མཁས་པ་གཞན་ལ་མ་གྲགས་པའི་འཇམ་མགོན་བླ་མའི་རྣམ་ཐར་ཆེན་པོ་བཅུ་གཉིས།


མཁས་པ་གཞན་ལ་མ་གྲགས་པའི་འཇམ་མགོན་བླ་མའི་རྣམ་ཐར་ཆེན་པོ་བཅུ་གཉིས།

རྩོམ་པ་པོ།  མཁན་ཆེན་ཨ་པད་རིན་པོ་ཆེ། 

བཅུ་ཕྲག་རིག་པའི་གནས་ལ། འཆད་རྩོད་རྩོམ་གསུམ་གྱིས་སྤོབས་དགེ་བ་ཅན། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་འཁོར་དང་བཅས་པས། འཇམ་མགོན་ས་སྐྱ་པཎ་ཆེན་གྱི་མཚུངས་མེད་མཁྱེན་པའི་དཀྱིལ་འཁོར། ཚུལ་བཞིན་ལེགས་པར་མཇལ་བ་ན། ཁྱེད་ནི་ངེས་པ་དོན་གྱི་མ་ཧ་པཎྜིཏའོ་ཞེས། རྒྱ་གར་གྱི་པཎྜི་ཏ་དུ་མའི་དབུས་ནས། པཎྜིཏའི་མཚན་གྱི་ཅོད་པཎ་ལེགས་པར་ཐོབ་པ་ནི། གཞན་ལ་མ་གྲགས་པའི་རྣམ་ཐར་དང་པོའོ། །

རྒྱ་གར་འཕགས་པའི་ཡུལ་དུ། དཔྱོད་ལྡན་མཁས་པ་འཇུག་པའི་གནས་ལ། རིག་པའི་གནས་བཅུ་ཞེས། ཡོངས་སུ་གྲགས་པའི་རིག་པའི་གནས་དེ་དག ཁ་བ་གངས་ཅན་པའི་ཡུལ་འདིར། སྔར་མེད་གསར་བཏོད་ཀྱི་ཤིང་རྟ་ཆེན་པོ་བགྱིས་ཏེ། བསྟན་བཅོས་ཆེན་པོ་མཁས་འཇུག་ཅེས་བྱ་བ་བརྩམས་ཤིང་། དེའི་བདག་རྐྱེན་ལས། ཤོང་དཔང་ཡབ་སྲས་བརྒྱུད་པ་དང་བཅས་པས། རིག་པའི་གནས་དེ་དག་བསྒྱུར་ཞུས་དང་། བསྟན་བཅོས་རང་རྐང་དང་བཅས་པ་བརྩམས་ཏེ། རིག་བཅུའི་སྲོལ་ཚང་ལ་མ་ནོར་བ་མཛད་པའི་སྒོ་ཡངས་པོར་ཕྱེ་བ་ནི། གཞན་ལ་མ་གྲགས་པའི་རྣམ་ཐར་གཉིས་པའོ། །

ཚད་མ་རྣམ་འགྲེལ་ལ་སོགས་པ། རྒྱ་གར་མཁས་པའི་གཞུང་ལུགས་རྣམས། ལོ་ཙཱ་བ་གཞན་དག་ཇི་བཞིན། རྒྱ་གར་གྱི་པཎྜིཏ་གྲོགས་སུ་བསྟེན་པ་ལ་མ་ལྟོས་པར། རང་སྟོབས་ཀྱིས་ཁ་བ་གངས་ཅན་པའི་སྐད་དུ། དག་པར་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་སྟེ་ལོ་ཆེན་མཛད་ཅིང་། འཆད་ཉན་གྱི་ལམ་ནས། དར་ཞིང་རྒྱས་པར་བྱེད་པའི་སྒོ་ཡངས་པོ་ཕྱེ་བ་ནི། གཞན་ལ་མ་གྲགས་པའི་རྣམ་ཐར་གསུམ་པའོ། །

