༧སྐྱབས་མགོན༧ས་སྐྱ༧གོང་མ༧ ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་བཀའ་སློབ།

བླ་ཆེན་རྣམ་པ་དང་། མཁན་སྤྲུལ་རྣམ་པར་དབུར་བཞུགས་པའི། དགེ་འདུན་འདུས་པ་རྒྱ་མཚོ་དང་། གཞན་ཡང་སྦྱིན་བདག་དང་དད་ལྡན་ཕོ་མོ་ཚང་མ་ལ་ཞུ་རྒྱུར། སྤྱིར་སྨོན་ལམ་འདི་ས་གནས་ལུམ་བི་ནི་སྟེ་སྟོན་མཆོག་ཐུབ་པའི་དབང་པོ་སྐུ་བལྟམས་པའི་གནས་མཆོག་ཁྱད་པར་ཅན་འདིར་འཚོགས་ནས། ལོ༢༣ཙམ་ཕྱིན་པ་རེད། དེ་ནས་ལོ་ཤས་ནང་སྨོན་ལམ་ཚོགས་པ་ཟུར་དུ་བཙུགས་ནས་དེ་ག་རང་གིས་གྲ་བསྒྲིག་ཐོག་ནས་ཚུགས་གི་ཡོད་རེད། དེ་འདྲ་ཡིན་དུས་ངས་འདིར་ཕེབས་མཁན་ཚང་མ་ལ་དམིགས་ནས་དགའ་བསུ་དང་འབྲེལ་བའི་ཐོག་ནས་མཛའ་ཤིང་བརྩེ་བའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།དེ་ནས་ང་རང་ཚོ་སྨོན་ལམ་འཚོགས་པའི་སྐབས་ལ་སྤྱིར་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པའི་དམ་པའི་ཆོས་ཀྱི་རྩ་བ་སྙིང་རྗེ་ལ་ཐུག་ཡོད་ཅིང་། དེའི་ནང་ནས་ལྷག་པར་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་སྙིང་རྗེ་ལ་ཐུག་གི་ཡོད་རེད། དེ་འདྲ་ཡིན་དུས་སྙིང་རྗེ་སྒོམ་ནས་གང་ལྟར་རང་ཉིད་སྡུག་བསྔལ་མི་འདོད་ལ་བདེ་སྐྱིད་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བདེ་སྐྱིད་འདོད་ལ་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོས་ཞལ་འདོན་འདོན་པ་ཡིན་ནའང་འདྲ། སྒོམ་སྒྲུབ་བྱེད་པ་ཡིན་ནའང་འདྲ། ཉམས་ལེན་གང་དང་གང་བྱེད་པ་ཡིན་ནའང་རང་གི་དོན་དུ་མ་ཡིན་པར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གྱུར་པ་ཞིག་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས། ང་རང་ཚོས་ཁ་འདོན་ག་རེ་འདོན་པ་ཡིན་ནའང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་ཡ་དང་བདེ་སྐྱིད་ལ་འགོད་ཡ་དམིགས་ཡུལ་བྱས་ནས་འདོན་གི་ཡོད་རེད། སྨོན་ལམ་འདོན་པའི་སྐབས་སུ་ཡང་། འཇིག་རྟེན་གྱི་ཁམས་ཡོངས་སུ་རྫོགས་པ་ལ་མི་འཐུན་རྒུད་ཚོགས་མཐའ་དག་ཞི་བ་དང་། མཐུན་རྐྱེན་ལེགས་ཚོགས་མཐའ་དག་གོང་ནས་གོང་དུ་འཕེལ་བ་དམིགས་ཡུལ་བྱས་ནས་འདོན་གི་ཡོད་པ་ཡིན་དུས། འཇིག་རྟེན་ཞི་བདེའི་སྨོན་ལམ་ཞིག་ཆག་གི་ཡོད་རེད། ང་རང་གི་ངོས་ནས་ཡིན་ནའང་སྨོན་ལམ་འདི་གལ་ཆེན་པོ་བརྩི་གི་ཡོད། གང་ཡིན་ལབ་པ་ཡིན་ན། ང་རང་ཚོ་ལ་ག་དུས་ཡིན་ནའང་གཞན་དག་གིས་སྐྱབས་རྟེན་དང་། བསྔོ་བརྟེན་འབུལ་གི་ཡོད་རེད་ལ་ལྷག་པར་དུ་བླ་མ་ཚོ་ལ་སྐྱབས་རྟེན་བསྔོ་རྟེན་ཕུལ་མཁན་མང་པོ་ཡོད་རེད།འགའ་ཞིག་གིས་དུས་རྒྱུན་དུ་ཐུགས་སྨོན་གནང་གི་ཡོད་རེད་ཡིན་ནའང་། གནས་མཆོག་ཁྱད་པར་ཅན་འདི་ལྟ་བུ་ལ་དགེ་འདུན་འདུས་ཚོགས་ཆེན་པོ་ཞིག་དང་མཉམ་དུ་འདོན་རྒྱུ་བྱུང་བ་ཡིན་ན་གནས་དུས་གཞན་དང་མི་འདྲ་བའི་ཕན་ཡོན་ཆེན་པོ་ཡོད་རྒྱུ་རེད། ལྷག་པར་དུ་ཡང་ཤི་བོ་ཚོའི་སྡུག་བསྔལ་མཐའ་དག་ཞི་བ་དང་། ངན་སོང་གི་སྡུག་བསྔལ་ལས་གྲོལ་ནས་མཐོ་རིས་ཀྱི་རྟེན་བཟང་བརྒྱུད་དེ་རྣམ་པ་ཐམས་ཅད་མཁྱེན་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བ་ལ་ཕན་ཐོག་ཆེན་པོ་ཡོངས་རྒྱུ་ཡིན་དུས། ཤི་བོ་ཚང་མའི་དོན་ལ་ཞལ་ནས་སྨོན་ལམ་གསུངས་པ་དང་མཉམ་དུ་ཐུགས་ཀྱི་དགོངས་པ་གནད་ལ་སྨིན་པ་ཞིག་དང་། གསོན་པོ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱང་མི་མཐུན་རྒུད་ཚོགས་མཐའ་དག་ཞི་ཞིང་། མཐུན་རྐྱེན་ལེགས་ཚོགས་མཐའ་དག་གོང་ནས་གོང་དུ་འཕེལ་ཏེ་ཆོས་པ་ཞིག་ཏུ་འགྱུར་བ་ཡིན་ན་རང་གཞན་ཚང་མའི་བསམ་དོན་གྲུབ་པ་ཞིག་རེད། དེ་འདྲ་ཡིན་དུས་ཚང་མས་ཐུགས་ལ་བཞག་ནས་ཐུགས་སྨོན་གནང་རོག་གནང་ཞུ་ཡ་ཡིན། ད་དེ་རིང་སྐབས་སུ་བབས་པ་ནི། ལས་བྱེད་རྣམ་པས་གསལ་བསྒྲགས་གནང་བ་ནང་བཞིན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ ས་༧འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་ནས་ཐུགས་ཁུར་བཞེས་ཏེ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་པ་ཞེས་པ་ཞིག་དབུ་འཛུག་གནང་ནས་རྒྱལ་བའི་བཀའ་བསྟན་འགྱུར་ཡོངས་རྗོགས་དབྱིན་སྐད་ཐོག་ལ་ཕབ་སྒྱུར་གནང་རྒྱུའི་ཕྱག་ལས་གནང་གི་ཡོད་རེད་ལ། དེ་ནི་གཞན་སུ་གང་གིས་ཀྱང་གནང་མི་ཐུབ་པའི་ཕྱག་ལས་རླབས་ཆེན་དང་ཕན་ཐོག་ཆེན་པོ་དཔེ་མི་སྲིད་པ་ཞིག་ཡིན་དུས། ང་ཚོས་སྙིང་ཐག་པ་ནས་རྗེས་སུ་ཡི་རང་དང་བཅས་ཐུགས་ཀྱི་བཞེད་དོན་ཡིད་བཞིན་དུ་འགྲུབ་ཐུབ་པའི་ཐུགས་སྨོན་གནང་རྒྱུ་མ་ཟད། གང་ཅིའི་ཐད་ལ་རྒྱབ་སྐྱོར་དང་གཞོག་འདེགས་གནང་རོགས་གནང་ཞུ་རྒྱུ་ཡིན། དེ་ལ་ཁོང་གི་ལོ་རྒྱུས་ཅུང་ཟད་ཞུས་ན། ༧འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཞེས་པ་དེ་དཔེ་མི་སྲིད་པའི་བླ་མ། སྟོན་པའི་བསྟན་པ་ལ་སྟོན་པ་གཉིས་པ་བྱོན་པ་ལྟ་བུ་ཞིག་རེད་ལ། སྤྱིར་རྒྱལ་བསྟན་ཡོངས་རྫོགས་དང་། ཡང་སྒོས་བོད་གངས་ཅན་གྱི་ལྗོངས་སུ་དར་བའི་ནང་བསྟན་གྱི་གྲུབ་མཐའ་ཡོངས་སུ་རྫོགས་པའི་མདོ་རྒྱུད་མན་ངག་དང་བཅས་པ་ལ་གསན་བཞེས་དང་ཉམས་ལེན་འཆད་སྤེལ་བཅས་གནང་ནས། དངོས་གནས་དྲང་གནས་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ཆགས་བསྡད་ཡོད་རེད།༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ངོ་མཚར་བའི་བཀའ་བབས་ཀྱི་ཆོས་མཛོད་བདུན་བཞུགས་པ་ལས།དང་པོ་ནི་བཀའ་ནས་བཀར་བརྒྱུད་པའི་བཀའ་བབས་སྟེ། སྟོན་པ་སངས་རྒྱས་ཀྱི་གསུངས་ཤིང་རྒྱ་གར་གྱི་པན་གྲུབ་ཚོ་ནས་རིམ་བཞིན་ལོ་ཙ་བས་བོད་སྐད་དུ་སྒྱུར་ཅིང་གཏན་ལ་ཕབ་ནས། བླ་མ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་ལ་བརྒྱུད་ཡོང་བ་ལ་བཀའ་མ་ཞུ་གི་ཡོད་རེད། གཉིས་པ་ས་གཏེར། གསུམ་པ་ཡང་གཏེར། བཞི་པ་དགོངས་གཏེར། ལྔ་པ་རྗེས་དྲན། དྲུག་པ་དག་སྣང་། བདུན་པ་སྙན་བརྒྱུད་བཅས་བསྡོམས་པས་ཆོས་མཛོད་ཆེན་པོ་བདུན་གྱི་བདག་པོར་གྱུར་ཅིང་། བསྟན་པ་ཡོངས་སུ་རྫོགས་པ་ལ་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་རེད། དེར་མ་ཟད་རྒྱུད་སྡེ་ཀུན་བཏུསདང་། སྒྲུབ་ཐབས་ཀུན་བཏུས། གདམས་ངག