མངོན་འདུལ་གཉིས་ནས་བཤད་པའི་དཔག་ཚད་ལ་དེང་སང་གི་སྤྱི་ལེ་དུ་ཡོད།

རྩོམ་པ་པོ། སེང་གེ་བསོད་ནམས་དོན་འགྲུབ།

སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།

དེ་ལ་འདུལ་བ་རྣམ་འབྱེད་༼སྡེ་དགེའི་བཀའ་འགྱུར་འདུལ་བ་ཆ་པ་ལྡེབ་གྲངས་139རྒྱབ་ངོས་ཕྲེང་1༽ལས། རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་གཅིག་གོ །རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ །ཆུ་རྡུལ་དྲུག་ལ་ལྕག་རྡུལ་གཅིག་གོ །ལྕག་རྡུལ་དྲུག་ལ་རི་བོང་གི་རྡུལ་གཅིག་གོ།རི་བོང་གི་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ །ལུག་རྡུལ་དྲུག་ལ་གླང་རྡུལ་གཅིག་གོ །གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་གོ །ཉི་ཟེར་གྱི་རྡུལ་དྲུག་ལ་སྲོ་མ་གཅིག་གོ །སྲོ་མ་དྲུག་ལ་ཤིག་གཅིག་གོ །ཤིག་དྲུག་ལ་ནས་གཅིག་གོ །ནས་དྲུག་ལ་སོར་གཅིག་གོ །སོར་བཞི་དྲུག་ལ་ཁྲུ་གང་ངོ་། ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་གོ །རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་གོ །ཞེས་གསུངས་པ་དང་།

དེའི་འགྲེལ་བ་འདུལ་བ་མདོ་རྩ་༼རྫོང་སར་ལྔ་རིག་དཔེ་ཚོགས་ཀྱིས་བསྐྲུན་པའི་རྩ་བ་ཕྱོགས་བསྒྲིགས་པོད་ག་པ་ལྡེབ་ངོས་49རྒྱབ་ངོས་ཕྲེང་3༽ལས། རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། ཆུ་དང་། ལྕགས་དང་། རི་བོང་དང་། ལུག་དང་། གླང་དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། ཤིག་དང་། ནས་དང་སོར་དང་སྔ་མ་དྲུག་ལ་ཕྱི་མའོ། །སོར་བཞི་དྲུག་ལ་ཁྲུ་གང་ངོ་། །ཁྲུ་ཕྱེད་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །དེ་ལྔ་བརྒྱ་ལ་རྒྱང་གྲགས་སོ། །དགོན་པའི་དང་པོ་ནི་དེའི་མཐའོ། །ཞེས་གསུངས་སོ། །

དེ་ལ་སྤྱིར་འཇལ་བྱེད་ཀྱི་ཚད་ལ་ལུས་ཁྲུ་དང་། ལག་ཁྲུ་དང་།རྡུལ་ཁྲུ་དང་གསུམ་བཤད་པ་ལས། འདིར་ཐ་མ་རྡུལ་ཁྲུ་ཡིན། དེ་ལ་དང་པོ་རྡུལ་ཕྲ་རབ་དྲུག་འདབ་འབྱར་དུ་ཕྲེང་བ་ལྟར་བསྒྲིག་ན་རྡུལ་ཕྲ་མོ་གཅིག་གི་རིང་ཐུང་ཡོད། རྡུལ་ཕྲ་མོ་དྲུག་བར་མཚམས་མེད་པར་བསྒྲིག་ན་ཆུ་རྡུལ་གཅིག་གི་རིང་ཐུང་ཡོད། ཆུ་རྡུལ་དྲུག་དེ་ལྟར་བསྒྲིག་ན་ལྕགས་རྡུལ་གཅིག་གི་རིང་ཐུང་ཡོད། ལྕགས་རྡུལ་དྲུག་དེ་ལྟར་བསྒྲིག་ན་རི་བོང་རྡུལ་གཅིག་གི་རིང་ཐུང་ཡོད། རི་བོང་རྡུལ་དྲུག་དེ་ལྟར་བསྒྲིག་ན་ལུག་རྡུལ་གཅིག་གི་རིང་ཐུང་ཡོད། ལུག་རྡུལ་དྲུག་དེ་ལྟར་བསྒྲིག་ན་གླང་རྡུལ་གཅིག་གི་རིང་ཐུང་ཡོད། འདིར་ཁ་ཅིག་རི་བོང་གི་རྡུལ་དང་ལུག་རྡུལ་གླང་རྡུལ་ཞེས་པ་ནི་སྲོག་ཆགས་དེ་དག་གི་སྤུ་རྩེའི་མིང་ཡིན་པས་རི་བོང་གི་སྤུ་ཉག་མ་དྲུག་བར་མཚམས་མེད་པར་བསྒྲིག་ན་ལུག་གི་སྤུ་ཉག་གཅིག་གི་སྤོམ་ཕྲ་ཡོད་པ་ནས་ལུག་གི་སྤུ་ཉག་དྲུག་ལ་གླང་གི་སྤུ་ཉག་གཅིག་གི་སྤོམ་ཕྲ་ཡོད་པའི་དོན་དུ་བཤད་པ་ཡོད་མོད། མཆིམས་མཛོད་༼མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་མཆིམས་མཛོད་ཤོག་ངོས་321པའི་ཕྲེང་4པ་༽ལས། འདི་དག་རྡུལ་འདུས་པའི་གནས་སྐབས་ལ་མིང་དེ་ལྟར་བཏགས་ཀྱི་སྲོག་ཆགས་ཀྱི་སྤུའི་རྩེ་མོ་ལ་བརྩི་བ་ལ་སོགས་ནི་མིན་ནོ།།ཞེས་གོང་གི་འདོད་ཚུལ་དེ་མི་འཐད་པར་གསུངས་པའི་ཕྱིར། དེ་བཞིན་དུ་གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག དེ་དྲུག་ལ་སྲོ་མ་གཅིག དེ་དྲུག་ལ་ཤིག་རྡུལ་གཅིག དེ་དྲུག་བསྒྲིག་པ་ན་ནས་འབྲུ་གཅིག་གི་ཚད་ཡོད་པ་དང་། ནས་འབྲུ་དྲུག་བར་མེད་པར་བསྒྲིགས་པ་ན་སོར་གང་ཡོད་པ་དང། སོར་མོ་ཉི་ཤུ་རྩ་བཞི་བར་མཚམས་མེད་པར་བསྒྲིག་པ་ལ་ཁྲུ་གང་། ཁྲུ་བཞི་བསྒྲིག་པ་ལ་ན་གཞུ་གང་། གཞུ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག དེ་བརྒྱད་ལ་དཔག་ཚད་གཅིག་ཅེས་འཇོག་པ་ཡིན། དེ་ནས་དཔག་ཚད་བརྒྱ་དང་སྟོང་ལ་སོགས་པ་བརྩིས་ནས་རིང་ཐུང་གི་ཚད་འཇལ་བ་ཡིན།

མདོ་སྡེ་སྟག་རྣའི་རྟོགས་བརྗོད་དང་། འཇིག་རྟེན་གདགས་པ་དང་། རྒྱ་ཆེན་རོལ་བ་སོགས་ལས་སྔ་མའི་རྡུལ་ཕྲན་བདུན་རེ་ལ་ཕྱི་མའི་རྡུལ་གཅིག་རེའི་ཚད་བཤད་ཡོད་མོད། རྣམ་འབྱེད་དང་མདོ་རྩ་སོགས་ཀྱིས་སྔ་མའི་རྡུལ་དྲུག་རེ་ལ་ཕྱི་མའི་རྡུལ་རེའི་ཚད་ཡིན་པར་བཤད་ཡོད་པ་ཡིན། ཀུན་མཁྱེན་མཚོ་སྣ་བས་མངོན་པ་མཛོད་ནས་སྔ་མའི་རྡུལ་ཕྲན་བདུན་འགྱུར་ལ་ཕྱི་མའི་རྡུལ་གཅིག་གི་ཚད་བཤད་པ་དང་འདུལ་བ་མདོ་རྩ་སོགས་ནས་དྲུག་འགྱུར་ལ་བཤད་པ་ནི། བསྐལ་བ་དང་པོའི་དུས་ཀྱི་མི་རྣམས་ཀྱི་སོར་གྱི་དབང་དུ་བྱས་ནས་ནས་འབྲུ་བདུན་ལ་སོར་གང་ཞེས་པ་ལྟ་བུ་བདུན་འགྱུར་ལ་བཤད་པ་དང་། དེ་ནས་མར་འབྲི་བའི་དུས་ཀྱི་མི་རྣམས་ཀྱི་སོར་ཅུང་ཙམ་ཆུང་བས་དེའི་དབང་དུ་བྱས་ནས་དྲུག་འགྱུར་ལ་བཤད་པ་ཡིན་པས་དོན་ལ་འགལ་བ་མེད་པར་བཞེད། གཞན་རྣམས་ནི་གཞུང་ལུགས་སོ་སོའི་དགོངས་པ་ཡིན་པར་བཞེད་དོ།།

དེ་ལྟར་དཔག་ཚད་དང་སྤྱི་ལེ་གང་ཡིན་ཡང་ཚད་ཀྱི་འཇོག་གཞི་ཆུང་མཐའ་ནི་རང་བྱུང་སྐྱེས་དངོས་ཅིག་གི་ཚད་ལ་ཆ་ཤས་མང་པོ་བགོས་ནས་དེའི་ཆ་ཤས་གཅིག་ཙམ་ལ་ཚད་ཀྱི་ཆུང་མཐའ་འདི་ལྟ་བུའོ་ཞེས་རིང་ས་ནས་མར་ལ་འཇལ་ནས་ངོས་འཛིན་དགོས་པ་ལས་དང་པོ་ཉིད་ནས་ཚད་ཀྱི་ཆུང་མཐའ་དེ་འདི་ཡིན་ཞེས་རང་སྐྱ་ཐུབ་པའི་ངོས་འཛིན་མི་ཐུབ་པ་ཡིན་ནོ།།
དེང་སང་སྤྱོད་སྒོ་ཆེ་བའི་སྤྱི་ལེ་(公里)ནི་རྒྱལ་སྤྱིས་གཏན་འབེབས་བྱས་པ་ལྟར་ན་སྨི་མཐུག(厚米)བཅུ་ལ་ལི་སྨི་(厘米)གཅིག་འཇོག་པ་དང་། ལི་སྨི་བརྒྱ་ལ་རྨི་(米)གང་དང་། སྨི་ལྔ་བརྒྱ་ལ་(华里)ལེ་དབར་གཅིག །ལེ་དབར་གཉིས་ལ་སྤྱི་ལེ་(公里)གཅིག་སྟེ། མདོར་ན་སྨི་སྟོང་ལ་སྤྱི་ལེ་གཅིག་འཇོག་ཀྱིན་ཡོད།

