སྡེ་དགེ་པར་ཁང་གི་ལོ་རྒྱུས།

སྡེ་དགེ་པར་ཁང་གི་ལོ་རྒྱུས།
གཅིག ཆགས་ཡུལ་བཤད་པ།
འཇིག་རྟེན་ཁམས་སུ་སྔ་ན་མེད་པའི་ཆོས་ཀྱི་སྣང་བ་ཆེན་པོ་བཀྱེ་པའི་གནས་ནི་འཕགས་ཡུལ་དབུས་གྱུར་འཆང་སྟེ། དེ་ནས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་ཕྲག་བགྲོད་པར། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་ཞེས་སྐྱེ་དགུ་ཡོངས་ཀྱི་ཕན་བདེའི་རྩ་ལག་བླ་ན་མེད་པ་ཉིད་དུ་བཞུགས་པ། དེ་ཉིད་ལས་ཀྱང་ཤར་ཕྱོགས་ཀྱི་འཛིན་མར་ཞག་གི་ཕུང་པོ་གསུམ་ཙམ་བརྒལ་བ། དེ་བཞིན་གཤེགས་པའི་བསྟན་པ་རིན་པོ་ཆེའི་སྙིང་པོ་ཡོངས་སུ་ལྕི་བའི་ཡུལ་གྲུ་རྣམས་ཀྱི་མཆོག། འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་། གངས་རི་ར་བས་བསྐོར་བའི་བསིལ་ལྗོངས། མཧྰ་བྷོ་ཊ་ཞེས་གྲགས་པའི་ནང་གསེས། སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཟལ་མོ་སྒང་གི་ས་ཆར་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་ཞེས། མཁས་པ་དང་གྲུབ་པ་མཆོག་གི་དབང་ཕྱུག་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་ཡོངས་འཛིན་ཆོས་ཀྱི་རྒྱལ་ཐབས་སྐྱོང་བ་མང་པོས་ཞབས་ཀྱིས་བཅགས་ཤིང་འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱི་སྣང་བས་མུ་མེད་ཕྱོགས་ཀྱི་འཁོར་ལོ་འགེངས་བར་མཛད་པའི་གདན་ས་ཆེན་པོ། རྗེ་བཙུན་ས་སྐྱ་བ་ཡབ་སྲས་ཀྱི་རིང་ལུགས་དྲི་མ་མེད་པ་མངོན་པར་མཐོ་བ། རྩིས་ཀྱི་གཙུག་ལག་དང་གསང་ཆེན་རྒྱུད་སྡེ་རྣམས་ནས་བཤད་པའི་སའི་དཔྱད་པ་ཕུན་སུམ་ཚོགས་པ། རྒྱལ་བ་གཉིས་པ་རྗེ་བཙུན་ཨེ་ཝཾ་པ་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་བ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དང་། མཁས་བཙུན་གྲུབ་པ་རྗེ་བཙུན་ནམ་མཁའ་དཔལ་བཟང་བོས་མཚོན་པའི་རྡོ་རྗེ་སློབ་དཔོན་བཅུ་གསུམ་གྱིས་ཀྱེེ་རྡོ་རྗེ་ལ་བརྟེན་པའི་སའི་ཆོ་ག་དང་གཏེར་གཞུག་མཛད་པའི་གདན་ས་དེར། གཙུག་ལག་ཁང་ཆོས་འབྱུང་བཀྲ་ཤིས་སྒོ་མང་ཞེས་ཡོངས་སུ་གྲགས་པ་འདི། སྡེ་དགེའི་ས་སྐྱོང་ཁྲི་ཐོག་དྲུག་པ་གདུང་རབས་ཞེ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་དགུང་ལོ་ལྔ་བཅུ་རྩ་གཉིས་ཐོག་ཕྱག་བཏབ་མཛད་པའི་འཛམ་གླིང་ཡང་རྕེར་སོན་པའི་པར་ཁང་ཞིག་གོ།

གཉིས། ཕྱག་འདེབས་མཁན་སོགས་ཀྱི་ལོ་རྒྱུས།
དེ་ཡང་ས་ལ་གནས་པའི་ཆོས་རྒྱལ་རྣམས་ཀྱི་ཕྱི་ནང་གསང་གསུམ་གྱི་མཛད་པ་རྣམས་རང་རེའི་བྱིས་བློས་གཞལ་བྱར་མ་གྱུར་མོད། འདིར་ཐུན་མོང་གདུལ་བྱའི་ངོར་སྣང་བའི་མཛད་བཟང་ཕྱོགས་[page 406] གཅིག་གི་དབང་དུ་བྱས་ན། བསམ་བཞིན་དུ་སྲིད་བར་བཟུང་བའི་བསྟན་པའི་སྦྱིན་བདག་ཆེན་མོ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་ནི། འཇམ་དཔལ་རྩ་རྒྱུད་ལས། ཆུ་བོ་གསེར་ལྡན་ཞེས་པ་རུ། རྒྱལ་པོ་བྱིས་པའི་མིང་ཅན་འབྱུང་ཞེས་རྡོ་རྗེའི་ལུང་གིས་བསྔགས་ཏེ། བོད་རང་བྱུང་བཅུ་གཅིག་པའི་ནང་གསེས་ས་ཕོ་རྟ་ཡི་ལོར་མི་བདག་མ་ཧྰ་ཨི་ནྡྰ་ནྰ་ཐ་དང་། ཡུམ་མཆོག་ཨརྻན་ཨ་ངྡྷི་གཉིས་ཀྱི་སྲས་སུ་ངོ་མཚར་པའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། སྐུ་ན་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་བསླབ་ཚུལ་བསྟན་པ་ཙམ་ལས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད་པ་དང་ཅི་མཛད་ཐམས་ཅད་ཆོས་ཀྱི་བྱ་བ་ཁོ་ན་མཛད་པས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་དབང་འབྱོར་ཞིང་། ཁྱད་པར་གསོ་བ་རིག་པ་དང་། ནང་དོན་རིག་པའི་བསྐྱེད་རྫོགས་སྐོར་ལ་མོས་པ་རབ་ཏུ་འཕེལ་ཏེ། མཁས་གྲུབ་སངས་རྒྱས་ཕུན་ཚོགས་དང་། འཇམ་པའི་དབྱངས་བཟང་པོ་རྒྱལ་མཚན། གྲུབ་པའི་དབང་ཕྱུག་སངས་རྒྱས་རྒྱ་མཚོ། གནས་གསར་རྡོ་རྗེ་འཆང་སོགས་ཡོངས་འཛིན་དུ་མ་སྤྱི་བོའི་གཙུག་དུ་བསྙེན་ནས་ཟབ་པ་དང་རྒྱ་ཆེ་བའི་གདམས་ངག་མང་དུ་གསན་པ་དང་། སྤྱན་དྲངས་པ་ཡར་ཀླྭུང་བ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་མཆོག་གི་ཞལ་ནས། སྨིན་བྱེད་ཀྱི་དབང་དང་། བྱིན་རླབས་རྗེས་གནང་། གྲོལ་བྱེད་ཁྲིད་ཀྱི་རིམ་པ་སྤྱི་བཀའ་དང་། ཟུར་བཀའ། ཐུན་མོང་དང་ཐུན་མོང་མ་ཡིན་པ་སྙན་རྒྱུད་ཚད་མ་བཞི་ལྡན་སློབ་བཤད་སྐོར་སོགས་གསན་སྦྱངས་མཛད། གཞན་ཡང་ངོར་གྱི་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་དང་། གཏེར་ཆེན་ཉི་མ་གྲགས་པ། དཔལ་རི་རིག་འཛིན་ཀུན་བཟང་འོད་ཟེར། རྫོགས་ཆེན་འགྱུར་མེད་ཐེག་མཆོག་སོགས་མཆོད་གནས་སུ་བཀུར་ནས་ཟབ་ཆོས་མང་དུ་གསན་པ་ཡང་ཡོད།

ཐུགས་དམ་རྒྱུན་གྱི་ཉམས་བཞེས་ལ། ཉིན་མཚན་ཆ་དྲུག་ཏུ་བགོས་ནས་ཆ་གཉིས་མ་གཏོགས་ངག་བཅད་གནང་ནས། ཉི་གཏེར་དྲག་ཁྲོས་བསྐྱེད་བཟླས་བཀའ་སྲུང་དམ་ཅན་གཏོར་བསྔོ་དང་། དགོངས་འདུས་རྡོ་རྗེ་གཞོན་ནུ་ཕུར་ཞབས་ཅན། ཐུགས་རྗེ་ཆེན་པོ་དང་ཕྱག་ཆེན་ཟུང་འབྲེལ། ན་རོ་མཁའ་སྤྱོད། སྒྲོལ་གཀར། ལམ་ཟབ། ལམ་འདུས། དཀར་ཆ་བཞི། བྲག་རྫོང་། གཏོར་མ་བརྒྱ་རྩ་བཅས་དང་། ཐུན་མཚམས་རྣམས་སུ་དཀོན་མཆོག་རྗེས་དྲན། ཡན་ལག་བདུན་པ། རྒྱ་བོད་ཀྱི་བླ་བརྒྱུད་གསོལ་འདེབས། འཇམ་དཔལ་མཚན་བརྗོད། གང་བློ་མ། སྒྲོལ་མའི་བསྟོད་པ། ཤེར་སྙིང་། རྣམ་འཇོམས། ཚེ་བསྙེན་གཟུང་། གཙུག་ཏོར་རྣམ་རྒྱལ་དང་ལས་སྒྲིབ་སྦྱོང་པའི་གཟུངས། ཕུང་པོ་གསུམ་པའི་མདོ། བཟང་སྤྱོད་སོགས་བསྔོ་སྨོན་ཅི་རིགས་དང་། ད་དུང་རྒྱུན་དུ་ཞབས་སྐོར་དང་སཙྪ་འདེབས་པ། ཞལ་ཐོག་ནས་ཐུགས་རྗེ་ཆེན་པོའི་སྙིང་པོ་དུང་ཕྱུར་གཅིག། གུར་མགོན་གྱི་སྙིང་པོ་ཡི་གེ་བདུན་པ་དུང་། འཇིགས་བྱེད་ཀྱི་སྙིང་པོ་ཡིག་བཅུ་དུང་། སེང་གདོང་མའི་བསྙེན་པ་དུང་བཅས་བཟླས་བརྗོད་[page 