༧ སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ། <<སྤྲུལ་སྐུའི་གཏམ་ཚོགས་>> མུ་འགོད། ༣

ཁ་དོན་གཏན་ནས་མི་མཚུངས་པའི་ཚུལ་འཆོས་ཀྱི་གོང་བུར་མང་པོ་ཡོང་གི་ཡོད།

རྩོམ་པ་པོ།  སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ། 
ལྔ་པ། ཡུལ་དུས་དང་བསྟུན་པའི་ན་གཞོན་སྤྲུལ་སྐུ་གསོ་སྐྱོང་བྱ་སའི་ཁོར་ཡུག
སྤྲུལ་སྐུའི་ལམ་དང་ལུགས་སྲོལ་འདི་ད་ལྟའི་བར་དུ་བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་གཙོ་བོ་བོད་རིགས་གང་ན་ཡོད་པའི་ས་ལ་དར་བ་ཞིག་ཡིན་པས་བོད་ཀྱི་ལམ་སྲོལ་འགྲོ་སྟངས་རྙིང་པ་དེས་ད་སྔོན་ཕན་ཆོད་འཐུས་སོང་བ་རེད། འོན་ཀྱང་བོད་དང་བོད་རིགས་ཡོད་པའི་ས་ཁུལ་ལ་ལམ་ལུགས་འདི་སྔར་ལྟར་མུ་མཐུད་ནས་གནས་ཐུབ་ཟེར་བ་དཀའ་ལས་ཁག་པོ་རེད། སྤྱིར་བཏང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་འབྱུང་བའི་ཐོབ་ཐང་དེ་བོད་རིགས་ཙམ་ལ་དབང་བ་ཞིག་ག་ལ་ཡིན། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ནི་དུད་འགྲོ་སོགས་ཀྱི་ལུས་རྟེན་ལའང་འབྱུང་ཆོག་པས། མི་རིགས་གཞན་རྒྱ་མི་དང་། ཨུ་རུ་སུ། ཨ་ཕྷི་རི་ཀན། ཨ་རབ་སོགས་ལའང་སྤྲུལ་སྐུ་འཁྲུངས་མི་སྲིད་པ་མ་རེད། གལ་སྲིད་མི་རིགས་དེ་དག་ལ་འཁྲུངས་ནའང་ནང་པའི་གཟི་བརྗིད་དུ་བརྩི་ཆོག འོན་ཀྱང་ཡང་སྲིད་ངོས་འཛིན་དང་། ཁྲི་འདོན་མངའ་གསོལ་གོང་མའི་གདན་ས་སྤྲད་རྒྱུ་སོགས་ནི་བོད་རིགས་མ་ཡིན་པའི་མི་རིགས་ཚོ་ལ་ལམ་ལུགས་གསར་པ་ཞིག་ཏུ་གྱུར་ཡོད་སྟབས། ཁོང་ཚོས་ཡང་སྲིད་དང་སྤྲུལ་སྐུའི་སྐོར་ལ་བསམ་བློ་ཁྱེར་སྟངས་དང་། འཇུག་ལྡོག་བྱེད་སྟངས་དེ་ང་ཚོ་བོད་རིགས་དང་མི་འདྲ་བ་ཞིག་ཡོད་ངེས་ཡིན་པ་དེ་ང་ཚོའི་བསམ་བློའི་ནང་ལ་འཁོར་ཐུབ་དགོས།
སྤྱིར་ན་འཛམ་བུ་གླིང་གི་མི་ཡི་བསམ་བློ་གཏོང་ཕྱོགས་དང་། ཚུལ་དང་ཀུན་སྤྱོད་སོགས་ལ་སྔོན་དང་མི་འདྲ་བའི་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད། དཔེར་ན་ལོ་ངོ་ཉི་ཤུ་ཙམ་གྱི་སྔོན་ལ་གློག་བརྙན་གྱི་རིགས་གློག་བརྙན་ཁང་ལས་གཞན་ལ་བལྟ་བའི་ཐབས་ཤེས་མེད། དེང་སང་ནི་སྦྱོར་སྒྲོལ་གྱི་གློག་བརྙན་སོགས་གང་འདོད་ཐམས་ཅད་རང་མོས་ལྟར་ལག་ཐོགས་ཁ་པར་ནང་ལ་བལྟ་རྒྱུ་ཡོད་པ་མ་ཟད། འཛམ་གླིང་ལ་གནས་ཚུལ་གང་བྱུང་ཐམས་ཅད་ཀྱང་རང་འདོད་ལྟར་དེ་མ་ཐག་ཏུ་བཤད་ཉན་བྱེད་ཆོག་གི་ཡོད། དེ་བཞིན་སྤྱི་ཚོགས་རྙིང་པའི་སྐབས་སུ་ས་ཆ་ཁ་ཤས་ལ་བུད་མེད་ཀྱི་རིགས་དགོན་པའི་ནང་དུ་འགྲོ་མི་ཆོག་པའི་སྒྲིག་ལམ་ཡོད་ཀྱང་། དེ་ལ་སྐྱོན་འཛུགས་བྱེད་མཁན་ཡོད་པ་ལྟ་ཞོག་ད་དུང་དགོན་པ་དེ་ལ་མོ་ཁྲིམས་དམ་པོ་འདུག་ཅེས་བསྟོད་བསྔགས་ཀྱང་ཕུལ་གྱི་ཡོད། དེང་སང་སྒྲིག་ཁྲིམས་དེ་འདྲ་ཞིག་ཡོད་ན་ཕོ་མོ་བཟང་ངན་དབྱེ་འབྱེད་རིང་ལུགས་ཀྱི་ཆོས་ལུགས་རེད་ཟེར་ནས་སངས་རྒྱས་ཀྱི་ཆོས་ལུགས་ལ་སྨད་ར་གཏོང་བར་ངེས་པའི་དུས་ཚོད་རེད། དེ་བཞིན་གནའ་དུས་སུ་བུ་དང་བུ་མོ་མཚན་མི་མཐུན་པ་གཉེན་སྒྲིག་བྱེད་སར་བླ་སྤྲུལ་རྣམས་གདན་འདྲེན་ཞུས་པ་ལྟར་ཕེབས་ཤིང་དབང་དང་བྱིན་རླབས་གནང་སྲོལ་ཡོད་པ་ལྟར། དེང་སང་བུ་བུ་མཉམ་དུ་དང་། བུ་མོ་བུ་མོ་མཉམ་དུ་སྟེ་མཚན་མཐུན་གཉེན་སྟོན་བྱེད་སར་བླ་སྤྲུལ་གདན་འདྲེན་ཞུས་པ་ལྟར་ཕེབས་ཤིང་དབང་དང་བྱིན་རླབས་སོགས་གནང་དགོས་པ་དང་། གལ་ཏེ་མཚན་མཐུན་གཉེན་སྒྲིག་བྱེད་པར་ངོས་ལེན་མེད་པ་དང་། དེ་དག་གཉེན་སྟོན་བྱེད་པའི་སྐབས་སུ་གདན་ཞུས་ལྟར་མ་ཕེབས་ནས་མཐོང་ཆུང་གི་རྣམ་པ་དོད་ཤོར་ན། མཚན་མཐུན་གཉེན་སྒྲིག་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཞེན་རིང་ལུགས་པ་རེད་ཅེས་ཐ་ཤལ་བའི་གྲས་སུ་བརྩི་བའི་དུས་ཚོད་རེད། སྔར་ཡིན་ན་བླ་སྤྲུལ་ན་གཞོན་ཞིག་གིས་བུད་མེད་ཀྱི་རིགས་ལ་འབྲེལ་བ་གནང་དགོས་ན་ཚོམས་ཆེན་སྲིད་ཞི་དཔལ་འབར་གྱི་ནང་དུ་མི་འཇིགས་གདོང་ལྔས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེང་ན་བཞུགས་སྐབས། གཟིམ་འགག་པ་དང་། ཕྱག་མཛོད། གཉེར་པ། གསོལ་དཔོན་སོགས་ཀྱིས་མཐའ་ནས་སྐོར་བཞིན་ཐུགས་རྗེའི་སྤྱན་རས་ཀྱིས་རྒྱང་རིང་ནས་གཟིགས་ཏེ། འབྲེལ་བ་གནང་བ་ལས་ཐད་ཀར་འབྲེལ་གཏུག་གནང་རྒྱུར་ཤིན་ཏུ་དཀའ་ངལ་ཡོད། དེང་སང་ནི་དྲྭ་རྒྱ་སོགས་ཀྱི་ལམ་ནས་ཕྱི་ནང་གསང་གསུམ་གྱི་འབྲེལ་བ་ཐམས་ཅད་སྐད་ཅིག་སྐད་ཅིག་ལ་ཐད་ཀར་གནང་ཆོག་པའི་དུས་ཚོད་རེད། སྤྱི་ཚོགས་དང་དུས་རབས་འདི་འདྲ་ཞིག་གི་ནང་དུ་བླ་མ་སྤྲུལ་སྐུ་དགུང་ན་གཞོན་པ་རྣམས་གསོ་སྐྱོང་དང་འཚར་ལོངས་བྱེད་དགོས་ཀྱི་ཡོད།
