ད་ལན་རྒྱ་གར་ནང་བོད་ནས་གནས་སྐོར་བ་ཞེ་དྲག་མང་པོ་སླེབས་པར་གོ་ཐོས་བྱུང་། དེར་བརྟེན། ངས་བོད་ནས་ཡོང་མཁན་ཚང་མར་དགའ་བསུ་དང་འབྲེལ་སྙིང་ནས་མཛའ་ཤིང་བརྩེ་བའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ད་ལྟ་ཨ་མི་རི་ཀའི་ནང་ལ་ཡོད། རྩ་བའི་གཟུགས་པོ་བདེ་པོ་ཞེ་དྲག་ཡིན། ཡིན་ནའང་། ཁ་སྔོན་རྐང་པ་ཅུང་མ་བདེ་བ་བྱུང་བ་ད་ལྟ་དྲག་སྐྱེད་ཡག་པོ་བྱུང་ཡོད། ཡིན་ནའང་། ད་ལྟ་སྨན་བཅོས་མཇུག་སྐྱོང་བྱེད་དགོས་པས་ཅུང་འགོར་ས་རེད། དེར་བརྟེན་ད་ལན་སྨོན་ལམ་ཆེན་མོར་ཡང་བཅར་ཐུབ་མ་སོང་། ཁྱེད་ཚོའི་ནང་ནས་ང་ལ་ཐུག་དགོས་བསམ་མཁན་ཚོས་བློ་ཕམ་མ་གནང་རོགས་ཞུ་རྒྱུ་དང་ཆབས་ཅིག་ཞུ་རྒྱུར། ཁྱེད་རང་ཚོ་ཧ་ཅང་གི་བསོད་ནམས་ཆེན་པོ་རེད། གང་ཡིན་ཞུ་ན། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གང་དུ་སྐུ་བལྟམས་པའི་གནས་བཀྲ་ཤིས་ལུམྦཱི་ཚལ། མྱ་ངན་ལས་འདས་པའི་གནས་རྩྭ་མཆོག་གྲོང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཝརཱ་ཎཱ་སི། མངོན་པར་རྫོགས་པ་སངས་རྒྱས་པའི་གནས་རྡོ་རྗེ་གདན་བཅས་དཔེ་མི་སྲིད་པའི་རྩ་ཆེན་པོ་རེད། མདོ་ཡི་ནང་དུ་སྟོན་པའི་རྗེས་འཇུག་ནང་པ་ཡོད་དོ་ཅོག་གིས་གནས་ཆེན་བཞི་པོ་དེ་དག་མཇལ་རྒྱུ་དང་། ཕྱག་མཆོད་གསོལ་བ་འདེབས་པ་གསུངས་པ་རེད། དེས་མཚམས་མེད་ལྔ་བྱས་པའི་སྡིག་པ་ཡིན་ནའང་བྱང་འགྲོ་གི་ཡོད་ཅེས་གསུངས་ཡོད། དེས་ན། སྐལ་བ་བཟང་པོ་དང་། བསོད་ནམས་ཆེན་པོ་རེད། དེར་བརྟེན་ཁྱོད་རང་ཚོ་རྒྱ་གར་འཕགས་པའི་ཡུལ་དུ་སླེབས་ནས་གནས་ཆེན་བཞི་པོ་དེ་དག་མཇལ་རྒྱུ་བྱུང་བ་དེ་ཧ་ཅང་གི་སྐལ་བ་བཟང་པོ་རེད། ལྷག་པར་དུ་རྡོ་རྗེ་གདན་ལ་ཆོས་བརྒྱུད་རིས་སུ་མ་ཆད་པའི་སྨོན་ལམ་ཁག་འཚོགས་ཀྱི་ཡོད། དེ་དག་གི་ནང་མཁན་པོ། བླ་མ། སྤྲུལ་པའི་སྐུ་ཕེབས་མཁན་མང་པོ་ཡོད་རེད། ཁྱད་པར་དུ་ཡང་ད་ལན་འཕགས་མཆོག་ཕྱག་ན་པདྨོ་། སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ལ་ཞབས་སོར་འཁོད་ནས། ཟབ་པ་དང་རྒྱ་ཆེ་བའི་བཀའ་ཆོས་རྒྱ་ཆེན་པོ་གནང་གི་ཡོད་པ་གོ་ཐོས་བྱུང་། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཇལ་རྒྱུ་དང་། གསུང་ཐོས་རྒྱུ་བྱུང་པ་དེ་དཔེ་མི་སྲིད་པའི་སྐལ་བ་བཟང་པོ་དང་། བསོད་ནམས་ཆེན་པོ་རེད། དེར་བརྟེན་ཚང་མ་བློ་བདེ་བོ་དང་། སེམས་སྐྱིད་པོ་བྱས་ནས་བཞུགས་རོགས་གནང་ཞུ་རྒྱུ་ཡིན། དེ་ནས་གལ་ཆོས་དེ་གནས་སྐོར་ལ་ཡོང་ནས་གནས་མཇལ་རྒྱུ་དང་། སྐོར་བ་བྱ་རྒྱུ། ཁ་ཏོན་འདོན་རྒྱུ་སོགས་གལ་ཆེན་པོ་རེད། དེ་ལྟ་བུའི་ཆ་ཤས་རེ་རེ་ཙམ་བསྒྲུབ་ཐུབ་ན་ཡང་བསོད་ནམས་རྒྱ་ཆེན་པོ་གསོག་གི་ཡོད། དེའི་ནང་ནས་གལ་ཤོས་དེ་གང་རེད་ཅེ་ན། བླ་མའི་གསུང་ཆོས་གང་གནང་བ་དེ་ངེས་པར་དུ་སོ་སོའི་བློ་ལ་ངེས་པ་བྱས། མ་ཤེས་པ་ཤེས་པ་བྱས། ཤེས་ནས་གང་ཐུབ་ཀྱིས་ཉམས་ལེན་བྱ་རྒྱུ་དེ་རེད། སོ་སོས་ཉམས་ལེན་ཡག་པོ་བྱས་པ་ཡིན་ན། དེའི་རྒྱུད་ལ་སངས་རྒྱས་དང་བྱང་ཆུབ་སེམས་པའི་བྱིན་རླབས་འཇུག་པ་ཡོང་གི་རེད། དེ་ལྟར་མ་བྱས་པ་ཡིན་ན། སངས་རྒྱས་དང་བྱང་ཆུབ་སེམས་པའི་བྱིན་རླབས་དང་ཐུགས་རྗེ་ཆར་བཞིན་དུ་འབབ་ཀྱི་ཡོད་རེད་དེ། ཡིན་ནའང་། རང་རང་གི་ལས་དང་བསོད་ནམས་ཀྱི་རྐྱེན་པས་ད་ལྟའི་བར་བྱིན་རླབས་འཇུག་མ་ཐུབ་པར་ང་རང་ཚོ་ལྷག་བསྡད་པ་རེད། ད་རེས་ང་ཚོ་མི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ། དགེ་བའི་བཤེས་གཉེན་དང་ཕྲད། དེ་ལྟ་བུའི་གོ་སྐབས་བཟང་པོ་བྱུང་བའི་སྐབས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་གནས་མཇལ། ༧རྒྱལ་བ་ཡིད་བཞིན་ནོར་བུ་དབུར་བཞུགས་པའི་བླ་མ་མང་པོའི་ཞལ་མཇལ། གསུང་ཐོས་ཀྱི་གོ་སྐབས་བཟང་པོ་བྱུང་པ་དེ། མི་ཚེ་དོན་དང་ལྡན་པ་ཟེར་བ་དེ་ཡོང་གི་ཡོད་རེད། དེར་བརྟེན་གཙོ་ཆེ་ཤོས་དེ་གང་གསུང་གནང་བ་དེ་དག་རང་རང་གི་བློ་ལ་ངེས་པ་བྱས། གང་ཐུབ་ཅི་ཐུབ་ཀྱིས་རང་རང་གི་བློ་ཚོད་དང་བསྟུན་ནས་ཉིན་ཞག་ཕྲུག་གཅིག་གི་ནང་ལ། ལུས་ངག་ཡིད་གསུམ་མི་དགེ་བ་ལས་བཟློག་ནས་དགེ་བའི་ཕྱོགས་སུ་འགྲོ་ཐུབ་པ་དེ་འདྲ་ཞིག་བྱུང་བ་ཡིན་ན། དངོས་གནས་བདེ་སྐྱིད་ཀྱི་རྩ་བ་ཚུགས་ཀྱི་རེད། བསམ་པའི་དོན་ཐམས་ཅད་འགྲུབ་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད། དེར་བརྟེན་དེ་དག་ཚང་མའི་བློ་ལ་འཇགས་པའི་སྒོ་ནས་གནང་རོགས་གནང་། ངས་ཀྱང་འབྲེལ་ཐོག་ཚང་མའི་བར་ཆད་ཞི་ཞིང་། ཚེ་དང་བསོད་ནམས་རྒྱས་པ་དང་། བསམ་པའི་དོན་འགྲུབ་པའི་སྨོན་ལམ་ཡོད། ཐུགས་རྗེ་ཆེ། ཞེས་བཀའ་སྩལ།
Leave a Reply