407] སྙིང་པོ་བརྗོད་ཀྱི་མི་ལང་ཤིང་། རྟེན་བཞེངས་གཙོ་བོ་རྣམས་ནི་ཨེ་ཝཾ་ཆོས་ལྡན་གྱི་གླིང་པ་སྤྱི་ཁང་དང་། ལྷུན་གྲུབ་སྟེང་གི་བླ་མ་ཀུན་རིག་པའི་ལྷ་ཁང་རྒྱ་བསྐྱེད་དང་ཉམས་གསོ་མཛད་པ། གཙུག་ལག་ཁང་བསམ་གྲུབ་མཐོང་གྲོལ་ཆེན་མོའི་ཐོག་གསེར་འཕྲུ་དང་། རྒྱ་ཕིབས། གསེར་བྱ། སྤེན་རྒྱན་བཅས་དང་། པར་ཁང་ཆོས་མཛོད་ཆེན་མོ་གཙུག་ལག་ཁང་མགོན་ཁང་དང་བཅས་པ། གཞན་ཡང་རབ་བརྟན་དང་དུམ་མདོ། ཡེ་ན། འཛམ་ཐོག་དགོན། སྤོམ་འཛོང་སྒ་ལེན་སྟེང་། རྣམ་རྒྱལ་གླིང་། འདན་གྱི་དྲན་ཐང་། དཔལ་སྤུངས་སོགས་སུ་ལྷ་ཁང་བཅུ་བདུན་ཙམ་ལྡེབས་རིས་དང་བཅས་བཞེངས། ལྷུན་གྲུབ་སྟེང་དུ་གསེར་ཟངས་ཙན་དན་སོགས་ལས་གྲུབ་པའི་སྐུ་རྟེན་ཁྱད་པར་ཅན་སྟོང་གཉིས་དང་སུམ་བརྒྱ་ལྔ་བཅུ། གསུང་རྟེན། གསེར་བྲིས་བཀའ་འགྱུར་དང་། དངུལ་བྲིས་བསྟན་འགྱུར་བཅས་གླེགས་ཤིང་ན་བཟའ་དང་སྐུ་ཆིངས་གདོང་དར་བཅས་གསོལ་བ། ཁྱད་པར་བསྟན་པའི་བཙས་སུ་དགོངས་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཡོངས་སུ་པར་བརྐོས་མཛད་པ། བསྟན་འགྱུར་རིན་པོ་ཆེ་པོད་ཉི་ཤུ་ཙམ་དང་། ས་སྐྱའི་བཀའ་འབུམ་པོད་བཅོ་ལྔ། གཞན་ཡང་ཉེར་མཁོ་ཆོ་གའི་རིགས་དང་། རིག་གནས་སྐོར། ཆོས་འབྱུང་། བླ་རྒྱུད། རྣམ་ཐར་སོགས་པོད་དྲུག་ཅུ་ཙམ་པར་དུ་བཀོད། ཐུགས་རྟེན། གསེར་སྲང་སུམ་བརྒྱ་དང་ཙན་དམར་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་ཆ་བརྒྱད་བཅས་བཟོ་བཀོད་ཁྱད་བར་དུ་འཕགས་ཤིང་། ཆབ་འབངས་དུ་གྱུར་བའི་སྡེ་ལ། དགེ་རྩེ་རྫ་ཆུ་ཁ་པ་སྟོད་སྨད། ཁྲོམ་ཐར། ཁྱེ་འབྲོག། ཀ་བཞི། རྨ་རོང་། ལྷོ་ཁོག་བཅས་སོགས་འབྲོག་སྡེ་དང་དཔོན་ཕྲན་མང་དུ་མཆིས་པ་དང་། བོད་རང་བྱུང་བཅུ་གཉིས་པའི་ཆུ་བྱིའི་ལོར་༡༧༣༢གནམ་བསྐོས་རྒྱལ་པོ་འཇམ་དབྱངས་གོང་མ་མཆོག་གིས། ཆོས་རྒྱལ་འདི་ཉིད་ཀྱིས་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ལ་རྗེས་སུ་ཡི་རངས་པའི་བསྔགས་བརྗོད་དང་གཟེངས་བསྟོད་བྱས་ནས། བསན་ཡུ་སིའི་ཐམ་ཀས་དབང་བསྐུར་བ། གན་གོས་ཡུག་བརྒྱ་དང་། དངུལ་སྲང་སྟོང་ཕྲག་ལྔ་བཅས་སྩལ་ཞིང་ལུང་དང་ལག་རྟགས་འགྲན་ཟླ་བྲལ་བས་ཕྱོགས་ལས་རྣམ་པར་རྒྱལ་ཞིང་། དེ་ལྟར་སྐུ་ཚེ་ཧྲིལ་པོར་རྣམ་གཡེང་དང་ལེ་ལོ་མི་འདའ་བར་ཆོས་སྲིད་གཉིས་ཆར་གྱི་མཛད་པ་རྒྱས་ཏེ་སྐུ་བསོད་འགྲན་ཟླ་མེད་པར་གྱུར་ཅིང་ཆོས་རྒྱལ་ཨྰིནྟྲ་བོ་ངྷི་དང་གཉིས་སུ་མེད་པ་གྲུབ་པའི་དབང་ཕྱུག་འཁོར་ལོ་བསྒྱུར་རྒྱལ་མཆོག་གིས་ལྗོངས་འདིའི་མཛད་ཕྲིན་ཕལ་ཆེར་རྫོགས་ནས་མཐར་བོད་རབ་བྱུང་བཅུ་གཉིས་པའི་ས་ལུག་ལོར་༡༧༣༩དགུང་གྲངས་དྲུག་བཅུ་རྩ་བཞིའི་ཐོག རྗེ་བཙུན་ས་སྐྱ་གོང་མ་རྣམ་ལྔ་སོགས་ཀྱིས་ཞལ་གཟིགས་དང་ངོ་མཚར་པའི་ལྟས་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་སྡུས་པའོ།།

དེའི་སྲས་བླ་ཆེན་ཀུན་དགའ་ཕུན་ཚོགས་བསྟན་པ་གང་དེ་ཡིས་ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་ཕྱག་རྒྱུན་ཇི་བཞིན་དུ་ལུགས་གཉིས་ཀྱི་སྲོལ་མཐའ་དག་མ་ཉམས་པར་ལེགས་བར་བསྐྱངས་བར་མཛད་པ་དང་།[page 408] ཁྱད་པར་དམ་ཆོས་དགོངས་འགྲེལ་རིན་པོ་ཆེ་པར་བརྐོ་གནང་བའི་འཕྲོ་ཀུན་མཐར་ཕྱིན་མཛད་དེ་བགྲང་བྱ་བདུན་གྱི་རིང་ལ་ཞུ་དག་བགྱིས་པ། གཞན་ཡང་རིག་གནས་ཀྱི་སྐོར་སོགས་བསྟན་པའི་བཙས་སུ་གྱུར་པའི་ཆོས་སྦྱིན་རྒྱ་ཆེར་སྤེལ། དེ་རྗེས་སྲས་གཞིས་པ་བླ་མ་ཆེན་པོ་བློ་གྲོས་རྒྱ་མཚོ་གང་དེ་ཡིས་བསྟན་བཅོས་རིག་གནས་སོགས་པོ་ཏི་ལྔ་བཅུ་ཙམ་བར་དུ་བཀོད། དེ་རྗེས་ཡུམ་མཆོག་ཚེ་དབང་ལྷ་མོ་ཡིས་གདན་སའི་ཁུར་བཞེས་སྐབས། གསང་སྔགས་སྔ་འགྱུར་གྱི་རྒྱུད་འབུམ་རིན་པོ་ཆེ་དང་། ཀུན་མཁྱེན་ཀློང་ཆེན་དང་འཇམ་དབྱངས་མཁྱེན་བརྩེ་སོགས་ཀྱི་བཀའ་འབུམ་རིགས་པར་གསར་དུ་བཀོད། དེ་ནས་རྒྱལ་རབས་ཞེ་དགུ་བ་ལྷ་སྲས་ཚེ་དབང་བདུད་འདུལ་གྱི་དུས། རྗེ་བཀའ་འབུམ་དང་ལྷ་པར་སོགས་ཀྱི་སྐོར་པར་མང་དུ་བརྐོས་ཞེས་ངག་སྒྲོས་སུ་མཆིས་དེ་དག་གི་མཛད་འཕྲིན་བློ་ལས་འདས་བ་ཞིག་མཆིས་མོད་ཀྱང་འདིར་ཡིག་ཚོགས་ལ་དོགས་ནས་དེ་ཙམ་ལས་མ་སྤྲོས་སོ།།

གསུམ། གཙུག་ལག་ཁང་ཇི་ལྟར་སྐྲུན་ཚུལ་བཤད་པ།
མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། གྱུར་ནས་སེམས་ཅན་དོན་བྱེད་དོ། ཞེས་འབྱུང་བ་ལྟར། བསྟན་པའི་སྦྱིན་བདག་ཆེན་མོ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་ཉིད་ཉིན་ཞིག་སྡ་གེའི་རྒྱལ་རབས་རིམ་བྱོན་གྱི་བཞུགས་གནས་ཉིན་དགོན་ཕོ་བྲང་ནས་གཟིགས་སྐབས། མདུན་ཞོལ་ཉེ་འདབས་ཀྱི་ས་འབུར་སྟེང་། ཁྱེའུ་རིག་ལྡན་འགས་རྟ་ལུད་དུ་མར་བརྩེགས་ནས་པར་ཁང་བཞེངས་ཞེས་ཡ་མཚན་གྱི་རྩེད་མོ་བགྱིས་པ་དེ། ཁོངས་ལ་བསྐུལ་རྐྱེན་དུ་གྱུར་ནས་བསྟན་འགྲོའི་དོན་ཆེད་དུ་པར་ཁང་ཞིག་བཞེངས་བར་ཐུགས་ལ་དགོངས་པ་ཐོག་མར་སྐྱེས་པ་དང་། འོན་ཀྱང་ཤིང་གི་ཆ་རྐྱེན་མི་ལེགས་སྙམ་པར། ཨ་ལོ་དཔལ་འབྱོར་དགོན་དུ་གནས་ལྔ་རིག་པའི་ཎྟི་ཏ་ཆེ་མོ་སི་ཏུ་ཆོས་འབྱུང་མཆོག་གི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་མཁྱེན་ཅིང་། རྒྱལ་བོའི་དྲུང་དུ་ཕོ་ཉ་བ་བརྫངས་ཏེ། གང་གི་ཐུགས་བཞེན་ལྟར་སྒྲུབས་ཏང་། ཤིང་ཆའི་ཆ་རྐྱེན་སོགས་ཕྲན་གྱིས་ཀྱང་བསྒྲིག་ཆོག་ཞེས་གསུང་བསྐུར། དེ་ཚོ་ཆོས་རྒྱལ་མཆོག་ནས་བསམ་བློ་ཞིག་བཏང་སྐབས་དོན་དུ་པར་ཁང་དེ་ཡིན་པར་ངེས་སོ། །ཡང་འབྲི་ཆུའི་རྒྱུད་ཀྱི་སྐུ་ཚེ་སྡེའི་ཡེ་རིང་ཚང་ནས་ལྷ་དབང་ཞེས་པས་རྒྱུན་དུ་པར་ཞིག་རྐོ་བར་བརྩོན་ཀྱང་ལེགས་པོར་མ་ཤེས། ནུབ་ཞིག་མལ་ལམ་དུ་པར་རྐོ་ཡོངས་སུ་བསླབ་ཚུལ་ཞིག་རྨིས་པ། དེ་ནས་བཟུང་ཐོག་མར་ཚེ་མདོ ་ཞིག་བརྐོས་ཚེ་ལེགས་གྲུབ་བྱུང་བས་སྤྲོ་བ་རབ་ཏུ་འཕེལ་བ་དང་། པར་གྱི་ཐོག་མ་ཚེ་མདོ་འདི་སྡེ་དགེའི་ས་སྐྱོང་མཆོག་ལ་འབུལ་དགོངས་ནས། བ་ལང་ཞིག་ལ་ཁལ་བཀལ་ནས་ཡོང་སྐབས། ས་སྐྱོང་རིན་པོ་ཆེ་འཛོམས་ཐོག་གམ་སྐོམ་ཀཾ་ཐོག་ཏུ་[page 