གངས་རིའི་ལྗོངས་ཀྱི་མཁས་གྲུབ་དུ་མས་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ལ་ཕུལ་བའི་བསྟོད་ཚིག་
རྣམས་ཕྱོགས་གཅིག་ཏུ་སྒྲིག་པ་རབ་དཀར་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།།
བསླུ་མེད་ཚད་མ་སོར་བཞག་ནས།།
དགེ་བཤེས་ཚོགས་པའི་ལྟད་མོ་ལ།།
རིགས་པས་ཁྲོམ་ཐོག་ཆོད་པ་དེ།།
རྗེ་བཙུན་ས་སྐྱ་པཎ་ཆེན་མཐོང་།།
__འབྲུག་པ་ཀུན་ལེགས་ཀྱིས།
སྡོམ་པ་གསུམ་ལྡན་རིག་པའི་གནས་ལྔ་ཐུགས་སུ་ཆུད།།
རྣམ་འབྱེད་བློ་ལྡན་འདོད་པའི་ལྷ་ཡིས་རྗེས་སུ་བཟུང་།།
མཁྱེན་བརྩེས་ཆོས་ལོག་ཚར་གཅོད་སྐལ་ལྡན་རྗེས་འཛིན་པ།།
ས་སྐྱ་པ་ཞེས་ཡོངས་གྲགས་བླ་མ་རྒྱལ་གྱུར་ཅིག།
___ཆག་ལོ་ཙཱ་བས་བསྟོད་པ།
སངས་རྒྱས་བསྟན་པའི་གསུང་རབ་ལ།།
རང་དབང་ཐོབ་པའི་སྐྱེས་ཆེན་ཁྱོད།།
སྙན་པའི་གྲགས་པས་འཛམ་གླིང་ཁྱབ།།
མི་ཡི་སེང་གེ་རྒྱལ་གྱུར་ཅིག།
__བཀའ་གདམས་དགེ་བཤེས་དོ་ཀོར་བ་ནས།
དེ་ལྟར་འཆི་མེད་འོད་གསལ་ལྷ་ཡི་རིགས།།
མ་རིག་ལས་འཁོན་འཇམ་དབྱངས་སྤྲུལ་པའིི་སྐུ།།
ས་སྐྱ་པ་ཞེས་གྲགས་པའི་གསལ་ལྡན་པ།།
__རྒྱལ་མཆོག་ལྔ་པ་ཆེན་པོས།།
ས་སྟེང་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ།།
ཤེས་བྱ་ཀུན་ལ་ཐོགས་མེད་འཇམ་པའི་དབྱངས།།
གནས་ལྔ་མངོན་དུ་གྱུར་པའི་པཎྜི་ཏ།།
གངས་ཅན་འགྲོ་བའི་སྐྱབས་གཅིག་ས་སྐྱ་པ།།
ཉིན་མཚན་ཀུན་ཏུ་གུས་པས་གསོལ་བ་འདེབས།།
སྐྱེ་ནས་སྐྱེ་བར་མཚན་དཔེའི་གཟི་འབར་བ།།
ཁྱོད་སྐུ་མཐོང་ཞིང་ཐེག་མཆོག་སྒྲོག་པ་ཡི།།
ཁྱོད་གསུང་རྒྱུན་ཆད་མེད་པར་ཐོས་པར་ཤོག།
__རྗེ་ཙོང་ཁ་པ་བློ་བཟང་གྲགས་པས།
སྙན་པའི་གྲགས་པས་ཀུན་ལ་དགའ་བདེ་སྟེར།།
རྒྱལ་བས་བསྔགས་པའི་དགེ་མཚན་དཔལ་གྱིས་མཐོ།།
བཟང་པོའི་མཛད་པས་འགྲོ་རྣམས་སྨིན་མཛད་པའི།།
ས་པཎ་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ།།
__ཤར་སྐལ་ལྡན་རྒྱ་མཚོས།
འཇམ་དབྱངས་གཞོན་ནུ་མཐོན་མཐིང་གི།།
རལ་ཁུར་རིན་ཆེན་རྒྱན་སྤངས་ཏེ།།
ངུར་སྨིག་གར་གྱིས་རྣམ་རོལ་པ།།
པཎ་ཆེན་ཆོས་རྗེའི་རྟོགས་བརྗོད་འབྲི།།
__པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས།
ས་སྐྱ་པཎྜི་ཏ་ཞེས་པའི།།
སྙན་གྲགས་འཛམ་བུ་གླིང་གང་བ།།
དེ་ཡི་ཡོན་ཏན་མཐའ་ཡས་ལ།།
ཆ་ཤས་ཙམ་ཞིག་བསྟོད་པ་ཡིན།།
__ཞྭ་དམར་ཆོས་གྲགས་ཡེ་ཤེས་ཀྱིས།
འཇིག་རྟེན་འཇིག་རྟེན་འདས་པའི་གཙུག་ཏོར་གྱི།།
རྩེ་མོར་ཞབས་པད་སྐྱིལ་ཀྲུང་བཀོད་མཛད་དེ།།
སྐྱབས་མེད་སྐྱོབ་པར་གྱུར་པའི་ས་སྐྱ་པ།།
པཎ་ཆེན་ཀུན་དགའི་མཚན་ཅན་དེར་ཕྱག་འཚལ།།
__ཀརྨ་པ་མི་བསྐྱོད་རྡོ་རྗེས།
རྒྱ་བོད་གྲགས་པའི་མཐའ་བཅིངས་པ།།
དཔལ་ལྡན་ས་སྐྱ་པཎྜི་ཏ།།
__གུང་ཐང་བསྟན་པའི་སྒྲོན་མེ་ནས།།
མཚངས་དཀའ་ཚད་མའི་མགོན་པོ་ས་སྐྱ་པ།།
ཀུན་དགའ་རྒྱལ་མཚན་ཞབས་དག་ཅིས་མི་བསྟོད།།
__རིན་སྤུངས་ངག་དབང་འཇིག་རྟེན་ནས།
མཐའ་ཡས་སེམས་ཅན་ཚོགས་ལ་ཕན་དགོངས་པའི།།
རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དང་།།
ཁྱད་པར་རྒྱལ་སྲས་ཐུ་བོ་འཇམ་དཔལ་དབྱངས།།
མཚན་ལྡན་བླ་མར་སྣང་ལ་ཕྱག་འཚལ་ལོ།།
__རྫོགས་ཆེན་གཞན་ཕན་སྣང་བས།
རྣམ་དག་མཁའ་ལྟར་ཁྱབ་པའི་ཡེ་ཤེས་ཀྱིས།།
ཤེས་བྱ་རབ་གསལ་སྨྲ་བའི་སེང་གེ་མཆོག།
གངས་རིའི་ཁྲོད་ཀྱི་ཐུབ་བསྟན་མཛེས་པའི་རྒྱན།།
ཀུན་དགའ་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ།།
__ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས།
དགག་སྒྲུབ་རིགས་པའི་གསང་ལམ་གཅིག་པུའི་ཚུལ།།
མཁྱེན་པའི་རལ་གྲི་གཅིག་གིས་ཆོས་ཀུན་གྱི།།
ཐེ་ཚོམ་དྲྭ་བ་ཅིག་ཆར་གཅོད་མཛད་པ།།
འཇིགས་བྲལ་ས་སྐྱའི་འཇམ་མགོན་རྒྱལ་གྱུར་ཅིག།
__འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས།
འཁོར་བ་སྡུག་བསྔལ་རྒྱ་མཚོ་འདིར།།
སྡུག་བསྔལ་ཉམ་ཐག་འགྲོ་བ་རྣམས།།
ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས་ཀྱང་།།
བྱང་ཆུབ་མཆོག་ལ་འགོད་པར་མཛད།།
ས་སྟེང་འཛམ་གླིང་རྩོད་དང་བྲལ།།
སྒྲ་སྒྱུར་ལོ་ཙཱ་རིན་ཆེན་ལ།།
གུས་པའི་ཡིད་ཀྱིས་རབ་ཏུ་འདུད།།
སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས།།
__སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས།
རྩོམ་སྒྲིག་པ། མཐོ་སྒང་བུ་ཕྲུག
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།