་མཛོད། རིན་ཆེན་གཏེར་མཛོད་ལ་སོགས་པ་བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་ཆོས་ཀྱི་མཛོད་ཆེན་པོ་རྣམས། མ་གཞི་དེ་དག་འཇམ་མགོན་ཀོང་སྤྲུལ་དང་། བློ་གཏེར་དབང་པོ་ལ་སོགས་པ་མཁས་གྲུབ་མང་པོ་ཞིག་གིས་མཉམ་རུབ་གནང་ཡོད་མོད། གཙོ་བོ་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐུགས་ཁུར་བཞེས་ནས། དུས་སྙིགས་མ་འདི་ལྟ་བུ་ཞིག་ལ་ཐུག་དུས་ཀྱང་། སྙན་རྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་ཆ་ཚང་བ་སྤུས་དག་པ། ད་ལྟ་ང་རང་ཚོས་ཟ་ཆོག་ཆོག་དང་འཐུང་ཆོག་ཆོག་ཡོད་བསྡད་པ་དེ ༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་དྲིན་རེད། དེའི་རྗེས་ལ་སྐུ་ཕྲེང་གཉིས་པ་འཇམ་མགོན་མཁྱེན་བརྩེ་རྡོ་རྗེ་འཆང ༧ཆོས་ཀྱི་བློ་གྲོས་ཀྱང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནང་བཞིན་བཤད་བརྒྱུད་བཀའ་ཆེན་བཅུ་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཡོངས་སུ་རྫོགས་པ་ལ་དཔེ་མི་སྲིད་པའི་ཐུགས་ཁུར་བཞེས་ནས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་པའི་བསྟན་པ་རིན་པོ་ཆེ་ལ། དངོས་གནས་སྟོན་པ་གཉིས་པ་བྱོན་པ་ལྟ་བུའི་མཛད་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་བསྐྱངས་བ་དེ་འདྲ་ཞིག་སྟེ། དཔེར་ན་ཁམས་རྫོང་སར་བཤད་གྲྭ་བཙུག་གནང་བ་ཁོ་ནའི་བཀའ་དྲིན་ཀྱང་གཞལ་ཐབས་བྲལ་བ་མཁྱེན་གསལ་ལྟར་རེད། ང་རང་ཡིན་ན་ཡང་འཇམ་དབྱངས་མཁྱེན་བརྩེ་རྡོ་རྗེ་འཆང ༧ཆོས་ཀྱིས་བློ་གྲོས་དངོས་སུ་མཇལ་བའི་གོ་སྐབས་བྱུང་བ་མ་ཚད། ཐུགས་དམ་ཆག་མེད་རྣམ་བཞིས་མཚོན་པའི་ས་སྐྱའི་བཀའ་ལུང་དང་། དེ་བཞིན་དུ་ཀློང་ཆེན་སྙིང་ཐིག་རྩ་པོད་གཉིས་ཀྱིས་མཚོན་པའི་གསང་ཆེན་རྙིང་མའི་ཆོས་སྐོར་ཏེ། དེ་ལ་སོགས་པའི་བཀའ་ཆོས་མང་པོ་ཞུ་བའི་གོ་སྐབས་བྱུང་བ་ནི་ཤིན་ཏུ་སྐལ་བ་བཟང་པོ་ཡིན། ང་རང་གི་རྩ་བའི་བླ་མའི་ནང་ནས་གཙོ་བོ་གཅིག་བརྩི་བཞིན་ཡོད། དེ་ནས་མཁྱེན་བརྩེ ༧ཆོས་ཀྱི་བློ་གྲོས་ཀྱི་ཡང་སྤྲུལ་དེ་མ་ཐག་པ་ད་ལྟ་ཞལ་དངོས་སུ་བཞུགས་བཞིན་པའི་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ ༧ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ཡིན་ནའང་། ཕྲག་དོག་མེད་པར་གཟུ་བོར་གནས་ནས་བལྟས་པ་ཡིན་ན། ད་སྐབས་ཀྱི་བླ་མའམ་སྤྲུལ་སྐུ་ཞིག་གི་ནང་ནས་གསན་བསམ་སྒོམ་གསུམ་གནང་སྟངས་རེད། དབང་ལུང་ཁྲིད་གསུམ་གསན་སྟངས་རེད། དེ་བཞིན་དུ་འཆད་ཉན་གནང་སྟངས་རེད། བཤད་སྒྲུབ་ཀྱི་བསྟན་པ་བཙུག་གནང་སྟངས་གང་ཅིའི་ཐད་ལ་འགྲན་ཟླ་བྲལ་བའི་རླབས་ཆེན་གྱི་མཛད་པ་ཕྲིན་ལས་རྒྱ་ཆེན་པོ་བསྐྱང་གི་ཡོད་རེད། དེར་མ་ཟད་ངས་གོང་ཞུས་བཞིན ༨༤༠༠༠ བརྒྱད་ཁྲི་བཞི་སྟོང་གི་ཕྱག་ལས་ཏེེ།
སྤྱིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཚུལ་ལ་ཚད་དང་མཐའ་མེད་པ་རེད། གང་ཡིན་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ།
འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྐོར་གྱི་ཡོད་སྟབས། སེམས་ཅན་ལ་མཐའ་མེད་པ་ཡིན་དུས་དེ་དག་ལ་གསུངས་པའི་ཆོས་ལ་ཡང་མཐའ་དང་ཚད་མེད་པ་རེད། འོན་ཀྱང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཟེར་བ་དེ་བཅོམ་ལྡན་འདས་ཀྱི་སློབ་མ་གཅིག་གིས་གང་གསན་པའི་ཆོས་ཀྱི་ཚད་ཡིན་པ་རེད། དེས་ན་དེའི་མིང་དེ་ད་ལྟ་བཞུགས་པའི་སྟོན་པའི་གསུངས་ཡོངས་རྫོགས་ལ་བཏགས་ནས་བརྒྱད་ཁྲི་བཞི་སྟོང་གི་ཚོགས་པ་ཞེས་བཏགས་པ་རེད། སྤྱིར་བཏང་རྒྱ་གར་འཕགས་པའི་ཡུལ་ནས་སྟོན་པ་ཐུབ་པའི་དབང་པོས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། དེའི་རྗེས་ལ་གཏད་རབས་ཆེན་པོ་བདུན་དང་། རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ་མཁས་པ་དང་གྲུབ་པའི་དབང་པོ་ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པ་བྱུང་ནས་བསྟན་པ་ཧ་ཅང་གི་དར་ཁྱབ་ཆེན་པོ་བྱུང་ཡོད་རེད། དེའི་དུས་སུ་འཛམ་བུ་གླིང་གི་ཡུལ་གྲུ་གཞན་དག་མང་པོའི་ནང་དུའང་དར་ཡོད་རེད་མོད། འོན་ཀྱང་ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་དར་བ་ནང་བཞིན་ཆ་ཚང་ཞིག་དར་ཡོད་མ་རེད། བོད་ཀྱི་ཆོས་རྒྱལ་ཚོ་དང་། དཀའ་བ་མང་པོ་སྤྱད་པའི་བོད་ཀྱི་ལོ་ཙ་བ་རྣམས་དང་། རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ལ་རྟེན་ནས་བོད་ལ་ཐེག་པ་ཆེ་ཆུང་མདོ་སྔགས་རིག་གནས་དང་བཅས་པ་ཆ་ཚང་ལ་སྤུས་དག་པ། མཁས་པའི་རྣམ་དཔྱོད། གྲུབ་པའི་ངོ་འཚར་ཐམས་ཅད། ཆོས་ཀྱི་འབྱུང་ཁུང་རྒྱ་གར་འཕགས་པའི་ཡུལ་དང་གཉིས་སུ་མ་འཆིས་པ་ལྟ་བུ་ཞིག་བྱུང་ཡོད་རེད། དེ་ལྟ་བུ་འབྱུང་བའི་རྩ་བ་གང་ལ་ཐུག་ཡོད་རེད་ཟེར་ན། རྒྱ་གར་གྱི་པན་གྲུབ་ཚོས་ཐུགས་རྗེའི་བྱིན་རླབས་དང་། བོད་རང་གི་ལོ་ཙ་ཚོས་དཀའ་བ་དུ་མ་སྤྱད་པ་ལས་བྱུང་བ་ཞིག་རེད། དེའི་དུས་སུ་དེང་སང་རྒྱ་གར་ལ་ཕེབས་པ་དང་འདྲ་གི་ཡོད་མ་རེད། དེ་སྐབས་བོད་ནས་རྒྱ་གར་ལ་ཕེབས་དུས། ཚ་བ་ཆེན་པོ་དེ་ཡི་ནང་ཞབས་ཐང་ལ་ཕེབས་ནས་ལ་ཆེན་པོ་དང་ཆུ་ཆེན་པོ་བརྒལ། ཐང་ཆེན་པོ་བགྲོད་ནས། ཟབ་རྒྱས་ཀྱི་ཆོས་ཚུལ་མང་པོ་བོད་སྐད་ལ་སྒྱུར། སྒྱུར་བ་དེ་ཡང་དེ་རིང་ཁ་སང་མཁས་པ་སུ་འདྲ་ཞིག་གིས་བརྟག་དཔྱད་བྱས་པ་ཡིན་ནའང་། སྔོན་གྱི་ལོ་ཙ་བ་ཚོས་བསྒྱུར་བ་ལ། ཧ་ལས་དགོས་པ་ཞིག་སྒྱུར་ཡོད་རེད། དེ་ཚོ་དངོས་གནས་དྲང་གནས་སྤྲུལ་པའི་ལོ་ཙ་བ་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཆེད་དུ་བསམ་བཞིན་དུ་ཐུགས་སྨོན་གནང་ནས་ཕེབས་པ་ཞིག་རེད། དེ་དག་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་ཆ་ཚང་བོད་སྐད་ནང་སྒྱུར་བའི་ཐུགས་རྗེ་དང་བཀའ་དྲིན་ལ་བརྟེན་ནས། བོད་ཀྱི་ནང་དུ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་བྱུང་བ་རེད། ད་ལྟ་ཧི་མ་ལའི་ཡུལ་གྲུ་དང་རྒྱ་ནག་གིས་མཚོན་པའི་གང་སར་བོད་ཀྱི་བསྟན་པ་དར་རྒྱས་བྱུང་བ་འདི་གཙོ་བོ་བོད་སྐད་ནང་ལ་ཡོད་པའི་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་འདི་དག་སྤུས་དག་པོ་ཞིག་ཡོད་པ་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཡོང་བ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཡང་ཕན་ཐོགས་རྒྱ་ཆེན་པོ་འདི་བྱུང་བ་རེད།