409] འབྱོར་བ་དང་འཕྲད་པས་ངོ་མ་ཤེས། དེ་ཚེ་ཆོས་རྒྱལ་མཆོག་ནས། ཁྱོད་གར་འགྲོ་ཞེས་དྲིས་པ་ལ། ཁོ་བོས་བརྐོས་པའི་པར་གྱི་ཐོག་མ་ཚེ་མདོ་འདི་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་ལ་འབུལ་བར་འགྲོ་ཞེས་ཟེར། དེ་ནས་ཆོས་རྒྱལ་གྱི་ཐུགས་དགོངས་ལ་པར་གྱི་ཐོག་མ་འཛོམས་ཐོག་ནས་འཛོམས་པ་པར་ཁང་འཛོམས་པའི་རྟེན་འབྲེལ་ལེགས་སྙམ་ནས་མྱུར་བུར་ཕྱིར་ཕོ་བྲང་དུ་བཞུད་དེ། བྲན་འཁོར་རྣམས་ལ་མགྲོན་པོ་ཞིག་འབྱོར་ངེས་བས། གསོལ་སྟོན་ལེགས་བོར་ཤོམས་ཅིག་ཅེས་བཀའ་བབ། མི་རྒན་གྱིས་བ་ལང་ཁྲིད་དེ་རྐང་འགྲོས་ཞག་གསུམ་གྱི་ཉིན་སྡེ་དགེར་འབྱོར་ནས་སྔར་ཁྱེའུ་རྣམས་རྩེ་སར་སོན་སྐབས་གློ་བུར་དུ་བ་དྲགས་མཆོང་བྱས་ཏེ་པར་ཁང་རྙིང་བའི་རྒྱ་ཁྱོན་ཙམ་དུ་པར་ཤིང་ཡོངས་སུ་གཏོར་བྱུང་། དེ་ཚེ་ས་སྐྱོང་མཆོག་ནས་རྟེན་འབྲེལ་འགྲིག་གོ ། ངེད་ཀྱིས་པར་ཁང་དེའི་རྒྱ་ཁྱོན་ཙམ་དུ་བཞེངས་དགོས་ཞེས་བཀའ་མོལ་གནང་སྟེ་ཐུགས་ཐག་བཅད་པ་ཡིན་ཞེས་ངག་སྒྲོས་སུ་ཟེར་སྲོལ་ཡོད། རྟེན་འབྲེལ་སྣ་ཚོགས་འགྲིག་པར་བརྟེན་ཆོས་རྒྱལ་ཆེན་པོས་ལས་བྱེད་ཀྱི་བཀོད་པའི་བཀའ་གསུང་ཕབས་ཏེ། བླང་དོར་གྱི་གནས་ལ་མཁས་བ་བློ་གྲོས་ཅན་འདུན་ན་འདོན་ཆེན་པོ་ལྷ་བུ་ཚེ་རིང་གཉེར་བ་དང་། གཙུག་ལག་ཟུང་གི་ཤེས་བྱར་འཇུག་པའི་རྣམ་དཔྱོད་ཅན་བླ་མ་དགེ་འདུན་བཅས་གུད་ན་བཞུགས་དངོས་རྫས་གཏོང་ལེན་གྱི་དོ་དམ་པ་པར་དབོན་དགེ་སློང་ཚུལ་ཁྲིམས་རབ་བརྟན་དང་། དེའི་གྲོགས་ལྡན་དུ་པར་དཔོན་དགེ་སློང་རིན་ཆེན་བཀྲ་ཤིས་དང་དབལ་ལྡན་རྒྱལ་མཚན་གཉིས་བཅས་བསྐོརས། སྤྱི་ལོ༡༧༢༩དུས་གཡང་དྲི་གོང་མ་རྒྱལ་སར་ཕེབས་ནས་ལོ་བདུན་སོན་པ། བོད་རབ་བྱུང་༡༢པའི་ས་བྱ་ལོའི་ཟླ་༧པའི་ཚེས་༡༥ཕྱི་མར་དགེ་བའི་ཉིན་དེའི་ཐོག་མར་མིང་དོན་གཉིས་ཀར་དགེ་ཞིང་བཀྲ་ཤིང་པ་གསུམ་གྱིས་ཐིག་བཏབ། མི་འགྱུར་རྡོ་རྗེའིམཐའ་ཅན་གསུམ་གྱིས་ས་རྨང་བཏིང་བ་ནས་བརྩམས་ཏེ། ཤིང་གཞོག་པ་དང་། ཤིང་རྐོ་བ། རྡོ་བཟོ་བ། ས་རྡོ་འཕོ་ལེན་པའི་འུ་ལག་གླ་ལེན་པ་བཅས་ཤིན་ཏུ་མང་སྐབས་སུ་མི་གྲངས་སྟོང་ཕྲག་ལྷག་ཙམ་དང་། དེ་ནས་ཀྱང་བརྒྱད་བརྒྱ་དང་བདུན་བརྒྱ་དྲུག་བརྒྱ་སོགས་ལས་སྐབས་དང་བསྟུན་པར་བསྡུས་ལ་བཟའ་ཡོན་ཚུལ་བཞིན་དུ་སྦྱར་ནས་ཕྱིའི་བཀོད་པ་ལོ་ངོ་གཉིས་ཀྱི་རིང་ལ་བཞེངས་པར་གྲགས། དེ་ནས་ཆེ་ལས་གྲུབ་ནས་ཞིབ་ཚགས་སོགས་ཀྱི་སྐབས་སུ། ལྡེབས་བྲིས་ལྷ་རིས་པ་མཁས་པ་སྨད་ཤོད་ཨ་འཕེལ་དང་ཀརྨའི་ལྷ་དགའ་སོགས་དཔལ་ཡུལ་དང་། མཁར་མདོ། ཀརྨ་ལྷ་སྟེང་བ་རྣམས་ཏེ་མང་པོའི་ནང་ནས་བཀྲབས་ལ་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་ཐིག་གི་ཆ་དབྱེ་བ་ནས་བརྩམས་ཏེ་སོ་སོས་འབྲི་བའི་མགོ་བརྩམས། དེ་ཡང་གཙུག་ལག་ཁང་དངོས་ལ་ཀ་རིང་བཞི་བཅུ་ཐམ་པ་མཆིས་པར། ཞིང་ཁམས་ཉི་ཤུ་རྩ་དགུ་བྱུང་བའི་ཞིང་ཁམས་གཉིས་རེ་ལ་ལྷ་རིས་པ་དཔོན་གཡོག་ལྔ་རེ་དང་ཐུན་མོང་དུ་ཚོན་ལས་བ་དང་བཅས་པ་བསྡོམས་པའི་དཔོན་གཡོག་བརྒྱད་ཅུ་ཙམ་གྱིས་བྲིས།

དེའང་སྡོམ་བརྩོན་མི་རྗེ་དམ་པ་འདིས་ནི་བགྱི་བ་དང་བགྱི་བ་མ་ཡིན་པའི་བླང་དོར་གྱི་གནས་ཐམས་[page 410] ཅད་བླ་མའི་བཀའ་ལ་ལེགས་བར་མ་ཉན་པར་རང་དག་འཇུག་ལྡོག་བྱེད་པ་ནི་འགའ་ཡང་མི་སྲིད་ལ། འདིར་ཡང་གཙུག་ལག་ཁང་གི་ཕྱི་ནང་ཀུན་ཏུ་བྲི་བར་བྱ་བའི་ལྷའི་བཀོད་པ་ཐམས་ཅད་ཀྱང་མཁན་རིན་པོ་ཆེ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་གྱི་ཞལ་སྔ་ནས་ཀྱིས་ཐོར་བཀོད་གནང་བ་ལྟར་བྲིས་པ། འབྲི་བའི་སྐབས་ཀྱང་། ས་སྐྱོང་བླ་མ་ཉིད་ནི་བཟོ་གནས་ལ་ཡུན་རིང་སྦྱངས་བ་ལྟ་བུའི་ཐུགས་ཉམས་ཆེ་བས་ཐོན་ལོ་ཙམ་གྱིས་དགྱེས་པར་བསྐྱེད་མི་ཐུབ། ཡང་ཡང་ཞིབ་དབྱོད་མཛད་དེ་ནམ་ཐུགས་ལ་བབས་པ་མ་བྱུང་བ་དེ་སྲིད་དུ་བཟོ་བཅོས་བྱས་པ་དང་། གཞི་ནས་ལྷ་རིས་པ་མཁས་དམན་དང་སྐུ་བརྙན་གྱི་ཚུགས་བཟང་ངན་གྱི་ཁྱད་པར་རྣམས་གཟིགས་འབུལ་བླངས་ཤིང་མཁས་བཏུས་བཀྱིས་པ་ཤ་སྟག་ཡིན་གཤིས། གཙོ་འཁོར་སྟོད་སྨད་ཀུན་ཏུ་རི་མོའི་ཆ་མཉམ་ཞིང་བཅད་མདངས་གསེར་རིས་སོགས་གང་ལའང་ལེགས་གྲུབ་བྱུང་བ་དང་། ཐ་ན་རྒྱ་མཐོངས་ཀྱི་ལོག་དང་ཕྱི་རོལ་གྱི་འཁོར་ཡུག་གི་ལྡེབས་དང་བཅས་ཏེ་ཡོངས་སུ་བྲིས་ཟིན་ཏེ་བགྲང་བྱ་ལྔའིཡུན་ལ་ཕྱི་ནང་ཀུན་བཞེངས་ཞེས་ངག་སྒྲོས་སུ་མཆིས། གཞན་ཡང་གཙུག་ལག་ཁང་འདིར་ལྡེབས་བྲིས་དང་བཅས་བསྐྲུན་པ་ལ་ཟང་ཟིང་དངོས་པོ་བཏང་བའི་རྣམས་གྲངས་ཅུང་ཟད་བཀར་ཏེ་གླེང་བ་ལ། ལས་བྱེད་འུ་ལག་གླེན་པར་བཅས་ཐུན་མོང་བར་ཉིན་རེར་ཇ་ཐུག་བཅུ་གསུམ་རེ་དང་རྩམ་པ་འདྲོང་ཕྱེད་དོ་རེ་དང་། གླ་ཡོན་དུ་ཇ་དང་། དར་དང་གོས་ཆེན། ཐ་མི་ཀ་དང་། རས་ཟུང་དང་ཡ་བ་དང་། སྣམ་ཕྲུག་གི་རིགས། པགས་པའི་རིགས། རྟ་ཕྱུགས་ཀྱི་རིགས། ཐ་ན་ཁྲོ་ཟངས་སོགས་ཀྱི་རིགས་ཏེ་ཉེ་བར་མཁོ་བ་གང་འཚམ་བཏང་བ་རྣམས་ཇ་རྩིས་ལ་ཕབས་ན། འུ་ལག་གླ་ལེན་པ་མི་རེར་ཉིན་བཅུ་གཉིས་རེ་ལ་ཇ་བར་ཁག་དང་ཤིང་གཞོག་པ་ལྔ་བ་ཅུ་མཆིས་པའི་ཤིང་མཁན་རེ་ལ་ཉིན་དགུར་བར་ཁག་དེའི་མཆན་མ་དང་གྱང་འཇིམ་བཟོ་བ་དང་ཞལ་མཁན་རྣམས་མི་རེར་ཉིན་བཅུ་གཉིས་རེལ་བར་ཁག་དང་། ལྷ་རིས་བ་དཔོན་གཡོག་བརྒྱ་ཅུ་མཆིས་པའི་ལྷ་དཔོན་མི་རེར་ཉིན་བཞིར་བར་ཁག དེ་མཆན་མར་མི་རེར་ཉིན་དྲུག་རེ་ལ་བར་ཁག ཚོན་འགྱེད་པ་ཉིན་བདུན་ལ་བར་ཁག ཚོན་སྦྱོར་བ་ཉིན་བཞིར་བར་ཁག གསེར་གསོལ་བ་དང་གསེར་ཤོག་པ་ཉིན་དྲུག་རེ་ལ་བར་ཁག ཚོན་བརྡར་བ་ཉིན་བརྒྱད་རེ་ལ་བར་ཁག་སྟེ། དེ་དག་རྣམས་ལ་བར་སྐབས་སུ་སྟོན་མོ་རྣམས་བཞག་སོགས་སྤྱི་སྲོལ་ལྟར་སྩལ་བ་དང་གཞན་ཡང་ཞལ་གསེར་དང་། ལས་ཀྱི་མགོ་ཚུགས་ནས་བཟོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་ལས་བྱེད་རྣམས་ཀྱི་རྒྱགས་ཆས་ལ་སོང་བ་བཅས་ཏེ་རགས་རྩིས་ཙམ་དུ་བསྡོམས་ན་ཇ་འཁོར་དྲུག་ཅན་སུམ་སྟོང་ལྔ་བརྒྱ་གྱ་བརྒྱད་ཙམ་བཏང་བའི་རྒྱུ་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་མངོན་པར་བསྒྲུབས་པ་ཉིད་དོ། །དེའང་རྟེན་བཞེངས་ནས་རབ་གནས་མ་བྱས་པའི་གནས་སུ་མི་འགྱུར་བ་ལ་སོགས་པའི་སྐྱོན་རྣམས་སྤང་པའི་ཕྱིན། འདིར་རབ་ཏུ་གནས་པར་བྱེད་པའི་རྡོ་རྗེ་སློབ་དཔོན་ནི། རྣམ་འདྲེན་བསྟན་པའི་སྣང་བྱེད་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཞལ་སྔ་ནས་[page 411] གཙོར་བཞུགས་བའི་རྡོ་རྗེ་འཛིན་པ་ནམ་ནཁའ་དཔལ་བཟང་པོ་སོགས་བླ་མ་དགེ་སློང་སུམ་བཅུ་རྩ་ལྔས་ལག་ལེན་འཁྲུལ་མེད་ཀྱི་ཆོ་གས་རབ་ཏུ་གནས་པར་བགྱིས་ཏེ་བསོད་ནམས་ཀྱི་ཞིང་བླ་ན་མཆིས་པར་མངའ་གསོལ་བ་དང་། དེར་བསྟན་བདག་ཆེན་པོ་ནས་ཀྱང་དགའ་སྟོན་རྒྱ་ཆེན་སྤེལ་ཏེ་ཕྱོགས་ཐམས་ཅད་ནས་བཀྲ་ཤིས་པའི་མཚན་རིས་ཕུན་སུམ་ཚོགས་པ་ཅི་ཡང་བཀྲ་བ་བྱུང་ངོ་།།

བཞི། ནང་རྟེན་ལྷ་བྲིས་དང་པར་ཤིང་གི་སྐོར།
འདིར་གཙུག་ལག་ཁང་དངོས་ལ་ཀ་རིང་བཞི་བཅུ་མཆིས་པའི་ནང་ལོག་ལྡེབས་བྲིས་ཞིང་ཁམས་ཀྱི་གཙོ་བོ་ཉི་ཤུ་རྩ་བདུན་ལས། དབུས་ཀྱི་གཙོ་བོ་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཤྰཀྱ་སེངྒའི་སྐུ་བརྙན་བདུད་འདུལ་གྱི་ཕྱག་རྒྱས་བཞུག་ས་པ། དེའི་གཡས་ན་ཤྰ་རིའི་བུ། གཡོན་ན་མོོང་གལ་གྱི་བུ་གཉིས། གཙོ་ཆེན་གྱི་གཡས་ཕྱོགས་ནས་མར་ལ་རིམ་པར། གཙོ་བོ་དང་བོ་ཀུན་མཁྱེན་ཉི་མའི་གཉེན་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པ། དེའི་གཡས་སུ་ཉེ་བ་འཁོར། གཡོན་དུ་ཀུན་དགའ་བོ། གཙོ་བོ་གཉིས་པ་དེ་བཞིན་གཤེགས་པ་མར་མེ་མཛད། གཡས་སུ་བྱང་ཆུབ་སེམས་དཔའ་བཟང་སྐྱོང་། གཡོན་དུ་བྱང་ཆུབ་སེམས་དཔའ་རིན་ཆེན་འབྱུང་གནས། དེ་བཞིན་གཤེགས་པ་འཁོར་བ་འཇིག གཡས་སུ་བྱང་ཆུབ་སེམས་དཔའ་རིན་ཆེན་སྙིང་པོ། གཡོན་དུ་རིན་ཆེན་བྱིན་གཙོ་བོ་བཞི་པ་ཤར་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འབྱུང་གནས། གཡས་སུ་རྒྱལ་སྲས་དེད་དཔོན་དམ་པ། གཡོན་དུ་ཤར་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་ནས་འབྱུད་བ། གཙོ་བོ་ལྔ་པ་ལྷོ་ཕྱོགས་ཀྱི་སངས་རྒྱས་མྱ་ངན་མེད་པའི་དཔལ། གཡས་སུ་བྱང་ཆུབ་སེམས་དཔལ་སྐྱེས་བུ་བྱིན། གཡོན་དུ་ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་མྱ་ངན་མེད། གཙོ་བོ་དྲུག་པ་ནུབ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འོད་འཕྲོས་དཔལ། གཡས་སུ་བྱང་ཆུབ་སེམས་དཔལ་སྐྱོབ་སྦེད། གཡོན་དུ་ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས། གཙོ་བོ་བདུན་པ་བྱང་ཕྱོགས་ཀྱི་སངས་རྒྱས་རྒྱལ་བའི་དབྱངས། གཡསུ་བྱང་ཆུབ་སེམས་དཔའ་ཆུ་བདག་ལྷ། གཡོན་དུ་བྱང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྒྱལ་བས་བྱིན། གཙོ་བོ་བརྒྱད་པ་བྱང་ཤར་མཚམས་ཀྱི་སངས་རྒྱས་དིང་ངེ་འཛིན་གླང་པོ་དམ་པའི་དཔལ། གཡས་སུ་བྱང་ཆུབ་སེམས་དཔའ་གླང་པོས་བྱིན། གཡོན་དུ་བྱང་ཤར་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བས་རྣམ་པར་གནོན་པ། གཙོ་བོ་དགུ་པ་ཤར་ལྷོ་མཚམས་ཀྱི་སངས་རྒྱས་པ་ནདྨོ་དམ་པའི་དཔལ། གཡས་སུ་བྱང་ཆུབ་སེམས་དཔའ་བཟང་པོའི་སྟོབས། གཡོན་དུ་ཤར་ལྷོའི་བྱང་ཆུབ་སེམས་དཔའ་འལ་ན་པདྨ། གཙོ་བོ་བཅུ་པ་ལྷོ་ནུབ་མཚམས་ཀྱི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ། གཡས་སུ་[page 412] བྱང་ཆུབ་སེམས་དཔའ་བློ་གྲོས་དམ་པ། གཡོན་དུ་ལྷོ་ནུབ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་ཉི་མ་རབ་སྣང་། གཙོ་བོ་བཅུ་གཅིག་པ་ནུབ་བྱང་མཚམས་ཀྱི་སངས་གདུགས་དམ་པ། གཡས་སུ་བྱང་ཆུབ་སེམས་དཔའ་འཕགས་པའི་བློ་གྲོས། གཡོན་དུ་ནུབ་བྱང་གི་བྱང་ཆུབ་སེམས་དཔའ་རིན་ཆེན་མཆོག་གཙོ་བོ་བཅུ་གཉིས་པ་འོག་ཕྱོགས་ཀྱི་སངས་རྒྱས་བདྨོའི་དཔལ། གཡས་སུ་བྱང་ཆུབ་སེམས་དཔའ་བློ་གྲོས་འཕེལ་བ། གཡོན་དུ་འོག་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་པདྨོ་དམ་པ། གཙོ་ཆེན་སྟོན་པའི་སྐུའི་གཡོན་ཕྱོགས་ནས་མར་ལ་རིམ་པར། གཙོ་བོ་དང་བོ་ཀུན་མཁྱེན་ཉི་མའི་གཉེན་ཆོས་འཆད་ཀྱི་ཕྱག་རྒྱས་བཞུགས་པ། དེའི་གཡས་སུ་མི་མཇེད་ཀྱི་བདག་པོ་ཚངས་པ། གཡོན་དུ་ལྷའི་དབང་བོ་ཀོོ་ཤི་ཀ གཙོ་བོ་གཉིས་པ་དེ་བཞིན་གཤེགས་པ་བྱམས་པ་མགོན་པོ། གཡས་སུ་བྱང་བྱང་ཆུབ་སེམས་དཔའ་བློ་གྲོས་མཐའ་ཡས། གཡོན་དུ་བྱང་ཆུབ་སེམས་དཔའ་དོན་ཡོད་མཐོང་། གཙོ་བོ་གསུམ་པ་དེ་བཞིན་གཤེགས་པ་མོས་པ། གཡས་སུ་བྱང་ཆུབ་སེམས་དཔའ་སྒྲིབ་མེད་བློ་གྲོས། གཡོན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་ཞུགས་པ། གཙོ་བོ་བཞི་པ་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ། གཡས་སུ་བྱང་ཆུབ་སེམས་དཔའ་མཐུ་དམ་པས་རྣམ་པར་གནོན་པ། གཡོན་དུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མཐའ་ཡས། གཙོ་བོ་ལྔ་པ་སྟེང་ཕྱོགས་ཀྱི་སངས་རྒྱས་དགའ་བའི་དཔལ། གཡས་སུ་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་པ། གཡོན་དུ་སྟེང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་དགའ་བས་བྱིན། གཙོ་བོ་དྲུག་པ་སངས་རྒྱས་སྨན་གྱི་བླ། གཡས་སུ་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ། གཡོན་དུ་བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོ། གཙོ་བོ་བདུན་བ་སངས་རྒྱས་མཚན་ལེགས་དཔལ་གཡས་སུ་བྱང་ཆུབ་སེམས་དཔའ་རྒྱན་ཆེན་པོ། གཡོན་དུ་བྱང་ཆུབ་སེམས་དཔའ་མི་གཏོང་བརྩོན་པ། གཙོ་བོ་བརྒྱད་པ་སངས་རྒྱས་སྒྲ་དབྱངས་རྒྱལ་པོ། གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རེ་གཟིགས་དབང་། གཡོན་དུ་བྱང་ཆུབ་སེམས་དཔལ་བློ་གྲོས་དཔེ་མེད། གཙི་བོ་དགུ་པ་སངས་རྒྱས་གསེར་བཟང་དྲི་མེད་དཔལ། གཡས་སུ་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ། གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། གཙོ་བོ་བཅུ་བ་སངས་རྒྱས་མྱ་ངན་མེད། གཡས་སུ་བྱང་ཆུབ་སེམས་དཔའ་བདུད་སྟོབས་རབ་ཏུ་འཇོམས་པ། གཡོན་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་བློ་གྲོས། གཙོ་བོ་བཅུ་གཅིག་པ་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོོའི་དབྱངས། གཡས་སུ་བྱང་ཆུབ་སེམས་དཔའ་ལག་ན་རིན་ཆེན་ཕྱག་རྒྱ། གཡོན་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ལག་བརྐྱང་། གཙོ་བོ་བཅུ་གཉིས་པ་སངས་རྒྱས་ཀུན་མཁྱེན་རྒྱལ་པོ། གཡས་སུ་བྱང་ཆུབ་སེམས་དཔའ་རྒྱན་ཆེན་པོ། གཡོན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེ་སེམས། གཙོ་བོ་དེ་དག་གི་འཁོར་དུ་སྟེང་ཕྱོགས་ནས་གདན་ཁྲི་ཡན་ཆད་དུ་མདོ་སྡེ་བསྐལ་བ་བཟང་པོ་ནས་བསྟན་པའི་སངས་རྒྱས་སྟོང་ཕྲག་དང་། ཕུང་པོ་གསུམ་པའི་མདོ་ལས་བྱུང་པའི་སངས་རྒྱས་སུམ་ཅུ་རྩ་ལྔ། གཙོ་བོ་གཉིས་རེའི་མདུན་དུ་གནས་[page 413] བརྟན་སྤྱན་འདྲེན་པའི་མདོ་དང་། དགྲ་བཅོམ་པ་དགེ་འདུན་ཆོས་འཕེལ་གྱི་ལུང་བསྟན་ལས་འབྱུང་བའི་གནས་བསྟན་བཅུ་དྲུག་ཚར་རེ་སྟེ། བསྡོམས་བ་གནས་བརྟན་ཚར་བཅུ་དང་། དྷརྨ་ཏྰ་དང་རྒྱལ་པོ་ཧ་ཤང་ཚར་གཉིས། རྒྱལ་ཆེན་བཞི་དང་བཅས་བས་བསྐོར་བ། གཡས་ལོགས་ཀྱི་མཐའི་སྒོ་འགྲམ། གཙོ་བོ་རྡོ་རྗེ་གུར་གྱི་རྒྱུད་སོགས་ནས་བསྟན་པའི་གུར་གྱི་མགོན་པོ། སྟེང་ཕྱོགས་ནས་སངས་རྒྱས་རྡོ་རྗེ་འཆང་ནས་ས་སྐྱ་བ་ཆེན་པོའི་བར་གྱི་བླ་མ་བརྒྱུད་པ་དང་། གཞན་ཡང་མཁན་ཆེན་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང་། གྲུབ་དབང་སངས་རྒྱས་རྒྱ་མཚོ་རྣམས་དང་། འབྱུང་པོ་འདུལ་བྱེད། མགོན་དཀར། ཨེ་ཀ་ཛ་ཊྰི། འདོད་ཁམས་བདག་མོ། བེར་ནག་ཟངས་གྲི་ཅན། ཞིང་སྐྱོང་བྲམ་ཟེའི་གཟུགས། གནོད་སྦྱིན་ཡབ་ཡུམ། པུ་ཏྲ་བྷ་ཊ། སྲིན་མོ་རུ་འདྲེན་སྡེ་བཞི། དུར་ཁྲོད་ཡབ་ཡུམ། དམག་ཟོར་རྒྱལ་མོ། བྲན་བདུད། དཔལ་མགོན་སྟག་ཞོན། གནོད་སྦྱིན་བེག་ཙེ་རྣམས་ཀྱིས་བསྐོར་བ། གཡོན་ལོགས་ཀྱི་མཐའི་སྒོ་འགྲམ་དུ་ངལ་བསོས་པའི་ཕོ་བྲང་འཁོར་ས་རིམ་པ་གསུམ་དང་བཅས་པའི་དབུས་སུ། གར་མཁན་མཆོག་དད་མགོན་པོ་མངོན་པར་འབྱུང་བའི་རྒྱུད་སོགས་ནས་བསྟན་པའི་རྒྱལ་པོ་རྣམ་ཐོས་སྲས། དེའི་སྟེང་ན་ཐུབ་དབང་། ་ཕྱག་ན་རྡོ་རྗེ་ནས་བུ་སྟོན་རིན་པོ་ཆེ་ཡན་གྱི་བླ་མ་བརྒྱུད་པ། འཁོར་ས་དང་པོའི་ཕྱོགས་མཚམས་ཀྱི་ཁང་བརྩེགས་བརྒྱད་དུ་གནོན་སྦྱིན་ཆེན་པོ་ཛམྦྷ་ལ་སོགས་རྟ་བདག་བརྒྱད། འཁོར་ས་བར་བ་དང་ཐ་མར་རྨ་བྱ་ཆེན་མོའི་གཟུངས་སོགས་ནས་བསྟན་པའི་གནོན་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་སྟོབས་ཆེན་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ་དང་བཅས་པའོ། རྒྱ་མཐོངས་ཀྱི་ལོགས་གསུམ་དུ་གཙོ་བོ་བཅུ་གསུམ་བཞུགས་པའི་དབུས་སུ་སངས་རྒྱས་རྡོ་རྗེ་འཆང་། དེ་ནས་བླ་མ་རྡོ་རྗེ་གདན་གྱིས་མཛད་པའི་བསྟོད་པ་དང་མཐུན་པར་གྲུབ་ཐོབ་ཆེན་པོ་བརྒྱུད་ཅུ་ལ་གཡས་ཕྱོགས་ནས་རིམ་པར་ཀླུ་སྒྲུབ། མཚོ་སྐྱེས་ཞབས། རྡོ་རྗེ་དྲིལ་བུ་པ། ལུ་ཧི་པ་ཨིནྟྲ་བྷུ་ཏི། ས་ར་ཧ། གཡོན་ཕྱོགས་ནས་རིམ་པར་བི་རཱུ་པ། འཕགས་པ་ལྟ། དོམྦི་ཧེ་རུ་ཀ ནག་པོ་སྤྱོད་པ། པདྨ་བཛྲ། ཀུ་ཀུ་རི་བ་རྣམས་གཙོ་བོར་བྱས་ཤིང་། ལྷག་མ་རྣམས་འཁོར་གྱི་ཚུལ་དུ་བཀོད་པ། རྒྱ་མཐོངས་ཀྱི་མདུན་ལོགས་དབུས་སུ་སྤྱན་རས་གཟིགས་ཁ་སར་པྰ་ཎི་བཞེངས་སྟབས་ཅན་ལ་དོན་ཡོད་ཞགས་པ་ལྷ་བཞི་དང་དམར་པོ་བསྐོར་གསུམ་གྱིས་བསྐོར་བ། དེའི་གཡས་སུ་སོ་སོར་འབྲང་མ་ལ་སྲུང་བའི་ལྷ་མོ་གཞན་བཞི་དང་། གདུགས་དཀར་མོ། ནོར་རྒྱུན་མ། ཛམྦྷ་ལ་དཀར་སེར་མཐིང་གསུམ་གྱིས་བསྐོར་བ། དེའི་གཡས་སུ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་ལ་འཇིགས་པ་བརྒྱད་སྐྱོབ་ཀྱིས་བསྐོར་བ། གཡོན་དུ་ཡུམ་ཆེན་མོ་ལ་ཐུབ་པ། འཇམ་དཔལ་ནག་པོ། སྨྲ་བའི་སེངྒ། དབྱངས་ཅན་མ། མི་གཡོ་བ། རི་ཁྲོད་ལོ་མ་གྱོན་མ། སེང་གདོང་སྔོན་མོ། དེའི་གཡོན་དུ་སྒྲོལ་མ་ལྗང་གུ་ལ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱིས་བསྐོར་བ། གཙུག་ལག་ཁང་གི་སྒོ་སྟེང་གི་ཡུག་[page 414] རིངས་ལ་དབུས་སུ་སྤྱན་རས་གཟིགས་གཙོ་བོར་བྱས་པའི་རིགས་གསུམ་མགོན་པོ་བཞེངས་སྟབས་ཅན། ཇོ་བོ་རྗེ། འབྲོམ་སྟོན་པ། པ་གོ་བེེ་རོ་ཙ་ན། གཙང་དེ་ཝེ་ནྡྲ་རཀྴི་ཏ། དེའི་གཡས་སུ་ཀ་མ་ལ་ཤྰི་ལ། བོ་དྷི་ས་ཏྭ། ར་ཝེནྡྲ་རཀྴི་ཏ། ཛྙྰ་ནེནྡྲ་རཀྴི་ཏ། གླད་ཁམས་པ་གོ་ཆ། ཅོག་རོ་ཀླུའི་རྒྱལ་མཚན། ཁྲི་སྲོང་ལྡེའུ་བཙན། སྲོང་བཙན་སྒམ་པོ། ཁྲི་རལ་པ་ཅན། ཐོན་མི་སམྦྷོ་ཊ། ཡོན་ཏན་མགོན་པོ། དེའི་གཡས་སུ་སློབ་དཔོན་ཀླུ་སྒྲུབ་སོགས་འཛམ་གླིང་མཛེས་པའི་རྒྱན་དྲུག་དང་། མཆོག་གཉིས། མ་ཏི་ཙི་ཏྲ། ཟླ་གྲགས། རདྣ་ཀ་ར། དེའི་གཡས་སུ་ཀུན་དགའ་བོ་སོགས་བསྟན་པའི་གཏད་རབས་བདུན་དང་། ལེགས་ལྡན་བྱེད། ས་ཁའི་ལྷ། ཙནྡྲ་གོ་མྰི། པཎ་ཆེན་ཤྰཀྱ་ཤྲྰི། དེའི་གཡས་སུ་རྒྱལ་ཆེན་འཕགས་སྐྱེས་པོ་དང་མིག་མི་བཟང་། སྒོ་གོང་དུ་གྲུབ་ཆེན་བི་རཱུ་པའི་རྣམ་ཐར། དེའི་གཡས་སུ་པདྨ་འབྱུང་གནས་གཙོ་འཁོར་གསུམ་ལ་གུ་རུ་མཚན་བརྒྱད་ཀྱིས་བསྐོར་བ། དེའི་གཡས་སུ་ཁྲོ་བོ་འདོད་པའི་རྒྱུལ་པོ་དང་དབྱུག་སྔོན་ཅན་གཉིས་རྣམས་སོ། གཙོ་པོའི་གཡོན་དུ་ངོར་ཆེན་ཀུན་དགའ་བཟང་པོ་ལ་ས་སྐྱའི་རྗེ་བཙུན་རྣམ་ལྔ་དང་། རྒ་ཨ་གཉན་དམ་པ། རྫོང་པ་ཀུན་དགའ་རྣམ་རྒྱལ། པཎ་ཆེན་ཤཀྱྰ་མཆོག་ལྡན། ཚར་ཆེན་བློ་གསལ་རྒྱ་མཚོ། དེའི་གཡོན་དུ་འཁོན་ནྰ་གེནྡྲ་རཀྴི་ཏ་ལ་ལོ་ཆེན་རིན་ཆེན་བཟང་པོ། ར་ལོ་ཙྰ་བ། འབྲོག་མི་ལོ་ཙྰ་བ། འགོས་ལོ་ཙྰ་བ་ལྷས་བཙས། བ་རི་ལོ་ཙྰ་བ། ཡར་ལུང་ལོ་ཙྰ་བ། མར་པ་གོ་ཙྰ་བ། མལ་ལོ་ཙྰ་བ། དཔང་ལོ་ཙྰ་བ། བུ་སྟོན་ལོ་ཙྰ་བ། དེའི་གཡོན་དུ་བིརྺ་པའི་སྐུའི་རྣམ་འགྱུར་དྲུག