དེས་ན་ཡང་སྲིད་ངོས་འཛིན་བྱེད་པའི་སྤྲུལ་སྐུའི་ལམ་ལུགས་འདི་ད་དུང་མུ་མཐུད་ནས་རྒྱུན་སྐྱོང་དགོས་ན་དུས་ཚོད་དང་སྤྱི་ཚོགས་ལ་བསྟུན་ནས་སྤྲུལ་སྐུ་སྐྱེད་སྲིང་བྱ་སའི་ཁོར་ཡུག་ཅིག་དང་། སྒྲིག་འཛུགས་ཤིག་ཀྱང་ངེས་པ་ཅན་དུ་བསྐྲུན་ཐུབ་དགོས་ཀྱི་འདུག ཁོར་ཡུག་དེ་ཇི་ལྟར་བསྐྲུན་དགོས་ཤེ་ན། གོང་ནས་ཞུས་པ་ལྟར་ཡུལ་དུས་གནས་སྐབས་སོགས་ལ་དཔྱད་ཞིབ་མཐིལ་ཕྱིན་མཛད་ཅིང་། ཡང་སྲིད་བྱིས་པ་ཆུང་ཆུང་གི་སྐབས་ནས་སློབ་སྦྱོང་སྤྲོད་སྟངས་སོགས་གནའ་སྔ་མོའི་དུས་དང་མི་འདྲ་བ་ཞིག་དགོས་ཀྱི་ཡོད་པའི་བསམ་བློ་ངེས་པར་དུ་གཏང་རན་པ་ཡིན། དེའང་སྤྲུལ་སྐུ་དེ་འབྱུང་འགྱུར་ལ་དབུ་ཁྲིད་འཇོན་ནུས་ཅན་ཞིག་འགྱུར་ཐུབ་པའི་མཐུན་རྐྱེན་དུ། སྐྱེད་སྲིང་བྱ་སའི་ཁོར་ཡུག་གང་འདྲ་ཞིག་དང་། བཞུགས་སའི་མཐུན་རྐྱེན། གཟིམ་ཤག་ཆེ་ཆུང་། ན་བཟའ་བཟང་ཞན། ཕེབས་གྲུ་ལེགས་ཉེས། ཞབས་ཕྱི་མང་ཉུང་ཡན་ཆད་ཀྱི་ཆ་རྐྱེན་ཇི་དགོས་སྐོར་ལ་ཐུགས་བསམ་ཞིབ་ནན་གཏང་རྒྱུ་དེ་གནད་འགག་ཅན་དུ་གྱུར་ཡོད། དཔེར་ན་ཉི་ཧོང་དུ་གྲགས་ཅན་གྱི་མི་སྣ་དཔལ་འབྱོར་ཆེན་པོ་ཅན་དེ་ཚོའི་ཕྲུ་གུ་རྣམས་སློབ་སྦྱོང་དེའང་མི་མང་དཀྱུས་མའི་སློབ་གྲྭར་བྱེད་པ་དང་། སློབ་གྲྭའི་སྒྲིག་ཆས་ཡན་དཀྱུས་མ་ཞིག་ལས་དམིགས་བསལ་ལུས་ལ་གོས་ཆེན་དབུ་ལ་དབུ་ཞྭ་སོགས་གང་ཡང་མེད་པའི་རྐྱེན་གྱིས་ཕྲུ་གུ་དེ་རྣམས་འཚར་ལོངས་བྱུང་ཞིང་དབུ་ཁྲིད་བྱེད་པའི་ཚེ་བསམ་བློ་གཏོང་ཕྱོགས་ཧ་ཅང་གི་གནད་ལ་སྨིན་པོ་དེ་འདྲ་ཡོང་གི་ཡོད།
ང་ཚོས་ཕྱོགས་གཅིག་ནས་ཤཱཀྱ་ཐུབ་པ་ཞེས་ཞབས་ན་མཆིལ་ལྷམ་ཞིག་ཀྱང་མེད་པར། ཕྱག་ན་ལྷུང་བཟེད་ཅིག་ཐོགས་ནས་བསོད་སྙོམས་ལ་རྒྱུ་མཁན་ཞིག་གི་རྗེས་འབྲང་ཡིན་ཟེར་བཞིན། ལག་པར་གསེར་གྱི་ཆུ་ཚོད་སྒོར་མོ་འབུམ་རི་བ་ཞིག་གྱོན། གསེར་གྱི་ཁྲིའི་གོང་དུ་གོས་ཆེན་གྱི་སྟེང་ན་བཞུགས་ཤིང་། ཕེབས་འཁོར་རིན་གོང་ཆེན་པོ་ཅན་གྱི་ནང་ལ་ཕེབས་པ་སོགས་བྱེད་པས་ནི། ཐུན་མིན་སྔགས་ཀྱི་རྣལ་འབྱོར་པ་འདོད་ཡོན་ལམ་དུ་ཁྱེར་མཁན་ཚོར་དང་བ་འདྲེན་སྲིད་ཀྱང་། ཤཱཀྱ་ཐུབ་པའི་རྗེས་འབྲང་ཐུན་མོང་གི་གདུལ་བྱ་རྣམས་ལ་ཡིད་གཉིས་དང་ཐེ་ཚོམ་སྔར་ལས་མང་བ་སྐྱེ་འཇུག་པར་ངེས། དེ་བཞིན་བླ་སྤྲུལ་རྣམས་ཀྱིས་སོ་སོ་ཆོས་སྨྲ་བ་པོ་ཡིན་པར་ཁས་འཆེ་ཞིང་། གཞན་ཕ་རོལ་པོ་ལ་ཆོས་ལས་གསུངས་པ་ལྟར་འཁོར་བ་ལ་ངེས་པར་འབྱུང་བ་དང་། འདོད་ཡོན་ལ་ཆོག་ཤེས་དགོས་ཚུལ་སོགས་བཤད་བཞིན་ཏུ་སོ་སོ་རང་ཉིད་ཀྱིས་ཕྱགས་ལྷམ་སྒོར་མོ་འབུམ་རེ་རི་བ་གྱོན་པ་སོགས་ནི་ཁ་དོན་གཏན་ནས་མི་མཚུངས་པ་རུ་མཐོང་སྲིད།
གཞན་ཡང་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ནང་ན་བླ་སྤྲུལ་གསོ་སྐྱོང་བྱེད་སྐབས་སྐྱོན་ཆེ་ཤོས་ཤིག་ནི་བླ་མ་སྤྲུལ་སྐུ་རྣམས་ཕྱི་ནང་གསང་གསུམ་གྱི་སྐུ་ཡོན་ནར་མ་སོན་པའི་སྔོན་ནས་འགྲོ་དོན་དང་ཕྲིན་ལས་ཀྱི་ཆེད་དུ་ཕེབས་རྒྱུ་དེ་རེད། སྐུ་ཡོན་དང་གསན་སྦྱོང་མེད་པའི་ཁར་རྣམ་གཡེང་དང་ཁེངས་དྲེགས་ཅན་དུ་གྱུར་ཏེ་ཆུད་ཟོས་སུ་འགྲོ་བའི་གནས་ཚུལ་མང་པོ་ཡོང་གི་འདུག། དངོས་གནས་བྱས་ན་བླ་སྤྲུལ་དགུང་ལོ་ཆུང་བ་རྣམས་རྟོགས་པས་བདག་རྒྱུད་གྲོལ་ཅིང་། ཐུགས་རྗེས་གཞན་རྒྱུད་གྲོལ་ཐུབ་པའི་ཚེ་གཞི་ནས་འགྲོ་དོན་དང་ཕྲིན་ལས་གནང་དགོས། དཔེར་ན་འཇིག་རྟེན་ཐ་མལ་གྱི་ལས་གནས་ཤིང་བཟོ་མཁན་དང་། ཁ་ཟས་གཡོས་སྦྱོར་བྱེད་མཁན་གྱི་མ་བྱན་ལྟ་བུ་ཡིན་ནའང་དང་པོ་རང་གིས་ཐབ་ཚང་ནང་ལ་ལས་ཀ་དེ་དཔྱིས་ཕྱིན་པར་སྦྱངས་ཤིང་ཉམས་མྱོང་བསགས་ཚར་རྗེས་རང་གི་རིགས་ཀྱི་ཆོས་དེ་ལག་བསྟར་བྱེད་ཀྱི་ཡོད་པ་ལྟ་བུ་རེད། སྤྱི་ཚོགས་རྙིང་པའི་སྐབས་བོད་ཡུལ་འདྲ་ཡིན་ན་དད་པ་དང་དག་སྣང་ཆེ་བའི་སྤྱི་ཚོགས་ཡིན་པས་བླ་སྤྲུལ་དགུང་ལོ་མ་སྨིན་པ་ཚོས་དབང་བསྐུར་དང་གྲོང་ཆོག་མཛད་ན་བླ་མའི་ཐུགས་རྗེ་ཡིས་ཕན་ཐོགས་ཧ་ཅང་མ་བྱུང་ནའང་རྗེས་འཇུག་གདུལ་བྱའི་དད་པ་དང་དག་སྣང་དབང་གིས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། དེང་སང་མི་རྣམས་རྣམ་རྟོག་མང་། ལོག་ལྟ་ཆེ། ཐེ་ཚོམ་མོད་པའི་སྤྱི་ཚོགས་འདི་འདྲའི་ནང་ལ་བླ་སྤྲུལ་གཞོན་ནུ་རྣམས་ཀྱིས་ཆོས་དང་འཇིག་རྟེན་གྱི་ཕྱག་ལས་གནང་སྐབས་གང་ཐད་ནས་ཐུགས་གཟབ་གནང་དགོས་ཤིང་། ལྷག་པར་དུ་དམ་པའི་ཆོས་སྔར་མ་དར་བའི་ས་དང་། དམ་ཆོས་ཐོག་མར་དར་སའི་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་ཆོས་ཀྱི་ལམ་སྟོན་ཆེད་དུ་ཕེབས་ན་བླ་སྤྲུལ་སྐུ་སྒེར་དང་བསྟན་པ་སྤྱི་ལ་གནོད་ཚབས་འོང་རྒྱུའི་ཉེན་ཁ་ཆེ་ཞིང་། དེ་བས་སྤྲོ་འཁྱམ་གྱི་ཆེད་དུའམ། ཡང་ན་སློབ་སྦྱོང་གི་ཆེད་དུ་ཕེབས་པ་ལས་གཞན་ཆོས་ཀྱི་ཆེད་དང་དཔལ་འབྱོར་གྱི་ཆེད་དུ་དགུང་ན་མ་སྨིན་གྱི་བར་དུ་མ་ཕེབས་ན་རང་གཞན་གཉིས་ཆར་ལ་ཕན་ཐོགས་ཆེ་བར་སྣང་།