དེར་མ་ཟད་དེང་སང་ཕྱི་རྒྱལ་གྱི་ཡུལ་གྲུ་ཡོད་དོ་ཅོག་ལ་ནང་པའི་ཆོས་ཚོགས་མང་པོ་ཞིག་བཙུགས་ཡོད་པ་རེད། ཡིན་ན་ཡང་བོད་རྒྱུད་ཀྱི་ནང་བསྟན་དར་བ་ནང་བཞིིན། ནང་པ་གཞན་དག་དར་གྱི་ཡོད་མ་རེད། དེ་ཡང་བོད་ཀྱི་ནང་ཆོས་ནི་བོད་སྐད་དུ་ལེགས་སྦྱར་དང་པ་ལི་ལ་སོགས་པ་ནས་ཆོས་ཆ་ཚང་བ་ཞིག་སྒྱུར་གནང་བའི་ཐུགས་རྗེ་དང་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་བར་དུ་གནས་ཐུབ་པ་གཅིག་དང་མི་ཉམས་གོང་འཕེལ་ཡོང་ཐུབ་པ་གཅིག་བྱུང་བ་རེད། ད་ཆ་འཛམ་བུ་གླིང་འདི་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་རེད། སྔོན་མ་སོ་སོའི་ལུང་པ་ཁུག་ཀྱོག་གཅིག་གི་ནང་ལ་འཛུལ་བསྡད་པ་དང་འདྲ་བ་མ་རེད། དེང་སང་འཛམ་བུ་གླིང་ཡོངས་རྫོགས་སྒོ་ཕྱེས་ནས། ཕྱི་ནང་གི་གནས་ཚུལ་གསར་པ་ཕལ་ཆེར་མགྱོགས་པོར་རྟོགས་ཐུབ་པ་ཞིག་རེད། དེ་ཕྱོགས་གཅིག་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་གོ་སྐབས་བཟང་པོ་ཞིག་ཆགས་ཡོད་པ་རེད། གང་ཡིན་ཟེར་ན། སྤྱིར་འཇིག་རྟེན་གྱི་ཁམས་འདིའི་ནང་དུ་འགྲོ་བ་མིས་མཚོན་པའི་སེམས་ཅན་ཚང་མའི་ནང་འདྲ་མིན་མང་པོ་ཡོད་རེད། དཔེར་ན་བསམ་བློ། ཆོས། རིག་གཞུང་འདྲ་མི་འདྲ་ཡོད་པ་རེད་དེ། ཡིན་ནའང་སྡུག་བསྔལ་འདོད་ཀྱི་ཡོད་པ་མ་རེད། སྡུག་བསྔལ་འཐོབ་ན་བསམ་མཁན་སུ་ཞིག་ཀྱང་ཡོད་པ་མ་རེད། ཚང་མས་ཉིན་མཚན་མེད་པར་དཀའ་ལས་བརྒྱབ་པ་དེ་བདེ་སྐྱིད་ཀྱི་ཆེད་དུ་བརྒྱབ་ཀྱི་ཡོད་རེད། སྡུག་བསྔལ་སེལ་བ་དང་བདེ་སྐྱིད་འཐོབ་པའི་ཆེད་དུ་འབད་བརྩོན་ཆེན་པོ་བྱས་ནས་ཕྱི་དངོས་པོའི་ཡར་རྒྱས་ཤུགས་ཆེན་པོ་བཏང་ཡོད་པ་རེད་ལ། མཚན་རིག་དང་འཕྲུལ་འཁོར་ལ་སོགས་པ་དཔེ་མ་སྲིད་པའི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་མ་ཚད། དེ་དག་གིས་ཕན་ཐོགས་རྒྱ་ཆེན་པོ་བྱུང་ཡོད་པ་རེད། དཔེར་ན་སྔོན་མ་ཡིན་ན་རྩ་བ་ནས་སྨན་བཅོས་བྱེད་མི་ཐུབ་པའི་ན་ཚ་དེ་འདྲ་ཡང་དེང་སང་ལས་སླ་བོ་བྱས་ནས་བཅོས་ཐུབ་ཀྱི་ཡོད་པ་རེད།སྔོན་མ་རྩ་བ་ནས་འགྲོ་མི་ཐུབ་སའི་ལུང་པ་ལ་ཡང་དེང་སང་ལས་སླ་བོའི་ཐོག་ནས་འགྲོ་ཐུབ་ཀྱི་ཡོད་པ་རེད། སྔོན་མ་གནས་ཚུལ་རྩ་བ་ནས་ཐོས་མ་མྱོང་བ་དེ་འདྲ་མང་པོ་ཡང་། དེང་སང་ང་ཚོས་ལམ་སང་ལམ་སང་འཕྲལ་འཕྲལ་ལ་གོ་ཐུབ་ཀྱི་ཡོད་པ་སོགས་མིའི་སྤྱི་ཚོགས་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོང་གི་ཡོད་པ་རེད།ཡིན་ནའང་དེ་དག་གིས་དངོས་གནས་གཞི་རྩའི་ཐོག་ནས་སྡུག་བསྔལ་བསལ་ཐུབ་པ་གཅིག་དང་། བདེ་སྐྱིད་ཐོབ་ཐུབ་པ་གཅིག་ཡོང་གི་མེད་པ་ནི་གསལ་པོ་རེད། གཞི་རྩའི་སྡུག་བསྔལ་བསལ་བ་དང་བདེ་སྐྱིད་འཐོབ་པར་བྱེད་པ་ལ། ནང་གི་སེམས་བསྒྱུར་བཅོས་བཏང་ནས་རང་གི་སེམས་ཉོན་མོངས་པའི་གཞན་དབང་དུ་མི་འགྱུར་བ་ཞིག་མ་བྱུང་གི་བར་དུ་བདེ་སྐྱིད་དངོས་གནས་ཐོབ་ཐུབ་ཀྱི་མེད་པ་དེ་ཞེ་དྲག་གསལ་པོ་ཡིན་པ་རེད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་དེང་སང་འཛམ་གླིང་ཤར་ནུབ་དང་། ལྷག་པར་དུ་སྔ་མ་སངས་རྒྱས་ཀྱི་མཚན་གཏན་ནས་ཐོས་མ་མྱོང་བའི་ལུང་པ་མང་པོའི་ནང་ལ་ཡང་དེང་སང་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་དང་། དོ་སྣང་། དོན་གཉེར་དང་། ཉན་བཤད་བྱེད་མཁན་ཉིན་རེ་ལས་ཉིན་རེ་ཇེ་མང་དུ་འགྲོ་བཞིན་པ་རེད། དེར་བརྟེན་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་ཐུགས་ཁུར་ཆེན་པོ་བཞེས་ནས། དེ་འདྲའི་གོ་སྐབས་བཟང་པོ་དེ་འཐུས་ཤོར་དུ་མ་སོང་བར་དམ་འཛིན་བྱས་ཏེ། སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་ཡོངས་སུ་རྫོགས་པ་བོད་སྐད་ནས་དབྱིན་སྐད་དུ་ཕབ་སྒྱུར་བྱེད་རྒྱུའི་འགོ་བརྩམ་པ་རེད། འདིས་ནི་དངོས་གནས་དྲང་གནས་མ་འོང་པར་འཛམ་གླིང་གི་མི་དུང་ཕྱུར་མང་པོས་སངས་རྒྱས་ཀྱི་གསུང་ཐོས་ཐུབ་པ་ཞིག་དང་། གང་ལ་གང་མཚམས་ཤིག་གི་གསུང་གི་ནང་དོན་རྟོགས་ཐུབ་པ་ཞིག་འབྱུང་ངེས་རེད། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་དུ་གནས་ཐུབ་ཀྱི་ཡོད་པ་རེད་ལ། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ངས་ཚིག་ཐག་ཆོད་པོས་ཁོང་གི་ཕྱག་ལས་འདི་ནི་དཔེ་མི་སྲིད་ཅིང་འགྲན་ཟླ་བྲལ་བའི་རླབས་ཆེན་གྱི་མཛད་པ་རྒྱ་ཆེན་པོ་ཞིག་རེད་ཅེས་བསྔགས་བརྗོད་ཞུ་གི་ཡོད། བྱས་ཙང་ཐ་ན་ང་ཚོས། སངས་རྒྱས་ཀྱི་བསྟན་པ་དར་བར་ཤོག་ཅེས་སྨོན་ལམ་བརྒྱབ་ཀྱི་ཡོད་པ་རེད། བརྒྱབ་ཀྱང་དགོས་ཀྱི་རེད། གང་ཡིན་ཟེར་ན། འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། ཞེས་གསུངས་པ་བཞིན་དུ་སེམས་ཅན་ཐམས་ཅད་བདེ་སྐྱིད་འདོད་ཀྱི་ཡོད་པའང་རེད་ལ། བདེ་སྐྱིད་དངོས་ནས་འདོད་ཀྱི་ཡོད་ན་སངས་རྒྱས་ཀྱི་གསུང་ཟབ་པ་དང་རྒྱ་ཆེ་བ་འདི་གཅིག་པུ་ལ་བརྟེན་ནས་ཀྱང་ང་ཚོའི་སེམས་རྒྱུད་མ་དུལ་བ་བཏུལ། མ་ཞི་བ་ཞི་བར་བྱས་ནས་མངོན་མཐོ་དང་ངེས་ལེགས་ཀྱི་དགོས་དོན་ཆ་ཚང་སྒྲུབ་ཐུབ་པ་ཞིག་ཡོང་གི་ཡོད་པ་ཡིན་དུས། སངས་རྒྱས་ཀྱི་བསྟན་པ་དར་བར་ཤོག་ཅེས་སྨོན་ལམ་བརྒྱབ། དེ་འང་སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་ཕྱིའི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་དང་ཕྱག་མཆོད་སོགས་ཀྱི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་དེ་གནས་ཐུབ་ཀྱི་མེད་པ་རེད། དེ་དག་སངས་རྒྱས་ཀྱི་བསྟན་པ་གནས་པའི་ཆ་རྐྱེན་ཙམ་ཞིག་ཆགས་ཀྱི་ཡོད་རེད་མ་གཏོགས་སངས་རྒྱས་ཀྱི་བསྟན་པ་དངོས་དེ་མ་རེད། བསྟན་པ་དངོས་ནི། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཅེས་གསུངས་པ་བཞིན་ང་ཚོ་མི་གཅིག་ནས་གཉིས་སུ་བགྲང་པའི་སོ་སོའི་རྒྱུད་ཀྱི་ལུང་དང་རྟོགས་པ་དེ་ཡིན་པ་རེད། དེས་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་སློབ་སྦྱོང་བྱས། དེའི་ཚིག་དོན་ཧ་གོ་བར་བྱས་ནས་རང་གི་རྒྱུད་ཐོག་ཏུ་བཀལ་ཏེ་ཉམས་ལེན་བྱ་བ་དེ་བསྟན་པ་རེད། སྤྱིར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱི་མི་ཁྱབ་པ་ཡོད་པ་རེད་དེ། ཡིན་ན་ཡང་མཛད་པའི་གཙོ་བོ་དེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་རེད། གསུང་རབ་དབྱིན་སྐད་དུ་སྒྱུར་བ་དེ། སྟོན་པས་ཆོས་ཀྱི་འཁོར་ལོ་གཉིས་པ་ཞིག་ད་ལྟ་དངོས་སུ་བསྐོར་མཛད་པ་ལྟ་བུ་ཡིན་པས། ང་ཚོས་ཁོང་གི་ཐུགས་བཞེད་ཇི་ལྟ་བ་བཞིན་དུ་འགྲུབ་པའི་སྨོན་ལམ་བརྒྱབ་པ་དང་། དངོས་སུ་ཡང་ཕྱག་ལས་འདི་ཐོག་ལ་ང་རང་ཚོ་སོ་སོའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱི་ཞབས་འདེགས་ཞུ་ཡ་ལ་འབད་བརྩོན་གནང་ཐུབ་པ་ཡིན་ན་དཔེ་མི་སྲིད་པའི་ཚོགས་རྒྱ་ཆེན་པོ་རྫོགས་ངེས་རེད། གང་ཡིན་ཟེར་ན། སངས་རྒྱས་ཀྱི་གསུང་ཚིགས་སུ་བཅད་པ་གཅིག་འཛིན་པ་ལ་ཡང་བསོད་ནམས་དཔག་ཏུ་མེད་པ་ཡོད་པར་གསུངས་པ་རེད། ང་རང་ཚོས་དུས་དང་རྣམ་པ་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་དར་ གི་ཡོད་ཟེར་ན། གསུང་གི་འཕྲིན་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར། ཆོས་དེ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་བརྟེན་ནས་རང་གི་རྒྱུད་ལ་མངོན་མཐོ་དང་ངེས་ལེགས་སྒྲུབ་ཐུབ་པ་ཞིག་ཡོང་ན་བསྟན་པ་དར་ཟེར་བ་རེད། མ་གཏོགས་ང་རང་ཚོས་ཆོས་གང་ཡང་མ་བྱས་པར་སངས་རྒྱས་བཅོམ་ལྡན་འདས་ཐུགས་མཉེས་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་ཡར་ནས་མར་གསོལ་རས་བྱས་ནས་གནང་ཡ་དེ་འདྲ་ཡོད་མ་རེད། སངས་རྒྱས་ཀྱི་ཞལ་ནས་ཀྱང་། ངས་ནི་ཁྱོད་ལ་ཐར་པའི་ལམ་སྟོན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་གསུངས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོ་ལ་ལམ་སྟོན་གནང་གི་ཡོད་པ་རེད། ལམ་སྟོན་གནང་བ་ནང་བཞིན་ང་རང་ཚོ་སོང་བ་ཡིན་ན། གཞི་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་བསྟན་པ་ཡུན་རིང་དུ་གནས་པར་བྱེད་པ་ལ་ཆོས་དེ་སྐད་ཡིག་གཞན་གྱི་ཐོག་ཏུ་སྒྱུར་དགོས་ཀྱི་རེད། སྐད་ལ་ཡང་མང་པོ་ཡོད་པ་རེད། དཔེར་ན་སོག་པོའི་སྐད་དེ་ང་རང་ཚོའི་བོད་སྐད་དང་རྩ་བ་ནས་འདྲ་གི་ཡོད་པ་མ་རེད་དེ། ཡིན་ན་ཡང་ཞལ་འདོན་ཚང་མ་བོད་སྐད་ནང་དུ་འདོན་གྱི་ཡོད་རེད། ཁོང་ཚོའི་སྐད་དེ་མགྱོགས་པོ་འདྲ་བྱས། ང་སོག་ཡུལ་ལ་འགྲོ་སྐབས་ཁོང་ཚོས་ཞལ་འདོན་འདོན་དུས་དང་པོ་ག་རེ་འདོན་གྱི་ཡོད་མེད་ངས་གོ་གི་མི་འདུག་མོད། ག་ལེར་ག་ལེར་སྐར་མ་གཉིས་གསུམ་ཕྱིན་དུས་སྒྲོལ་མ་འདོན་གྱི་ཡོད་ས་རེད་ཨ་བསམ་བསམ་ཞིག་དང་།