ཤོང་ལོ་ཙྰ་བ། ཐང་སྟོང་རྒྱལ་པོ། ས་ལོ་ཙྰ་བ། དཀོན་མཆོག་ལྷུན་གྲུབ། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ། དེའི་གཡོན་དུ་རྒྱལ་ཆེན་ཡུལ་འཁོར་སྲུང་དང་རྣམ་ཐོས་སྲས། སྒོ་གང་དུ་བིརྺ་པའི་རྣམ་ཐར་ལས་འཕྲོས་ཏེ་ཚིགས་བཅད་བསྟོད་པ་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ་བྲིས་པ། དེའི་གཡོན་དུ་པདྨ་འབྱུང་གནས་ལ་རྗེ་འབངས་ཉེར་ལྔས་བསྐོར་བ། དེའི་གཡོན་དུ་ཁྲོ་བོ་མི་གཡོ་བ་དང་འདོད་བའི་རྒྱུལ་པོ་གཉིས་རྣམས་ཏེ། དེ་དག་གི་གཤམ་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་རྒྱ་བོད་ཀྱི་ཡུལ་གྲུ་རགས་རིམ་ཞིག་རྣམས་སོ། གཞན་ཡང་རྒྱ་མཐོངས་ལ་དབུས་སུ་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྔ། དེའི་གཡས་སུ་ཚེ་དཔག་མེད་ལྷ་དགུ། དེའི་གཡས་སུ་རྗེ་བཙུན་སེང་གེ་སྒྲ་ལ་བརྒྱུད་རིམ་འགའ་རེ་དང་། ཡུམ་ནས་བཤད་པའི་བྱང་ཆུབ་སེམས་དཔའ་ལྷག་མ་གཉིས་རྣམས་ཀྱིས་བསྐོར་བ། གཙོ་བོའི་གཡོན་དུ་རྣམ་རྒྱལ་མ་ལྷ་དགུ། དེའི་གཡོན་དུ་སེང་ལྡིང་ལྡང་ནགས་ཀྱི་སྒྲོལ་མ་ལ་ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག པར་ཁང་མདུན་ལོགས་ལ་སྦྱིན་བདག་གི་སྐོར་ཏེ་དབུས་སུ་བླ་མ་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་སྐུ་བརྙན། དེའི་ཕྲག་གོང་གཡས་པའི་ཐད་ཀར་མཁན་ཆེན་དཔལ་ལྡན་ཆོས་རྒྱུད་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དང་། ཡར་ལུང་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། འཇམ་དབྱངས་ཆོས་ཀྱི་བླ་མ་སངས་རྒྱས་ཡེ་ཤེས། སྐུ་དབོན་རིན་ཆེན་མཆོག་གྲུབ། མཁས་གྲུབ་སངས་རྒྱས་རྒྱ་[page 415] མཚོ། རོང་པོ་སངས་རྒྱས་བསྟན་པ། ས་ཁོ་བླ་མ་དིང་འཛིན་ཕུན་ཚོགས། རྗེ་བཙུན་ནམ་མཁའ་དཔལ་བཟང་། དབོན་བསོད་ནམས་རྒྱལ་མཚན། ལྡན་ལོ་ཚུལ་ཁྲིམས་རིན་ཆེན་རྣམས་ཀྱིས་བསྐོར་བ། མདུན་དུ་གསོལ་གཟིམས་མཆོད་དཔོན་ཕྱག་མཛོད་སོགས་དང་། རྒྱ་གར་དང་ཁ་ཆེ་བལ་བོད་རྒྱལ་ནག་སྟེ་མི་རིགས་མང་པོས་མཆོད་པ་འབུལ་ཚུལ། འཕྲག་གོང་གཡོན་པའི་ཐད་ཀར་ལྔ་རིག་བསྟན་པའི་སྣང་བྱེད་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྐུ་བརྙན་ལ། རྫོགས་ཆེན་སྤྲུལ་སྐུ་དང་ཉི་གྲགས་སོགས་ཀྱིས་བསྐོར་བ། སྡེ་དགེ་བླ་མའི་སྐུའི་གཡས་སུ་བླ་མ་གྲོས་རྒྱ་མཚོ་དང་། གཡོན་དུ་ལྷ་སྲས་བསོད་ནམས་མགོན་པོ། དེ་དག་ཐམས་ཅད་ཀྱི་མདུན་དུ། མདུན་འཁོར་གཉེར་པ་ལས་འཛིན་འགའ་རེ་དང་། འཕགས་ཡུལ་དང་། ཀསྨི་ར་དང་། ནེེ་པ་ལ། བོད་དང་། རྒྱ་ནག་ལ་སོགས་པའི་མི་སྣ་མང་པོས་འདུད་ཅིང་ལྷ་མིའི་དཔལ་ཕུན་སུམ་ཚོགས་པས་མཆོད་འབུལ་སྟོབ་པའི་ཚུལ་ཅན། གཡས་ལོགས་ཀྱི་གཙོ་བོ་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པའི་སྐུ་བརྙན་གཙུག་ཏུ་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས་བཞུགས་ཤིང་། འཁོར་དུ་སྡེ་དགེ་གདུང་རབས་འགར་ཡེ་ཤེས་བཟང་བོ་ནས་ཇོ་གདན་ནམ་མཁའ་ལྷུན་བཟང་གི་བར་གྱིས་བསྐོར་བ། གཡོན་ལོགས་སུ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྐུ་བརྙན་གཙུག་ཏུ་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་བཞུགས་ཤིང་། འཁོར་དུ་སྡེ་དགེ་གྲུབ་ཐོབ་ནས་དབོན་པོ་རྒྱ་བོའི་བར་བྲིས་སོ། ། ཕྱི་སྒོའི་སྒོ་ཁང་དུ་གཡས་སུ་མངོན་པ་ནས་བཤད་པའི་ཁམས་གསུམ་འཇིག་རྟེན་གྱི་བཀོད་པ་མདོར་བསྡུས། གཡོན་དུ་འདུལ་བ་ལུང་ནས་བསྟན་པའི་སྲིད་པའི་འཁོར་ལོ་རྣམས་བྲིས་སོ། གསུང་རྟེན་གསུང་རབ་ལ་གཙུག་ལག་ཁང་སྟེང་གི་བར་ཁྱམས་ཀུན་ཏུ་དྲྭ་མིག་གི་ཁྲི་ལ་བཀའི་དགོངས་འགྲེལ་བོད་ཀྱི་བརྡར་འགྱུར་རོ་འཚལ་གྱི་ཕྱི་མོ་གླེགས་བམ་ཉིས་བརྒྱ་དང་། བླ་མའི་རྣམ་ཐར་སྐོར་དང་བེེཌྰུ་ར་དཀར་པོ་སོགས་ཀྱི་གླེགས་བམ་བཅུ་བདུན་ཙམ་དང་། གཙུག་ལག་ཁང་རྙིང་བའི་སྟེང་གི་བར་ཁྱམས་ཀུན་ཏུ་རྒྱལ་གསུང་འགྱུར་རོ་འཚལ་གྱི་ཕྱི་མོ་གླེགས་བམ་བརྒྱ་དང་བཞི། གཞན་ཡང་གསུང་འབུམ་སྐོར་དང་། མདོ་སྣ། འདོན་ཆོག རིག་གནས་ཀྱི་སྐོར་སོགས་བར་ཤིང་ཤིན་ཏུ་མང་བར་བཞུགས་ཏེ། དེ་དག་ཀུན་ཀྱང་གནས་ལྔ་རིག་པའི་པཎྟི་ཏ་ཆེན་མོ་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། ལྡན་ལོ་ཚུལ་ཁྲིམས་རིན་ཆེན་སོགས་ཀྱིས་དཔྱད་གསུམ་དག་པའི་སྒོ་ནས་ཞུས་དག་དང་འབྲུ་གཟིགས་ཐེང་མང་མཛད་བྱུང་། ཐུགས་རྟེན་དེ་བཞིན་གཤེགས་པའི་མཆོད་རྟེན་བརྒྱད་ལ་སོགས་བཞུགས་ཏེ་མདོར་ན་རྟེན་གསུམ་དཔག་ཏུ་མེད་པས་གཏམས་པའི་གཙུག་ལག་ཁང་ཆེན་པོ་འདི་ནི་འཇིག་རྟེན་གསུམ་གྱི་སྙིང་པོར་གྱུར་པ་ལྷ་མིར་བཅས་པའི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཉིད་དུ་ངེས་སོ།།

ལྔ། ཕྱིས་འབྱུང་གི་ལོ་རྒྱུས།
