སྐྱབས་འགྲོ།

སྐྱབས་འགྲོ།

༄༅། །སྐྱབས་འགྲོ་ཞིབ་ཏུ་བཤད་ན། རྒྱུ་ཡུལ་ཚུལ་དང་ཕན་ཡོན་དང༌། །བསླབ་བྱ་རྣམ་པ་ལྔ་ཡིས་བསྡུས། །ཞེས་པ་ལྟར་ལས། དང་པོ་སྐྱབས་སུ་འགྲོ་བའི་རྒྱུ་འཇིགས་པ་དང༌། དད་པ་དང༌། སྙིང་རྗེ་གསུམ་ལས། འཇིགས་པས་སྐྱབས་སུ་འགྲོ་བ་ནི། རང་ངམ་གཞན་སྲིད་པའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་སུ་འགྲོ་བ་སྟེ། སྤྱོད་འཇུག་ལས། སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་པ་ལྟར། བདག་གཞན་སྲིད་པའི་སྡུག་བསྔལ་གྱིས་ཉེན་པ་རྣམས་སྡུག་བསྔལ་དེ་ལས་ཡོངས་སུ་སྐྱོབ་པའི་སྐྱབས་གནས་ལ་བརྟེན་པར་ཁས་འཆེ་བའོ། །དད་པས་སྐྱབས་སུ་འགྲོ་བ་ནི། སྡུག་བསྔལ་གྱི་འཇིགས་པ་དེ་ལས་སྐྱོབ་པར་ནུས་པའི་སྐྱབས་གནས་རྣམས་ཀྱི་ཡོན་ཏན་ལ་སེམས་དང་བ་ནི་དང་བའི་དད་པ། སྐྱབས་ཡུལ་གྱི་གོ་འཕང་ཐོབ་པར་འདོད་པ་ནི་འདོད་པའི་དད་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ལ་ཡིད་ཆེས་པ་ནི་ཡིད་ཆེས་ཀྱི་དད་པ་སྟེ། (དང་འདོད་ཡིད་ཆེས་)གསུམ་གྱི་སྒོ་ནས་སྐྱབས་སུ་འགྲོ་བའོ། །སྙིང་རྗེས་སྐྱབས་སུ་འགྲོ་བ་ནི། ཐེག་ཆེན་གྱི་རིགས་སད་པའི་གང་ཟག་འགའ་ཞིག་རང་གི་སྡུག་བསྔལ་ལ་རྗེས་སུ་དཔགས་ནས་གཞན་སྡུག་བསྔལ་གྱིས་ཉེན་པ་ལ་མི་བཟོད་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ་དེ་དག་ཡོངས་སུ་བསྐྱབ་པའི་ཕྱིར་སྐྱབས་སུ་འགྲོ་བའོ། །མདོར་ན་གྱ་ཚོམས་སུ་སྐྱབས་འགྲོ་བྱེད་པ་ནི། བྱས་ལ་མ་བསགས་པའི་ལས་ཡིན་པས། བཤད་མ་ཐག་པའི་རྒྱུ་དེ་དག་གསལ་བར་དྲན་པའི་སྒོ་ནས་སྐྱབས་སུ་འགྲོ་བ་གལ་ཆེ་སྟེ། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱོད་བྱས་ཀྱང༌། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་གསུངས་པས་སོ། ། གཉིས་པ་སྐྱབས་སུ་འགྲོ་བའི་ཡུལ་ནི། ཐེག་པ་ཆེ་ཆུང་དང༌། གྲུབ་མཐའ་གོང་འོག་གི་དབྱེ་བས་འདོད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང༌། འདིར་སྐབས་སུ་བབ་པ་ནི། བདག་ལ་ཁྱད་པར་དུ་འཕགས་པའི་ལམ་དངོས་སུ་སྟོན་པར་མཛད་པའི་དགེ་བའི་བཤེས་གཉེན་བརྒྱུད་པ་དང་བཅས་པ་ནི་བླ་མ། རང་དོན་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་མངོན་དུ་མཛད་པས་སྐྱོན་གྱི་རྣམ་པ་གང་ཡང་མེད་ཅིང་ཡོན་ཏན་གྱི་རྣམ་པ་མཐའ་དག་དང་ལྡན་པ་དང༌། གཞན་དོན་ཕུན་སུམ་ཚོགས་པ་གཟུགས་ཀྱི་སྐུ་བརྙེས་པས་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སེམས་ཅན་གྱི་དོན་འབའ་ཞིག་མཛད་པ་ནི་སངས་རྒྱས་དཀོན་མཆོག །ལུང་གི་ཆོས་སྡེ་སྣོད་གསུམ་མམ། གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པ་དང༌། རྟོགས་པའི་ཆོས་བསླབ་པ་གསུམ་མམ། འགོག་ལམ་གཉིས་ཀྱིས་བསྡུས་པ་ནི་ཆོས་དཀོན་མཆོག །ཕྱིར་མི་ལྡོག་པའི་ས་ལ་བཞུགས་པའི་འཕགས་པ་དང༌། སོ་སྐྱེ་ཡིན་ཡང་བསྟན་པ་ལ་འཇུག་པ་རང་ལས་སྔ་བའི་གང་ཟག་རྣམས་ནི་དགེ་འདུན་དཀོན་མཆོག་གོ །