གནས་བརྟན་ཕྱག་མཆོད་འདོན་གྱི་ཡིན་ས་རེད་བསམ་བསམ་ཞིག་འོང་གི་འདུག གང་ལྟར་བོད་སྐད་ཐོག་ལ་འདོན་གྱི་འདུག བྱས་ཙང་བོད་སྐད་ཀྱི་ཐོག་ནས་བསྟན་པ་ཡུན་རིང་དུ་གནས་ཐུབ་པ་གཅིག་ཡོང་གི་ཡོད་པ་རེད། ད་ཆ་སྤྱིར་བཏང་དབྱིན་ཇིའི་ནང་དུ་སྒྱུར་མཁན་མང་པོ་ཡོད་པ་རེད། ཁ་ཤས་ཀྱིས་གསུངས་ན་དབྱིན་ཇིའི་ནང་དུ་སྒྱུར་ཚད་ལྡན་ཞིག་ཡོང་ཐུབ་རྒྱུ་ཁག་པོ་རེད། སྒྱུར་ན་མི་འགྲིགས་ཟེར་མཁན་དེ་འདྲ་ཡང་ཡོད་པ་རེད། ཡིན་ནའང་སྒྱུར་རྒྱུ་ཡོད་པ་མ་རེད་ཟེར་ནས་མ་སྒྱུར་བ་བཞག་པ་ཡིན་ན། ག་དུས་ཡིན་ན་ཡང་སྒྱུར་མི་ཐུབ་པ་ཞིག་ཆགས་ཀྱི་རེད། དེའང་དང་པོ་ནས་ཚད་ལྡན་སྤུས་དག་ཅིག་ཡོང་ཁག་པོ་རེད། དཔེར་ན་ང་རང་ཚོ་ཕྲུ་གུ་ཡིན་པའི་སྐབས་ལ་དང་པོ་ནས་འགྲོ་ཐུབ་ཡ་ཞིག་ཡོད་པ་མ་རེད། དང་པོ་ཕྱ་རེ་ཕྱོ་རེ་བྱས་ནས་ག་ལེ་ག་ལེར་འགྲོ་ཐུབ་པ་ཆགས་ཀྱི་ཡོད་པ་རེད།དེ་བཞིན་དུ་དང་པོ་ནས་སྒྱུར་སྤུས་དག་ཞིག་ཡོང་ཐུབ་དཀའ་མོད། སྒྱུར་གིན་སྒྱུར་གིན་བྱེད་ཡོང་དུས་རིམ་པས་རིམ་པར་ཡག་རུ་ཡག་རུ་ཕྱིན་ནས་རྗེས་ལ་ཆ་ཚང་སྤུས་དག་པོ་ཞིག་སྒྱུར་ཐུབ་པ་ཡོང་གི་རེད། ད་ཆ་བརྒྱད་ཁྲི་བཞི་སྟོང་གི་ཕབ་སྒྱུར་ཚོགས་པས་མདོ་རྒྱ་ཆེར་རོལ་པ་སྒྱུར་གནང་ནས་པོད་གཅིག་པར་དུ་བསྐྲུན་པ་དེ་ངས་མཇལ་སོང་། ངས་ཞིབ་ཆ་ཞིག་མི་ཤེས་ཀྱང་། རང་གི་ཤེས་ཚོད་ལ་ཞེ་དྲག་སྤུས་དག་པོ་རེད་འདུག་སྙམ། སྤྱིར་བཏང་སྒྱུར་མཁན་དེ་ཚོ་དེང་སང་སྔོན་དང་མི་འདྲ་བའི་མི་ཤེས་ཡོན་ཅན་མང་པོ་ཡོད་པ་རེད། དེ་འདྲ་ཡིན་དུས་ཙ་ནས་ཞེ་དྲག་ཡག་པོ་ཡོང་ས་རེད། དེས་ན་སྐད་ཡིག་སྒྱུར་ཡ་དེ་གལ་ཆེན་པོ་རེད་འདུག དེང་སང་གཞན་དག་སྐད་ཡིག་འདྲ་མི་འདྲ་ཐོག་ཏུ་བོད་ཀྱི་ནང་ཆོས་སྒྱུར་མཁན་མང་པོ་རེད། དེ་འདྲའི་འགྱུར་ཁ་ཤས་ཁྱད་མཚར་པོ་དེ་འདྲ་ཡང་ཡོང་རྒྱུ་རེད། དེ་འདྲ་རེད་མོད་ང་ཚོ་བརྒྱད་ཁྲི་བཞི་སྟོང་གི་ཕབ་སྒྱུར་ཚོགས་པས་གཞན་དང་མི་འདྲ་བར་འཆར་གཞི་དང་བཀོད་བསྒྲིགས་ཡག་པོ་གནང་ནས་མཁས་པ་མང་པོ་འདུ་འཛོམས་གནང་། དམིགས་བསལ་གྱི་སྒྲིག་འཛུག་གནང་། ཐུགས་སྣང་གནང་ནས་སྒྱུར་བ་ཡིན་དུས་གཞན་དང་མི་འདྲ་བའི་ཚད་ལྡན་ཅིག་དང་སྤུས་དག་ཅིག་ཡོང་རྒྱུ་གཏན་གཏན་རེད་འདུག དེ་འདྲ་ཡིན་དུས་ཙ་ནས་དེ་འདྲའི་དཔེ་མ་སྲིད་པའི་རླབས་ཆེན་གྱི་མཛད་པ་ལ་སྙིང་ནས་རྗེས་སུ་ཡི་རངས་ཞུ་བ་དང་སྦྲགས། མདོ་རྒྱ་ཆེར་རོལ་པ་དེ་སངས་རྒྱས་ཀྱི་མཛད་པའི་སྐོར་སྟོན་པའི་མདོ་རྒྱས་ཤོས་དེ་ཡིན་པ་རེད། དེ་རིང་ང་རང་ཚོའི་སྨོན་ལམ་གྱི་གོ་སྐབས་དང་བསྟུན་ནས་ཚང་མས་མདོ་རྒྱ་ཆེར་རོལ་པ་ལྗགས་ཀློག་གནང་བ་འདིས། གནས་མཆོག་ཁྱད་པར་ཅན་འདི་འདྲ་ལ་ཆོས་ཀྱི་སྒྲ་འདི་ཕྱོགས་ཐམས་ཅད་དུ་ཁྱབ་པ་ཞིག་བྱུང་བ་ཡིན་ན་དཔེ་མི་སྲིད་པའི་རྟེན་འབྲེལ་དང་། དགེ་མཚན་བསམ་གྱིས་མི་ཁྱབ་པ་ཡོང་བ་ཡིན་དུས་ཙ་ནས། དེ་འདྲ་ཡིན་པ་དེ་ཚང་མས་ཐུགས་ལ་འཇགས་རོགས་གནང་། ཞལ་ནས་གསུངས་པ་དང་མཉམ་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་རླབས་ཆེན་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་དེ་དག་ཐམས་ཅད་ཐུགས་ལ་དྲན་པའི་ཐོག་ནས། རང་གཞན་ཚང་མའི་སྒྲིབ་གཉིས་བྱང་བ་དང་ཚོགས་གཉིས་རྫོགས་ནས་རིམ་པས་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་ཚང་མས་ཐུགས་སྨོན་སྐྱབས་འཇུག་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*