[page 416] ཕྱིས་སུ་སྔ་ཕྱིར་གཙུག་ལག་ཁང་དེར་གསུང་རྟེན་ཁྱད་པར་ཅན་སྲིད་ན་རྙེད་དཀའ་སི་ཏུ་ཆོས་འབྱུང་ནས་བཞེངས་པའི་གསེར་བྲིས་བཀའ་འགྱུར་གྱི་གཙོས་བཀའ་བསྟན་ཚར་སུམ་བཅུ་རྩ་བརྒྱད་དང་། གཞན་ཡང་གཙུག་ལག་ཁང་གི་གསེར་ཏོག་དང་ཆོས་འཁོར་རྒྱལ་མཚན་གསེར་བྱ་སོགས་དང་། པར་ཤིང་གྲངས་མང་བཅས་གཏོར་བརླག་སོང་། དེ་རྗེས་རིག་གནས་གསར་བརྗེ་ཆེན་པོའི་གནོད་འཚེས་ལོ་ངོ་མང་དུ་པར་སྒོ་བསྡམས་དགོས་བྱུང་ཡང་། རྒྱལ་ཁབ་ཀྱི་རིག་དངོས་དོ་དམ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་དང་། གཙུག་ལག་ཁང་སྨན་སྦྱོར་མཛད་སའི་ལྟེ་གནས་སུ་གྱུར་བ། ཆོས་མཐུན་གྱི་མི་སྣ་འགས་མིག་ལྟར་གཅེས་སྲུང་བྱས་པ་བཅས་ཀྱིས་པར་ཁང་འདི་ཕལ་ཆེར་མ་ཉམས་པར་སྐྱོབ་ཐུབ་སོང་། བོད་རབ་བྱུང་༡༦པའི་ས་ལུག་ལོར་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དངོས་སུ་ལག་ལེན་བསྟར་བཞིན་པ་དང་བསྟུན་པར་གྱི་སྒོ་འཕར་ཕྱེ་བའི་སྐལ་བ་ལྡན་ཏེ་སླར་ཡང་ལས་གྲྭ་བ་བསྟུས་ཏེ་པར་སྐྲུན་གྱི་འགོ་བརྩམས། ལྕགས་སྤྲེལ་ལོར་རྒྱལ་ཁབ་ཀྱིས་པར་ཁང་འདི་ཞིང་ཆེན་རིག་དངོས་སྲུང་སྐྱོབ་ལས་ཁུངས་གལ་ཆེན་དུ་བརྩིས་ནས་རིག་དངོས་དོ་དམ་ཁང་གི་སྒོ་བྱང་སྦྱར། མེ་སྟག་ལོར་བསྟན་འགྲོའི་རྒྱུ་དཔལ་ཨུ་ཡོན་ཀྲང་གཞོན་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྡེ་དགེ་པར་ཁང་དུ་གཟིགས་ཞིབ་ཕེབས་སྐབས་སུ་འདི་ལྟར། འཇིག་རྟེན་མིག་འབྱེད་གསུང་རབ་སྟེ། ལེགས་ཉེས་གསལ་བའི་མེ་ལོང་ཡིན། རིག་བརྒྱ་འདུས་པའི་གཏེར་མཛོད་ཆེ། སྐྱེ་རྒྱར་ཕན་པའི་སྨན་གྱི་མཚོ། སྡེ་དགེ་པར་ཁང་ཆེན་མོ་ཞེས། ཡངས་པའི་ཁྱོན་ལ་ལྷང་ངེར་གྲགས། སྔར་རྗེས་བཟང་པོའི་གཞི་ཐོག་ནས། ཕྱི་རྗེས་ཆེན་པོ་འཇོག་པར་འཚལ། ཞེས་བསྟོད་བསྔགས་དང་རབ་གནས་བྱས། བོད་རབ་བྱུང་༡༧པའི་ས་འབྲུག་ལོར་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད་རྣམས་ཀྱིས་བྱམས་བརྩེའི་ཐུགས་ཁུར་འོག གཙུག་ལག་ཁང་འདི་ཉམས་གསོ་བྱེད་རྒྱུར་ཐག་བཅད་དེ་འགྲོ་གྲོན་གྱི་སྒོར་ཁྲི་ཉིས་བརྒྱའི་འཆར་རྩིས་བྱས་པ་དང་ལོ་དེར་ཤིང་སོགས་ཀྱི་ཆ་རྐྱེན་བསྒྲིགས་ཏེ་བཞེངས་བའི་སྟ་གོན་བྱས།

གཞན་ཡང་ལོ་དེར་གངས་ལྗོངས་ཀྱི་ཡོངས་གྲགས་མཁས་པ་ཆེན་མོ་ཁྲོ་རུ་རྣམ་མཆོག་གདན་ཞུས་ལྟར་པར་ཁང་དུ་ཕེབས་ནས་ཆ་རྐྱེན་ཕུན་སུམ་ཚོགས་བའི་སྒོ་ནས་སྨན་ཆེན་གྱི་བསྡུ་སྦྱོར་རྒྱ་ཆེར་མཛད་པ། ཞིང་ཆེན་དང་རང་སྐྱོང་ཁུལ། རྫོང་ཁག་ཕྱི་ནང་སོགས་ཀྱིས་སྨན་གྱི་ཕན་ནུས་དང་སྤུས་ལེགས་བཅས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།

ས་སྤྲུལ་ལོར་སྡེ་དགེ་རྫོང་པར་ཁང་ཉམས་གསོ་བྱེད་མཁན་གྱི་འགོ་ཁྲིད་ཚོ་ཆུང་བཙུགས་ནས་དངོས་[page 417] སུ་ཉམས་གསོ་བྱེད་པའི་འགོ་བརྩམས་པ་ནས་བཟུང་། ཤིང་བཟོ་པ་དང་རྡོ་བཟོ་བ། ལྷ་རིས་པ་བཅས་སོགས་ལས་བཟོ་བ་མང་སྐབས་ལྔ་བརྒྱ་ཙམ་དང་། དེ་ནས་བཞི་བརྒྱ་དང་སུམ་བརྒྱ་བཅས་ལས་སྐབས་དང་བསྟུན་ནས་བསྡུས་ཤིང་། སྔར་གྱི་གཙུག་ལག་ཁང་སོར་བཞག་བྱས་ཐོག་དེ་ལ་ཞིག་རལ་སོང་བ་རྣམས་བསྐྱར་གསོ་དང་ཇེ་ལེགས་བཏང་ཚུལ་རྣམས་འདི་ལྟར། གཙུག་ལག་ཁང་དེའི་གྱང་རྐང་སྲ་བརྟན་གྱི་ཆེད་དུ་རྩིག་ངོས་སུ་ཞིག་རལ་སོང་བ་རྣམས་སུ་རྩིག་ལྷན་བརྒྱབ་པ་དང་། རྩིག་གདན་དུ་ཆུ་ཡིས་འཇིགས་པ་བསྐྱོབ་ཕྱིར་ས་འོག་ཏུ་ཡུར་བ་ཟབ་པ་དང་ནང་ལོག་ཏུ་ཀ་གདུང་འཁྱོགས་རུལ་སོང་བ་དང་པར་ཁྲི་རྙིང་བ་ཆག་དཀྲུམས་ཁད་སྒོ་དཀར་བཅས་ཡོངས་སུ་གསར་བར་བརྗེས་ནས་བརྐོས་རིས་ཀྱང་སྔོན་ལས་ལྷག་པ་དང་ཚོན་མདངས་བཀྲ་བར་བཏང་བ། སྔར་གྱི་ལྡེབས་བྲིས་རྣམས་ཀྱི་རི་མོ་དང་ཚོན་རྩི་ཡལ་བ་དག་ཀྱང་ཡུལ་དེའི་ལྷ་རིས་པ་མཁས་མང་བསྡུས་ནས་རི་མོའི་བཅད་མདངས་སོགས་གསར་དུ་བརྒྱབ་སྟེ་ཆ་ཚད་ཉམས་འགྱུར་བཅས་འབུར་དུ་ཐོན་བ་དང་། སྔར་མེད་གསར་བཟོས་ལྡེབས་རིས་ཀྱང་མང་དུ་ཡོད། གཞན་ཡང་གཙུག་ལག་ཁང་གི་ཟུར་གྱི་སྒོ་ཆེན་དཀྱིལ་དུ་སྤོས་པ་དང་། སྟེང་དུ་སྤེན་རྒྱན་མཐོ་རུ་འདེགས་པ། ཡང་སྟེང་དུ་ཟངས་གསེར་ལས་གྲུབ་པའི་གསེར་ཏོག་དང་། ཆོས་འཁོར། གསེར་བྱ། རྒྱལ་མཚན་བཅས་ཏེ་མདོར་ན་གཙུག་ལག་ཁང་འདི་བོད་ཀྱི་ཁྱད་ཆོས་ལྡན་ཞིང་བཟོ་བཀོད་ཁྱད་དུ་འཕགས་ཏེ་སྔར་ལས་ལྷག་པ་ཞིག་གྲུབ་བྱུང་། དེ་དག་ལ་འགྲོ་གྲོན་གྱི་སྒོར་ཀྲུང་དབྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་ཁྲི་ལྔ་བཅུ་དང་། སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་སྒོར་ཁྲི་བཅོ་ལྔ། སི་ཁྲོན་ཞིང་ཆེན་རིག་གནས་ཅུས་ཀྱིས་སྒོར་ཁྲི་བཅོ་ལྔ། རང་སྐྱོང་ཁུལ་སྲིད་གཞུང་གིས་སྒོར་ཁྲི་སུམ་བཅུ་སྟེ། ཁྱོན་སྒོར་ཁྲི་བརྒྱ་དང་བཅུའི་རོགས་སྐྱོར་མཛད་པའི་སྟེང་པར་ཁང་རང་ཉིད་ཀྱི་ཡོང་འབབ་སྒོར་ཁྲི་བརྒྱ་དང་སུམ་བཅུ་རྩ་བཞི་བཅས་ཏེ་ཁྱོན་ཡོངས་སྒོར་ཁྲི་ཉིས་བརྒྱ་བཞི་བཅུ་རྩ་བཞི་དང་ཉིས་སྟོང་དྲུག་བརྒྱ་དེ་དང་། གསེར་ཁེ་ཉིས་སྟོང་ལྔ་བརྒྱ་ལྷག་བགྲང་བྱ་གསུམ་ཡུན་ལ་བཞེངས་ནས་ཡོངས་སུ་གྲུབ། ལྕགས་ལུག་ལོའི་ཟླ་༡༠པའི་ཚེས་ཉིན་གཙུག་ལག་ཁང་བསྐྱར་བཞེངས་ལེགས་གྲུབ་བྱུང་བའི་རབ་གནས་ཀྱི་མཛད་སྒོ་སྤེལ། མཛད་སྒོའི་རྟེན་འབྲལ་ཐོག་ཀྲུང་དབྱང་དང་། ཞིང་ཆེན་རང་སྐྱོང་ཁུལ་རྫོང་ཁག་བཅས་ཀྱི་སྐུ་མགྲོན་བརྒྱ་དང་དྲུག་བཅུ་ལྷག་ཙམ་ཕེབས་པའི་ནང་། མཁས་པའི་དབང་བོ་ཁྲོ་རུ་ཚེ་རྣམ་དང་ཕྱི་རྒྱལ་ནས་བཞུད་པའི་སི་ཏུ་རིན་པོ་ཆེ་སོགས་ཡོངས་འཛིན་བཤེས་གཉེན་མང་དུ་བཞུགས་པ། དཔལ་སྤུང་དང་རྫོགས་ཆེན་ཏེ་དགོན་ཁག་གཉིས་ཀྱི་དགེ་འདུན་འདུས་སྡེ་ཡོངས་ཀྱིས་རབ་གནས་ཀྱི་མེ་ཏོག་འཐོར་ཏེ་བདེ་ལེགས་ངང་མཇུག་གྲོལ་བ་དང་། གཞན་ཡང་གཙུག་ལག་ཁང་འདི་མཐོ་ཚད་སྨི༡༣རིང་ཚདསྨི༥༤·༦ཞེང་ཚད་སྨི༣༡·༦ཁང་མིག་ཆེ་ཕྲ་སུམ་བཅུ། གཡས་གཡོན་ཐོག་བརྩེགས་བཞི། དཀྱིལ་དུ་ཐོག་བརྩེགས་གསུམ། འོག་ཏུ་[page 