གསུམ་པ་སྐྱབས་སུ་འགྲོ་བའི་ཚུལ་ནི། གོང་དུ་བཤད་པ་ལྟར། བླ་མ་དང་དཀོན་མཆོག་གི་རྟེན་གྱི་སྤྱན་སྔར་ཕྱག་དང་མཆོད་པ་སོགས་སྔོན་དུ་འགྲོ་བས་འཇམ་པའི་སྟན་ལ་ཇི་སྐད་བཤད་པའི་བསམ་གཏན་གྱི་སྤྱོད་ལམ་གྱིས་འདུག་སྟེ། མདུན་གྱི་ནམ་མཁའ་བླ་མ་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་མངོན་སུམ་ལྟ་བུར་བཞུགས་པར་བསམས་ལ། དེ་དག་གི་སྤྱན་སྔར་རང་དང་རང་གི་ཕ་མ་གཉིས་ཀྱིས་ཐོག་དྲངས་མཁའ་ཁྱབ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་འཁོད་ནས། ལུས་གུས་པའི་སྒོ་ནས་ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་སྐྱབས་འགྲོ་བྱེད། ཡིད་གུས་པའི་སྒོ་ནས་དད་གུས་ཀྱི་ཤུགས་དྲག་པོ་བསྐྱེད་དེ། བདག་གིས་སྔོན་ཆད་ཚེ་རབས་དུ་མར་དགེ་བའི་བཤེས་གཉེན་གྱི་བཀའ་བཞིན་མ་བསྒྲུབས། དཀོན་མཆོག་གསུམ་སྐྱབས་སུ་མ་བཟུང་བས། འཁོར་བར་སྡུག་བསྔལ་དུ་མས་ཤིན་ཏུ་ཉམ་ཉེས་པར་གྱུར། ད་ནི་བདག་གིས་བྱང་ཆུབ་མ་ཐོབ་བར་གྱི་ལེགས་ཉེས་ཀྱི་འདུན་མ་ཐམས་ཅད་བླ་མ་དང་དཀོན་མཆོག་གི་ཐུགས་རྗེ་ལ་རག་གོ་སྙམ་དུ་དཀོན་མཆོག་ལ་བློ་སེམས་ལིངས་ཀྱིས་བཀལ་ནས། བླ་མ་དང་སངས་རྒྱས་ལ་རྣམ་གྲོལ་གྱི་ལམ་སྟོན་པའི་སྟོན་པ། ཆོས་ལ་ལམ་དངོས། དགེ་འདུན་ལ་ལམ་སྒྲུབ་པའི་ཟླ་གྲོགས་ཞུ་བར་འདོད་པའི་འདུན་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་སངས་རྒྱས་ཀྱི་ལམ་དུ་འགྲོ་བ་ཞིག་བླ་མ་དང་དཀོན་མཆོག་མཁྱེན། ཞེས་མོས་པ་རྩེ་གཅིག་ཏུ་ཡིད་ལ་བྱས་ཏེ། རང་གིས་སྐྱབས་འགྲོ་ཇི་ལྟར་བྱེད་པ་ལྟར། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྐྱབས་འགྲོ་བྱེད་པར་མོས་ལ། (བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའིདགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྙིང་ཐག་པ་ནས་སྐྱབས་འགྲོ་བཞི་སྐོར་ལན་མང་དུ་བྱ། མཐར་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་བ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་བ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། བློ་ལ་ཆོས་མིན་ཀྱི་རྣམ་རྟོག་སྐད་ཅིག་ཙམ་ཡང་མི་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སམ། དེ་དག་ཚིགས་བཅད་དུ་བྱེད་པར་སྤྲོ་ན། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའ་ཡི། །མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པ། །དུས་འདི་ནས་ནི་བྱང་ཆུབ་མ་ཐོབ་པར། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས། །གཅིག་ཏུ་བསྡུས་པ་སངས་རྒྱས་ཀུན་གྱི་དངོས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས། །འཕགས་པའི་དགེ་འདུན་ཀུན་གྱི་མངའ་བདག་ཆེ། །ཞེས་པའི་མཐར། དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །སྤངས་རྟོགས་མཐར་ཕྱིན་སྟོན་པ་སངས་རྒྱས་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །ལུང་རྟོགས་བདག་ཉིད་བསྟན་པ་དམ་ཆོས་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །རྒྱལ་སྲས་བསྟན་འཛིན་འཕགས་པའི་དགེ་འདུན་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །ཞེས་ལན་མང་དུ་བརྗོད། བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ། །རྣམ་པ་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཁྱེད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །བདག་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །དམ་ཆོས་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ལམ་གྱི་འཁྲུལ་བ་ཞི་བར་བྱིན་གྱིས་རློབས། །འཁྲུལ་སྣང་དབྱིངས་སུ་འཆར་བར་བྱིན་གྱིས་རློབས། །ཆོས་མིན་རྣམ་རྟོག་འགགས་པར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །བྱང་ཆུབ་སེམས་གཉིས་འབྱོངས་བར་བྱིན་གྱིས་རློབས། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་ལན་གསུམ་ལ་སོགས་པ་གསོལ་བ་བཏབ་པས། སྐྱབས་ཡུལ་རྣམས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས། བརྩེ་བའི་ཐུགས་རྗེས་དགོངས། མཛད་པའི་ཕྲིན་ལས་ཀྱིས་སྐྱོང༌། སྐྱོབ་པའི་ནུས་མཐུས་བསྲུང་བ་དང༌། སྐྱོབ་པ་དང༌། བྱིན་གྱིས་རློབ་པར་མཛད་པ་ཡིན་སྙམ་དུ། མོས་པ་ཡིད་ལ་བྱེད་པའི་ཚུལ་གྱིས་ཅུང་ཟད་མཉམ་པར་བཞག་གོ །

རྗེས་དགེ་བ་བསྔོ་ཞིང་དྲན་ཤེས་བསྟེན་པ་ནི། ཐུན་ལས་ལྡང་བའི་ཚེ་བདག་གིས་དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས་ཕ་དང་མ་སྔོན་དུ་འགྲོ་བ་ཅན་གྱི་སེམས་ཅན་ཐམས་ཅད་དོན་གཉིས་མཐར་ཕྱིན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་དུ་ཡིད་ལ་བྱས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོགས་ཇི་ལྟར་རིགས་པའི་བསྔོ་བ་དང་སྨོན་ལམ་ཅི་ཤེས་བྱ། ཐུན་མཚམས་ཐམས་ཅད་དུ་དཀོན་མཆོག་གི་ཡོན་ཏན་ཡིད་ལ་དྲན་པ་དང༌། དེའི་རྗེས་སུ་སློབ་པར་འདོད་པའི་དྲན་ཤེས་བཞིན་དང་མ་བྲལ་བའི་སྒོ་ནས་འཆད་པར་འགྱུར་བའི་སྐྱབས་འགྲོའི་བསླབ་བྱ་རྣམས་དང་མི་འགལ་བར་བྱའོ། །དྲན་ཤེས་བཞིན་དང་མི་ལྡན་པའི་དགེ་བ་ཐམས་ཅད་དོན་མེད་དུ་འགྱུར་བར་གསུངས་པས། དུས་རྟག་ཏུ་དྲན་ཤེས་བསྟེན་པ་གལ་ཆེ་སྟེ། སྤྱོད་འཇུག་ལས། ཤེས་བཞིན་མེད་པའི་ཆོམ་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲངས་ནས། །བསོད་ནམས་དག་ནི་ཉེར་བསགས་ཀྱང༌། །རྐུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ། །ཞེས་སོ། །དེས་ན་བསླབ་པ་བསྲུང་བར་འདོད་པས་སེམས་བསྲུང་བ་ལ་འབད་པར་བྱ་སྟེ། དེ་ཉིད་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་དེ་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། །ཞེས་གསུངས་སོ། །

