བདེ་སྐྱིད་སེམས་ཀྱི་ཆོ་འཕྲུལ།

 

བདེ་སྐྱིད་སེམས་ཀྱི་ཆོ་འཕྲུལ།

རྩམ་པ་པོ།  སེང་ལུང་ཀུན་དགའ་རྒྱལ་མཚན།

རྗེས་སུ་ལུས་དང་སྔོན་དུ་ཐོན་པ་སོགས།།
ཀུན་རྟོག་སེམས་ཀྱིས་ཟློས་གར་འཁྲབ་ཙམ་ལས།།
གནས་ལུགས་དངོས་པོའི་གཤིས་ལ་མ་གཟིགས་པའི།།
རྟེན་འབྱུང་སྨྲ་བའི་དབང་པོ་ཐུབ་མཆོག་མཆོད།།

ཚན་རིག་དར་བས་ཕྱི་དངོས་འཕེལ་ཁ་རྒྱས།།
དེ་ཡིས་རྐྱེན་ལས་གོ་ལའི་ཚེ་སྲོག་རྒུད།།
ཡོ་བྱད་འཕྲུལ་ཆས་ཅན་དེ་སྟབས་བདེ་བས།།
མི་རྣམས་ཨ་ཁུའི་འགྲམ་དུ་སླེབས་པ་མྱུར།།

རྣམ་རྟོག་གཡོ་སྒྱུ་ཅན་གྱི་ཆོ་འཕྲུལ་ལས།།
བདེ་སྡུག་ཕྱི་རྐྱེན་དུ་མས་བཟོས་མཐོང་སྟེ།།
བདེ་བའི་རྒྱུ་གཅིག་ཕྱི་དངོས་རི་བོང་རྭ།།
ལག་ཏུ་ལོན་ཕྱིར་ཀུན་ཀྱང་དུར་ནས་རྒྱུགས།།

དང་པོ་བདེ་བའི་ཆེད་དུ་ཚོགས་སྡེ་བཟོས།།
བར་དུ་བདེ་བའི་ཆེད་དུ་རྒྱལ་པོ་བཀོད།།
ཐ་མ་བདེ་བའི་ཆེད་དུ་རྒྱལ་པོ་ཕབ།།
ཅི་ལྟར་བསྒྲུབས་ཀྱང་བདེ་བའི་སྐབས་མ་ཐོབ།།

དང་པོ་བདེ་བའི་ཆེད་དུ་ཁྲིམས་ལུགས་བཅོས།།
བར་དུ་བདེ་བའི་ཆེད་དུ་ཁྲིམས་དང་འགལ།།
ཐ་མ་བདེ་བའི་ཆེད་དུ་ཁྲིམས་ལ་རྒོལ།།
གང་ལྟར་བདེ་བ་མ་ཐོབ་འཆི་བ་ཐོན།།

དང་པོ་བདེ་བའི་ཆེད་དུ་ལྷ་ཀླུ་གསོས།།
བར་དུ་བདེ་བའི་ཆེད་དུ་ལྷ་ཀླུར་དོགས།།
ཐ་མ་བདེ་བའི་ཆེད་དུ་ལྷ་ཀླུ་བཀག།
རེ་དོགས་དུ་མས་བདེ་བ་ལག་གིས་ཤོར།།

དང་པོ་བདེ་བའི་ཆེད་དུ་བཟའ་ཚོ་བསྒྲིགས།།
བར་དུ་བདེ་བའི་ཆེད་དུ་བཟའ་ཚོ་འཁོན།།
ཐ་མ་བདེ་བའི་ཆེད་དུ་བཟའ་ཚོ་བྲལ།།
སྒྲིག་བྲལ་ངང་ནས་སྡུག་གིས་མི་ཚེ་བསྐྱལ།།

དང་པོ་བདེ་བའི་ཆེད་དུ་རྒྱུ་ནོར་བསགས།།
བར་དུ་བདེ་བའི་ཆེད་དུ་རྒྱུ་ནོར་བསྲུངས།།
ཐ་མ་བདེ་བའི་ཆེད་རྒྱུ་ནོར་བརླགས།།
ཚེ་གཅིག་བདེ་བ་རྒྱུ་ནོར་ཆེད་དུ་ཤོར།།

