉིས་པ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ། གསུམ་པ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ། ཞེས་གསུངས་སོ།

༼ བླ་གོས་སམ་ཆོས་གོས་ཀྱི་ཚད།༽ བླ་གོས་སམ་དེང་སྐབས་ཆོས་གོས་ཞེས་པ་འདིའི་ཚད་སྣམ་སྦྱར་དང་མཚུངས་ལ༼ དེའི་སྣམ་ཕྲན་དང་གླེགས་བུའི་གྲངས།༽ སྣམ་ཕྲན་བདུན་པ་གླེགས་བུ་གཉིས་དང་ཕྱེད་རེ་དགོས་ཏེ། དགེ་ཚུལ་སློང་གི་བསླབ་བྱ་གནམ་རྩེ་ལྡེང་མ་ལས། བླ་གོས་ལ་སྣམ་ཕྲན་བདུན་པ་གླེགས་བུ་ཕྱེད་དང་གསུམ་པ་དང་། ཞེས་གསུངས་སོ། གོང་ཞུས་ལྟར་སྣམ་སྦྱར་དང་ཆོས་གོས་ཀྱི་ཚད་ཆེ་ཆུང་མང་དག་ཅིག་གསུངས་འདུག་པ་༼ གུས་པ་ལྟ་བུ་ལ་མཚོན་ན་རྣམ་སྦྱར་འབྲིང་ཚད་རྣམ་ཕྲན་བཅུ་དགུ་པ། གླེགས་བུ་གསུམ་དང་ཕྱེད་བྱེད་པ་དང་། ཆོས་གོས་ཡང་འབྲིང་ཚད་བྱེད་པ་དེ་དག་འཚམ་པོ་འདུག་པ་བཞིན༽ རང་རང་གི་ལུས་ལ་དཔགས་ཏེ་ཚེམ་དགོས་པར་འདུག་ལགས་སོ།

༼ མཐང་གོས་སམ་ཤམ་ཐབས་ཀྱི་ཚད།༽ མཐང་གོས་སམ་དེང་སྐབས་ཤམ་ཐབས་ཞེས་པ་འདིའི་ཚད་ནི་སྤངས་སུ་ཁྲུ་དོ་ཞིང་དུ་ཁྲུ་ལྔའམ་བཞི་གང་རུང་བྱའོ། ལུས་ཧ་ཀྱང་ཆེ་བས་གོང་གི་ཚད་དག་གིས་མི་འདངས་ན་རལ་ག་དཔུང་ཆད་ཟེར་བའི་ཁ་གསབ་ཀྱི་གོས་སྲིད་ཞིང་གཉིས་ཀར་ཁྲུ་དོ་རེ་ཡོད་པ་ཞིག་མཐུད་ཆོག་སྟེ། མདོ་རྩ་བ་ལས། མཐང་གོས་ནི་དོ་དང་ལྔ་ཡང་ཡིན་ནོ། དོ་དང་བཞི་ཡང་ཡིན་ནོ། ཞེས་དང་། མི་གཡོག་ན་རལ་ག་དཔུང་ཆད་བྱའོ། ཞེས་གསུངས་སོ།

༼ དེའི་སྣམ་ཕྲན་དང་གླེགས་བུའི་གྲངས༽ དེ་ལ་སྣམ་ཕྲན་ལྔ་གླེགས་བུ་གཅིག་དང་ཕྱེད་རེ་དགོས་ཏེ། དགེ་ཚུལ་སློང་གི་བསླབ་བྱ་གནམ་རྩེ་ལྡེང་མ་ལས། མཐང་གོས་ལ་སྣམ་ཕྲན་ལྔ་པ་གླེགས་བུ་ཕྱེད་དང་གཉིས་པ་བྱའོ། ཞེས་གསུངས་སོ།