སྐྱབས་སུ་སོང་བའི་ཕན་ཡོན་ནི། སྡོམ་པ་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་པ་སོགས་མཐའ་ཡས་པ་གསུངས་ཏེ། མདོ་ལས། སྐྱབས་གསོལ་བསོད་ནམས་འདི་ལ་གཟུགས་མཆིས་ན། །ནམ་མཁའ་བར་སྣང་འདི་ཡང་སྣོད་དུ་ཆུང༌། །ཞེས་གསུངས་པ་ལྟར་རོ། །མདོར་ན་ལྷ་དང་བཅས་པའི་འཇིག་རྟེན་ན་ལྷ་དཀོན་མཆོག་གསུམ་ལས་ཁྱད་པར་དུ་འཕགས་པའི་སྐྱབས་གཞན་མ་མཆིས་ན། དེ་དག་དུས་དེ་རིང་ནས་བརྩམས་ཏེ་བདག་གི་མགོན་དུ་རྙེད་པ་ནི། རྙེད་པའི་མཆོག་ལེགས་པར་རྙེད་པའོ་སྙམ་པའི་སྤྲོ་བ་ཁྱད་པར་ཅན་དང་ལྡན་པར་བྱའོ། །

སྐྱབས་འགྲོའི་བསླབ་བྱ་ནི། འཇིག་རྟེན་པ་རྣམས་ཚེ་འདིའི་བྱ་བ་ཙམ་སྒྲུབ་པའི་ཇོ་བོའམ་དཔོན་གྱིས་ཁྲིམས་སུ་བཅས་པ་གང་ཇི་སྙེད་པ་ལས་འདའ་བར་མི་ནུས་ཤིང༌། དེ་མཉེས་པར་བྱེད་པའི་སྤྱོད་ལམ་འབའ་ཞིག་བསྟེན་པར་བྱ་དགོས་ན། ཁོ་བོ་ཅག་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ཇོ་བོ་དཀོན་མཆོག་གསུམ་གྱིས་བཀའ་ཁྲིམས་སུ་བཅས་པ་ལས་ནམ་ཡང་འདའ་བར་བྱ་བ་མ་ཡིན་ནོ་སྙམ་དུ་ངེས་པར་བྱས་ལ། སྤྱིའི་བསླབ་བྱ་སྐྱེས་བུ་དམ་པ་དང་འགྲོགས་པ་སོགས་དང༌། སོ་སོའི་བསླབ་བྱ། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་ལ་ཕྱག་མི་བྱ། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་སྤོང༌། དགེ་འདུན་ལ་སྐྱབས་སུ་སོང་བས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་པ་རྣམས་ལ་བསླབ་པར་བྱ་ཞིང་། གཞན་ཡང་སྲོག་དང་། བྱ་དགའི་ཕྱིར་ཡང་། དཀོན་མཆོག་མི་སྤོང༌། ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་། དཀོན་མཆོག་རྒྱབ་ཏུ་བསྐྱུར་བའི་བྱ་བ་མི་བྱེད། ཉལ་བ་དང་ལྡང་བའི་ཚེ་དཀོན་མཆོག་གི་རྟེན་ལ་ཕྱག་བྱ། ཁ་ཟས་ཟ་བའི་ཚེ། ཇོ་བོ་རྗེས། ཟས་ལ་ཆ་བཞིར་བགོ་བྱ་སྟེ། །དང་པོ་ལྷ་ལ་བཤོས་གཙང་དབུལ། །དེ་ནས་ཆོས་སྐྱོང་སྲུང་མ་ལ། །གཏོར་མ་ཤིན་ཏུ་རྒྱ་ཆེར་དབུལ། །རང་གིས་ཟོས་ཤིང་འཐུངས་པ་ཡི། །ལྷག་མ་འབྱུང་པོ་ཀུན་ལ་སྦྱིན། །ཞེས་གསུངས་པ་ལྟར། ཕུད་ནས། བླ་མ། ཡི་དམ། དཀོན་མཆོག །ཆོས་སྐྱོང་། ནོར་ལྷ་རྣམས་ལ་བཤོས་རེ་དབུལ། སངས་རྒྱས་ཀྱི་བཀའ་བསྲུང་བའི་ཆེད་དུ། འཕྲོག་མ་བུ་དང་བཅས་པ་དང༌། ཕུད་ལ་དབང་པའི་འབྱུང་པོ་(རྣམས་)ལ་ཆང་བུ་རེ་སྦྱིན་ལ། སྤྱོད་འཇུག་ལས། མི་འོ་ཅོག་གི་ལུས་འདི་ནི། །བཀོལ་བར་བྱ་བ་ཉིད་དུ་ཟད། །ཅེས་པ་ལྟར། ལུས་ཆོས་དང་མཐུན་པའི་ཁ་ཟས་ཀྱིས་བརྟས་པར་བྱས་ཏེ། དགེ་བའི་བྱ་བ་ལ་བཀོལ་བར་བགྱིའོ་སྙམ་པས་ཚོད་ཟིན་པར་ལོངས་སྤྱད། ཟོས་པའི་ལྷག་འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ལ་བསྔོས་ལ། སྤྱོད་འཇུག་ལས། ལོག་པར་ལྟུང་དང་མགོན་མེད་དང༌། །བརྟུལ་ཞུགས་གནས་ལ་བགོ་བྱ་ཞིང༌། །ཞེས་པ་ལྟར། དངོས་སུ་ཕོངས་པ་དང་། མགོན་མེད་པ་དང་། དཀའ་ཐུབ་ཀྱིས་གནས་པ་རྣམས་ལ་བྱིན་ཏེ། འཕྲལ་དང་ཡུན་དུ་ཕན་པ་དང་བདེ་བའི་རྒྱུར་གྱུར་ཅིག་སྙམ་པའི