རྩོམ་པ་པོ། ཨ་མཁར་ཀུན་བཟང་ཡེ་ཤེས།
ཞོགས་པ་སྔ་མོར་ཡར་ལ་ལོངས།།
ལྟོ་སྟོང་ཆུ་ཁོལ་དྲོ་འཇམ་ཞིག།
མང་ཙམ་བཏུང་ཞིང་དེ་རྗེས་སུ།།
ལུས་དང་ལྟོ་བ་འགུལ་སྐྱོད་དགོས།།
དེ་ལྟར་ཕོ་བ་རྒྱུ་མའི་ནང་།།
བཀྲུ་བཤལ་ལེགས་པར་བྱས་པ་ཡིས།།
ཕོ་རྒྱུའི་ནང་དུ་ཆགས་པའི་ཟས།།
སྙིགས་རོ་མི་གཙང་འདག་པ་ཡིན།།
དེ་ནས་གང་འཚམ་འགོར་བའི་རྗེས།།
ཞོགས་ཟས་ཟོས་ན་འགྲིག་པ་ཡིན།།
ཞོགས་ཟས་འཇུ་དཀའ་བཅུད་ལྡན་གྱི།།
ཟས་རིགས་བསྟེན་ཞིང་འགྲང་བར་དགོས།།
དེ་ནི་མཚན་མོའི་དུས་ཡུན་ལ།།
ཁ་ཟས་མེད་པའི་རྐྱེན་དབང་གིས།།
འཚོ་བཅུད་མི་འདང་དཀའ་ངལ་དང་།།
ཁ་ཟས་འཇུ་བར་ཕན་པ་ཡིན།།
ཉིན་གུང་ཁ་ཟས་འགྲང་ཙམ་དགོས།།
ནང་དང་དགོང་མོ་ཉིན་གུང་སོགས།།
ཁ་ཟས་ཟ་སྐབས་སྐོམ་མ་མང་།།
ཟས་བཅུད་འཇོམས་ཤིང་མེ་དྲོད་གསོད།།
དགོང་ཀའི་དུས་ཚོད་ལྔ་དྲུག་ནས།།
དགོང་རྩལ་སྦྱོང་པ་གལ་ཆེན་ཡིན།།
ཕྱག་འཚལ་སྐོར་བ་གོམ་བགྲོད་སོགས།།
འགུལ་སྐྱོད་བྱ་བ་གང་ཡང་ཆོག།
སྐར་མ་སུམ་བཅུ་བཞི་བཅུའི་ཡུན།།
རྐང་ལག་ལུས་ཡོངས་འགུལ་སྐྱོད་དགོས།།
ཧ་ཅང་འཁྱག་དང་ཚད་པ་དང་།།
མི་གཙང་གནས་སུ་རྩལ་སྦྱོང་སྤོངས།།
གོམ་བགྲོད་སྐོར་བ་བྱེད་པའི་མི།།
ལུས་སྟོད་ཕྲག་ཚིགས་འགུལ་བ་གལ།།
ཉིན་ལྟར་རྩལ་སྦྱོང་རྒྱུན་འཁྱོང་གིས།།
ནད་རིགས་མང་པོ་འགོག་བཅོས་ཐུབ།།
དགོང་ཀའི་ཁ་ཟས་ཡང་བར་ཟོས།།
དཔེར་ན་འབྲས་དང་སྔོ་ཚོད་སོགས།།
དཀར་ཟས་ཉུང་ཙམ་སྔ་ཙམ་ཟོས།།
ལྟོ་བ་མ་འགྲང་གལ་ཆེན་ཡིན།།
མ་ཞུ་ནད་རིགས་མི་འབྱུང་ཞིང་།།
མཚན་མོ་གཉིད་ལ་ཕན་པ་དང་།།
ནང་ཀ་ལུས་ཁམས་དྭངས་བ་སོགས།།
བླ་མེད་དགེ་མཚན་ལྡན་པ་ཡིན།།
མཚན་མོ་བཅུ་ནས་བཅུ་གཅིག་བར།།
གཉིད་ཉལ་དུས་ཚོད་ལེགས་ཤོས་ཡིན།།
གཉིད་ཀྱི་དུས་ཡུན་རིང་ཐུང་ནི།།
དུས་ཚོད་བདུན་དང་བརྒྱད་ཙམ་ཡིན།།
ཞོགས་པར་སྔ་ཙམ་ལངས་པས་ནི།།
དབང་པོ་གསལ་ཞིང་བྱ་བ་འགྲུབ།།
ཉིན་དེར་ལུས་སེམས་དྭངས་བ་སོགས།།
དགེ་མཚན་མང་བས་སྔ་ཙམ་ལོངས།།
སྔོ་ཚོད་རིགས་དང་ཤིང་ཏོག་རིགས།།
གཙང་དག་ཆུ་ལ་བཀྲུ་བ་གལ།།
མ་བཀྲུས་སྔོ་ཚོད་ཤིང་ཏོག་དག།
བཀོལ་སྤྱོད་མི་བྱེད་གལ་ཆེན་ཡིན།།
ཁ་ཟས་དུས་མེད་ཟ་བ་དང་།།
གྱོང་དང་རུལ་བ་འཚིག་པ་དང་།།
ཁ་ཚའི་རིགས་དང་སིལ་ཟས་སོགས།།
ནམ་ཡང་མི་བསྟེན་གལ་ཆེན་ཡིན།།
གཅིན་སྐྱག་བཏང་བའི་རྗེས་དག་དང་།།
བཟའ་བཏུང་ཚར་བའི་མཇུག་དག་ཏུ།།
རྒྱུན་དུ་ལག་པ་བཀྲུ་བཤལ་དགོས།།
སྙད་ཆུ་དག་གིས་བཀྲུས་ན་བཟང་།།
ཉལ་ཁར་མངར་ཟས་མི་བཟའ་ཞིང་།།
སོ་དང་ཁ་ནང་བཀྲུ་བ་དང་།།
ཉལ་ཁར་རྐང་པ་བཀྲུ་བ་བཅས།།
རྒྱུན་དུ་རང་ལ་གོམས་པར་བྱོས།།
རྫས་འགྱུར་གྲུབ་པའི་སྨན་རིགས་དང་།།
བཙོག་པས་བཟོས་པའི་སྙིགས་ཟས་དང་།།
ཚད་ལྡན་མིན་པའི་སྐོམ་ཆུ་སོགས།།
མ་བསྟེན་རྒྱང་ནས་རྒྱང་དུ་བཀྱེད།།
Leave a Reply