༼ གདིང་བའི་ཚད༽ སྲིད་དུ་ཁྲུ་གསུམ། ལུས་ཆེ་བ་ལ་དེས་མི་འདངས་ན་ཁྲུ་གཅིག་དང་ཕྱེད་མཐུད་དགོས། ༼ མདོར་ན་དགེ་འདུན་གྱི་གནས་མལ་ལམ་གདན་སྐྱོབ་ཐུབ་པའི་ཚད་ལོང་ངེས་དགོས།༽ ཞེང་དུ་ཁྲུ་དོ་དང་སོར་དྲུག་གླེགས་བུ་གཅིག་དང་ཕྱེད་དགོས་ཏེ། མདོ་རྩ་བ་ལས། འདིའི་ཚད་ནི་སྲིད་དུ་ཁྲུ་གསུམ་མོ། མི་ཆོག་ན་ཁྲུ་ཕྱེད་དོ་མན་ཆད་བསྐྱེད་དོ། ཞེང་དུ་ཁྲུ་དོ་དང་སོར་དྲུག་གོ། ཞེས་དང་། དེ་ལ་གླེགས་བུའི་འཕྲོ་བྱའོ། ཞེས་གསུངས་སོ།

༼ ཚལ་བུའམ་གྲྭའི་ཚད།༽ ཆེ་ཚད་ལ་ཞིང་དུ་བྱ་རོག་མཐོ་གང་ངམ་རྩ་སོར་བཞི། ཆུང་ཚད་ལ་རྩ་སོར་གཉིས་སམ་མཐེབ་སོར་གཅིག དེའི་བར་ནི་འབྲིང་ཚད་ཡིན་པར་འདུལ་བའིསྤྱི་དོན་ལས་གསུངས་སོ།

༼ དེ་དག་འཇལ་བྱེད་ཀྱི་ཁྲུ་ནི༽ སྣམ་སྦྱར་དང་བླ་གོས་མཐང་གོས་སོགས་ཀྱི་ཚད་འཇལ་བྱེད་ཀྱི་ཁྲུ་ནི། ལག་ཁྲུ་དང་ལུས་ཁྲུ་མཉམ་ན་ལག་ཁྲུ་དང་། མི་མཉམ་ན་ལུས་ཁྲུས་འཇལ་དགོས། དེ་ཡང་ལུས་ཁྲུ་ནི་རང་གི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཆ་བདུན་དུ་བཏང་བའི་ཆ་གཉིས་ལ་བྱེད་དགོས་ཏེ། མདོ་རྩ་བ་ལས། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་ཀྱིས་སོ། ཞེས་གསུངས་སོ། འཚོ་བའི་ཡོ་བྱད་ཀྱི་གོས་ལྷག་མ་རྣམས་དེང་སང་མིང་གི་ལྷག་མར་གྱུར་ཟིན་པ་སོར་ཆུད་དཀའ་བས་དེ་དག་གི་ཚད་བྲི་བའི་ངལ་བ་མ་བྱས་སོ། གོང་དུ་ཞུས་པའི་ཆོས་གོས་རྣམ་པ་གསུམ་དང་། གདིང་བའི་ཚད། སྣམ་ཕྲན་དང་གླེགས་བུའི་གྲངས་སོགས་འདུལ་བ་མདོ་རྩ་བ་དང་། དགེ་ཚུལ་སློང་གི་བསླབ་བྱ་གནམ་རྩེ་ལྡེང་མ། ཡིག་ཆ་སོགས་ཀྱི་ཁུངས་དང་བཅས་ཏེ་བྲིས་པའོ།།