འགའ་རེས་བདེ་བའི་ཆེད་དུ་རྐུ་མ་བྱེད།།
འགའ་རེས་བདེ་བའི་ཆེད་དུ་བུ་ཕྲུག་བསྐྱུར།།
འགའ་རེས་བདེ་བའི་ཆེད་དུ་ཉེས་མེད་གསོད།།
ཀུན་ལ་ཐོབ་པའི་བདེ་བ་གང་ན་ཡོད།།

འགའ་རེས་བདེ་བའི་ཆེད་དུ་མི་རིགས་བཙོངས།།
འགའ་རེས་བདེ་བའི་ཆེད་དུ་ལུས་པོ་བརླགས།།
འགའ་རེས་བདེ་བའི་ཆེད་དུ་སྨྱོ་རྫུ་བཏབ།།
རྟེན་འབྲེལ་འཆོལ་བས་བདེ་བའི་ཞལ་མ་མཇལ།།

འགའ་རེས་བདེ་བའི་ཆེད་དུ་གྲྭ་པ་བྱས།།
འགའ་རེས་བདེ་བའི་ཆེད་དུ་གྲྭ་བ་ལོག།
འགའ་རེས་བདེ་བའི་ཆེད་དུ་གྲྭ་བར་འཕྱས།།
སེམས་ཉིད་མ་ཐུལ་བདེ་བ་གང་ནས་ཐོབ།།

ཕྱི་དངོས་འཕེལ་བའི་རྩེ་མོར་ཕྱིན་པའི་ས།།
མགོ་སེར་ཡུལ་དུ་སྡུག་བསྔལ་སྣ་ཚོགས་པ།།
ཆུ་ཡི་རི་མོ་ལྟར་དུ་འཁྲིགས་པ་དེས།།
ཕྱི་དངོས་བདེ་རྒྱུ་མིན་པའི་དོན་དངོས་བཤད།།

ཡིན་ཡང་ཆོས་ལྡན་གངས་རིའི་ལྗོངས་འདི་ནས།།
རང་མིག་ལག་གིས་བཀབ་པའི་མི་དག་གིས།།
བདེ་བའི་སྨན་མཆོག་དམ་ཆོས་མི་འཐུང་བ།།
རྒྱུ་ཡི་ཆེད་དུ་འབད་པས་རྒྱུགས་པ་མཚར།།

རྒྱ་ནག་པ་ཡི་མིག་ཟུང་ནུབ་ལ་ཕྱོགས།།
བོད་ཀྱི་གསར་བུའི་མིག་ཟུང་རྒྱ་ལ་གཅེར།།
ནུབ་གླིང་མི་ཡི་མིག་ཟུང་ཆོས་ལ་ལྡིར།།
ད་དུང་བོད་པས་ཆོས་ཀྱིས་ཕུང་ངོ་ཟེར།།

རྒྱུ་དངོས་རི་རབ་ཙམ་ཞིག་བསགས་གྱུར་ཀྱང་།།
དབང་ཆ་རྒྱལ་པོ་ཙམ་ཞིག་ཐོབ་ན་ཡང་།།
དཔའ་རྩལ་གེ་སར་འདྲ་ཞིག་ལྡན་ན་ཡང་།།
འཆི་ཁར་དབུགས་རིང་ཤོར་དེས་གང་ཞིག་མཚོན།།

དངོས་པོ་ཏིལ་འབྲུ་ཙམ་ཞིག་མ་བསགས་ཀྱང་།།
དབང་ཆ་སྒོ་སྲུང་ཙམ་ཞིག་མ་རག་ཀྱང་།།
དཔའ་རྩལ་མཆོང་རྒྱག་ཙམ་ཞིག་མི་ནུས་ཡང་།།
འཆི་ཁར་དཔའ་སྤོབས་ལྡན་དེས་གང་ཞིག་བརྗོད།།

ལྷ་ཡི་ཁང་བཟང་འདྲ་བའི་ཁྱིམ་ཚང་ནང་།།
མི་མཐུན་རྩོད་པའི་ངུ་ངག་དི་རི་རི།།
ལྷན་ཆུང་ཉིས་རྩེགས་ཅན་གྱི་རས་གུར་ན།།
སྐྱིད་པའི་དགོད་སྒྲ་སྙན་པོ་ལྷང་ལྷང་གྲགས།།

གྲགས་ཅན་རླངས་འཁོར་རྫིག་པོའི་ནང་རོལ་ན།།
སྐྱོ་གདུང་མཆི་མའི་དྲག་ཆར་ཉིལ་ལི་ལི།།
རྐང་འཁོར་དལ་གྱིས་འགྲོ་བའི་སྟེང་ངོས་ནས།།
སྣང་བ་སྐྱིད་པའི་གླུ་ཆུང་ཀྱུ་རུ་རུ།།

