གདོང་ཐོག་མཆོག་སྤྲུལ་འདས་མཆོད།

གདོང་ཐོག་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་ལ་ན་མོ། ༽

གང་ཐུགས་ཚོགས་གཉིས་རྒྱ་མཚོས་ཡོངས་རྫོགས་ལས།།
ལེགས་འཁྲུངས་གྲུབ་པའི་རིག་འཛིན་འཇམ་པའི་དབྱངས།།
མཐས་ཡས་འགྲོ་བ་དུ་མའི་དཔལ་མགོན་དུ།།
གདོང་ཐོག་མཆོག་སྤྲུལ་རིམ་བྱོན་རྣམས་ལ་འདུད།།

སྔོན་བསགས་རྣམ་དཔྱོད་དྲོད་ཀྱིས་རབ་སྨིན་པས།།
ཕྱི་ནང་གྲུབ་མཐའི་དབྱེ་བ་ཚངས་པའི་སྤུན།།
གནའ་དེང་རིག་པའི་ཤེས་བྱའི་རྒྱ་མཚོ་ཀློང་།།
མཁས་དབང་གདོང་ཐོག་མཆོག་སྤྲུལ་ཉིད་ལ་གུས།།

ཁྱེད་ཀྱི་ཡོན་ཏན་རྨད་བྱུང་ཚ་ཟེར་གྱིས།།
དྲི་ཞིམ་མེ་ཏོག་པདྨོ་བཞད་པའི་འཛུམ།།
ལེགས་བཤད་འཕྱུར་བའི་མགྲིན་གཉིས་སྨྲ་བ་ཉིད།།
སྙིང་སྟོབས་དྲེགས་པས་དྲང་སྲོང་ཁྱེད་ཀྱི་གཤིས།།

རང་ཕྱོགས་སྤེལ་ཞིང་གཞན་ཕྱོགས་སྡང་བ་སྤངས།།
རྟོག་གེས་དངོས་སྟོབས་རིགས་པའི་གད་རྒྱངས་ཀྱིས།།
ས་དཀར་ཐུབ་བསྟན་སྒྲུབ་ཕྱིར་ལོག་སྨྲ་བཅོམ།།
མི་འཇིགས་སྤོབས་པ་མངའ་བར་ཁྱེད་ལས་སུ།།

རྨད་བྱུང་གཙུག་ལག་ཕྲེང་བའི་མངའ་དབང་བསྒྱུར།།
མཁས་པའི་སྙན་གྲགས་ཀུན་གྱི་རྣ་བའི་རྒྱན།།
ངོ་མཚར་རབ་ཏུ་བསྔགས་པའི་གདོང་ཐོག་པ།།
ཕྱོགས་ལས་རྣམ་རྒྱལ་བསྟན་པའི་རྒྱལ་མཚན་རྒྱལ།།

ཆོས་ཀུན་སྒྱུ་མའི་ངོ་མཚར་ལང་ཚོ་ཅན།།
རེ་ཞིག་རྟག་འཛིན་ཅན་གྱི་གཞན་ངོར་ལ།།
མི་རྟག་དྲན་པའི་དུང་བརྡ་སྔོན་བསུ་ནས།།
བདེ་གཤེགས་དག་པའི་ཞིང་སར་འཕྲལ་དུ་ཉུལ།།

ནར་འགྱངས་ཡུད་ཙམ་མེད་པར་བགྲང་བྱ་གསུམ།།
ཁྱེད་ཉིད་གཤེགས་པའི་དུས་མཆོད་དལ་གྱི་འདས།།
ཡིན་ནས་སྔོན་བསགས་ལས་དང་ད་ལྟའི་མཐུ།།
སྐུ་ཉིད་དྲན་པའི་ཀློང་ནས་ཡལ་མ་མྱོང་།།

ཁོ་བོས་ཉིན་མཚན་ཀུན་ཏུ་གསོལ་འདེབས་དང་།།
སྐྱེ་ནས་སྐྱེ་བར་མཚན་དཔེའི་གཟི་འབར་བ།།
ཁྱེད་སྐུ་མཇལ་ཞིང་ཐུབ་བསྟན་སྒྲོགས་པ་དང་།།
ཁྱེད་གསུངས་ཐོས་ཤིག་འབྲལ་མེད་བྱིན་གྱིས་རློབས།།

རྒྱལ་བསྟན་སྤྱི་དང་རང་དགོན་ཐུབ་པའི་བསྟན།།
དུས་ཀྱི་འཁོར་དང་གདུལ་བྱ་སློབ་འབངས་ལ།།
ཉེ་བར་དགོངས་ནས་ཕན་བདེའི་ཉི་གཞོན་དཔལ།།
གསེར་གྱི་མདོག་ཅན་མྱུར་བར་བྱོན་པར་སྨོན།།

རྒྱང་རིང་འཕགས་ལྗོངས་ནས་མཁན་མིང་ཙམ་འཛིན་པ་ཀཿབྲག་དངོས་གྲུབ་བསོད་ནམས་བོས་པའི་གདུང་འབོད་དྲགས་པས་མགྲིན་པའི་ལམ་ནས་ཐལ།
༢༠༡༨/༡/༩ སྔ་དྲོ་ནས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*