ཆོས་གོས་རྣམ་པ་གསུམ་པོ་འདུལ་བ་ནས་གསུངས་པ་བཞིན་རྒྱུ་དང་ཁ་དོག་རུང་བ་རང་རང་གི་ཚད་ལོང་བའི་ཁར་བྱིན་རླབས་དང་ལྡན་པ་ཞིག་བྱུང་ན་སྐལ་བ་རེ་བཟང་སྙམ་པ་སྔ་མོ་ནས་ཡོད་ཐོག སློབ་གཉེར་བ་འགའ་ཞིག་ནས་ཆོས་གོས་རྣམ་གསུམ་གྱི་ཚད་དང་གསུམ་པོའི་ཁྱད་པར་བྱིན་རླབས་ཡོད་མེད་ལ་དགེ་སྐྱོན་ཇི་ཡོད་ སོགས་ཀྱི་དོགས་འདྲི་ཡང་ཡང་བྱུང་བ་དང་། ཡང་འགའ་ཞིག་ནི་ཆོས་གོས་གསུམ་པོའི་གླེགས་བུ་དང་སྣམ་ཕྲན་གྱི་གྲངས་ཤེས་རྒྱུ་ལྟ་ཞོག་དེ་དག་གི་མིང་ཡང་མི་ཤེས་པར་འདུག་པ་སོགས་ལ་བརྟེན་ནས་ཆོས་གོས་གསུམ་པོའི་་ཚད། དེ་དག་གི་སྣམ་ཕྲན་དང་གླེགས་བུ་གང་ཡིན། དེ་དག་གི་ཡང་གྲངས་ཚད་སོགས་གཤམ་དུ་རི་མོའི་ལམ་ནས་སྤྱན་འབུལ་ཞུས་ཡོད་ལགས་ན། གོང་དུ་ཞུས་པའི་དོགས་འདྲི་བ་དེ་དག་གིས་མཚོན་དོན་གཉེར་ཡོད་ལ་ཇི་བཞིན་འཚོལ་བའི་ངལ་བ་ཡོད་རིགས་རྣམས་ཀྱིས་ང་ཡིས་བྲིས་པའི་རི་མོའི་ལམ་ནས་ཚེགས་ཆུང་ངུས་ཐུགས་སུ་ཆུད་པར་འགྱུར་མོད། འོན་ཀྱང་ཐུགས་སུ་ཆུད་པ་ཙམ་གྱིས་ཆོག་པར་མི་འཛིན་པར་སྔར་ཡོད་ཀྱི་ཆོས་གོས་དག་ལ་རང་རང་གི་ཚད་ལོང་ཡོད་མེད་གཟིགས་རྟོག་གནང་ཏེ། ༼ གུས་པས་བལྟས་ན་ཚད་ལོང་བ་ཞིག་ཤིན་ཏུ་ནས་ཡོད་དཀའ་སྙམ༽ ཚད་ལོང་བར་འདུག་ན་རང་དགར་མི་འཇོག་པར་བྱིན་གྱིས་རློབ་པའི་ཐབས་ལ་བརྩོན། གར་ཏེ་ཚད་ཇི་བཞིན་ལོང་མེད་ཚེ་རྙིང་པ་འཕྲལ་དུ་བཅོས་པའམ་གསར་ཚེམ་གང་བདེར་བྱས་ཏེ། སྟོན་པ་བཀའ་དྲིན་ཅན་གྱིས་འུ་ཅག་དགེ་སློང་རྣམས་ལ་གནང་བའི་ཆོས་གོས་རྣམ་པ་གསུམ་པོ་རུང་བ་ཚད་ལོང་བྱིན་རླབས་དང་ལྡན་པ་ཞིག་སླད་ནམ་འཚོའི་བར་དུ་གྱོན་རྒྱུ་བྱུང་ན་དགེ་མཚན་ཤིན་ཏུ་ནས་ཆེ་བར་འདུག་ལགས་ན། དེ་དེ་བཞིན་དུ་མཛད་འཚལ་ལོ། ཞེས་སྙིང་ནས་ཞུ་ཞུ། །

