འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཆེན་པོ་མཆོག་གི་ལོ་ཚིགས།

 

ས་སྐྱ་པཎྜི་ཏའི་ལོ་ཚིགས།

སྤྱི་ལོ(1182)ཆུ་ཕོ་སྟག་གི་དཔྱིད་ཟླ་ར་བའི་ཉི་ཤུ་དྲུག་ལ་དཔལ་ས་སྐྱ་རུ་སྐུ་འཁྲུངས།
དགུང་ལོ(9)ལ་《སྒྲུབ་ཐབས་མཚོ་སྐྱེས་》གཙོས་གསང་སྔགས་ཕྲ་མོ་འགའ་ཐུགས་ལས་གསུངས།
དགུང་ལོ་(11)ལ་《ཀྱཻ་རྡོར་བརྟག་གཉིས་》དང་《སངས་རྒྱས་མཉམ་སྦྱོར་》བཤད་པར་མཛད།
དགུང་ལོ་(12)ལ་བཤད་རྒྱུད་《རྡོ་རྗེ་གུར་》དང་《སམྦུ་ཊ་》གསུངས།
དགུང་ལོ(15)ལ་《བདེ་མཆོག་སྐོར་གསུམ་》དང་《རྡོར་དབྱིངས་》སོགས་དང་ད《གསང་འདུས》དང་《རྡོ་རྗེ་གདན་བཞི་》དང་《འཇིགས་བྱེད》དང་《དུས་འཁོར་》སོགས་ཐུགས་སུ་ཆུད།
དགུང་ལོ་(18)ལ་མནལ་་ལམ་དུ་ཨ་ཕྱི་མཆོད་རྟེན་དྲུང་དུ་དབྱིག་གཉེན་ལས་《མངོན་པ་མཛོད་》ཟླ་བ་གཅིག་གསན་སྣང་བྱུང་བས་ཆོས་མངོན་པའི་ཚིག་དོན་ཐམས་བཅད་ཐུགས་སུ་ཆུད།
དགུང་ལོ་(19)ལ་འཕྲང་དུ་དགེ་བཤེས་ཞུ་ཧྲུལ་ལམ་ཞུ་སྟོན་ལས་《བྱམས་ཆོས་སྡེ་ལྔ་》དང་ཚད་མ་བག་ཙམ་གསན།གཞན་ཡང་《བོད་ཡུལ་ལ་བསྔགས་པ་》མཛད།
དགུང་་ལོ་(20)ཉང་སྟོད་རྐྱང་འདུར་ཕེབས་ཏེ་མཚུར་སྟོན་གཞོན་ནུ་སེང་གེ་ལས་《ཚད་མ་རྣམ་ངེས་》དང་《ཚད་མ་ཤེས་རབ་སྒྲོན་མེ་》བཅས་གསན།
སྤྱི་ལོ(1204)དགུང་ལོ་(23)ལ་གཙང་ཆུ་མིག་ནས་ན་ལེནྡྲའི་མཁན་པོ་ཁ་ཆེ་བསོད་སྙོམས་པ་ཤཱཀྱ་ཤྲཱི་མཇལ་ཏེ་ཚད་མ་ཆོས་མཆོག་ཞུས། གཞན་ཡང་ན་ལེནྡྲའི་པཎྡི་ཏ་དཱ་ན་ཤཱིལ་སྟེ་ཚུལ་ཁྲིམས་སྦྱིན་དང་སུ་ག་ཏ་དང་་པོ་སཾགྷ་ཤྲཱི་་བཅས་བསྟེན་ཏེ་ཆོས་བསམ་གྱིས་མི་ཁྱབ་པ་གསན། སྐབས་དེར་ཁ་ཆེ་པཎ་ཆེན་སྟོན་འཁོར་རྣམས་ཞལ་མཐུན་པར་ཆོས་རྗེ་ལ་པཎྜི་ཏའི་མཚན་གསོལ།
དགུང་ལོ་(22)ལ་《ཡོན་ཏན་སྒྲོགས་པའི་ཚལ་ལ་བསྟོད་པ》མཛད།
དགུང་ལོ་(24)(25)ལ་སུ་ག་ཏ་ཤྲཱི་ས་སྐྱར་གདན་དྲངས་ཏེ་ལོ་གཉིས་《སྒྲ》་དང་《ཚད་མ་》དང་《སྙན་ངག་》དང་《སྡེབ་སྦྱོར་》སོགས་གསན། ལོ་འདི་གཉིས་ཀྱི་རིང་ལ་ཁ་ཆེན་སོགས་པཎ་ཆེན་གཞན་རྣམས་ཕྱིར་ཕེབས་ཏེ་ཆོས་རྗེ་དགུང་ལོ་(27)ལ་ཁ་ཆེ་པཎ་ཆེན་སླར་བོད་དུ་ཐེངས་གཉིས་པ་ཕེབས་ཡིན་ནམ་སྙམ།
དགུང་ལོ་(27)ལ་གཞི་ཐམས་ཡོད་སྨྲའི་སློབ་དཔོན་ཁ་ཆེ་པཎ་ཆེན་མཁན་པོ། སྤྱི་བོ་ལྷས་བྱང་ཆུབ་འོད་ལས་སློབ། ཞུ་སྟོན་གསང་སྟོན་མཛད་ནས་དགེ་འདུན་གྲངས་ཚང་བ་ལས་བསྙེན་པར་རྫོགས།
དགུང་ལོ(33)ལ་ཁ་ཆེ་པཎ་ཆེན་ཕྱིར་འཕགས་ཡུལ་དུ་ཕེབས།
དགུང་ལོ་(35)ཙམ་ལ་རྗེ་བཙུན་གྲགས་པ་སྐུ་གཤེགས།
