རྗེས་དྲན་ཚིག་ཕྲེང་མཚོ་བྱུང་བརྒྱད་པ།
རྩོམ་པ་པོ། མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས།
བླ་མ་དང་མགོན་པོ་རྗེ་བཙུན་འཇམ་པའི་དབྱངས༧ ཆོས་རྗེ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་མངོན་དགའ་ཞིང་དུ་བདེ་བར་གཤེགས་ནས་བགྲང་བྱ་ཧྲིལ་བོ་ ༧༦༤ ཉིན་ལ་རྗེས་དྲན་ཆེད་དུ་ཕུལ།
རྒྱལ་ཀུན་ཡབ་གཅིག་ཡེ་ཤེས་གཅིག་བསྡུས་ནས།།
བྱང་ཕྱོགས་འཛིན་མའི་ཞིང་སར་ཆོས་ཀྱི་བསྐྱངས།།
རིན་ཆེན་འོད་གསལ་གདུང་བརྒྱུད་མཚན་མཆོག་པ།།
༧ཆོས་རྗེ་ས་སྐྱ་པཎ་ཆེན་ཞབས་ལ་འདུད།།
གསུངས་རབ་རྒྱ་མཚོའི་དབུས་ནས་ཕར་མཐར་སོན།།
རིག་གཞུང་གནས་ཀུན་མི་འཇིགས་སྤོབས་པ་ཐོབ།།
རྒྱ་བོད་སྒྲ་བསྒྱུར་མཁས་ཀུན་མཛེས་པའི་རྒྱན།།
གཞུང་ལུགས་ཀུན་མཁྱེན་ཀུན་དགའ་རྒྱལ་མཚན་རྒྱལ།།
གངས་རིའི་ཁྲོད་འདིར་བསྟན་པའི་སྒྲོན་མེ་སྤར།།
སྙིགས་དུས་རྒྱལ་བ་གཉིས་པའི་མཚན་སྙན་ཞིག།
འཕགས་ཡུལ་ཤར་ལྷོ་ནུབ་བྱང་ཀུན་ཏུ་གྲགས།།
གདོད་མའི་པཎྜིཏ་ཡི་མཚན་སྙན་ལྡིང་།།
མུ་སྟེགས་འཕྲོག་བྱེད་དགའ་བའི་འཁོར་དང་བཅས།།
ལུགས་རིགས་གདོང་ལྔས་ལེགས་པར་བཏུལ་པ་མཛད།།
ཟབ་དོན་ལྟ་གྲུབ་གད་རྒྱངས་འགྲན་ཟླ་བྲལ།།
ས་སྐྱ་པཎ་ཆེན་ས་གསུམ་སྙན་པའི་ཁྱབ།།
མདོ་སྔགས་རབ་འབྱམས་དཀྱིལ་འཁོར་ཀུན་རྫོགས་པ།།
འཇིག་རྟེན་ཀུན་ལ་སྙོམས་པའི་སྟོན་མཛད་པ།།
ཐུབ་བསྟན་པདྨོའི་གཉེན་གྱུར་ཀུན་མཁྱེན་ཞེས།།
འཇམ་མགོན་ས་སྐྱ་པཎ་ཆེན་ཁྱེད་ཉིད་ཙམ།།
སངས་རྒྱས་བྱང་སེམས་ལུང་བསྟན་རྨད་དུ་བྱུང་།།
ཡིད་དམ་ཞལ་གཟིགས་དངོས་གྲུབ་བསོད་ནམས་རྙེད།།
ས་སྟེང་ངུར་སྨྲིག་འཛིན་པའི་ས་པཎ་རྒྱལ།།
མཐའ་ཡས་བསྟན་འགྲོའི་དུ་མའི་དཔལ་མགོན་གྱུར།།
བརྩེ་ཆེན་ཕྱོགས་ལས་རྣམ་རྒྱལ་ས་པཎ་ཞེས།།
འགྲན་བྲལ་སྙན་གྲགས་ནམ་མཁའི་མུ་ཁྱུད་བརྒལ།།
གླིང་འདིར་ཀུན་མཁྱེན་གཉིས་པ་ས་པཎ་རྒྱལ།།
འཇམ་མགོན་ས་པཎ་གྲགས་པ་ཞབས་པད་དུ།།
སྒོ་གསུམ་དྭངས་མས་ཚེེ་རབས་ཕྱག་འཚལ་ལོ།།
མཐོང་ཐོས་དྲན་རེག་མཆོད་པས་མཆོད་སྤྲིན་བགྱིས།།
བླ་མེད་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག།
༢༠༡༥/༡༢/༡༤/སླེབས་ལ་ཉེ་བའི་ས་པཎ་མཆོག་གི་རྗེས་དྲན་ཚུལ་དུ་ཆུ་གཉིས་འཕྲད་སྦྱོར་བཟང་བའི་དུས་སུ་ཐལ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།