རང་རེ་བོད་ཀྱི་གོམས་གཤིས་ནང་དུ་བླ་སྤྲུལ་སྤྱི་དང་ཁྱད་པར་དུ་བླ་སྤྲུལ་དགུང་ལོ་ཆུང་བའི་རིགས་རྣམས་ལ་རང་རང་སོ་སོས་བརྩི་བཀུར་འཇོག་སྟངས་དཔེར་ན་བླ་སྤྲུལ་རྣམས་ཕར་ཚུར་ཕེབས་སྐབས་སུ་བསུ་བ་སེར་ཕྲེང་ཟབ་རྒྱས་གནང་བ་དང་། ལྷག་པར་དུ་རང་དགོན་ལ་ཚུར་ཕེབས་དུས་ཀྱང་བསུ་བ་སེར་ཕྲེང་རྒྱས་སྤྲོས་བྱེད་པ་དང་རང་གི་གཟིམ་ཆུང་དང་། རང་གི་དགོན་པའི་ཚོམས་ཆེན་ནང་གི་བཞུགས་ཁྲིའི་ཐོག་ལ་སོ་སོའི་སྐུ་དཔར་ཆེ་ཐག་ཆོད་རེ་འཇོག་རྒྱུ་འདི་ཚོའི་རིགས་དེང་སང་གི་སྤྱི་ཚོགས་ཀྱི་མིག་ལམ་དུ་མི་མཛེས་ཤིང་། དེ་བས་རང་གི་སྐུ་གོང་མའི་སྐུ་པར་རམ་ཡང་ན་སྟོན་པ་བཀའ་དྲིན་ཅན་གྱི་སྐུ་པར་སོགས་བཤམས་ན་དགེ་མཚན་ཆེ་བར་སྣང་།
ཞབས་ཕྱི་དང་ཕྱག་མཛོད་སོགས་ནི་བླ་སྤྲུལ་དགུང་ན་གཞོན་པ་ཚོ་དང་ལྷན་རྒྱུན་དུ་འགྲོག་མཁན་ཞིག་ཡིན་པས་སྤྲུལ་སྐུ་ན་གཞོན་ཚོ་ལ་མཚོན་ན་ཧ་ཅང་ཤུགས་རྐྱེན་དང་གལ་གནད་ཆེན་པོ་ཅན་གྱི་མི་སྣ་རུ་རྩི་འཇོག་གནང་དགོས། དེས་ན་ཞབས་ཕྱི་འཇོག་སྟངས་དེའང་སྔར་གོང་དུ་ཞུས་པ་ལྟར་ཚོགས་འདུ་འཚོགས་ཤིང་དགོན་པ་གྲྭ་ཚང་དང་། སྤྱི་ཚོགས་གཉིས་ཆར་གྱིས་མོས་མཐུན་ཡོད་པའི་མི་སྣ་ཞིག་བསྐོ་ཞིང་། དབང་ཆ་ག་ཚོད་སྤྲོད་དགོས་མིན་སོགས་ཀྱང་བསམ་གཞིག་གནང་ནས་གཏན་འབེབས་བྱེད་དེ་བཀའ་མོལ་གནང་ན་ལེགས། སྐབས་འགར་བརྗེ་ལེན་གཏན་ནས་བྱ་རྒྱུ་མེད་པ་དཔེར་ན་མི་ཚེ་ཧྲིལ་པོར་ཕྱག་མཛོད་ཀྱི་མིང་དང་དབང་ཆ་བཟུང་ནས་འགན་ཡོངས་རྫོགས་ཁྱེར་བའི་ལུགས་སྲོལ་ཞིག་ཡོད། ལམ་སྲོལ་འདིའང་ལེགས་པོ་ཡིན་པའི་ངེས་པ་མེད། གཞན་ཡང་ཞབས་ཕྱི་ཁ་ཤས་བླ་མའི་སྐུ་མཆེད་དང་ཉེ་འབྲེལ་སོགས་ཡིན་པའི་དབང་གིས་བསྟན་འགྲོའི་བྱ་བ་དང་། དགོན་པའི་ཕྱག་ལས་ལ་གནོད་ཚབས་ཆེན་པོ་འབྱུང་གི་ཡོད་པས་གནད་དོན་འདི་ཚོ་ལ་དོ་སྣང་གནང་ནས་ཤེས་པར་བྱ་དགོས། བླ་སྤྲུལ་དེའི་ཕྱི་ནང་གི་འགྲོ་འདུག་སྤྱོད་ལམ་སྤྱི་དང་། ཁྱད་པར་དུ་ཆོས་ཕྱོགས་སློབ་གཉེར་བྱེད་ཕྱོགས་ཀྱི་ཐད་ལ། འཆར་གཞི་གདིང་ཞིང་འགན་དབང་ཁྱེར་བ་དང་། བླ་བྲང་གི་དཀོར་ནོར་བདག་དབང་གི་ལས་འགན་སོགས། དམིགས་བསལ་གྱི་མཁྱེན་རྒྱ་ཅན་འདྲ་ཡིན་ན་མ་གཏོགས་ཡང་སྲིད་སྤྲུལ་སྐུ་དེའི་ཕ་མས་གཏན་ནས་མ་ཁུར་ན་དགའ། སློབ་གཉེར་དེའང་གནས་དུས་གང་དུ། ཚུལ་ཇི་ལྟར་གནང་རྒྱུ་དང་། བླ་མ་སུ་ལ་བསྟེན་པ་སོགས་ཆོས་དང་རྒྱུ་མཚན་ཤེས་པའི་བླ་མ་དང་མཁན་པོ། བླ་བྲང་རང་གི་མི་སྣ་ཚོས་གྲོས་ཆོད་ལྟར་ཐག་གཅོད་གནང་དགོས།

བླ་མ་སྐུ་གོང་མའི་དངོས་དང་བརྒྱུད་པའི་སློབ་མ་རྣམས་ཀྱིས། བླ་མའི་ཡང་སྲིད་ལ་དད་པ་དང་དག་སྣང་འཇོག་རྒྱུ་དེ་སློབ་མ་རང་རང་སོ་སོ་སྒེར་གྱི་ཉམས་ལེན་དང་འབྲེལ་བ་ཆེན་པོ་ཡོད་པས་དགོས་ངེས་ཤིག་ཡིན་ཡང་། ཕྱོགས་གཅིག་ནས་དད་པ་དང་དག་སྣང་འཇོག་ཅིང་། ཕྱོགས་གཅིག་ནས་སྐུ་ཡོན་དང་བསླབ་སྟོན་ངོ་ལྐོག་མེད་པར་འབུལ་རྒྱུ་འདི་མགོ་རྙོག་ཀྱི་རང་བཞིན་ཅན་གྱི་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད། དེས་ན་སྒེར་རང་རང་སོ་སོས་དད་པ་དང་དག་སྣང་གི་ཉམས་ལེན་ཇི་ཙམ་བྱེད་ཀྱང་། ན་གཞོན་སྤྲུལ་སྐུ་དེ་ལང་ཤོར་མི་འགྲོ་བ་དང་། ཕྱི་ནང་གི་སྐུ་ཡོན་ཐུགས་རྒྱུད་ལ་ངེས་པར་འཇགས་ཐུབ་པའི་ཐབས་ཤེས་གནང་དགོས། སྐབས་རེ་སྦྱིན་སློབ་རྣམས་ཀྱིས་དད་པ་དང་དག་སྣང་ཡིན་པའི་ཁུལ་གྱིས་བླ་སྤྲུལ་གཞོན་པ་རྣམས་ཕྱི་ནང་གི་ཕྱོགས་གང་ཐད་ནས་སྐྱག་ལང་དུ་གཏོང་གི་ཡོད། དཔེར་ན་བླ་སྤྲུལ་སྐུ་ན་གཞོན་པ་རྣམས་ཀྱི་མཛད་སྤྱོད་སོགས་ཕྱིན་ཅི་ལོག་ཏུ་འགྱུར་གྱི་ཡོད་ནའང་། སྐུ་གོང་མ་དངོས་ཡིན་སྙམ་པའི་དག་སྣང་ཡིན་ཁུལ་གྱིས། དངོས་དང་བརྒྱུད་ནས་སློབ་སྟོན་མེད་པ་དང་། སྐུ་གོང་མའི་མཁྱེན་པ་དང་རྟོགས་པའི་རྣམ་པར་ཐར་པ་རྣམས་སློབ་པའི་ཚབ་ཏུ། གོ་ས་ཆེ་ཆུང་དང་། བཞུགས་གདན་མཐོ་དམན་ཙམ་ལ་ཡང་རྩོད་གླེང་བྱེད་པའི་རྐྱེན་གྱིས་བླ་སྤྲུལ་ཆུད་ཟོས་སུ་བཏང་བ་མཐོང་རྒྱུ་འདུག་པ་ལྟ་བུ་རེད།
ཕྱོགས་གཞན་ཞིག་ནས་བཤད་ན་ཡང་སྲིད་བྱིས་པ་གཞོན་ནུ་ལ་ཆོས་ཕྱོགས་ཀྱི་སློབ་སྦྱོང་སྤྲོད་ཀྱི་ཡོད་ཁུལ་གྱིས་གཟིམ་ཁང་ལེགས་པོ་ཞིག་གི་ནང་དུ་བཙོན་པ་བཞིན་བཅུག་སྟེ། གྲུམ་གདན་ཐོག་ལ་གོས་ཆེན་བཀོན་ཞིང་འཇིག་རྟེན་གྱི་ཚུལ་འཆོས་རྣམས་ཨུ་ཚུགས་ཆེན་པོས་སློབ་པའི་ལུགས་སྲོལ་འདི་ནི། ཆོས་ཕྱོགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བསླབ་པ་གསུམ་གྱིས་གསོ་སྐྱོང་བྱེད་ཚུལ་དང་འགལ་བ་མ་ཟད། འགྲོ་བ་མིའི་བྱིས་པ་གསོ་སྐྱོང་བྱེད་པའི་ལམ་ལུགས་དང་འགལ་བ་ཤིན་ཏུ་ཆེན་པོ་ཡིན། བྱིས་པ་ཆུང་ངུ་ཞིག་ལ་ཞབས་ཕྱི་བགྲེས་པ་མང་པོས་བསྐོར་ཞིང་། གུས་འདུད་ཤིན་ཏུ་ཆེན་པོས་ཞབས་ཞུ་བྱེད་ཅིང་། ཐ་ན་ཕྱགས་ལྷམ་ཡན་ཡར་བཀོན་པ་དང་མར་ཕུད་རོགས་བྱེད་པ་དང་། མི་མང་ཚོགས་པ་ཆེན་པོའི་ནང་དུ་གསོལ་ཚིགས་མཆོད་པའི་ཚེ། སྤྲུལ་སྐུ་རྣམས་ཀྱིས་མཚན་གནས་དང་གྲལ་རིམ་གྱི་ཆེ་མཐོང་དབང་གིས་མི་མང་དཀྱུས་མའི་གྲས་སུ་མི་བཞུགས་ནས། ཞལ་ཟས་ཀྱི་རིགས་དང་གསོལ་ཇ་མཆོད་པའི་སྐབས་སུ་ཞབས་ཕྱིས་རིམ་པ་བཞིན་ཡར་འདེགས་དགོས་པ་དང་། སྐུ་ན་ཆུང་བའི་བྱིས་པ་ཞིག་ཁྲི་འཕང་མཐོན་པོའི་སྟེང་དུ་ཡར་བཞག།དེ་ལ་བླ་མ་དགུང་ལོ་བགྲེས་པ་གནས་བརྟན་འདུལ་བ་འཛིན་པ་འོད་སྲུང་ལྟ་བུ་ཚོས་ཀྱང་ཕྱག་འཚལ་བ་དང་། དེའི་སྐབས་སུ་ཁྲི་གོང་ལ་བཞུགས་པའི་བླ་སྤྲུལ་རྣམས་ཇི་མི་སྙམ་པར་བཞུགས་པ་དང་། ཞབས་ཕྱི་བགྲེས་པ་ཚོ་ལ་ཅ་ལག་དོ་བོ་ཆེན་པོ་དེ་འདྲ་རྒྱབ་ཏུ་འཁུར་བཅུག་ཅིང་། ན་གཞོན་སྤྲུལ་སྐུ་རང་ཉིད་ཕྲག་པ་སྟོང་པར་ཕེབས་པ་འདི་ཚོ་ཐམས་ཅད་ནི། དེང་སང་གི་སྤྱི་ཚོགས་ཀྱི་མིག་སྔར་ཁྱོན་ནས་མི་མཛེས་པ་ཡིན།