་བསམ་པས་བསྔོ་བ་དང་སྨོན་ལམ་བྱ་བ་སོགས་བསླབ་བྱ་ཕྲ་མོ་ཚུན་ལ་བསླབ། བྱ་བ་ཆེ་ཆུང་ཅི་བྱེད་ཀྱང་དཀོན་མཆོག་ལ་བློ་བཀལ་ལ་བྱ། དཀོན་མཆོག་ལ་བློ་གཏད་ཀྱང་དེ་ལྟར་འགྲུབ་པའི་ངེས་པ་མེད་སྙམ་དུ་ནམ་ཡང་མི་བསམ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་གྱི་ཁམས་དང་རྗེས་སུ་འཚམ་པའི་ལམ་ཐམས་ཅད་མཁྱེན་ཞིང་། གདུལ་བྱ་རྣམས་ཉེས་པ་ལས་ལྡོག་ནས་ལེགས་པའི་ལམ་ལ་འགོད་པར་བཞེད་པའི་ཐུགས་རྗེ་མངའ་བ་དང༌། ཚོགས་གཉིས་དང་སྨོན་ལམ་མཐར་ཕྱིན་པའི་སྟོབས་ཀྱིས་བློ་གཏད་ནས་གསུང་བཞིན་སྒྲུབ་པ་རྣམས་ངེས་པར་སྐྱོབ་པར་ནུས་པ་ཡིན་པས་སོ། །དེས་ན་སྔོན་ཆད་ཁོ་བོ་ཅག་འཁོར་བ་ལས་མ་ཐར་པ་ཡང་། རང་ཉིད་དཀོན་མཆོག་ལ་བློ་མ་ཁེལ་བ་དང༌། བཀའ་བཞིན་མ་བསྒྲུབས་པས་ནོངས་པ་ཡིན་གྱིས། དཀོན་མཆོག་ལ་ཐུགས་རྗེ་མེད་པ་མ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ཞེས་དང༌། སྤྱོད་འཇུག་ལས། དེང་ནས་བརྩོན་པར་མ་བྱས་ན། །འོག་ནས་འོག་ཏུ་འགྲོ་བར་འགྱུར། །སེམས་ཅན་ཐམས་ཅད་ཕན་མཛད་པའི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང༌། །བདག་ནི་རང་གི་ཉེས་པས་དེའི། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ཞེས་གསུངས་པ་ལྟར་རོ། །མདོར་ན་དཀོན་མཆོག་ལ་བློ་མ་ཁེལ་བའི་རང་གི་ཕོ་ཚོད་དང༌། གྲུང་དུ་རེ་བའི་འདུན་མ་རྣམས་འགྲུབ་པའི་ངེས་པ་མེད་ཅིང༌། གྲུབ་ཀྱང་ནམ་ཕུགས་ལེགས་པའི་ངེས་པ་མེད་པས་དུས་རྟག་ཏུ་དཀོན་མཆོག་ལ་བློ་གཏོད་པ་གལ་ཆེའོ།། །།

༄།།ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ།།དགེ་འདུན་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་བརྗོད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱེས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། །ལན་གསུམ་བརྗོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་བཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རང་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༑ ༑སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། །ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག། །སེམས་ཅན་ཐམས་བཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག། །ཅེས་ལན་གསུམ་བརྗོད། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ༑༑ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིནདང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེནདོན་གྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཐམས་ཅད་དུ་ནི་ས་གཞི་དག༑ གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བེ་ཌཱུརྱི། །རང་བཞིན་འཇམ་པོར་གནས་གྱུར་ཅིག། ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*