ཁྲི་འབུམ་དུང་ཕྱུར་ཅན་གྱི་འབྱོར་བདག་ཚོ།།
ད་དུང་དངུལ་གྱིས་རྗེས་སུ་ཁྱི་རྒྱུགས་རྒྱུགས།།
བརྒྱ་ལོར་གཅིག་གཉིས་ཅན་གྱི་མི་བུ་དག།
ལུས་དལ་སེམས་དལ་གདོང་པ་སྣུམ་འཛིར་འཛིར།།

འཚོ་བའི་སྙིང་པོ་འབྱོར་ཕྱུག་ཡིན་གྱུར་ན།།
འབད་པ་ཡོད་རྒུས་རྒྱུ་ནོར་གསོག་པར་རིགས།།
འཚོ་བའི་སྙིང་པོ་བདེ་སྐྱིད་ཡིན་པས་ན།།
རྒྱུ་ཡི་གཡོག་པོ་མ་མཛད་གངས་ཅན་པ།།

ཧམ་སེམས་རལ་གྲི་དགུང་སྔོན་དབྱིངས་སུ་འཕྱར།།
བདེ་སྐྱིད་ཤ་བའི་རྗེས་སུ་བསྙེགས་ན་ཡང་།།
དོན་གྱི་བདེ་སྐྱིད་དངངས་ནས་ཕར་ཕར་བྲོས།།
དེ་བས་འདོད་རྔམ་སྤོངས་དང་མཐོ་སྒང་པ།།

ཆོག་ཤེས་ཟས་རིགས་ཞིམ་པོ་ལག་ཏུ་འཁྱེར།།
བདེ་སྐྱིད་ཤ་བ་ཡུ་མོའི་རྗེས་ཉུལ་དང་།།
ནམ་ཞིག་ཟས་ཀྱི་དྲི་བཟང་ཚོར་བ་ན།།
བདེ་སྐྱིད་ལག་གིས་ཟིན་ནོ་གདོང་དམར་བ།།

མདོར་ན་སྔོན་ནས་ཐ་མ་ད་ལྟའི་བར།།
བདེ་བ་ཕྱི་ནས་བཙལ་བས་གང་ཞིག་ཐོབ།།
མང་མང་ཟེར་སྒྲོས་རྗེས་སུ་མ་བསྙེག་པར།།
རང་སེམས་ནང་ལ་བསྐོར་དང་སེམས་མཐུན་ཚོ།།

བདེ་སྡུག་འབྲས་བུ་དཀར་ནག་ལས་ཀྱིས་བསྐྲུན།།
དེ་ཡི་རྒྱུ་མཚན་མིག་ཏུ་སྟོན་ཐབས་བྲལ།།
ཆུ་བུར་མིག་ལ་རྟོན་པའི་མི་བུ་དག།
དེ་ལ་ཡིད་ཆེས་མེད་པས་ཅི་ཞིག་བྱ།།

བསླུ་མེད་སྟོན་པའི་གསུང་ལ་ཡིད་ཆེས་ན།།
ཕྱི་མ་བདེ་བའི་ལམ་ཞིག་འཚོལ་འདོད་ན།།
དེ་རིང་ཙམ་གྱིས་བློ་ཡིད་མི་ཚིམ་ན།།
སེམས་འདུལ་ཆོས་ལ་འབད་ཅིག་སྙིང་གི་གཏམ།།

ཆེན་པོའི་བྱ་བ་སྣ་གཅིག་མ་ཐུབ་ཀྱང་།།
རང་སེམས་དཀར་པོ་འདི་ལ་ནག་ནོག་མེད།།
འཆི་ལ་དྲོད་གདེངས་ལྡན་པ་མེད་ན་ཡང་།།
འགྱོད་པས་མིག་ཆུ་མེད་པའི་རེ་བ་ཡོད།།

བསླུ་མེད་ལས་འབྲས་དོན་བཞིན་གསུངས་པ་ཡི།།
སྟོན་མཆོག་དམ་པའི་ཞབས་ཟུང་གུས་བླངས་ནས།།
སྙིང་གཏམ་དྲང་པོར་སྨྲས་པའི་དགེ་ཚོགས་དག།
འགྲོ་ཀུན་ལས་འབྲས་བསྲུང་བའི་རྒྱུ་རུ་བསྔོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*