སྤྲུལ་སྐུ་དགུང་ན་ཕྲ་བའི་སྐབས་སུ་སྐྱེད་སྲིང་བྱ་སའི་ཁོར་ཡུག་དེ་ཤིན་ཏུ་གནད་འགག་ཆེན་པོ་ཡིན་པར་བརྟེན་ཁོར་ཡུག་དེ་ལ་ཇི་ཙམ་བཞུགས་ཀྱང་སུན་སྣང་སོགས་མི་སྐྱེ་བའི་ཁར་དེ་ཙམ་གྱིས་ངོམས་པ་མེད་པ་དགའ་བོ་དང་སྤྲོ་བོས་བཞུགས་འདོད་ཡོད་པ། ཡང་སྲིད་དེས་སྤྱིར་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་རྣམས་མཁྱེན་ཐུབ་པ་དང་། ཁྱད་པར་རིག་རྩལ་སོགས་ཐུགས་རྒྱུད་ལ་སྦྱར་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་དགོས། གཞན་མ་གཏོགས་ཁོར་ཡུག་ལ་གུ་ཡངས་མེད་ཅིང་། ཡོངས་འཛིན་དགེ་རྒན་ཁྲོ་གཉེར་ཅན་གྱིས་ཉིན་མཚན་དུས་དྲུག་ཏུ་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་། ཐ་ན་ཆབ་ཁང་དུ་ཕེབས་པའི་ཚེ་ནའང་ཞབས་ཕྱི་མི་ཉུང་བས་བསྐོར་བ་སོགས་བྱས་ན། ཡང་སྲིད་ལོ་ཆུང་ཚོ་ཁོར་ཡུག་ལ་འཇིགས་སྐྲག་དང་སུན་སྣང་སྐྱེ་ཞིང་། ཤེས་ཡོན་སློབ་སྦྱོང་ལ་ཡར་རྒྱས་འགྲོ་རྒྱུ་མེད་པའི་ཁར་བླ་སྤྲུལ་གྱི་མི་ཚེ་ལ་ཞེན་པ་ལོག་ནས་། བཙོན་པས་བཙོན་ལས་ནམ་ཐར་སྙམ་ནས་ངང་སྒུག་བྱེད་པ་ལྟར་ཁོར་ཡུག་དེ་ལས་ནམ་ཐར་སྙམ་ནས་སྒུག་སྡོད་མཁན་མང་པོ་ཡོད། སྤྲུལ་སྐུ་དགུང་གྲངས་ཆུང་ཆུང་གི་སྐབས་སུ་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་ཐད་ནས་འཐུས་ཤོར་ཅུང་ཟད་ཤོར་བའི་ཚེ་ན་ལམ་སང་དམའ་འབེབ་བཏང་ནས་ངོ་ཚ་བཅུག་པ་དང་། སྐུ་ཡོན་དང་ཀུན་སྤྱོད་སོགས་ཡར་རྒྱས་ལེགས་པོ་འགྲོ་བའི་ཚེ་གཟེངས་བསྟོད་བྱེད་པ་དང་བྱ་དགའ་སྤྲད་པ་སོགས་མི་བྱེད་པ་ནི་གསོ་སྐྱོང་བྱེད་སྟངས་མི་ཤེས་པ་རེད། སྐུ་ན་ཕྲ་མོའི་དུས་ནས་ཐུགས་རིག་བཀྲ་བའི་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱེད་དགོས། དཔེར་ན་སྐུ་རྩེད་གནང་ཞོར་དུ་སྤྱི་ཚོགས་ཀྱི་ཤེས་ཡོན་བཤད་སྟངས་དང་། འགྲོ་སྟངས། སྡོད་སྟངས། ཟ་སྟངས་སོགས་ཤེས་པར་བྱ་རྒྱུ་དང་། ཐུགས་རྒྱུད་འཇམ་པོ་ཡོང་ཐབས་སོགས་བག་ཆགས་བཟང་པོ་རྒྱུད་ལ་འཇོག་ཐུབ་པ་བྱེད་དགོས།

གོང་དུ་ཞུས་པ་ལྟར་རྩ་བའི་དམིགས་ཡུལ་ལས་མ་འདས་པའི་ཐོག་ཕྱི་ནང་གི་ཤེས་ཡོན་དང་ཀུན་སྤྱོད་སོགས་རྒྱ་ཆེན་པོ་ཡོང་ཐབས་ལ་དམིགས་པ་ལས། ཉི་ཚེ་བའི་ཤེས་ཡོན་སྐད་གསང་ཐོན་པོས་འདོན་པ་སོགས་སྐྱོར་ཐུབ་པ་ཙམ་དང་། ཕར་ཚུར་འགུལ་སྐྱོད་སོགས་གང་ཡང་མི་བྱེད་པར་གསེར་སྐུ་ནང་བཞིན་ཙོག་གེར་སྡོད་ཐུབ་པ་ཙམ་དང་། ཀུན་སྤྱོད་ཀྱང་བླ་རྒན་ཞིག་གི་བྱེད་སྟངས་ལྟ་བུར་ཤེས་ན་ལེགས་པའི་ཡོན་ཏན་དུ་བརྩི་ཞིང་། ངོ་མཚར་དུ་འཛིན་པ་སོགས་ནི་གནའ་བོའི་སྲོལ་རྒྱུན་རྙིང་པ་དོན་མེད་ཁ་སྟོང་རྗེས་ལུས་ཤོར་པའི་བསམ་ཚུལ་ཞིག་ཡིན། དེ་བས་ཙོག་གེར་སྡོད་ཐུབ་པར་བཟོ་རྒྱུ་དེ་རྩ་བའི་དམིགས་ཡུལ་མ་ཡིན་པར། རྩ་བའི་དམིགས་ཡུལ་ནི་ཡང་སྲིད་དེ་སེར་སྣ་དང་ང་རྒྱལ་སོགས་མེད་པ། འདོད་པ་ཆུང་ཞིང་ཆོག་ཤེས་པ། མཐོ་དམན་ཀུན་ལ་བརྩི་བཀུར་དང་ཞེ་ས་ཤེས་པ། བྱམས་པ་དང་སྙིང་རྗེ་སོགས་ཡོད་མཁན་གྱི་བསྟན་འཛིན་གྱི་སྐྱེས་བུ་ཞིག་བསྐྲུན་རྒྱུ་དེ་རེད། དེ་ལྟར་བཟོ་བར་བྱེད་པ་ལ་གོང་ནས་བཤད་པའི་ཡོན་ཏན་རྣམས་ལས་ཕྲན་བུ་རེ་ན་གཞོན་སྤྲུལ་སྐུ་ཚོ་ལ་ཡོད་ན་དེ་མ་ཐག་ཏུ་གཟེངས་བསྟོད་དང་བསྔགས་བརྗོད་བྱ་རྒྱུ་དང་། ཡོན་ཏན་དེ་རྣམས་མི་འདུག་ན་ཡོན་ཏན་དེ་རྣམས་ཡོད་དགོས་རྒྱུ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པའི་དྲན་བསྐུལ་བྱ་རྒྱུ་སོགས་ཀྱི་ཐབས་ཤེས་གང་དྲག་གནང་དགོས།
དགུང་ལོ་ཆུང་ངུའི་དུས་ནས་ཚུལ་འཆོས་བྱེད་སྟངས་ཤ་སྟག་སློབ་ཅིང་། ཚུལ་ཆོས་དེའང་བོད་ཀྱི་ལུང་པ་ཁུག་ཀྱོག་ཕྱོགས་རེ་བའི་ནང་ལ་དར་བའི་གོས་ཆེན་གྱི་སྟོད་ཐུང་སོགས་གྱོན་རྒྱུ་དང་། སྐུ་པར་རྒྱག་པ་སོགས་ཀྱི་སྐབས་སྐུ་དྲང་པོར་བསྲངས་ཤིང་ཕྱག་མཉམ་གཞག་གི་ཕྱག་རྒྱ་དང་། ཞབས་རྡོ་རྗེ་སྐྱིལ་ཀྲུང་བཅའ་བ་སོགས་དང་། ཟུར་དུ་ཐོན་ཏེ་བཞུགས་པ་ལས་མང་ཚོགས་དང་མཉམ་སྡོད་མི་བྱེད་པ་དང་། བཀའ་མོལ་མང་པོ་མི་གནང་རྒྱུ་དང་། རྩེད་ཆས་དང་། གློག་བརྙན། བུད་མེད་སོགས་ལ་མི་དགའ་བའི་ཚུལ་སྟོན་པ་སོགས་ཆེད་དུ་བསླབས་ཆེ་བའི་དབང་གིས་མཐར་ཁ་དོན་གཏན་ནས་མི་མཚུངས་པའི་ཚུལ་འཆོས་ཀྱི་གོང་བུར་གྱུར་པ་མང་པོ་ཡོང་གི་ཡོད་ལ། སྤྲུལ་སྐུ་ལ་ལར་སྐུ་ཡོན་ངོ་མ་གང་ཡང་ལོབ་ཀྱི་མེད་ཅིང་། གལ་སྲིད་ཕྲན་བུ་རེ་ལོབས་ཀྱང་ཤེས་རབ་འཆལ་བར་གྱུར་པའམ། ཡོན་ཏན་དེ་ཕྱོགས་སུ་ལྷུང་ནས། ཕྱིས་སུ་སྐུ་ན་རྫོགས་པའི་སྐབས་ང་རྒྱལ་དང་། ཕྱོགས་རིས་དང་། རང་མཐོང་ཆེན་པོ་ཅན་དུ་གྱུར་ནས་རླབས་ཆེན་གྱི་ཕྱག་ལས་གང་ཡང་གནང་ཐུབ་ཀྱི་མེད། དེ་ལྟར་སྤྲུལ་སྐུ་གསོ་སྐྱོང་དང་། འཚར་ལོངས་བྱ་སའི་ཁོར་ཡུག་བཟང་པོ་མེད་པའི་རྐྱེན་གྱིས་སྤྲུལ་སྐུ་ན་གཞོན་མང་པོ་ཞིག་འཕྲོ་བརླག་ཏུ་ཤོར་གྱི་ཡོད། འཕྲོ་བརླག་འགྲོ་སྟངས་དེའང་ལ་ལ་ནི་སྦ་གསང་མེད་པར་ཕྱི་གསལ་ནང་གསལ་བྱེད་ནས་དང་། ལ་ལ་ནི་དམ་སྡོམ་ཚང་མ་ཉམས་ཚར་ནས་ཕྱི་ནང་གི་ཡོན་ཏན་གང་ཡང་མེད་ཀྱང་ད་དུང་ཁྲི་ཁར་བཞུགས་ཤིང་། དགེ་ཚུལ་སློང་གི་སྡོམ་པ་ཡང་གནང་བ་དང་། སྤྲུལ་སྐུ་རང་ཉིད་ཀྱིས་སྔགས་ཆོག་ཀྱི་དབང་ལུང་གི་རྒྱུན་ཐོབ་ཡོད་མེད་ལ་མ་ལྟོས་པ་དང་། གལ་ཏེ་ཐོབ་ཏུ་ཟིན་ཀྱང་བསྙེན་པ་སོགས་ལས་རུང་ཡོད་མེད་ལ་མ་ལྟོས་པར་དབང་བསྐུར་བ་དང་རྒྱུད་འཆད་པ་སོགས་ཀྱིས་རྒྱུས་མེད་ཀྱི་ཕྱི་ནང་གི་མི་རིགས་མང་པོ་ལ་མགོ་སྐོར་བཏང་སྟེ། གཡོ་ཁྲམ་ཧམ་ཆེན་གྱིས་བསྟན་པའི་རྩ་བ་ལའང་རྨ་འབྱིན་མཁན་དུ་འགྱུར་གྱི་ཡོད། མདོར་ན་རང་རེའི་ད་ཡོད་ཀྱི་སྤྲུལ་སྐུ་གསོ་སྐྱོང་བྱེད་པའི་ལམ་ལུགས་རྙིང་པ་འགའི་རྐྱེན་པས་སྤྲུལ་སྐུ་ཁ་ཤས་བསྟན་པ་འཛིན་ནུས་སུ་འགྱུར་བ་ལྟ་ཅི་སྨྲ་ཤེས་ཤིང་དོན་གོ་བའི་མིའི་གོ་ཙམ་ཡང་མི་ཆོད་པ་དེ་འདྲ་ཆགས་འགྲོ་བཞིན་འདུག།
སྤྱིར་སྤྲུལ་སྐུ་དགུང་ན་ཕྲ་བ་རྣམས་འཚར་ལོངས་ཇི་ལྟར་འགྱུར་མིན་དེ་ཁོར་ཡུག་ཡག་བཙོག་གིས་བཞག་པའི་བག་ཆགས་བཟང་ངན་གྱི་རྐྱེན་ལ་རག་ལས་པ་འདྲ། གལ་ཏེ་ཡང་སྲིད་སྤྲུལ་སྐུ་དེ་ཁོར་ཡུག་གང་ན་བཞུགས་ཁྲི་མཐོ་དམན་དང་། ཞབས་ཕྱི་མང་ཉུང་། གཟིམ་ཤག་ཆེ་ཆུང་། ཕེབས་འཁོར་ལེགས་ཞན་སོགས་ལ་བརྩི་མཐོང་དང་དོ་སྣང་ཧ་ཅང་ཆེན་པོ་ཡོད་ས་ཞིག་ལ་འཚར་ལོངས་བྱས་ན། སྤྲུལ་སྐུ་རྣམ་པའང་དེ་དག་གི་རིགས་ལ་བརྩི་མཐོང་དང་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་ཏུ་རང་བཞིན་གྱིས་འགྱུར་གྱི་ཡོད་ལས་ཆེ། རིམ་གྱིས་བླ་སྤྲུལ་དེ་རྣམས་མིག་དཔེར་འགྱུར་ཏེ་བླ་སྤྲུལ་དེ་རྣམས་ཀྱི་རྗེས་སུ་འབྲང་མཁན་སློབ་མ་གྲྭ་བཙུན་དང་མི་མང་དཀྱུས་མ་ཐམས་ཅད་ཀྱང་རྒྱུ་རྫས་དཔལ་འབྱོར་དང་། ཐོབ་དང་གོ་ས་རྐྱང་རྐྱང་ལ་གཙིགས་སུ་འཛིན་ཞིང་། དེ་དག་གི་ཆེད་ཁོ་ནར་བསམ་མནོ་གཏོང་མཁན་ཤ་སྟག་ཏུ་འགྱུར་གྱི་ཡོད། དེས་ན་བསམ་ཚུལ་ལྟར་འགྲུབ་ན་བླ་སྤྲུལ་རྣམས་ནི་མ་འོངས་པར་བསྟན་དང་འགྲོ་བའི་དཔུང་གཉེན་དང་མགོན་སྐྱབས་ཡིན་པས་ཁོང་ཚོས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གང་འདྲ་བྱེད་དགོས་པའི་ཟབ་སྦྱོང་སྤྲད་སའི་དམིགས་བསལ་སློབ་གྲྭ་དཔེར་ན། འཛམ་གླིང་གི་ཡུལ་གྲུ་འགའ་རེའི་ནང་དུ་གཞོན་ནུ་བློ་རིག་གསལ་པོ་ཡོད་མཁན་ཚོ་ལ་ཆེད་དུ་མ་འོངས་པར་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་དབུ་ཁྲིད་བྱེད་ཕྱོགས་སྐོར་ཟབ་སྦྱོང་བྱ་སའི་སློབ་གྲྭ་ཡོད་པ་དེ་ལྟ་བུ་ཞིག་འཛུགས་ཐུབ་ན་ཤིན་ཏུ་ལེགས་མོད། རང་ཅག་བོད་རིགས་ལ་དཔུང་པ་མཉམ་གཤིབ་ཀྱིས་ཕྱག་ལས་གནང་བའི་གོམས་གཤིས་མེད་ཅིང་རང་མགོ་ཅི་ཐོན་བྱེད་རྒྱུར་འདོད་མོས་ཆེ་སྟབས་དེ་ལྟར་འཛུགས་ཐུབ་པ་ཤིན་ཏུ་དཀའ།
དེ་ལྟར་མ་བྱུང་ན་ཡང་གོང་དུ་ཞུས་པ་བཞིན་རང་གི་དགོན་པའམ་བླ་བྲང་ཁག་ལྟ་བུའམ་ཐ་ན་བླ་སྤྲུལ་གྱི་ནང་མི་ཁག་ལྷན་འཛོམ་གྱིས་སྤྲུལ་སྐུ་གསོ་སྐྱོང་ཇི་ལྟར་དགོས་མིན་གྱི་སྐོར་གྲོས་བསྡུར་དང་། སྤྲུལ་སྐུ་རྣམ་པར་སློབ་གསོ་གང་འཚམ་སྤྲོད་ཐུབ་ན་དགེ་མཚན་ཆེན་པོ་ཡོད། རང་རེ་བོད་ཀྱི་མི་རིགས་སྲོལ་རྒྱུན་རྙིང་པར་ཧ་ཅང་དུང་ཆེ་སོང་བའི་དབང་གིས་ད་དུང་ཡིན་ནའང་གནས་དུས་དང་བསྟུན་ནས་སློབ་སྦྱོང་སྤྲོད་དགོས་ཀྱི་འདུག་ཅེས་བསམ་མཁན་ཡང་དཀོན་པོ་རེད། གལ་སྲིད་རེ་ཟུང་ཡོད་དུ་ཆུག་ནའང་དུས་དང་བསྟུན་པའི་སློབ་སྦྱོང་སྤྲོད་དགོས་ཟེར་དུས། ཕལ་ཆེ་བས་དབྱིན་སྐད་ལྟ་བུའི་སྐད་ཡིག་རིགས་རེ་ཟུང་ཙམ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་སྐད་རིགས་ཀྱི་སློབ་སྦྱོང་ཡོད་པ་ཙམ་གྱིས་འདང་གི་མེད། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཁག་གི་བསམ་བློ་གཏོང་ཕྱོགས་དང་། དེ་དག་གི་རིགས་གཞུང་། སྙན་ངག།ཆོས་ལུགས། འགྲོ་སྟངས། སྤྱི་ཚོགས་ཀྱི་གོམས་གཤིས། ཡུལ་དང་ལུང་པ་དེ་དག་གིས་ཐ་སྙད་བེད་སྤྱོད་གཏོང་སྟངས་ཡན་ཆོད་གང་ལ་གང་འཚམས་མཁྱེན་པར་བྱ་རྒྱུ་དེ་དོ་གལ་ཆེན་པོ་འདུག དེ་བཞིན་གཞན་གྱི་མིག་སྔར་མི་མཛེས་པའི་ལེགས་ཉེས་ཀྱི་སྤྱོད་ལམ་ཆེ་ཕྲ།དཔེར་ན་ཟ་ཁང་ནང་ཞལ་ལག་བཞེས་ཚེ་ཐུར་མ་སོགས་བེད་སྤྱོད་གཏོང་སྟངས། ཁ་ནས་སྒྲེགས་པ་དང་ཁ་ལུད་འཕེན་པ་སོགས་སྤྱི་ཚོགས་སམ་མི་རིགས་གཞན་གྱི་མིག་སྔར་མི་མཛེས་པའི་སྐྱོན་གྱི་རིགས་གང་ཡིན་ངོས་འཛིན་ཤེས་པ་དང་། ཡུལ་ལུང་སོ་སོས་ཡ་རབས་སྤྱོད་བཟང་དུ་བརྩི་བའི་རྣམ་འགྱུར་བཟང་པོ་དཔེར་ན་རྒན་འཁོགས་དང་། བུད་མེད་མངལ་ཆགས་སྦྲུམ་མ་ལྟ་བུ་ལ་བསྡད་སའི་རྐུབ་སྟེགས་སྤྲོད་རྒྱུ་འདྲ་དང་། དེ་བཞིན་བུད་མེད་ཀྱི་རིགས་ལ་སྒོ་ཕྱེ་རོགས་བྱས་ནས་དང་པོ་སྔོན་དུ་འཛུལ་འཇུག་པ་སོགས་ཡན་ཆད་ཀྱང་མཁྱེན་དགོས།
