དཔལ་ས་སྐྱའི་ལྷ་ཁང་མཁན་ཆེན་ཁྲི་རབས་ཞེ་བདུན་པ་༧བྱམས་པ་མཐུ་སྟོབས་སེང་གེ་མཆོག་ནི་རབ་བྱུང་བཅུ་བདུན་ཆུ་བྱི་ལོ། སྤྱི་ལོ་༡༩༧༢ལོར་གཙང་ཕྱོགས་ཤབ་སྟོད་བར་ལྡིང་ཞེས་པར་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་སྔར་གྱི་རིགས་སད་པའི་རྟགས་མང་དུ་བྱུང། དགུང་གྲངས་བཅུ་གསུམ་པར་གདན་ས་ཆེན་མོ་ས་སྐྱ་དགོན་དུ་མཁན་ཆེན་སྐུ་གོང་མའི་སྐུ་མདུན་ནས་རབ་དུ་བྱུང་། རིམ་པར་དགོན་འདིའི་འདོན་ཆོག་དང་ཐུན་མོང་རིག་གནས་སོགས་སློབ་གཉེར་མཛད་པ་བརྒྱུད་མི་རིང་བར་གདན་སའི་བཤད་གྲྭར་སློབ་བཞུགས་མཛད་ཅིང་སློབ་གླིང་འདི་གའི་སྐྱོར་དཔོན་མཛད། དུས་མཚུངས་སྐྱབས་རྗེ་བླ་མ་བློ་དགའ་རིན་པོ་ཆེའི་སྐུ་མདུན་ནས་ཡབ་ཆོས་གསུང་ངག་ལམ་འབྲས་ཆ་ལག་དང་བཅས་པ་བཞེས། སྤྱི་ལོ་༡༩༩༦ལོར་མཁས་གྲུབ་བྱེ་བའི་བསྟི་གནས་ཁམས་བྱེ་རྫོང་སར་བཤད་གྲྭར་ཕེབས་ཏེ་སློབ་གཉེར་ལོ་གསུམ་མཛད་པའི་རྗེས་སློབ་གླིང་དེ་གའི་སློབ་དཔོན་དུ་གསོལ། དུས་མཚམས་འདི་རིས་མེད་ཆོས་སྡེ་ཆེན་པོ་ཁག་ཏུ་གྲྭ་སྐོར་དང་སློབ་གཉེར་སྣ་ཚོགས་མཛད་མཐར་སྤྱི་ལོ་༢༠༠༡ལོར་གདན་ས་ཆེན་པོར་ཕྱིར་ཕེབས་ཀྱིས་བཤད་གྲྭའི་མཁན་པོ་མཛད་དེ་ལམ་ལུགས་སྒྲིག་གཞི་བཅོས་སྒྲིག་སྣ་ཚོགས་མཛད་པ་རྒྱུད་སྔར་མེད་ཀྱི་འཕོ་འགྱུར་ཆེན་པོ་བྱུང། སྤྱི་ལོ་༢༠༠༢ལོ་ནས་གདན་སའི་བཤད་གྲྭ་བསྐྱར་བཞེངས་རྒྱ་བསྐྱེད་དབུ་ཚུགས་མཛད་པ་ནས་ཞོགས་པ་བཤད་གྲྭ་བ་རྣམས་ལ་ཆོས་ཁྲིད་དང་། ཉིན་བར་བཤད་གྲྭ་བསྐྱར་བཞེངས་ཀྱི་ལས་ཡུལ་དངོས་སུ་ཕྱག་ལས་མཛད་དེ། སྤྱི་ལོ་༢༠༠༩ལོར་ད་ལྟའི་ཆོས་སྡེ་བྱང་གི་ནང་བསྟན་སློབ་གླིང་དེ་ཡོངས་སུ་ལེགས་གྲུབ་བྱུང་། སྤྱི་ལོ་༢༠༡༡ལོར་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཐེངས་དང་པོའི་སློབ་དཔོན་དུ་གདན་ཞུ་ལྟར་ལོ་གཉིས་ཀྱི་བཀའ་དྲིན་བསྐྱངས། སྤྱི་ལོ་༢༠༡༣ལོར་ཡི་དམ་དགྱེས་པ་རྡོ་རྗེ་སོགས་ཀྱི་བསྙེན་སྒྲུབ་མཛད། སྤྱི་ལོ་༢༠༡༤ལོར་གདན་སར་བཙུན་མའི་བཤད་གྲྭ་གསར་འཛུགས་དང་། གདན་སའི་ནང་བསྟན་སློབ་གླིང་དུ་གཙང་ཁུལ་གྱི་རིས་མེད་དགོན་སྡེའི་གྲྭ་བཙུན་སློབ་གཉེར་གྱི་གོ་སྐབས་སྒྲིག་གཞི་བཅོས་སྒྲིག་མཛད། སྤྱི་ལོ་༢༠༡༥ལོའི་བོད་ཟླ་དང་པོའི་ཚེས་བརྒྱད་ཉིན་ལོ་རྒྱུས་ཀྱི་དགོས་གལ་ཆེན་པོས་ལྷ་ཁང་མཁན་ཆེན་ཁྲི་རབས་ཞེ་བདུན་པའི་ཁྲི་ལ་གསོལ་ནས་གདན་སར་རང་ལུགས་འཛིན་པའི་གྲྭ་བཙུན་བརྒྱ་ཕྲག་ལ་དཔལ་ཀྱེ་རྡོ་རྗེ་དཀྱིལ་འཁོར་དུ་དབང་བསྐུར་མཛད་པ་དང་། ལོ་དེར་བོ་དོང་པའི་གདན་ས་བསམ་སྡིངས་སུ་ཕེབས་ཏེ་བོ་ལུགས་ཐུན་མོང་མིན་པའི་དབང་ལུང་ཆེས་ཉག་ཕྲ་བ་མང་པོ་ཞིག་རྒྱུད་སྤེལ་མཛད་པ་དང། སྤྱི་ལོ་༢༠༡༦ལོར་ཀྲུང་གོ་བོད་རྒྱུད་ནང་བསྟན་སློབ་གླིང་སློབ་སྤྱི་སྐུ་གཞོན་གི་འགན་བཞེས་གནང་སྟེ་སློབ་གླིང་དེའི་ས་དགེ་བཀའ་རྙིང་རིས་མེད་དགེ་བཤེས་བླ་གྲྭ་རྣམས་ལ་སློབ་མའི་ཀུན་སྤྱོད་ཐད་གི་བཀའ་སློབ་ལམ་སྟོན་འོག་སློབ་གླིང་འདིའི་ཞིབ་ཕྲའི་ལས་དོན་ཁག་ལེགས་གྲུབ་མཛད་པ་དང་ལོ་དེར་ཐན་ལྦན་དུ་ཚོགས་པའི་རྒྱ་བརྒྱུད་དང་བོད་བརྒྱུད་ནང་བསྟན་འགྲོ་གླིང་སྐབས་གྲོས་གཞིའི་བཀའ་སློབ་ཀྱང་མཛད་ཡོད། དེང་དུས་ནམ་ཀུན་དུ་རིས་མེད་དགོན་སྡེ་ཁག་ཏུ་སྡོམ་པ་གསུམ་གྱི་དབང་བསྐུར་ཆོས་ཁྲིད་དང། གནའ་ཤུལ་ཉམས་གསོ། ཆོས་དད་མང་ཚོགས་ལ་ཡང་དག་བཀའ་སློབ་ལམ་སྟོན་མཛད་པ་སོགས་ཀྱི་བཀའ་དྲིན་བསྐྱངས་དང་བསྐྱོང་བཞིན་པའི་ཁར། གདན་སར་གསང་ཆེན་རྒྱུད་སྡེའི་བཤད་གྲྭ་གསར་བཞེངས་མཛད་དང་མཛད་བཞིན་པའོ།
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply