༸སྐྱབས་མགོན་༸ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གི་བཀའ་སློབ།

བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་སྔ་རྗེས་བྱས་ནས་མར་དར་ཡོང་དུས་སྐབས་ལ། ཆོས་བརྒྱུད་ཁག་མི་འདྲ་བ་དེ་འདྲ་བྱུང་བ་རེད། བོད་གངས་ཅན་གྱི་ལྗོངས་སུ་དར་བའི་ཆོས་བརྒྱུད་ཚང་མ། ཐོག་མར་ཀུན་སློང་རེད། བར་དུ་མདོ་སྔགས་ཟུང་འབྲེལ་གྱི་ཉམས་ལེན་རེད། མཐར་འབྲས་བུ་མངོན་པར་རྫོགས་པ་སངས་རྒྱས་ཡ་ལ་ཁྱད་པར་རྩ་བ་ནས་ཡོད་མ་རེད།

ད་ཁྱད་པར་ག་རེ་ཡོད་རེད་ཟེར་ན། ཆུ་མགོ་གངས་ལ་ཐུག་སའི་རྒྱ་གར་འཕགས་པའི་ཡུལ་གྱི་པན་གྲུབ་རེད། བར་དུ་མར་ཆོས་ཡོང་སའི་ལོ་ཙཱ་བ་རྣམས་རེད། དེ་འདྲ་བྱས་ནས་མར་བླ་མའི་བླ་མའམ་གོང་མའི་གོང་མ་བྱས་ཏེ་བརྒྱུད་པའི་རིམ་པ་ཕྲན་བུ་མི་འདྲ་བ་ཡོད་རེད། དེ་ཡིན་དུས་ཙ་ནས་བརྒྱུད་པའི་རིམ་པ་མི་འདྲ་བ་ཡོད་དུས་དཔེར་ན་ལྷ་ཡིན་ནའང་གདུལ་བྱའི་ཁམས་དང་མོས་པ་ལ་བརྟེན་ནས་ལྷ་ཁ་ཤས་ཞི་བ་དང་། ཁ་ཤས་དྲག་པོ། ཁ་ཤས་ཞལ་ཕྱག་མང་པོ། ཁ་ཤས་ནི་ཞལ་གཅིག་ཕྱག་གཉིས་དེ་འདྲ་ཡོང་གི་ཡོད་རེད།

དེ་ནང་བཞིན་བྱས་ནས་གདུལ་བྱའི་ཁམས་དང་མོས་པ་ལ་བརྟེན་ནས་ཆོས་བརྒྱུད་ཚོའི་ནང་ནས་ཀྱང་ཁ་ཤས་ནི་སྤྱོད་པར་གཙོ་འདོན་གནང་མཁན། ཁ་ཤས་ནི་སྒྲུབ་པར་གཙོ་འདོན་གནང་མཁན། ད་ལྟ་ཡོངས་སུ་གྲགས་པའི་ཆོས་བརྒྱུད་ཆེན་པོ་བཞི་ཡོད་པ་ལས་ང་ཚོ་དཔལ་ལྡན་ས་སྐྱ་པ་ཟེར་ཡ་དེ་རེད། དཔལ་ལྡན་ས་སྐྱ་པ་ཟེར་ཡ་དེ་ག་རེ་རེད་ཟེར་ན། ལོ་ཙཱ་བ་ཆེན་པོ་བཞིའི་ཆོས་བརྒྱུད་འཛིན་མཁན་དེ་ས་སྐྱ་པ་ཡིན་གསུངས་པ་རེད། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། ལོ་ཆེན་རིན་ཆེན་བཟང་པོ། དེ་ནས་མར་བརྒྱུད་པའི་ཆོས་བརྒྱུད་འཛིན་མཁན་དེ་ས་སྐྱ་པ་རེད།

ས་སྐྱའི་ནང་ནས་ཀྱང་ས་སྐྱ་པ་ལ་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟབ་རྒྱས་ཀྱི་གདམས་ངག་རྒྱ་མཚོ་ལྟ་བུ་བཞུགས་པའི་ནང་ནས་ནོར་བུ་ལྟ་བུ་དེ་ག་རེ་རེད་ཟེར་ན། གསང་སྔགས་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་དེ་ཡིན་པ་རེད། དེ་གང་ལས་བྱུང་བ་རེད་ཟེར་ན། རྒྱ་གར་ནཱ་ལེནྡྲར་ཐོག་མར་མཁན་པོ་དང་། གཞུག་མར་གྲུབ་པ་ཐོབ་པའི་མཚན་ཡོངས་གྲགས་གྲུབ་ཆེན་བིར་ཝ་པ་ཞུ་ཡ་དེ་ཡིན་དུས་ཙ་ནས། ཡིད་དམ་གྱི་ལྷ་ལས་དངོས་སུ་གསུང་གི་གདུད་རྩི་བཞེས་པའི་གྲུབ་པའི་གོ་འཕང་མཐོན་པོ་བརྙེས་པ་དེ་ཉིད་ཀྱིས། སངས་རྒྱས་ཀྱི་གསུང་རབ་མདོ་སྡེ་དང་རྒྱུད་སྡེ་མཐའ་དག་གི་བཅུད་ཕྱུང་བའི་གསང་སྔགས་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་འདི་ས་སྐྱ་པའི་ཆོས་ཀྱི་ནང་ནས་གཙོ་བོར་ཡིན་པ་རེད། སྤྱིར་བཏང་ཆོས་ཀྱི་བརྒྱུད་པ་ཟེར་བ་དེ་འདྲ་རེད།

ཡིན་ནའང་ད་དེ་འཛིན་སྐྱོང་གནང་མཁན་ག་འདྲ་བྱས་ནས་བྱུང་བ་རེད་ཟེར་ན། ཐོག་མར་དབུ་བརྙེས་མཁན་རེད། བར་དུ་སྲོལ་གཏོད་མཁན་རེད། ཐ་མར་དར་ཞིང་རྒྱས་པར་མཛད་མཁན་ཚང་མ་འཁོན་གྱི་གདུང་བརྒྱུད་ཚོ་རེད། འཁོན་གྱི་གདུང་བརྒྱུད་ཀྱི་ཐོག་མའི་འབྱུང་ཁུངས་ཞུས་པ་ཡིན་ན། ཐོག་མར་འོད་གསལ་ལྷ་ལས་བྱུང་བ་རེད་ཟེར་གྱི་ཡོད་རེད། དེ་འདྲ་ཡིན་དུས་འོད་གསལ་ལྷ་རིགས། བར་དུ་དྲི་མེད་འཁོན། མཐར་རྗེ་བཙུན་ས་སྐྱ་པ་ཞེས་པའི་མཚན་མཆོག་གསུམ་ལྡན་གྱི་གདུང་བརྒྱུད་རིན་པོ་ཆེ་ཚོས་གྲུབ་མཐའ་འདི་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པར་མཛད།

དཔལ་ལྡན་ས་སྐྱ་པའི་བསྟན་པ་འདི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ། བཤད་སྒྲུབ་གཉིས་ཀར་གཙོ་འདོན་གནང་མཁན་གཙོ་བོ་གདུང་བརྒྱུད་རྣམ་པ་དང་དེའི་རྗེས་འབྲང་ངོར་རྫོང་ཚར་གསུམ་ཞེས་པ་ཡོད་རེད། གང་ལྟར་གངས་ལྗོངས་མཛེས་པར་བྱེད་པའི་རྒྱན་དྲུག་གསུངས་ནས། སྔགས་ལ་མཁས་པ་ཀུན་དགའ་རྣམ་གཉིས། མདོ་ལ་མཁས་པ་གཡག་རོང་རྣམ་གཉིས། མདོ་སྔགས་གཉིས་ལ་མཁས་པ་གོ་ཤཱཀ་རྣམ་གཉིས་ཞེས་དེ་འདྲ་བྱས་ནས་མཁས་ཞིང་གྲུབ་པ་བརྙེས་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ནས་དེ་དག་གིས་དཔལ་ལྡན་ས་སྐྱ་པའི་རིང་ལུགས་ཕྱོགས་ཀུན་ནས་དར་ཞིང་རྒྱས་པར་མཛད་རེད།
༧སྐྱབས་མགོན་གོང་མ་རིན་པོ་ཆེས་ཐེན་ཝན་དུ་གསུང་ངག་ལམ་འབྲས་བཀའ་དྲིན་སྩོལ་བའི་སྐབས་སུ་ཟུར་དུ་གསུངས་པའི་བཀའ་སློབ་སྙིང་གི་ནོར་བུ་ཞིག

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*