༼ གོས་བྱིན་གྱིས་བརླབ་ཚུལ། ༽ ༼ ཆོས་གོས་རྣམ་གསུམ་དངོས་ཀྱི་བྱིན་རླབས་བྱ་ཚུལ་ནི། བྱིན་གྱིས་བརླབ་པའི་སྤྱོད་ལམ་དང་ཆོ་ག་ལ་སོགས་པ་ནི། རང་ཉིད་གཅིག་པུ་ལས་མེད་ན། སྐུ་རྟེན་གྱི་དྲུང་དུ་ཕྱག་གསུམ་བཙལ་ཏེ། ལྷ་དགོངས་སུ་གསོལ། ཞེས་བརྗོད་པ་མ་གཏོགས་གཞན་རྣམས་ཡུལ་ཡོད་པ་དང་འདྲའོ། ཡུལ་ཡོད་ན། ཡུལ་རྟེན་གཉིས་ཀ་འགྲེང་སྟེ་མཆིལ་ལྷམ་ཕུད། ཡུལ་ཕྱག་འོས་བསླབ་པ་རྒན་པ་ཡིན་ན་རྟེན་གྱིས་ཕྱག་བྱས་ནས༽ བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་གནས་བརྟན་འདུལ་བ་འཛིན་པ་གོས་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ༼ ཞེས་བརྗོད།༽ ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། ཞེས་དང་། རྟེན་གྱིས། གནས་བརྟན་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། ༼ ཞེས་ལན་གསུམ་བརྗོད༽ ཡུལ་གྱིས། ཐབས་ཡིན་ནོ། ཞེས་དང་། རྟེན་གྱིས། ལེགས་སོ། ༼ ཞེས་བརྗོད་དེ།༽ བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་གནས་བརྟན་འདུལ་བ་འཛིན་པ་གོས་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས་སོ། ཞེས་དང། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ངོ་མཚར་ཆེ། ཞེས་དང་། མཇུག་ཏུ་ཡུལ་རྟེན་གཉིས་ཀས། ཁྲིམས་ཀྱི་ཚུལ་ཁྲིམས་་་་ ཞེས་སོགས་ཐུན་མོང་དུ་བརྗོད་དོ།

༼ བླ་གོས་དང་མཐང་གོས་ཀྱི་བྱིན་རླབས་བྱ་ཚུལ།༽ གོང་དུ། སྣམ་སྦྱར་དུ། ཞེས་པར། བླ་གོས་སུ། མཐང་གོས་སུ། ཞེས་བསྒྱུར་བ་མ་གཏོགས་གཞན་རྣམས་འདྲ་བའོ།༼ གོས་ཀྱི་བྱིན་རླབས་དབྱུང་ཚུལ།༽ གོང་དུ་བྱིན་རླབས་ཀྱི་ཆོ་ག་ལ། ཞེས་པར། བྱིན་རླབས་དབྱུང་བའི་ཆོ་ག་ལ། ཞེས་བསྒྱུར་བ་མ་གཏོགས་སྦྱོར་ཆོག་གཞན་རྣམས་འདྲ་བ་ལ། ༼དབྱུང་བ་དངོས་ནི།༽ གནས་བརྟན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པར་རུང་བ་སྤྱད་པར་འོས་པ་འདི། ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབས་པ་ལས་དེ་ལྟར་བས་ན་དངོས་པོ་དེ་སླར་དབྱུང་བར་བགྱིའོ། ལན་གསུམ་གྱི་མཐར། གོང་དུ་བྱིན་རླབས་ཀྱི་ཆོ་ག་ལ། ཞེས་པར། བྱིན་རླབས་དབྱུང་བའི་ཆོ་ག་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས། ཞེས་བསྒྱུར་བ་མ་གཏོགས་མཇུག་ཆོག་གཞན་རྣམས་འདྲ་བའོ། བླ་གོས་དང་མཐང་གོས་ལ་ཡང་། སྣམ་སྦྱར་དུ། ཞེས་པར། བླ་གོས་སུ། མཐང་གོས་སུ། ཞེས་འདོན་པ་བསྒྱུར་བ་མ་གཏོགས་གཞན་རྣམས་སྔར་དང་འདྲ་བའོ།