གཞན་གྱི་ཤག་ཏུ་ཕེབས་སྐབས་ཐོག་མར་སྒོ་གླེགས་བརྡུང་བའི་རྗེས་སུ་ཕེབས་པ་ལས་བབ་ཅོལ་དུ་མི་ཕེབས་རྒྱུ་དང་གཞན་ཡང་བླ་མ་སྤྲུལ་སྐུ་ཚོས་མི་དང་མཉམ་དུ་བཀའ་མོལ་གནང་བའི་སྐབས་སུ། བཀའ་མོལ་ཕར་གནང་རྒྱུ་ལས་ཚུར་ཡག་པོ་གསན་ཤེས་རྒྱུ་དེ་གནད་འགག་ཆེ་བར་ཤེས་དགོས། བཀའ་མོལ་གནང་བའི་སྐབས་སུ་བཀའ་མོལ་ལ་སེམས་པ་མི་གཏད་ཅིང་། སྤྱན་གྱིས་གཡས་དང་གཡོན་ལ་གཟིགས་པ་འདྲ་དང་། གཞན་གྱིས་བཤད་བཞིན་པའི་བར་ལམ་དུ་ཐོལ་བྱུང་གིས་བརྗོད་གཞི་གཞན་གྱི་ཐོག་ལ་དྲི་བ་འདྲི་བ་སོགས་བྱས་ན་དབུ་ཁྲིད་ཅིག་དང་སློབ་སྟོན་པ་ཞིག་གི་མཚན་ཉིད་མ་ཚང་པ་ཡིན། དཔེར་ན་དབྱིན་ཇིའི་རྒྱལ་སྲས་ཚོ་གསོལ་སྟོན་ལྟ་བུའི་ཁར་ཕེབས་པའི་ཚེ། གསོལ་ཚིགས་བཞེས་པའི་སྐབས་སོགས་སུ་དགའ་སྟོན་ཁར་ཕེབས་མཁན་གྱི་མི་རེ་རེ་བཞིན་འཚམས་འདྲི་བྱེད་རྒྱུ་དང་། མི་དེ་ཚོ་སོ་སོའི་མིང་ཡང་ཧ་གོ་བར་བྱས་ཡོད། དེ་དག་དང་ལྷན་དུ་བཀའ་མོལ་གནང་ཚེ་མི་ཚོའི་ངོ་གདོང་དུ་གཟིགས་པ་ལས་ཞལ་གྱིས་བཀའ་མོལ་གསུངས་བཞིན་དུ་སྤྱན་གྱིས་ས་ཕྱོགས་གཞན་ལ་གཟིགས་པ་མི་གནང་བ་སོགས་ཀྱིས་མི་དཀྱུས་མ་ཚོའི་སེམས་ལའང་། རྒྱལ་སྲས་ཀྱིས་ངའི་མིང་ཡང་ཤེས་ཀྱི་འདུག་ལ་དུས་ཚོད་དང་དོ་སྣང་ཡོངས་རྫོགས་ང་ལ་སྤྲོད་ཀྱི་འདུག་བསམ་པའི་སེམས་ཚོར་སྦྱིན་གྱི་ཡོད་པ་ལྟར་བཀའ་མོལ་གནང་སྟངས་དེ་འདྲ་ཤེས་པར་བྱེད་དགོས། གཅིག་བྱས་ན་རང་རེ་བོད་ལ་ཐུན་མིན་གྱི་ལུགས་སྲོལ་ཞིག་ཡོད་པ་འདི་ཚོ་ལས་ལྷག་པར་མི་དགོས་བསམ་ཞིང་། གཞན་གྱི་རིག་གཞུང་ལ་བརྩི་འཇོག་མེད་པར་མགོ་བོ་མཁྲེགས་པོར་བྱས་ཏེ་བསྡད་ནའང་མ་འགྲིག་པ་མེད་མོད། འོན་ཀྱང་དཔེར་ན་ནུབ་ཕྱོགས་པ་འགའ་ཤས་ང་རང་ཚོའི་མཆོད་ཁང་ནང་དུ་རྐང་ལག་བརྐྱངས་ཤིང་འདུག་པའི་སྐབས་སུ། སྤྱོད་པ་འདིའི་རིགས་ང་རང་ཚོའི་ངོར་ངན་པར་རྩི་གི་ཡོད་པ་ལྟར། ཕ་རོལ་པོས་ཀྱང་རང་ཅག་གི་སྤྱོད་ལམ་ཁག་ལ་དེ་ལྟར་མཐོང་གི་ཡོད་རྒྱུ་རེད། བླ་སྤྲུལ་རྣམས་ཀྱིས་རང་གི་སློབ་མ་དང་། ཉེ་གནས་ཞབས་འབྲིང་པ་ཚོའི་མདུན་ན་ཀུན་སྤྱོད་ཡག་པོ་གནང་གི་ཡོད་པ་ལྟར། རང་གི་སློབ་མ་དང་། ཉེ་གནས་མིན་པ་ཚོའི་འགྲམ་ལ་ཡང་དེ་ལྟར་གནང་རྒྱུ་དང་། ལྷག་པར་དུ་ནང་པ་མ་ཡིན་པའམ། ནང་ཆོས་ལ་ཐོག་མར་དོ་སྣང་བྱེད་མཁན་རྣམས་ཀྱི་སྔོན་དུ་སྤྱོད་ལམ་དམིགས་བསལ་གྱིས་གཟབ་གཟབ་གནང་དགོས། བླ་སྤྲུལ་གཅིག་གི་མཛད་སྤྱོད་ལ་བརྟེན་ནས་གང་ཟག་གཅིག་ནང་ཆོས་ལ་དང་བ་མི་འདྲེན་པ་དང་ཞེན་པ་ལོག་པ་སོགས་བྱས་ཤིང་ཐར་པའི་ས་བོན་བཅོམ་ན་ཆོས་ཕྱོགས་ཀྱི་དབང་དུ་བཏང་ནའང་ཉེས་པ་ཤིན་ཏུ་ཆེ།

བླ་བྲང་དང་། ཕ་མ། དགོན་པ་སོགས་ཀྱིས་བླ་སྤྲུལ་ཡང་སྲིད་རྣམས་ཀྱིས་རབ་བྱུང་གི་སྡོམ་པ་ཞུ་རྒྱུའི་ཐད་ལའང་ཐུགས་བསམ་རྒྱ་ཆེན་པོ་བཞེས་དགོས་ཀྱི་འདུག སྤྱིར་རབ་ཏུ་བྱུང་རྒྱུ་དེ་རང་གཞན་གཉིས་ཕན་གྱི་བྱ་བ་རླབས་པོ་ཆེ་ཞིག་ཡིན་པ་ནི་སུས་ཀྱང་བསྙོན་དུ་མི་ནུས་ཀྱང་། གནའ་བོའི་ལུགས་སྲོལ་ཡིན་པའི་རྒྱུ་མཚན་དང་སྐུ་གོང་མ་རིམ་བྱོན་རྣམས་དགེ་སློང་ཤ་སྟག་ཡིན་པའི་རྒྱུ་མཚན་སོགས་ལ་བརྟེན་ནས། ཡང་སྲིད་དེས་ཀྱང་ངེས་པར་ཅན་དུ་རབ་བྱུང་གི་སྡོམ་པ་ཞུ་དགོས་པ་ལྟ་བུ་དང་། སྙན་གྲགས་དང་བཀུར་སྟི་སོགས་ལ་ཕན་དུ་རེ་ནས་དགེ་སློང་གི་སྡོམ་པ་ཞུ་བཅུག་པ་དང་། རབ་ཏུ་མ་བྱུང་ན་མི་ཡིས་འཕྱ་སྨོད་ཡོང་བར་འཇིགས་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུ་བ་སོགས་ནི་གཏན་ནས་མི་རུང་། དེའང་ངེས་པར་འབྱུང་བའི་བློ་བཅོས་མིན་ཞིག་རྒྱུད་ལ་མེད་ན་ངེས་འབྱུང་གི་སྡོམ་པ་ཆགས་པའི་སྣོད་ཀྱང་མི་རུང་བའི་སྐོར་ཕྱོགས་ཙམ་ངེས་པར་དུ་ཤེས་པར་བྱེད་དགོས། བླ་སྤྲུལ་རང་རང་ལ་རབ་བྱུང་གི་སྡོམ་པ་ཞུ་འདོད་མེད་བཞིན་དུ་མང་ཚོགས་ཀྱི་བསམ་ཚུལ་དང་། ཕ་མ་དང་། ཞབས་ཕྱི། དགེ་རྒན་སོགས་ཀྱིས་བསྡིགས་དམོད་བྱེད་ཅིང་། བཙན་དབང་བྱས་ཏེ་སྡོམ་པ་ཞུ་བཅུག་པ་ནི་བདེ་བར་གཤེགས་པའི་རིང་ལུགས་དང་ཡང་འགལ་བ་རེད།
དམ་ཆོས་འདུལ་བའི་གཞུང་རྣམས་ལས་དགེ་སློང་གི་སྡོམ་པ་ཞུ་བ་པོའམ། བསྒྲུབ་བྱ་རང་ཉིད་ལོ་ཉི་ཤུ་ལོན་པ་ཞིག་ཡིན་དགོས་གསུངས་ཡོད་པས། རང་ལོ་ཉི་ཤུའམ་སུམ་ཅུ་མ་ལོན་གྱི་བར་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་མ་ཞུས་ན་ལེགས་ཆ་ཆེ། འོན་ཀྱང་སྤྱིར་རབ་བྱུང་གི་སྡོམ་པ། ཁྱད་པར་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་དང་མི་ཞུའི་གདམ་ཀ་དེ་བླ་སྤྲུལ་རང་ཉིད་ལ་ཡོད་དགོས་པ་ལས། གཞན་གྱིས་དབང་ཡོད་བྱས་ཏེ་སྡོམ་པ་ཞུ་བཅུག་མི་རུང་། སངས་རྒྱས་ཀྱི་བསྟན་པའི་རྩ་བ་ནི་དམ་ཆོས་འདུལ་བ་ཡིན་པར་བརྟེན། འདུལ་བའི་བསྟན་པ་འདི་གསེར་སྦྱང་གཙོ་མ་བྱི་དོར་བྱས་པ་ལྟར་ཁམས་གཙང་སྤུས་དག་ཅིག་འོང་ཐུབ་པའི་ཐབས་ཤེས་སྣ་ཚོགས་གཏོང་དགོས། དཔེར་ན་བླ་སྤྲུལ་རང་ཉིད་ལ་སྡོམ་པ་ཞུ་འདོད་ཡོད་ཀྱང་། སྡོམ་པ་མ་ཞུས་པའི་སྔོན་དུ། ཐ་ན་ཉི་མ་རེ་རེ་ལ་རབ་ཏུ་བྱུང་བའི་ཕན་ཡོན་ག་ཚོད་ཡོད་མེད་ཀྱི་སྐོར་དང་། གལ་སྲིད་སྐྱ་སར་འབབ་འདོད་བྱུང་ན་དགེ་ཚུལ་སློང་གི་སྡོམ་པ་ཡར་འབུལ་རྒྱུ་ཡོད་པའི་སྐོར་དང་། སྡོམ་པ་མ་ཕུལ་བཞིན་ཕམ་པ་འཆབ་བཅས་ཀྱིས་ཉམས་ན་ཤིང་ཏ་ལའི་མགོ་བོ་ཆད་པ་ལྟར་སླར་གསོར་མི་རུང་བའི་སྐོར་སོགས་ནན་ཏན་གྱིས་གསལ་པོར་ར་སྤྲོད་དགོས།
