ཁམས་གསུམ་དབང་དུ་སྡུད་པའི་གསོལ་འདེབས་དངོས་གྲུབ་མྱུར་སྩོལ་བཞུགས་སོ།
༧ཀུན་མཁྱེན་གོ་རམས་རབ་འབྱམས་པ་བསོད་ནམས་སེངྒེས་མཛད།
ཟླ་གམ་དབང་གི་དཀྱིལ་འཁོར་དབུས་གནས་ཤིང་།།
ཡན་ལག་རབ་རྒྱས་རིན་ཆེན་རྒྱན་ཕྲེང་ཅན།།
ཁམས་གསུམ་འདོད་པ་ཀུན་ལ་དབང་སྒྱུར་བ།།
འདོད་པའི་རྒྱལ་པོས་དོན་འདི་དགེ་ལེགས་མཛོད།།
འོད་ཟེར་དམར་པོའི་ཕྲེང་བས་སྲིད་གསུམ་གསལ།།
ཨུཏྤལ་དམར་པོའི་མདའ་གཞུས་ཁམས་གསུམ་འགུགས།།
ཁྲོ་ཆགས་བཞད་པའི་སྤྱན་ཟུང་གཡོ་བ་ཅན།།
རིག་བྱེད་ལྷ་མོ་དེ་ཡིས་དགེ་ལེགས་མཛོད།།
གླང་ཆེན་ཞལ་ལྡན་འཛུམ་ཁྲོའི་མཆེ་བ་གཙིགས།།
གཞོན་ནུའི་ལང་ཚོ་དར་དམར་ཅོད་པན་བཅིངས།།
བཅུ་གཉིས་ཕྱག་ཅན་ཞབས་གཉིས་འགྱིང་བག་ཅན།།
ཁྲོ་རྒྱལ་དེ་ཡིས་དོན་འདི་དགེ་ལེགས་མཛོད།།
རྗེ་བཙུན་བརྒྱུད་པར་བཅས་པ་ཐམས་ཅད་ཀྱིས།།
བསྟན་དང་བསྟན་འཛིན་བསྲུང་བར་བཀའ་བསྒོས་པའི།།
སྲུང་མའི་དབང་པོ་བགྲང་ཡས་ཐམས་ཅད་ཀྱིས།།
འགལ་རྐྱེན་སེལ་ཞིང་བསམ་དོན་སྒྲུབ་པར་མཛོད།།
བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག།།
ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ།།
མདའ་གཞུ་ཨཏྤལ་དབང་གི་ལྕགས་ཀྱུ་འཛིན།།
བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་ལོ།།
ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ཧྭ། ལན་མང་བཟླས།
དགེ་བ་འདི་ཡིས་མྱུར་དུ་བདག།།
རིག་བྱེད་ལྷ་མོ་འགྲུབ་གྱུར་ནས།།
འགྲོ་བ་གཅིག་ཀྱང་མ་ལུས་པ།།
དེ་ཡིས་ས་ལ་འགོད་པར་ཤོག།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།