དགུང་ལོ་(37=38)རྒྱ་བོད་ཀྱི་ངན་རྟོགས་འཇོམས་པའི་བསྟན་བཅོས་《ཚད་མ་རིགས་གཏེར་》བརྩམས། (མཆན་—-མིང་གཞན་སྡེ་བདུན་སྙིང་པོའང་ཟེར)རིགས་གཏེར་རང་འགྲེལ་ཧོར་ཡུལ་ནས་བརྩམས་པར་དོགས་ཏེ།འདི་རྩོམ་སྐབས་གཞུང་ལུགས་ལེགས་བཤད་བརྩམས་ཟིན་པས་སོ།།
དགུང་ལོ་(51)ལ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ་《སྡོམ་གསུམ་རབ་དབྱེ་》བརྩམས། སྡོམ་གསུམ་རང་མཆན་ག་དུས་མཛད་མིན་ལོ་ཚིགས་མི་གསལ།
དགུང་ལོ་(59)ལ་རྡོ་རྗེ་གདན་ནས་དཔག་ཚད་(6)གི་ས་ཆ་མང་ཡུལ་སྐྱིད་རོང་ནས་འཕྲོག་བྱེད་སོགས་མུ་སྟེགས་སྟོན་པ་སྡེ་དྲུག་རྩོད་པས་ཕམ་པར་བྱས་ཏེ་ནང་པར་བཙུད། སྐབས་དེར་འུ་ཡུག་པ་རིག་པའི་སེང་གེའང་ལྷན་དུ་ཡོད།
དགུང་ལོ་(63)ལ་ཧོར་ཡུལ་དུ་ཕེབས་མགོ་བརྩམས། ལོ་འདིར་བཀའ་གདམས་ནམ་མཁའ་འབུམ་གྱིས་དྲི་ལན་ཡང་མཛད།
དགུང་ལོ་(64)ལ་སྟོན་པ་བློ་གྲོས་རབ་གསལ་ལ་དྲི་ལན་གནང་།
དགུང་ལོ(65)ལ་ལིང་ཆུ་རྩེར་ཕེབས།
དགུང་ལོ་(66)ཟླ་བ་(1)ལ་ལིང་ཆུ་རྩེའི་ཁབ་ནས་རྗེ་ཁུ་དབོན་དང་གོ་དན་རྒྱལ་པོ་མཇལ་འཕྲད་གསུང་གླེང་མཛད།
དགུང་ལོ་(66)ལ་ཧོར་ཡུལ་ནས་རྒྱལ་པོ་ནད་ལས་གྲོལ་ཆེད་དུ་《འཕགས་པ་སེང་གེ་སྒྲའི་ཆོ་ག་》མཛད།
དགུང་ལོ་(67=68)ཙམ་ལ་ཧོར་ཡུལ་ནས་《ཐུབ་པ་དགོངས་གསལ་》མཛད། (མཆན་—མིང་གཞན་རྒྱལ་སྲས་ལམ་བཟང་དང་ཚོགས་ཆོས་ཆེན་མོ་ཟེར།)
དགུང་ལོ(68=69)ཙམ་ལ་ཧོར་ཡུལ་ནས་《གཞུང་ལུགས་ལེགས་བཤད་》མཛད། (མཆན་—མིང་གཞན་གྲུབ་མཐའ་རྣམ་འབྱེད་ཀྱང་འབོད)འདི་རྩོམ་དུས་ལེགས་བཤད་རིན་པོ་ཆེ་གཏེར་རམ《ས་སྐྱའི་ལེགས་བཤད》བརྩམས་ཟིན་པར་གསལ།
དགུང་ལོ་(70)ལྕགས་མོ་ཕག་ལོ་སྨལ་ཟླ་(ཧོར་ཟླ་11)ཚེས་བཅུ་བཞི་ཐོ་རངས་ཆ་སྐྱ་རེངས་ཤར་རྡོར་དྲིལ་ཐུགས་ཀར་བསྣོལ་ནས་ལ་ཧོར་ཡུལ་ནས་གཟུགས་སྐུ་བཀོད་པ་བསྡུས་ཏེ་མངོན་དགའི་ཞིང་དུ་ཕེབས། (མཆན—-ལོ་དེའི་སྨལ་ཟླའི་ཚེས་(13)འཕགས་པ་རིན་པོའི་སྤྱི་བོར་ཕྱག་བཞག་ནས་སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པུའི་ལམ་མཆོག་སྒྲུབ་པའི་ཐབས་ཟབ་མོ་བླ་མའི་རྣལ་འབྱོར་ལ་གསོལ་འདེབས་དང་ཉམས་ལེན་རེམས་ཤིག་བུ་སློབ་ཀུན་ཞེས་ཐ་མའི་ཞལ་གདམས་གནང་)ལོ་ཚིགས་དང་སྦྱར་མ་ཤེས་པའི་རྣམ་ཐར་རྣམས་འདིར་བཀོད་མེད། དེ་ལྟར་ཐུགས་བཞེས་གནང་རོགས།

གངས་ལྗོངས་བཅུ་ཕྲག་རིག་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་འཇམ་དཔལ་དབྱངས་ས་སྐྱ་པཎྜི་ཏ་ལ་མི་ཕྱེད་པའི་དད་པ་ཅན་ཝ་ར་ཕུན་ཚོགས་ཆོས་རྒྱལ་གྱིས་གུས་པས་སྦྱར། །
2017/12/20ཉིན།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*