མདོར་བསྡུས་ནས་བཤད་ན་སྤྱིར་གཞོན་ནུའི་རིགས་སུ་ཡིན་ནའང་གསོ་སྐྱོང་སྐྱེད་སྲིང་ཡག་པོ་བྱས་ཏེ་མཐར་རང་གཞན་གཉིས་ཀ་ལ་ཕན་ཐོགས་ངེས་ཀྱི་མི་གོ་ཆོད་པ་ཞིག་བཟོ་རྒྱུ་དེ་གལ་ཆེའི་རྩ་དོན་དུ་འཛིན་དགོས། མི་གོ་ཆོད་པ་ཞིག་འོང་བ་ལ་ཐོག་མར་རང་མགོ་ཐོན་པ་ཞིག་འོང་དགོས། གཞོན་ནུའི་ནང་ནས་ཀྱང་བླ་སྤྲུལ་གཞོན་པ་རྣམས་ནི་བསྟན་པ་དང་སེམས་ཅན་གྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་གཞན་མགོ་འདོན་པའི་སྔོན་དུ་ཐོག་མར་རང་མགོ་ཐོན་པ་ཞིག་ངེས་པ་ཅན་དུ་འོང་ཐུབ་པའི་ཐབས་ཤེས་ཡོད་དགུས་འབད་དགོས་ཀྱི་འདུག རང་མགོ་ཐོན་པ་ཞིག་དགོས་ཀྱི་འདུག་ཟེར་བ་དེའང་། གཙོ་བོ་ཆོས་ཕྱོགས་ནས་རང་མགོ་ཐོན་པ་ཞིག་ངེས་པར་དུ་དགོས། སྲོག་གི་ཕྱིར་དུ་བསྟན་པ་དང་སེམས་ཅན་བློས་མི་གཏོང་བ་ཞིག་བཟོ་མ་ཐུབ་ཀྱང་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་བསྟན་པ་དང་སེམས་ཅན་བློས་མི་གཏོང་བ་ཞིག་བཟོ་ཐུབ་དགོས། དེ་ཡི་ཐོག་ཏུ་ཕྱི་ནང་གི་ཤེས་ཡོན་གང་ཅིའི་ཐད་ནས་རང་རྐྱ་ཐུབ་པ་ཞིག་དང་། མི་སྣ་ཆེ་ཆུང་དྲག་ཞན་སུ་དང་འཕྲད་ནའང་ཐད་ཀར་གདོང་གཏུགས་ཤིང་འབྲེལ་བ་བྱེད་ཤེས་པ་དང་། གལ་ཏེ་བླ་སྤྲུལ་རང་ལ་ཞབས་གྲས་དང་དངུལ་སོགས་མེད་པའི་དཀའ་ངལ་འཕྲད་པ་དང་། གཞན་ཡང་ཛ་དྲག་གི་གནས་ཚུལ་ལྟ་བུ་ཐོན་པའི་ཚེ་ནའང་གནས་དུས་གང་དུ་འགྲོ་འདུག་ཇི་ལྟར་དགོས་པ་ཤེས་པའི་ཤེས་ཡོན་དང་། དེ་ལྟར་བྱེད་པའི་སྤོབས་པ་ཡོད་པ་ཞིག་ཆགས་དགོས། དཔེར་ན་བླ་སྤྲུལ་ན་གཞོན་རྣམས་ཀྱིས་སོ་སོའི་ན་བཟའ་སོ་སོས་བཀྲུ་རྒྱུ་དང་། སོ་སོའི་བཟའ་བཏུང་གི་རིགས་སོ་སོས་བཟོ་ཤེས་པར་གནང་ཐུབ་ན་ལེགས་པའི་ཡོན་ཏན་གྱི་ཆ་ཡིན།
དགུང་ན་ཕྲ་མོའི་དུས་ནས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཆུང་ངུ་ཡན་དགེ་རྒན་དང་ཡང་ན་ཕ་མ་ཚོའི་བཀའ་བཀོད་ལམ་སྟོན་རྐྱང་རྐྱང་གི་འོག་ཏུ་འཚར་ལོངས་དགོས་ན། དེ་ལ་ནར་སོན་པའི་དུས་སྐབས་ཤིག་གཏན་ནས་མེད་པས་མ་འོངས་པར་མི་མང་པོའི་ཆོས་ཀྱི་དབུ་ཁྲིད་ཅིག་ཇི་ལྟར་འགྱུར་སོམ་ཉི་རེད། བླ་སྤྲུལ་རྣམས་སྐུ་ན་ཆུང་ངུའི་སྐབས་ནས་མི་མང་དང་འབྲེལ་ཐག་ཆད་སོང་ན། ཡར་ཆེ་བའི་སྐབས་སུ་མི་དང་འབྲེལ་བ་གཏན་ནས་གནང་མི་ཤེས་པ་དང་། ཐ་ན་བཀའ་མོལ་ཞིག་ཀྱང་ཐད་ཀར་གནང་མི་ཤེས་ནས། གལ་སྲིད་ཆོས་དང་འཇིག་རྟེན་སྐོར་གྱི་བཀའ་སློབ་སྩལ་དགོས་ཁེལ་བའི་ཚེ། དཔེ་ཐོག་ལ་ཡོད་པ་དེ་བློ་ལ་ཟིན་ཅིང་མར་སྐྱོར་བ་ལས། གནས་དུས་དང་བསྟུན་པའི་བཀའ་སློབ་དང་སློབ་གསོ་གང་ཡང་གནང་མི་ཤེས་པ་དང་། གཞན་གྱིས་བཀའ་འདྲི་ཞུ་བའི་ཚེ་གསུང་ལན་འདེབས་མི་ཤེས་པ་དང་། འདེབས་པའི་སྤོབས་པ་མེད་པ་དེ་འདྲ་འགྱུར་གྱི་ཡོད་པ་མཐོང་དང་མཐོང་བཞིན་པ་རེད། ཡང་བླ་སྤྲུལ་དགུང་ལོ་ཆུང་ཆུང་ཡིན་པའི་དུས་ནས་འཁོར་སློབ་ཚོས་བསྟོད་བཀུར་དང་འུར་སྒྲོག་ཆེ་དྲགས་ཤིང་། རྟགས་དང་ཡ་མཚན་ཆེ་རབས་སོགས་རྣམ་ཐར་བདེན་རྫུན་འདྲེས་མ་མང་ཐག་ཆོད་ཅིག་གང་སར་ཁྱབ་བསྒྲགས་དང་། པར་རིས་སྣ་ཚོགས་དྲྭ་ལམ་སོགས་བརྒྱུད་དེ་འགྲེམ་སྤེལ་རྒྱ་ཆེན་པོ་བྱས་པར་བརྟེན། དགུང་ལོ་ཡར་ཆེ་རུ་ཕྱིན་པའི་སྐབས་དགོས་པའི་སྐུ་ཡོན་སློབ་སྦྱོང་སོགས་གང་ཡང་མེད་པའི་ཁར་མི་དགོས་པའི་རང་མཐོང་ཆེན་པོ་དང་། རང་སྣང་མཐོན་པོ་ཅན་དུ་ངན་ལང་ཤོར་ཞིང་། ཆོས་དང་འཇིག་རྟེན་གང་གི་སྟེང་ནས་མི་གོ་མི་ཆོད་པ་ཞིག་ཏུ་འགྱུར་བ་དང་། ཆུང་དུས་ཁྱབ་བསྒྲགས་སོགས་ཀྱིས་གྲགས་པ་སྤེལ་ཆེ་བའི་རྒྱུས་ཕྱིས་སུ་ངན་གྲགས་ཀྱང་དེ་ཙམ་གྱིས་ཆེ་བར་འགྱུར་ཏེ། མཐར་བླ་སྤྲུལ་སོ་སོ་ཡང་ཅི་བྱ་གཏོལ་མེད་དུ་སྡོད་དགོས་པའི་གནས་ཚུལ་འབྱུང་གི་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད།

བླ་སྤྲུལ་དྲག་ཞན་བར་མ་སུ་ཡིན་ནའང་རུང་། ཐོག་མར་ངོས་འཛིན་གནང་བའི་ཉིན་མོར་ཁྲི་འདོན་རྟེན་འབྲེལ་མཛད་སྒོ་སོགས་བྱེད་དགོས་ན་བྱེད། དེ་ལྟར་གྲུབ་པའི་དེ་མ་ཐག་ནས་བཟུང་དགུང་ལོ་ཉི་ཤུ་ལྷག་མ་ཟིན་གྱི་བར། གང་ཟག་དཀྱུས་མའི་གྲས་སུ་གཞག་ནས། དམིགས་བསལ་གྱི་ཁྲི་མཐོན་པོ་དང་། ཆེ་བསྟོད་སོགས་གང་ཡང་མེད་པར། ཕྱི་ནང་གི་རིག་གནས་ཐུན་མོང་དང་ཐུན་མིན་གྱི་ཤེས་ཡོན་རྣམས་དང་། སློབ་གསོ་སོགས་གང་འོས་སྤྲད་པ་ཡིན་ན་ལེགས་པོ་ཡོང་སྲིད། སྤྲུལ་སྐུ་ལམ་ལྷོངས་ཡོང་མིན་དེ་ཕ་མ་དང་། བླ་བྲང་། དགོན་པ་གྲྭ་ཚང་ཁོ་ན་ལ་རག་ལས་པ་ཞིག་མིན། སྦྱིན་པའི་བདག་པོ་རྣམས་ལའང་རག་ལས་ཡོད། སྦྱིན་བདག་རྣམས་ཀྱིས་བླ་སྤྲུལ་རྣམས་ལ་ཉེར་མཁོའི་མཐུན་རྐྱེན་སྦྱོར་བའི་སྐབས་སུ་བླ་བྲང་དང་དགོན་སྡེ་སོགས་མདོར་ན་སྤྲུལ་སྐུའི་འགན་ཡོད་ལས་ཀྱི་སྣེ་མོ་བ་རྣམས་དང་གྲོས་མོལ་གནང་ན་ལེགས། དེ་ལྟར་མ་ཡིན་པ་སྤྲུལ་སྐུ་གཞོན་ནུ་རྣམས་ལ་ཐད་ཀར་དངུལ་རྐྱང་ཕོན་ཆེན་འབུལ་བ་དང་། ཤིན་ཏུ་རིན་གོང་ཆེ་བའི་སྣུམ་འཁོར་དང་། ཕྱག་ཚོད་སྤྲད་པ་སོགས་ཀྱིས་ལང་ཤོར་དུ་བཏང་ནས། དད་པས་ཕུལ་བའི་དཀོར་རྫས་རིགས་ཇི་མི་སྙམ་པར་སྤྱོད་པའི་ཉེན་ཁ་ཡོད།
བླ་སྤྲུལ་གྱི་ཞབས་གྲས་པ་རྣམས་ཀྱང་བཞུགས་ཁྲི་མཐོ་དམན་ལྟ་བུའི་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་མནོ་ཉི་ཚེ་བ་གཏོང་མཁན་ཞིག་མ་ཡིན་པ། ཕུགས་རྒྱང་རིང་པོ་ལ་བསམ་བློ་གཏོང་ཤེས་པ་དང་། ཁ་ཞེ་གཉིས་མེད་དུ་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་ཡོད་པ་དང་། མདོར་ན་དམ་པའི་ཆོས་སེམས་ནང་ལ་ཡོད་མཁན་ཞིག་ཡིན་དགོས། ཞབས་ཕྱི་དང་དགེ་རྒན་རྣམས་ཀྱི་ལས་འགན་གཙོ་བོ་ཞིག་ནི། གོ་ས་མཐོ་དམན་དང་། མཚན་སྙན་ཆེ་ཆུང་ལ་མ་ལྟོས་པར་དབང་ལུང་ཁྲིད་རྒྱུན་མན་ངག་སོགས་ཡོད་པའི་བླ་མ་ཚད་ལྡན་གང་ན་བཞུགས་པ་དེའི་སྐུ་མདུན་དུ་གཅར་ནས་བཀའ་ཆོས་གསན་བཞེས་གནང་བའི་ཐབས་ཤེས་སྣ་ཚོགས་ལ་འབད་རྩོལ་ཆེན་པོ་བྱེད་ཅིང་སྤྲུལ་སྐུ་རྣམ་པར་དབང་ལུང་མན་ངག་སོགས་ཞུ་བཅུག་རྒྱུ་དེ་ཡིན། བླ་མ་དགེ་བའི་བཤེས་གཉེན་དེ་འདྲའི་སྐུ་མདུན་དུ་ཉིན་ལྟར་དང་། ཡང་ན་བདུན་ཕྲག་རེའི་ནང་དང་། ཟླ་རེའི་ནང་ལ་ཐེངས་རེ་སོགས་ཡང་ཡང་སྐུ་གཅར་ཞུ་བཅུག་རྒྱུ་དང་། དེ་ལྟ་བུའི་ཆོས་གནང་མཁན་གྱི་དགེ་བའི་བཤེས་གཉེན་དེ་སྐུ་གོང་མའི་ཞལ་སློབ། ཐོབ་དང་གོ་ས་མཚན་སྙན་སོགས་གང་ཡང་མེད་ཅིང་ཆེས་དཀྱུས་མ་ཞིག་ཡིན་ནའང་། སོ་སོར་ཆོས་ཉན་པ་པོ་ཡིན་པའི་འདུ་ཤེས་དང་། བླ་མ་དགེ་བའི་བཤེས་གཉེན་དེ་ལ་ཆོས་འཆད་པ་པོ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་མང་ཚོགས་ཀྱི་དཀྱིལ་ལྟ་བུ་ཡིན་ནའང་རེད། མི་མེད་ལུང་སྟོང་ནང་ལྟ་བུ་ཡིན་ནའང་རེད། གང་ལྟར་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། བསྟི་སྟངས་སོགས་བྱ་འཇུག་དགོས། དེང་སང་སྤྲུལ་སྐུ་སྤྱི་དང་ཁྱད་པར་སྐུ་ཕྲེང་གོང་མ་ལ་མཚན་སྙན་དང་བླ་ཆེན་གྱི་གོ་གནས་ཡོད་མཁན་གྱི་གྲས་རྣམས་ཆོས་འཆད་པ་པོ་བླ་མའི་སྐུ་མདུན་དུ་ཕར་ཕེབས་རྒྱུ་ལྟ་ཞོག ཆོས་འཆད་པ་པོ་བླ་མ་དེ་ཆོས་འཆད་སའམ་འཆད་ཡུལ་སློབ་མ་སྤྲུལ་སྐུ་ན་གཞོན་རྣམས་ཀྱི་སྐུ་མདུན་དུ་ཚུར་གཅར་བའི་སྐབས་སུ་ཡང་སྤྲུལ་སྐུ་རྣམས་ཆོས་ཞུ་སའི་བླ་མ་ལས་ལྷག་པའི་ཚུལ་བསྟན་ཞིང་ཁྲི་ཁར་འདུག་པ་སོགས། སངས་རྒྱས་ཀྱི་ཆོས་དང་མཐུན་པ་ལྟ་ཅི་ཐ་ན་འཇིག་རྟེན་ཡ་རབ་ཀྱི་ལུགས་སྲོལ་དང་ཡང་མཐུན་གྱི་མེད།

མཐའ་དོན་བླ་སྤྲུལ་ཟེར་བ་དེ་ལ། ཁོག་པའི་སྙིང་། དཔྲལ་བའི་མིག།ལུས་ཀྱི་མགོ་ལྟ་བུ་ངེས་པར་དུ་ཡོད་དགོས་རྒྱུ་དེ་གང་ཞིག་ཡིན་སྙམ་ན། དེ་ནི་གཙོ་བོ་ཐུགས་རྒྱུད་བཟང་པོ་དམ་པའི་ཆོས་དང་འདྲེས་པ་ཞིག་ཡོད་པ་དེ་རེད། རྒྱུ་མཚན་དེས་ན་ཆོས་པ་རྣམ་དག་བཟོ་ཨེ་ཐུབ་བལྟ་སའི་ཁོར་ཡུག་ཅིག་བསྐྲུན་ཐུབ་དགོས། དངོས་གནས་བྱས་ན་ཆོས་པ་རྣམ་དག་བཟོ་ཨེ་ཐུབ་བལྟ་དགོས་པའི་སྐོར་དེ་འདིར་བཤད་མི་དགོས་པ་ལྟ་བུ་ཡིན་ཡང་། དེང་སང་ཆོས་པ་རྣམ་དག་བཟོ་རྒྱུ་དེ་རེ་ཞིག་བཏང་སྙོམས་སུ་ལུས་པའམ། ཡང་ན་ཆོས་པ་རྣམ་དག་ཅིག་བྱེད་ཅེས་པའི་གོ་བ་ལེན་སྟངས་ནོར་ནས། ཁ་ཏོན་སོགས་འདོན་པ་དང་། ཙོག་གེར་སྡོད་པ། ཡང་ན་རབ་བྱུང་གི་སྡོམ་པ་ཞུ་བ། ལོ་གསུམ་ཟླ་གསུམ་ལ་མཚམས་ཁང་ནང་དུ་འཛུལ་བ། གདན་སའམ་དགོན་པ་ཆེན་པོ་འདེབས་པ། ལྷ་སྐུ་རྟེན་གསུམ་མང་པོ་བཞེངས་པ། མི་མང་ལ་དབང་བསྐུར་བ་དང་། ཆོས་བཤད་སོགས་བྱས་ན་ཆོས་སྒྲུབ་པ་དང་། དེ་ལྟར་བྱེད་མཁན་ལ་ཆོས་པ་ཡི་ཐ་སྙད་འདོགས་པ་དེ་བོད་པའི་གོམས་གཤིས་སུ་ཆགས་བསྡད་ཡོད།
ཁོར་ཡུག་ལེགས་ཉེས་དབང་གིས་ད་ལྟ་ཞལ་བཞུགས་པའི་བླ་མ་ཁ་ཤས་ལ་སྤྲུལ་སྐུའི་མཚན་གནས་དང་། ཐོབ་དང་གོ་ས་དང་། བསླབ་པ་སློབ་གཉེར་བྱ་ས་སོགས་དམིགས་བསལ་གྱི་སྐྱེད་སྲིང་བའི་གྲ་སྒྲིག་གང་ཡང་མེད་པར་གང་ཟག་དཀྱུས་མ་ཞིག་ལྟར་འཚར་ལོངས་བྱས་ཀྱང་། མཐར་ཀུན་གྱིས་ཆེས་བཀུར་བར་འོས་པའི་གནས་སུ་གྱུར་པ་དེ་འདྲ་ཡང་ཡོད་ཅིང་། ཡང་བླ་སྤྲུལ་ཁ་ཤས་ནི་མཚན་གནས་གོ་ས་ཡོད་པ་ཙམ་དུ་མ་ཟད་བླ་བྲང་སོགས་འཚོ་བའི་མཐུན་རྐྱེན་ཧ་ཅང་རྒྱས་སྤྲོས་ཆེན་པོ་ཡོད་པའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་ཡང་། ཐུགས་རྒྱུད་ཆོས་དང་འདྲེས་པར་བཟོ་སའི་ཁོར་ཡུག་ཅིག་མེད་པའི་རྒྱུ་མཚན་གྱིས་བླ་མ་སྐུ་ན་ཕྲ་བ་ཚོ་ལང་ཤོར་དུ་ཕྱིན་པ་དེ་འདྲ་ཡང་ཡོད།

མུ་འགོད། >>> ༤

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*