༼ རྐྱེན་དབང་གི་གོས་བྱིན་རླབས་བྱ་ཚུལ། ༽ ཆོས་གོས་རྣམ་གསུམ་ལུས་ཏེ་གནས་གཞན་དུ་དབང་མེད་སྡོད་དགོས་བྱུང་ཚེ། དང་པོ་སྔར་ཡོད་ཀྱི་ཆོས་གོས་གང་ལུས་པ་དེའི་བྱིན་རླབས་སྔར་ལྟར་དབྱུང་སྟེ། གོས་ཀྱི་རྒྱུ་དང་ཁ་དོག་རུང་བ་སྲིད་ཞེང་གཉིས་ཀར་ཁྲུ་གང་རེ་ལོང་བ་ཡན་ཆད་གཅིག་ལ་དམིགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི། ཞེས་པ་ཡན་ཆད་སྔར་དང་འདྲ་བ་ལ།འདིར། ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། ཞེས་ལན་གསུམ་བརྗོད་དེ། མཇུག་ཆོག་རྣམས་སྔར་བྱིན་རླབས་ཀྱི་ཆོ་ག་དང་མཚུངས་པའོ། བླ་གོས་དང་མཐང་གོས་ལ་ཡང་སྔར་ལྟར་འདོན་པ་བསྒྱུར་ཤེས་དགོས། དེ་ལྟར་རྐྱེན་དབང་གི་བྱིན་རླབས་བྱས་ནས་འཇུག་ཏུ་སྣམ་སྦྱར་སོགས་དང་འཕྲད་པའི་ཚེ་རྐྱེན་དབང་གི་བྱིན་རླབས་དེ་སྔར་ལྟར་དབྱུང་སྟེ། སྣམ་སྦྱར་སོགས་ལ་བྱིན་རླབས་ཡང་བསྐྱར་བརྒྱབ་དགོས་སོ། གཤམ་དུ་སྣམ་སྦྱར་དང་བླ་གོས་འབྲིང་ཚད་ཀྱི་དཔེ་རིས་འདིས་མཚོན་ཏེ། སྣམ་སྦྱར་དང་བླ་གོས་ཆུང་ཚད་དང་ཆེ་ཚད་ཡང་ཚེམ་ཤེས་པར་གྱིས། །

སྟོན་པས་གསུངས་པའི་གཙོ་བོའི་གོས། །གསུམ་དང་གདིང་བ་ཚལ་བུའི་ཚད། །རྣམ་ཕྲན་གླེགས་བུའི་གྲངས་དང་བཅས། །གྲྭ་རྟགས་འཁོར་ལོ་པད་མ་སོགས། །ཐམས་ཅད་ཡོད་སྨྲའི་ལུགས་བཞིན་དུ། །ལྷག་སེམས་བཟང་པོའི་སོ་ནམ་གྱིས། །ཤོག་དཀར་ཞིང་ས་གཤིན་པོ་རུ། །རི་མོའི་ས་བོན་བཏབ་མོད་ཀྱང་། །ཐོས་བསམ་ཆུ་ལུད་སྲབ་མོ་ཡིས། །རི་མོའི་ལོ་འདབ་རྒྱས་དཀའ་ཡང་།།དོན་གྱི་འབྲས་བུ་མི་དམན་ཙམ། །སྦྱར་ཁུལ་བྱས་ཀྱང་བླུན་རྟགས་ཀྱིས། །ཅི་སྟེ་ཉེས་པའི་ཚོགས་མཆིས་ན། །འདུལ་འཛིན་རྣམས་ལ་སྙིང་ནས་འཆགས། །འོན་ཏེ་རྣམ་དཀར་ཅུང་བདོག་ན། །འགྲོ་ཀུན་བདེ་བའི་རྒྱུ་རུ་བསྔོ། །ཉེར་གཅིག་དུས་རབ་བཅུ་གཅིག་ལོའི། །གསུམ་གྱི་ཚེས་ཆ་བཅུ་དགུའི་ཉིན། །སེར་ལྷོ་རྒྱལ་བསྟན་མཆོག་གསལ་གྱིས། །ཐེག་ཆེན་གླིང་དུ་རྫོགས་པར་བྲིས། །

ཞེས་དགེ་སློང་གི་འཚོ་བའི་ཡོད་བྱད་ཆོས་གོས་དག་གི་ཚད་འདུལ་བ་དང་མཐུན་པར་རི་མོའི་ལམ་ནས་བསྟན་པ་ངུར་སྨྲིག་གི་ཆུན་པོ་ཞེས་པ་འདི་རབ་བྱུང་བཅུ་བདུན་པའི་རབ་གནས་ལྕགས་ཡོས་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ངོའི་རྫོགས་པ་གསུམ་པའི་ཉིན་མོར་སེར་ལྷོའི་གྲྭ་རིགས་སྤ་ཟླ་བ་རྒྱལ་བསྟན་མཆོག་གསལ་གྱིས་སེ་ར་ཐེག་པ་ཆེན་པོའི་གླིང་དུ་མཇུག་གྲུབ་པར་སྦྱར་བའོ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*