418] གཡས་སུ་འདུ་ཁང་དང་། གཡོན་དུ་མགོན་ཁང་། སྒོ་འགྲམ་གཡས་གཡོན་དུ་ཤོག་མཛོད་དང་དཔེ་མཛོད་ཁང་བཅས་ཁང་ཕྲན་མང་དུ་མཆིས། འདུ་ཁང་ཀ་རིང་བཞི་དང་ཀ་ཐུང་ཉེར་བརྒྱད་ཀྱི་ས་སྟེ། ནང་རྟེན་གྱི་གཙོ་བོ། འཇིམ་ལས་བཟོས་པའི་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པ། དེའི་གཡས་སུ་འོད་དཔག་མེད་དང་། སྤྱན་རས་གཟིགས་ཕྱག་བཞི་པ། ཕྱག་ན་རྡོ་རྗེ། ཀུན་མཁྱེན་ཀློང་ཆེན་པ། ས་སྐྱ་པཎྡི་ཏ། རྗེ་བློ་བཟང་གྲགས་པ་བཅས་དང་། གཙོ་ལྷའི་གཡོན་དུ་སློབ་དཔོན་པདྨ་འབྱུང་གནས། གྲུབ་ཆེན་ཐང་སྟོང་རྒྱལ་པོ། སི་ཏུ་ཆོས་ཀྱི་འབྱུང་གནས། ཆོས་རྒྱལ་བསྟན་པ་ཚེ་རིང་བཅས་དང་ཐུགས་རྟེན་གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་དང་སྲི་བཟློག་མཆོད་རྟེན་རྣམ་གཉིས། གསུང་རྟེན་པར་ཁང་ཆོས་མཛོད་ཆེན་མོ་རུ་བཞུགས་སོ་འཚལ་གྱི་གསུང་རབ་བཅས་བཞུགས། གཞན་ཡང་པཎ་ཆེན་གྱི་བཞུགས་ཁྲི་དང་། སྐུ་པར། འཕན་གདུགས་རྒྱལ་མཚན་རོལ་མོ་སོགས་མང་དུ་མཆིས་སོ། མགོན་ཁང་དུ་སྟོན་པ་སྐུ་འཁོར་གསུམ་དང་། ཉེ་བའི་སྲས་ཆེན་བརྒྱད། གནས་བརྟན་བཅུ་དྲུག། གུ་རུ་མཚན་བརྒྱད། རྒྱལ་ཆེན་སྡེ་བཞི། ས་སྐྱའི་གུར་ལྷ་བརྒྱད། སེང་གདོང་མ། གུར་དྲག གཤིན་རྗེ། དཔལ་མགོན་ཞལ། དཔལ་ལྡན་ལྷ་མོ། དམག་ཟོར་མ། དུར་ཁྲོད་ཡབ་ཡུམ་གཉིས། སྒྲོལ་མ་སྔོན་མོ། བདེ་གཤེགས་སྨན་བླ། ངོར་ཆེན་ཀུན་དགའ་བཟང་པོ་བཅས་དང་། གཞན་ཡང་ནམ་མཁའ་རུ་སྟག་གཟིག་སོགས་གཅན་གཟན་སྣ་ཚོགས་ཀྱི་ལྤགས་རིགས་དང་མདའ་མདུང་གྲི་སོགས་མཚོན་ཆའི་རིགས་བཅས་ཏེ་མང་དུ་མཆིས་སོ། གཡས་ཀྱི་སྒོ་འགྲམ་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བཞུགས་ཁྲི་དང་བཅས། གཡོན་གྱི་སྒོ་འགྲམ་དུ་སྔ་འགྱུར་རྙིང་མའི་ཟབ་གཏེར་རིན་ཆེན་གཏེར་མཛོད་བཅས་བཞུགས། དེ་དག་ཕལ་ཆེར་གསར་དུ་བཞེངས་པ་ལགས། དེ་ནས་གཡས་ཟུར་གྱི་ཁང་བརྩེགས་གཉིས་པར་དཔེ་མཛོད་ཁང་། གཡོན་ཟུར་གྱི་ཁང་བརྩེགས་གཉིས་པར་གཏེར་མཛོད་ཁང་། དབུས་ཀྱི་ཁང་བརྩེགས་གཉིས་པར། བསྟན་འགྱུར་ཁང་དང་། རདྣ་ཁང་། བཀའ་འགྱུར་ཁང་བཅས་དང་། གཞན་ཡང་ལས་གྲྭ་བའི་གཞུང་ལས་ཁང་དང་། པར་སྐྲུན་ཁང་། པར་རྩིས་ཁང་། ཇོ་པར་ཁང་། གཟུངས་པར་ཁང་བཅས་ཏེ་མང་དུ་མཆིས་པ། གཡས་ཕྱོགས་ཀྱི་ཁང་བརྩེགས་གསུམ་པར་རྒྱུད་སྡེ་ཁང་། གཡོན་ཕྱོགས་ཀྱི་ཁང་བརྩེགས་གསུམ་པར་སྒྲུབ་ཐབས་ཁང་། སྟེང་དུ་སྤེན་རྒྱན་ཁང་གི་གཡས་དང་དཀྱིལ་དུ་ཤོག་བརྡལ་ཁང་། གཡོན་དུ་ལྡེབ་ཐུང་སྐོར་གྱི་པར་ཤིང་བཅས་བཞུགས། དེ་ལྟར་ཆོས་མཛོད་ཆེན་མོ་རུ་གསུང་རབ་ཇི་སྙེད་ཀྱི་ས་བཅད་དམ་དཀར་ཆག་ཞིབ་རྒྱས་སུ་བསྒྲིག་འགོ་ས་སྦྲུལ་ལོ་ནས་བརྩམས། དེ་ནི་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གིས་༡༩༨༧ལོར་བཀྲམ་པའི་ཡིག་རྟགས་ཉེར་གསུམ་པ་པར་ཁང་སྲུང་སྐྱོབ་བདག་གཉེར་ལས་ཀའི་འཆར་གཞིའི་ཐད་གཏན་ཁེལ་བྱས་པའི་དོན་ཚན་གསུམ་ལས་དང་པོའི་ཁོངས་སུ་རྩོམ་སྒྱུར་དང་དཔེ་སྐྲུན་གྱི་འཆར་གཞི་དང་ཁྱད་པར་ཏུ་དེང་སྐབས་སུ་རྒྱལ་ཕྱི་ནང་གི་[page 419] ཞིབ་འཇུག་མཁས་པའི་དགོས་མཁོ་དང་། བོད་རང་ཉིད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ཀྱི་སྤྱི་དོན་བསྡུས་པ་ཞིག་རྟོགས་ཆེད་དང་དགོས་མཁོ་སོགས་ལ་དམིགས་ནས་མཁས་པ་མང་པོ་གདན་ཞུས་ལྟར་ཕེབས་ཏེ་རྩོམ་སྒྲིག་བྱས་པ་དང་ཁྱོན་ད་ལྟ་གཙུག་ལག་ཁང་དེར་བཀའ་བསྟན་གྱི་གཙོས་འཕགས་བོད་པཎ་གྲུབ་རྣམས་ཀྱི་གསུང་རབ་ཇི་སྙེད་ཀྱི་པར་ཤིང་ཁྲི་ཉེར་དྲུག་ལྷག་ཙམ་དང་། ཇོ་བར་ཉིས་བརྒྱ། ལྷ་པར་ཉིས་བརྒྱ། གཞན་ཡང་སྲུང་འཁོར་དང་། ཙཀླི། གཟུངས་སྔགས། སྒྲུབ་དཀྱིལ་སོགས་ཀྱི་རིགས་མང་དུ་བཞུགས། ཕྱིས་སུ་རིན་ཆེན་གཏེར་མཛོད་ཀྱི་གཙོས་གསར་བཞེངས་ཀྱི་པར་ཤིང་ཁྲི་བཞི་དང་སུམ་སྟོང་བདུན་བརྒྱ་བཞི་བཅུ་རྩ་ལྔ་དང་། སྔར་ཡོད་རིགས་འཐོར་བརླག་སོང་བ་རྣམས་ཉམས་གསོ་བྱས་པའི་པར་ཤིང་བརྒྱ་དང་སུམ་བཅུ་རྩ་བཞི། སྲུང་འཁོར་དང་ཙ་ཀླིའི་རིགས་ཀྱི་པར་ཤིང་བདུན་བརྒྱ་བདུན་བཅུ། ཇོ་དར་སྐོར་གྱི་པར་ཤིང་ལྔ་བཅུ་རྩ་གཉིས། གཟུངས་སྐོར་གྱི་པར་ཤིང་བརྒྱ་དང་སུམ་བཅུ་རྩ་བཞི་སྟེ། ཁྱོན་གསར་བཞེངས་ཀྱི་པར་ཤིང་ཁྲི་བཞི་དང་བཞི་སྟོང་བརྒྱད་བརྒྱ་ལྔ་བཅུ་རྩ་བཞི་ཙམ་བཞུགས་པ་དང་དེ་དག་དོ་དམ་བྱེད་པའི་མི་སྣ། ད་ལྟ་པར་དཔོན་རྒན་གཞོན་དང་། བདག་གཉེར་བ། རྩིས་པ། དྲུང་ཡིག དངུལ་གཉེར་བ། རླངས་འཁོར་ཁ་ལོ་བ། མེ་འགོག་བཅས་ཏེ་ལས་ཚན་སོ་སོར་དགོས་མཁོ་ལྟར་ཡོད་པ། རྒྱལ་ཁབ་ཀྱི་འཆར་གཞི་ལྟར་ན་དོ་དམ་མི་སྣ་བཅུ་གསུམ་ཡོད་དགོས་ཀྱང་། ད་ལན་བཅུ་གཅིག་ལས་མེད་པ། དེའི་འོག་ཏུ་ལས་གྲྭ་བ་མང་སྐབས་ལྔ་བརྒྱ་ཙམ་དང་། ཉུང་དུས་བརྒྱ་དང་ལྔ་བཅུ་ཡས་མས་སུ་གནས་པ། དེ་དག་ལའང་ལས་བགོས་སོ་སོར་ཡོད་པ་དང་། ལོ་རེ་ཡོང་འབབ་ཀྱི་སྒོར་མང་སྐབས་ཁྲི་བརྒྱ་ཕྲག་གསུམ་ཙམ་དང་། ཉུང་དུས་བརྒྱ་ཕྲག་གཅིག་ཙམ་ལས་མེད་པའང་མཆིས། གཞན་ཡང་གཙུག་ལག་ཁང་འདིར་རྒྱལ་ཕྱི་ནང་གི་སྐུ་མགྲོན་དང་མཇལ་སྐོར་བ་ལོ་རེ་མང་དུ་སོན་པ། དེ་དག་གིས་ཀྱང་གནང་སྦྱིན་དང་བསྟོད་བསྔགས་མང་དུ་མཛད་བྱུང་བ་དང་། ཁྱད་བར་དུ་ཨ་དཀོན་རིན་པོ་ཆེ་མཆོག་གིས་གསུང་རབ་དཔེ་དཀོན་རྣམས་པར་རྐོ་བའི་ཆ་རྐྱེན་དུ་ལོ་རེ་གནང་སྦྱིན་རྒྱ་ཆེར་མཛད་བྱུང་། ཤིང་ཁྱིའི་ལོར་ངོར་གྱི་མཁན་ཆེན་ཀླུ་ལྡིང་རིན་པོ་ཆེ་མཆོག་དང་ཞབས་དྲུང་རྣམ་གཉིས་ཁམས་སྡེ་དགེའི་དགོན་ཆེན་དུ་ཆིབས་བསྐྱོད་གནང་སྟེ་སྨིན་གྲོལ་གྱི་དབང་ཁྲིད་གནང་སྐབས། པར་ཁང་དུ་གདན་ཞུ་བྱས་ཏེ་རབ་གནས་རྒྱས་པར་མཛད་བྱུང་། གཞན་ཡང་ལོ་དེར་ཁྲོམ་རྡོ་ཁོ་དགོན་གྱི་མཁན་འཇམ་དབྱངས་ཀུན་དགའ་བསྟན་འཛིན་གྱིས་ནུབ་ཉེ་བའི་གསུང་རབ་འགའི་པར་ཤིང་སྟོང་གཅིག་ལྷག་པར་ཁང་དུ་འབྲེལ་འཇོག་བྱས་བའོ། དེ་ལྟར་རྒྱལ་ཁབ་ཕྱི་ནང་དུ་གྲགས་པའི་གཙུག་ལག་ཁང་ཆོས་འབྱུང་བཀྲ་ཤིས་སྒོ་མང་འདིར་སྔ་གཞུག་ཀུན་ཏུ་གསུང་རབ་ཡོད་དོ་ཅོག་པར་དུ་བསྐྲུན་ནས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དགོས་མཁོ་ལྟར་གླ་གཏོང་བྱས་སྟབས་བོད་ཀྱི་རིག་གནས་དར་སྤེལ་གཏོང་བར་བྱས་རྗེས་ངེས་ཅན་ཞིག་བཞག་བ་ལགས་སོ།།

 

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*