དེ་དང་འདུལ་གཞུང་ནས་བཤད་པའི་དཔག་ཚད་གཉིས་སྦྱར་ན་ད་ལྟའི་འཛམ་བུ་གླིང་གི་མི་ཚད་ལྡན་གཅིག་གི་ཁྲུ་གང་ལ་ལི་སྨི་(厘米)44བཞི་བཅུ་ཞེ་བཞི་ཡོད་པ་དང་། ད་ལྟའི་འཛམ་བུ་གླིང་གི་ནས་འབྲུ་འབྲིང་བ་གཅིག་ལ་མཐུག་སྨི(厚米)3.056ཡོད་ཅིང་། དེ་དྲུག་ལ་མཐུག་སྨི་(厚米)18.336ཡོད། འདི་ལ་མི་ཚད་ལྡན་གྱི་སོར་གང་གི་རིང་ཐུང་ཡོད། དེ་བཞི་ལ་མཐུག་སྨི་(厚米)73.334ཡོད། འདི་ལ་མི་ཚད་ལྡན་གྱི་སོར་བཞིའི་རིང་ཐུང་ཡོད། དེ་དྲུག་ལ་མཐུག་སྨི་(厚米)440.064ཡོད། འདི་ལ་མི་ཚད་ལྡན་གྱི་ཁྲུ་གང་ཡོད། ལི་སྨི(厘米)དབང་དུ་བྱས་ན་44ཡོད། མདོར་ན་(厚米)3.056ཡོད་པའི་ནས་འབྲུ་144བར་མཚམས་མེད་པར་བསྒྲིགས་པའི་རིང་ཐུང་ལ་མི་ཚད་ལྡན་གྱི་ཁྲུ་གང་ཡོད།
ཁྲུ་བཞི་ལ་གཞུ་འདོམ་གང་འཇོག་པས་མི་ཚད་ལྡན་ཅིག་གི་གཞུ་འདོམ་གང་ལ་ལི་སྨི་(厘米)176ཡོད། གཞུ་འདོམ་ལྔ་བརྒྱ་ལ་ལི་སྨི་(厘米)88000ཡོད་པ་དང་། དེ་ལ་སྨི་(米)880ཡོད། འདི་ལ་རྒྱང་གྲགས་ཀྱང་ཟེར་ལེ་དབར་གཅིག་དང་གཞུ་འདོམ་གཉིས་ལྷག་ཡོད།
ཚུལ་འདིས་དགེ་འདུན་གྱི་གནས་དགོན་པ་དང་གྲོང་ཚོའི་བར་ལ་དྲང་ཐད་དུ་འཇལ་ནས་ངེས་པར་དུ་(米880)ཆོད་དགོས་པ་ཡིན། རྒྱང་གྲགས་གཅིག་ལ་སྨི་(米)880ཡོད་པ་དང་། དེ་བརྒྱད་ལ་དཔག་ཚད་འཇོག་ཅིང་དེ་ལ་སྨི(米)7040ཡོད། དེས་ན་དཔག་ཚད་གཅིག་ལ་སྤྱི་ལེ་(公里)7དང་སྨི་(米)40ཡོད་པའོ།།

ཞར་བྱུང་། ད་ལྟ་ཡོངས་གྲགས་ལ་ཆེས་རི་མཐོན་པོར་འཇོག་པའི་ཇོ་མོ་གླང་མ་ལ་མཚོ་ངོས་ནས་རི་རྩེའི་བར་སྨི་(米)8844、46ཡོད་པར་བཤད། དེ་ལྟར་ཡིན་ན་ཇོ་མོ་གླང་མའི་མཐོ་ཚད་ལ་ནང་པའི་གཞུང་ནས་བཤད་པའི་དཔག་ཚད་གཅིག་དང་རྒྱང་གྲགས་གཉིས་དང་གཞུ་འདོམ་ཉི་ཤུ་རྩ་ལྔ་དང་ཁྲུ་དོ་དང་ཤུག་རྡུལ་བཞི་ཡོད། མངོན་འདུལ་གྱི་གཞུང་ནས་བཤད་པའི་རིའི་རྒྱལ་པོ་རི་རབ་ལ་མཚོ་ངོས་ནས་རི་རྩེའི་བར་དཔག་ཚད་བརྒྱད་ཁྲི་ཡོད་པར་བཤད་པ་དང་། རི་དམའ་བ་ཁོར་ཡུག་གི་རི་ལའང་ཆུ་མཚམས་ཡན་ལ་དཔག་ཚད་སུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་ཡོད་(312.5)པར་བཤད་པས་རི་རྒྱལ་མཚོ་ངོས་ནས་ཡར་ལ་སྨི(米)563200000ཡོད་པ་དང་། སྤྱི་ལེ་(公里)592000ཡོད། རི་དམའ་བ་ཁོར་ཡུག་གི་རི་ལའང་སྨི་(米)2200000ཡོད་པ་དང་། སྤྱི་ལེ་(公里)2312.5ཡོད། ཇོ་མོ་གླང་མ་ནི་རི་དེ་དག་ལ་ལྟོས་ན་རྡུལ་ཕྲན་གཅིག་ལྟ་བུ་ཤིན་ཏུ་རི་ཆུང་ངུ་ཞིག་ཡིན་ནོ།། །།ཅེས་པ་འདི་ནི་རྫོང་སར་བཤད་གྲྭའི་སློབ་མ་བསོད་ནམས་དོན་འགྲུབ་གྱིས་ཧོར་ཟླ་དགུ་པའི་ཚེས་ཉེར་བདུན་ཉིན་བྲིས་པ་དགེའོ།།

2017.11.15

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*