སྡེ་བདུན་མདོ་དང་བཅས་པར་མ་གྲགས་པ། རང་བློས་སྦྱར་བ་དང་། མུ་སྟེགས་བྱེད་ལ་གྲགས་པའི་ཐ་སྙད་ཀྱི་བཤད་སྒྲོས་དག གཅིག་ཏུ་སྤུངས་པ་བོད་བསྡུས་སྨྲ་བའི་ལུགས་དེ་ཉིད། དྲུངས་ནས་འཇོམས་པར་བྱེད་པ། སྡེ་བདུན་སྙིང་པོ་རིགས་པའི་གཏེར་གྱི་བསྟན་བཅོས་ཆེན་པོ་མཛད་ཅིང་། བསྟན་བཅོས་དེ་ཉིད། བོད་ཀྱི་མཁས་པ་རིས་སུ་མ་ཆད་པས། རྒྱ་གར་གྱི་གཞུང་ལུགས་ཆེན་པོ་བཞིན། བརྒལ་བརྟག་གི་ལམ་ནས་གྲྭ་སྐོར་མཛད་ཡུལ་དུ་གྱུར་བ་ནི་གཞན་ལ་མ་གྲགས་པའི་རྣམ་ཐར་བཞི་བའོ།།
གཞུང་ལུགས་ཆེན་པོ་ཚད་མ་རྣམ་འགྲེལ་གྱི་བཤད་སྲོལ། ཉག་ཕྲ་བར་གྱུར་བའི་སྐབས་སུ། ཁ་ཆེའི་པཎ་ཆེན་གྱི་དྲུང་ནས། རྣམ་འགྲེལ་རང་འགྲེལ་དང་། འགྲེལ་བ་འགྲེལ་བཤད་ཆ་ལག་དང་བཅས་པ། འཆད་ཉན་གྱི་ལམ་ནས་གཏན་ལ་ཕབ་ཅིང་། བཤད་པའི་རྒྱུན་བོད་ཀྱི་ཆོས་བརྒྱུད་ཀུན་ལ་ཁྱབ་སྟེ། རྣམ་འགྲེལ་གྱི་བསྟན་པ་ཉི་མ་ཤར་བ་ལྟར། མཛད་པའི་བདག་རྐྱེན་ཕུན་སུམ་ཚོགས་པ་བགྱིས་པ་ནི། གཞན་ལ་མ་གྲགས་པའི་རྣམ་ཐར་ལྔ་པའོ། །

རྗོད་བྱེད་ཚིག་གི་སྡེབ་ལེགས་ཤིང་། བརྗོད་བྱ་སྡེ་བདུན་མདོ་དང་བཅས་པའི་སྙིང་པོ་གཅིག་ཏུ་བསྡུས་པ། རིགས་པའི་གཏེར་ཞེས་བྱ་བ་འདི་ཉིད་ལ། ཁ་ཆེའི་པཎ་ཆེན་འཁོར་དང་བཅས་པ་ཡིད་འཕྲོག་ཅིང་། བོད་གཞུང་དེ་ཉིད་རྒྱ་གར་གྱི་སྐད་ཐོག་ཏུ་བསྒྱུར་ཏེ། འཕགས་ཡུལ་མཁས་པའི་ཚོགས་ལ་སྐྱེས་སུ་བསྣམས་པ་ནི། གཞན་ལ་མ་གྲགས་པའི་རྣམ་ཐར་དྲུག་པའོ། །

བསོད་ནམས་དང་མངའ་ཐང་གང་ཐད་ནས། གནམ་བསྐོས་གོང་མར་གྲགས་པའི་རྒྱ་ནག་རྒྱལ་པོ་འཁོར་དང་བཅས་པའང་། འབངས་སུ་བསྒྱུར་བའི་སྟོབས་པོ་ཆེ། ཆེན་པོ་ཧོར་གྱི་རྒྱལ་ཁབ་ཏུ་བྱོན་ཏེ། དམ་པའི་ཆོས་ཀྱི་སྒོ་ཡངས་བོར་ཕྱེ་ཞིང་། ཁྲིམས་ཀྱིས་གཅུན་པའི་ཉམ་ཐག་མཐའ་ཡས་པ་ལ། བདེ་སྐྱིད་ཀྱི་དབུགས་དབྱུང་བར་མཛད་པ་ནི། གཞན་ལ་མ་གྲགས་པའི་རྣམ་ཐར་བདུན་པའོ། །

དེའི་ཚེ་དེའི་དུས་ན་ཧོར་ཆེན་པོ་ལ་མཚོན་ན། གོ་ལའི་ཁྱོན་འདིར་དབང་ཐང་དང་འབྱོར་བ་གང་ཐད་ནས། གཟི་བརྗིད་ཀྱི་ངོ་སོ་དགུང་དུ་མཐོ་ན་ཡང་། འདི་ཕྱིའི་ལེགས་ལམ་སྟོན་བྱེད། ཤེས་བྱ་རིག་གནས་ཀྱི་དབུལ་བོར་གྱུར་པ་ལ། མ་རིག་མུན་པ་སེལ་བྱེད་སོག་ཡིག་གསར་དུ་བརྩམས་ཏེ། ཡིག་རྨོངས་ཀྱི་སྤྱི་ཚོགས་མཐའ་བསྐྲད་བྱེད་པ་ནི་གཞན་ལ་མ་གྲགས་པའི་རྣམ་ཐར་བརྒྱད་པའོ། །

རྒྱ་གར་མཁས་པས་ལེགས་པར་བཤད་པའི་གཞུང་ལུགས། མདོ་རྒྱུད་ཀྱི་ཆོས་སྒོ་མཐའ་ཡས་པ་ཞིག རང་རེ་གངས་ཅན་པའི་སྐད་དུ། ལོ་པཎ་བརྒྱ་ཕྲག་མང་པོས། བསྒྱུར་ཞུས་ཀྱིས་ལེགས་པར་གཏན་ལ་ཕབ་པ་དག ཆེན་པོ་ཧོར་གྱི་སྐད་དུ་བསྒྱུར་བའི་སྒོ་ཡངས་པོར་ཕྱེ་བ་ནི། གཞན་ལ་མ་གྲགས་པའི་རྣམ་ཐར་དགུ་པའོ། །

སྒྲ་དང་ཚད་མ་སྡེབ་སྦྱོར་སྙན་ངག་སོགས། རིག་པའི་གནས་སྤྱི་ལ་འཆད་རྩོད་རྩོམ་པའི་སྤྱན་རས་ཡངས་ཤིང་། ཁྱད་པར་དུ་ཡང་དངོས་སྟོབས་རིགས་པའི་རྩལ་འགྲན་པ་ལ། གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་ཅན། མུ་སྟེགས་སྟོན་པ་འཕྲོག་བྱེད་འཁོར་དང་བཅས་པས། བསྟན་པ་རྒྱན་དུ་བཙུགས་ཏེ། རྩོད་པའི་འགྲན་བསླང་བ་ན། ལུང་རིགས་ཀྱི་གནད་གསང་སྣ་ཚོགས་པའི་སྒོ་ནས། ཕ་རོལ་རྒོལ་བ་བཟློག་པའི་རྒྱལ་མཚན་ཕྱར་བ་ནི། གཞན་ལ་མ་གྲགས་པའི་རྣམ་ཐར་བཅུ་པའོ། །

ན་ཚོད་ཀྱི་རིམ་པས་སྐུ་ལ་རྒས་པའི་རྣམ་པ་གང་ཡང་མི་སྟོན་པར། ཐུན་མོང་གི་སྣང་ངོར་གཞོན་ནུའི་སྐུ་ལས་ནམ་ཡང་མི་གཡོ་ཞིང་། སྨིན་མཚམས་སུ་མཛོད་སྤུ་འཁྱིལ་བ་སོགས། མཚན་དཔེའི་ཡོན་ཏན་དག་གིས་ལེགས་པར་བརྒྱན་པ་ནི། གཞན་ལ་མ་གྲགས་པའི་རྣམ་ཐར་བཅུ་གཅིག་པའོ། །

ཁ་བ་གངས་ཅན་གྱི་ལྗོངས་འདིར། ལོ་ཆེན་རིན་ཆེན་བཟང་པོ་སོགས་ཀྱིས། ཆོས་ལོག་མཐའ་དག་སུན་ཕྱུང་སྟེ། དམ་ཆོས་ལ་དག་ཐེར་གྱ་ནོམ་པ་བགྱིས་ནའང་། སླར་ཡང་དཀར་པོ་ཆིག་ཐུབ་སོགས། ཆོས་སྐད་སྣ་ཚོགས་པ་བྱུང་སྟེ། རེ་ཞིག་ཆོས་དང་ཆོས་མིན་སོ་སོར་འབྱེད་བྱེད། རྣམ་པར་དཔྱོད་པའི་བློ་གྲོས་དུབ་ཅིང་རྨོངས་བར་གྱུར་པ་ན། ཆོས་དང་ཆོས་མིན་རྣམ་པར་འབྱེད་པའི་བསྟན་བཅོས། རབ་དབྱེའི་མཚན་ཅན་དེ་བརྩམས་ཏེ། རྒྱལ་བའི་བཀའ་བསྡུ་བཞི་བ་མཛད་པ་ནི། གཞན་ལ་མ་གྲགས་པའི་རྣམ་ཐར་བཅུ་གཉིས་པའོ། །
ཞེས་པ་ནི་འཇམ་མགོན་སྐུ་ཡི་ཡོངས་འཛིན་མཁན་ཆེན་ཨ་པད་རིན་པོ་ཆེས་ས་བཅད་ཀྱི་འཆིང་བཏབ་པ་ལ། གསལ་བྱེད་ཀྱི་རྒྱན་དུ། རག་ཚ་ཀུན་དགའ་མཐུ་སྟོབས་ཀྱིས་འཇམ་མགོན་བླ་མ་ས་སྐྱ་པཎྜིཏ་ཆེན་པོའི་འདས་མཆོད་ལ་མངོན་དུ་ཕྱོགས་པ་བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་སྨལ་ཟླའི་དཀར་ཕྱོགས་རྫོགས་པ་དང་པོར་སྦྱར་བའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*